Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 180

Văn bản gốc(Tây Tạng)

Trang 15 / 25 (50.000 ký tự/trang)
ྱེད་པ་ཡིན་པས། རྒྱུ་མེད་ཀྱང་འབྱུང་བ་ཡིན་པར་བསྟན་པ་ནི། དེའི་ཕྱིར་རྒྱུ་དང་འབྲེལ་པ་ཅན་ཉིད་ནི་ངེས་པ་ཅན་ཉིད་དུ་འགྱུར་བ་ཁོ་ན་ཡིན་པའི་ཕྱིར་རྒྱུ་ངེས་པ་ཅན་ཁོ་ན་འབྲས་བུ་ཡིན་ནོ་ཞེས་བསྟན་པའི་དོན་ཏོ། །རིམ་ཅན་མ་
ཡིན་པ་ལས་ཏེ། རེས་འགའ་བ་མ་ཡིན་པ་ལས་རིམ་པ་ཅན་ཏེ་རེས་འགའ་བ་ཡིན་ནོ། །ལྷན་ཅིག་བྱེད་པས་བསྒྲུབ་པར་བྱ་བའི་ཕུལ་དུ་བྱུང་བ་ནི་ཁྱད་པར་ཡིན་ལ། དེ་མ་ཡིན་པ་གང་ལ་ཡོད་པ་དེ་ནི་ཁྱད་པར་ཅན་ཡིན་ཏེ། དེའི་ལྟོས་པ་མེད་པར་ཁྱད་པར་ཅན་དང་ཐ་མི་དད་པ་ཕུལ་དུ་བྱུང་བར་བྱེད་པའི་ལྷན་ཅིག་
བྱེད་པ་ཡིན་པར་བསྟན་པ་ནི། ཁྱད་པར་སྒྲུབ་ཏུ་མེད་པ་ནི་ཞེས་བྱ་བའོ། །འོན་ཏེ་ལྷན་ཅིག་བྱེད་པ་པོ་ཉིད་མཐའི་གནས་སྐབས་བཞིན་དུ་ལྷན་ཅིག་བྱེད་པ་ཡིན་ན། དེ་ལྟ་ཡིན་ན་དེའི་གནས་སྐབས་རྣམས་ཀྱི་རེ་རེའི་ནུས་པ་ཡིན་པའི་ཕྱིར། དེ་ཁོ་ན་ལྷན་ཅིག་བྱེད་པའི་རྒྱུར་འགྱུར་བ་ཡིན་ལ། རྟག་པ་དེ་
ལ་ཉེ་བར་མ་བོར་བའི་ཕྱིར། རྒྱུ་ཉིད་ཀྱི་ཕྱིར་ནི་མ་ཡིན་པར་བསྟན་པ་ནི། ཁྱད་པར་ཐ་དད་པར་ཁས་ལེན་ན་ཡང་ཞེས་བྱ་བའོ། །རྟག་པ་ཉིད་ཡང་མི་བྱེད་ན་མཐའི་གནས་སྐབས་བཞིན་དུ་ལྷན་ཅིག་བྱེད་པའི་དོན་དུ་མི་འགྱུར་རོ། །དེས་ན་མཐའི་གནས་སྐབས་བཞིན་དུ་རྟག་པ་ཡང་བྱེད་པ་ཡིན་ནོ་སྙམ་དུ་
སེམས་པ་ནི། ཁྱད་པར་དེ་དེའི་ཡིན་ནོ་ཞེ་ན་ཞེས་བྱ་བའོ། །བདེན་ཏེ། རེ་ཞིག་ཁྱད་བར་དུ་བྱེད་པས་ལྷན་ཅིག་བྱེད་པ་ནི་མ་ཡིན་ཏེ། རྟག་པ་ཉིད་མེད་པར་ཐལ་བར་འགྱུར་རོ་ཞེས་བསྟན་པ་ནི། མ་ཡིན་ཏེ་ཁྱད་པར་ཞེས་བྱ་བའོ། །ཁྱད་པར་ལས་ནི་ལྷན་ཅིག་བྱེད་པའིའོ། །ཁྱད་པར་ཞེས་བྱ་བ་ནི་ཁྱད་

པར་ལས་ལྷན་ཅིག་བྱེད་པ་ལས་ཁྱད་པར་དུ་བྱེད་པ་ཡིན་ཞེས་བསྒྲུབས་པས་ཁྱད་པར་ནི་ཕུལ་དུ་བྱུང་བའོ། །དོན་མེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་བྱེད་པ་པོ་ཉིད་མ་སྤངས་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཁྱད་པར་རྟོགས་པ་ཁོ་ན་ཐམས་ཅད་དུ་ཡིན་ན་རྟག་པ་ལ་ཡང་ཚད་མ་
ཡོད་པར་འགྱུར་བ་ཞིག་ན། དེ་ནི་མེད་པ་ཁོ་ན་སྟེ་རེས་འགའ་ཁྱད་པར་མེད་པར་ཡང་རྟོགས་པའི་ཕྱིར་རོ་སྙམ་དུ་སེམས་པ་ནི། གལ་ཏེ་ཁྱད་པར་མི་རྟོགས་ན་ཞེས་བྱའོ། །གལ་ཏེ་ལྷན་ཅིག་བྱེད་པའི་དུས་དུས་སུ་ཡང་ཁྱད་པར་མེད་པ་ཉིད་ཡིན་ནོ། །དེ་སྔ་མའི་ངོ་བོ་ཁོ་ན་མ་བོར་བ་ཡིན་ན། ཇི་ལྟར་གློ་
བུར་པ་དེ་ལ་ལྟོས་པ་ཡིན། ནུས་པ་མེད་པ་བྱེད་པ་པོ་ལ་མ་ཡིན་པ་ལ་ལྟོས་པ་ནི་མ་ཡིན་ཏེ། དེ་བྱེད་པ་ཡིན་ན་དེའི་ལྷན་ཅིག་བྱེད་པ་ལ་ལྟོས་པ་ཡིན་པར་བསྟན་པ་ནི། དེ་ལྟ་ན་ལྟོས་ཇི་ལྟར་འགྱུར། གང་གི་ཕྱིར་ཞེས་བྱ་བས་ཁྱད་པར་དུ་སྐྱེ་བ་བསལ་བ་ཡིན་པར་བསྟན་པ་ནི། དེ་ལ་ནི། ཁྱད་པར་ཡང་ནི་ཡོད་
པ་མ་ཡིན་ཞེས་བྱ་བའོ། །ཁྱད་པར་ཅན་གྱིས་བྱེད་པ་ཡིན་ལ། བྱེད་པ་ཉིད་ཀྱང་གཞན་བྱེད་པ་པོར་ལྷན་ཅིག་བྱེད་པ་ལ་ལྟོས་པ་ཡིན་གྱི། མི་བྱེད་པ་ལ་ནི་མ་ཡིན་པར་བསྟན་པ་ནི་ཁྱད་པར་ཡོད་ན་ནི་ཞེས་བྱ་བའོ། །ལྟོས་པ་ཁྱད་པར་དུ་བྱེད་པ་པོ་ལ་ཁྱད་པར་དང་ལྡན་པ་ལྟོས་པ་ཡིན་པ་འདི་ལ་
འཇིག་རྟེན་ན་གྲགས་པའི་ཚད་མས་ཡོད་པར་བསྟན་པ་ནི་འདིའི་དོན་དུ་ཞེས་བྱ་བ་ནི་ཁྱད་པར་གྱི་དོན་དུའམ། འབྲས་བུའི་དོན་དུ་ཡིན་ནོ། །ཉེ་བར་བསྡུ་བ་ནི་དེའི་ཕྱིར་ཞེས་བྱ་བ་སྟེ། ཁྱད་པར་མེད་པ་ལ་སྟེ་ཁྱད་པར་བསྒྲུབ་ཏུ་མེད་པ་ནི་ལྷན་ཅིག་བྱེད་པ་ལྟོས་པ་མེད་པའོ། །མི་བྱེད་པའི་ངོ་བོ་
ལས་གཞན་པ་དེ་བྱེད་པའི་ངོ་བོ་ནི་ཁྱད་པར་ཡིན་ལ། དེ་དང་བྲལ་བ་ཁྱད་མེད་པ། །འབྲས་བུ་མི་བྱེད་པ་ནི་དེ་བྱེད་པའི་ལྷན་ཅིག་བྱེད་པ་ལ་མི་ལྟོས་པ་ཡིན་ནོ་སྙམ་དུ་སེམས་པ་ལ། གལ་ཏེ་ཡང་དེ་ཁྱད་པར་མེད་པའམ་རིམ་པ་མེད་པ་ན་དེ་ལས་སྐྱེ་བའི་འབྲས་བུ་ནི་ལྷན་ཅིག་བྱེད་པ་ལས་སམ།
གཞན་ལས་རིམ་པ་དང་ལྡན་པར་སྐྱེ་བ་ནི་མ་བསྲེགས་པའི་བུམ་པ་ལས་བསྲེགས་པའི་བུམ་པ་ལྟ་བུ་ཡིན་ནོ་སྙམ་དུ་སེམས་པ་ལ། ལུས་ལས་ཞེས་བྱ་བ་སྨོས་ཏེ། བུམ་པ་གཞན་ལས་སྐྱེ་བ་ཡིན་པར་མཐོང་བ་ནི། གཞན་ཏེ་མེ་དང་ཕྲད་པ་ལས་ཁྱད་པར་ཅན་ཡིན་པར་ནི་རིགས་ཀྱི་བློ་ནི་དེ་ལྟ་མ་

ཡིན་ཏེ། གཞན་ལས་སྐྱེ་བར་མ་མཐོང་བའི་ཕྱིར་རོ། །མཐོང་བ་ནི་ཡིན་ཡང་ལུས་ནི་རྒྱུ་མ་ཡིན་ནོ། །དེས་ན་རིམ་པའི་ངོ་བོ་ནི་ཁྱད་པར་དུ་བྱེད་པ་ཁོ་ན་དེ་བྱེད་པ་ཡིན་ནོ། །དེ་བཞིན་དུ་བློ་གཞན་ཡང་ཡིན་པའི་ཕྱིར་བློ་ནི་དེས་བྱས་པ་ཁོ་ན་ཡིན་ཏེ། རྟག་པའི་ལུས་ཀྱིས་བྱས་པ་ནི་མ་ཡིན་ཏེ།
རྗེས་སུ་འགྲོ་བ་ལ་སོགས་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །སྔར་གྱི་བློ་ནི་བྱ་བ་ནི་འབྲས་བུ་ཡོད་པ་ཡིན་ན། དེའི་ཕྱིར་དེ་ཡང་རིམ་པ་དང་ལྡན་པའི་འབྲས་བུའི་རྒྱུ་མ་ཡིན་ནམ། དེ་ལྟ་ཡིན་ཏེ་རིམ་གྱིས་བྱེད་པ་རིམ་པ་དང་ལྡན་པའི་ཁྱད་པར་དེ་ཡིན་ནོ། །རིམ་པ་ཅན་མ་ཡིན་པའི་ཁྱད་
པར་ཅན་ཉིད་ཡིན་ན་འབྲས་བུ་ཅིག་ཅར་བའི་སྐྱོན་ཡིན་པར་བསྟན་པ་ནི་འོན་ཏེ་བློ་སྔ་མ་སྔ་མ་ཞེས་བྱ་བ་སྟེ། ཁྱད་པར་དུ་འགྱུར་བ་ཞེས་བྱ་བ་སྟེ། ཁྱད་པར་གྱིས་སམ་རིམ་གྱིས་ཁོ་ནས་སོ། །རྟག་པ་ནི་འཇིག་པའི་མཐར་ཐུག་པར་སྣང་བ་ནི་གཅིག་ཡིན་པའི་ཕྱིར། གཅིག་གི་ཚེ་སྣང་བ་
ནི་སྐད་ཅིག་མ་གཞན་ལ་མི་འབྱུང་བས་རྒྱུ་མེད་པའི་ཕྱིར་དེའི་ཚེ་འབྲས་བུ་མི་འབྱུང་ངོ་ཞེས་སུན་འདོན་པ་ནི་སྐད་ཅིག་མ་ལ་ཡང་མཚུངས་པ་མ་ཡིན་ནམ། དེ་ཡང་སྐད་ཅིག་མ་གཞན་ལ་ཡོད་པ་མ་ཡིན་ཏེ། གཞན་དུ་ན་སྐད་ཅིག་མ་ཉིད་དུ་འགལ་བར་འགྱུར་བའི་ཕྱིར་རོ། །སྐད་ཅིག་མ་
གཞན་ངེས་པའི་ཡུལ་ཡོད་པའི་ཕྱིར་སྐྱོན་མེད་དོ། དེ་དང་ལྷན་ཅིག་ཉིད་ཡིན་ན་དེ་ཡང་དམ་པའི་ཁོངས་སུ་གཏོགས་པས་དུས་ཕྱི་མ་ཉིད་མ་ཡིན་པའི་ཕྱིར་རྟག་པ་ཉིད་རིམ་གྱིས་མ་ཡིན་ནོ། །དེའི་ཚེ་བདག་ཉིད་ཐམས་ཅད་རྟོགས་པ་ཡང་དུས་གཞན་དུ་ཀུན་དུ་རྒྱུ་བ་ནི་མ་ཡིན་ཏེ། ཇི་སྲིད་དུ་
འཇིག་བྱེད་མེད་པ་དེ་སྲིད་གནས་པ་ཡིན་པར་ནི་མི་རིགས་ཏེ། མཐའ་མ་བཞིན་དུ་དང་པོ་ལ་ཡང་འཇིག་པའི་མཐར་ཐུག་པ་ཅན་དུ་སྣང་བར་ཁྱད་པར་མེད་པའི་ཕྱིར་རོ། །དེའི་ཚེ་འཇིག་པར་བྱེད་པའི་རྒྱུ་མེད་པའི་ཕྱིར་འཇིག་པ་མ་ཡིན་ཏེ། དངོས་པོ་ནི་བདག་ཉིད་ཐམས་ཅད་ཀྱིས་སྣང་བ་ཡིན་ནོ་ཞེ་ན།
འཇིག་པའི་རྒྱུ་མེད་དུ་ཟིན་ཀྱང་དེའི་མཐར་ཐུག་པར་ཡང་རྟོགས་པ་ཡིན་ན། མཐའི་གནས་སྐབས་བཞིན་དུ་ཇི་ལྟར་ཕྱི་མའི་དུས་སུ་ཡོད་པ་ཡིན་མི་རྟག་པ་ཉིད་ནི་སྐད་ཅིག་རེ་རེ་ཞིང་གཞན་དང་གཞན་པའི་ཕྱིར་སྔ་མ་ཉིད་ཕྱིས་ཡོད་པ་ནི་མ་ཡིན་ནོ། །དེའི་ཕྱིར་སྔ་མ་ནི་ཕྱི་མ་ལས་རིམ་པ་དང་རྒྱུ་

ཉིད་ཀྱང་ཡིན་ཏེ། དེ་ལྟར་མཐོང་པའི་ཕྱིར་དང་། གཞན་དུ་མ་མཐོང་བའི་ཕྱིར་རོ། །གང་གི་ཚེ་དེ་དང་དེ་ལས་འབྱུང་བ་ནི་དེ་ལས་གཞན་པ་ལས་ཡིན་པར་མ་དམིགས་པའི་ཕྱིར་དེའི་བསྐྱེད་བྱ་ཉིད་ཡིན་ནོ། །འཇིག་རྟེན་གསུམ་པོ་ཡང་རྒྱུ་དུས་མཚུངས་པ་ཡིན་ན། རྒྱུ་ལས་
ཇི་ལྟར་མ་བྱུང་། དེ་ཉིད་དུ་མ་རྟོགས་པའི་ཕྱིར་ལ་འདི་ལ་ནི་དེ་ཉིད་དུ་ངེས་པས་དབྱེ་བ་ཡིན་ན། དེའི་འབྲས་བུ་ཉིད་ཡུལ་དུ་བྱེད་པ་ཡིན་པའི་ཕྱིར་རྒྱུ་ཉིད་དུ་ཡོད་པར་རྟོགས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་ཁོ་ན་རིམ་གྱིས་བྱེད་པ་ཡིན་པར་ཡང་གྲུབ་པར་བསྟན་པ་ནི། སྔོན་མེད་སྐད་ཅིག་རེ་རེ་ཡི་སྟེ། དེ་དང་
དེའི། སྔ་མ་སྔ་མའི་སྐད་ཅིག་ནི་རྒྱུ་ཡིན་ནོ། །འབྲས་བུ་འདས་པ་རྒྱུ་འདའ་བར་རྟོགས་པའི་ཕྱིར་འབྲས་བུ་ཡང་སྔ་མའམ་ཕྱི་མ་ཡང་ང་རྒྱལ་དང་བཅས་པའི་བློ་དང་ལྷན་ཅིག་པ་མ་ཡིན་པས་དེ་དང་ལྷན་ཅིག་པའི་རྣམ་པར་འགྱུར་བ་ཡིན་ལ། དེ་ཁོ་ན་བཞིན་དུ་རྒྱུ་ཡང་ཡིན་ཏེ། དེ་ལ་ཡང་དེ་ཁོ་ན་
བཞིན་དུ་མཐོང་བའི་ཕྱིར་རོ། །མེ་དང་དུ་བ་དག་གི་ཕན་ཚུན་ཕན་འདོགས་བྱེད་དང་ཕན་གདགས་བྱ་ཡིན་པ་བཞིན་དུ་ལྷན་ཅིག་པ་མ་ཡིན་ནོ། །དེའི་ཕྱིར་ཚོགས་པ་ལས་ཚོགས་པ་སྐྱེ་བ་མ་ཡིན་ལ་འདི་ལ་བཟློག་པ་ཡིན་པའི་ཕྱིར། ཅིའི་ཕྱིར་དེ་བཞིན་དུ་སྐྱེ་བ་མ་ཡིན་ཞེས་བྱ་བའི་དོན་ཏོ། །སྐྱེ་བ་འདི་ལ་ནི་དེ་བཞིན་དུ་
འགྱུར་ན་སྐྱེ་བ་ཕྱི་མ་ལ་ཇི་ལྟར་ཡིན་སྙམ་དུ་སེམས་པ་ལ། དེ་ལ་ཡང་སྐྱེ་བ་དང་པོ་ལ་བློ་དང་ལྷན་ཅིག་པའི་ལུས་སུ་དམིགས་པའི་ཕྱིར། དེ་ལྟ་བུའི་རྣམ་པ་ཅན་ཁོ་ནའི་ལུས་ནི་དུ་བ་ལས་མེ་བཞིན་ནམ། ཡན་ལག་གི་རྣམ་པར་འགྱུར་བ་ལ་སོགས་པའི་མངོན་པར་འབྱུང་བ་ལས་བཞིན་དུ་དེའི་རྒྱུ་ཡིན་པར་རྗེས་སུ་
དཔོག་པ་ཡིན་པར་བསྟན་པ་ནི། དེས་ན་བློ་དང་ལྷན་ཅིག་པའི་ལུས་ཞེས་བྱ་བ་སྟེ། དེའི་དེ་མ་ཐག་པའི་རྒྱུ་ཉིད་དུ་མཐོང་བའི་ཕྱིར་སྔོན་དང་ཕྱི་མའི་དེ་ཁོ་ན་འདྲ་བའི་ལུས་ནི་རྒྱུ་ཡིན་པར་རྗེས་སུ་དཔོག་པ་ཡིན་པའི་ཕྱིར་འཇིག་རྟེན་གྲུབ་པ་ཡིན་ནོ། །ལུས་ཀྱི་བསྐྱེད་བྱའི་ལུས་ནི་བློའི་རྒྱུར་སྐད་ཅིག་རེ་རེ་ལ་དམིགས་
པ་ནི་སྲེད་པའི་ཐོག་མ་དང་ཐ་མ་ལ་ཡང་ཡོད་པ་རང་གི་རྒྱུ་མཚན་ལུས་གཞན་གྱིས་འཕགས་པ་ཡིན་ལ་དེས་ན་སྲིད་པ་གཞན་འགྲུབ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྐད་ཅིག་མའི་དངོས་པོ་རྣམས་ལ་དུས་གཞན་གྱི་རྗེས་སུ་འབྲང་བ་མེད་པའི་ཕྱིར་ཅི་འདྲ་བའི་རིམ་པ་ཡིན། གང་གི་ཕྱིར་དུས་ཀྱི་དབྱེ་བས་བྱ་

