Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 180
Văn bản gốc(Tây Tạng)
Trang 7 / 25 (50.000 ký tự/trang)
བྱ་བ་སྨོས་ཏེ། གོམས་པ་ལས་འབྱུང་བར་འགྱུར་བའི་བྱེ་བྲག་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ཅན་གྱི་རྣམ་པར་རྟོག་པའི་ཤེས་པ་ནི་དེའི་བྱེ་བྲག་མེད་པ་ལས་ལུས་ལ་ སོགས་པ་བཞིན་སེམས་ཙམ་སྐྱེ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་ཁོངས་སུ་གཏོགས་པ་དེའི་ཕྱིར་འདི་ཡོད་ན་འདི་འབྱུང་ཞེས་བྱ་བ་ལ་སོགས་པའི་ཤེས་པའི་ཡུལ་ནི་དེ་དག་ཙམ་ཡིན་པར་བསྟན་པ་ནི། དེས་ན་རང་གི་ངོ་བོ་ལས། །ཞེས་བྱ་བ་སྟེ། ཤེས་པ་འདི་སྔར་ཡོད་པའི་ དུས་སུ་འབྱུང་བར་འགྱུར་བ་ནི་མ་ཡིན་ཏེ། དེའི་ཚེ་ཕྱི་མ་མེད་པའི་ཕྱིར་དང་། གཉི་ག་ལ་བརྟེན་པའི་ཕྱིར་རོ། །ཕྱི་མའི་དུས་སུ་འབྱུང་བ་དེའི་ཚེ་ནི་འབྱུང་བར་འགྱུར་བ་ཡིན་ནོ། །སྔ་མ་མེད་པ་ཡིན་པའི་ཕྱིར་འབྱུང་བར་འགྱུར་བ་དང་། བྱུང་བར་གྱུར་པ་ལ་ཡང་མེད་པ་ཉིད་དུ་བྱེ་བྲག་མེད་དོ་ ཞེས་བསྟན་པའི་དོན་དུ། འབྲས་བུའི་དུས་སུ་ནི་ཞེས་བྱ་བ་སྨོས་སོ། །འབྱུང་བར་གྱུར་པ་ནི་དེ་རྟོགས་པའི་དུས་སུ་ཡོད་པ་མ་ཡིན་དུ་ཟིན་པ་དེ་ལྟར་ན་ཡང་། དེ་ཡོད་པ་ཉིད་ན་འབྱུང་འབྱུང་བ་ཞེས་བྱ་བ་སྟེ། ངེས་པར་འབྱུང་བའི་ཕྱིར་ཕྱི་མ་འབྲས་བུ་ཉིད་ཡིན་ནོ། །འདི་ནི་སྔ་མ་ལ་ཡང་ མཚུངས་པ་ཡིན་པར་བསྟན་པ་ནི། མེད་ན་མི་འབྱུང་བ་ཙམ་ཞེས་བྱ་བ་སྟེ། འབྱུང་བར་འགྱུར་བ་ལ་ཞེས་བྱ་བ་ནི། ཡུལ་འབྱུང་བར་འགྱུར་བ་ལ་མེད་ན་མི་འབྱུང་བ་ཙམ་གྱི་རྒྱུ་ལ་ཡང་ཞེས་བྱ་བར་སྦྱར་རོ། །མཐོང་བ་འམ་སྔ་མ་ཉིད་ཀྱང་རུང་། དེ་ཡོད་ན་འབྱུང་བ་ཉིད་རྒྱུ་ཡིན་གྱི་ འབའ་ཞིག་ནི་མ་ཡིན་ནོ་སྙམ་དུ་སེམས་པས། འོན་ཏེ་མཐོང་བ་གང་ཡིན་པ་དེ་ཞེས་ཟེར་བ་ལ་དེ་ཡོད་ན་འབྱུང་བ་ཉིད་ཅེས་བྱ་བ་ནི་རྒྱུ་ཉིད་དུ་མ་ངེས་པ་ཡིན་ནོ། །གཟུགས་བཞིན་དུ་མཐོང་བའམ་སྔ་མ་ཉིད་ནི་མ་ཡིན་ནོ་ཞེས་ཟེར་བ་ལ། ལན་དུ། མཐོང་བ་རང་གི་ ངོ་བོ་ཡིས། །ཞེས་བྱ་བ་སྨོས་ཏེ། སྒྲོ་བཏགས་པས་ནི་ངེས་པ་མ་ཡིན་པས་སོ། །དེ་ཡོད་ན་འབྱུང་བ་ཉིད་ཅེས་བྱ་བ་འདི་ལ་དེ་ཡོད་ན་ཞེས་བྱ་བ་ནི་ངེས་པ་ཅན་ཡིན་ལ། ཡོད་པ་ནི་མ་ངེས་པ་ཅན་ཡིན་ཏེ། དེ་ཡོད་པའམ། གཞན་དུ་ཡང་ཞེས་བྱ་བར་ཤེས་པར་བྱ་བ་ཡིན་ཏེ། ། གཞན་དུ་ན་ངེས་པར་བཟུང་བ་དོན་མེད་པ་ཡིན་ནོ། །དེ་ལྟར་རྟོགས་པ་ནི་སྒྲོ་བཏགས་པ་ཉིད་ཡིན་པར་བསྟན་པ་ནི། དེའི་ཚེ་དེ་འབྱུང་བ་དང་འབྱུང་བའི་ཞེས་བྱ་བའོ། །དེ་དམིགས་པ་ཡིན་ན་དེ་དམིགས་པ་དང་དེ་མ་དམིགས་པ་ཡིན་ན། དེ་མི་དམིགས་པ་དང་། དེ་མི་དམིགས་པའི་ཚེ། དེ་མི་དམིགས་པ་ཞེས་བྱ་བ་མངོན་སུམ་དང་། མི་དམིགས་ལྔ་པོ་རྒྱུ་ཉིད་དང་། འབྲས་བུ་ཉིད་ལ་སྒྲུབ་པར་བྱེད་པ་མ་ཡིན་ནམ། དེ་ཉིད་དམ་རྒྱུ་ཉིད་ལ་སོགས་པ་ཡིན་པས་ངེས་པ་ཉིད་དང་། མ་ངེས་པ་ཉིད་དང་། འབྲས་བུ་དང་རྒྱུ་ཉིད་ཅེས་ཇི་ལྟར་བརྗོད་པ་ཡིན་སྙམ་དུ་ སེམས་པ་ལ། གཞན་དུ་འབྱུང་བའི་རང་བཞིན་ཞེས་བྱ་བ་སྨོས་སོ། །མངོན་སུམ་ལ་སོགས་པ་ལྔ་པོ་མེ་དང་དུ་བ་བཞིན་དུ་དེ་ལས་གཞན་པ་དང་དུ་བ་དག་ཀྱང་ཡོད་པ་དེ་ལ། དེ་ལས་གཞན་པ་མེད་ཀྱང་མེ་ཡོད་ན་དུ་བ་དེ་འབྱུང་བ་ཡིན་ཞེས་བྱ་བ་འདི་ཁོ་ན་ལྟར་བརྗོད་པར་བྱ་བ་ཡིན་ལ། དེ་ལྟ་ཡིན་ན་རྒྱུ་ནི་ཁྱད་པར་བྱེད་པ་མ་ངེས་པ་ཡིན་ལ། འབྲས་བུ་ནི་ཅིག་ཤོས་ཡིན་ཞེས་བྱ་བའི་ཐོག་ཏུ་འོང་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མཐོང་བ་ལ་ནི་སྔ་མ་ཉིད་དུ་སྒྲོ་བཏགས་པ་ཡིན་ན་རྒྱུ་ཉིད་མ་ཡིན་ནམ། མ་མཐོང་བར་འབྱུང་བར་འགྱུར་བ་ལ་ནི་མ་ཡིན་ནོ་སྙམ་དུ་སེམས་པས། འོན་ཏེ་རང་བཞིན་གང་གིས་ཤེས་ཟེར་བ་ལ། འབྱུང་བར་འགྱུར་བའི་འབྲས་བུ་ལས་རྒྱུ་ནི་འབྱུང་བར་འགྱུར་བ་ཉིད་དུ་རྟོགས་པའམ་མཐོང་བ་ཡིན་ལ། དེ་བཞིན་དུ་རྟོགས་པར་འགྱུར་བ་དང་། མཐོང་བར་འགྱུར་བ་ཡང་ཡིན་ནོ་ཞེས་བྱ་བར་བྱེ་བྲག་མེད་པར་བསྟན་པ་ནི། འབྱུང་བར་འགྱུར་ བའི་རང་བཞིན་ཞེས་བྱ་བའོ། །མཐོང་བ་ནི་དེ་ལྟར་ནུས་པར་ངེས་པ་ཡིན་ལ། མཐོང་བར་འགྱུར་བ་ནི་མ་ཡིན་ཏེ། ལྟ་བའི་ཡུལ་མ་ཡིན་པའི་ཕྱིར་རོ་སྙམ་དུ་སེམས་པས། མཐོང་བར་འགྱུར་བ་ཇི་ལྟར་ཞེས་བྱ་བ་ལ། ལན་དུ། དེའི་ཚེ་མེད་པའི་ཕྱིར་མཐོང་བ་ལས་ཞེས་བྱ་བ་སྟེ། དེའི་ཚེ་ཞེས་བྱ་བ་ ནི་འབྱུང་བར་འགྱུར་བའི་དུས་སུ་སྟེ། གང་དུ་ཁྱབ་པ་འཛིན་པ་ནའོ། །མཐོང་བ་ནི་དེ་ལྟར་རྟོགས་པ་ཡིན་ན་འབྱུང་བར་འགྱུར་བ་རྟོགས་པ་ཉིད་ཡིན་ལ། དེ་མ་རྟོགས་པ་ཡིན་ན་མཐོང་བ་ཉིད་ཀྱང་དེ་བཞིན་དུ་མ་རྟོགས་པ་ཡིན་ཞེས་བྱ་བའི་དོན་ཏོ། །སྔ་མ་དེ་བཞིན་དུ་རྟོགས་པ་ནི་རྒྱུ་ཉིད་ཁོ་ནས་ཡིན་གྱི། འབྲས་ བུ་ཉིད་ཀྱིས་ནི་མ་ཡིན་པ་མ་ཡིན་ནམ། ཕྱི་མ་ཡང་འབྲས་བུ་ཉིད་ཁོ་ནས་ཡིན་གྱི། རྒྱུ་ཉིད་ཀྱིས་ནི་མ་ཡིན་ན་ཇི་ལྟར་འབྱུང་བར་འགྱུར་བ་རྟོགས་པ་ཡིན་གྱི་རྒྱུ་ཉིད་རྟོགས་པ་ཡིན་སྙམ་དུ་སེམས་པས། ཡོད་པའི་ཕྱིར་ཞེས་ཟེར་བ་ལ་དེ་ལྟར་རྒྱུ་ཙམ་རྟོགས་པ་ཞེས་བྱ་བ་བདེན་མོད་ཀྱི་བྱེ་བྲག་ ཅན་གྱི་རྒྱུ་ནི་ངེས་པར་འབྱུང་བར་འགྱུར་བའི་འབྲས་བུ་ལ་རྒྱུ་ཉིད་དུ་འཛིན་པ་ཡིན་ཡང་། འབྲས་བུ་ཁོངས་སུ་གཏོགས་པ་ཉིད་དུ་རྟོགས་པ་ཡིན་གྱི། གཞན་དུ་ན་རྒྱུའི་བྱེ་བྲག་ཉིད་ནི་ཤེས་པར་མི་འགྱུར་རོ་ཞེས་བསྟན་པ་ནི། མཐོང་བར་འགྱུར་བ་ལ་ཡང་ཞེས་བྱ་བ་སྨོས་ཏེ། དེ་ཞེས་བྱ་བ་ནི་ཁྱབ་ པར་བྱེད་པ་ཉིད་ཀྱི་རྒྱུ་ཉིད་དུ་རྟོགས་པ་ཡིན་ནོ། །དེའི་ཕྱིར་ཐམས་ཅད་རང་གི་རྒྱུ་ལས་སྐྱེ་བཞིན་པ་ན་རང་གི་འབྲས་བུ་ལས་ཀྱང་སྐྱེ་བ་ཡིན་ཏེ། དེ་ལ་ལྟོས་པས་རྒྱུའི་བྱེ་བྲག་ཡིན་པར་བསྟན་པ་ནི། དེའི་ཚེ་མ་ཡིན་ནོ་ཞེས་བྱ་བ་འདི་ནི་གཉི་ག་ལ་ཡང་མཚུངས་སོ་ཞེས་བྱ་བའོ། །སྔ་མ་དང་ཕྱི་མ་ཉིད་ ནི་རྒྱུ་ཉིད་དང་འབྲས་བུ་ཉིད་དག་ལ་སྦྱོར་བར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ལ། སྔ་མ་ཉིད་དོ་ཞེ་ན་ཞེས་བྱ་བ་སྨོས་ཏེ། གལ་ཏེ་སྦྱོར་བར་བྱེད་པའི་བྱེ་བྲག་ཡོད་པ་ཡིན་ནོ་ཞེས་རྒོལ་བ་ཡིན་ན། འདི་ནི་ཤིན་ཏུ་ཆུང་བ་ཡིན་པར་བརྗོད་དེ། སྔོན་པོ་ནི་འབྲས་བུའམ་རྒྱུར་ཡང་མཐོང་བ་ཡིན་ན། སེར་པོ་དེ་ བཞིན་དུ་ཇི་ལྟར་འགྱུར་ཞེས་བྱ་བ་འདི་ཡང་བརྩད་བྱར་འགྱུར་རོ་ཞེས་ཟེར་བ་ནི། འོན་ཏེ་གཅིག་ནི་སྔོན་གྱི་རང་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ནས། འགར་ཡང་དགོས་པ་མེད་ཅེས་བྱ་བའི་བར་དུའོ། །ཅི་ཙམ་ཞིག་དགོས་པ་ཡིན། གང་མེད་ན་མི་འབྱུང་བ་ཞེས་བྱ་བ་སྨོས་ཏེ། དེ་ཡོད་པ་ཉིད་ན་ འབྱུང་བ་ནི་དེ་ཡོད་ན་ཡོད་པ་ཉིད་ཡིན་ཞེས་བྱ་བ་ཡང་འབྲས་བུ་ཉིད་ལའམ་རྒྱུ་ཉིད་ལ་རྒྱུ་མཚན་ཡིན་ཞེས་བྱ་བའི་དོན་ཏོ། །བྱེ་བྲག་ཅན་གྱི་རྒྱུ་ལ་ནི་རྒྱུ་མཚན་གཉིས་ཡོད་པའི་ཕྱིར་གཉིས་ཀ་ལྟར་ཡང་ཡོད་པར་བསྟན་པ་ནི། རྒྱུ་སྔ་མ་མེད་ན་ཞེས་བྱ་བ་སྟེ། གདོན་མི་ཟ་བར་འབྱུང་ བ་ནི་ངེས་པར་འབྱུང་བ་སྟེ། འབྲས་བུ་གང་གི་རྒྱུ་ཡིན་པ་དེ་ནི་དེ་བཞིན་ནོ། །རྒྱུ་མཚན་མཚུངས་ཕྱིར་གཉི་ག་ཡང་། །ཞེས་བྱ་བ་ལ་སོགས་པ་ཚིག་རྐང་གསུམ་གྱིས་བར་སྐབས་ཀྱི་ཉེ་བར་བསྡུ་བ་ཡིན་ནོ། །ཁྱད་པར་ཅན་གྱི་རྒྱུ་ལས་འབྲས་བུ་ཉིད་རྟོགས་པའི་དགོས་པ་བསྟན་པ་ནི། འཇིག་རྟེན་ ཕ་རོལ་ཞེས་བྱ་བའོ། །རྒྱུ་མཐོང་བ་ལས་འབྲས་བུ་རྗེས་སུ་དཔོག་པར་བྱེད་པ་ནི་མ་ཡིན་ཏེ་འཁྲུལ་པའི་ཕྱིར་རོ། །རུང་བ་ཉིད་ཀྱི་རྗེས་སུ་དཔག་པ་ཡང་འབྲས་བུ་ངེས་པ་ཅན་རྟོགས་པ་ཡིན་པར་ནི་མི་རིགས་ཏེ། ངེས་པ་ནི་རྗེས་སུ་དཔག་པ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཁྱད་པར་ཅན་གྱི་ རྒྱུ་ཉེ་བར་མཚོན་པ་ཡང་། དེ་མཐོང་ཉིད་ན་མཐོང་རྣམས་ལ། །ཞེས་བྱ་བ་ལ་སོགས་པས་དེ་དང་དེར་བསྟན་པ་ཡིན་ནོ་ཞེས་ཟེར་བ་ལ། གལ་ཏེ་དོན་སྐྱེད་ཤེས་པ་དེ། །ཞེས་བྱ་བ་སྨོས་ཏེ། དེ་ཡོད་པ་ཉིད་དག་སྟེ། དེ་ལྟ་བུའི་རྣམ་པ་ཅན་གྱི་རྣམ་པར་རྟོག་པའི་ཤེས་པ་ཐ་སྙད་ཀྱི་བརྗོད་པ་ ཡིན་པར་བསྟན་པ་ནི། ཁྱབ་པ་དེ་ཡི་བདག་ཉིད་དང་། །ཞེས་བྱ་བའོ། །རྣམ་པར་རྟོག་པའི་ཤེས་པ་འདི་མངོན་སུམ་གྱི་བྱ་བའི་རྗེས་སུ་འབྲངས་པ་ཡིན་པའི་ཕྱིར་མངོན་སུམ་མ་ཡིན་ནམ། གལ་ཏེ་རྗེས་སུ་དཔག་པ་ཡིན་ན་ནི་འབྲེལ་པ་ལ་སོགས་པ་འཛིན་པ་ལ་ལྟོས་པར་འགྱུར་རོ། །གལ་ཏེ་ དེ་ཉིད་ཡིན་ན་གཅིག་ལ་གཅིག་བརྟེན་པར་འགྱུར་རོ། །གལ་ཏེ་རྗེས་སུ་དཔག་པ་ལས་གཞན་ཡིན་ན་ཐུག་པ་མེད་པར་འགྱུར་ལ་ཚད་མ་གཞན་ནི་མི་སྲིད་དོ། །དེའི་ཕྱིར་རང་ཉིད་ལས་མངོན་སུམ་ཡིན་ཏེ། སོ་སོར་སྣང་བཞིན་པའི་དོན་ལ་ངེས་པར་བྱེད་པས་ཡུལ་ལ་རྣམ་པར་འཇོག་པར་བྱེད་པ་ ཡིན་ལ། རྗེས་སུ་དཔག་པ་ལ་ལྟོས་པ་ཡིན་ན་ནི་གཅིག་ལ་གཅིག་བརྟེན་པ་ཡིན་ཏེ། མངོན་སུམ་ནི་རྗེས་སུ་དཔག་པ་ཡོད་ན་ཡུལ་ལ་རྣམ་པར་འཇོག་པར་བྱེད་པ་ཡིན་ལ། དེས་ན་རྟགས་དང་འབྲེལ་པ་ལ་སོགས་པ་ཅན་གྱི་རྣམ་པར་འཇོག་པ་ཡིན་ན་རྗེས་སུ་དཔག་པ་ཡིན་ནོ་སྙམ་དུ་སེམས་ པས་ཟེར་བ་ནི། གལ་ཏེ་ཇི་སྲིད་ཅེས་བྱ་བའོ། །གལ་ཏེ་ཡང་མངོན་སུམ་ནི་སྔོན་པོ་ལ་སོགས་པའི་རང་གི་ངོ་བོས་རྣམ་པར་འཇོག་པར་བྱེད་པ་ཡིན་གྱི། དོན་བྱེད་པར་ནུས་པ་ཅན་དང་ཅིག་ཤོས་ཀྱིས་བྱེད་པ་ནི་མ་ཡིན་པའི་ཕྱིར་རྣམ་པར་འབྱེད་པར་བྱེད་པ་ནི་རྗེས་སུ་དཔག་པ་ལ་ལྟོས་པ་ཉིད་ཡིན་ཏེ། དེས་ན་ཁྱེད་ཀྱི་ལ་ཡང་དེ་ཉིད་གཅིག་ལ་གཅིག་བརྟེན་པ་ཡིན་ནོ་སྙམ་སེམས་པས་ཟེར་བ་ནི། འོན་ཏེ་རྗེས་སུ་དཔག་པས་ཤེས་བྱ་བའོ། །དོན་བྱེད་པའི་ཤེས་པ་ནི་གལ་ཏེ་མངོན་སུམ་ཡིན་ཡང་སྔ་མ་ལ་བརྟེན་པ་ཡིན་ལ། དེ་ཡང་དེ་ལས་གཞན་པ་ལ་ཡིན་ན་ཐུག་པ་མེད་པ་མ་ཡིན་ནམ། རྗེས་སུ་ དཔག་པ་ཡིན་ཡང་དེ་བཞིན་དུ་གཅིག་ལ་གཅིག་བརྟེན་པས་ཡིན་ནོ། །དེ་ལ་དོན་བྱེད་པའི་ཤེས་པ་ནི་ཞེས་བྱ་བའོ། །སྔ་མའི་ཤེས་པས་ནི་སྔོན་པོར་རྣམ་པར་འཇོག་པ་ཡིན་ལ། དེ་ཙམ་གྱིས་དེའི་བྱ་བ་རྫོགས་པ་ཡིན་ཏེ། བྱ་བ་གཞན་མེད་པའི་ཕྱིར་རོ། །ཤེས་པའི་བྱ་བ་ནི་ཡུལ་རྣམ་པར་འཇོག་ པ་ལས་གཞན་མ་ཡིན་ཏེ། ཤེས་པའི་བྱ་བ་རྫོགས་པ་ཡིན་ན། དོན་བྱེད་པ་ལ་ཤེས་པའི་ནུས་པའམ་ཅིག་ཤོས་དག་ལ་ཐེ་ཚོམ་ཟ་བས་དོན་མེད་ཀྱང་འབྱུང་བ་ཉིད་དུ་ཐེ་ཚོམ་ཟ་བ་ནི་ཚད་མའི་བྱ་བ་མ་ཡིན་ཏེ་རང་ཉིད་ལ་གྲུབ་པ་ཡིན་ནོ། །ཐེ་ཚོམ་དེ་ཡང་ལས་ཅི་ཞིག་གི་བྱེ་བྲག་མཐོང་བ་ལས་ནི་ ལྡོག་པ་ཡིན་ནོ། །ཐག་རིང་བ་ལ་ཐེ་ཚོམ་ཟ་བ་ནི་ཉེ་བ་ཡིན་ན་ལྡོག་པ་ཡིན་ནོ། །དོན་བྱེད་པར་ཉམས་སུ་མ་མྱོང་བར་ཐེ་ཚོམ་སྐྱེ་བ་ནི་དེ་ཉམས་སུ་མྱོང་བ་ལས་སོ། །རྗེས་སུ་དཔག་པའམ་མངོན་སུམ་ཡང་རུང་བ་ནི་དེ་ཚད་མ་ཉིད་དུ་རྣམ་པར་འཇོག་པར་བྱེད་པ་ལ་ལྟོས་པར་བྱ་བ་མ་ཡིན་ཏེ། དེས་ ན་ཐུག་པ་མེད་པ་དང་གཅིག་ལ་གཅིག་བརྟེན་པར་ཡང་ཐལ་བར་འགྱུར་བ་མ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་ལ་གང་འདས་མ་ཐག་ཏུ་བསྟན་པའི་གང་ལས་ཅི་ཞིག་གིས་ཐེ་ཚོམ་ལྡོག་པ་ཡིན་ཞེས་བྱ་བ་ལ་འདི་ལས་ལྡོག་པ་ཡིན་ཞེས་བྱ་བ་སྟེ། འདི་ལ་གསུངས་པ་ནི། ཐེ་ཚོམ་ཞིག་ཅེས་བྱ་ བའོ། །ཐེ་ཚོམ་ལོག་པས་ནི་འགའ་ཡང་སྟེ། དོན་དུ་གཉེར་བ་པོ་དེས་འཇུག་པར་བྱེད་པ་མ་ཡིན་ནོ། །ཐོབ་པ་ལས་ཀྱང་ཚད་མའི་བྱ་བ་ཡོངས་སུ་རྫོགས་པའི་ཕྱིར་འཇུག་པར་བྱེད་པར་མི་འགྱུར་རོ། །དེ་ལྟ་ཡིན་ན་ཅི་ཞིག་ལས་འཇུག་པར་བྱེད་པར་འགྱུར་འཇུག་པའི་ཡུལ་ངེས་པས་ཞེས་བྱ་ བའི་དོན་ཏོ། །བྱེ་བྲག་ཅན་མཐོང་བ་ཁོ་ན་འཇུག་པའི་ཡུལ་ངེས་པ་ཅན་མ་ཡིན་ནམ། དེ་ལྟ་ན་དེ་ཉིད་འཇུག་པའི་ཡན་ལག་ཡིན་ལ་དེ་ཡང་སྔར་ཡོད་པ་ནི་མ་ཡིན་ནོ། །དོན་བྱེད་པ་ཉམས་སུ་མྱོང་བ་ལ་སོགས་པའི་བྱེ་བྲག་ཅན་མཐོང་བ་ནི་སྔར་མེད་པའི་ཕྱིར་ཇི་ལྟར་འཇུག་ པའི་ཡུལ་ངེས་པ་ཅན་ཡིན། དེའི་འོག་གི་ཐེ་ཚོམ་ཡང་ཇི་ལྟར་ཡིན། ཡུལ་ངེས་པ་ཡིན་པ་ལ་ཡང་ཐེ་ཚོམ་ཟ་བ་ནི་མ་ཡིན་ཏེ། ཕྱི་མ་ལ་ཡང་ཐེ་ཚོམ་ཟ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་ཇི་ལྟར་བྱེ་བྲག་མཐོང་བ་ཡིན་པ་ན་ཐེ་ཚོམ་མེད་པ་དེ་བཞིན་དུ་སྔ་མ་ཡང་ཐེ་ཚོམ་དུ་མི་འགྱུར་བ་ཞིག་ན་ ཡོད་པ་ཡང་ཡིན་ཏེ། དེས་ན་བྱེ་བྲག་མཐོང་བ་མ་ཡིན་ནོ། །དེ་ལྟ་མོད་ཀྱི་མཐོང་བ་ཙམ་གྱི་བྱ་བ་རྫོགས་པའི་ཚད་མའི་བྱེ་བྲག་མཐོང་བའི་བྱ་བ་རྫོགས་པ་མ་ཡིན་ནོ་ཞེས་ཟེར་བ་ནི། གལ་ཏེ་དོན་བྱར་སྣང་དེ་ཉིད། །ཅེས་བྱ་བའོ། །ཇི་ལྟར་ཕྱི་མ་མཐོང་བ་དེ་བཞིན་དུ་སྔ་མ་ཡང་མ་ཡིན་ ནམ། དེས་ན་འདི་དག་ལ་ནི་བྱེ་བྲག་ཅི་ཡང་མེད་དོ་སྙམ་དུ་སེམས་པ་ལ། མངོན་སུམ་མམ་ནི་རྗེས་དཔག་ལས། །ཞེས་བྱ་བ་སྟེ། གལ་ཏེ་སྔ་མ་བཞིན་དུ་བྱེ་བྲག་མེད་ན་དུས་ཀྱིས་ཀྱང་ཐེ་ཚོམ་ལྡོག་པར་མི་འགྱུར་ཞེས་བྱ་བའི་དོན་ཏོ། །བྱེ་བྲག་མཐོང་བ་ཡིན་ན་ཐེ་ཚོམ་ལྡོག་པ་ལ་ཡང་ སྐྱེ་བ་ནི་སྔ་མ་ལས་དེ་བཟློག་པ་ཇི་ལྟར་མཐོང་བ་ཡིན་ཞེ་ན། དེ་གལ་ཏེ་དེ་ནི་མངོན་སུམ་གྱི་དངོས་ཡིན་ཞེས་བྱ་བ་སྨོས་སོ། །འོན་ཏེ་བྱེ་བྲག་འདི་དེ་ཉིད་ཀྱི་ཡིན་པར་ཕྱིས་མཐོང་བ་གང་ཡིན་པའོ། །དེས་ན་ཐེ་ཚོམ་དེ་ཉིད་དེ་ལས་ལྡོག་པ་ཡིན་པར་བསྟན་པ་ཡིན་ནོ་ཞེས་བྱ་བའི་བསམ་པས། འདིར་ནི་ཐེ་ཚོམ་དེ་ལྡོག་པས། །ཞེས་བྱ་བ་སྟེ། སྔར་འཇུག་པའི་དུས་སུ་ཐེ་ཚོམ་ལྡོག་པ་མ་ཡིན་ན། དུས་ཕྱིས་ཀྱང་མི་འཇུག་པ་ཡིན་ན། དེ་ལྡོག་པ་ལ་དོན་ཅི་ཞིག་ཡོད། སྔར་དོན་མཐོང་བ་ལས་འཇུག་པར་བྱེད་པ་ཡོད་པ་ཐོམ་ཡིན་ནམ། དེ་ལ་ཐེ་ཚོམ་བཟློག་པ་ལ་དགོས་པ་ཅི་ ཡོད་ཅེས་བྱ་བའི་བསམ་པས། ཤེས་པ་ཀུན་གྱི་དོན་དང་ནི། །ཞེས་བྱ་བའོ། །དོན་དང་འབྲེལ་པ་ཅན་གྱི་ངོ་བོའི་ངེས་པ་ཅན་ནི་བྱེ་བྲག་མཐོང་བ་ཡིན་ལ། དེ་ནི་སྔར་ཡོད་པ་མ་ཡིན་ནོ། །གང་ལ་དོན་བྱེད་པར་འབྱུང་བར་འགྱུར་བ་དེ་ལ་སྔར་དོན་ཡོད་པ་ཡིན་ནོ། །དེ་གང་གིས་ མཐོང་བ་ཡིན། རེ་ཞིག་སྔ་མའི་ཤེས་པ་ས་ནི་མ་ཡིན་ཏེ། དོན་མེད་པས་དབེན་པའི་དོན་མ་མཐོང་བའི་ཕྱིར་རོ། །མཐོང་བ་ཙམ་ནི་དོན་དང་ཅིག་ཤོས་ཀྱི་དབྱེ་བ་མ་མཐོང་བས་ཐེ་ཚོམ་ཉིད་ཡིན་ཏེ། དེ་དག་ཙམ་ཉིད་ནི་ཐེ་ཚོམ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ལྟ་ན་སྔར་བྱེ་བྲག་ ཅན་གྱི་དོན་མ་མཐོང་བ་ཡིན་ན། དོན་བྱེད་པ་ཉམས་སུ་མྱོང་བ་ཡིན་ཡང་དེ་བྱེ་བྲག་ཅན་དུ་ཇི་ལྟར་འགྱུར། ཇི་ལྟར་དོན་བྱེད་པ་དང་འབྲེལ་བ་རྣམ་པར་རྟོག་པས་སྤྲུལ་པ་ཡིན་པ་དེ་བཞིན་དུ་དེའི་བྱེ་བྲག་ཀྱང་། དེས་ན་ཐ་སྙད་ལས་ཚད་མ་ཡིན་ཞེས་བཤད་དོ། །ཚད་མའི་མཐོང་བ་ནི་ཐ་ སྙད་ལས་གྲུབ་པའི་ཕྱིར་རམ་མ་གྲུབ་པ་ལ་ཡང་རུང་སྟེ། དེ་དཔག་བྱ་ཡིན་པ་ཙམ་ལས་འཇིག་རྟེན་པའི་ཐ་སྙད་ལས་གྲུབ་པའི་ཕྱིར་དང་། མ་མཐོང་བའི་དོན་ཡང་དེ་དང་མཚུངས་པ་ཉིད་ཀྱིས་རྗེས་སུ་འཇུག་པ་བདེ་བར་བྱེད་པ་ཉིད་ཀྱི་ཕྱིར་མཚན་ཉིད་བྱེད་པ་ལ་ཉེ་བར་སྦྱོར་བར་བྱེད་པ་མ་ཡིན་ཏེ། དེ་ཡང་ཐ་སྙད་ཉིད་ཀྱིས་རྗེས་སུ་འཇུག་པ་ཡིན་ལ། ཐ་སྙད་ལ་རྨོངས་པ་ལ་སོགས་པ་མ་ཡིན་ན། དེའི་ཐབས་ཀྱི་མཚན་ཉིད་ལས་ལྡོག་པར་འགྱུར་བ་མ་ཡིན་ཏེ། ཐ་སྙད་པ་རྣམས་ཁོ་ན་གཅིག་ལས་གཅིག་གི་རྨོངས་པ་ལྡོག་པའི་ཕྱིར་རོ། །རང་གི་རིག་པ་ནི་གཟུང་བ་དང་འཛིན་པ་ལ་སོགས་ པའི་དབྱེ་བ་དང་བྲལ་བའི་ཕྱིར་དེ་ནི་བསྒོམ་པ་ལ་མངོན་པར་བརྩོན་པ་ནི་མཐོང་བ་ལས་བྱུང་བའི་ཉོན་མོངས་པ་རྣམས་ཀྱི་གནས་མེད་དེ། བསྒོམས་པ་ལས་བྱུང་བའི་བསྟན་པ་ཉིད་ནི་ཕྱིན་ཅི་ལོག་འགོག་པར་བྱེད་པ་སྟེ། དྲུང་འབྱིན་པར་བྱེད་པ་མ་ཡིན་པའི་ཕྱིར་མཐོང་ཟིན་པ་ཡིན་པས་ ཚད་མ་གཞན་ལ་ལྟོས་པ་མ་ཡིན་ནོ། །དེ་དང་དེ་མ་ཡིན་པའི་བསྒོམ་པ་རྣམས་ལ་ཡང་དེ་ཁོ་ན་བཞིན་དུ་ཡིན་པའི་ཕྱིར་སྦྱིན་པ་ལ་སོགས་པ་རྣམས་དང་། མཐོ་རིས་ལ་སོགས་པ་རྣམས་སྒྲུབ་པ་ལ་མངོན་སུམ་ལ་སོགས་པའི་ཡུལ་མ་ཡིན་པ་ཉིད་ཀྱིས་གསུང་རབ་དང་དེའི་རྣམ་པར་འགྲེལ་ པ་དང་ཚད་མ་གཞན་ཚོལ་བར་བྱེད་པ་ཡིན་ནོ། །མ་ཡིན་ཏེ། དེ་ལ་ཡང་རྒྱུ་མཐུན་པའི་འབྲས་བུ་མཐོང་བ་ཡིན་ནོ། །རྣམ་པར་སྨིན་པ་མ་མཐོང་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེ་ལ་ཚིག་གི་འབྲེལ་བ་མེད་པས་ཚད་མ་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང་། དོན་གྱི་དེ་ཉིད་རྒྱུ་མཚན་ མིན། །ཞེས་བསྟན་པའོ། །ཐམས་ཅད་མཁྱེན་པའི་གསུང་ནི་དོན་གྱི་དེ་ཉིད་ཀྱི་རྒྱུ་མཚན་ཅན་ཡིན་ནོ་ཞེ་ན། གལ་ཏེ་དེ་ནི་ཕུལ་དུ་བྱུང་བར་ཤེས་ནུས་དོན་འདི་འདོད་པ་ཡིན་སྐད་ཅིག་མ་དང་རྣམ་པར་རིག་པ་ཙམ་གྱི་ངག་གི་ཕྱོགས་གཅིག་རྣམས་བདེན་པ་ཉིད་དུ་མཐོང་བས་ གཞན་ལ་ཡང་དེ་ཉིད་དུ་གོ་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ། འབྲེལ་པ་མེད་པའི་ཕྱིར་རོ། །དུ་བ་ནི་མེ་དང་འབྲེལ་བ་ཅན་ཉིད་དུ་མཐོང་བ་ཡིན་ན། རང་ཉེ་བ་ཡིན་པ་ལས་དེ་ཉེ་བ་ཡིན་པར་མཚོན་པར་བྱེད་པ་ཡིན་ཏེ། འབྲེལ་བའི་ཕྱིར་རོ། །དོན་གྱི་གཙོ་བོ་ལ་མི་སླུ་བ་ཅན་གྱི་ཚིག་ཀྱང་བདེན་ པ་ཉིད་དུ་རྗེས་སུ་རྟོགས་པར་འཇིག་རྟེན་དུ་མཐོང་བ་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན་ཐ་སྙད་ཉིད་ལས། དེ་ཁོ་ན་ཉིད་རྗེས་སུ་རྟོགས་པར་འབྱུང་བའི་ཕྱིར་རྣམ་འགྲེལ་དང་། གསུང་རབ་ཀྱང་གྲུབ་ཟིན་པ་ལ་སྒྲུབ་པར་འགྱུར་རོ། །རྣམ་པར་རིག་པ་ཙམ་ཉིད་ལ་སོགས་པ་ལ་དེ་ཁོ་ན་བཞིན་དུ་སྦྱིན་པ་ལ་ སོགས་པའི་ངག་བདེན་པ་ཉིད་དུ་གྲུབ་པའི་དོན་དུ་མི་སླུ་བའི་ཡུལ་དེ་ངེས་པར་བསྟན་པ་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན་དེ་ཙམ་ལ་བཅོམ་ལྡན་ཕ་རོལ་གནོད་པ་ཡིན་པའམ་དེ་ལ་ཡང་མ་ཡིན་པ་སྟེ། རིག་བྱེད་ལ་སོགས་པ་དང་ཐུན་མོང་བ་ཉིད་ཀྱིས་སོ། །འདི་སྐད་བསྟན་པར་འགྱུར་ཏེ། མངོན་ སུམ་པའི་ཡུལ་ལ་ནི་བསྟན་བཅོས་དགོས་པ་མ་ཡིན་ནོ། །མངོན་སུམ་གྱི་དོན་ལ་གཞན་གྱི་མན་ངག་གཅེས་པ་མ་ཡིན་ཏེ། གཞན་ལ་ཡང་བསྟན་བཅོས་གཞན་ཡོད་པའི་ཕྱིར་རོ། །མཆོད་རྟེན་ལ་ཕྱག་བྱ་བ་ལ་སོགས་པ་དེའི་ཡུལ་མ་ཡིན་པ་ཡང་རང་མཆོད་བྱ་ཡིན་པར་བསྟན་པའི་ཆེད་དུ་ བཤད་པ་སྲིད་པའི་ཕྱིར་གསུང་རབ་དང་དེའི་རྣམ་པར་འགྲེལ་པ་ཡང་དགོས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་སྙམ་དུ་སེམས་པ་ལ། གལ་ཏེ་དེ་ལྟར་ཐ་སྙད་ཚད་མ་ཉིད་ཡིན་ན་ཞེས་ཟེར་བ་ལ་ལན་དུ། བསྟན་བཅོས་རྨོངས་པ་ཟློག་བྱེད་ཡིན། །ཞེས་བྱ་བ་སྨོས་ཏེ། རྣམ་པར་རིག་པ་ཙམ་ ལ་སོགས་པ་བསྒོམ་པ་དང་དེའི་ཡན་ལག་བསྒོམ་པ་ཡང་ཐར་པ་སྒྲུབ་པར་བྱེད་པ་ཉིད་དུ་འདོད་པ་ཡིན་པ་ནི་བདེན་ཏེ། མངོན་སུམ་གྱི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གི་ཡུལ་ཉིད་ཡིན་ནོ། །འཁྲུ་བ་སྒྲུབ་པར་བྱེད་པ་ལ་ཨ་རུ་ར་ཟ་བ་ཡིན་པ་དེ་བཞིན་དུ་དེ་ཁོ་ན་ཉིད་གཟིགས་པའི་གསུང་ཉིད་ གཞན་གྱི་བློའི་ཡུལ་དུ་འགྱུར་བ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །ཚིག་མེད་ན་ཚད་མའི་ཡུལ་ཡིན་ཞེས་བྱ་བ་ཁོ་ནས་དངོས་པོ་འཇིག་རྟེན་པའི་བློ་ལ་གནས་པར་འགྱུར་བ་ནི་མ་ཡིན་ལ། གཞན་འགའ་ཞིག་ཉིད་ནི་དེ་ལ་དེ་བཞིན་དུ་བྱེད་པ་མ་ཡིན་ཏེ། གྲངས་ལ་སོགས་པ་རྣམས་ལ་ཐ་ སྙད་པ་རྣམས་ཀྱིས་དེ་ལྟར་མི་ནུས་པའི་ཕྱིར་རོ། །ཁ་ཅིག་ལ་ནུས་པ་ཡོད་པ་ཡང་ཡིན་ནོ་ཞེ་ན། དེ་ལྟ་མ་ཡིན་ན་དེ་ཉིད་ཡང་དག་པའི་སངས་རྒྱས་ཡིན་པའི་ཕྱིར་འདི་ནི་འཇིག་རྟེན་ལས་ཕུལ་དུ་བྱུང་བ་ཆེན་པོ་ཡིན་ནོ། །དེ་ལྟར་དེས་ཉེ་བར་བསྟན་པ་ཡང་དམན་པ་རྣམས་ནི་ཚུལ་བཞིན་ པ་རྟོགས་པར་བྱེད་པ་མ་ཡིན་པའི་ཕྱིར་ཚུལ་བཞིན་ཡིད་ལ་བྱེད་པའི་དོན་དུ་རྣམ་པར་འགྲེལ་པ་ཡིན་ནོ། །རྐྱེན་གཉིས་ནི་དགེ་བ་སྐྱེད་པར་བྱེད་པར་གསུངས་ལ། རྒྱུ་གཉིས་དང་རྐྱེན་གཉིས་ཀྱང་དགེ་བའི་ཆོས་རྣམས་སྐྱེད་པའི་དོན་དུ་འདི་ལྟ་སྟེ། གཞན་གྱི་ངག་ལས་སམ། ནང་གི་ བདག་ཉིད་ཚུལ་བཞིན་ཡིད་ལ་བྱེད་པ་ཡང་ཡིན་ནོ། །དེ་ལ་གཞན་གྱི་ངག་ནི་གསུང་རབ་ཡིན་ལ། ཚུལ་བཞིན་ཡིད་ལ་བྱེད་པ་ནི་རྣམ་པར་འགྲེལ་པ་ཅན་ཡིན་ནོ། །འདི་ལ་ཡང་། དོན་གཟིགས་ཕྱིར་ན་བརྫུན་པ་མིན། །ཉོན་མོངས་མེད་ཕྱིར་མི་མཐུན་མིན། །ལེགས་པར་སྦྱར་ ཕྱིར་གོ་བྱེད་པའི། །ཁྱེད་གསུང་དུས་གསུམ་དགེ་བ་ཡིན། །ཞེས་གསུང་ལ་བསྟོད་པ་བསྟན་པའོ། །སྦྱིན་པ་དང་རྣམ་པར་འཚེ་བ་ལས་ལྡོག་པའི་སེམས་ལས་བྱུང་བའི་གསུང་རྣམས་དང་། དེའི་བཤད་པ་ཡང་དོན་གྱི་གཙོ་བོ་ལ་མི་སླུ་བས་ཚད་མ་ཉིད་ཡིན་པའི་ཕྱིར་འཇུག་པར་བྱེད་ པ་ཉིད་ཡིན་པར་བསྟན་པའི་ཕྱིར། བསྟན་བཅོས་རྨོངས་པ་ཟློག་བྱེད་ཡིན། །ཞེས་བྱ་བ་གསུངས་པ་ཡིན་ནོ། །དེ་ལྟར་ན་རྣམ་པར་འགྲེལ་པའི་མཚན་ཉིད་ཡིན་པར་ནི། གལ་ཏེ་ཐ་སྙད་ལས་ཚད་མའི་རང་བཞིན་རྟོགས་པ་ཡིན་ན་ཞེས་བྱ་བ་ནས། བསྟན་བཅོས་དེ་ཡིས་ཟློག་པར་ བྱེད། །ཅེས་བྱ་བའི་བར་གྱིས་བསྟན་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཐམས་ཅད་མཁྱེན་པས་གསུངས་པའི་བསྟན་བཅོས་ཁོ་ནས་ཞེས་བྱ་བ་ལ་སོགས་པ་ནི་གསུང་རབ་ཀྱི་ཡིན་ལ། དེས་ན་ཐ་སྙད་ལས་མ་ཡིན་ཞེས་བྱ་བ་ནི་ཐ་སྙད་ཙམ་ལས་མ་ཡིན་ཞེས་བྱའོ། །ཐ་སྙད་ངེས་པར་རྟོགས་ པའི་ཕྱིར། །ཞེས་བྱ་བའི་ཁྱད་པར་ཅན་གྱི་ཐ་སྙད་དེ། དེ་ཁོ་ན་ཉིད་ལ་ཀུན་དུ་རེག་པ་ཅན་རྟོགས་པས་སོ། །འདིའི་བྱེ་བྲག་ཅི་ཞིག་ཡིན་ཞེ་ན། འདི་ལ། ཚད་མ་མི་སླུ་ཅན་ཤེས་པ། །ཞེས་གསུངས་པ་སྟེ། དེ་ཡང་མངོན་སུམ་རྗེས་སུ་དཔག་པའོ། །དེ་དང་མཚུངས་ པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་སམ། དེའི་གསུང་ཡིན་གྱི་རིག་བྱེད་ལ་སོགས་པ་ནི་མ་ཡིན་ཏེ། རིག་བྱེད་ལ་ལྟོས་ནས་མངོན་སུམ་དང་ཐམས་ཅད་མཁྱེན་པ་ལ་སོགས་པའི་ཁྱད་པར་སོམས་ཤིག །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་མངོན་སུམ་ལ་སོགས་པ་ལ་ལྟོས་ནས་ཀྱང་། ཐམས་ ཅད་མཁྱེན་པའི་ཁྱད་པར་བསྟན་པ་ནི། དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་སྟེ། ཐ་སྙད་རྟོགས་ནས་རིག་བྱེད་ལ་སོགས་པ་ཇི་ལྟ་བ་ཁོ་ན་ལས་མངོན་སུམ་ལ་སོགས་པའི་ཁྱད་པར་དེ་ལྟ་བུ་ཁོ་ན་ལ་ཡིན་ལ། དེ་ལས་ཀྱང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །ཐ་སྙད་ཀྱི་བྱེ་བྲག་ དེ་ཉིད་མངོན་སུམ་ལས་འདི་རྟོགས་པ་ཡིན་པར་བསྟན་པ་ནི། གཞན་ནི་ཚད་མ་མ་ཡིན་ཏེ། །ཞེས་བྱ་བ་ལ། ལྷན་ཅིག་པའི་ཁྱད་པར་ཅན་ཡིན་ཏེ། འཇིག་རྟེན་གྱིས་རྟོགས་པར་མི་ནུས་པ་ཡིན་ཡང་འཇིག་རྟེན་པ་ལ་དེ་སྒྲོགས་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ནི་ཡིན་ན་མི་སླུ་བ་ ཅན་ཉིད་ནི་སྔར་མཐོང་བ་ངོ་ཤེས་པ་ལ་ཡང་ཡོད་པ་ཡིན་ན། དེ་ཡང་སྣང་བཞིན་པ་ལ་མཐོང་བ་ཉིད་དུ་སྲེ་བར་བྱེད་པ་ནི་མི་སླུ་བར་བྱེད་པ་ཉིད་དོ། །མ་ཡིན་ཏེ། དོན་བྱེད་པ་ཞེས་བྱ་བ་ནི་ཁྱད་པར་ལས་ཡིན་ནོ་ཞེ་ན། མ་ཡིན་ཏེ། འདི་སྔོན་པོ་ལ་སོགས་པ་ཞེས་དོན་བྱེད་ནུས་པ་ཉིད་དུ་རྟོགས་ པའི་ཕྱིར་རོ། །ནུས་པ་ཉིད་ཀྱང་འབྲེལ་པ་ཡིན་པར་བརྗོད་དེ། དོན་བྱེད་པ་དང་སྣང་བཞིན་པ་དང་འབྲེལ་པ་ཉིད་སྔར་མཐོང་བ་ཉིད་དང་སྲེ་བ་ནི། སྔར་མཐོང་བ་ངོ་ཤེས་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ན་སྔ་མ་དང་ཕྱི་མ་དག་གི་གཟུང་བ་དང་སྲེ་བ་ནི་དེ་ལས་ཡིན་ནོ་ཞེ་ན། ཡིན་ན་ཡང་སྐྱོན་ཅི་ཡོད་ ཚད་མའི་མཚན་ཉིད་ཀྱིས་མ་ཡིན་པར་དགག་པ་མ་ཡིན་ཏེ། རྒྱུན་དུ་བྱུང་བའི་ཤེས་པ་འདིས་བསྟན་པ་ཡིན་ནོ། །འོན་ཏེ་འཇུག་པར་བྱེད་པ་ནི་ཕྲད་པར་བྱེད་པ་ཡིན་ནོ་ཞེ་ན། དང་པོ་མཐོང་བ་ཁོ་ན་དེ་ལྟ་བུ་ཡིན་པའི་ཕྱིར་སྔར་མཐོང་བ་ངོ་ཤེས་པ་ནི་མི་སླུ་བར་བྱེད་པ་མ་ཡིན་ཏེ། གོམས་པ་ལ་མ་ མཐོང་བའི་ཕྱིར་རོ། །རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་ནུས་པའི་རྗེས་སུ་འཇུག་པ་ཉིད་ཡང་རྒྱུན་དུ་འབྱུང་བའི་ཤེས་པ་གསལ་བར་ནི་མི་ནུས་སོ། །རྟོགས་པའི་དོན་ལ་ནི་མི་སླུ་བ་འམ་གཞན་ཡིན་པ་བསལ་དགོས་སོ། །མ་རྟོགས་པ་ལ་ནི་མ་ཡིན་ནོ། །དེའི་ཕྱིར་མ་རྟོགས་ པ་རྟོགས་པར་བྱེད་པ་ཉིད་ནི་ཚད་མའི་སྔར་བྱུང་བའི་བྱ་བ་ཡིན་པའི་ཕྱིར་དེ་ཉིད་ཚད་མའི་མཚན་ཉིད་དུ་རིགས་པ་ཡིན་ལ། དེ་ཉིད་ཀྱང་མི་འདོད་པ་བསམ་པ་ཡང་རྙེད་པར་བླ་བ་ཡིན་ནོ། །འདི་ལྟ་བུའི་བསྟན་བཅོས་ནི་དོན་དང་ལྡན་པའི་བསྟན་བཅོས་དེ་ནི་མ་མཐོང་བ་ལ་ཚད་མ་ཡིན་ནོ་ཞེས་བྱ་ བའི་ཚིག་ལས། ལྐོག་ཏུ་གྱུར་པ་ལས་ཚད་མ་ཡིན་ན་ཐམས་ཅད་མཁྱེན་པའི་ཤེས་པ་ནི་ཚད་མ་གཞན་ལ་རུང་བའི་ཤེས་པ་ཙམ་ཉིད་ལ་སོགས་པ་མཐོང་བར་བྱེད་པ་ཡིན་ཡང་། འདི་ལྟ་བུ་མ་ཡིན་པའི་ཕྱིར་ཚད་མ་མ་ཡིན་ནོ། །རྗེས་སུ་དཔག་པ་ནི་གང་ཞིག་གང་གི་ཚེ་མཐོང་བར་བྱེད་པ་ དེ་ནི་དེའི་ཚེ་དེ་ཉིད་ཡིན་པའི་ཕྱིར་འདི་ལ་མཚན་ཉིད་ཀྱི་རྗེས་སུ་མི་འཇུག་པའི་སྐྱོན་མེད་དོ། །བསྟན་བཅོས་ཀྱིས་མཐོང་བའི་དོན་ཉིད་དམ་ཕྱི་རོལ་རིག་པ་ནི་གནོད་པ་མེད་པ་ལས་ཡིན་ལ། མི་སླུ་བ་ཡང་སླུ་བ་མེད་པ་ནི་གནོད་པ་ཅན་མེད་པ་ཁོ་ན་སྟེ། གནོད་པ་ཅན་དང་བྲལ་བ་དོན་རིག་པ་ཁོ་ ན་དོན་བྱེད་པ་རིག་པ་ཡིན་པའི་ཕྱིར་སྐྱེས་བུའི་དོན་རྗེས་སུ་མི་འཇུག་པའི་སྐྱོན་ཡང་སྤངས་པ་ཡིན་ནོ་སྙམ་དུ་སེམས་པ་ལ། རེ་ཞིག་ཤེས་པ་གཉིས་པ་ནི་ཤེས་པ་སྔ་མས་མ་བསྒྲུབ་པ་ཡིན། དེ་ཙམ་ལ་ནི་དགོས་པ་མེད་པས་མི་སླུ་བ་ཅན་མ་ཡིན་པའི་ཕྱིར་མཚན་ཉིད་ནི་ཁྱབ་ཆེས་པ་ མ་ཡིན་ནོ། །དེ་ཙམ་གྱི་དགོངས་པས་གཟུང་བ་ལ་འཛིན་པའི་ཤེས་པ་བསལ་བར་ནུས་པ་ཡིན་ལ། མི་སླུ་བ་ཅན་འཛིན་པས་ནི་མ་ཡིན་ལ། སྔར་ཡོད་པ་ཙམ་གྱིས་རྟོགས་པར་བྱེད་པ་ཉིད་ཀྱང་མ་ཡིན་ཏེ། སྐྱེས་བུའི་དོན་ལ་མཁོ་བ་མ་ཡིན་པ་ནི་ཚད་མའི་མཚན་ཉིད་སེམས་པས་བརྩོན་ པར་བྱ་བ་མ་ཡིན་པའི་ཕྱིར་དེ་སྤངས་ནས་རྟོགས་པ་དང་ལྡན་པ་རྣམས་དོན་བཞིན་དུ་མི་སླུ་བ་ཅན་ཉིད་ལ་བརྩོན་པར་བྱེད་པ་ཡིན་ན་ནི། དེ་ལྟ་བུ་ལ་སྐྱོན་ཅི་ཡང་མེད་དོ། །གཞན་གྱིས་སྨྲས་པ་ཙམ་འབའ་ཞིག་ཀྱང་ཁས་བླང་བར་བྱ་བ་ཡིན་པ་ལ་སྐྱོན་མེད་པར་བསྟན་པ་ནི། མ་ཤེས་དོན་གྱི་གསལ་ བྱེད་ཀྱང་། །ཞེས་བྱ་བ་སྟེ། མངོན་སུམ་ལ་སོགས་པར་རུང་བའི་དངོས་པོ་ལ་ཡང་ཐམས་ཅད་མཁྱེན་པའི་ཡི་ཤེས་མཐོང་བར་བྱེད་པ་ཡིན་ཞིང་། འཇིག་རྟེན་ལ་ཚད་མ་ཉིད་ཡིན་ཏེ། དེ་མེད་ན་མངོན་སུམ་ལ་སོགས་པ་ཙམ་གྱིས་མི་རྟོགས་པའི་ཕྱིར་དང་། མ་རྟོགས་ པ་ལ་ཡང་རྟོགས་པར་བྱེད་པས་ཚད་མར་འདོད་དོ། །རིག་བྱེད་ལས་བྱུང་བའི་ཤེས་པ་ནི་གོ་བར་བྱེད་པ་ཡིན་ཡང་། རབ་རིབ་ཅན་གྱི་ཤེས་པ་བཞིན་དུ་དེའི་རྟོགས་བྱའི་དོན་ཉིད་མ་རྟོགས་པའི་ཕྱིར་ཚད་མ་མ་ཡིན་པ་ཉིད་དོ། །དོན་བྱེད་པ་ལ་བྱ་བ་བྱེད་པའི་དངོས་པོ་ནི་དོན་ཡིན་ནོ། །དེ་ཡང་རིག་ བྱེད་ལ་ནི་གོ་བར་དཀའ་བ་ཡིན་ཏེ། དོན་བྱེད་པར་མ་མཐོང་བའི་ཕྱིར་རོ། །དོན་བྱེད་པ་དང་འབྲེལ་པ་ནི་མི་སླུ་བ་ཡིན་པའི་ཕྱིར་མི་སླུ་བས་ནི་དོན་ཉིད་ལ་མ་ངེས་པ་མ་ཡིན་ལ། དེ་ཉིད་ཀྱང་དེ་ལས་ནུས་པ་ཅན་གྱི་ངོ་བོའི་སྒྲ་རྣམས་ཀྱིས་བརྗོད་པར་བྱ་བ་ཡིན་ནོ། །བུམ་པ་ཞེས་བྱ་བ་ནི་དངོས་པོ་ གཞན་གྱིས་བསྒྲུབ་པར་བྱ་བ་མ་ཡིན་པའི་འབྲས་བུ་ལ། བྱ་བ་བྱེད་པའི་ངོ་བོ་ཡིན་པར་བརྗོད་པར་བྱ་བ་ཡིན་གྱི། དེ་ལྟ་བུ་ནི་ཀུན་རྫོབ་ལ་ཡོད་པ་མ་ཡིན་ལ། རིག་བྱེད་ལ་སོགས་པའི་རྟོགས་བྱ་ནི་དེ་ལ་ནུས་པ་མེད་པའི་ཕྱིར་ཀུན་རྫོབ་ཏུ་ཡོད་པ་ཡིན་དུ་ཆུག་ཀྱང་དེ་ལ་དོན་བྱེད་པ་མེད་ པའི་ཕྱིར་མི་སླུ་བ་མ་ཡིན་པར་ནི་མི་རྟོགས་པ་ཡིན་ཞིང་མི་སླུ་བས་དོན་ཉིད་རྟོགས་པ་ཡང་མ་ཡིན་ཏེ། མི་སླུ་བ་ལ་ཡིན་ཡང་ཀུན་རྫོབ་ཏུ་ཡོད་པ་རྣམས་ཀྱིས་དོན་ཉིད་མ་གྲུབ་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་དོན་ཅི་ལས་དགོངས་པ་ཡང་མི་ཤེས་སོ། །འོན་ཏེ་སྔ་མ་དང་ཕྱི་མའི་ཤེས་ པ་ལ་སོགས་པ་ལས་དེ་དག་དང་འབྲེལ་པའམ་གཞན་ཡང་རུང་སྟེ་བག་ཆགས་ལས་བྱུང་བའི་རྣམ་པར་རྟོག་པ་ལས། ཐ་སྙད་དུ་མངོན་པར་བརྗོད་པས་ཤེས་བཞིན་པ་ནི་ཀུན་རྫོབ་ཏུ་ཡོད་པ་ཡིན་ནོ། །དེ་ལ་ཡང་འབྲེལ་པ་ཅན་དག་ཁོ་ན་དེ་མ་ཡིན་པ་རྣམ་པར་གཅོད་པར་བྱེད་པའི་ངོ་བོའི་ ནུས་པ་ཅན་ཉིད་ཡིན་པའི་ཕྱིར་དོན་ཉིད་མ་ཉམས་པ་ཡིན་ནོ། །ཐ་སྙད་པའི་ཚད་མ་དང་གཞལ་བྱ་ཡང་རུང་བ་ནི་སྐབས་མ་ཡིན་ལ། དེས་ན་མི་སླུ་བ་ནི་དོན་ཉིད་གསལ་བྱ་མ་ཡིན་པ་མ་ཡིན་ནོ། །འོན་ཏེ་གཟུགས་ལ་སོགས་པ་རྣམས་ལ་ཡན་ལག་ཅན་གཅིག་ཏུ་འཛིན་པ་དང་སྔ་མ་ ཕྱི་མ་ཡང་རུང་། གཅིག་ཏུ་འཛིན་པ་ཡིན་པའི་ཕྱིར་ཀུན་རྫོབ་ཏུ་ཡོད་པ་ཡིན་ནོ། །མ་ཡིན་ཏེ། དེ་ལྟ་བུ་ནི་རབ་རིབ་ཅན་གྱིས་མཐོང་བའི་སྐྲ་ཤད་ལ་སོགས་པ་བཞིན་དུ་ནུས་པ་ཅན་མ་ཡིན་པས་ཀུན་རྫོབ་འབའ་ཞིག་ཉིད་དུ་ཡང་ཡོད་པར་མི་རིགས་པས་སོ། །འབའ་ཞིག་ནི་དེ་ལྟར་རྟོགས་ པར་བྱེད་པ་མ་ཡིན་ལ། དེས་ན་ཡོད་པ་ཡིན་ནོ་ཞེ་ན། ཟླ་བ་གཉིས་པ་ལ་སོགས་པ་ལ་ཡང་དེ་བཞིན་དུ་འགྱུར་ཏེ། དེ་ལ་ཡང་རྟོགས་པར་བྱེད་པ་འགའ་ཡང་མེད་པའི་ཕྱིར་རོ། །རྟོགས་པ་ཞེས་བྱ་བ་ཡང་དོན་བྱེད་པ་ལ་འགའ་ཞིག་གི་རྗེས་སུ་རྟོགས་པ་ཡིན་པའམ། དེའི་ མེད་པ་རྗེས་སུ་རྟོགས་པ་ཡང་རུང་བའོ། །གང་གི་བྱ་བ་ཡིན་པ་དེ་ཡོད་པ་ཡིན་ལ། གང་ཞིག་དེ་ལྟ་མ་ཡིན་པ་དེ་ནི་གཞན་དུ་ཡིན་ནོ། །རྟོགས་པ་ཞེས་བྱ་བས་ནི་ཀུན་རྫོབ་ཏུ་ཡིན་ཏེ། དེ་དེ་བཞིན་དུ་རྟོགས་པར་བྱེད་པའི་ཕྱིར་ཀུན་རྫོབ་ཡིན་ལ། རང་ཡང་དག་པར་རིག་པ་ཙམ་དུ་རྟོགས་ པར་བྱ་བ་ནི་དོན་དམ་པ་པ་ཡིན་ཞེས་བྱ་བ་ནི་དོན་དམ་པར་རོ། །གང་གི་ཕྱིར་བུམ་པ་ལ་སོགས་པའི་ཤེས་པ་ནི། གཅིག་པ་ཉིད་ལ་སོགས་པ་ལ་སླུ་བ་ཅན་ཡིན་ལ། དེའི་དོན་བྱེད་པའི་བྱེད་པ་པོ་ཉིད་ལ་སོགས་པ་ལ་ནི་མི་སླུ་བས་ཚད་མ་ཉིད་ཡིན་ཞེས་བྱ་བ་འདི་ནི་གཞན་གྱི་འདོད་ པ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རང་གི་འདོད་པ་ཉིད་དུ་ནི་དེ་ལྟ་བུའི་ཚད་མ་ཉིད་རང་དབང་ཡིན་པ་ནི་དོན་དམ་པ་ལ་ལྟོས་ནས་ཡིན་ལ། དེ་ལ་ནི་དོན་ཉིད་རྟོགས་པ་ལ་ལྟོས་པར་བྱ་བ་ཅུང་ཟད་ཀྱང་མེད་པ་ཡིན་ཏེ། རང་ཡང་དག་པར་རིག་པ་ཉིད་དུ་གྲུབ་པའི་ཕྱིར་རོ། །རིག་བྱེད་ལ་ སོགས་པ་ལ་ནི་དེ་ལྟ་བུའི་ཚད་མ་ཉིད་རྗེས་སུ་མཐུན་པ་མ་ཡིན་པ་ཉིད་མ་ཡིན་ཏེ། དེ་ཡང་། དོན་གང་བློ་ལ་གསལ་བ་ནི། །དེ་ལ་སྒྲ་ནི་ཚད་མ་ཉིད། །ཅེས་གསུངས་པའོ་ཞེས་བྱ་བའི་དགོངས་པས། ཡང་ན་འདིར་དོན་གྱི་སྒྲས་ནི་ཞེས་བྱ་བ་སྨོས་ཏེ། གསལ་བྱེད་ཅེས་བྱ་བ་ནི་ ཉམས་སུ་མྱོང་བའི་བདག་ཉིད་ཀྱིས་ལྐོག་ཏུ་གྱུར་པ་མ་ཡིན་ཞེས་བསྟན་པ་ཡིན་ལ། དེས་ཀྱང་རང་བཞིན་དང་རྒྱུའི་དངོས་པོ་ཉིད་འཛིན་པར་བྱེད་པའི་བདག་ཉིད་དང་། འཛིན་པའི་བདག་ཉིད་ཀྱང་བཀག་པ་ཡིན་ནོ། །མ་ཤེས་པ་ཞེས་བྱ་བ་ནི་གཟུང་བྱ་ཉིད་དོ། །གཟུང་བྱ་ཉིད་ ཅེས་བྱ་བ་ལ་སོགས་པ་དང་བྲལ་བ་ཡིན་ཡང་གཅིག་པུ་ནི་མ་ཡིན་ཏེ། རྒྱ་ཆེ་བ་ལ་དམིགས་པའི་ཕྱིར་རོ། །ཡུལ་ཐ་དད་པ་ལ་དམིགས་པ་ནི་གཅིག་པ་མ་ཡིན་ཏེ། ཡུལ་གྱི་དབྱེ་བས་འགལ་བའི་ཆོས་དང་འདྲེ་བའི་ཕྱིར་རོ། །དུ་མ་ཡང་མ་ཡིན་ཏེ། ཡང་མི་དམིགས་ པ་རྗེས་སུ་དཔག་པས་རྡུལ་ཕྲ་རབ་ཀྱི་ངོ་བོར་ཡང་མེད་པའི་ཕྱིར་རོ། །ཇི་སྙེད་དམིགས་པ་དེ་སྙེད་པ་ཡུལ་ཐ་དད་པ་ཡིན་པས། གཅིག་པའམ་དུ་མ་ཉིད་ནི་ཅུང་ཟད་ཀྱང་མེད་པའི་ཕྱིར་དངོས་པོ་མེད་པ་དེ་ཉིད་ཀྱིས་ན་དེའི་དགག་པ་ཡང་མེད་པས་དངོས་པོ་དང་དངོས་པོ་མེད་པའི་རྟོག་པ་ཟད་པ་ནི་མྱ་ངན་ ལས་འདས་པ་ཡིན་ནོ་ཞེས་བྱ་བ་གཅིག་གི་ཡིན་ནོ། །དེ་ལ་དོན་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་ཤེས་པ་ནི་རང་རིག་པའི་ཁོངས་སུ་གཏོགས་པ་ཉིད་ཀྱིས་དེའི་བྱེ་བྲག་ཅན་ཡིན་གྱི། ཡུལ་གྱི་དབྱེ་བས་འབྱེད་པ་ནི་མ་ཡིན་ཏེ། ཡུལ་ཡང་དེའི་བྱེ་བྲག་ཅན་ཡིན་པས་ཐ་མི་དད་པའི་ཕྱིར་རོ་ ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་ཤེས་པ་ནི་ཚད་མ་ཉིད་ཡིན་ཏེ། མི་སླུ་བ་ཅན་ཉིད་དང་མ་ཤེས་པའི་དོན་རིག་པ་ཅན་ཉིད་དང་། རང་ཡང་དག་པར་རིག་པ་ཡང་རུང་མཐོང་བ་དང་ཅིག་ཤོས་ལ་དགོས་པ་ཅན་ཉིད་ཡིན་པའི་ཕྱིར་རོ། །རྟོགས་པར་བྱེད་པ་ཉིད་ནི་མ་ཡིན་ཏེ། ཚད་མ་མ་ ཡིན་པ་དང་ཅིག་ཤོས་ལ་ཐུན་མོང་བ་ཉིད་ཡིན་པས་དགོས་པ་མེད་པའི་ཕྱིར་རོ། །གནོད་པ་མེད་པ་ཉིད་ནི་མི་སླུ་བ་ཅན་ཉིད་ཁོ་ན་ཡིན་ཏེ། གཞན་ལ་ནི་མི་སྲིད་པ་ཉིད་དང་། དགོས་པ་མེད་པ་ཅན་ཉིད་དུ་བསྟན་པ་ལ་གཏོད་པ་ཡིན་པར་ཤེས་པར་བྱའོ། །དེ་ལྟ་ཡིན་ན་ནི་མཐོང་བ་ལས་ མ་ཤེས་པ་ནི་སྣང་བཞིན་པ་ན་མཐོང་བ་ཉིད་དམ། ཕྱི་རོལ་ཉིད་ལ་ཡང་དེ་ཉིད་འདི་ཡིན་ནོ་ཞེས་སྔར་མཐོང་བ་ངོ་ཤེས་པས་རྟོགས་པ་ཡིན་ནོ། །དེའི་དོན་བྱེད་པ་ལ་མི་སླུ་བར་ཡོད་པ་མ་ཡིན་ཏེ། དེའི་རང་གི་ངོ་བོ་ལས་ཐ་དད་པ་མེད་པ་ནི་རྣམ་པར་ཤེས་པ་བཞིན་དུ་སྟེ། རྣམ་པར་ཤེས་ པ་ལ་ཡང་རང་གི་ངོ་བོ་རིག་པ་ལས་གཞན་པའི་དོན་བྱེད་པ་མེད་པ་ཡིན་ལ། རེ་ཞིག་མཐར་དོན་བྱེད་པ་འདི་ནི་ཡོད་པ་ཡིན་ཏེ། འདི་ལྟར་རང་གི་ཤེས་པ་སྐྱེད་པར་བྱེད་པ་ཡིན་ལ། དེ་ཉིད་ནི་རང་གི་ཤེས་པ་ཡིན་པའི་ཕྱིར་དེ་ཉིད་དོན་བྱེད་པ་ཡིན་པས་སྤྱི་ཡོད་པ་ཡིན་ལ། མཐོང་བ་ཉིད་ནི་རང་གི་ཤེས་པ་མ་ཡིན་ཏེ། དེས་ན་གང་མཐོང་བ་དེ་ཉིད་དེའི་རང་གི་ཤེས་པ་མ་ཡིན་ནོ་ཞེས། སྤྱིར་ནི་སྔར་མཐོང་བ་ངོ་ཤེས་པས་མཐོང་བ་ཉེ་བར་དམིགས་པའི་མཚན་ཉིད་ནི་འདིའི་ཡོད་པ་ཡིན་ལ། ཡོད་པ་ཡང་དབང་པོ་དང་མཐོང་བ་དག་གི་རུང་བ་ཉིད་ཡོད་ཀྱང་། རྣམ་ པར་རྟོག་པ་ཉིད་ཀྱིས་གོ་བ་ཡིན་ལ། དེས་ན་སྤྱིའི་ཤེས་པ་ནི་ཐ་སྙད་པའམ་དོན་དམ་པའི་ཚད་མར་འགྱུར་རོ་སྙམ་དུ་སེམས་པས། གལ་ཏེ་མ་ཤེས་པའི་དོན་གསལ་བར་བྱེད་པའི་ཚད་མ་ཡིན་ན་ཞེས་བྱ་བ་སྟེ། སྤྱི་ལ་སོགས་པ་ཡོད་པ་ཡིན་པས་དེའི་ཡུལ་བསྟན་བཅོས་ཀྱང་ཚད་མར་ འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ལན་ནི། རང་གི་མཚན་ཉིད་མ་ཤེས་པ། །ཞེས་བྱ་བ་སྟེ། རེ་ཞིག་སྣང་བ་དེ་ཉིད་མཐོང་བས་ཉ་ཕྱིས་ལ་དངུལ་ཉིད་བཞིན་དུ་ཕྱིན་ཅི་ལོག་ཏུ་འཛིན་པས་གནོད་པ་ཡིན་ཞེས་བསྟན་ཟིན་ཏོ། །གཉི་གའི་བདག་ཉིད་ཀྱང་མ་ཡིན་ཏེ། མཐོང་བས་དེ་ཁོ་ན་ ཉིད་དུ་མ་ངེས་པའི་ཕྱིར་དང་། སྣང་བ་ཡང་དེ་ལ་མི་རུང་བ་ཉིད་དུ་མི་རིགས་པའི་ཕྱིར་རུང་བ་ཉིད་ཡིན་ན་སྣང་བ་ཉིད་ཀྱི་ཁྱད་པར་གཞན་དུ། སྤྱི་ཡང་མཐོང་བའི་ཡུལ་ཡིན་པའི་ཕྱིར་གཟུང་བ་ལ་འཛིན་པའི་རྣམ་པར་རྟོག་པ་ཡིན་ནོ་ཞེས་བྱ་བ་འདི་ཡང་ངོ་། །དེ་ལྟར་ནི་མ་བཟུང་བ་ལ་འཛིན་ པ་ཉིད་དུ་ཁས་བླངས་ནས་བརྗོད་པ་ཡིན་ནོ། །སྤྱིའི་ཤེས་པ་མ་བཟུང་བ་ཤེས་པ་ཡིན་ཡང་སྤྱི་ནི་སྔ་མ་དང་ཕྱི་མ་དག་གིས་གཅིག་པ་ཉིད་དམ། ཕྱི་རོལ་ཉིད་ཀྱང་རུང་དོན་ཅུང་ཟད་ཀྱང་བྱེད་པ་མ་ཡིན་ལ། ཤེས་པ་ཙམ་དོན་བྱེད་པ་ལ་ནི་རྨི་ལམ་གྱི་ཤེས་པ་བཞིན་དུ་འགའ་ཡང་དེ་ལ་ འགྲུས་པར་བྱེད་པ་མ་ཡིན་ནོ། །དེ་ལ་གཅིག་ཏུ་ཞེན་པ་ཡིན་ཡང་དེ་ལ་དོན་མེད་ན། དེ་དོན་དུ་གཉེར་བ་པོ་འཇུག་པར་བྱེད་པ་མ་ཡིན་ཏེ། དེ་གཅིག་པ་ཉིད་དམ་ཕྱི་རོལ་ཉིད་ཀྱིས་ཀྱང་དེའི་བྱེད་པའི་མཚན་ཉིད་ལས་འཇུག་པའི་ཕྱིར་རོ། །མི་རིགས་ཏེ། དེ་བྱེད་པ་ཉིད་ཁོ་ནས་དེ་གཅིག་པ་ཉིད་ དམ་ཕྱི་རོལ་ཉིད་དུ་མཚོན་པར་བྱ་བའི་ཕྱིར་དེ་མེད་ན་འཇུག་པ་ཉིད་དུ་མི་རིགས་པའི་ཕྱིར་ཞེས་བསྟན་པ་ནི། ཤེས་ཀྱང་གལ་ཏེ་དེའི་རང་གི་མཚན་ཉིད་མ་ཤེས་ན་ཞེས་བྱ་བ་སྟེ། དེའི་སྟེ། དེའི་གཅིག་པ་ཉིད་དམ་ཕྱི་རོལ་ཉིད་ཙམ་གྱིས་རང་གི་མཚན་ཉིད་ཀྱི་དོན་གྱི་བྱ་བ་བྱེད་པ་ཉིད་དེ། དེའི་གཅིག་པ་ཉིད་ཀྱང་དེའི་བྱེད་པ་ཉིད་ཁོ་ན་ཡིན་པར་བསྟན་པ་ནི། རང་གི་མཚན་ཉིད་ཤེས་ན་ནི། །ཞེས་བྱ་བའོ། །རང་གི་མཚན་ཉིད་མ་ཡིན་པའི་ངོ་བོའི་གཅིག་པ་ཉིད་དམ་ཕྱི་རོལ་ཉིད་ཤེས་པ་ཡིན་ཡང་འཇུག་པ་མ་ཡིན་ལ། རང་གི་མཚན་ཉིད་ཀྱི་ ངོ་བོ་ལ་ནི་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྒྲ་རྣམས་ཀྱི་ཡུལ་ནི་རྣམ་པར་རྟོག་པ་རྣམས་ཀྱིས་དོན་གྱི་བྱ་བ་བྱེད་པའི་ཡུལ་ཡིན་ཏེ། རྟོག་པ་དང་ལྡན་པའི་འདོད་པ་ཡིན་པའི་ཕྱིར་གཞན་ལས་ནི་མ་ཡིན་ཞེས་བསྟན་ཟིན་ཏོ། །དོན་དམ་པའི་ཕྱོགས་ལ་ནི་ཤེས་བྱའི་ཤེས་པ་ནང་ཉིད་ཡིན་ པའི་ཕྱིར་སྤྱིའི་ནི་ཤེས་བྱ་མ་ཡིན་ལ། དེའི་ཤེས་པ་ཡང་མ་ཡིན་པའི་ཕྱིར་གང་ལ་ཚད་མ་ཡིན་ཞེས་བསྟན་པ་ནི། གང་གི་ཚེ་གཉིས་སུ་མེད་པ་དེའི་ཚེ་ཞེས་བྱ་བའོ། །གང་གི་ཚེ་རང་གི་མཚན་ཉིད་དམ་ཅི་ཡང་རུང་ནང་ན་ཡོད་པའི་ཤེས་པ་ནི་རང་རང་གི་ངོ་བོ་ལ་གནས་པ་ཡིན་པའི་ཕྱིར་ གཞན་རྟོགས་པར་བྱེད་པ་མ་ཡིན་ལ། དེའི་ཚེ་དེ་དག་གི་སྔ་མ་དང་ཕྱི་མ་དག་ཉིད་དེ་དག་ལས་གཞན་པས་ཤེས་པར་བྱ་བ་མ་ཡིན་པར་བསྟན་པ་ནི། རང་གི་མཚན་ཉིད་རྟོགས་པའི་འོག་ཏུ་ཞེས་བྱ་བའོ། །གལ་ཏེ་སྔ་མ་ཕྱི་མ་ཉིད་ལ་ཚད་མ་མེད་ན་དེ་དག་གིས་རྟོགས་པ་མ་ཡིན་ཡང་ གྲུབ་པ་ཇི་ལྟར་ཡིན་སྙམ་དུ་སེམས་པ་ལ། ཤེས་གང་རིག་མེད་ཅེས་བྱ་བ་སྨོས་ཏེ། རེ་ཞིག་ཐ་མི་དད་པ་ནི་མངོན་སུམ་གྱིས་ཀྱང་རྟོགས་པར་བྱེད་པ་ཡིན་ལ། ཐ་དད་པ་ནི་རྣམ་པར་རྟོག་པ་ཁོ་ནས་ཡིན་ཏེ། འདི་ནི་དོན་ཉེ་བ་ལ་མི་ལྟོས་པའི་ཕྱིར་དང་། འདོད་པས་བཟློག་པར་ ནུས་པའི་ཕྱིར་དང་། བརྫུན་པ་འཛིན་པའི་བག་ཆགས་ལས་བྱུང་བའི་ཕྱིར་ཡིད་ཙམ་གྱི་རྒྱལ་པོ་ཡིན་པའི་རྣམ་རྟོག་བཞིན་དུ་ཤེས་པ་དེ་ནི་ཚད་མར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །གཉིས་མེད་པའི་རྣམ་པར་རྟོག་པ་ནི་དེ་ལྟ་བུ་ཉིད་ཡིན་ཡང་ཚད་མས་གྲུབ་པའི་ངོ་བོ་ལ་སླུ་བྱེད་མ་ ཡིན་པ་ཉིད་ཀྱིས་བྱེ་བྲག་ཅན་མ་ཡིན་པར་བསྟན་པ་ནི། འདིར་ནི་ཤེས་པ་ཐམས་ཅད་རང་གི་མཚན་ཉིད་ཅེས་བྱ་བ་སྟེ། གལ་ཏེ་ཡང་འུ་བུ་ཅག་ལ་སོགས་པའི་མངོན་སུམ་ནི་དབྱེ་བ་འཛིན་པ་མ་ཡིན་ལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་དབྱེ་བ་འཛིན་པ་ཅན་ཡིན་ཞིང་། དེ་བཞིན་ དུ་དེའི་གསུང་ཡང་ཕུང་པོ་ལ་སོགས་པའི་དབྱེ་བ་ལ་འབབ་པ་ཡིན་ནོ་སྙམ་དུ་སེམས་པ་ནི། འོ་ན་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་སྟེ། དེའི་བསམ་པ་ལས་ཞེས་བྱ་བ་ནི་དབྱེ་བ་བྱས་པའི་ལྔ་པའོ། །གལ་ཏེ་གཉིས་མེད་པ་ཉིད་དུ་གདུལ་བྱའི་བསམ་པ་ལས་གསུངས་པ་ཡིན་ ཞེས་བྱ་བར་ཅིས་མི་འགྱུར་སྙམ་དུ་སེམས་པ་ལ། རང་རིག་པའི་མངོན་སུམ་གཅིག་པོ་ཉིད་ཅེས་བྱ་བ་སྨོས་སོ། །དེ་ལྟ་ཡིན་ན་གཉིས་སུ་མེད་པའི་མངོན་སུམ་དེ་ཉིད་གདུལ་བྱ་ལ་བཤད་པར་བྱ་བ་ཡིན་ལ། གཉིས་ཀྱིས་ཅི་དགོས་ཤེ་ན། ཇི་ལྟ་ཇི་ལྟར་ཞེས་བྱ་བ་སྨོས་ཏེ། དབྱེ་བ་ཐམས་ ཅད་ལ་འཛིན་པ་ལྡོག་པ་ནི་གཉིས་ཀྱིས་དབེན་པ་ནི་འཇུག་པ་ཡིན་ཏེ། དེ་ལ་རེ་ཞིག་བདག་དང་ཡན་ལག་ཅན་དང་སྤྱི་ལ་སོགས་པ་འཛིན་པ་ལས་ལྡོག་པར་ཉེ་བར་བསྟན་པས་གཟུང་བ་དང་འཛིན་པ་དག་གི་ཕྱོགས་གཅིག་དང་བྲལ་བ་ཉིད་ལ་འཇུག་པ་ཡིན་ལ། དེ་ནས་ཀྱང་ཕུང་པོ་ ལ་སོགས་པ་དང་བྲལ་བ་ཉིད་ཅེས་བྱ་བའི་དོན་ཏོ། །ཕུང་པོ་ལ་སོགས་པ་བསྟན་པ་ནི། བདག་ལ་སོགས་པ་དང་བྲལ་བའི་ཕྱིར་དེ་ཁོ་ན་ཉིད་བསྟན་པ་ཉིད་དུ་ཅིའི་ཕྱིར་མི་འགྱུར་ཞེས་དོགས་པས་དེ་ག་ལས་ཤེས་ཞེས་ཟེར་བ་ལ་ལན་དུ། རང་གི་མཚན་ཉིད་དེ་དོན་དམ་པ་རྣམ་པར་དཔྱད་ པའི་ཕྱིར་རོ། །བདག་ལ་སོགས་པ་རྣམ་པར་དཔྱོད་བཞིན་པ་ནི་དེ་ཁོ་ན་ཉིད་མ་ཡིན་པའི་ཕྱིར་དོར་བ་ཡིན་པར་ནི་ཕུང་པོ་ལ་སོགས་པ་ལ་ཡང་མཚུངས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ཡིན་ན་བདག་ལ་སོགས་པ་དང་ཕུང་པོ་ལ་སོགས་པ་ཡང་ལན་ཅིག་ཉིད་རྣམ་པར་དཔྱད་པར་བྱ་བ་ ཡིན་ན། ཅིའི་ཕྱིར་དོར་བ་ཉིད་ལ་སོགས་པའི་བྱེ་བྲག་ལས་རིམ་གྱིས་ཡིན་སྙམ་དུ་སེམས་པ་ལ། དེ་ཉིད་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་སྨོས་སོ། །དབྱེ་བ་ཡང་ང་རྒྱལ་གྱི་གཞི་དང་ཅིག་ཤོས་ཀྱིས་མངོན་སུམ་དུ་གྲུབ་པ་ཁོ་ན་ཡིན་ནོ་སྙམ་དུ་སེམས་པ་ལ། ཕྱི་དང་ནང་ཞེས་ཤེས་པ་ཡིན་ ཞེས་སྨོས་སོ། །གལ་ཏེ་གཉིས་སུ་མེད་པ་ཡིན་ན་སྔོན་པོ་ལ་སོགས་པ་ཇི་ལྟར་རྒྱལ་གྱི་གཞི་མ་ཡིན། རེས་འགའ་བའི་ཉེ་བར་དམིགས་པ་ཉིད་ཡིན་པའི་ཕྱིར་ཞེས་ཁོ་བོ་སྨྲ་བ་ནི། གང་ཞིག་རྟག་ཏུ་དམིགས་པ་དེ་ནི་ང་རྒྱལ་གྱི་གཞི་ཡིན་ཏེ་ལུས་ལྟ་བུའོ། །བདག་གི་ལུས་ཞེས་བྱ་བ་ འདི་ལ་ཡང་རྣམ་པར་ཤེས་པ་དང་ཚོར་བ་ལ་སོགས་པ་ཐ་དད་པ་འདུས་པ་ལ་ལྟོས་ནས། ཙནྡན་གྱི་དྲི་ཞེས་བྱ་བ་ལྟ་བུའོ། །དེ་བསྟན་པ་ནི། ཕྱི་དང་ནང་ཞེས་ཤེས་པ་ཡིན། །ཞེས་བྱ་བའོ། །དེ་ཡང་ཟླུམ་པོ་ཡིན་ལ་འདི་ཡང་ཡིན་ནོ་ཞེས་ཟླུམ་པོ་ཉིད་དུ་གཅིག་ པ་ལ། དོན་དུ་མི་གཉེར་བ་ཡང་མཐོང་བ་ཉིད་ཁོ་ནས་རྟོགས་པ་ཡིན་ལ། དོན་གྱི་བྱ་བ་བྱེད་པ་ཉིད་མ་ཡིན་ཏེ། དབྱིབས་ལ་སོགས་པའི་བྱེ་བྲག་ནི་མི་རྟོགས་པར་བརྗོད་པ་མ་ཡིན་ནོ། །ཇི་ལྟར་འདི་ནི་མ་ཡིན་པ་ལས་ཁྱད་པར་ཅན་ཡིན་པ་དེ་བཞིན་དུ་དེ་ལས་གཞན་པས་ཀྱང་ ཡིན་ནོ་ཞེས་བྱ་བ་ནི་མཐོང་བའི་ནུས་པ་ཡིན་ནོ། །གཅིག་པ་ཉིད་དུ་རྟོགས་པ་ནི་གཉིས་སུ་མེད་པར་བྱེད་པ་ཡིན་པ་དེས་ན་དེ་བཞིན་དུ་རྟོགས་པ་ཉིད་ཀྱི་ཕྱིར་དེ་ལ་བྱེད་པ་པོ་ཉིད་ཁོ་ན་དེ་དག་གི་གཅིག་པ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་དང་འདྲ་བ་ནི་དེ་བཞིན་དུ་ཡིན་ནོ་ཞེས་བྱ་བའི་འདྲ་ བར་བརྗོད་པ་པོ་མེད་པའི་ཕྱིར་དང་། གྱུར་པའི་སྒྲ་ནི་མ་གྱུར་པ་ལས་ལྡོག་པའི་དོན་ཉིད་ཀྱིས་དེའི་རྗོད་བྱེད་མ་ཡིན་པའི་ཕྱིར་དང་། ཀུན་དུ་ལྡོག་པའི་དགོས་པ་མེད་པའི་ཕྱིར་མི་རིགས་པ་ཡིན་ལ། དེ་འདི་ལ་ཡོད་ཅེས་དེ་དང་ལྡན་པར་འཆད་པར་འདོད་པས་ཕྱོགས་སྔ་མ་བྱེད་པར་ བཅུད་པ་ནི། འོ་ན་ཇི་ལྟར་བཅོམ་ལྡན་འདས་ཚད་མ་ཡིན་ཞེས་བྱ་བའོ། །འདི་སྐད་བསྟན་པར་འགྱུར་ཏེ། རང་གི་ངོ་བོ་ནི་ཐོབ་བྱ་དང་འབྲེལ་པ་དེ་ཉིད་ཡིན་ལ། ཐོབ་བྱ་ཡང་འབྱུང་བར་འགྱུར་བ་ཉིད་ཡིན་པས་ཉེ་བ་མ་ཡིན་པའི་ཕྱིར་སྒྲོ་བཏགས་པའི་ཡུལ་འབའ་ཞིག་སྟེ། ཐ་སྙད་པ་ ཁོ་ན་ཡིན་གྱི་བཅོམ་ལྡན་འདས་ནི་དེ་ལྟ་མ་ཡིན་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་ནི་སྒྲོ་བཏགས་པ་མ་ཡིན་ནོ། །གཞན་དུ་ན་དེའི་ཡུལ་འཇིག་རྟེན་ཕ་རོལ་ལ་སོགས་པ་ལ་རྟོགས་པ་དང་ལྡན་པར་མི་འཇུག་པར་ཐལ་བར་འགྱུར་བའི་ཕྱིར་རོ། །མཐོང་བ་ལ་ནི་ཐོབ་པར་ནུས་པ་ཡིན་ ན། ཇི་ལྟ་ཇི་ལྟར་ཡང་འཇུག་པ་གསལ་བྱ་མ་ཡིན་ཏེ། འཇིག་རྟེན་ཕ་རོལ་ཐེ་ཚོམ་ཡང་། །མཁས་པས་མི་དགེ་སྤང་བྱ་ཡིན། །གལ་ཏེ་མེད་ན་ཅི་ཡིས་དགེ། །གལ་ཏེ་ཡོད་ན་མེད་སྟེ་ཕུང་། །ཞེས་པས་མ་མཐོང་བ་ལ་ཡང་དེའི་མཚན་ཉིད་ནི་ཚད་མ་ཁོ་ན་ཡིན་ནོ་ཞེ་ན། བདེན་ ཏེ། མངོན་སུམ་ལ་སོགས་པ་ལས་ཀྱང་སྒྲོ་བཏགས་དང་ཅིག་ཤོས་ཉིད་ཀྱིས་བཅོམ་ལྡན་འདས་འབའ་ཞིག་ཁྱད་པར་ཅན་དུ་དམ་འཆའ་བ་ནི། གཞལ་བྱ་ཁྱབ་བྱ་མིན་པའི་ཕྱིར། །གཞན་ནི་ཚད་མ་ཉིད་མ་ཡིན། །མ་ཁྱབ་པ་ན་འབྲས་སོགས་དང་། །ལྡན་པ་ཡོངས་སུ་ འཛིན་པ་མིན། །ཞེས་བྱ་བས་སོ། །ཁྱད་པར་དེ་ནི་རྟོགས་པ་དང་ལྡན་པ་ཤིན་ཏུ་འཇུག་པར་བྱེད་པས་ཚོལ་བར་བྱེད་པ་ཡིན་ནོ། །མི་སྲིད་པ་ཙམ་གྱིས་གཅིག་ཀྱང་མ་ཤེས་པ་ཡིན་ན། མ་ཉམས་པ་བསྒྲུབ་པར་མི་རིགས་པ་མ་ཡིན་ནམ། མཐོང་བ་ལ་ནི་སྒྲོ་བཏགས་ པ་ལས་ཀྱང་འཇུག་པ་ཡིན་ཏེ་ནུས་པའི་ཕྱིར་རོ། །མ་མཐོང་བ་ལ་ཤེས་པ་དེ་སྒྲོ་བཏགས་པར་འདོད་པ་མ་ཡིན་ཏེ། མི་ནུས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །སྔར་དྲིས་པའི་ཁྱད་པར་རྟོགས་པར་བྱེད་པར་འདོད་ནས། དེ་ལྡན་བཅོམ་ལྡན་ཚད་མ་ཉིད། །ཅེས་བྱ་བ་སྨོས་ཏེ། སྒྲོ་བཏགས་པ་མ་ཡིན་པའི་འཇུག་པའི་ཡུལ་རབ་ཏུ་ཤེས་པ་བཅོམ་ལྡན་འདས་ཁོ་ནའི་ཁྱད་པར་ཡིན་གྱི་གཞན་གྱི་ནི་མ་ཡིན་ལ། འདིའི་ཁྱད་པར་དེ་ཡང་སྐབས་མ་ཡིན་པའི་ཕྱིར་ཇི་ལྟར་རྟོགས་པ་པོས་སྒྲ་དེ་ལས་སྐབས་ཡིན་པར་རྗེས་སུ་རྗོད་པར་བྱེད་པ་ཡིན། གལ་ཏེ་དེ་ནི་ཕུལ་ བྱུང་བར། །ཤེས་ནུས་དོན་འདི་འདོད་པ་ཡིན། །ཞེས་བྱ་བ་ལ་སོགས་པ་དེ་དང་དེར་ནི་སྐབས་ཁོ་ན་ཡིན་ནོ། །ཕུལ་དུ་བྱུང་བ་ཡང་སྒྲོ་བཏགས་པ་མ་ཡིན་པའི་ཤེས་པའི་ངོ་བོ་ནི། འུ་བུ་ཅག་ལ་སོགས་པ་རྣམས་ལས་ཁྱད་པར་དུ་འགྱུར་བ་ཁོ་ན་ཡིན་ནོ། །དེ་ལྟ་བུ་ནི་འདིར་སྐབས་མ་ཡིན་ ནོ། །འཆད་པར་འགྱུར་བ་ནི་རྟོགས་བྱ་མ་ཡིན་པ་ཉིད་ཡིན་ལ། བློ་ལ་གནས་པ་ནི་རྟོགས་བྱ་ཉིད་ཡིན་ནོ་ཞེ་ན། བློ་ལ་གནས་པ་ཉིད་ཅི་ལས་ཤེས་པར་བྱ་བ་ཡིན་ཞེས་བྱ་བ་དེ་ཉིད་དྲིས་པ་ཡིན་ནོ། །རྟོགས་པ་ལས་ཡིན་ནོ་ཞེ་ན། མ་ཡིན་ཏེ། མ་ངེས་པའི་ཕྱིར་རོ། །ཕུལ་དུ་ བྱུང་བ་ཉིད་ནི་རྟོགས་བྱ་ཉིད་ཡིན་ནོ་ཞེས་སུས་སྨྲས། འོ་ན་ཅི་ཞེ་ན། དོན་བྱེད་པ་ལ་མི་སླུ་བ་ཅན་ཉིད་དམ། མ་ཤེས་པའི་དོན་གསལ་བར་བྱེད་པ་ཉིད་ཚད་མའི་མཚན་ཉིད་ཀྱི་སྐབས་ཡིན་ལ། དེ་ཡང་བཅོམ་ལྡན་འདས་འདིའི་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །དེ་ནི་འུ་བུ་ཅག་ལ་ སོགས་པ་ལ་ཡང་ཡོད་པ་མ་ཡིན་ནམ། དེའི་ཕྱིར་ཇི་ལྟར་བཅོམ་ལྡན་འདས་འགྲོ་བ་ཁོ་ནའི་ཡིན། དེ་ལྟ་ཡིན་དང་དེ་ནི་དེ་ལས་གཞན་ལས་ཁྱད་པར་ཅན་ཡིན་པས་དེ་ཁོ་ན་ཡིན་པར་བརྗོད་དོ། །དཔེར་ན་བྲམ་ཟེ་རྣམས་ཡོད་པ་ཡིན་ན་ཡང་། ཕུལ་དུ་བྱུང་བ་ བསྟན་པའི་ཕྱིར་འགའ་ཞིག་ལ་འདི་ནི་འགྲོ་བ་འདི་ནི་བྲམ་ཟེ་ཡིན་ནོ་ཞེས་རྗོད་པར་བྱེད་པ་དེ་བཞིན་དུ་འདིར་ཡང་འུ་བུ་ཅག་ལ་སོགས་པ་ལས་འདི་ཕུལ་དུ་བྱུང་བ་སྒྲོ་བཏགས་པ་མ་ཡིན་པའི་ཡེ་ཤེས་ཉིད་ཡིན་པར་བསྟན་པ་ནི། བཅོམ་ལྡན་འདས་ནི་མངོན་སུམ་གྱི་རང་བཞིན་ཉིད་ཀྱི་ཚད་ མ་ཡིན་ཏེ་ཞེས་བྱ་བའོ། །འདི་ཞེས་བྱ་བ་ནི་སྒྲོ་བཏགས་པ་མ་ཡིན་པའི་ཤེས་པའོ། །རིག་བྱེད་ལ་སོགས་པ་འུ་བུ་ཅག་ལ་སོགས་པ་ལ་ཡང་མཚུངས་པ་མ་ཡིན་ན། དེ་ཅི་ལས་མ་མཐོང་བ་ལ་ཚད་མ་ཉིད་ཡིན་ཞེས་བསྟན་པ་ནི། དེའི་ཕྱིར་དེ་ཉིད་ཅེས་བྱ་བའོ། །རྣམ་འགྲེལ་ ནི་བཤད་བྱའི་ངོ་བོར་བྱས་པ་མ་ཡིན་པའི་ཕྱིར་རང་དབང་ཡིན་པའི་ཕྱོགས་ལ་འདྲ་བའི་དོན་ཡང་རྙེད་སླ་བ་ཡིན་པར་བསྟན་པ་ནི། ཡང་ན་དོན་དམ་པར་ཞེས་བྱ་བ་སྟེ། གང་གི་ཕྱིར་འཇིག་རྟེན་པའི་ཚད་མ་ནི་གཉིས་ཀྱི་ངོ་བོར་བསྟན་ཏེ། རང་ལས་རང་གི་ངོ་བོར་རྟོགས། །ཞེས་བྱ་བ་ དང་། ཐ་སྙད་ལས་ནི་ཚད་མ་ཉིད། །ཅེས་བྱ་བ་ཡང་ངོ་། །དེ་བཞིན་དུ་མ་མཐོང་བའི་དོན་ལ་ཡང་ཚད་མ་ནི་གཉིས་ཀྱི་ངོ་བོ་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རང་ཡང་དག་པར་རིག་པ་ཙམ་ནི་དེ་ཁོ་ན་ཉིད་མ་ཡིན་ནམ། སྐད་ཅིག་མ་ཉིད་ཀྱང་ཞེས་བྱ་བ་ལ་སོགས་པས་དེ་ཁོ་ན་ཉིད་ དུ་གསུངས་པ་ནི། འབྲས་བུའི་རང་བཞིན་ཡིན་པ་ལས་རྒྱུ་ནི་ཡང་དག་པ་ཇི་ལྟ་བ་ཤེས་པ་རྟོགས་པ་ཡིན་ནོ། །དེའི་ཕྱིར་ཉེ་བར་བསྟན་པ་ནི་རྨོངས་པ་ལས་ཀྱང་འབྱུང་ངོ་ཞེས་བྱ་བ་ནི་རིག་བྱེད་ལ་སོགས་པ་ནི་འགའ་ཡང་དོན་དང་འབྲེལ་པ་མེད་པས་ཚད་མ་མ་ཡིན་ན་ཞེས་བྱ་བ་ལ་སོགས་ པ་ཉིད་ཀྱིས་གསལ་བ་ཡིན་ལ། འདི་ཉིད་ཀྱི་དབང་ཕྱུག་ལ་སོགས་པ་ཡོད་པར་སྨྲ་བ་ལ་ཡང་གསལ་བའི་ཕྱིར་རྩོད་པ་ཅུང་ཟད་ཀྱང་མེད་པ་ཡིན་ན། ཚད་མ་རྟག་པ་ཉིད་ཡོད་མིན། །ཞེས་བྱ་བ་ལ་སོགས་པས་གཞན་བཙལ་བྱ་ཅི་ཞིག་ཡོད། དེ་ནི་ཅི་ཡང་མ་ཡིན་ཏེ། ཚད་ མའི་སྟོབས་ཀྱིས་གཞན་ཡང་རྟོགས་པའི་ཕྱིར་རོ། །དེ་ལྟ་ཡིན་ན་དེ་ཉིད་ཡང་དག་པ་ཉིད་དུ་གསུངས་པ་ལས་ཤེས་པ་ནི་རྟག་པར་འགྱུར་རོ། །འགྱུར་དུ་ཟིན་ཀྱང་ཕ་རོལ་པོའི་ཕྱོགས་ཡིན་ནོ། །དབང་ཕྱུག་ལ་སོགས་པ་གཞན་ཉིད་ཉེ་བར་འཕེན་པར་བྱེད་པའམ། འགེགས་པར་བྱེད་ པ་ཡང་མ་ཡིན་ལ། དེ་བཞིན་དུ། ཚད་མ་རྟག་པ་ཉིད་ཡོད་མིན། །ཞེས་བྱ་བས་རྟག་ཉིད་ཆོས་ཉེ་བར་བླངས་པ་སེལ་བར་བྱེད་པ་ཡིན་གྱི་ཆོས་ཅན་ནི་མ་ཡིན་ཞིང་། གཞན་བཙལ་བྱ་ཅི་ཞིག་ཡོད་ཅེས་བྱ་བ་ཡང་ངོ་། །ཡང་དག་པ་ཉིད་དུ་གསུངས་པས་དཔག་པ་ཡང་ཞེས་བྱ་ བ་འདི་ཡང་ཡིན་དུ་ཟད་མོད། གཞན་ཅི་ཞིག་དགོས། རབ་ཏུ་གྲུབ་པ་ལས་གཞན་པ་ཉིད་ཀྱི་རྟག་པ་ཉིད་ཁོ་ན་རབ་ཏུ་གྲུབ་པའི་རྟག་པ་ཉིད་ཡིན་པའི་ཕྱིར་དང་། ཐམས་ཅད་བྱེད་པ་པོ་ཡིན་པའི་ཕྱིར་དང་། ཡང་དག་པ་ཉིད་དུ་གསུངས་པའི་བྱེད་པ་པོ་ཉིད་མ་ཉམས་པ་ཡིན་ནོ། ། ཡང་ན་ཤེད་བུ་ལ་སོགས་པའི་དག་ལས་བཞིན་དུ་ཡང་དག་པ་ཉིད་དུ་གསུངས་པ་ལས་ཀྱང་། རྗེས་སུ་དཔག་པར་བྱ་བའི་རིག་བྱེད་རྟག་པ་ཉིད་ཡིན་དུ་ཆུག་ཀྱང་སྣང་བཞིན་པ་ལ་ནི་དེ་ལྟ་བུ་མེད་པའི་ཕྱིར་རོ། །ཤེད་བུ་ལ་སོགས་པ་དང་བཅོམ་ལྡན་འདས་པ་ཡིན་ཏེ། དྲན་པ་ པོ་ཡིན་པའི་ཕྱིར་ལ་དེས་གསུངས་པ་ཡང་བྱེད་པ་པོར་ཐུན་མོང་བ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་ཚད་མར་འགྱུར་རོ། །འགལ་བ་ཡིན་པས་མངོན་སུམ་ནི་ལྟོས་པ་མེད་པ་མ་ཡིན་ཏེ། རྟག་པ་ལས་ཕྱི་རོལ་པ་ཉིད་ལ་སོགས་པ་དང་རིག་བྱེད་འགལ་བའི་ཕྱིར་ཐམས་ཅད་གཡོ་ འགུལ་དང་དྲན་པ་ལྟ་བུ་ཡིན་ནོ་ཞེ་ན། འདི་ཐམས་ཅད་ཚངས་པའི་རྣམ་ཤེས་ནི་མ་ཡིན་ཏེ། མཚུངས་པ་ཞེས་བྱ་བ་དང་བསྙེན་གནས་པ་ཞེས་བྱ་བ་ཡང་འགལ་བ་ཉིད་ཀྱིས་ཚད་མ་ཉིད་མ་ཡིན་ནོ་ཞེས་ཟེར་བ་ནི། རིག་བྱེད་རྟག་པ་ཚད་མ་མ་ཡིན་ཏེ་ཞེས་བྱ་བའོ། །ལན་ནི། ཚད་མ་རྟག་པ་ཉིད་ཡོད་མིན། །ཞེས་བྱ་བ་སྟེ། སྐད་ཅིག་མ་ཉིད་ཀྱི་ཤེས་པ་ཙམ་ཉིད་ལ་སོགས་པ་ནི་ཡང་དག་པ་ཉིད་དུ་གསུངས་པས་དེ་དང་ཕྱིན་ཅི་ལོག་ཏུ་རྟོགས་པར་བྱེད་པར་འགལ་བ་ཡིན་ཏེ། རྟག་པ་ཉིད་དང་བྱས་པ་ཉིད་ལྟ་བུའོ། །ཚད་མ་གཞན་ཡང་ཡོད་པ་མ་ཡིན་ ཏེ། དེ་ཉིད་བསྟན་པ་ནི། ཚད་མ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྟེ། འདིས་ནི་སྒྲུབ་པར་བྱེད་པ་མེད་པར་བསྟན་ཏོ། །ཐེ་ཚོམ་ཡང་ཡོད་པ་མ་ཡིན་ཏེ། གནོད་པར་བྱེད་པ་ཡིན་ནོ་ཞེས་བསྟན་པ་ནི། གཞན་ཡང་དངོས་པོ་ཡོད་པ་ཡིན། །ཞེས་བྱ་བ་སྟེ། ཕ་རོལ་པོས་སྨྲས་པ་རྣམས་ནི། །སྒྲུབ་པར་བྱེད་པ་མ་ཡིན་པར། །འདོད་འཇུག་ཅེས་བྱ་བ་ལ་སོགས་པས་འཆད་པར་འགྱུར་བ་ཡིན་ཏེ། ཤེས་པ་ཉིད་ནི་ཚད་མ་ཡིན་ཏེ། དོན་ཡང་དག་པར་རིག་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །ཚད་མའི་གཙོ་བོ་ནི་མི་སླུ་བ་ཅན་གྱི་ཤེས་ པ་ཡིན་པར་བསྒྲུབས་པ་ཡིན་ལ་དེ་ཡང་ཀུན་རྫོབ་ཡིན་ནོ། །ལུས་དང་ས་ལ་སོགས་པའི་ཤེས་བྱ་འཛིན་པར་བྱེད་པ་ཉིད་ཀྱིས་དེ་ལ་གནས་པ་དེའི་རང་གི་ངོ་བོའི་རྗེས་སུ་བྱེད་པ་སྟེ། དེ་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པ་པོ་ཡོད་པ་དང་མེད་པ་ཡང་མི་རྟག་པ་ཡིན་ལ། དེ་བཞིན་དུ་དབང་ ཕྱུག་ལ་སོགས་པ་ལ་ཡང་ཤེས་བྱ་མི་རྟག་པ་ཉིད་ཀྱིས་དེ་ཡང་མི་བརྟན་པ་ཡིན་ནོ་ཞེས་བྱ་བ་སྟེ། དེ་ཉིད་ནི་གལ་ཏེ་ཤེས་བྱ་མི་རྟག་པས་ཤེས་པ་མི་རྟག་པ་ཉིད་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཤེས་ཤེ་ན། ཞེས་བྱ་བའི་དྲི་བ་སྔོན་དུ་འགྲོ་བ་ཅན་གྱིས་སྒྲུབ་པར་བྱེད་པ་ཡིན་ནོ། །འུ་བུ་ཅག་ ལ་སོགས་པ་རྣམས་ཀྱི་ཡང་ཤེས་པ་ནི་ཤེས་བྱ་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པ་ཡིན་པར་ཅི་ལས་ཤེས་པ་ཡིན། དེ་ནི་ཤེས་བྱ་ལས་སྐྱེས་པའམ་ཤེས་བྱའི་བདག་ཉིད་ཀྱང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཤེས་བྱའི་བྱ་བ་ལས་འཛིན་པར་བྱེད་པ་ཁོ་ན་ཡིན་ནོ་སྙམ་དུ་སེམས་པ་ ནི། གལ་ཏེ་ཤེས་བྱ་མི་རྟག་པས། །ཞེས་བྱ་བའོ། །གང་གི་ཕྱིར་ཤེས་བྱའི་བདག་ཉིད་དམ། སྐྱེ་བཞིན་པ་ནི་གཞན་ལས་ཡིན་པ་ཇི་ལྟ་བ་ཁོ་ན་བཞིན་དུ་བྱ་བ་བྱེད་པ་པོ་ཡང་ཡིན་པར་བསྟན་པ་ནི། ཤེས་བྱའི་རང་བཞིན་ལ་བྱ་བ་བྱེད་པ་ཞེས་བྱ་བའོ། །དེ་ལ་གལ་ཏེ་ཞེས་བྱ་བ་ སྨོས་ཏེ། ཤེས་པ་ནི་ཤེས་བྱ་མེད་ན་བྱ་བ་མེད་པ་ཡིན་ལ། དེ་ཡོད་ཀྱང་དེའི་ངོ་བོ་ཡིན་ན་ཇི་ལྟར་འཛིན་བྱེད་ཡིན། དེས་ན་ཤེས་བྱ་དང་བྲལ་བ་བྱ་བ་བྱེད་པ་པོ་མ་ཡིན་པ་ལས་ཤེས་བྱའི་དུས་སུ་བྱ་བ་བྱེད་པ་ནི་གཞན་ཡིན་ན། །ཤེས་པ་ནི་དང་བ་དབྱེ་བ་མེད་པ་མ་ཡིན་ནམ། མེ་ལོང་བཞིན་དུ་ཤེས་པ་དེ་དང་དེ་ཉེ་བ་ཡིན་ན་གཟུགས་བརྙན་འཛིན་པ་ཡིན་ཏེ། གཟུགས་བརྙན་ཡོད་པ་དང་ཅིག་ཤོས་ཀྱི་དུས་དག་གུ་དེའི་བྱེ་བྲག་ཏུ་ཡོད་པ་མ་ཡིན་ནོ་སྙམ་དུ་སེམས་པ་ནི། འོན་ཏེ་དེ་ནི་མེ་ལོང་གི ། ཞེས་བྱ་བའོ། །དེ་ལྟ་ཡིན་ན་ཐམས་ཅད་དུ་འགྲོ་བ་དེའི་ཤེས་བྱ་ཐམས་ ཅད་ལ་ཉེ་བ་ཡིན་པའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་རོ། །འོན་ཏེ་ཐམས་ཅད་དུ་འགྲོ་བ་ཡིན་ཡང་མིག་ལ་སོགས་པའི་ཚོགས་པ་ལྟོས་ནས་ཡིན་ཏེ། དེ་ནི་ཡུལ་ངེས་པ་ཡིན་པའི་ཕྱིར་ངེས་པ་འཛིན་པ་ཡིན་ནོ། །དང་པོར་ངེས་པ་མ་ཡིན་པ་ནི་ཉེ་བ་ལས་ངེས་པ་ཅན་དུ་མི་འགྱུར་ ཏེ་རྟག་པའི་ཕྱིར་རོ། །གཞན་པ་དེ་ནི་དེ་ལས་འབྱུང་བ་ཡིན་པར་ནི་རིགས་སོ་ཞེས་བྱ་བའི་དགོངས་པས། འོ་ན་ནི་རང་གི་ཚོགས་པ་ཞེས་བྱ་བ་སྨོས་ཏེ། རང་གི་ཚོགས་པ་ལས་ཏེ་མིག་ལ་སོགས་པ་ལས་དེ་ལྟར་ཏེ། ཤེས་པའི་ངོ་བོ་ནི་དེ་ཉིད་ལ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་མིག་ ལ་སོགས་པ་ཉིད་ཀྱི་ནུས་པ་ལས་རྟོགས་པའི་ཕྱིར་རོ། །ཇི་ལྟར་མིག་གི་བྱ་བ་མེད་པ་ཡིན་ཡང་དོན་རྟོགས་པ་ཉིད་ནི་དེ་ལ་ལྟོས་པ་ཡིན་པ་དེ་བཞིན་དུ་ཤེས་པ་ཡང་ཡིན་ནོ་སྙམ་དུ་སེམས་པ་ནི། འོན་ཏེ་མིག་མི་འགུལ་བར་ཕྱེ་བ་ཞེས་བྱའོ། །ཤེས་པ་ཉིད་ནི་བྱ་བ་གཞན་མེད་ཀྱང་རྗེས་སུ་ འགྲོ་བ་ལ་སོགས་པའི་ནུས་པ་ཅན་དུ་རྟོགས་པ་ཡིན་ནོ། །མ་ཡིན་ཏེ། དེ་ལ་ལྡོག་པ་མེད་པའི་ཕྱིར་རོ། །རྗེས་སུ་འགྲོ་བ་ཡོད་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེ་མེད་ན་གཞན་ཡོད་ཀྱང་མི་འབྱུང་ཞེས་བྱ་བར་མི་འགྲུབ་ན། དེའི་རྗེས་སུ་འགྲོ་བའི་ནུས་པ་མི་རྟོགས་པའི་ཕྱིར་རོ་ཞེས་ལན་དུ་ བསྟན་པ་ནི། རྗེས་སུ་འགྲོ་དང་ལྡོག་པ་ལས། །ཞེས་བྱ་བའོ། །དེའི་ཕྱིར་དབང་ཕྱུག་ལ་ཡང་དོན་གྱི་ཤེས་པ་ནི་དེའི་མིག་ལ་སོགས་པའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ཡིན་གྱི། དེ་ལས་གཞན་པ་རྟག་པ་རྟོགས་པའི་ངོ་བོ་ནི་བསྐྱེད་བྱ་མ་ཡིན་པར་ཉེ་བར་བསྡུ་བ་ནི། དེའི་ཕྱིར་དེ་ལྟར་འགྱུར་བ་དེ་ནི་དོན་ཉིད་ཡིན་གྱི་ཞེས་བྱ་བའོ། །མིག་ལ་སོགས་པ་ལས་བྱུང་བའི་དོན་རྟོགས་པ་ཉིད་ཐ་མི་དད་པའི་ཕྱིར་འཛིན་པར་བྱེད་པ་ཡིན་པ་ནི་བདེན་མོད་ཀྱི། དེ་ཡང་རྟོགས་པ་ཉིད་བཞིན་དུ་དེ་དང་ཡང་རྟག་པ་དང་འབྲེལ་པ་ཅན་ཉིད་ཡིན་ནོ། །དེའི་ཕྱིར་དེས་ཀྱང་འཛིན་ པ་ཡིན་གྱི། ཕྲད་པ་དང་དེའི་བདག་ཉིད་དག་ལ་བྱེ་བྲག་ཅི་ཡང་མེད་དོ་སྙམ་དུ་སེམས་པ་ནི། འོན་ཏེ་དོན་དེ་ཚད་མ་ཡིན་མོད་ཅེས་བྱ་བ་སྟེ། རེ་ཞིག་དོན་ནི་རྟོགས་པ་ཉིད་དང་ཐ་མི་དད་པའི་ཕྱིར་དོན་གྱི་འཛིན་པ་པོར་འགྱུར་ལ། ཕན་པ་མི་བྱེད་པ་གཞན་ནི་ཉེ་བ་ཙམ་ གྱིས་ནམ་མཁའ་བཞིན་དུ་འཛིན་པར་བྱེད་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །འབྲེལ་པ་ནི་ཕན་པར་བྱེད་པ་ཉིད་ཡིན་ཏེ། ཕན་པ་ནི་མཁོ་བའོ། །ཉེ་བ་ཡིན་པར་བྱེ་བྲག་མེད་ཀྱང་དོན་དེ་ཉེ་བར་སྟོན་པ་ཡིན་གྱི། གཞན་དུ་ནི་མི་འཐད་པས་དེ་ཉིད་ཀྱིས་དོན་སྟོན་པ་ཡིན་པར་ཤེས་པར་བྱ་ སྟེ། ནམ་མཁའི་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ལ། མཁའ་ལ་དོན་དེ་བསྟན་མེད་ཕྱིར། །ཞེས་བྱ་བ་སྨོས་སོ། །ཇི་ལྟར་ཡང་རྟོགས་པའི་དོན་ནི་དེ་ལས་སམ་གཞན་ལས་ཀྱང་ཞེས་བྱ་བའི་ལྡོག་པ་མེད་པའི་ཕྱིར་དབང་པོ་ལ་སོགས་པ་བཞིན་དུ་ངེས་པར་བྱེད་པ་མ་ཡིན་ནོ། ། དེ་བཞིན་དུ་ཉེ་བར་བསྟན་པ་ཡང་ཡིན་ཏེ། ལན་བསྟན་པ་ནི། བསྟན་པའི་ཚིག་ཡིན་དེ་ཡི་ཕྱིར། །ཞེས་བྱ་བའོ། །ཇི་ལྟར་སྣལ་མ་ལ་སོགས་པ་རྣམས་ནི་ཚིག་པ་ལ་སོགས་པ་མེད་ན་སྣམ་བུར་འགྲུབ་པ་ཡིན་ལ། ཡོད་ན་ནི་འགྲུབ་པར་བྱེད་པ་མ་ཡིན་ནམ། དེ་བཞིན་ དུ་དེ་ཡང་ལྷན་ཅིག་བྱེད་པ་མེད་ན་མི་བྱེད་པ་ཡིན་ལ། དེ་ཡོད་ན་བྱེད་པ་ཡིན་ནོ་སྙམ་དུ་སེམས་པ་ལ། རྣམ་པ་ཀུན་དུ་ལྡོག་མེད་ལ། །ཞེས་བྱ་བ་སྨོས་ཏེ། སྣལ་མ་རྣམས་ནི་ཚིག་པ་ལ་སོགས་པ་མེད་ན་མི་བྱེད་པ་ཡིན་ཞེས་བྱ་བ་ནི་མི་རིགས་ཏེ། ཚིག་པ་ལ་སོགས་ཡོད་ཀྱང་ སྣལ་མ་མེད་ན་སྣམ་བུ་ལ་སོགས་པ་མེད་པའི་ཕྱིར་འདི་ལ་ནི་མིག་ལ་སོགས་པ་ཡོད་ཀྱང་། དེ་མེད་ན་འབྲས་བུ་མེད་པར་སྣང་བ་མ་ཡིན་ནོ། །དེས་ན་དེའི་རྒྱུ་ཉིད་རྟོགས་པ་ཡིན་གྱི། ཤེས་བྱ་བ་བཞིན་དུ་དེ་དང་ཐ་མི་དད་པའི་ཕྱིར་རྟག་པ་མ་ཡིན་ལ། དེའི་རྒྱུ་ཡང་རྟག་པ་དང་ཐ་ མི་དད་པ་ཡིན་ཞེས་བྱ་བ་ལ་སོགས་པའི་རིགས་པས་རྟག་པ་ཉིད་མ་ཡིན་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་དེ་ལྟར་དོན་རྟོགས་པ་ཉིད་ལས་ཤེས་པ་གཞན་ནི་ཁྱབ་པ་ཡིན་པར་མ་མཐོང་ལ་རྟོགས་པ་ཉིད་ཀྱང་ཤེས་བྱ་དང་ཐ་མི་དད་པ་ཡིན་ཏེ། ཤེས་བྱ་ཐ་དད་པ་ཡིན་ན་ཐ་དད་པ་ ཡིན་ནོ། །དེ་ནི་དབང་པོ་བཞིན་དུ་རྟོགས་པ་ཉིད་ཀྱི་རྒྱུ་ཡང་མ་ཡིན་ཏེ། དབང་པོ་ལ་སོགས་པ་ཙམ་ཉིད་ལས་དེ་གྲུབ་པའི་ཕྱིར་རོ། །གཞན་མི་ནུས་པའི་ཕྱིར་རོ་ཞེས་བསྟན་ཟིན་ཏོ། །ད་ནི་དེ་མེ་ལོང་དང་འདྲ་བ་ཡིན་ན་ཡང་དེ་ལྟ་ན་ཡང་དེའི་ཉེ་བ་ནི་འདས་པ་དང་མ་འོངས་པ་ནི་དེ་དང་ཉེ་བ་མ་ ཡིན་པའི་ཕྱིར་ཇི་ལྟར་དེའི་གཟུགས་བརྙན་ཡིན་པར་བསྟན་པ་ནི། དོན་གང་འདས་དང་མ་འོངས་ཞེས་བྱ་བའོ། །འོན་ཏེ་ཤེས་བྱ་ཙམ་དེ་ལྟར་སྣང་བ་ཡིན་གྱི་ཉེ་བ་དང་ཅིག་ཤོས་ཀྱི་རྣམ་པར་དབྱེ་བ་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ལ། འདས་པ་ཉིད་དུ་མ་ཤེས་པར། །ཞེས་བྱ་ བ་སྨོས་ཏེ། ཉེ་བ་ལ་འཛིན་པ་ཡིན་ན་དེའི་ཚེ་གཞན་དུ་འུ་བུ་ཅག་ལ་སོགས་པའི་གནས་སྐབས་ཀྱང་ཐམས་ཅད་མཁྱེན་པར་འགྱུར་ཏེ། དེའི་ངོ་བོ་ལ་བྱེ་བྲག་མེད་པའི་ཕྱིར་རོ། །འོན་ཏེ་འདོད་ཆགས་ལ་སོགས་པས་གོས་པའི་འུ་བུ་ཅག་ལ་སོགས་པའི་ཤེས་པ་ནི་མེ་ལོང་དྲི་མ་ཅན་ བཞིན་དུ། ཉེ་བ་ན་གནས་པ་ལས་གཞན་པ་རིག་པར་བྱེད་པ་མ་ཡིན་ནོ་ཞེ་ན། མེ་ལོང་དུ་ནི་འཕོ་བ་ཡིན། །ཞེས་བྱ་བ་སྨོས་སོ། །གང་གི་ཕྱིར་མེ་ལོང་དྲི་མ་མེད་པ་དེ་བཞིན་དུ་ཉེ་བ་ཉིད་ཁོ་ན་སྣང་བ་ཡིན་ན། ཉེ་བ་མ་ཡིན་པ་ནི་མ་ཡིན་ནོ་ཞེས་བྱ་བ་ཐམས་ཅད་མཁྱེན་པ་ཉིད་ནི་དེ་ ལྟ་མ་ཡིན་ནོ། །མེ་ལོང་ཡང་དོན་ཡོད་པ་ལ་ནི་དེ་བཞིན་དུ་འགྱུར་བས་མི་རྟག་པ་ཡིན་པའི་ཕྱིར་རྟག་པ་དང་འགལ་བར་བསྟན་པ་ནི། དེ་ལྟ་བུ་ཡི་སྣང་བ་ནི། །ཞེས་བྱ་བའོ། །རྟག་པ་དང་འབྲེལ་པ་ཅན་གྱི་སོ་སོར་སྣང་བ་ནི་གང་གི་ཡང་བསྐྱེད་བྱ་མ་ཡིན་ཏེ། ཤིན་ཏུ་སྒྲོ་མ་ བཏགས་པ་ཡིན་པའི་ཕྱིར་རོ། །རྣམ་པར་འགྱུར་བའི་ཤེས་པའི་ངོ་བོ་ནི་འདིའི་རྟག་པ་ཡིན་ཡང་འགལ་བ་མེད་དོ་ཞེ་ན། ནམ་མཁའ་ལ་སོགས་པ་དག་ཀྱང་ཞེས་སྨོས་སོ། །བརྟེན་པ་ཕུལ་དུ་བྱུང་བ་ཉིད་ཡིན་ཡང་ནམ་མཁའ་འམ་གཞན་ཡང་རུང་བ་དང་བྱེ་བྲག་མེད་ དེ། ངེས་པ་ཅན་གྱི་དོན་རྗོད་པར་བྱེད་པའི་ཚིག་ཀྱང་དོན་ཐམས་ཅད་མཐོང་བ་ཡིན་ནོ་ཕྱིན་ཅི་ལོག་གིས་ཁྱབ་པ་བསྟན་པ་ནི། དོན་རྣམས་ཐམས་ཅད་མཐོང་བ་དེའི། །ཞེས་བྱ་བ་སྟེ། ཐལ་བར་འགྱུར་བ་ནི་ཕྱིན་ཅི་ལོག་ལ་འབབ་པ་ཡིན་པར་བསྟན་པར་བྱའོ། །སྣ་ ཚོགས་པ་ལ་རུང་བ་ནི། །ཞེས་བྱ་བ་ཡང་རིགས་པས་ངེས་པར་འཇུག་པའི་ཡུལ་ཉེ་བར་མ་བསྟན་པའི་ཕྱིར། དེའི་ཚིག་ནི་འཇུག་པར་བྱེད་པ་མ་ཡིན་པར་བསྟན་པ་ནི། དོན་ཀུན་མཐོང་བ་ལས་བྱུང་བའི། །ཞེས་བྱ་བ་སྨོས་སོ། །དོན་ཐམས་ཅད་མ་ཐོབ་པའི་ རྒྱུ་མཚན་ལས་བྱུང་བའི་ཚིག་ཀྱང་དོན་ལ་ངེས་པ་ཡིན་ཏེ། བརྗོད་པར་འདོད་པའི་ངེས་པ་ལས་བྱུང་བའི་ཕྱིར་འགལ་བ་མེད་དོ་སྙམ་དུ་སེམས་པ་ལ། བརྗོད་འདོད་ངེས་པ་ཞེས་བྱ་བ་སྨོས་ཏེ། དོན་ཐམས་ཅད་མཐོང་བ་ཡིན་ཡང་དོན་ལ་ངེས་པའི་བརྗོད་པ་འདོད་པ་ཉིད་དུ་ཇི་ལྟར་འགྱུར་ ཞེས་བྱ་བའི་དོན་ཏོ། །དོན་དུ་མ་མཐོང་བའི་བརྗོད་པར་འདོད་པས་ངེས་པར། སྨྲ་བ་པོ་ཡང་མཐོང་བ་ཁོ་ན་ཡིན་ནོ་ཞེ་ན། བརྗོད་འདོད་དེ་དག་ཅེས་བྱ་བ་སྨོས་ཏེ། བརྗོད་པར་འདོད་པ་དང་མཐོང་བ་དེ་རྣམས་ཀྱང་རིམ་གྱིས་འབྱུང་བ་ཡིན་པར་བདེན་ན། གཞན་གྱི་སྔ་མ་དང་ཕྱི་མ་གཅིག་པ་ ཉིད་ཀྱིས་འབའ་ཞིག་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཡང་བརྗོད་པར་འདོད་པ་དང་མཐོང་བ་ལས་ཐ་དད་པ་ནི་ཡོད་པ་མ་ཡིན་ཡང་དེའི་ངོ་བོ་གཅིག་པ་ཉིད་དུ་འགྱུར་རོ་སྙམ་དུ་སེམས་པ་ལ། བརྗོད་པར་འདོད་པ་དང་མཐོང་བ་ཞེས་བྱ་བ་སྨོས་ཏེ། བརྗོད་པར་འདོད་པ་ནི་སྨྲ་ བར་འདོད་པ་ཡིན་ལ། གཞན་པ་ནི་མཐོང་བ་སྟེ་དེ་དག་རྣམ་པར་རྟོག་པ་དང་གཞན་ཉིད་ཀྱིས་གསལ་བ་ཁོ་ནར་ཐ་དད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བརྗོད་པར་འདོད་པ་དང་མཐོང་བ་ཞེས་བྱ་བ་ལ་སོགས་པ་ནི་རང་རིག་པ་ལ་ལྟོས་ནས་རྟོག་པ་མེད་པ་ཉིད་མ་ཡིན་ནམ། ཇི་ལྟར་རྣམ་པར་ རྟོག་པ་དང་ཅིག་ཤོས་སུ་ཐ་དད་པར་ཇི་ལྟར་འགྱུར་སྙམ་དུ་སེམས་པས། གལ་ཏེ་དེ་ཡང་ཡང་དག་ཏུ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་སྨྲས་པ་ལ། ལན་ནི། རང་བཞིན་གཅིག་ཉིད་རིམ་གྱིས་ནི། །ཞེས་བྱ་བ་སྟེ། རང་རིག་པ་གཉིས་རིམ་གྱིས་འབྱུང་ བ་བོར་ནས་དུས་དང་ཡུལ་ལ་སོགས་པ་ནི་ཕན་ཚུན་གཅིག་པ་ཉིད་དུ་རྟོགས་པར་བྱེད་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །ཕྱི་རོལ་ལ་རིམ་པ་དང་ལྡན་པས་དེ་ནི་འདི་ཡིན་ནོ་ཞེས་གཅིག་པར་རང་ངམ་གཞན་གྱིས་ཀྱང་རུང་། ངོ་ཤེས་པར་བྱེད་པ་མ་ཡིན་ནོ། །དེ་བཞིན་དུ་ནང་ཡང་མ་ ཡིན་ནོ་སྙམ་དུ་སེམས་པ་ལ། སྔར་མཐོང་བ་ངོ་ཤེས་པ་ལ་གནོད་པ་ཅན་བསྟན་པ་ནི། དངོས་གང་དེ་འང་གཞན་དུ་ན། །ཞེས་བྱ་བའོ། །དབང་ཕྱུག་ནི་དབང་ཕྱུག་གི་ཡོན་ཏན་བརྒྱད་དང་འབྲེལ་པས་ཕུལ་དུ་བྱུང་བ་ཅན་ཡིན་ལ། བདག་ཉིད་སྔ་མ་དང་ཕྱི་མ་ཉིད་ལ་ཕྱི་རོལ་བཞིན་ དུ་འདས་པ་ལ་སོགས་པ་ཉིད་དུ་རྟོགས་པར་བྱེད་པ་ཁོ་ན་ཡིན་ནོ་སྙམ་དུ་སེམས་པས། འོན་ཏེ་བདག་དེ་རང་ཉིད་ནི། །ཞེས་བྱ་བའོ། །རང་རིག་པའི་སྔ་མ་དང་ཕྱི་མའི་ངོ་བོ་ནི་ད་ལྟར་བ་བཞིན་དུ། ད་ལྟར་བ་ཉིད་ཁོ་ནར་འགྱུར་རོ་ཞེས་བྱ་བ་ནི་ལན་དུ་སྨྲས་པ་ཡིན་ཏེ། དེ་ནི་དེ་ལྟར་ཡིན་ ནོ་ཞེས་བྱ་བའོ། །དོན་དམ་པའི་ཕྱོགས་ལ་ཡང་ཤེས་པ་ནི་རང་རིག་པ་ཡིན་ཏེ། སྔ་མ་དང་ཕྱི་མའི་ཆ་དང་བྲལ་བ་ཡིན་ན་མི་རྟག་པ་ཁོ་ན་ཡིན་ལ། སྔ་མ་ལ་སོགས་པ་མ་རིག་པའི་ཕྱིར་དེའི་ཁྱད་པར་དང་བྲལ་བ་ཉིད་ཇི་ལྟར་རིག་པར་འགྱུར་བ་ཡིན་ཞེ་ན། དེ་དང་གཅིག་ཀྱང་རྟག་པ་ ཉིད་ནི་དེ་འཛིན་པ་མེད་ན་འཛིན་པར་མི་འགྱུར་རོ། །དེས་ན་རྟག་པ་མ་ཡིན་ལ་མི་རྟག་པ་ཡང་མ་ཡིན་པའི་ཕྱིར་དེ་ལྟ་བུ་ནི་དེ་བཞིན་གཤེགས་པ་ཉིད་ཀྱི་རང་བཞིན་ཡིན་ཏེ། གཞན་ནི་མ་ཡིན་ནོ། །དེ་ཡང་། རང་ལས་རང་གི་ངོ་བོ་རྟོགས། །ཞེས་གསུངས་པ་སྟེ། དེ་བསྟན་པ་ ནི། རང་རིག་ཉིད་ལས་གཞན་པ་ནི། །ཞེས་བྱ་བ་སྟེ། སྔར་ནི་བསྒྲུབ་པ་ཡིན་ཞེས་བྱ་བ་ནི་དེ་དེ་ལྟ་ན་དབང་ཕྱུག་གི་ཤེས་པ་རྟག་པ་ཡིན་ལ། དེ་ཉིད་ཁོ་ན་དབང་ཕྱུག་ཡིན་པར་ཁས་བླངས་ནས་མི་རྟག་པ་ཉིད་བསྟན་པ་ཡིན་ནོ། །ཤེས་པ་ལས་གཞན་པའི་བདག་ནི་དབང་ཕྱུག་མ་ཡིན་ ནམ། ཤེས་པ་ནི་མ་ཡིན་ནོ། །དེའི་ཤེས་པ་ནི་ཤེས་བྱའི་ཡུལ་ལ་འུ་བུ་ཅག་ལ་སོགས་པ་བཞིན་དུ་གཞན་ཁོ་ན་ཡིན་ནོ། །འུ་བུ་ཅག་ལ་སོགས་པའི་བདག་དང་ཡིད་དང་དབང་པོ་ལ་སོགས་པའི་ཡུལ་ངེས་པ་ཅན་ཡིན་ལ། འདིའི་ནི་ཡིད་ཙམ་ལས་ཡུལ་ཐམས་ཅད་པ་ཡིན་ཞེས་བྱ་བ་ འབའ་ཞིག་བྱེ་བྲག་ཡིན་ནོ། །བདག་ནི་རྟག་པ་ཉིད་ཡིན་ཏེ། །ཉིན་ཞག་གཞན་ལ་མཐོང་བ་ལ་ཡང་ཉིན་ཞག་ཕྱི་མ་ལ་འདི་དག་གིས་མཐོང་བ་ཡིན་ནོ་ཞེས་བྱ་བར་འགྱུར་བ་ཡིན་ཞེས་གང་སྨོས་པ་སྟེ། མཐོང་བ་པོ་ཡོད་པའི་སྔར་ངོ་ཤེས་པ་ནི་རྟག་པ་ཉིད་དུ་རིག་པར་བྱེད་པ་ཡིན་ལ། དབང་ ཕྱུག་ཀྱང་མཐོང་བ་པོ་ཡིན་པ་དེས་ན་རྟག་པ་ཡིན་ནོ་སྙམ་དུ་སེམས་པ་ལ། རིམ་བཞིན་སྐྱེ་བ་ཅན་དག་ནི། །རྟག་ལས་སྐྱེ་བ་མི་འཐད་ཕྱིར། །ཞེས་བྱ་བ་སྨོས་སོ། །རེ་ཞིག་ནམ་མཁའ་བཞིན་དུ་འགའ་ལ་ཡང་ཕན་པ་མི་བྱེད་པའི་བདག་ནི་ཁས་བླངས་པ་མ་ཡིན་ནོ། ། འོ་ན་ཅི་ཞེ་ན། དོན་གྱི་ཤེས་པའི་རྒྱུ་མཚན་ནི་མ་ཡིན་ནོ། །དེའི་དེ་ཁོ་ན་ཉིད་ཀྱང་ཅི་ནས་ཀྱང་མི་རིགས་ཡིན་ཏེ། རྟག་པའི་ཕྱིར་རོ། །དེ་ནི་འདིའི་ཞེས་བྱ་བའི་སྔར་མཐོང་བ་ཡང་འཆད་པར་འགྱུར་བ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཁོ་ན་ནམ་མཁའ་ལྟར་རྟག་པ་ཁྱབ་པ་ཞེས་བྱ་བ་ལ་ སོགས་པས་སྒྲུབ་པར་བྱེད་པ་ཡིན་ནོ། །ཤེས་བྱ་ནི་རིམ་གྱིས་འབྱུང་བའི་ཕྱིར་མི་རྟག་པ་ཡིན་པས། ཤེས་པ་ཡང་རིམ་གྱིས་འབྱུང་བ་ཡིན་པར་ནི་མི་རིགས་པ་མ་ཡིན་ནམ། བདག་དང་ཡིད་ཕྲད་པ་ལས་བྱུང་བ་དང་། འབྱུང་བར་འགྱུར་བ་དང་། ད་ལྟར་བའི་ཡུལ་ལ་གཅིག་པ་ ཉིད་དུ་ཤེས་པ་ནི་དོན་གཅིག་འཛིན་པར་བྱེད་པ་དུས་གཅིག་ཁོ་ན་སྐྱེས་པ་ཡིན་ནོ། །དེ་ལྟར་སྐྱེས་པ་ཡང་འཇིག་པའི་རྒྱུ་མེད་པས་མི་འཇིག་པ་ཡིན་པ་དེ་ལ་རིམ་པར་སྐྱེས་པས་ཅི་ཞིག་དགོས་སྙམ་དུ་སེམས་པ་ལ། རྟག་པ་ཁྱབ་པ་ཞེས་བྱ་བ་སྨོས་སོ། །གལ་ཏེ་བདག་དང་ཡིད་ཕྲད་པ་ནི་ དེ་ལྟ་བུའི་ཤེས་པ་བསྐྱེད་པར་ནུས་པ་ཡིན། འུ་བུ་ཅག་ལ་སོགས་པ་ལ་ཡང་དེ་ཡོད་པའི་ཕྱིར་དེ་ལྟ་བུའི་ཤེས་པར་འགྱུར་བར་བསྟན་པ་ནི། གལ་ཏེ་རང་བཞིན་དེ་ཉིད་ཀྱིས། །ཞེས་བྱ་བའོ། །ཐམས་ཅད་ཀྱི་ཚེ་ཞེས་བྱ་བ་ནི་འུ་བུ་ཅག་ལ་སོགས་པའི་གནས་སྐབས་ན་ཡང་ངོ་། །འོན་ ཏེ་མ་རིག་པ་ལ་སོགས་པའི་དྲི་མ་དང་བྲལ་བས་ཕུལ་དུ་བྱུང་བར་གྱུར་པ་ཅན་གྱི་བདག་དང་ཡིད་ཕྲད་པ་ལས་དེ་ལྟ་བུའི་ཤེས་པར་གྱུར་གྱི། གཞན་གྱི་ཚེ་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ལ། ཁྱད་པར་ཡོད་ན་ཞེས་བྱ་བ་སྨོས་སོ། །བྱེ་བྲག་ཅན་མ་ཡིན་པའི་བདག་ལ་ནི་བདེན་ན། བདག་ པོར་གྱུར་པ་ལ་སོགས་པས་དབང་ཕྱུག་དུ་གྱུར་པས་རང་ཉིད་ལས་གྲུབ་པས་ཁྱད་པར་ཅན་དུ་བྱེད་པ་དེ་ལྟ་བུ་འབའ་ཞིག་ཏུ་ཤེས་པ་ཡིན་ལ། འུ་བུ་ཅག་ལ་སོགས་པ་ལ་ནི་དེ་མེད་པའི་ཕྱིར་མ་ཡིན་ནོ་སྙམ་དུ་སེམས་པ་ནི། འོན་ཏེ་ཁྱད་པར་མེད་པས་ཀྱང་། །ཞེས་བྱ་བའོ། །ལན་ནི་མ་ཡིན་ ཏེ། ལྟོས་པ་མི་རུང་བའི་ཕྱིར་ཞེས་བྱ་བའོ། །ཕུལ་དུ་བྱུང་བའི་ཆོས་ཀྱི་བསྐྱེད་བྱ་བདག་པོར་གྱུར་པ་ལ་སོགས་པའི་ཡོན་ཏན་རྣམས་ཁོ་ན་རང་བཞིན་གྱིས་ཕུལ་དུ་བྱུང་བའི་ཤེས་པ་སྐྱེད་པར་བྱེད་པས་རྒྱུ་ཡིན་གྱི་དབང་ཕྱུག་ནི་རྒྱུར་མི་འགྱུར་རོ། །དེ་ལྟ་ན་ཡོན་ཏན་དེ་རྣམས་འདུས་ བའི་དབང་ཕྱུག་གི་སྒྲས་བརྗོད་པར་བྱ་བ་རྟག་པ་རྒྱུར་འགྱུར་བ་ཡིན་ནོ་སྙམ་དུ་སེམས་པ་ལ། དེ་ལ་ལྟོས་ནས་དེ་ཡང་ཞེས་བྱ་བ་སྨོས་ཏེ། དེའི་ཞེས་བྱ་བ་ཡོན་ཏན་ཅན་གྱི་སྟེ། དེ་ལ་ལྟོས་ནས་ཞེས་བྱ་བ་ཡོན་ཏན་དེ་རྣམས་ལ་ལྟོས་ནས། ཡོན་ཏན་རྣམས་ལ་བརྟེན་པ་ཉིད་ཀྱིས་ རྒྱུ་ཉིད་ཡིན་ཏེ། འབའ་ཞིག་པ་རྣམས་ནི་མ་ཡིན་ཏེ། མ་མཐོང་བའི་ཕྱིར། དེའི་ཕྱིར་ཡོན་ཏན་རྟག་པ་ནི་རྒྱུ་ཉིད་དུ་མི་རིགས་སོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཁྱབ་བདག་བཞིན་དུ་རྟེན་ལ་ལྟོས་བཞིན་པ་ཡང་རྟག་པ་ཉིད་ཡོན་ཏན་ཉིད་ཡིན་ནོ་ཞེ་ན། ལྟོས་པ་དེ་དང་དེ་ཞེས་བྱ་བ་སྨོས་ཏེ། ལྟོས་པའི་སས་ཕན་མི་བྱེད་པ་ཡིན་ན། ཇི་ལྟར་ལྟོས་པ་ཡིན་ཞེས་བྱ་བའི་དོན་ཏོ། །འོན་ཏེ་དབང་ཕྱུག་ཉིད་དང་འབྲེལ་བ་ཅན་ནི་བདག་དང་ཡིད་ཕྲད་པ་ལས་བྱུང་བ་ཡིན་ལ། སྐྱེ་བ་དང་ལྡན་པ་ཐམས་ཅད་ནི་འཇིག་པར་མཐོང་བའི་ཕྱིར་སྐྱེ་བ་ཡོད་ན་འཇིག་པ་དང་འབྲེལ་བའི་ཕྱིར་ཅི་ཞིག་ གིས་འཇིག་པར་བྱེད་པར་འགྱུར།། དེ་ལྟ་ཡིན་དང་སྐད་ཅིག་ཕྱི་མ་ལ་མི་ཤེས་པར་འགྱུར་རོ། །དེའི་རང་བཞིན་གྱིས་ཐམས་ཅད་བསྐྱེད་བྱ་ཡིན་པས་དེའི་ཚེ་ཉིད་འབྱུང་བའི་ཕྱིར་རིམ་པར་བྱེད་པ་མ་ཡིན་པར་བསྟན་པ་ནི། རྟག་པ་ནི་ཐམས་ཅད་ཀྱི་ཚེ་ཞེས་བྱ་བ་སྨོས་ཏེ། ཡང་ན་དབང་ ཕྱུག་ཅེས་བྱ་བ་དེ་རྟག་པའི་ཚད་མ་ཡིན་ན་རང་རིག་པའམ། རིག་པར་བྱེད་པ་གཞན་གོ་བར་བྱ་བ་ཡིན་གྲང་ན། རེ་ཞིག་རང་རིག་པ་ནི་མ་ཡིན་ཏེ། དེའི་ཉེ་བ་ཉིད་ཀྱིས་མི་རྟག་པ་ཡིན་ནོ་ཞེས་བསྟན་པ་ནི། ཚད་མ་རྟག་པ་ཉིད་ཡོད་མིན། །ཞེས་བྱ་བའོ། །རིག་པར་བྱེད་པ་ ཡིན་པའི་ཕྱིར་རིག་པར་བྱ་བ་གཞན་གོ་བར་འགྱུར་ན། དེ་ཡང་མ་ཡིན་པར་བསྟན་པ་ནི། དངོས་ཡོད་རྟོགས་པས་ཏེ་ཚད་མ་མཐོང་བ་ཉིད་ཡིན་ལ། མཐོང་བ་དེ་ནི་སྣང་བའི་ཡུལ་ཡིན་ཏེ། དེའི་རྣམ་པ་ཉིད་ཀྱིས་རྣམ་པར་གཞག་པར་བྱེད་པ་ཡིན་ཏེ། ཤེས་བྱ་གང་ཡིན་པའི་ མི་རྟག་པ་ཉིད་ཀྱིས་དེའི་བདག་ཉིད་དུ་མཐོང་བ་ཡང་མི་རྟག་པར་བསྟན་པ་ནི། ཤེས་བྱ་མི་རྟག་པ་ཉིད་ཀྱིས། །དེ་ནི་མི་བརྟན་ཉིད་ཡིན་པའི་ཕྱིར་རོ། །དེས་ན་དེ་ལྟ་བུ་མཐོང་བས་རྣམ་པར་གཞག་པར་སྣང་བ་སྐྱེ་བར་བྱེད་པ་ཡིན་ལ། སྐྱེད་པར་བྱེད་པ་དེ་ཡང་སོ་ སོར་སྣང་བ་ཁོ་ན་ཡིན་ཏེ། རིམ་བཞིན་འབྱུང་བའི་ཤེས་དུས་དེ་ཉིད་ཀྱི་ཚེའི་ཤེས་བྱ་རྟོགས་པའི་ཕྱིར་རྟག་པ་ཉིད་ཡིན་པར་བསྟན་པ་ནི། རིམ་བཞིན་སྐྱེ་བ་ཅན་དག་ནི། །རྟག་ལས་སྐྱེ་བ་མི་འཐད་ཕྱིར། །ཤེས་པ་ཡང་ཤེས་བྱ་ལས་སྐྱེ་བ་ཉིད་ཡིན་པ་ནི། དེའི་རྣམ་པ་དང་ལྡན་པ་ཉིད་ཁོ་ན་ཡིན་པའི་ ཕྱིར། དེས་བསྐྱེད་པ་ནི་དེའི་རྣམ་པ་ཉིད་ཡིན་གྱི། རིམ་གྱིས་འབྱུང་བའི་ཤེས་པ་ནི་རྟག་པའི་རྣམ་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མི་རྟག་པ་ནི་སྐད་ཅིག་ཙམ་འབྱུང་བ་ཡིན་པ་ཉིད་ཀྱིས་དུས་གཞན་ན་མེད་པའི་ཕྱིར་རིམ་བཞིན་དང་འགལ་བ་མ་ཡིན་ནམ། རྟག་པ་ནི་མ་ཡིན་ཏེ། ལན་ཅིག་མཐོང་བ་ཡང་ ཉེ་བར་དམིགས་པར་སྲིད་པའི་ཕྱིར་རོ། །ཡུལ་གཞན་དང་དུས་གཞན་དུ་ཉེ་བར་དམིགས་པ་ནི་བདེན་མོད་ཀྱི་སྔར་མཐོང་བ་ཁོ་ན་ཡུལ་ཉིད་དང་གཅིག་པ་ཉིད་དུ་མ་རྟོགས་པའི་ཕྱིར་དང་། ཐ་དད་པ་ཡང་ཉེ་བར་དམིགས་པ་ཐ་དད་པ་ཙམ་གྱི་རྒྱུ་མཚན་ཉིད་ཀྱིས་མི་རྟག་པ་ཡིན་པའི་ཕྱིར་ཡུལ་དང་ དུས་ལ་སོགས་པ་ལ་ལྟོས་པས་རྟག་པ་ནི་རིམ་བཞིན་པར་མི་རིགས་པར་བསྟན་པ་ནི། ལྟོས་པ་མི་རུང་བའི་ཕྱིར་ཞེས་བྱ་བས་ཏེ། དུས་དང་ཡུལ་གཅིག་པའི་དུས་དང་ཡུལ་གཞན་གྱི་བྱེ་བྲག་ཉིད་ལ་ལྟོས་པར་མི་རིགས་ཏེ། ཐ་དད་པར་ཐལ་བར་འགྱུར་ཞེས་བྱ་བའི་དོན་ཏོ། །ཇི་ ལྟར་མར་མེ་གཅིག་པུ་ཡང་ཡུལ་གཞན་དུ་འོད་འཕྲོ་བ་དང་མར་དང་སྡོང་བུ་ཟད་པ་ཞེས་བྱ་བ་ལ་སོགས་པ་བྱ་བ་དུ་མ་བྱེད་པ་དེ་ཁོ་ན་བཞིན་དུ་གཅིག་ཉིད་དུས་ཐ་དད་པ་ལ་དུ་མ་བྱེད་པ་ཡིན་པས་བྱེ་བྲག་མེད་པ་ཡིན་སྙམ་དུ་སེམས་པ་ལ། ལྟོས་པ་ཞེས་བྱ་བ་སྨོས་ཏེ། མར་མེའི་རང་བཞིན་ གང་ཁོ་ནས་བྱ་བ་གཅིག་བྱེད་པ་ཁོ་ནས་གཞན་ཡིན་ནོ་ཞེས་ལྟོས་པ་མེད་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཡུལ་ཐ་དད་པ་ལ་དུ་མར་འཛིན་པ་ལྟར་བྱེད་པ་ཡིན་ཞེ་ན། མཐོང་བའི་ཕྱིར་སྐྱོན་མེད་དོ། །དེའི་རང་བཞིན་གྱི་སྡོད་པ་ལ་མར་མེ་ལ་སོགས་པ་ལ་མཐོང་བའི་ཕྱིར་བརྟག་པར་མི་ བྱའོ། །ཡང་ན་སྒྲ་ལས་བྱུང་བའི་ཚད་མ་ནི་རྟག་པར་རིག་པའི་བདག་ཉིད་དུ་ཡོད་པ་མ་ཡིན་ནམ། རང་བཞིན་གཞན་ནི་ཤེད་བུ་ལ་སོགས་པ་བཞིན་དུ། དེའམ་དེའི་དོན་ལས་ཡང་དྲན་པ་པོར་འགྱུར་རོ། །ཇི་སྐད་དུ་མཐོང་བའི་དོན་ནི་གཞན་མ་ཡིན་པའི་ཕྱིར་བརྟག་པར་མི་བྱའོ། ། གནས་སྐབས་ཁ་ཅིག་ཏུ་འཚེད་པར་བྱོས་ཞེས་བྱ་བའི་སྒྲ་དམིགས་ནས་དེའི་རང་གི་ངོ་བོ་ལ་གོས་པ་མེད་པའི་ཕྱིར་འབྲས་བུ་དང་ལྡན་པ་ཉེ་བ་ལ་འབྲས་བུ་མེད་པ་དེའི་ཡན་ལག་ཡིན་ཞེས་རིགས་པའི་ཕྱིར་དང་། རུང་བའི་ཕྱིར་འབྲས་བུ་དང་ལྡན་པའི་ཐ་སྙད་ཀྱི་ཡན་ལག་གི་དོན་རྟོགས་ པར་བྱེད་པ་ཡིན་ལ། སྒྲ་དང་དེའི་ཡན་ལག་དང་ཡན་ལག་ཅན་ཉིད་དུ་གོ་བར་བྱེད་པ་ཡིན་ནོ། །འབྲས་བུ་དང་ལྡན་པའི་ཐ་སྙད་ཀྱི་ཡན་ལག་ཏུ་གྱུར་པའི་དོན་རྟོགས་པའི་ཡན་ལག་ཉིད་ལ། སྒྲ་འབྲས་བུ་མེད་པ་ཉིད་ཡིན་ན། རུང་བ་ཉིད་དུ་གོ་བར་བྱེད་པ་མ་ཡིན་ཏེ། དོན་རྟོགས་ པའི་རིགས་པས་གྲུབ་པའི་ཡན་ལག་ཉིད་ཀྱིས་རྟག་པ་ཉིད་ཁྱབ་པར་བྱེད་པ་ཡིན་པར་རྣམ་པར་གཞག་པ་ན། མི་རྟག་པ་ཉིད་དང་འགལ་བ་ཅན་ཡིན་པའི་ཕྱིར་གནོད་པ་ཅན་ནོ། །མི་རྟག་པ་ཉིད་ལ་ནི་སྒྲ་དོན་རྟོགས་པའི་ཡན་ལག་མ་ཡིན་ནོ། །འབྲེལ་པ་མ་བཟུང་བས་མ་རྟོགས་པའི་ཕྱིར་ རོ། །འདི་འདིའི་བརྗོད་བྱ་ཡིན་ཞེས་བྱ་བར་བཟུང་ནས། དེ་ཉིད་ཀྱི་རྗེས་སུ་འབྲངས་ནས་རྟོགས་པར་བྱེད་པའམ། རྟོགས་པར་བྱེད་པ་ལ་འཛུད་པ་ཡིན་ལ། དེ་ལྟར་ན་རྟག་པ་ཉིད་ཁོ་ན། །དོན་འབྲེལ་པ་མཐོང་ན་རྗོད་བྱེད། །ནུས་ལྡན་མི་འགྱུར་དེ་ལྟ་ན། །སྔ་ན་མེད་པའང་དེར་འགྱུར་ ཏེ། །ཀུན་ཡང་ཀུན་ལ་གསལ་བྱེད་འགྱུར། །གསལ་བ་ཉིད་ནི་ཉེ་བ་ཙམ་གྱིས་གསལ་བར་བྱེད་པ་ཡིན་ན། མི་རྟག་པ་ལ་ཡང་འགལ་བ་མ་ཡིན་ཏེ། མི་ནི་མངོན་སུམ་གྱི་གཞལ་བྱ་ཡིན་པའི་ཕྱིར་དེ་ཉིད་ལ་ཡང་གསལ་བར་བྱེད་པ་མ་ཡིན་ནོ། །དུ་བ་བཞིན་དུ་སྒྲ་ཡང་གསལ་བར་བྱེད་ པར་འགྱུར་རོ་ཞེ་ན། བདེན་ཏེ། འབྲེལ་པ་འཛིན་པ་ཉིད་ཡིན་ན་འགྱུར་ལ། དུ་བའི་འབྲེལ་པ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ཡིན་ནོ། །སྒྲ་ནི་དེ་དག་ཉིད་དང་བྲལ་བའི་གོ་བྱེད་ཉིད་ཡིན་ཏེ་མེ་ལྟ་བུའོ། །སྒྲ་ལ་ནི་དེ་རང་འཛིན་པ་འབའ་ཞིག་ལ་ལྟོས་པ་ཡིན་ལ། མེ་ནི་དེ་ལྟ་མ་ཡིན་ ཞེས་བྱ་བའི་བྱེ་བྲག་མཐོང་བ་ཉིད་ཀྱི་ཕྱིར་ཅུང་ཟད་ཀྱང་གནོད་པར་བྱེད་པ་མ་ཡིན་ནོ། །མི་རྟག་པ་ལ་ནི་དེ་འཛིན་པ་མི་སྲིད་དོ། །ལན་གཉིས་གསུམ་དུ་མ་མཐོང་བ་ནི་མཐོང་བ་ཙམ་ལས་འབྲེལ་པ་ཅན་ཉིད་གོ་བར་བྱེད་པར་མི་འགྱུར་ཏེ། སྐད་ཅིག་མ་ཉིད་ལ་ནི་སྒྲས་དེ་ བཞིན་དུ་རྟོགས་པ་མི་སྲིད་དོ། །དོན་ལྡན་སྔར་མཐོང་ཡིན་ཞེ་ན། །དེ་ནི་དེ་ཙམ་ལོང་ཡོད་མིན། །ལན་གཉིས་ལན་གསུམ་མ་མཐོང་བ། །དོན་དང་ལྡན་པར་རྟོགས་པ་མིན། །རྟག་པའི་ཕྱོགས་ལ་ཡང་མཐོང་བ་ནི་རང་གི་དུས་ཙམ་ཡུལ་ཡིན་པས་ཐེར་ཟུག་པ་ཉིད་དུ་མི་རྟོགས་པའི་ཕྱིར་ ཇི་ལྟར་འབྲེལ་པ་འཛིན་པར་འགྱུར། ཡང་དང་ཡང་དུ་མཐོང་བ་ཡིན་ན་དེའི་ཤུགས་ཀྱིས་འདི་འདི་དང་ལྷན་ཅིག་པར་ངེས་པའམ། འདི་འདིའི་རྗོད་བྱེད་ཡིན་ཞེས་བྱ་བར་ཡང་འགྱུར་བར་ཤེས་པའོ། །འདི་ལ་ཡང་ཁ་ཅིག་མངོན་སུམ་