བ་དང་ལྡན་པ་ཐ་དད་པ་ཡིན་ན། རིམ་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ལ། སྐད་ཅིག་མའི་དངོས་པོ་ལས་སྐད་ཅིག་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་འབྱུང་བ་ཁོ་ནར་རིམ་པའི་ཐ་སྙད་ཀྱི་ཡུལ་ཡིན་གྱི། གཞན་དུ་ནི་མ་ཡིན་པར་བསྟན་པ་ནི། སྔོན་མེད་སྐད་ཅིག་རེ་རེ་ཡི། །ཞེས་བྱ་བ་
སྟེ། གང་གི་ཕྱིར་སྐད་ཅིག་མ་ལ་ཡང་རིམ་པ་དང་ལྡན་པའི་ཡུལ་ནི་བློའི་རྒྱུ་ཡིན་ལ། དེ་ལྟ་བུའི་འབྲས་བུ་འབྱུང་བར་བྱེད་པ་སྲིད་པའི་དང་པོ་ལ་མཐོང་བ་ཇི་ལྟ་བ་དེ་བཞིན་དུ་མཐའ་མ་ལ་ཡང་དེ་ཁོ་ན་ལྟར་མཐོང་བ་དེ་ལྟ་བུ་ཁོ་ན་རང་ལས་བྱུང་བའི་ལུས་གཞན་འཕེན་པར་འདོད་པའི་ཕྱིར་སྐྱེ་བ་ཕྱི་མ་གྲུབ་པ་
ཡིན་པར་བསྟན་པ་ནི། དེའི་ཕྱིར་ན་དུས་ཀུན་དུ་རྒྱུར་མཐོང་བ་ཉིད་ཅེས་བྱ་བ་སྟེ། བློའི་རྒྱུ་ལུས་ཀྱི་བསྐྱེད་བྱ་ཡིན་པའི་ཕྱིར། སྐྱེ་བ་དང་པོ་ལ་དེ་ལྟ་བུའི་ལུས་གཞན་འཕེན་པར་བྱེད་པ་ཡིན་ཞེས་བྱ་བའི་དོན་ཏོ། །ཡང་ན་སྐད་ཅིག་མ་ཉིད་ཡིན་ཡང་སྐད་ཅིག་མ་སྔ་མ་ཉིད་ཐམས་ཅད་ཀྱི་བྱེད་པ་པོ་ཡིན་པས་
ཅིའི་ཕྱིར་འབྲས་བུ་ཅིག་ཅར་མ་ཡིན་ཞེ་ན། སྔོན་མེད་སྐད་ཅིག་རེ་རེ་ནི་འབྲས་བུའོ། །སྔ་མ་སྔ་མ་ནི་རྒྱུ་གཞན་དང་གཞན་ཡིན་ལ་དེ་བཞིན་ཉིད་རེ་རེ་ནི་མ་ཡིན་ན་གང་གིས་ཅིག་ཅར་བའི་སྐྱོན་དུ་འགྱུར། དེའི་ཕྱིར་རྒྱུ་མིན་པ་ཉིད་དེ་རྟག་པ་ཉིད་ཡིན་ལ། རྟག་པ་ཉིད་ནི་དུས་ཀུན་དུ་སྟེ། དུས་ཐམས་ཅད་ཁྱབ་
པར་བྱེད་པ་ཉིད་དུ་ཅིག་ཅར་མཐོང་བར་འགྱུར། གཞན་ནི་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཡང་ན་རྒྱུའི་ཞིག་པ་ནི་རྒྱུ་ལས་གཞན་མ་ཡིན་ལ་དེས་ན་དེ་དང་ལྷན་ཅིག་འབྱུང་བའི་འབྲས་བུ་དང་རྒྱུ་དང་ལྷན་ཅིག་འབྱུང་བ་ཡིན་པའི་ཕྱིར་སྐད་ཅིག་མ་ཉིད་ལ་ཡང་འབྲས་བུ་ཅིག་ཅར་བར་འགྱུར་ཏེ། དེ་དང་དེ་ནི་
འདི་ཁོ་ན་ལས་འབྱུང་ངོ་སྙམ་དུ་སེམས་པ་ལ། སྔོན་མེད་སྐད་ཅིག་རེ་རེ་ཞེས་བྱ་བ་སྟེ། དུས་ངེས་པའི་དངོས་པོ་ནི་ཡུལ་ངེས་པ་བཞིན་དུ་ཡུལ་གཞན་དང་གཞན་ཉིད་ལས་ལྡོག་པ་ཡིན་གྱི་རང་གི་དུས་ལ་ནི་མ་ཡིན་ཏེ། རང་ཉིད་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ལྡོག་པ་ནི་ལྡོག་པ་པོ་ལས་གཞན་མ་ཡིན་
ཏེ། དེ་ལྟ་ཡིན་ན་ནི་དངོས་པོ་མི་འཇིག་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་གཉིས་པ་ཁོ་ན་སྔ་མ་ཞིག་པ་ཡིན་ནོ། །ཞིག་པ་དང་ཕྱེད་ཞིག་པ་དང་མ་ཞིག་པ་ལ་སོགས་པའི་རྣམ་པར་རྟོག་པ་རྣམས་སྐད་ཅིག་མའི་ཕྱོགས་ལ་སྐྱོན་མ་ཡིན་ཏེ། འབྲས་བུའི་སྔ་རོལ་ན་མེད་པར་

ཁས་ལེན་པའི་ཕྱིར་རོ། །སྐད་ཅིག་མ་དང་སྐད་ཅིག་མ་མ་ཡིན་པ་ཉིད་ལ་འབྲས་བུའི་སྐྱེ་པ་དགོས་པ་མ་ཡིན་ཏེ། དེ་ལྟ་མོད་ཀྱི་དེས་ཀྱང་རང་ཉིད་ཐོབ་པའི་དོན་དུ་ཡོད་པ་ལ་ལྟོས་པ་ཡིན་ལ། དེ་ཡང་གང་གི་ཚེ་ལྟོས་པ་ཁོ་ན་ཡིན་གྱི་དེའི་ཚེ་འབྲས་བུ་ནི་མ་ཡིན་ཏེ། ལྟོས་པ་མེད་པར་ཐལ་
བར་འགྱུར་བའི་ཕྱིར་རོ། །གང་གི་ཕྱིར་ལྟོས་པ་ཞེས་བྱ་བ་ནི་དེ་ལས་རང་ཉིད་འཐོབ་པ་ཡིན་གྱི་ཐོབ་པའི་བདག་ཉིད་ཅན་ལ་ནི་དེ་མི་སྲིད་པ་ཡིན་ཏེ། མི་ལྟོས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཡོད་པའི་ཡང་སྔ་ན་ཡོད་པ་ཉིད་ནི་འབྲས་བུའི་ལྟོས་པ་ཡིན་ཏེ། དེས་འཕངས་པ་ཉིད་དུ་རྟོགས་པའི་
ཕྱིར་རོ། །ཅིག་ཤོས་ནི་མ་ཡིན་ཏེ། དེའི་ཕྱིར་དེ་ཁོ་ན་རྒྱུ་ཉིད་ཀྱི་རྒྱུ་མཚན་ཡིན་ཏེ། འབྲས་བུའི་དུས་ན་མི་གནས་པ་ལ་ཡང་མཚུངས་པ་ཡིན་པར་བསྟན་པ་ནི། དེའི་ཕྱིར་ན་དུས་ཀུན་དུ་རྒྱུར་མཐོང་བར་འགྱུར་བ་ནི། དུས་ཀུན་དུ་སྟེ་ཐམས་ཅད་ལ་ཞེས་བྱ་བ་ལ་ལྟོས་པ་ཡིན་ནོ། །རྟག་པ་ཉིད་ལ་
ནི་ཚད་མ་ཅི་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་དུའོ། །བློའི་རིམ་པ་ནི། རྒྱུ་ལུས་ཀྱི་ཡང་རིམ་པར་རྟོགས་པར་བྱེད་པའི་ཕྱིར་རོ། །བློ་དང་ལྷན་ཅིག་པའི་ལུས་ཁོ་ན་གནས་སྐབས་པ་ཡིན་ནོ། །དེའི་ཕྱིར་ལུས་ཀྱི་བསྐྱེད་བྱའི་བློ་ནི་ལུས་དང་ལྷན་ཅིག་པ་ཁོ་ན་ཡིན་ལ། བློའི་རྒྱུ་ལུས་ནི་དེ་ཡང་བློ་
དང་ལྷན་ཅིག་པ་ཁོ་ནར་བསྟན་པ་ཡིན་ནོ། །དེས་ན་བློ་དང་ལྷན་ཅིག་པའི་ལུས་ཀྱི་རྒྱུ་ཡང་སྐྱེ་བ་དང་པོ་ལ་དེ་ལྟ་བུ་ཁོ་ན་ཡིན་པར་འདི་ལས་གོ་བར་བྱེད་པ་ཡིན་ལ། སྐྱེ་བ་ཕྱི་མ་ལ་ཡང་དེ་ལྟ་བུའི་རྒྱུ་མཐོང་བ་ལས་འབྲས་བུ་ཡང་དེ་ལྟ་བུ་ཁོ་ན་ཡིན་པར་ཇི་ལྟར་མཐོང་བས་རྟོགས་པར་བྱ་བ་ལ་ཡིན་ཞེས་
བྱ་བའི་ཐོབ་པ་ཡིན་ནོ་ཞེས་བསྟན་པ་ནི། གང་ཁོ་ན་བློའི་ལྷན་ཅིག་བྱེད་པའི་ལུས་ཞེས་བྱ་བའོ། །འོན་ཏེ་འབྲེལ་པ་འཛིན་པའི་ཐབས་གང་ཡིན་ཞེ་ན། དེའི་ཕྱིར་ལྷན་ཅིག་ཅེས་བྱ་བའོ། །ལན་ཅིག་ཀྱང་རང་གི་དུས་སུ་འཛིན་པར་མཐོང་བས་འདིའི་འབྲས་བུ་ཡིན་ཞེས་བྱ་བ་ལ་སོགས་པ་སྔ་མ་དང་
ཕྱི་མ་ལ་ལྟོས་པའི་ངོ་བོ་མི་འཛིན་པ་ཁོ་ན་མ་ཡིན་ནམ་སྙམ་དུ་སེམས་པ་ལ། རྒྱུ་དང་འབྲས་བུ་ཉིད་ཅེས་བྱ་བ་སྟེ། འབྲས་བུ་ལ་སོགས་པ་ནི་ཐ་སྙད་དུ་གྲུབ་པ་ཡིན་ནོ། །ཇི་སྐད་རྟོགས་པས་འབྲེལ་པར་བྱེད་པ་ཡིན་ཞེས་གསུངས་པའོ། །དེའི་ཕྱིར་རྗེས་སུ་འགྲོ་བ་དང་ལྡོག་པའི་ངོ་བོའི་རྣམ་པར་རྟོག་

པས་གོ་བར་བྱ་བ་ནི། འབྲས་བུ་ཉིད་ལ་སོགས་པ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཡང་བློ་དང་ལྷན་ཅིག་པའི་ལུས་ནི་དེ་དང་འདྲ་བའི་འབྲས་བུ་ཡིན་པའི་ཕྱིར་དང་། རྒྱུ་ཡིན་པའི་ཕྱིར་རྟོགས་བྱེད་དུ་འདོད་པ་ཡིན་ན། འགལ་བ་ཅན་འཆི་བ་མཐོང་བའི་ཕྱིར་དྲོ་བ་མཐོང་བ་
ལས་གྲང་བ་བཞིན་དུ་མེད་པར་ཡང་རྟོགས་པར་འགྱུར་རོ། །རྒྱུ་མ་ཚང་བ་མེད་པའི་སེམས་རྒྱུན་དུ་ཡོད་པ་ནི་འཆི་བ་ཡོད་ན་མེད་པའི་ཕྱིར་འགལ་བ་ཡིན་ནོ། །དགྲ་བཅོམ་པའི་རྒྱུན་ལ་ཁྱེད་ཀྱང་འདི་ཁས་ལེན་པ་ཡིན་གྱི། མ་རིག་པ་དང་སྲིད་པ་མེད་པའི་ཕྱིར་དགྲ་བཅོམ་པ་ལ་འབྲས་བུ་ཉིད་མཚམས་སྦྱོར་བ་
མེད་པ་མ་ཡིན་ལ། དེ་དག་མེད་ཀྱང་འཚོ་བའི་གནས་སྐབས་ལ་ཡང་མཚམས་སྦྱོར་བ་མཐོང་བའི་ཕྱིར་རོ། །སྐད་ཅིག་མ་ཞིག་པ་ནི་འཆི་བ་མ་ཡིན་ཏེ། དེ་ཡོད་ཀྱང་འཚོའི་གནས་སྐབས་ན་མཚམས་སྦྱོར་བར་མཐོང་བའི་འགལ་བ་མེད་པར་ཐལ་བར་འགྱུར་རོ། །རྒྱུན་ཆད་པ་ཡང་མ་ཡིན་ཏེ། དེའི་
བསྒྲུབ་བྱ་ཡིན་པའི་ཕྱིར་རོ། །འོན་ཀྱང་དེའི་རྒྱུའི་དངོས་པོ་ནི་གཉིད་ལོག་པ་བཞིན་ནམ། འགོག་པའི་སྙོམས་པར་འཇུག་པ་ལྟ་བུའི་རྒྱུན་ཆད་པ་ལས་གཞན་པའི་རྒྱུན་ཆད་པ་ནི། གཞན་དུ་མི་འཐད་པར་གོ་བར་བྱེད་པ་ཡིན་གྱི། དེར་རྒྱུན་ཆད་པ་མཚམས་སྦྱོར་བར་རིགས་པ་ནི་མ་ཡིན་
ཏོ། །གང་གི་ཕྱིར་གཉིད་ལོག་པ་ལ་སོགས་པ་ན་འགག་པའི་སེམས་ནི། དེ་ཉིད་ཀྱི་ཚེ་གཞན་དུ་མཚམས་སྦྱོར་བ་མ་ཡིན་ལ། གནས་པས་འཕངས་པའི་ལས་མེད་པ་ཙམ་ནི་འཆི་བ་མ་ཡིན་ཏེ། གཉིད་ལོག་པ་ལ་སོགས་པ་མ་མཐོང་བའི་ཕྱིར་རོ། །དེའི་དུས་སུ་བྱུང་བ་རྒྱུན་ཆད་པ་ཡང་མ་ཡིན་འཆི་
བ་ཡང་མ་ཡིན་ཏེ། མ་མཐོང་བའི་ཕྱིར་རོ། །རྣམ་ཤེས་དང་ཚེ་འགག་པའི་མཚན་ཉིད་ནི་འཆི་བ་ཡིན་ནོ་ཞེ་ན། ཡང་དེ་ལྟ་ཡིན་དུ་ཟིན་ཀྱང་འགལ་བ་གཉིད་ལོག་པ་བཞིན་དུ་ཇི་ལྟར་མཚམས་སྦྱོར་བར་བྱེད་ཅེས་སྨྲས་པ་ཡིན་ནོ། །རྒྱུན་ཆད་པའི་འགག་པ་ནི་རྒྱུན་མི་འཆད་པ་དང་འགལ་བའི་
ཕྱིར་མཚམས་སྦྱོར་བ་མེད་པ་ཡིན་ནོ། །གཉིད་ལོག་པའི་འགག་པ་བཞིན་དུ་མཚམས་སྦྱོར་བ་དང་འབྲེལ་པ་ཅན་གྱི་འཆི་བ་ནི་འགག་པ་མ་ཡིན་ཏེ། དེ་ལྟར་མ་མཐོང་བའི་ཕྱིར་རོ། །ཚད་མ་ཐམས་ཅད་ནུབ་པ་ན་ཡོད་པ་སྲིད་པར་ཡང་ནུས་པ་མ་ཡིན་ཏེ། གཏན་ཚིགས་ཀྱི་འགྲན་ཟླ་རྙེད་བླ་

བའི་ཕྱིར་རྒྱུན་ཆད་པ་དང་མཚམས་ཉིད་མི་མཐུན་པར་ཚད་མས་གྲུབ་པའི་ཕྱིར་རོ། །དེའི་ཕྱིར་རྒྱུ་ལས་སམ་འབྲས་བུ་ལས་འཆི་བའི་འོག་ཏུ་འབྲས་བུ་དང་རྒྱུ་དག་ཤེས་པ་མ་ཡིན་ལ། འཆི་བས་བར་དུ་བཅད་པས་མ་སྐྱེས་པའི་ཕྱིར་རོ། །བར་དུ་གཅོད་པ་མེད་ན་སྐྱེ་བ་
ཡིན་པ་ནི། དེ་ལྟའི་གནས་སྐབས་ཇི་ལྟ་བ་བཞིན་དུའོ་ཞེས་བྱ་བ་ནི་རྣམ་པར་དབྱེ་བ་ཡིན་ནོ་སྙམ་དུ་སེམས་པ་ལ། ཐ་མའི་སེམས་ནི་སེམས་གཞན་དང་མཚམས་སྦྱོར་ཞེས་བྱ་བ་སྟེ། རེ་ཞིག་གཉིད་ལོག་པ་ལ་སོགས་པ་བཞིན་དུ་རྣམ་ཤེས་ལ་སོགས་པ་འགག་པ་ནི། གནས་པ་འཕེན་པར་
བྱེད་པའི་ལས་འགག་པ་ཁོ་ན་ལས་གཞན་པ་ཡང་མ་ཡིན་ཏེ། འདི་ཡོད་ན་གཞན་ཤུགས་ཀྱིས་མི་འཐོབ་པའི་ཕྱིར་ལ། གནས་པའི་འཕེན་བྱེད་ཡོད་པས་འགག་པ་ནི་གཞན་དུ་མི་མཐད་པ་ཡིན་ཏེ། རྒྱུ་མཚན་གཞན་འཕེན་བྱེད་ཡིན་ནོ། །དེ་ལ་ཡང་གཉིད་ལོག་པ་ཡིན་ནོ་ཞེས་ཟེར་རོ། །རྒྱུ་མཚན་
གཞན་ཡོད་དུ་ཆུག་ཀྱང་དེ་ཡང་མཚམས་སྦྱོར་བ་དང་འགལ་བ་མ་ཡིན་ཏེ། གཉིད་ལོག་པ་ཁོ་ན་བཞིན་དུ་དུས་ཉུང་ཟད་ཅིག་འགག་པ་ཡང་སྐྱེ་བར་མཐོང་བའི་ཕྱིར་རོ། །འདི་ལ་ཡང་མ་མཐོང་ངོ་ཞེ་ན། མ་ཡིན་ཏེ། སྐྱེ་བ་དང་པོའི་སེམས་དང་ལུས་ཀྱང་གོམས་པ་ལ་སོགས་པའི་བསྐྱེད་བྱའི་ཁྱད་པར་དུ་མཐོང་བ་ལས་
སྐྱེ་བ་སྔ་མའི་མཐའི་སེམས་མཚམས་སྦྱོར་བ་ནི་རྗེས་སུ་དཔག་པའི་ཕྱིར་རོ། །དགྲ་བཅོམ་པའི་སེམས་ཀྱང་དེ་བཞིན་དུ་འགྱུར་རོ་ཞེ་ན། འགྱུར་བ་ཡང་སྐྱོན་ཅི་ཡོད་རྒྱུ་མ་ཚང་བ་ལས་དེ་མཚམས་སྦྱོར་བ་མ་ཡིན་པའི་ཕྱིར་ཐམས་ཅད་འཐད་པ་ཡིན་ནོ། །སེམས་གཞན་དང་མཚམས་སྦྱོར་བ་ནི་ཡུལ་ལའོ། །
ཐ་མའི་སེམས་ནི་འཆི་བའི་སེམས་སོ། །འགལ་ཅི་ཡོད་ནི་མེད་པ་སྟེ་འགེགས་པར་བྱེད་པ་མེད་པ་ཞེས་བྱ་བའི་དོན་ཏོ། །འགལ་བ་ཅན་ཉིད་ནི་འགེགས་པར་བྱེད་པ་ཡིན་པར་བརྗོད་དོ། །འབྲས་བུའི་གཏན་ཚིགས་ལས་སྔ་མ་དང་ཕྱི་མའི་སྐྱེ་བ་འགྲུབ་པ་དང་འགལ་བ་དམིགས་པ་ཡིན་པས་དེ་མི་
འགྲུབ་བའི་ཕྱིར། འགལ་བ་མི་འཁྲུལ་པ་ཅན་ནི་ཐེ་ཚོམ་གྱི་རྒྱུ་ཡིན་ནོ་སྙམ་དུ་སེམས་པ་ནི། གལ་ཏེ་ཇི་ལྟར་དབུས་ཀྱི་གནས་ཤེས་པར་བྱ་བའོ། །འདོད་ཆགས་བྲལ་བའི་འཆི་བའི་སེམས་དང་ཉིང་མཚམས་སྦྱོར་བ་ནི་དྲོ་བ་དང་གྲང་བ་བཞིན་དུ་འགལ་བར་མཐོང་བ་ཡིན་པར་བསྟན་པ་ནི། གང་གང་

འཆི་སེམས་དེ་དང་དེ། །ཞེས་བྱའོ། །འཆི་བ་ནི་སེམས་སྐད་ཅིག་ཕྱི་མ་ལ་མེད་པ་མ་ཡིན་ནམ། དེ་ནི་མཚམས་སྦྱོར་བ་དང་འགལ་བ་ཅན་མ་ཡིན་ཏེ། འཚོ་བའི་གནས་སྐབས་ན་འགལ་བར་མ་མཐོང་བའི་ཕྱིར་རོ། །འདིས་ནི་སྐྱོན་མེད་པར་ཡང་བཤད་པ་ཡིན་ནོ་སྙམ་དུ་སེམས་
པས་ཟེར་བ་ནི། འཆི་བའི་སེམས་གང་ཡིན་པ་དེ་ནི་ཞེས་བྱ་བ་སྟེ། རྣམ་ཤེས་མེད་པ་ཙམ་ནི་འཆི་བ་མ་ཡིན་ཏེ། འཚོ་བའི་གནས་སྐབས་བཞིན་དུ་དེ་ཉིད་ཀྱི་ཚེ་མཚམས་སྦྱོར་བར་ཐལ་བར་འགྱུར་བའི་ཕྱིར་རོ། །རྒྱུན་མེད་པ་ལ་ཡང་འཆི་བ་མ་ཡིན་ཏེ། རྒྱུན་མེད་པ་ནི་མཚམས་སྦྱོར་བ་
མེད་པའི་ངོ་བོ་ཉིད་ཀྱིས་འདོད་པ་གྲུབ་པ་ཁོ་ན་ཡིན་པའི་ཕྱིར་རོ། །གཉིད་ལོག་པ་ལ་སོགས་པ་དང་མཚུངས་པ་ཡང་མ་ཡིན་ཏེ། དེ་ཉིད་ཀྱི་ཚེ་མཚམས་སྦྱོར་བར་ཐལ་བར་འགྱུར་བའི་ཞེས་བྱ་བའི་དོན་ཏོ། །འགལ་བའི་བསྒྲུབ་བྱ་དག་གིས་ཁྱབ་པ་ཡོད་ཀྱང་ཆོས་ཅན་གཅིག་ལ་བསྒྲུབ་བྱ་
གཉིས་མ་ཡིན་ཏེ། མི་རིགས་པའི་ཕྱིར་གནོད་པ་དང་བར་དུ་གཅོད་པ་ཡང་མ་ཡིན་ཏེ་སྟོབས་མཚུངས་པའི་ཕྱིར་དང་། ཁྱབ་པ་ཡོད་པའི་ཕྱིར་རོ་སྙམ་དུ་སེམས་པ་ལ་སྒྲུབ་བྱེད་དང་གནོད་བྱེད་དག་ནི་འགལ་བ་ཡིན་ལ། བར་དུ་གཅོད་པ་ནི་ཁྱབ་པ་ཁོ་ན་ཡིན་ན་རིགས་པ་ཡིན་གྱི་གཞན་
དུ་ན་གནོད་པ་ཡིན་པར་བསྟན་པ་ནི། འོན་ཏེ་བཟློག་པས་ཞེས་བྱ་བ་ནས་མཚུངས་སོ་ཞེས་བྱ་བའི་བར་དུའོ། །འགལ་བའམ་བར་དུ་ཆོད་པའམ་ཡོད་པ་དང་མེད་པ་ཡང་རུང་བ་ཁས་བླངས་པ་ཁོ་ན་འདི་སྒྲུབ་པར་བྱེད་པ་བསྟན་པ་ནི། གང་གི་ཕྱིར་ཞེས་བྱ་བ་སྟེ། འོན་ཀྱང་འཆི་བ་ནི་
མཚམས་སྦྱོར་བ་དང་འགལ་བ་མ་ཡིན་ཏེ། གནས་པའི་རྒྱུན་འགག་པ་ཡིན་ན་རྣམ་ཤེས་འགག་པའི་ངོ་བོ་ཡིན་པའི་ཕྱིར་རོ། །འགལ་བ་ཞེས་བྱ་བ་ཁོ་ནས་མཚམས་སྦྱོར་བ་ནི་མ་ཡིན་ཏེ། རྒྱུ་གཞན་གྱིས་འཕངས་པས་མཚམས་སྦྱོར་བ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་སྐྱེ་བའི་དང་པོའི་སེམས་
གོམས་པའི་བསྐྱེད་བྱའི་ཁྱད་པར་ནི། དེ་དང་འདྲ་བའི་སེམས་གཞན་གྱིས་འཕངས་པ་ཡིན་པར་རྟོགས་པ་ཡིན་པར་བསྟན་པ་ནི། འཆི་བའི་སེམས་ནི་ཞེས་བྱ་བ་སྟེ། དགག་བྱ་མཚམས་སྦྱོར་བ་ལ་དེ་བཞིན་དུ་དེའི་ཡུལ་ལ་ཡང་ཡིན་པར་རྣམ་པར་འགྲེལ་པ་ནི། རེ་ཞིག་སེམས་ནི་སེམས་གཞན་

དང་འགལ་བ་མ་ཡིན་ལ། དེ་བཞིན་དུ་འཆི་བ་ཡང་དེ་མེད་པའི་ངོ་བོ་འཚོ་བའི་གནས་སྐབས་ལྟ་བུའོ། །གཉིད་ལོག་པ་བཞིན་དུ་རྟོག་པ་ཡང་མ་ཡིན་ཏེ། ཚད་མ་མེད་པའི་ཕྱིར་རོ། །གནས་པའི་རྒྱུ་ཡོད་ཀྱང་སེམས་འགགས་པས་དེའི་རྟོག་པ་ཡིན་ནོ། །དུས་
མ་ཡིན་པར་འཆི་བ་འདི་ལ་ཡང་གནས་པའི་རྒྱུ་ནི་ཡོད་པ་ཁོ་ན་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཡང་བ་མ་སྤངས་པ་ཁོ་ནས་དེར་སེམས་འགག་པ་ལ་འགག་བྱེད་གཞན་དུ་རྟོག་པ་ལ་ནི། ཚད་མ་མེད་དོ་ཞེས་བསྟན་པ་ནི་ལྷན་ཅིག་མི་གནས་པའི་མཚན་ཉིད་དམ་ཞེས་བྱ་བ་རྒྱུ་མ་ཚང་བ་མེད་
པ་ཡིན་པ་ནི་གཞན་ཡོད་ན་མེད་པ་ཞེས་བྱ་བའི་འགལ་བའི་མཚན་ཉིད་དམ་ཞེས་བྱ་བས་མཚོན་པ་ཡིན་ནོ། །འཆི་བའི་སེམས་ཉིད་འོངས་ན་ཞེས་བྱ་བ་ནི་འཆི་བའི་སེམས་ཉིད་དང་མཚམས་སྦྱོར་བར་བྱེད་པ་ཉིད་དང་འགལ་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །རེ་ཞིག་སེམས་ནི་རང་
ཉིད་ཀྱི་རང་རིག་པར་བྱ་བ་ཡིན་ལ་གཞན་གྱི་ཐ་སྙད་རྗེས་སུ་དཔག་བྱ་མ་ཡིན་ནམ། དེ་འགག་པར་ཡང་ངེས་པ་ཁོ་ན་ཡིན་ཏེ། དེ་ལྟ་བུའི་སེམས་ཡོད་ན་དེའི་འབྲས་བུ་མེད་པར་མི་རིགས་ལ་དེ་ལྟ་བུའི་འགག་པ་གཞན་ལྟ་བུའི་མཚམས་སྦྱོར་བ་ཡིན་པར་ཡང་མི་རིགས་ཏེ། གཉིད་ལོག་པ་
ལ་སོགས་པ་ལ་མ་མཐོང་བའི་ཕྱིར་རོ། །དེའི་ཕྱིར་འཆི་བ་ལ་སོགས་པ་ཡིན་ན་དེ་ལྟ་བུའི་སེམས་ཀྱི་རྒྱུན་ནུབ་པའི་ཕྱིར། སྣང་བ་བཞིན་དུ་མུན་པ་འགལ་བར་རྟོགས་པ་ཡོད་པ་ཁོ་ན་ཡིན་ན་དེའི་ཕྱིར་དེ་ཇི་ལྟར་མཚམས་སྦྱོར་བ་ལས་བཟློག་པ་མཐོང་བ་མེད་པ་ཡིན་སྙམ་དུ་སེམས་པ་ལ། གཉིད་
ལོག་པའི་དུས་བཞིན་དུ་འཆི་བའི་དུས་ན་འགག་པ་ཡང་རྨི་ལམ་གྱི་ཡུལ་བཞིན་དུ་སྐྱེ་བ་ཕྱི་མའི་ལུས་མཚམས་སྦྱོར་བ་བསྒྲུབ་བྱ་ཡིན་པའི་ཕྱིར། དེ་དང་འགལ་བར་རྟོགས་པ་ཡང་མ་ཡིན་ཏེ། འཆི་བའི་འོག་ཏུ་དེ་བཟློག་པ་རྟོགས་པ་མེད་པའི་ཕྱིར་དང་། དེའི་ཚེ་དེ་མ་འོངས་པ་ཉིད་ཀྱིས་དབང་པོ་
ལས་འདས་པའི་ཕྱིར་རོ། །མེ་དང་དུས་ཕྱིས་འབྱུང་བའི་གྲང་བའི་རྒྱུན་འགལ་བ་ནི་མ་ཡིན་ཏེ། རྒྱུ་མ་ཚང་བ་ཡོད་ན་གཞན་ཡོད་པས་མེད་པ་འགལ་བར་རྟོགས་པའི་ཕྱིར་རོ་ཞེས་བྱ་བའི་དགོངས་པས། སྐྱེ་བ་གཞན་མཚམས་སྦྱོར་བ་ནི། སྣང་དུ་རུང་བ་མ་ཡིན་ནོ། །ཞེས་བྱ་བའོ། །རྨི་ལམ་བཞིན་

དུ་འཆི་བ་ན་དུས་གཞན་དུ་མཚམས་སྦྱོར་བ་མ་མཐོང་བ་ཡིན་ན། ཇི་ལྟར་ཁས་ལེན་པ་ཡིན་ཞེ་ན། མ་ཡིན་ཏེ་སྐྱེ་བ་དང་པོའི་ལུས་དང་སེམས་དག་རང་གི་རིགས་པའི་བསྐྱེད་བྱའི་ཁྱད་པར་ཅན་ནི་དེའི་འབྲས་བུ་ཡིན་པར་གོ་བ་ཡིན་ན། ཇི་ལྟར་མཚམས་མི་སྦྱོར་བ་ཡིན་ཏེ། བཟློག་པར་མཐོང་བའི་ཕྱིར་རོ་
ཞེས་བསྟན་པ་ནི། འབྲས་བུ་ཉིད་ནི་མཚམས་སྦྱོར་བ་མེད་པ་དང་འགལ་བ་ཡིན་ཏེ་ཞེས་བྱ་བ་སྟེ། དེ་ཉིད་ཀྱི་ཕྱིར་རྒྱུ་མཚན་ནུབ་ན། རྒྱུ་མཚན་ཅན་ནད་ཞི་བ་བཞིན་དུ་འཆི་བ་ཡིན་ན། རྒྱུ་སེམས་མེད་པའི་ཕྱིར་མཚམས་སྦྱོར་བ་མེད་པ་གསལ་བ་ཡིན་ནོ། །འཆི་བ་ཡོད་ན་རྒྱུ་ནུབ་པའི་ཕྱིར་འབྱུང་བར་འགྱུར་
བ་ལ་མཚམས་སྦྱོར་བ་དང་འབྲས་བུ་མེད་པར་གྲུབ་པ་ཁོ་ན་དགྲ་བཅོམ་པའི་མ་ཡིན་ནམ། དེ་ལྟར་འགལ་བ་ཡིན། འདི་ལ་བསྟན་པ། དགྲ་བཅོམ་སེམས་གང་ཡིན་དེ་ཡང་། །གང་ལས་མཚམས་སྦྱོར་མེད་པ་སྟེ། །མཚམས་སྦྱོར་དང་བྲལ་བ་ཡིན་པར་གང་ལས་ཏེ། ཚད་མ་གང་ལས་འདོད་
པར་ཏེ་ཤེས་པ་མ་ཡིན་པའོ། །དེ་ཡང་འགོག་པ་ལ་སྙོམས་པར་འཇུག་པ་ལྟ་བུར་མཚམས་སྦྱོར་བ་ཅན་དུ་ཚད་མས་རྟོགས་པ་ཡིན་ཏེ། སེམས་ལ་ནི་ཤིན་ཏུ་རྣམ་པར་གཅོད་པར་བྱེད་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །མྱ་ངན་ལས་འདས་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ་དེ་ནི་ཟག་པ་
དང་བྲལ་བ་ཙམ་ཡིན་པའི་ཕྱིར་རོ། །ལྷག་མ་དང་བཅས་པས་དེ་ཐོབ་པ་ཡིན་པའི་ཕྱིར་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པར་བརྗོད་དོ། །ཟག་པ་ཐམས་ཅད་ཟད་པ་ཡིན་ན་དེ་ཉེ་བར་བརྟེན་པར་བྱེད་པ་མེད་པའི་ཕྱིར། རྣམ་པ་ཡིན་པར་མི་རིགས་ཏེ། སེམས་ཉིད་སྔ་མའི་ཉེ་བར་
བརྟེན་པར་བྱེད་པའི་ཕྱིར་རོ། །ཉེས་པ་ཐམས་ཅད་ཟད་ཀྱང་སྐྱོན་ཅན་མ་ཡིན་པའི་སེམས་ནི་རྣམ་པར་ཆད་པར་འོས་པ་མ་ཡིན་ཏེ། གཅད་བྱ་གཅོད་བྱེད་ཉིད་དག་ནི། །ཕྱི་རོལ་གྱི་ནི་ཁམས་བཞི་པོ། །ཞེས་བསྟན་པའི་ཕྱིར་རོ། །དེ་ཡང་དེ་ལྟ་བུའི་དགེ་བའི་བཤེས་གཉེན་དང་ཕྲད་ནས་སྙིང་
རྗེ་ལ་སོགས་པ་གོམས་པས་སངས་རྒྱས་ཀྱི་རྗེས་སུ་ནོད་པར་བྱེད་པ་ཡིན་ལ། དེ་མེད་ན། སྲིད་པར་མཚམས་སྦྱོར་བའི་རྒྱུན་ཟད་པས་མཚམས་སྦྱོར་བར་བྱེད་པ་ཁོ་ན་ཡིན་ཞེས་བྱ་བ་འདི་ཉིད་རིགས་པ་མ་ཡིན་པར་འཕགས་པ་རྣམ་པའི་ཆོས་པདྨ་དཀར་པོ་ལ་སོགས་པའི་རྗེས་སུ་འབྲང་བར་

བྱའོ། །མར་མེ་ཤི་བ་ལྟ་བུར་ནི། །དེ་ཡི་སེམས་ནི་རྣམ་གྲོལ་ཡིན། །ཞེས་བྱ་བའི་ལུང་ལས་མཚམས་སྦྱོར་བ་མེད་པར་རྟོགས་པ་ཡིན་ནོ་ཞེ་ན། ཚད་མས་མ་གྲུབ་དོན་ཅན་གྱི། །ཞེས་བྱ་བ་སྨོས་ཏེ། དགྲ་བཅོམ་པའི་སེམས་ཀྱང་ཚད་མས་མཚམས་སྦྱོར་བ་འཛིན་པའི་
རིགས་པས་མ་གྲུབ་པ་ཡུལ་ཡིན་ནོ། །དགྲ་བཅོམ་པའི་འཚོ་བའི་གནས་སྐབས་ཀྱི་སེམས་ནི་དེ་ལས་གཞན་པར་མཚམས་སྦྱོར་བར་མཐོང་བ་ཡིན་ལ། སོ་སོའི་སྐྱེ་བོའི་སེམས་ཀྱང་སེམས་གཞན་གྱི་རྗེས་སུ་མཚམས་སྦྱོར་བར་བྱེད་པ་ཡིན་ལ། དེ་ལྟར་མཐོང་བ་ཁོ་ནའི་ཕྱིར་རོ། །སྐྱོན་ཅན་མ་ཡིན་
པའི་ཕྱིར་དོར་བྱ་མ་ཡིན་ཏེ། གཞན་དུ་ན་མྱ་ངན་ལས་འདས་པ་ཡང་དེ་ལྟ་བུར་ཐལ་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པའི་རིགས་པ་ནི། མདོ་སྡེ་ཇི་ལྟ་བ་བཞིན་དུ་བལྟ་བར་བྱའོ། །གྲུབ་མཐའི་རྗེས་སུ་འབྲང་ངམ་ཅི། །ཞེས་བྱ་བ་ནི་མ་ཡིན་པ་ཉིད་དོ། །རིགས་པ་དང་འགལ་བའི་གྲུབ་མཐའ་ནི་
རྟོག་པའི་སྐུལ་བྱེད་བཞིན་དུ་རྗེས་སུ་འབྲང་བར་འོས་པ་མ་ཡིན་ནོ། །འོན་ཏེ་སོ་སོའི་སྐྱེ་བོའི་སེམས་ནི་མི་རིག་པ་དང་སྲེད་པ་ལ་སོགས་པའི་ཉོན་མོངས་པའི་དབང་གིས་མཚམས་སྦྱོར་བ་ཅན་དུ་མཐོང་བ་ཡིན་ལ། དགྲ་བཅོམ་པ་ལ་ནི་དེ་མེད་པའི་ཕྱིར་ཇི་ལྟར་མཚམས་སྦྱོར་བ་ཅན་ཡིན་སྙམ་དུ་
སེམས་པ་ནི། གལ་ཏེ་དེ་རྒྱུ་བྲལ་ཕྱིར་ན། །ཞེས་བྱ་བ་སྟེ། དེ་སྟེ་དགྲ་བཅོམ་པའི་སེམས་མཚམས་སྦྱོར་བ་མེད་པའི་ཕྱིར། རྒྱུ་སེར་སྣ་ལ་སོགས་པ་མ་ཚང་བའི་ཕྱིར་ཞེས་བརྗོད་པ་ཡིན་ན། ཚང་བ་ལ་ནི་མཚམས་སྦྱོར་བ་དང་བཅས་པར་བསྟན་པར་འགྱུར་རོ། །ཁྱད་པར་དགག་པ་ན་ལྷག་མ་ཡང་
ཁས་ལེན་པ་གཙོ་བོའི་ཕྱིར་དེ་ཡང་སྔར་མཚམས་སྦྱོར་བ་མེད་པར་ཁས་བླངས་པ་དང་འགལ་བ་ཡིན་པར་བསྟན་པ་ནི་དེ་ཉིད་ཅེས་བྱ་བ་ཚང་བ་ཡིན་ན། མཚམས་སྦྱོར་བ་ཅན་ཡིན་ཞེས་བྱ་བའི་ཁོ་བོ་ཅག་གི་འདོད་པ་ཁོ་ན་ཡིན་པར་མཚམས་སྦྱོར་བ་མེད་པ་བཞིན་དུ་བརྗོད་པ་ཡིན་ཏེ། འོན་ཀྱང་
བརྗོད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་དགྲ་བཅོམ་པའི་སེམས་མཚམས་སྦྱོར་བ་མ་ཡིན་པ་ནི། རྒྱུ་མ་ཚང་བ་སྟེ་མེད་པའི་ཕྱིར་ཞེས་བྱ་བ་ནི་དོགས་པའི་དོན་ཡིན་ན། འདི་ལ་དེ་ཉིད་དགྲ་བཅོམ་པའི་སེམས་འདིར་དེ། མྱ་ངན་ལས་འདས་པ་ཐོབ་པ་ཡིན་པར་མ་བརྗོད་པ་

སྟེ། མ་བྱུང་བ་ཡིན་ན་གང་གིས་རྒྱུ་མེད་པར་འགྱུར། དེ་བཞིན་དུ་རིམ་པ་ཇི་ལྟར་བྱ་བའི་དོར་བྱ་ལ་སོགས་པ་ལ་གོམས་པར་གྱུར་པ་ཡལ་བར་འདུག་པ་དང་པོ་ཉིད་ནས་མ་ལུས་པ་ལ་བཏང་སྙོམས་པའི་ཡང་སེམས་པ་ནི། རྒྱུན་དུ་བྱེད་པ་ཁོ་ན་ཡིན་ཏེ། ལེགས་པར་སྤྱད་པ་དང་། ཉེས་
པར་སྤྱད་པ་དག་གིས་བདེ་འགྲོ་དང་ངན་འགྲོ་རྣམས་སུ་མཚམས་སྦྱོར་བར་བྱེད་པ་ཡིན་ལ། དེ་མེད་ན་བདེ་འགྲོ་དང་ངན་འགྲོ་ཡང་མཚམས་སྦྱོར་བ་མེད་པས་སེམས་འབའ་ཞིག་ཙམ་གྱིས་མཚམས་སྦྱོར་བར་བྱེད་པ་ཡིན་ཏེ། བསོད་ནམས་ཀྱི་ཚོགས་བསྐྱེད་པས་སམ་ལས་དང་ཉོན་
མོངས་པ་ལ་དབང་ཐོབ་པ་ཉིད་ནི་འདོད་བཞིན་དུ་སྲིད་པར་འཇུག་པ་ཡིན་པའི་ཕྱིར་ཉེས་པས་གོམས་པ་མ་ཡིན་པར་རིགས་པ་ཡིན་པར་ཁོ་བོས་མཐོང་ངོ་། །འགྲེལ་པ་མཛད་པས་བཤད་པ་ནི། དགྲ་བཅོམ་སེམས་གང་ཡིན་དེ་ཡང་། །གང་ལས་མཚམས་སྦྱོར་མེད་པར་འདོད། །ཅེས་བྱ་
བ་ནས་བརྩམས་ནས་ཡོངས་སུ་གསལ་བ་ཁོ་ནར་རྣམ་པར་ཕྱེ་བ་ནི། དགྲ་བཅོམ་པ་འཆི་བ་མཚམས་སྦྱོར་བ་མེད་པ་ནི་ཡོད་པ་དང་མེད་པ་བཞིན་དུ། མཚམས་སྦྱོར་བ་ཉིད་དང་འགལ་བར་འགྱུར་བ་ཁོ་ན་མ་ཡིན་ནམ་སྙམ་དུ་སེམས་པ་ནི། གལ་ཏེ་འདིར་ཞེས་བྱ་བའོ། །མཚམས་སྦྱོར་
མེད་པའི་བསྒྲུབ་བྱ་དང་། དགྲ་བཅོམ་པའི་འཆི་བ་མྱ་ངན་ལས་འདས་པའི་མིང་ཅན་འགལ་བ་ཅན་ཡིན་ཞེས་ཟེར་བ་ནི། མར་མེ་ཞི་བར་འགྱུར་བ་ལྟར་ཞེས་བྱ་བའོ། །ལས་དང་ཉོན་མོངས་པ་ལས་བྱུང་པའི་སྐྱེ་བ་བདེ་འགྲོ་ལ་སོགས་པ་མ་ཡིན་པའི་ཕྱིར། དེ་ལ་ལྟོས་ནས་མར་མེ་བཞིན་
དུ་ཞེས་གསུངས་པ་ཡིན་ནོ། །འགྲོ་བ་མ་གཏོགས་པར་ཡང་སེམས་ཅིས་རྒྱུན་བྱེད་པ་མ་ཡིན་སྙམ་དུ་སེམས་པ་ནི། འགྲོ་བ་མ་གཏོགས་པའི་རྒྱུན་མ་མཐོང་བའི་ཕྱིར་ཁས་བླངས་པ་མ་ཡིན་པར་བསྟན་པ་ནི། མར་མེ་བཞིན་དུ་ཞེས་བྱ་བའོ། །དགྲ་བཅོམ་པའི་སེམས་ངོ་བོ་གང་གིས་མཚམས་སྦྱོར་
བ་མེད་པར་ཚད་མ་གང་གིས་འདོད་པ་སྟེ། གཞུང་ལུགས་ཡིན་ཏེ། དེ་ལྟ་བུའི་སེམས་ཀྱི་ཁྱད་པར་གྲུབ་པ་ལ་ཁྱེད་ལ་ཚད་མ་ཡོད་པ་མ་ཡིན་ཏེ། ཐར་པ་ལ་སོགས་པའི་སྐྱེས་བུའི་དོན་གྱིས་གཙོ་བོ་གནོད་པ་ཅན་ཡིན་ཞེས་བྱ་བའི་དོན་བསྟན་པ་ནི། དེ་ཡང་ཞེས་བྱ་བ་སྟེ། མཚམས་སྦྱོར་བ་མེད་པ་ནི་མཚམས་

སྦྱོར་བར་བྱེད་པ་མ་ཡིན་པ་ཉིད་དོ། །མཚམས་སྦྱོར་བ་དང་ནི་མཚམས་སྦྱོར་བར་བྱེད་པ་ཉིད་དང་སྟེ། དངོས་པོ་སྒྲུབ་པར་བྱེད་པའི་ཕྱིར་རོ། །དེ་ཡང་ཞེས་བྱ་བ་ནི་ཉོན་མོངས་པ་དང་བྲལ་བ་སྟེ་ཐར་པའོ། །གྲུབ་མཐའ་ཐམས་ཅད་འགལ་བར་ནི། །ཞེས་བྱ་བ་ནི་སོ་སོའི་སྐྱེ་བོའི་ཡང་ངོ་། །
མཚམས་སྦྱོར་བ་ནི་མཚམས་སྦྱོར་བར་བྱེད་པ་ཉིད་དུའོ། །དེ་ལ་སོ་སོའི་སྐྱེ་བོ་འཆི་བའི་སེམས་ལ་ནི་ལུང་ཚད་མ་མ་ཡིན་པའི་ཕྱིར་ཉེ་བར་བརྟེན་པའི་ཚད་མ་མེད་པ་དེ་ལྟ་ན་ཚད་མ་མེད་པ་ཉིད་ནི་སོ་སོའི་སྐྱེ་བོ་འཆི་བའི་མཚམས་སྦྱོར་བ་བཞིན་དུ། དགྲ་བཅོམ་པ་འཆི་བའི་སེམས་མཚམས་སྦྱོར་བ་མེད་
པ་ལ་ཡང་ཚད་མ་མེད་པ་ཁོ་ན་ཡིན་ནོ། །ཐམས་ཅད་དུ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་འཆི་བའི་སེམས་མཚམས་སྦྱོར་བ་ལ་ཡང་ངོ་། །བཟློག་པ་གྲུབ་པ་ནི་མཚམས་སྦྱོར་བ་མེད་པར་གྲུབ་པ་ལ་མཚམས་སྦྱོར་བ་ཡོད་པར་འགྲུབ་པ་ཡིན་ནོ། །མ་ངེས་པའི་གཏན་ཚིགས་ཞེས་བྱ་བ་ནི་མཚམས་
སྦྱོར་བ་མེད་པར་སྒྲུབ་པ་ལ་འཆི་བའི་སེམས་ཉིད་ནི། སོ་སོའི་སྐྱེ་བོའི་སེམས་ཀྱི་མཚམས་སྦྱོར་བའི་ཕྱོགས་ཁོ་ན་ལ་མི་མཐུན་པའི་ཕྱོགས་ལ་འཇུག་པ་ཡིན་ནོ། །རང་རྟོགས་པ་ཡིན་ན་དེ་ཉིད་གཉི་ག་ལ་ཞུགས་པར་མཐོང་བས་ཕྱོགས་སུ་བྱེད་པ་ལས་ལྡོག་པ་ཡིན་ཏེ། དངོས་སུ་བ་ཡིན་
པའི་ཕྱིར་རོ། །དེ་ཉིད་ཅེས་བྱ་བ་ནི་དེ་ཉིད་གཏན་ཚིགས་ལྟར་སྣང་བ་ངོ་ཤེས་པ་ཡིན་པར་བསྟན་པ་ནི། འདི་ཡང་གཏན་ཚིགས་ལྟར་སྣང་བ་ཉིད་དོ་ཞེས་བྱ་བས་སོ། །དེ་ཉིད་ཅེས་བྱ་བ་ནི་མ་ངེས་པར་བཟུང་བ་ནི་གནས་སྐབས་ཡིན་པའི་ཕྱིར་མི་སྲིད་པ་ཉིད་ཀྱིས་གཏན་ཚིགས་ལྟར་སྣང་བ་
ཙམ་གྱིས་མཚོན་པ་ཡིན་ནོ། །ཁྱད་པར་དེ་ཡང་མ་གྲུབ་པ་ཡིན་པའི་ཕྱིར། རྟག་པ་ཅིས་ཏེ་ཡིན་པས་མ་མགུ་ནས་བཤད་པ་གཞན་བསྟན་པ་ནི། ཡང་ན་དེ་ཉིད་ཅེས་བྱ་བ་སྟེ། འོན་ཏེ་ཡང་དགྲ་བཅོམ་པའི་འཆི་བའི་སེམས་མཚམས་སྦྱོར་བ་མེད་པར་འདོད་པ་ནི་མཚམས་སྦྱོར་བར་སྒྲུབ་པར་
བྱེད་པའི་ཚད་མ་མེད་པའི་ཕྱིར་རོ་ཞེས་བྱ་བ་ཕྱོགས་སྔ་མའི་དོན་ཡིན་ན་དེ་ལ་གང་ཁོ་ན་དབུགས་འབྱུང་རྔུབ་དང་། དབང་པོ་དང་། བློ་རྣམས་ཞེས་བྱ་བ་ནས་བརྩམས་ནས། སྔོན་མེད་སྐད་ཅིག་རེ་རེ་ཡི། །ཞེས་བྱ་བའི་བར་གྱི་མཚམས་སྦྱོར་བ་གྲུབ་པར་བྱེད་པ་དེ་ཉིད་འདིར་ཡང་ཁོ་བོས་ཅིས་མ་

བརྗོད་དེ་ཅིས་མ་བསྟན། ཁྱེད་ཀྱིས་ཀྱང་ཅིས་རྗེས་སུ་མི་འབྲང་དེ་ཉིད་ནི་སྒྲུབ་བྱེད་མ་ཚང་བའམ། ནོ་དི་ཏམ་སྟེ་མ་ཉམས་པ་ཞེས་བྱ་བ་ལ་སོགས་པ་གྲུབ་པ་ཡིན་ནོ། །དེའི་ཕྱིར་ལུས་ཀྱིས་སམ། བློ་ཡིས་སམ། དེ་གཉི་གས་ཀྱང་རུང་བ་སྐྱེ་བ་གཞན་ལ་བློ་མཚམས་སྦྱོར་བ་ལ་འཆི་བའམ་གཞན་
ཡང་བར་དུ་གཅོད་པར་བྱེད་པ་མེད་པའི་ཕྱིར། སྔོན་མེད་སྐད་ཅིག་རེ་རེ་ཡི། །ཞེས་བྱ་བ་ལ་སོགས་པ་གྲུབ་པ་ཡིན་ནོ། །དེས་ན་དེ་བཞིན་དུ། གལ་ཏེ་ཡང་དབང་མེད་པར་བློ། །མ་ཡིན་དེ་ཡང་དེ་མེད་པར། །ཞེས་བྱ་བ་ནས། དེ་ཉིད་འདིར་ནི་ཅིས་མ་བརྗོད་ཅེས་བྱ་བའི་བར་གྱིས་བློ་བཞིན་དུ་ལུས་ཀྱི་
ཡང་བློ་རྒྱུ་ཉིད་ཡིན་ན་ལུས་ཀྱང་བློའི་བསྐྱེད་བྱ་ཡིན་ཏེ། རིགས་པ་མཚུངས་པའི་ཕྱིར་རོ། །དེའི་ཕྱིར་ཕན་ཚུན་རྒྱུ་ཉིད་ཐོབ་པ་ཡིན་པར་བསྟན་ནས། ད་ནི་བློ་ཉིད་བློའི་རྒྱུ་ཡིན་གྱི་ལུས་ནི་མ་ཡིན་ནོ་ཞེས་རྟོགས་པར་བྱེད་པས། དབང་རྣམས་རེ་རེ་ལ་གནོད་ཀྱང་། །ཞེས་བྱ་བ་འདིས་ལུས་དང་བློ་
དག་ནི། བློ་དང་ལུས་དག་གིས་བསྐྱེད་བྱའི་རྣམ་པར་འགྱུར་བའི་ཡོད་པ་དང་མེད་པ་དག་གིས་དེའི་བསྐྱེད་བྱ་དང་བསྐྱེད་བྱ་མ་ཡིན་པ་ཉིད་རྒྱས་པར་བརྗོད་ནས། དེའི་བསྐྱེད་བྱ་ཉིད་རྣམ་པ་གཞན་གྱིས་རབ་ཏུ་སྒྲུབ་པར་བྱེད་པ་བསྟན་པ་ཡང་། དེ་བློ་བཞིན་དུ་ཞེས་བྱ་བ་སྟེ། འགྲེལ་པར་ཡང་
གཏན་ཚིགས་འདི་ནི་མ་གྲུབ་པ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་དང་། སྙིང་གི་མཚན་ཉིད་དམ་གཞན་པའོ། །ལུས་ཉིད་ལས་སྐྱེ་བ་ཞེས་བྱ་བའམ། གཞན་ཡང་དེ་ལྟར་དགོངས་པ་ཁོ་ན་ཡིན་པར་ཤེས་པར་བྱ་སྟེ། ལུས་ཀྱི་བྱ་བའི་རྗེས་སུ་འབྲངས་ནས་དེའི་བསྐྱེད་བྱ་ཉིད་རེ་རེའི་ཞེས་བྱ་བ་ཉིད་
ཀྱིས་གསལ་བའི་ཕྱིར་རོ། །དེའི་བྱ་བའི་རྗེས་སུ་འབྲང་བ་མ་ཡིན་པར་བདེན་ན་དེ་མེད་ན་དམིགས་པ་ཡང་མ་ཡིན་ལ་ལུས་མེད་ན་ཡིད་ཀྱི་རྣམ་ཤེས་ཀྱང་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་དེ་བསྐྱེད་བྱ་ཡིན་ནོ། །མ་ཡིན་ཏེ་དེ་རང་གི་རིགས་གོམས་པའི་རྗེས་སུ་འབྲང་བའི་ཁྱད་པར་ཉིད་ཀྱིས་དེ་
ལས་འབྱུང་བའི་ཕྱིར། དེ་ལྟར་གོང་དུ་རྣམ་པར་དཔྱད་ཟིན་ཏོ། །དེའི་ཕྱིར་མེ་ནི་དུ་བ་དང་ཐལ་བ་བསྐྱེད་པ་བཞིན་དུ། ལུས་ནི་དེ་འཛིན་པ་དང་མི་འཛིན་པ་དང་ཤེས་པ་དང་ལུས་དང་མཚན་ཉིད་མི་མཐུན་པར་སྨྲ་བ་ནི། འབྲེལ་པ་ཅན་མ་ཡིན་ནོ། །དེའི་བྱ་བ་ལས་མི་སྐྱེ་བ་ཉིད་ཀྱང་དེ་ལས་

སྐྱེ་བ་སྲིད་པ་ཡང་དེ་ལས་བྱུང་བའི་འབྲས་བུའི་ངོ་བོར་མཐོང་བར་སྒྲོ་བཏགས་པས་ཡིན་ནོ། །སྒྲོ་བཏགས་པ་མ་ཡིན་ན་དེའི་རྒྱུ་མཚན་དེ་ལས་བྱུང་བ་ཉིད་སྲིད་པ་ཡང་ལྡོག་པར་འགྱུར་རོ། །དེའི་ཡུལ་བཞིན་དུ་འཛིན་པ་ཡང་རང་གི་ཡུལ་གྱི་བྱ་བ་ཡིན་པ་དེ་ནི་ཐལ་བར་འགྱུར་ཏེ།
དེ་ལས་བྱུང་བ་ཉིད་དེས་ཁྱབ་པར་ཁས་ལེན་པའི་ཕྱིར་རོ། །དེ་བཞིན་དུ་འཛིན་པ་མེད་ན་དེ་ལས་བྱུང་བ་ཉིད་ལ། དེས་ཁྱབ་པ་ཡང་མེད་པར་འགྱུར་ཏེ། དེ་ཉིད་སྲིད་པ་ནི་དེའི་རྒྱུ་མཚན་ཡིན་པའི་ཕྱིར་རོ། །དེའི་ཡུལ་བཞིན་དུ་འཛིན་པར་དམིགས་པ་ནི་དེའི་བྱ་བའི་རྗེས་སུ་འབྲང་བ་ཅན་ཉིད་ཡིན་
ནོ་ཞེས་བྱ་བའི་བཤད་པ་ནི། དབང་རྣམས་རེ་རེ་ལ་ཞེས་བྱ་བ་ལ་སོགས་པས་ཟློས་པ་ཡིན་ནོ། །འདིས་ནི། ཤེས་བསྐྱེད་ནུས་པ་ཐ་དད་ཕྱིར། །ཀུན་ནས་ཀྱང་ནི་མ་ཡིན་ནོ། །ཞེས་བཤད་པ་ཡིན་ནོ། །དེ་ལས་བྱུང་བ་ཉིད་ཀྱི་ཐ་སྙད་ཀྱི་རྒྱུ་མཚན་ནི་དེའི་བྱ་བའི་རྗེས་སུ་འབྲང་པའམ། དེའི་འབྲས་
བུ་གཞན་གྱི་ངོ་བོའི་རྗེས་སུ་འཇུག་པ་ལས་ཡིན་གྲང་ན། རེ་ཞིག་དང་པོ་ནི་མ་ཡིན་ཏེ། དབང་རྣམས་རེ་རེ་ལ་ཞེས་བྱ་བ་ལ་སོགས་པས་བཀག་པའི་ཕྱིར་རོ། །གཉིས་པ་ཡང་མ་ཡིན་ཏེ། ཅིག་ཅར་འབྲས་བུ་གཞན་བྱེད་པ་དམིགས་པའི་ཕྱིར་རོ། །དེ་ལྟར་ཡང་བློ་བཞིན་དུ་འཛིན་པ་ཡོད་པ་མ་ཡིན་
ནོ་ཞེས་བྱ་བའི་ཡང་གི་སྒྲ་ནི་རེ་རེའི་ཕྱོགས་ཉེ་བར་བསྡུ་བའི་དོན་དུ་ཡིན་གྱི་དེའི་རྒྱུ་བསྡུ་བའི་དོན་དུ་ནི་མ་ཡིན་ཏེ། ཚང་བ་ཡིན་ཡང་འབྲས་བུ་མི་འབྱུང་བའི་ཕྱིར་རོ། །འབྱུང་བ་ཡིན་ན་ནི་དེ་བཞིན་དུ་འབྱུང་བ་ཡིན་གྱི། གཞན་གྱི་ནི་མ་ཡིན་ནོ། །དེ་ལྟར་ཡང་སྐྱེད་པར་བྱེད་པའི་ནུས་པ་ཐ་དད་པར་སྨྲས་པས་
ཚང་བ་ཡིན་ཡང་འབྲས་བུ་མི་འབྱུང་བར་སྨྲ་བ་ཡིན་ནོ། །དེའི་རྣམ་པར་འགྱུར་བས་འགྱུར་བ་ཅན་གྱི་རྣམ་ཤེས་འཐོབ་པའི་ཕྱིར་ཞེས་བྱ་བ་ཡང་། དབང་རྣམས་རེ་རེ་ལ་ཞེས་བྱ་བ་འདིས་ཟློས་པ་ཡིན་ཏེ། དབང་པོ་རྣམས་ཀྱི་ནུས་པ་ཡིན་གྱི་རྣམ་ཤེས་ལ་ཡིན་ལ། དེས་ནི་ཐམས་ཅད་དུ་གསལ་བ་ཡིན་པའི་
ཕྱིར་རོ། །དེའི་ཕྱིར་དེ་ཉིད་དེའི་བྱ་བའི་རྗེས་སུ་འཇུག་པ་ཐམས་ཅད་དུ་གསལ་བ་ཡིན་ན། དེའི་འབྲས་བུ་ཉིད་དུ་བརྗོད་པ་ནི་དེ་ལས་གཞན་པའི་འབྲས་བུ་བཞིན་དུ་རྒྱུ་ཉིད་ཀྱང་དེ་རྣམས་ཀྱི་གོ་རིམས་ཇི་ལྟ་བ་བཞིན་དུ་རེ་རེ་ཞིང་ཚང་བའི་ཕྱོགས་ཀྱི་རྣམ་པར་རྟོག་པར་མི་འགྱུར་བར་ནི། ཁྱབ་བྱའི་ཆོས་

ཁས་བླངས་ན་ཁྱབ་བྱེད་ཀྱི་ཆོས་ཁས་ལེན་པའི་མཚན་ཉིད་དུ་ཐལ་བར་འགྱུར་བར་བརྗོད་པའི་ཕྱིར། འགྲེལ་པར་ཅིའི་ཕྱིར་ཟླས་པ་མ་ཡིན། འདི་ལ་བསྟན་པ་དབང་པོའི་བློ་བཞིན་དུ། ཡུལ་སོ་སོར་འཛིན་པ་ཞེས་བྱ་བ་ནས། རྒྱུ་མེད་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ཡིད་ཀྱི་རྣམ་ཤེས་དབང་པོའི་
བསྐྱེད་བྱ་ཉིད་དུ་ཁས་ལེན་པ་ཡིན་ན། དེ་ལས་གཞན་པའི་འབྲས་བུ་ཉིད་དུ་འདྲ་བར་འགྱུར་རོ་ཞེས་ཐལ་འགྱུར་དུ་བྱས་པ་ལས། རྒྱུ་གཅིག་ཡིན་ན་ཡང་ཞེས་བྱ་བ་ནས། དེ་བཞིན་དུ་སྣང་བ་ལ་སོགས་པར་ཡང་བརྗོད་དོ་ཞེས་བྱ་བའི་བར་གྱིས་རྒོལ་བ་ཡིན་ཏེ། གཅིག་ཡིན་ཡང་དུ་མ་མེད་དོ་ཞེས་བྱ་བའི་དོན་
ཏོ། །དེ་ལ་ལན་ནི་དབང་པོའི་བྱ་བ་ལ་བརྟེན་ནས་ཞེས་བྱ་བ་སྟེ། དབང་རྣམས་རེ་རེ་ལ་ཡང་གནོད་ཀྱང་ཞེས་བྱ་བས་གསུངས་པ་ཉིད་དྲན་ནས་དེ་ཉིད་ལ་བརྒལ་བ་དང་ལན་ཡང་བཏབ་ཟིན་ཞེས་བྱ་བའི་དོན་ཏོ། །འདིར་ནི་དེའི་བྱ་བའི་རྗེས་སུ་འབྲང་བ་མེད་ཀྱང་ལྷན་ཅིག་པ་ཙམ་དུ་མཐོང་བ་ལས་དེའི་འབྲས་
བུ་ཉིད་དུ་སྒྲོ་འདོགས་པ་ནི། དེའི་འབྲས་བུ་གཞན་བཞིན་དུ་འགྱུར་བར་བརྗོད་པ་ཡིན་ནོ། །འདི་ཡི་དོན་ནི་འདི་ཡིན་ཏེ། །ཞེས་བྱ་བ་འདི་ནི་བཟླས་ནས་འདིའི་དོན་དུ་ཡང་སྦྱོར་བར་བྱེད་ནུས་སོ་ཞེས་བྱ་བའི་དགོངས་པས་དེའི་བྱ་བའི་རྗེས་སུ་འབྲངས་ནས་འཛིན་པ་ཉིད་དུ་འགྱུར་རོ་ཞེས་བྱ་བ་དང་
སྦྱར་བ་ནི། བློ་བཞིན་དུ་ཞེས་བྱ་བས་ཐོབ་པ་ཡིན་ནོ། །དབང་པོ་ལས་སྐྱེས་པ་ཉིད་ཡིན་ན་དེའི་འབྲས་བུ་གཞན་བཞིན་དུ་ཡིད་ཀྱི་རྣམ་ཤེས་ཀྱིས་འཛིན་པར་གསལ་བར་སྣང་བར་འགྱུར་ཞེས་བྱ་བའི་གྲུབ་མཐའ་ལ་བརྒལ་བ་ནི་གསལ་བར་སྣང་བ་ཉིད་ནི་དབང་པོའི་དོན་གྱི་བསྐྱེད་བྱ་ཡིན་པར་མི་རིགས་
ཏེ། དོན་མེད་ན་ཡང་འབྱུང་བའི་ཕྱིར་རོ་ཞེས་ཟེར་བ་ནི། དབང་པོ་ལས་ཀྱང་ཞེས་བྱ་བའོ། །དབང་པོ་མེད་ཀྱང་རྨི་ལམ་ལ་སོགས་པར་འབྱུང་བ་ཡིན་ནོ་ཞེས་ཟེར་བ་ནི། མིག་བཙུམས་ཀྱང་ཞེས་བྱ་བའོ། །ལན་ནི་གང་རྣམ་པར་འགྱུར་ཡང་ཞེས་བྱ་བ་སྟེ། གསལ་བར་སྣང་བའི་ཁྱད་པར་ནི་
དབང་པོའི་དོན་གྱི་བསྐྱེད་བྱ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བཟླས་ནས་བཤད་པ་གཞན་བསྟན་པ་ནི། དེ་ལ་དེ་བློ་བཞིན་དུའོ། །ཞེས་བྱ་བ་སྟེ། གོང་མ་ལ་འཛིན་པའི་བྱ་བ་ཡིན་པ་ཕྱི་མ་ལ་རྣམ་ཤེས་ཡིན་ཞེས་བྱ་བ་ནི་ཁྱད་པར་རོ། །ལན་འདི་ཉིད་ཡིན་ནོ་ཞེས་བྱ་བ་ནི་དེ་འགྱུར་བས་རྣམ་པར་ཤེས་

པར་འགྱུར་རོ་ཞེས་བྱ་བ་འདིའོ། །ལན་གཞན་ཞེས་བྱ་བ་ནི་འདུས་པ་ལས་ཀྱང་ཞེས་བྱ་བ་འདི་ལ་སྔ་མའི་གཏན་ཚིགས་ནི་བསྐྱར་ནས་བཤད་པ་ནི་གྲུབ་མཐའ་ལ་ཡིན་ལ། ཚང་བ་སྐྱེད་བྱེད་ཉིད་མ་ཡིན་ནོ། ཤེས་པ་དེ་མེད་པས་དེའི་བློ་བཞིན་དུ་འཛིན་པར་ཐལ་བར་འགྱུར་བ་
མེད་པར་འགྱུར་རོ། །དབང་པོ་དང་བཅས་པ་ལས་ཡིད་ཀྱི་རྣམ་ཤེས་མི་འབྱུང་མི་ཟིན་ཀྱང་། དབང་པོ་མེད་པ་ལས་ནི་འགྱུར་ལ། དེ་ལ་ཇི་སྐད་བསྟན་པའི་སྐྱོན་ཡང་མེད་དོ། །ཤེས་པའི་ངོ་བོའི་འབྲས་བུ་གཞན་མ་མཐོང་བ་ཡིན་ན། །དེ་བཞིན་དུ་འབྲས་བུའི་ངོ་བོ་དང་རྒྱུ་ཉིད་དག་ཏུ་སྒྲོ་བཏགས་
པས་འབྲས་བུ་ཉིད་དམ། རྒྱུ་ཉིད་དུ་སྲིད་པ་ཡིན་གྱི། གཞན་དུ་ནི་མ་ཡིན་ཏེ། ཐལ་འགྱུར་མི་རིགས་པའི་ཕྱིར་རོ། །ཇི་ལྟར་མཐོང་བའི་ཡིད་ཀྱི་རྣམ་ཤེས་ནི། སྐྲ་དང་སེན་མོ་ལ་སོགས་པའི་འབྲས་བུ་ཡིན་པ་དེ་ཡང་དེའི་རྒྱུ་ཡིན་པར་འགྱུར་བ་ཞིག་ན། དེ་དང་འདྲ་བའི་འབྲས་བུ་གཞན་
སྐྱེད་པར་མི་བྱེད་པས་དེ་ཁོ་ན་བསྐྱེད་བྱ་མ་ཡིན་པ་མ་ཡིན་ནོ། །དེ་ལྟ་ཡིན་ན་དུ་བ་ཡང་མེའི་བསྐྱེད་བྱར་མི་འགྱུར་རོ། །དབང་རྣམས་རེ་རེ་ཞེས་བྱ་བས་བཟླས་པ་ཡང་མ་ཡིན་ཏེ། དེས་དབང་པོ་རྣམས་ཀྱི་སྐྱེད་བྱེད་ཉིད་བཀག་པའི་ཕྱིར་རོ་སྙམ་དུ་སེམས་པ་ལ། སེམས་མེད་ཉིད་ཕྱིར་ཏེ་ཕྱི་རོལ་གྱི་འབྱུང་
བ་བཞིན་དུ་སེམས་པ་ཅན་དང་ལྷན་ཅིག་པ་མ་ཡིན་བའི་ཕྱིར། ལྷན་ཅིག་པ་ཡིན་པའི་ངེས་པ་ཡོད་ན་སེམས་དང་དབང་པོ་དག་གི་འདི་དག་ལ་གང་ཞིག་གང་གིས་འབྲས་བུ་ཡིན་པར་དཔྱོད་པར་འགྱུར་གྱི། ཤི་བའི་ལུས་ལ་ནི་སེམས་ལྡོག་པ་ན་དབང་པོ་ལྡོག་པ་བཞིན་དུ་སྐྲ་དང་སེན་མོ་ལ་
སོགས་པ་ལྡོག་པ་ནི་མ་ཡིན་ལ། དབང་པོ་བཞིན་དུ་འདི་ལ་ཡང་ནུས་པ་དང་། བྱིན་གྱིས་རློབ་བ་ཞེས་བྱ་བའི་རྣམ་པར་དབྱེ་བ་ཡང་ཡོད་པ་མ་ཡིན་ཏེ། དབང་པོའི་ནུས་པ་བཞིན་དུ་དེའི་ནུས་པར་རྟོག་པ་ཡང་ནུས་པ་མེད་པའི་ཕྱིར་དེ་རྣམས་སེམས་པ་ཅན་དང་ལྷན་ཅིག་པ་མ་ཡིན་
པའི་མཚན་ཉིད་ཀྱི་སེམས་ཉིད་དུ་གྲུབ་པོ། །དེ་དག་གི་ལྷན་ཅིག་པ་མ་ཡིན་པའི་ངེས་པ་གྲུབ་ན་རྒྱུ་མཚན་མ་མེད་པས་དེ་ལ་རག་ལས་པའི་འབྲས་བུ་ཉིད་ལ་སོགས་པའི་རྣམ་པར་དཔྱད་པ་མི་འཇུག་པའི་ཕྱིར་རོ། །འགྲེལ་བར་ཡང་། གང་ཚེ་སྐྲ་དང་སེན་མོ་སོགས། །སེམས་ལྡན་ཉིད་ནི་མ་

མཐོང་བ། །ཞེས་བྱ་བ་ལ་སོགས་པ་ལ། དོན་འདི་ཉིད་ཡིན་པར་ཤེས་པར་བྱའོ། །དེ་དང་འབྲེལ་པ་ཉིད་ཡིན་ན་ནི། དེ་མེད་པར་ཡིད་ཀྱིས་ཤེས་པར་མི་འགྱུར་ཞེས་བྱ་བ་འདིས་ལྷན་ཅིག་པར་མེད་པ་ཁོ་ནར་གསལ་བར་བྱས་པ་ཡིན་ཞིང་། སེམས་ལྡན་ཉིད་དུ་ཞེས་བྱ་བ་སེམས་
པ་དང་ལྷན་ཅིག་པའི་འབྲས་བུ་ཉིད་དུ་སྒྲོ་བཏགས་པའི་རྒྱུ་མཚན་ཡང་ངོ་། །རེག་པ་ལ་སོགས་པ་དག་ན་རེག་པའི་དབང་པོ་ལ་སོགས་པ་དག་གོ། །ཇི་ལྟར་ལྷན་ཅིག་གནས་ཞེས་བྱ་བ་ནི་འབྲས་བུ་དང་རྒྱུ་ཉིད་མེད་ན་ལྷན་ཅིག་གནས་པའི་ངེས་པ་མེད་དོ། ཞེས་བྱ་བའི་དོན་ཏོ། །དབང་པོའི་
ནུས་པ་དང་ལྷན་ཅིག་པའི་ལས་དང་། སེམས་ཇི་ལྟར་ལྷན་ཅིག་གནས་པ་ངེས་པ་ཡིན། ནུར་ནུར་པོ་ལ་སོགས་པ་དབང་པོ་མེད་པ་ལ་ཡང་བདག་གོ་ཞེས་བྱ་བའི་ཡིད་ཡོད་པ་མ་ཡིན་ཏེ། དེའི་བསྐྱེད་བྱ་རྣམ་ཤེས་ཀྱི་བྱེད་པའི་རྗེས་སུ་འབྲངས་པ་ཉིད་ཀྱིས་བར་དུ་ཆོད་པའི་ཕྱིར་རོ། །རང་
རིག་པའི་བྱ་བའི་རྣམ་ཤེས་རྣམས་ནི་བདག་གོ་ཞེས་བརྗོད་པ་ཡིན་ཏེ། ཤེས་པའི་བདག་ལ་ནི་འདི་ལྟར་འགྱུར་རོ་ཞེས་བྱ་བའི་ཚིག་གིས་ཏེ། ངེས་པ་ཡང་བདག་ཉིད་ཀྱི་ཡུལ་མ་ཡིན་པའི་ཕྱིར་ལ། དབང་པོ་དང་དུས་མཚུངས་པའི་ཤེས་པ་དེ་ཡང་མ་ཡིན་ནོ། །ཡིད་ཀྱི་རྣམ་ཤེས་གཞན་ནི་
དེ་སྒྲུབ་པར་བྱེད་པའི་དུས་སུ་ཡིན་ནོ་ཞེ་ན། དེ་ནི་འཇིག་རྟེན་ཕ་རོལ་པོ་མ་ཡིན་ཏེ། ང་རྒྱལ་དང་བཅས་པའི་སེམས་ལ་དེ་ཉིད་དུ་ཁས་ལེན་པའི་ཕྱིར་རོ། །འོན་ཏེ་ཡིད་ཀྱི་རྣམ་ཤེས་གཞན་ཁོ་ན་ཡིད་ཀྱི་རྒྱལ་སྲིད་ལ་སོགས་པ་བཞིན་དུ་གོམས་པ་ལས་བྱུང་བ་དབང་པོ་དང་དུས་མཚུངས་པའི་
ཕྱིར་རང་རིག་པའི་བྱ་བ་ལས། ང་རྒྱལ་དང་བཅས་པ་ཡང་འཇིག་རྟེན་ཕ་རོལ་པོ་ཡིན་ནོ་དེ་ལྟ་ན་དེ་ནི་དབང་པོའི་ངེས་པ་མ་ཡིན་ཏེ། དེ་ལས་མ་བྱུང་བའི་ཕྱིར་སྐད་ཅིག་མ་མ་ཡིན་པ་ཡིན་ནོ། །ལྷན་ཅིག་པ་ཡིན་ན་ནི་ངེས་པ་ཅན་ཡིན་ཏེ་དབང་པོ་མེད་ན་མི་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་
དེ་ལས་བྱུང་བ་ཉིད་ནི་ཁྱབ་བྱེད་ཡིན་ལ། ཁྱབ་བྱ་ལས་དེ་དང་ལྷན་ཅིག་པ་ཉིད་དུ་ངེས་པ་རྟོགས་པ་ཡིན་ནོ་ཞེས་བྱ་བ་འདི་ནི་རིགས་པ་ཡིན་ནོ། །དེ་བློ་བཞིན་དུ་ཞེས་བྱ་བ་ནི་མ་ངེས་པ་ཡིན་ཞིང་དེའི་འབྲས་བུ་ཐམས་ཅད་དེ་ཁོ་ན་བཞིན་དུ་འགྱུར་བར་བྱ་བ་མ་ཡིན་ལ། དེའི་བུ་ཡིན་པས་སྔོ་

བསངས་ཁོ་ནར་ངེས་པར་འགྱུར་བར་བྱ་བ་མ་ཡིན་ཏེ། འདི་ལ་ཡང་མཚུངས་པ་ཡིན་པར་མཐོང་བ་ནི་གནོད་པ་ཅན་ཡིན་ནོ་སྙམ་དུ་སེམས་པ་ལ་མཐོང་བ་གཞན་དུ་གྲུབ་པ་ཉིད་ཡིན་པར་བསྟན་པ་ནི། ལྷན་ཅིག་གནས་པར་ངེས་པར་བྱེད་པ་ནུས་པ་ལས་ཀྱི་མིང་ཅན་གྱིས་རྒྱུ་ཐ་མི་དད་
པའི་ཕྱིར། དབང་པོ་ལ་སྲིད་པ་དང་བཅས་པའི་ལས་ཀྱི་དབང་པོ་འཕངས་པས་དེའམ། བདག་གི་ཡང་རྟེན་ཉིད་ཀྱིས་ང་རྒྱལ་དང་བཅས་པའི་ཡིད་ཀྱི་རྣམ་ཤེས་གཞན་ནི་བདག་གོ་ཞེས་བྱ་བ་ཁོ་ནས་དབང་པོའི་ཤེས་པས་རྗེས་སུ་བྱེད་པས་འཕངས་པ་ཡིན་ལ་དབང་པོའི་ཤེས་པ་ཡང་གོམས་
པའི་བསྐྱེད་བྱ་ཉིད་ཀྱིས་ཡིད་གཞན་བཞིན་དུ་བདག་གི་བློ་འཇིག་རྟེན་ཕ་རོལ་པོ་ཉིད་དུ་བྱེ་བྲག་མེད་པའི་ཕྱིར་དང་། གོམས་པའི་བསྐྱེད་བྱའི་ཁྱད་པར་ཉིད་ཡིན་པའི་ཕྱིར། ལྷན་ཅིག་གནས་པ་ཡིན་ཏེ། ལུས་ཀྱི་བསྐྱེད་བྱ་ཡིན་པའི་ཕྱིར་རམ་རྒྱུ་ཐ་མི་དད་པའི་ཕྱིར་རོ། །དེའི་ཕྱིར་ཐེ་
ཚོམ་མེད་པའི་ཕྱིར་རོ། །ཡང་ན་ལུས་དང་ཡིད་ཀྱི་རྣམ་ཤེས་དག་ངེས་པར་ལྷན་ཅིག་པར་དམིགས་པ་ནི། དེ་ལྟ་བུའི་ཚོགས་པས་འཕངས་པ་ཡིན་གྱི་ཕན་ཚུན་འབྲས་བུ་ཉིད་ནི་མ་ཡིན་ཏེ། དེ་ལྟ་བུ་ཁོ་ནར་འཚོ་བའི་གནས་སྐབས་སུ་མཐོང་བའི་ཕྱིར་དང་། ཇི་ལྟ་བ་མ་ཡིན་པའི་རྟོག་པ་མི་
རིགས་པའི་ཕྱིར་རོ། །དེའི་ཕྱིར་དུས་ཀུན་དུ་རྒྱུར་མཐོང་བ་ཉིད་ཡིན་ཞེས་བརྗོད་པས་སོ། །ཚོགས་པ་གཅིག་ལ་རག་ལས་པ་ཉིད་ཀྱིས་ལྷན་ཅིག་པའི་ཡུལ་ཕྱི་རོལ་ལམ། ཅིག་ཤོས་ཀྱི་དབྱེ་བས་བསྟན་པ་ནི། དབང་པོ་བཞིན་དུ་གཟུགས་དང་རོ་བཞིན་ནོ་ཞེས་བྱ་བ་སྟེ། དབང་
རྣམས་རེ་རེ་ལ་གནོད་ཀྱང་ཞེས་བྱ་བ་འདི་ལ། དབང་པོའི་རྣམ་པར་འགྱུར་བ་ལས་ཀྱང་ཡིད་ཀྱི་རྣམ་ཤེས་འགྱུར་བ་ཡིན་ནོ་ཞེས་རྒོལ་བ་ལས། དེའི་ལན་ནི་བསྒྱུར་བྱ་ཉིད་གང་ཡིན་པ་དེ་འབྲས་བུ་ཡིན་གྱི་དབང་པོའི་རྣམ་པར་འགྱུར་བ་ལས་ཡིད་ཀྱི་རྣམ་ཤེས་དབང་པོ་བཞིན་དུ་བསྒྱུར་བྱ་
ཁོ་ན་མ་ཡིན་ཏེ། རྣམ་པར་འགྱུར་བ་ངེས་པ་མེད་པའི་ཕྱིར་འབྲས་བུ་མ་ཡིན་པ་ཉིད་དུ་བསྟན་ནས། ད་ནི་ཡིད་ཀྱི་རྣམ་ཤེས་ཀྱི་འགྱུར་བ་ཉིད་ནི་དབང་པོས་བྱས་པ་མ་ཡིན་ཏེ། དམིགས་པར་བྱས་པ་ཉིད་ཀྱིས་གཞན་དུ་གྲུབ་པའི་ཕྱིར་རོ་ཞེས་ཕྱོགས་སྔ་ཕྱི་དབྱེ་བ་བསྟན་པ་ནི། དེ་འགྱུར་

ན་འགྱུར་བའི་ཕྱིར་ཞེས་བྱ་བ་སྟེ་གང་གི་ཕྱིར་ཉོན་མོངས་པ་ཅན་གྱི་ཡིད་ནི་ལུས་ལ་བརྟེན་པ་མ་ཡིན་ལ། དེའི་ཕྱིར་དེའི་རྟེན་ནི་གཞན་ཡིན་པར་བརྟག་པར་བྱ་བ་ཡིན་ཏེ། འདི་ནི། གང་ཞིག་ཡོད་པས་ཕན་འདོགས་བྱེད། །ཅེས་འཆད་པར་འགྱུར་རོ། །གལ་ཏེ་ཡང་ཕྱི་རོལ་ནི་དོན་བྱེད་པ་ཡིན་ལ་
དམིགས་པ་མེད་པའི་ཡིད་ཀྱང་ཕྱི་རོལ་དེ་དང་ནང་དུ་དེ་དམིགས་པ་ནི་རྣམ་པར་འགྱུར་བར་བྱེད་པར་དམིགས་པ་མ་ཡིན་ནོ་སྙམ་དུ་སེམས་པ་ལ། སྔ་ཕྱི་ཞེས་བྱ་བ་སྟེ་སྒྲོ་བཏགས་པ་ཙམ་སྟེ། སྒྲོ་བཏགས་པ་ཉིད་ཀྱི་རྣམ་པར་རྟོག་པའི་བྱ་བ་ཙམ་ཡིན་པར་ཟད་པ་ཡིན་གྱི། ནང་དང་ཕྱི་རོལ་
ལས་གཞན་པ་ཡོད་པ་མ་ཡིན་ལ། དེ་ཡང་མི་སྣང་བ་ཡིན་པའི་ཕྱིར་དམིགས་པ་མེད་པ་ཡིན་ཞིང་མིག་ལ་སོགས་པའི་རྣམ་ཤེས་ནི་དབང་པོའི་རྣམ་པའི་ལུས་ལ་བརྟེན་པ་ཡང་མ་ཡིན་ཏེ། དེ་བསྟན་པ་ནི་རྟེན་མེད་པ་ཞེས་བྱ་བའོ། །ཐ་མའི་སེམས་ནི་སེམས་གཞན་དང་། །མཚམས་སྦྱོར་
བ་ལ་འགལ་ཅི་ཡོད། །ཅེས་བྱ་བས་འཆི་བ་ནི་ནད་དང་དུག་དང་མཚོན་ལ་སོགས་པ་ལས་གལ་ཏེ་ཡང་སེམས་དངོས་སུ་གཅོད་པར་བྱེད་པ་ཉིད་བཀག་པ་ཡིན་ན་དེ་ལྟ་ན་ཡང་ལུས་ལྡོག་པས་དེ་ཡང་ལྡོག་པ་དང་། ལུས་རྣམ་པར་འགྱུར་བས་རྣམ་པར་འགྱུར་བ་ཡང་མ་ཡིན་ནམ། དབང་རྣམས་རེ་རེ་
ལ་གནོད་ཀྱང་ཞེས་བྱ་བ་འདིས་ཀྱང་དབང་པོ་རྣམ་པར་འགྱུར་བས་རྣམ་པར་འགྱུར་བ་ཉིད་བསལ་བ་ཡིན་ནོ་སྙམ་དུ་སེམས་པ་ལ། དོན་གྱི་སྒོ་ནས་ཏེ་ཡུལ་གྱི་སྒོ་ནས་དུག་དང་མཚོན་ལ་སོགས་པས་ནི། ལུས་ལྡོག་པའི་སྒོ་ནས་སེམས་ལྡོག་པར་བྱེད་པའམ། དེ་རྣམ་པར་འགྱུར་བའི་
སྒོ་ནས་རྣམ་པར་འགྱུར་བར་བྱེད་པ་ཡང་མ་ཡིན་ཏེ། འོན་ཀྱང་གདུངས་པར་བྱེད་པ་ཉིད་ཀྱིས་སམ། གཞན་དུ་ཡང་དམིགས་པར་བྱེད་ནའོ། །འདོད་པ་སྒྲུབ་པར་བྱེད་པ་བཞིན་དུ་ལུས་ལ་ཡང་རྣམ་པར་འགྱུར་བ་ཡོད་པ་ཡིན་ནོ་ཞེ་ན། ཡོད་དུ་ཆུག་ཀྱང་དེས་སེམས་རྣམ་པར་འགྱུར་བ་
ནི་མ་ཡིན་ཏེ། དེ་མེད་ཀྱང་དམིགས་པ་ལས་རྣམ་པར་འགྱུར་བ་གྲུབ་པའི་ཕྱིར་རོ། །གཞན་གྱི་ལས་ཚོགས་ཀྱིས་ཀྱང་། དེའི་བྱས་པའི་རྣམ་པར་འགྱུར་བ་མཐོང་བས་དེ་ལ་དམིགས་པའི་ཕྱིར་དང་། དེ་ཉིད་ལ་མཚམས་སྦྱོར་བར་ཅིས་མི་བྱེད་པ་ཡིན་ཞེ་ན། ཚེ་ཟད་པ་ལ་གནས་

པའི་འཕེན་བྱེད་མེད་པའི་ཕྱིར་རོ། །ཡོད་ཀྱང་དུག་ལ་སོགས་པའི་གནོད་པས་ལུས་ལ་རང་གི་རྣམ་ཤེས་མེད་པས། དེ་ཕན་མི་ཐོགས་པའི་ཕྱིར། དེ་ཡི་ཤེས་པས་ཕན་འདོགས་ཕྱིར། །ཡིད་ཀྱི་ལུས་ལ་བརྟེན་པར་བཤད། །ཅེས་གསུངས་པའོ། །ས་བོན་ལས་བྱུང་བའི་འབྲུ་ཡང་
ཆར་ལ་སོགས་པས་ཕན་མ་བཏགས་པས་ན་ཕུན་སུམ་ཚོགས་པར་མི་འགྱུར་ལ། ཕན་འདོགས་བྱེད་པའང་ཡིན་བླ་སྟེ། །ཞེས་བྱ་བ་ནི། དངོས་སུ་རྟེན་ཡིན་པ་ཉིད་ཀྱིས་སམ། མ་ཡིན་ཡང་ཟློས་པ་མ་ཡིན་ལ། ལུས་ལ་སྲེད་པ་དང་བཅས་པའི་ཡིད་དམ། ལས་ཀྱང་དེས་ཕན་
འདོགས་པར་མི་བྱེད་ན་མི་འགྱུར་ཞེས་བྱ་བ་འདི་ལ་དགོངས་པ་ནི། དེ་ལ་སྲེད་པས་དེར་འདྲེན་པའི་ཕྱིར་དང་། ཕན་འདོགས་པར་མི་བྱེད་པ་ལ་ཡང་མི་ལྟོས་པའི་ཕྱིར་དང་། དེ་དང་དེ་མ་ཡིན་པའི་རྟེན་ཉིད་ཀྱང་རང་གི་རིགས་གོམས་པའི་བསྐྱེད་བྱ་ཡིན་པར་སྐྱེ་བའི་དང་པོ་ལ་མཐོང་བའི་ཕྱིར་
རོ་ཞེས་བྱ་བ་ལ་སོགས་པ་རྗེས་སུ་རྟོགས་པའི་ཕྱིར་དེ་ལྡོག་པ་ཡིན་ཡང་མི་ལྡོག་པ་ཡིན་ནོ། །ཡང་ན་དོན་ནི་དོན་དུ་གཉེར་བར་བྱ་བ་སྟེ། བླང་བྱའམ་དོར་བྱ་སྟེ་བདེ་བ་དང་སྡུག་བསྔལ་དང་དེའི་སྒྲུབ་བྱེད་རྣམས་ཡིན་ལ། དེ་ཡང་འདིའི་སྒོ་ནས་ཏེ། དེས་དོན་ཉིད་རྣམ་པར་འགྱུར་བར་སྒྲུབ་
པར་བྱེད་ཅེས་བྱ་བའི་དོན་ཏོ། །དེ་ཡང་དམིགས་པར་བྱ་བ་ཉིད་དེ་བཞིན་དུ་འགྱུར་བའི་ཕྱིར་དེ་ཡང་ཤུགས་ཀྱིས་བསྟན་པ་ཡིན་ནོ། །དེའི་ཤེས་པས་ཕན་འདོགས་པའི་ཕྱིར་ཞེས་བྱ་བ་དང་། ཤེས་པ་དང་ཤེས་པ་མ་ཡིན་པ་དག་གི་དབྱེ་བ་ལ་ཡང་དགོངས་པ་འདི་ཡིན་ནོ། །ལུས་རྣམ་པར་འགྱུར་
བ་ཡིན་ན་སེམས་རྣམ་པར་འགྱུར་བའི་ཕྱིར་འགྱུར་བ་ཅན་གྱི་སེམས་ནི་སེམས་ཁོ་ན་ལས་སྐྱེས་པར་མི་རིགས་པ་མ་ཡིན་ནམ་སེམས་ནི་ལུས་དང་བྲལ་བར་མ་མཐོང་བའི་ཕྱིར་རོ། །དེའི་ཕྱིར་ལུས་ཁོ་ན་ལས་སྐྱེས་པའི་སེམས་ནི་སེམས་འགྱུར་བས་འགྱུར་བ་ཅན་དུ་འགྱུར་སྙམ་དུ་སེམས་པ་
ལས། ལུས་ཡོད་པ་ནི་རྟག་ཏུ་ཞེས་བྱ་བ་སྟེ། གལ་ཏེ་ཡང་ལུས་ནི་སེམས་དང་མི་འབྲལ་བར་མཐོང་བ་དེ་ལྟ་ན་ཡང་སེམས་ཀྱི་སྔ་རོལ་ཏུ་མེད་པར་མི་འགྲུབ་པོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་མ་གྲུབ་པ་ཁོ་ན་ཡིན་པར་བསྟན་པ་ནི། རིག་པ་རང་ངམ་ཞེས་བྱ་བ་བདག་ཉིད་ཀྱིས་སྐྱེ་བཞིན་

པར་རིག་པས་སམ་གཞན་གྱིས་ཏེ་སེམས་ཀྱིས་སམ་སྐྱེས་བུས་སོ། །རེ་ཞིག་འབྲས་བུའི་ཤེས་པས་མ་ཡིན་ཏེ་རང་གི་དུས་འཛིན་པའི་ཕྱིར། སྔ་རོལ་དུ་བྱུང་བའི་འབྲས་བུ་འམ་རྒྱུའམ་གཞན་ཡང་རུང་བ་རིགས་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །མིག་ལ་སོགས་པ་བྱ་བའི་དུས་
སུ་དེའི་ཤེས་པ་རྣམས་མེད་པའི་ཕྱིར། དེ་རྒྱུ་ཉིད་དུ་ཇི་ལྟར་རྟོགས་པ་ཡིན་སྙམ་དུ་སེམས་པ་ནི། མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་ཞེས་བྱ་བའོ། །ལན་ནི་མ་ཡིན་ཏེ། དེ་དག་ལ་རྗེས་སུ་འགྲོ་བ་དང་ལྡོག་པ་ཞེས་བྱ་བ་སྟེ། མིག་ལ་སོགས་པ་བྱ་བའི་དུས་ཁོ་ནའི་ཚེ་
ཤེས་པ་གཞན་རྗེས་སུ་འགྲོ་བ་དང་ལྡོག་པར་འཛིན་པར་བྱེད་པ་ཡོད་ཅེས་བྱ་བའི་དོན་ཏོ། །དེ་འདི་ཉིད་ཉམས་སུ་མྱོང་བར་འཛིན་པས་སྒྲུབ་པར་བྱེད་པ་ནི་མིག་ཕྱེ་བ་ཉིད་ནི་ཞེས་བྱ་བ་སྟེ། དེ་བཞིན་དུ་སྐྱེ་བའི་དང་པོར་འབྱུང་པའི་ལུས་ནི་ལུས་ཀྱི་ཤེས་པ་སྐྱེ་པའི་སྔ་རོལ་དུ་ཤེས་པ་མ་ཡིན་ཏེ།
ཤེས་པ་མེད་པའི་ཕྱིར་རོ། །ཡོད་དུ་ཟིན་ཀྱང་དེ་ལས་སྐྱེ་བའི་ཕྱིར་ལུས་བསྒྱུར་མི་འགྱུར་བར་བསྟན་པ་ནི། སྐྱེ་བའི་དང་པོའི་ཕྱོགས་པའི་ལུས་ཞེས་བྱ་བའོ། །མིག་ལ་སོགས་པ་བཞིན་དུ་ཤེས་པ་ལ་ལུས་ཀྱང་རྒྱུ་ཡིན་པར་ཤེས་པ་གཞན་གྱིས་རྟོགས་པ་མ་ཡིན་ནམ་སྙམ་དུ་སེམས་
པ་ནི། གལ་ཏེ་གཞན་གྱིས་རྟོགས་ཤེ་ན་ཞེས་བྱ་བའོ། །ལན་ནི་སྔ་ན་མེད་པ་ག་ལས་རྟོགས་ཞེས་བྱ་བ་སྟེ། མིག་ལ་སོགས་པ་བྱ་བའི་དུས་སུ་ནི། དེའི་བྱ་བ་འཛིན་པའི་ཤེས་པ་ནི་གཞན་རང་གི་རིག་བྱ་ནི་དེ་ཤེས་པ་དང་བྲལ་བའི་ཕྱིར་དེ་མེད་པར་ཐ་སྙད་བྱེད་པ་ཡིན་གྱི། དེ་བཞིན་དུ་
ལུས་ཀྱི་བྱ་བ་འཛིན་པའི་ཤེས་པ་གཞན་ནི། དེ་ཤེས་པ་མེད་པའི་འཛིན་པ་པོ་ཡོད་པ་ནི་མ་ཡིན་ནོ། །ཡོད་པ་ཡིན་ན་ཡང་དེ་ཁོ་ན་ལས་དེ་སྐྱེ་བར་འགྱུར་ཏེ། མ་མཐོང་བ་ཙམ་ནི་ཐེ་ཚོམ་གྱི་རྒྱུ་ཡིན་ཞེས་བྱ་བའི་དོན་ཏོ། །འོན་ཏེ་དུས་ཕྱིས་འབྱུང་བའི་ཤེས་པ་ནི་སྔར་ཤེས་པ་ནི་སྔར་ཤེས་པ་མེད་
པར་རྟོགས་པ་ཡིན་ལ། དེ་ཡང་རང་གི་དུས་ཀྱི་ཤེས་པ་མེད་པར་རྟོགས་པ་ཡིན་གྱི། སྔར་ཤེས་པ་མེད་པ་མ་ཡིན་པར་བསྟན་པ་ནི། ལྟར་རུང་མ་ཡིན་ཞེས་བྱ་བའོ། །འདི་ལ་དཔེར་བྱ་བ་ནི་གཉིད་ལོག་པ་ལའང་ཞེས་བྱ་བ་སྟེ། ཇི་ལྟ་བ་ཁོ་ནའི་གཉིད་ལོག་པའི་གནས་སྐབས་ཀྱི་ཤེས་པ་ནི་

དམིགས་པ་མེད་པ་ཁོ་ན་ཡིན་ཡང་དུས་ཕྱིས་སད་པ་ཡིན་གྱི་དེ་དག་ཙམ་གྱིས་མེད་པར་ངེས་པ་ནི་མ་ཡིན་ནོ། །ལུས་སྐྱེ་བའི་དུས་ན་སེམས་ཀྱང་ཡོད་ན་རང་རིག་པར་འགྱུར་ལ། དུས་ཕྱིས་ཀྱང་དྲན་པར་འགྱུར་རོ་སྙམ་དུ་སེམས་པ་ནི། འོན་ཏེ་གལ་ཏེ་ཞེས་བྱ་བ་སྟེ། འདི་ལ་
དཔེར་བྱེད་པ་ནི། གང་ཕྱིར་སད་པས་ཞེས་བྱ་བའོ། །ལན་ནི་རྟོག་པ་མེད་པ་ཡིན་ནམ་ཅི་ཞེས་བྱ་བ་སྟེ་ལུས་སྐྱེ་བའི་དུས་ན་སེམས་ཉམས་སུ་མྱོང་བ་མེད་པ་མེད་པའི་ཐ་སྙད་ཀྱི་ཡུལ་ཡིན་པར་ནི་མི་རིགས་ཏེ། ཉམས་སུ་མྱོང་བ་ཡོད་ཀྱང་དྲན་པ་མེད་པས་ཉམས་སུ་མྱོང་བ་མེད་པར་མངོན་པར་སེམས་
བའི་ཕྱིར་ཏེ། རྨི་ལམ་དུ་ཡང་སད་པའི་ཚེ་ཉམས་སུ་མྱོང་བ་བཞིན་དུའོ་ཞེས་བྱ་བའི་དོན་ཏོ། །ཕྱེད་ཕྱི་མ་རྣམ་པར་འགྲེལ་པ་ནི། རྨི་ལམ་གྱི་རིག་པ་ནི་ཞེས་བྱ་བའོ། །གལ་ཏེ་སད་པའི་ཤེས་པ་བསྐྱེད་བྱ་ཉིད་ཀྱིས་གཉིད་ལོག་པའི་ཤེས་པ་རྟོགས་པ་མ་ཡིན་ན། དེ་ཁོ་ན་ལས་དེ་ཡིན་ཞེས་
ཅི་ལས་ཤེས་ཤེ་ན། དེའི་བསྐྱེད་བྱའི་ཁྱད་པར་མཐོང་བའི་ཕྱིར་རོ་ཞེས་བསྟན་པ་ནི། དེ་ལྟ་ན་ཡང་དེ་ལྟ་བུ་ཉིད་དོ་ཞེས་བྱ་བའོ། །དེ་ལ་དེའི་བསྐྱེད་བྱའི་ཁྱད་པར་ཉིད་རྟོགས་པའི་ཕྱིར་དེའི་བསྐྱེད་བྱ་ཉིད་དུ་མི་རྟོགས་པ་མ་ཡིན་ནམ། འོན་ཀྱང་སད་པའི་གནས་སྐབས་ན་དེའི་བསྐྱེད་བྱ་
ཉིད་རྟོགས་པ་ཁོ་ན་ཡིན་ནོ་སྙམ་དུ་སེམས་པ་ནི། འོན་ཏེ་སད་ན་ཞེས་བྱ་བ་སྟེ། དེ་ཞེས་བྱ་བ་ནི་སད་པའི་ཤེས་པ་ལས་རྨི་ལམ་གྱི་ཤེས་པའོ། །འདི་ཡང་ཞེས་བྱ་བ་ནི་སྐྱེ་བ་སྔ་མའི་ཤེས་པ་ལས་སྐྱེ་བ་འདི་ལ་སོགས་པའི་ཤེས་པ་ཡོད་པ་ལའོ། །མི་རྟོགས་སོ་ཞེས་བྱ་བ་ནི་སད་པ་ཡིན་ན་
རུང་བའི་གནས་སྐབས་སུ་འདི་ཡང་འབྲེལ་པ་ཅན་དུ་རྟོགས་པ་མེད་པ་འདི་ཅི་ལས་ཤེས། འོ་ཐུག་རྣམས་ཀྱི་འཐུང་པ་དང་འཇིག་རྟེན་གྱི་ཕན་པ་ཞེས་བྱ་བ་བཞིན་དུ་འདི་ཡང་འབྲེལ་པ་ཅན་ཙམ་གྱི་དྲུག་པ་ཡིན་ནོ། །གང་གི་ཕྱིར་ལུས་དང་མཚུངས་པའི་དུས་སུ་བྱུང་བའི་ཤེས་པའི་མེད་པ་
ནི་རང་ཉིད་དམ་གཞན་གྱིས་ཀྱང་རྟོགས་པ་མ་ཡིན་ནོ། །དེའི་ཕྱིར་ལུས་ཉིད་ཤེས་པའི་རྒྱུར་མི་འགྲུབ་པ་ཡིན་པར་ཉེ་བར་བསྡུ་བ་ནི། དེའི་ཕྱིར་ཞེས་བྱ་བའོ། །གང་ལས་སྐྱེས་པ་དེ་བྱས་པའི་རྣམ་པར་འགྱུར་བ་ཅན་ཁོ་ན་དེར་འགྱུར་བ་ཡིན་ཞེས་བྱ་བ་འདི་ནི་མ་ངེས་པ་ཡིན་ཏེ། གང་གི་ཕྱིར་བ་ལང་གི་ལྕི་བ་

ལས་སྐྱེས་པའི་ཨུཏྤ་ལའི་རྩ་བ་ནི་ཨུཏྤ་ལའི་རྩ་བ་གཞན་གྱིས་རྣམ་པར་འགྱུར་བ་མ་ཡིན་ལ། དེ་ལྟ་ཡིན་དང་ལུས་ལས་སྐྱེས་པ་ཡིན་པའི་སེམས་ཡིན་པ་ནི། སེམས་གཞན་གྱིས་རྣམ་པར་འགྱུར་བར་བྱེད་པ་ཡིན་ནོ་སྙམ་དུ་སེམས་པ་ནི་འོན་ཏེ་ལྕི་བ་ལས་ཞེས་བྱ་བའོ། །ཨུཏྤ་ལའི་རྩ་
བའི་བསྒྱུར་བྱ་ཁོ་ན་བ་ལང་གི་ལྕི་བ་ལས་མཐོང་བ་ནི་མ་ཡིན་ལ། སེམས་ཀྱི་བསྒྱུར་བྱ་ནི་སེམས་ཁོ་ན་ཡིན་ཏེ། སྐྱེ་བའི་དང་པོ་ལ་གོམས་པའི་བསྐྱེད་བྱའི་ཁྱད་པར་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དེ་ཁོ་ན་དེའི་རྒྱུ་ཡིན་གྱི་ཨུཏྤ་ལའི་རྩ་བ་ནི་མ་ཡིན་ནོ་ཞེ་ན། ལན་འདེབས་པ་ནི། དང་པོ་ལྕི་བ་
ལས་སྐྱེས་པ་ཞེས་བྱ་བའོ། །གང་ཞིག་ཡོད་པས་ཕན་འདོགས་བྱེད་དེ་རྒྱུ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་རྒྱུའི་མཚན་ཉིད་དུ་མ་གསུངས་པ་མ་ཡིན་ནམ། ཐམས་ཅད་མཁྱེན་པ་ཉིད་ཀྱིས་མི་མཁྱེན་པའམ་བག་མེད་པའམ་ལེ་ལོ་ཡིན་པར་ཡང་མི་སྲིད་པའི་ཕྱིར་ལ། འདི་མི་སྲིད་པ་ཉིད་
ཡིན་པར་ནི་ཐམས་ཅད་མཁྱེན་པའི་མིང་ཅན་གྱི་ཚད་མས་གནོད་པའི་ཕྱིར་རོ་སྙམ་དུ་སེམས་པ་ནི། འདི་ཡོད་ན་འདི་འབྱུང་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཉིད་ཅེས་བྱ་བས་མི་ཤེས་པ་བསལ་བ་ཡིན་ཞིང་། ཡོད་ཅིང་ཞེས་བྱ་བ་ལ་སོགས་པས་བག་མེད་པ་དང་ལེ་ལོ་དག་བསལ་བ་ཡིན་ནོ། །
ཁོ་བོ་ཅག་གིས་བཤད་པའི་རྒྱུ་མཚན་ཉིད་ལས་ཇི་ལྟར་བསྟན་པས་རྟག་ཏུ་ཕན་འདོགས་པར་བྱེད་པ་ཉིད་ཀྱིས་སོ། །གང་གི་ཕྱིར་འདི་ཉིད་རྒྱུའི་མཚན་ཉིད་ཡིན་པ་དེ་ཉིད་ཀྱི་ཕྱིར་དོན་འདི་རྟོགས་པར་བྱེད་པའི་བདུན་པའམ། ལྔ་པ་ནི་འདི་ཡོད་ན་དང་། འདི་འབྱུང་བ་ལས་ཞེས་བཅོམ་ལྡན་འདས་
ཀྱིས་གསུངས་པ་ཡིན་ནོ། །དེས་ན་ལུང་དང་འགལ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྒྱུ་མཚན་གྱི་བདུན་པ་ཞེས་བྱ་བ་ནི་རྒྱུ་མཚན་དང་སྐྱེད་བྱེད་དང་རྒྱུ་རྣམས་ལ་ཐམས་ཅད་ཀྱིས་མང་པོར་མཐོང་བ་ཡིན་ནོ་ཞེས་བྱ་བས་བདུན་པ་ཡིན་ཏེ། རྣམ་གྲངས་ཀྱི་ཚིག་ནི་རང་གི་ངོ་བོ་འགེགས་པ་མ་
ཡིན་པས། དོན་འཛིན་པའི་དོན་དུ་ཡིན་པའི་ཕྱིར་སྐྱེད་པར་བྱེད་པ་པོའི་ཤེས་པའི་རང་བཞིན་ནི། རྒྱུ་དང་འབྱུང་གནས་ཞེས་བརྗོད་དོ། །ཇི་ལྟར་ལུས་སེམས་ཀྱི་རྟེན་མ་ཡིན་ཞེས་བརྗོད་པ་དང་། དེའི་རྟེན་ཡིན་པར་བརྗོད་པ་འགལ་བ་ཡིན་ནོ་སྙམ་དུ་སེམས་པ་ལ། དེ་ཡི་ཤེས་པས་ཕན་འདོགས་

ཕྱིར། །ཡིད་ནི་ལུས་ལ་བརྟེན་པར་བཤད། །ཅེས་བྱ་བས་འགལ་བར་བཤད་པ་ཡིན་གྱི་འདི་ལ་ནི་དེ་ལྟ་བུའི་འགལ་བར་དོགས་པའི་ས་བོན་ཡང་ཡོད་པ་མ་ཡིན་ཏེ། བདུན་པ་དང་ལྔ་པ་དག་གིས་དོན་གཞན་རྟོགས་པར་བྱེད་པ་མ་ཡིན་པའི་ཕྱིར་ཞེས་བྱ་བས་ཆོག་མི་ཤེས་པ་
ལ་བཤད་པ་གཞན་བསྟན་པ་ནི། ཡང་ན་བདག་ཅག་གིས་གཞན་དུ་བཤད་པར་བྱ་སྟེ་ཞེས་བྱ་བ་སྟེ། དེ་ཉིད་ནི་གལ་ཏེ་རྣམ་པར་ཤེས་པ་སྔོན་དུ་འགྲོ་བ་ཅན་ཞེས་བྱ་བ་ལ་སོགས་པའི་རྒོལ་བ་སྔོན་དུ་འགྲོ་བའི་བཤད་པ་ཡིན་ནོ། །རྒྱུ་ཙམ་འཁྲུལ་པ་ཅན་ཡིན་ལ། དེའི་ཕྱིར་ནུས་པ་ཞེས་བྱ་བ་ནི་
ཁྱད་པར་ཡིན་ནོ། །རྒྱུ་གཞན་དུ་ཐལ་བ་ཞེས་བྱ་བ་ནི་དོན་གཞན་རྟོགས་པར་བྱ་བ་ལ་འབྲས་བུ་ཉིད་ཅེས་བྱ་བ་དང་འགལ་བ་ཡིན་ནོ། །གང་གི་ཕྱིར་མཐའ་རྒྱུ་ཚོགས་པ་ནི་འབྲས་བུ་སྐྱེ་བ་ནི་གཞན་ལ་མི་ལྟོས་པར་ལན་ཅིག་མཐོང་བ་ལས་རྟོགས་པ་ཡིན་ལ། དེ་ཡོད་ཀྱང་འབྲས་བུ་མི་འབྱུང་ན་ལྟོས་པ་
དང་བཅས་པར་འགྱུར་རོ་ཞེས་བྱ་བ་འདིས་ལྟོས་པ་མེད་པ་ཉིད་དེ། ཚང་བ་དང་ལྟོས་པ་དང་བཅས་པ་ཉིད་དེ། མ་ཚང་བ་འགལ་བ་ཡིན་ལ། དེས་ཁྱབ་པའི་རེས་འགའ་བའི་མི་འབྱུང་བ་དང་ཡང་འགལ་བའི་ཕྱིར། ཁྱབ་པར་བྱེད་པ་འགལ་བ་ཡིན་ན་ནི་རྒྱུ་ནུས་པ་ཅན་ནི་འབྲས་བུ་ལ་མ་འཁྲུལ་བ་
ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ན་འོ་ན་རྒྱུའི་མཚན་ཉིད་ཀྱི་ཞེས་བྱ་བ་འདི་ལ་ནུས་བའི་ཁྱད་པར་རྗེས་སུ་འཇུག་པ་ལ་ལྟོས་པ་ཡིན་ནོ། །ནུས་པ་ཅན་གྱི་རྒྱུ་མཐོང་ན་འབྲས་བུ་ལ་མི་འཁྲུལ་པ་དྲན་པའི་དུས་ཁོ་ན་ལ་བར་དུ་གཅོད་པ་མེད་པའི་འབྲས་བུ་མངོན་སུམ་དུ་འགྱུར་བ་མ་ཡིན་ནམ། རྗེས་
སུ་དཔག་པས་ཅི་དགོས། གང་དུ་འབྲས་བུ་དབང་པོ་ལས་འདས་པ་ཡིན་པ་དེ་ལ་རྗེས་སུ་དཔག་པ་དོན་མེད་པ་ཅན་མ་ཡིན་ནོ། །དེའི་ཕྱིར་འབྲས་བུ་ཁོ་ན་ཡིན་ཞེས་བྱ་བ་ནི་འགལ་བའི་སྐྱོན་ཁོ་ན་ཡིན་ནོ། །རྒྱུ་ཚོགས་པ་ཡང་བར་དུ་ཆོད་པ་སྲིད་པའི་ཕྱིར་འབྲས་བུ་ལ་ངེས་པའི་རྟགས་མ་ཡིན་ནམ།
དེ་ལྟ་མོད་ཀྱི་འབྲས་བུར་རུང་བ་ཉིད་དུ་ངེས་པ་ལ་ཡིན་གྱི་འབྲས་བུ་མ་ངེས་པས་རུང་བ་ཉིད་དུ་ངེས་པ་ལས་རྗེས་སུ་དཔོག་པ་ཉིད་མ་ཡིན་ཏེ། རུང་བ་ཉིད་དུ་ངེས་པ་མ་ཡིན་པས་ཟློག་པར་བྱེད་པ་ཉིད་ཀྱིས་ཚད་མ་ཉིད་མ་ཡིན་པའི་ཕྱིར་རོ་སྙམ་དུ་སེམས་པ་ནི། འོན་ཏེ་འབྲས་བུ་ལ་ཐེ་ཚོམ་ཟ་བས་ཞེས་བྱ་བའོ། །

ལན་ནི་མ་ཡིན་ཏེ་འབྱུང་བར་འགྱུར་བའི་ཞེས་བྱ་བ་སྟེ་རེ་ཞིག་འབྲས་བུ་འདས་པའི་རུང་བ་ཉིད་རྗེས་སུ་དཔོག་པ་ནི་མ་ཡིན་ཏེ། དེ་རིག་པ་པོའི་མངོན་སུམ་ཡིན་པའི་ཕྱིར་རོ། །དེ་རིག་པ་མ་ཡིན་པ་ཡང་འབྲེལ་པ་མ་བཟུང་བའི་རྗེས་སུ་དཔག་པ་མི་སྐྱེ་བའི་ཕྱིར་རོ། །འབྱུང་བར་འགྱུར་བའི་འབྲས་བུའི་
རུང་བ་ཉིད་ཀྱང་དེ་མ་ངེས་ན་མི་ངེས་པ་ཡིན་ནོ། །འདིས་ནི་རུང་བ་ཉིད་ཀྱི་སྤྱི་བཤད་པ་ཡིན་ནོ། །རུང་བ་ཉིད་མ་ཡིན་པའི་ངེས་པ་ཡང་མངོན་སུམ་ཁོ་ན་ལས་མཐོང་བའི་འབྲས་བུའི་རུང་བ་ཉིད་གྲུབ་པའི་ཕྱིར་འབྱུང་བར་འགྱུར་བའི་འབྲས་བུ་ལ་ངེས་པ་མེད་ན། རྗེས་སུ་དཔག་པའི་ཡུལ་མ་མཐོང་སྟེ།
ངེས་པ་ཅན་གྱི་རུང་བ་ཉིད་ནི་རེས་འགའ་ངེས་པ་དང་འབྲེལ་པ་མེད་པའི་ཕྱིར་རོ། །གལ་ཏེ་ཡང་ཡུལ་དང་དུས་ལ་སོགས་པའི་ཁྱད་པར་མེད་པས་འབྲེལ་པ་འཛིན་པ་ཡིན་ཡང་། རྗེས་སུ་དཔག་པ་ནི་དེའི་ཁྱད་པར་གྱིས་མི་ལྡན་པ་རྣམ་པར་གཅོད་པའི་ཡུལ་ཅན་ཡིན་ན། ཁྱད་པར་གྱི་ཡུལ་ཁོ་ན་
ཡིན་ནོ་ཞེས་ཟེར་བ་ནི་འབྱུང་བར་འགྱུར་བའི་འཇིག་རྟེན་ཕ་རོལ་རྗེས་སུ་དཔོག་ན་ནི་ཞེས་བྱ་བའོ། །རེ་ཞིག་རུང་བ་ཉིད་རྗེས་སུ་དཔོག་པ་ཉིད་རྒྱུ་ཙམ་ལ་མ་ཡིན་པ་མ་ཡིན་ནམ། འོ་ན་ཅི་ཞེ་ན། ཚོགས་པ་ཡིན་ལ། དེ་ཡང་ལྟོས་པ་མེད་པ་ཡིན་ཏེ། འབྲས་བུ་མེད་ན་ཁྱབ་པར་བྱེད་པ་འགལ་བ་ཡིན་
པའི་ཕྱིར། དེ་ཇི་ལྟར་འབྲས་བུ་ལ་ཐེ་ཚོམ་ཟ་བ་ཡིན། དེ་ལྟ་ཡིན་ན་དེ་རྒྱུ་མཐོང་བ་ལས་འབྲས་བུ་རྗེས་སུ་དཔོག་པ་ནི། དོན་གཞན་རྟོགས་པར་བྱ་བ་ལ་འབྲས་བུ་ཁོ་ན་ཞེས་བྱ་བ་དང་འགལ་བ་ཡིན་ནོ། །འདི་ལ་བཤད་པ་ནི། རྒྱུ་ཉིད་ཡིན་ལ་ཞེས་བྱ་བ་སྟེ། འབྲས་བུ་མེད་ན་མི་འབྱུང་བའི་རྒྱུ་ནི་མེད་
ན་མི་འབྱུང་བ་ཁོ་ནའི་ཕྱིར། འབྲས་བུ་ཡིན་ཞེས་བྱ་བའི་དོན་ཏོ། །འབྱུང་བར་འགྱུར་བའི་འབྲས་བུ་ཡང་རྒྱུ་ཡིན་པར་ཅི་ལས་ཤེས་ཤེ་ན། རྟག་ཏུ་ཞེས་བྱ་བ་སྟེ། གང་ཡོད་ན་དེ་གདོན་མི་ཟ་བར་འབྱུང་བ་སྟེ། རྗེས་སུ་འབྲེལ་པ་ནི་ཁྱབ་པར་བྱེད་པ་ཉིད་དུ་བརྗོད་པ་ཡིན་ཏེ། རྗེས་སུ་བརྗོད་པར་བྱ་བ་ལ་
བསྒྲུབ་པ་ཁྱབ་བྱེད་ཡིན་པའི་ཕྱིར་རོ། །འདི་ལ་འཁྲུལ་པས་ཅི་ཕན་ཞེ་ན། དེ་ཡོད་ན་འབྱུང་བ་སྟེ། དེ་ལྟར་ཡང་འབྲས་བུ་ཉིད་གཏན་ཚིགས་ཡིན་པ་ལ་འགལ་བ་མེད་དོ་ཞེས་བསྟན་པ་ནི། དོན་གཞན་གོ་བར་བྱ་བ་ལ་ཞེས་བྱ་བའོ། །རྒྱུ་ཡིན་པ་ཁོ་ན་གོ་བར་བྱེད་པ་ཅི་སྟེ། མ་ཡིན་སྙམ་དུ་སེམས་

པ་ལ། མ་ངེས་པ་ཉིད་ནི་འབྲས་བུ་ལ་འཁྲུལ་པའི་ཕྱིར་རོ་ཞེས་བསྟན་པ་ནི། གང་ཞིག་དོན་གཞན་གྱིས་གོ་བྱེད་ཅེས་བྱ་བའོ། །ནུས་པ་ཅན་གྱི་རྒྱུ་གང་ཡིན་པ་དེ་འབྲས་བུས་ཁྱབ་པའི་གོ་བྱེད་མ་ཡིན་སྙམ་དུ་སེམས་པ་ལ། དེ་ལྟ་ཡིན་ན་འབྲས་བུས་ཁྱབ་པ་ཡིན་ཏེ། དེ་ལ་མ་
འཁྲུལ་པའི་ཕྱིར། རྒྱུ་ཁོ་ན་འབྲས་བུ་ཡིན་པར་བསྟན་པ་ནི། གང་ཞིག་གང་མེད་པར་ཞེས་བྱ་བའོ། །རྒྱུ་ནི་རང་ཉིད་གྲུབ་པའི་དོན་དུ་མེད་པའི་འབྲས་བུ་ལ་གང་གི་ཚེ་ལྟོས་པ་དེའི་ཚེ། དེ་རྒྱུ་ལ་ལྟོས་པ་མ་ཡིན་ཏེ། འདི་མེད་པའི་ཕྱིར་རོ། །ཡང་ན་རང་གི་རྒྱུ་ལས་སྐྱེས་པའི་རྒྱུ་ནི་རྒྱུར་འགྱུར་
གྱི་དེ་ཡོད་བཞིན་པ་མ་ཡིན་པའི་འབྲས་བུ་ལ་ལྟོས་པ་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ནི། རྒྱུ་ཇི་ལྟར་འབྲས་བུ་ཡིན་ཞེས་བྱ་བའོ། །རང་གི་རྒྱུ་ལས་སྐྱེ་བའི་རྒྱུ་ནི་འབྱུང་བར་འགྱུར་བའི་འབྲས་བུ་ལ་ལྟོས་པ་ཁོ་ནའི་ཕྱིར། དེ་རྒྱུ་ཡིན་ཡང་འབྲས་བུ་ཁོ་ན་ཡིན་ཏེ། ཕན་ཚུན་མ་འཁྲུལ་པ་ཉིད་དུ་
རྟོགས་པས་གྲུབ་པའི་ཕྱིར་དང་། དེ་ཙམ་ཁོ་ནས་འབྲས་བུ་ཡིན་པའི་ཕྱིར་རོ་ཞེས་ལན་དུ་བསྟན་པ་ནི། མ་ཡིན་ཏེ་དེ་འབྲས་བུ་ཡིན་པའི་ཕྱིར་རོ། །དེ་ལ་གང་ཞིག་འབྱུང་བར་འགྱུར་བ་ལ་ལྟོས་པའི་འབྲས་བུ་ཡིན་པ་ཁོ་ན་དེའི་བར་བསྟན་པ་ནི། སེམས་སོགས་རྣམ་པར་འགྱུར་བ་ནི། །ཞེས་བྱ་
བ་སྟེ། སོགས་པའི་སྒྲས་མིག་ལ་སོགས་པ་བཟུང་བ་ཡིན་ནོ། །གང་སྨྲས་པ་ཇི་སྐད་དུ། སི་ཏ་སྤྲེའུ་དབང་མཚན་མོ་རྒྱུ་བ་རྣམས། །པདྨ་གསེར་དང་འབར་བའི་དཔེ་རྣམས་ནི། །མགྲིན་བཟངས་ར་མ་ན་དག་མཛའ་དུས་སུ། །གཡོན་པའི་མིག་རྣམས་མཚུངས་པར་འགུལ་བ་ཡིན། །ཞེས་
སྨོས་པའོ། །རྣམ་པར་འགྱུར་བའི་རྒྱུ་ཉིད་ནི་ཁ་ཅིག་འབྱུང་བ་ཅན་ཡོངས་སུ་གྱུར་པ་མངོན་པར་འབྱུང་བར་འགྱུར་བའི་རྒྱུ་མ་ཡིན་ནམ། དེའི་ཕྱིར། ཚོགས་པ་གཅིག་ལ་རག་ལས་པའི་གཟུགས་ལ་སོགས་པ་རོས་རྟོགས་པ། རྒྱུ་ཆོས་རྗེས་སུ་དཔོག་པ་སྟེ། དུ་བས་བུད་ཤིང་འགྱུར་བ་བཞིན། །
ཞེས་སེམས་པ་ལ། རྣམ་པར་འགྱུར་བ་འདི་ནི་ཞེས་བྱ་བ་སྟེ། ཚོགས་པ་གཅིག་ལ་རག་ལས་པ་ཉིད་ནི་གཟུགས་དང་རོ་བཞིན་དུ་དུས་གཅིག་པ་ཉིད་དུ་འགྱུར་ལ། རྒྱུས་རྗེས་སུ་དཔོག་པ་ལས་ཀྱང་འབྲས་བུ་རྗེས་སུ་དཔོག་པ་ལ་དེ་ཉིད་མ་ངེས་པའི་གཏན་ཚིགས་ཡིན་ནོ། །དེའི་ཕྱིར་ནུས་པ་

ཅན་གྱི་རྒྱུ་མཐོང་བ་ལས་རྗེས་སུ་དཔོག་པ་མ་ཡིན་པའི་ཡུལ་ཅན་ནི་རྒྱུའི་ཆོས་རྗེས་སུ་དཔག་པས་རྗེས་སུ་གསལ་བ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ལྷན་ཅིག་འབྱུང་བའི་རྒྱུ་གསལ་བ་ཡིན་ནོ། །གལ་ཏེ་མ་འཁྲུལ་པ་ཡིན་ན་དེ་ཡང་ཇི་ལྟར་གསལ་བར་བྱེད་པ་ཡིན། ཚོགས་པ་གཅིག་ལ་རག་ལས་པ་ཉིད་ན་འཁྲུལ་
བ་ཉིད་ཡིན་པས་དོན་རྫོགས་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་ཐམས་ཅད་ཀྱི་ཐ་སྙད་ཅེས་བྱ་བ་ནི་འབྲས་བུ་དང་རྒྱུ་ཉིད་འཛིན་པར་བྱེད་པའི་ཚད་མ་ཉེ་བར་བསྟེན་པ་ཡིན་ནོ། །བུད་ཤིང་རློན་པ་ལ་སོགས་པ་ཡོད་ཀྱང་མེ་མེད་ན་མི་འབྱུང་བ་ཡིན་ལ། མེ་ཡོད་ཀྱང་དང་པོ་མ་མཐོང་བ་མེ་
ཡོད་ན་འབྱུང་བའི་དུ་བ་ནི་མེས་དྲངས་པར་རྟོགས་པའི་ཕྱིར་དེའི་འབྲས་བུ་ཉིད་ཡིན་གྱི་མ་འཁྲུལ་པ་ཙམ་ལས་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ལ། གཞན་དུ་ཡང་འདི་ཙམ་ཉིད་ཀྱིས་ཞེས་བྱ་བ་སྟེ། མེས་དྲངས་པ་ཉིད་ཅེས་བྱ་བ་འདིས་ཀྱང་མ་འཁྲུལ་བ་ཡིན་ཞེས་བྱ་བར་བསྟན་པའི་དོན་ཏོ།། །དེ་ཡོད་
པ་ཉིད་ན་འབྱུང་བ་ཞེས་བྱ་བ་ནི་རྒྱུ་ཉིད་མ་ཡིན་ནམ། འབྱུང་བར་འགྱུར་བ་ཡོད་པ་ཁོ་ན་ནི་མ་ཡིན་ཏེ། མ་འོངས་པ་ཉིད་ཡིན་ནོ་སྙམ་དུ་སེམས་པ་ནི། འབྱུང་བར་འགྱུར་བ་ཇི་ལྟར་རྒྱུ་ཡིན་ཞེས་བྱ་བའོ། །དེ་ཡོད་པ་ཁོ་ན་ནི་ཞེས་བྱ་བས་མ་འཁྲུལ་པའི་ཡུལ་ཉིད་ཁོ་ན་བརྗོད་པ་ཡིན་པར་བསྟན་པ་ནི།
དེ་ལ་སྟེ་འབྲས་བུ་ལ་མི་འཁྲུལ་པའི་ཕྱིར་ཏེ། དེ་ལ་མི་འཁྲུལ་པའི་ཡུལ་ཉིད་ཡིན་ཞེས་བྱ་བའི་དོན་ཏོ། །དེ་ལ་མི་འཁྲུལ་པའི་ཡུལ་ཉིད་ནི་རྒྱུ་ཉིད་མ་ཡིན་ཏེ། འོ་ན་ཅི་ཞེ་ན། ཕན་འདོགས་པ་ཡིན་ལ་ཕན་འདོགས་པ་ནི། གང་ཞིག་ཡོད་པས་ཕན་འདོགས་བྱེད། །ཅེས་བསྟན་པས་ལྟོས་པར་འགྱུར་
བ་མ་ཡིན་ནམ་སྙམ་དུ་སེམས་པ་ནི། གལ་ཏེ་གང་ཕན་འདོགས་པ་ཞེས་བྱ་བ་སྟེ། འབྲས་བུའི་ངོ་བོ་ཕན་འདོགས་པ་ཡོད་པ་མ་ཡིན་པ་སྟེ། མེད་པ་ཞེས་བྱ་བའི་དོན་ཏོ། །སྔ་ན་ཡོད་པ་ཡང་འབྲས་བུའི་ངོ་བོའི་དུས་ན་མེད་པ་ནི་རྒྱུ་མ་ཡིན་ཏེ། ཕན་མི་འདོགས་པའི་ཕྱིར་རོ་ཞེས་བསྟན་པ་ནི། འོ་ན་འདས་
པ་ཡང་ཞེས་བྱ་བའོ། །འབྲས་བུ་ནི་རང་སྔ་ན་མེད་པའི་དུས་ན་བདག་ཉིད་འཐོབ་པའི་དོན་དུ་རྒྱུ་ལ་ལྟོས་པ་མ་ཡིན་ནམ། འབྱུང་བར་འགྱུར་བ་ནི་དེའི་ཚེ་ཡོད་པ་མ་ཡིན་ནོ། །འབྲས་བུའི་ངོ་བོ་ལ་ལྟོས་ནས་དེ་ལས་འབྱུང་བར་འགྱུར་བ་ཞེས་བརྗོད་པ་ཡིན་གྱི་ཡོད་པ་ཡིན་ན་ནི་རྒྱུའི་དོན་ཡོད་པར་མ་མཐོང་སྟེ།

ཡོད་པའི་ངོ་བོ་ཐམས་ཅད་ལ། །ལྟོས་མེད་ཇི་ལྟར་ལྟོས་པ་ཡིན། །ཞེས་གསུངས་པས་སོ། །དེ་ལ་དེ་བསྐྱེད་པའི་དུས་ན་ཡོད་པའི་ཕྱིར་རོ་ཞེས་ཟེར་བ་ལ། ལན་ནི། བསྐྱེད་པའི་དུས་དེ་གང་ཡིན་ཞེས་བྱ་བ་སྟེ། འབྲས་བུ་ཡོད་པ་ལ་ལྟོས་ནས་འབྱུང་བར་འགྱུར་བ་དེ་ཉིད་ཀྱི་ཕྱིར།
ཇི་ལྟར་རྒྱུ་མ་ཡིན་པ་དེ་བཞིན་དུ། དེ་ཡོད་པ་ཁོ་ན་ལ་ལྟོས་ནས་སྔ་ན་ཡོད་པ་ཡང་ཇི་ལྟར་རྒྱུ་ཡིན། འོན་ཏེ་དེའི་དུས་ན་དེ་མེད་པའི་ཕྱིར་རྒྱུ་ཡིན་ནོ། །འབྱུང་བར་འགྱུར་བ་ལ་ལྟོས་ནས་ཀྱང་དེ་མེད་པ་ཁོ་ན་ཡིན་ནོ། །རྒྱུའི་བྱེད་པའི་དུས་ནི་འབྲས་བུ་འབྱུང་བའི་སྔ་རོལ་གྱི་དུས་མ་ཡིན་ནམ། དེ་ཡང་
འབྲས་བུ་འབྱུང་བར་འགྱུར་བའི་དུས་ལས་ཐག་རིང་བ་ཡིན་ནོ། །རྒྱུའི་བྱེད་པ་དང་འབྲས་བུའི་ཡོད་པ་ཞེས་བྱ་བ་འགལ་བ་མ་ཡིན་ནམ། དེའི་དུས་ན་ཡང་འབྲས་བུ་ཡོད་ན་དུས་མཚུངས་པར་འགྱུར་རོ། །དུས་ཕྱིས་ཡིན་ནོ་ཞེ་ན། འབྲས་བུའི་དུས་ཉིད་ན་རྒྱུའི་བྱེད་པའི་དུས་ཡིན་པའི་ཕྱིར། འབྱུང་བར་
འགྱུར་བ་ལས་ཐག་རིང་བ་མ་ཡིན་ནམ། རྒྱུའི་བྱེད་པ་ནི་རང་གི་དུས་ཁོ་ན་ཡིན་ལ་འབྲས་བུ་ནི་དེའི་ཕྱིས་ཡིན་ནོ་ཞེ་ན། དེ་འདི་ནི་འབྱུང་བར་འགྱུར་བ་ལ་ཡང་མཚུངས་སོ། །འོན་ཏེ་སྔ་ན་མེད་པ་འབྲས་བུ་མི་འབྱུང་ངོ་ཞེ་ན། འདི་ཡང་ཕྱིས་མེད་པ་ཡིན་ན་མི་འབྱུང་བར་མཚུངས་སོ། །སྔ་རོལ་གྱི་བྱེད་པ་རྒྱུ་
ཡིན་ལ་སྔ་རོལ་པས་བྱས་པ་འབྲས་བུ་མ་ཡིན་ནམ། འབྱུང་བར་འགྱུར་བ་ལ་ནི་འདི་མི་སྲིད་དོ། །དེ་ལྟ་མ་ཡིན་ཏེ། བྱ་བ་ལ་ཉེ་བར་ཕྱོགས་པ་ཉིད་ནི་སྔ་རོལ་དུ་བྱས་པ་ཉིད་ཡིན་ལ། དེ་ལ་ཉེ་བར་ཕྱོགས་པའི་བྱེད་པ་ཉིད་ཀྱང་སྔ་རོལ་གྱི་བྱེད་པ་ཡིན་པའི་ཕྱིར་བྱེ་བྲག་ཅི་ཡང་མེད་
དོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་འབྲས་བུ་ལས་སྔར་ཞེས་བྱ་བ་ནས་ཇི་ལྟར་མེད་པ་ལ་ཕན་འདོགས་ཞེས་བྱ་བའི་བར་གྱིས་བྱེད་པ་པོ་དུས་ན་ཡོད་པ་ཉིད་ཀྱི་འབྲས་བུ་ནི་དེ་དང་མཚུངས་པ་ཉིད་དུ་འགྱུར་བར་བསྟན་པ་དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་འདིས་དུས་ཐ་དད་པ་ཉིད་དུའོ། །འབྲས་བུའི་ངོ་བོ་ཡིན་པའི་ཕྱིར་
བྱ་བ་ཡིན་ལ། བར་ཆད་ནི་རིགས་མཐུན་པས་བར་དུ་ཆོད་པ་ཡིན་ཏེ། དེ་མེད་པ་ནི་དེ་མ་ཐག་པའོ། །དེ་ལ་ཡོད་པའི་ཚུལ་དང་ལྡན་པ་ནི་དེ་མ་ཐག་ཏུ་ཡོད་པའོ། །འབྲས་བུའི་ངོ་བོའི་བྱ་བའི་དུས་སུ་གཉིས་ཀ་ཡང་མེད་པ་ཡིན་པར་མཚུངས་པ་ཡིན་པར་བསྟན་པ་ནི། དེ་ནི་གཉིས་ཀ་ལ་ཡང་ཞེས་

བྱ་བའོ། །སྔར་ཡོད་པའི་རྒྱུ་ནི་དེ་མ་ཐག་ཏུ་འདས་པའི་དེ་མ་ཐག་པ་མ་ཡིན་ནམ། འབྱུང་བར་འགྱུར་བ་ནི་ཅུང་ཟད་ནི་ཡུན་རིང་མོ་ནས་ཀྱང་ཡིན་པའི་ཕྱིར། དེ་མ་ཐག་ཁོ་ན་མ་ཡིན་ནོ་སྙམ་དུ་སེམས་པ་ལ། འདས་པ་ཅུང་ཟད་ཀྱང་ཡུན་རིང་མོ་ཉིད་ཡིན་པར་མཚུངས་པར་བསྟན་པ་ནི། དེ་མ་
ཐག་པ་ཉིད་ནི་ཞེས་བྱ་བའོ། །གཉིད་སྟུག་པོས་ནོན་པ་ལས་སད་པའི་ཤེས་པ་ནི་དུས་ཀྱིས་བར་དུ་ཆོད་པས་སྔར་གྱི་ཤེས་པ་ལས་བྱུང་བར་ཅི་ལས་ཤེས། གཉིད་ལོག་པ་ན་རྣམ་ཤེས་མེ