Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 180
Văn bản gốc(Tây Tạng)
Trang 16 / 25 (50.000 ký tự/trang)
ད་པའི་ཕྱིར་རོ། །དེ་ལྟ་མོད་ཀྱི་བདག་ནི་སེམས་མེད་པར་གཉིད་ལོག་གོ་ཞེས་ཤེས་པ་མེད་པར་ དྲན་པ་ཡིན་ནོ། །ཉམས་སུ་མྱོང་བ་ཡོད་ན་དྲན་པའི་ཕྱིར་དེའི་ཚེ་ཡང་ཉམས་སུ་མྱོང་བ་ཡོད་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། གཉིད་ལོག་པར་རྩོམ་པའི་སེམས་རང་རིག་པས་རང་གི་དུས་ཙམ་རིག་པ་དང་གཉིད་ལོག་པའི་དུས་ན་མེད་པ་ནི་སད་པའི་རྩོམ་པའི་དུས་ན་འབྱུང་བས་ཀྱང་ཉམས་ སུ་མྱོང་བའི་ཕྱིར་རོ། །དེ་གཉིས་ནི་རང་ཉིད་མེད་པར་ཉམས་སུ་མྱོང་བ་མ་ཡིན་ནམ་ཞེས་བྱ་བ་གཞན་མེད་པ་ཇི་ལྟར་ཡིན། དེ་ཡང་དེ་ཚེ་ཡོད་ན་རྟོག་པ་དང་བཅས་པའམ་ཅིག་ཤོས་ཀྱང་རང་རིག་པ་ཡིན་ན་རྨི་ལམ་གཞན་བཞིན་དུ་ཅིའི་ཕྱིར་དྲན་པར་མི་འགྱུར། གཉིད་ཀྱིས་ཕྲ་མོར་བྱས་པའི་ ཕྱིར་མི་རིགས་པ་ཡིན་ནོ་ཞེས་བྱ་བ་འདི་ཡང་རང་རིག་པ་དང་འགལ་བ་ཡིན་ནོ། །གང་གི་ཕྱིར་མ་རྟོགས་པ་ཡིན་ན་ནི་དེ་སྐད་དུ་བརྗོད་དོ། །རྣམ་པར་ངེས་ཞེས་བྱ་བ་ནི་སྐད་ཅིག་གིས་འཇིག་པར་རབ་ཏུ་བྱེད་པ་ནི། རྒྱས་པར་རྣམ་པར་དཔྱད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེའི་ཚེ་ན་ཡང་ཁྱད་པར་ མ་ལུས་པའི་སེམས་ཙམ་ནི་དེ་མ་ཐག་པ་སད་པའི་བློའི་རྒྱུ་གང་ཡིན་པ་ཡོད་པ་མ་ཡིན་ནམ་སྙམ་དུ་སེམས་པ་ལ། དེ་ལ་ལུས་ནི་རྒྱུ་མ་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། གོམས་པས་འབྱུང་བའི་ཁྱད་པར་གྱི་ཡིད་ཀྱི་རྣམ་ཤེས་ནི་རྒྱུ་ལུས་ལས་བཞིན་དུ་དེ་ལས་ཀྱང་མི་འབྱུང་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། ། སྔ་མའི་རྣམ་ཤེས་དང་འདྲ་བ་ཉིད་དེ་ལས་བྱུང་བའི་ཁྱད་པར་ཉིད་ཡིན་གྱི་དེའི་བསྐྱེད་བྱ་ཉིད་ནི་མ་ཡིན་པ་མ་ཡིན་ནམ། དེའི་ཕྱིར་སེམས་ཙམ་ལས་སྐྱེས་པ་ལ་ནི་སྔོན་གྱི་ཤེས་པ་ལས་སེམས་དེའི་བག་ཆགས་ལས་ཁྱད་པར་ཅན་དུ་སྐྱེས་པ་ཡིན་ནོ་སྙམ་དུ་སེམས་པ་ལ་དུ་བ་ལ་མེ་བཞིན་དུ་ཁྱད་པར་ སྐྱེད་བར་བྱེད་པ་ཉིད་སྐྱེད་བྱེད་ཡིན་པའི་ཕྱིར་སེམས་ཙམ་ནི་སྐྱེད་བྱེད་མ་ཡིན་ནོ། །ཤེས་བཞིན་པ་མ་ཡིན་པ་དེ་ལ་དེའི་བག་ཆགས་ཀྱི་ལུས་ཅན་དུ་རྟོགས་པར་འགྱུར་ཏེ་ཡང་བའི་ཕྱིར་རོ། །དེ་ཡང་བཀག་པ་ཡིན་ཏེ་ཐལ་ཆེས་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ བསྟན་པ་ནི། དེའི་ཕྱིར་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ཡིན་ལ་ཞེས་བྱ་བ་སྟེ། དེའི་བསྐྱེད་བྱའི་ཁྱད་པར་ཉིད་ནི་དེའི་ཁྱད་པར་གྱིས་ཁྱད་པར་ཅན་ཉིད་ཡིན་ལ་དེ་ལ་མ་འཁྲུལ་པ་ཅན་ཉིད་ཡིན་ཞེས་བྱ་བའི་དོན་ཏོ། །དམིགས་བྱ་མ་ཡིན་པའི་སེམས་ཙམ་ལ་དེ་ལ་མ་འཁྲུལ་པ་ཅན་ ཉིད་དུ་འཛིན་པ་ཡང་མ་ཡིན་ནོ། །ཉེ་བར་མ་དམིགས་པའི་འབྱུང་བར་འགྱུར་བ་ལ་ཇི་ལྟར་མ་འཁྲུལ་པ་ཅན་གྱིས་ཤེས་པ་ཡིན་ཏེ་མི་ཤེས་པ་དེ་ལྟར་ན་འདིའི་ཡང་རྒྱུ་ཉིད་མི་ཤེས་པའི་ཕྱིར་དེ་ཉིད་ཐམས་ཅད་དུ་ནུབ་པར་འགྱུར་དེའི་ཕྱིར་རིམ་གྱིས་དམིགས་པ་དག་གི་དེ་ཉིད་དམིགས་པ་ཡིན་ན་འབྱུང་བར་འགྱུར་ བ་ལ་ཇི་ལྟར་མ་འཁྲུལ་པ་ཅན་ཉིད་ཀྱིས་ཤེས་པ་བཞིན་དུ་མ་འཁྲུལ་བའི་ཡུལ་ཉིད་ཀྱིས་ཤེས་པ་མ་ཉམས་པར་བསྟན་པ་ནི། དེས་ན་འབྱུང་བར་འགྱུར་བ་ལ་ཡང་ཞེས་བྱ་བའོ། །མ་འཁྲུལ་པ་ཅན་ཉིད་བཞིན་དུ་འདིའི་མ་འཁྲུལ་པའི་ཡུལ་ཉིད་རྟོགས་པར་མི་ནུས་པ་མ་ཡིན་ནམ་དེ་དག་ཙམ་ གྱིས་སྔར་བྱུང་བའི་རྒྱུད་ཉིད་ནི་འཇིག་རྟེན་ལ་རྒྱུ་ཉིད་དུ་རྟོགས་པའི་ཕྱིར་རོ་སྙམ་དུ་སེམས་པ་ལ། དེ་ཡང་མ་འཁྲུལ་པའི་ཡུལ་ཉིད་ཁོ་ན་རྒྱུ་ཡིན་གྱི་སྔར་བྱུང་བ་ཉིད་དུ་མ་ཡིན་པར་བསྟན་པ་ནི། གང་ཞིག་གང་གིས་ཞེས་བྱ་བ་སྟེ། དེ་དག་ཙམ་ནི་འཇིག་རྟེན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྒྱུ་མཚན་མ་ འཁྲུལ་པའི་ཡུལ་ཉིད་མ་ཡིན་ནམ་དེ་ཡང་གོང་དུ་བདུན་པས་རྣམ་པར་གཞག་པ་ཡང་རྟོགས་པ་ཡིན་ལ་དེ་དང་འབྲེལ་པ་ཅན་གྱི་འབྲས་བུ་ནི་ཕྱིས་འབྱུང་བ་ཁོ་ན་ཡིན་ནོ་སྙམ་དུ་སེམས་པ་ནི། འོན་ཏེ་ཡང་འདི་ཡོད་ན་འདི་འབྱུང་ཞེས་བྱ་བ་ནི། དེ་ནས་ཀྱང་ནི་བསྟན་པ་ཡིན། །ཞེས་བྱ་བའི་བར་ཀྱིས་སོ། །བདུན་པ་ནི་རྒྱུ་ མཚན་ཙམ་ལས་ཡིན་གྱི་སྔ་མ་ཉིད་རྣམ་པར་འཇོག་པ་ནི་མ་ཡིན་ནམ་རྒྱུ་མཚན་དང་བྱེད་པ་དང་རྒྱུ་རྣམས་ལ་ཞེས་བརྗོད་པའི་ཕྱིར་རོ། །བདུན་པས་རྒྱུ་མཚན་ཉིད་དུ་རྟོགས་པ་ནི་སྔ་མ་ཉིད་ལ་སྒྲོ་བཏགས་པ་ནི་མ་ཡིན་ཏེ། དབྱེ་བ་མ་དམིགས་པའི་ཕྱིར་རོ་ཞེས་བྱ་བ་འདི་ལ་སྨྲ་བ་ནི། དེ་ཡི་རྗེས་སུ་འགྲོ་ལྡོག་ནི། །ཞེས་བྱ་བ་སྟེ། ཡོད་པ་དག་སྐྱེ་ བ་མེད་ན་རྒྱུ་མཚན་ཉིད་ཡིན་པས་མི་སྲིད་ལ་དེ་ལྟ་ཡིན་ན་སྔ་མ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཡོད་པ་དང་སྐྱེ་བ་དག་གིས་སམ་ཉིད་འཕངས་པ་ཡིན་ན་གཞན་རྒྱུ་མཚན་མ་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་ན་རྒྱུ་མཚན་ཅན་ཡང་ཡོད་པ་དང་སྐྱེ་བ་ཞེས་བྱ་བའི་ཚིག་གིས་སྔ་མ་ཉིད་དུ་འགྱུར་བར་བསྟན་པ་ནི། དེ་ནི་མི་བདེན་ཏེ་ཞེས་བྱ་བའོ། །རྒྱུ་མཚན་དང་རྒྱུ་མཚན་མ་ཡིན་པ་འདི་ལས་འདིའོ་ཞེས་རྟོགས་པ་ནི་སྔར་གཞག་པ་ཁོ་ན་རྟོགས་པ་མ་ཡིན་ནམ་སྙམ་དུ་སེམས་པ་ནི། གལ་ཏེ་ཡོད་ན་ཞེས་བྱ་བས་ཞེས་བྱ་བ་སྟེ། འབྱུང་བར་འགྱུར་བ་ཡོད་པ་མ་ཡིན་པ་ལས་དེ་ལྟར་རྟོགས་པར་མི་ནུས་ སོ་ཞེས་བྱ་བའི་དོན་ཏོ། །སྔ་མའི་མངོན་པར་འདོད་པ་ཡང་འབྲས་བུའི་བདག་ཉིད་ཐོབ་པའི་དུས་སུ་མེད་པ་ཁོ་ན་མ་ཡིན་ན། དེ་ཉིད་དེའི་བྱ་བའི་དུས་སུའོ་ཞེ་ན། ཡང་དངོས་པོའི་རང་གི་དུས་ནི་བྱ་བའི་དུས་མ་ཡིན་ཏེ་དངོས་པོས་སྟོང་པའི་ཕྱིར་རོ། །དེའི་ཚེ་ཡང་མེད་པའི་ཕྱིར་ཇི་ལྟར་སྔ་མ་ཉིད་ ཀྱིས་ཆོས་ཉིད་ཡིན་ཞེས་བསྟན་པ་ནི། འདས་པ་ཡང་ཇི་ལྟར་ཡོད་པ་མ་ཡིན་ཞེས་བྱ་བ་སྟེ། དངོས་པོའི་རང་གི་ངོ་བོ་ཁོ་ན་བྱ་བ་ནི་མ་ཡིན་ཏེ། དེའི་ཚེ་ཉིད་འབྲས་བུ་འབྱུང་བར་ཐལ་བས་སྔ་མ་ཉིད་མེད་པར་ཐལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འབྲས་བུའི་དུས་སུ་རང་གི་དུས་ན་ཡོད་པའི་ རྒྱུ་ཡོད་པ་ཡིན་པའི་ཕྱིར་སྔ་མ་ཉིད་དངོས་པོའི་ཆོས་སུ་འགྱུར་བ་མ་ཡིན་ནམ་སྙམ་དུ་སེམས་པ་ནི་འགྱུར་བ་ཡིན་ནོ་ཞེ་ན་ཞེས་བྱ་བའོ། །གཞན་ཡང་འབྱུང་བར་འགྱུར་བ་རང་གི་དུས་ན་བྱུང་བས་ཡོད་པ་དང་སྐྱེ་བ་དག་ཏུ་འགྱུར་བའི་ཕྱིར་ལ་དེ་ཡང་བློས་སྔ་མ་ཉིད་དུ་རྣམ་པར་གཞག་པ་རྟོགས་ པ་ཁོ་ན་ཡིན་པར་བསྟན་པ་ནི། གཞན་ཡང་ཞེས་བྱ་བའོ། །གང་གི་ཚེ་ཡང་མཚོན་བྱེད་ཙམ་གྱིས་བདུན་པ་ནི་དེའི་ཚེ་སྔ་མ་ཉིད་དམ་ཕྱི་མ་ཉིད་དམ་དེའི་ཚེ་ཡོད་པ་ཉིད་རྣམས་ནི་བརྗོད་པར་འདོད་པ་མ་ཡིན་པར་བསྟན་པ་ནི། དེས་ན་ཡོད་ན་ཞེས་བྱ་བའོ། །དེ་ལྟ་ཡིན་ན་བརྗོད་པར་འདོད་པ་ནི་ གང་ཡིན་ཞེ་ན་དེ་ཡོད་པས་ཞེས་བྱ་བ་སྨོས་སོ། །འབྱུང་བར་འགྱུར་པའི་ཡོད་པ་ཡང་ཇི་ལྟར་ཡིན་ཞེ་ན། ཡོད་པས་ཀྱང་ཞེས་བྱ་བ་སྨོས་ཏེ། དེ་ལྟར་ཡང་འཇིག་རྟེན་གྱི་ཐ་སྙད་ཡིན་པར་བསྟན་པ་ནི་འཆི་ལྟས་ནི་ཞེས་བྱ་བའོ། །དུས་ཀྱི་དབྱེ་བ་ལ་བདུན་པ་མ་ཡིན་དུ་ཟིན་ཀྱང་ལྔ་པ་དུས་ཀྱི་རྣམ་ པར་དབྱེ་བ་ཁོ་ན་ལ་འཇུག་པ་ཡིན་ཏེ། དུས་ལ་སོགས་པའི་དབྱེ་བ་ཅན་མ་ཡིན་པ་ནི་དངོས་པོ་མ་ཡིན་པ་ཉིད་ཀྱིས་བྱེད་པ་པོ་ཉིད་མ་ཡིན་པའི་ཕྱིར་རོ་སྙམ་དུ་སེམས་པ་ལ་སྐྱེས་པའི་ཕྱིར་ཞེས་བྱ་བས་ཀྱང་ཞེས་བྱ་བའི་བྱེད་པ་པོ་ཉིད་ནི་བྱེད་པ་པོ་དང་ལས་ཉིད་ལ་སོགས་པ་བློས་སྒྲོ་ བཏགས་པའི་ཡུལ་ཅན་ལ་ནི་འབྱུང་བར་འགྱུར་བ་དང་འདས་པ་ལ་ཡང་མཚུངས་པར་བསྟན་པ་ནི། ཇི་ལྟར་མྱུ་གུ་སྐྱེ་ཞེས་བྱ་བ་སྟེ། སྔར་དམིགས་པ་ཁོ་ན་རྒྱུ་ཉིད་ཡིན་པར་ནི་མི་རིགས་ཏེ་མ་དམིགས་པ་ཡང་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི། གང་གི་དང་པོར་དམིགས་གྱུར་པ། །ཞེས་བྱ་ བ་སྟེ། དམིགས་པ་དང་མི་དམིགས་པ་དག་གིས་འབྲས་བུ་དང་རྒྱུ་ཉིད་ཡིན་ནོ་ཞེས་ཚད་མས་དམིགས་པས་གཞལ་བྱ་ཡོད་པ་ཡིན་པར་བརྗོད་པ་ཡིན་པར་བསྟན་པ་ནི་དེས་ན་དམིགས་པས་ནི་ཞེས་བྱ་བའོ། །ཡོད་པར་མ་འཁྲུལ་པའི་ཡུལ་ནི་རྒྱུ་ཡིན་ལ་མ་འཁྲུལ་པ་ཅན་ནི་འབྲས་བུ་ཡིན་ཞེས་དམིགས་པས་ མཚོན་པ་ཡིན་པར་བསྟན་པ་ནི་དེ་ཡང་མི་འཁྲུལ་པའི་ཡུལ་ཅན་ཡིན་ཞེས་བྱ་བའོ། །མ་འཁྲུལ་པ་ཉིད་ནི་དེ་ཡོད་ན་འབྱུང་བ་ཉིད་མ་ཡིན་ནམ་དེ་ཡང་སྔ་མ་ཉིད་ཀྱིས་ཁྱད་པར་གྱི་རྒྱུ་ཉིད་ཡིན་གྱི་དེ་ཡོད་ན་འབྱུང་བ་ཙམ་འབའ་ཞིག་ནི་མ་ཡིན་ནོ། །སྔ་མ་དང་ཕྱི་མ་ཉིད་མ་ཡིན་པའི་འབྲས་བུ་དང་རྒྱུ་ མཚན་ཉིད་ཡིན་པར་རྒྱུར་འདོད་པ་རྣམས་ཀྱིས་སྨྲས་པ་མ་ཡིན་ནོ་སྙམ་དུ་སེམས་པ་ནི། འོན་ཏེ་མི་འཁྲུལ་པའི་ཡུལ་ཅན་དུ་གྱུར་པ་ན་ཞེས་བྱ་བའོ། །མ་འཁྲུལ་པའི་ཡུལ་ཅན་ཉིད་ནི་རྒྱུ་ཉིད་ཡིན་པ་ལ་མ་འཁྲུལ་པ་ཅན་ཉིད་ནི་འབྲས་བུ་ཉིད་ཡིན་གྱི་སྔ་མ་ཉིད་དག་ཁོངས་སུ་གཏོགས་ པ་མ་ཡིན་པར་བསྟན་པ་ནི། དེ་ཡོད་ན་འབྱུང་ཉིད་ཙམ་གྱིས། །ཞེས་བྱ་བའོ། །གལ་ཏེ་ཡང་མ་འཁྲུལ་པའི་ཡུལ་ཉིད་དེ། རྒྱུ་ཉིད་དེ་རྒྱུ་ཉིད་ལ་སྔོན་ཉིད་ཁོངས་སུ་གཏོགས་པ་མ་ཡིན་པ་དེ་ལྟར་ན་ཡང་དེ་དང་ལྡན་པ་ཁོ་ན་རྒྱུར་བཙལ་བར་བྱ་བ་ཡིན་ཏེ། འཇུག་པའི་ཡུལ་ཡིན་པའི་ཕྱིར་རོ། ། གཞན་ནི་དེ་ལྟ་བུར་གྱུར་པ་ཡིན་ཡང་རྒྱུར་ཐ་སྙད་གདགས་པའི་ཡུལ་མ་ཡིན་ནོ་སྙམ་དུ་སེམས་པ་ནི། འོན་ཏེ་དང་པོ་ཉིད་ནི་ཞེས་བྱ་བའོ། །གལ་ཏེ་རྒྱུ་སྔ་མ་ནི་འབྱུང་བར་འགྱུར་བའི་འཇིག་རྟེན་ཕ་རོལ་མ་མཐོང་བའི་ཕྱིར་རྗེས་སུ་དཔག་པ་མ་ཡིན་ཏེ། འཁྲུལ་པའི་ཕྱིར་འབྲས་བུ་ལ་མ་ངེས་ པ་ཉིད་ཡིན་ཏེ། འཁྲུལ་པ་ཉིད་དུ་སྲིད་པའི་ཕྱིར་རོ། །དེའི་ཕྱིར་རྗེས་སུ་དཔག་པའི་དོན་ལ་འབྱུང་བར་འགྱུར་བའི་རྒྱུ་བརྗོད་བྱ་ཡིན་ནོ་ཞེས་བྱ་བ་འདི་ལ་གཞན་སྨྲ་བ་ནི་ཕྱི་མ་ཉིད་ནི་རྗེས་སུ་དཔོག་པ་གང་ཞེས་བྱ་བ་སྟེ། རྒྱུ་ཡིན་པའི་ནུས་པ་ལས་ཡིན་ཏེ། འབྲས་བུའི་ནི་མ་ཡིན་ཞེས་བྱ་བའི་དོན་ ཏོ། །རྒྱུ་ལས་ཕྱི་ཉིད་ཡིན་པར་རྗེས་སུ་དཔོག་པ་གང་ཡིན་པ་དེ་ནི་རྒྱུའི་ནུས་པ་ལས་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ལན་དུ་དེ་ལ་རྒྱུ་ཉིད་ཀྱང་ཞེས་བྱ་བ་སྟེ། རྒྱུ་ཡིན་ཡང་མ་འཁྲུལ་པས་འབྲས་བུ་ཉིད་ཡིན་ནོ། །འབྲས་བུ་ཉིད་མ་ཉམས་པ་ཡིན་ཞེས་བྱ་བའི་དོན་ཏོ། །གྲོགས་མོ་བུ་དང་བཅས་ པར་བྲོས་པ་ལ་སོགས་པ་ནི་འབྲས་བུ་ཉིད་ཁོ་ན་ཡིན་ཏེ་དེ་ལས་རྗེས་སུ་དཔག་པ་ལས་གཞན་ཉེ་བར་ལེན་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་ན་ཉེ་བར་ལེན་པའི་རྒྱུ་ཡང་དགོས་པ་ལ་མ་གྲུབ་པ་ཁོ་ན་ཡིན་ཏེ་འཁྲུལ་པ་ཡིན་ན་དེ་མི་རིགས་པའི་ཕྱིར་རོ། །དེ་ལྟ་ཡིན་ན་དེ་ཉིད་འབྲས་བུ་ཡིན་ པའི་ཕྱིར་འབྲས་བུ་ཉིད་ཁོ་ན་རྗེས་སུ་དཔག་པ་བཞིན་དུ་ཉེ་བར་ལེན་པ་ཡིན་ཡང་རྒྱུ་མཚན་ཡིན་པར་བསྟན་པ་ནི། གང་ཡང་རྒྱུ་ནུས་པ་ཅན་ཉིད་ལས་ཞེས་བྱ་བའོ། །ལག་ཏུ་ཐོབ་པ་ནི་ཐོབ་པར་ངེས་པ་ཡིན་ཏེ་དེ་ནི་འབྲས་བུ་ཉིད་དང་མཚུངས་པ་ཡིན་ནོ། །རྐང་གིས་བགྲོད་པ་ནི་ཐོབ་པར་ངེས་ པར་མེད་པ་ཡིན་ཏེ། རྒྱུ་ཉིད་དང་མཚུངས་པ་ཡིན་ནོ། །སེན་མོས་བཅད་པར་བྱ་བ་ནི་འབད་པ་མེད་པའི་བསྒྲུབ་བྱ་ཡིན་ལ་དེ་ནི་འབྲས་བུ་ཉིད་ཀྱིས་རྗེས་སུ་དཔག་པ་ཡིན་ཏེ། ལྟོས་པ་མེད་པའི་ཕྱིར་རོ། །སྟ་རེས་བཅད་པར་བྱ་བ་ནི་འབད་པས་བསྒྲུབ་པར་བྱ་བ་ཡིན་ལ་དེ་ནི་རྒྱུ་ཡིན་ཏེ། མ་ངེས་ པ་ཉིད་སྤངས་པ་ནི་འབད་པ་ལ་ལྟོས་པའི་ཕྱིར་རོ། །དྲང་པོ་ཞེས་བྱ་ནི་རྒྱུ་ཉིད་བཞིན་ཏུ་མ་ངེས་སྤང་པ་ལ་ལྟོས་པ་ནི་འཁྱོག་པོ་ཉིད་ཡིན་པའི་ཕྱིར་རོ། །དོན་མེད་ཡིན་ཞེས་བྱ་བ་ནི་འབད་པ་མེད་པར་གྲུབ་པ་ལ་འབད་པ་ལ་བརྩོན་པར་བྱེད་པ་ནི་མཁས་པ་རྣམས་ཀྱིས་སྨད་པ་ཡིན་ནོ། །ཨརྐའི་ ཤིང་ལས་སྤྲང་ཐོབ་ནས། །གང་གི་དོན་དུ་རི་ལ་འཛེག །ཅེས་བྱ་བ་ནི་དོན་ཡིན་ནོ། །དེ་སྐད་དུ་ཡང་། དེ་ཅི་འདྲ་ཞིག་འཕེན་བྱེད་འགྱུར། །དེ་འདྲ་ཕྱིས་ཀྱང་འགྱུར་བ་ཡིན། །ཞེས་བྱ་བ་དང་། ལུས་ནི་གནས་པ་ཡིན་ན་སེམས། །ལྡོག་པ་མེད་པར་ཐལ་བར་འགྱུར། །ཞེས་བྱ་བ་ལ་ སོགས་པ་ནི་རྒྱུ་མ་འོངས་པ་ཡིན་པར་རྗོད་པར་བྱེད་པ་ཡིན་ནོ་ཞེས་ཉེ་བར་བསྡུ་བ་ནི། དེའི་ཕྱིར་མི་འཁྲུལ་པས་ན་ཞེས་བྱ་བའོ། །མི་ཤེས་བཞིན་པ་ནི་ཡོད་པ་ཙམ་གྱིས་སྐྱེ་བ་ཉིད་ནས་བརྩམས་ནས་ལུས་ཇི་སྲིད་ཡོད་པར་བདག་ཉིད་ཉེ་བར་ཕན་འདོགས་པར་བྱེད་པ་རྟེན་ཡིན་ པར་བསྟན་པ་ནི་གང་ཞིག་ཡོད་པས་ཕན་འདོགས་པ་ཡོད་ཅེས་བྱ་བ་སྟེ། དེའི་རྒྱུ་ནི་ཡིན་ཏེ་ལས་ཀྱི་མིང་ཅན་ནོ། །འབྲས་བུ་ལས་སྔར་རམ་ཕྱིས་ཀྱང་ངེས་པར་ཡོད་པ་ནི་རྗེས་སུ་འཇུག་པའོ། །དེའི་ཕྱིར་མ་འོངས་པའི་ཡིད་དམ་སྔ་མ་ཡང་རུང་འདིའི་རྒྱུ་ཡིན་པར་བསྟན་པ་ཡིན་ནོ། །དེ་ལྟ་ཡིན་ དང་ལུས་ནི་རྟེན་དུ་འགྱུར་བ་མ་ཡིན་ནོ། །དེའི་ཕྱིར་གནས་སྐབས་སུ་དགོས་པ་ཡིན་ནོ་ཞེས་བྱ་བ་ནི་འགྲེལ་པའི་དོན་ཡིན་ནོ། །སྐྱེ་བའི་དང་པོ་ལའམ་ཐ་མ་ལའམ་ལུས་ལའམ་སེམས་ཀྱི་འབྲས་བུ་ལའམ་སྔ་མའམ་ཕྱི་མ་ཡང་རུང་བའི་སེམས་ནི་ཤེས་པ་ཉིད་ཕན་འདོགས་པ་ཡང་མ་ཡིན་ལ། འཚོ་བའི་གནས་སྐབས་སུ་ཤེས་པ་ཉིད་ཡིན་ཡང་དེའི་རྒྱུ་མཚན་གྱི་ཕན་འདོགས་པ་ནི་མ་ཡིན་ཏེ། རང་གི་ངོ་བོ་ཙམ་ལ་རག་ལས་པའི་ཕྱིར་རོ། །སེམས་ཀྱི་ཆོས་ཀྱང་ལས་ཀྱི་སེམས་ནི་རྒྱུས་བརྗོད་པས་རྟེན་ཡིན་པར་བརྗོད་པའི་ཕྱིར་སྐྱོན་མེད་དོ། །དེ་ཕྱིར་བློ་གནས་པ་ཡི་རྟེན། །བློ་ཉིད་ལ་ནི་ བརྟེན་པ་འགལ། །ཞེས་བྱ་བ་ལ་སོགས་པས་ལུས་འཕེན་པར་བྱེད་པ་དེ་ལ་སྲེད་པ་དང་བཅས་པའི་ལས་ནི་དེའི་རྟེན་ཡིན་པ་ཉིད་ཀྱིས་སམ་བདག་ཉིད་རྟེན་ཡིན་པ་ཉིད་ཀྱིས་བློ་འཕེན་པར་བྱེད་པས་བློའི་རྟེན་དུ་འགྱུར་བར་བསྟན་པའི་ཕྱིར་སྔར་གྱི་བཤད་པ་ལས་འདི་ལ་ཁྱད་པར་ཅི་ཞིག་ཡོད་ཅེ་ན། སྔ་མས་ནི་སྐྱེ་བའི་དང་པོའི་སེམས་ཀྱི་རྟེན་ཡིན་པར་བརྗོད་ཀྱི་ནམ་མཁའི་མ་ཡིན་ཏེ། དེས་སེམས་ཙམ་དུ་འཕེན་པའི་ཕྱིར་རོ། །འདིས་ནི་ཐ་མའི་ཡང་ཡིན་པའི་ཕྱིར་ཁྱད་པར་ཆེའོ། །སྔ་མ་ལ་ནི་རྒྱུ་སྔ་ན་ཡོད་པའི་ཕྱིར་འདི་ཡོད་ན་དང་འདི་འབྱུང་བ་ལས་ཤེས་ཀྱང་འབྲས་བུ་ལ་བདུན་པ་དང་ ལྡན་པ་དང་རྒྱུ་མཚན་དང་རྒྱུ་ཡིན་པར་གསལ་བར་བྱེད་པར་རིགས་པ་མ་ཡིན་ནམ་གཞན་ལ་ནི་མ་ཡིན་ཏེ། དེའི་ཚེ་དེ་མ་སྐྱེས་པའི་ཕྱིར་རོ། །སྔ་མ་ནི་འབྲས་བུའི་དུས་ན་མེད་ཀྱང་སྐྱེས་པ་ཡིན་པས་རྒྱུ་མཚན་དང་རྒྱུར་ཡང་འགྱུར་རོ་སྙམ་དུ་སེམས་པ་ལ། དེའི་ཕྱིར་བདུན་པ་དང་ཞེས་ བྱ་བ་སྟེ། རྒྱུ་མཚན་དང་རྒྱུ་ཉིད་ཙམ་ནི་བདུན་པ་དང་ལྡན་པ་དག་གི་རྒྱུ་མཚན་ཡིན་ལ་འབྱུང་བར་འགྱུར་བ་ལ་ཡང་དེ་ཡོད་པའི་ཕྱིར་མ་ཉམས་པ་ཡིན་ཏེ་དེ་ལྟར་རྟོགས་པའི་ཕྱིར་རོ། །འཆི་ལྟས་སམ་ཡན་ལག་རྣམ་པར་འགྱུར་བ་ནི་འཆི་བའམ། མངོན་པར་འབྱུང་བའི་མ་འོངས་པའི་ རྒྱུ་མེད་ན་མི་འབྱུང་བ་ནི་དེའི་འབྲས་བུ་རྟོགས་པ་ཁོ་ན་ཡིན་ལ་རྟོགས་པར་རྣམ་པར་བཞག་པ་ཡང་ཡོད་པའམ་རྒྱུ་མཚན་ཡིན་ནོ། །འབྱུང་བར་འགྱུར་བ་ཡང་ཚད་མས་རྣམ་པར་བཞག་པ་མ་ཡིན་ཏེ། དེའི་ཚེ་རང་གི་ངོ་བོ་མེད་པའི་ཕྱིར་རོ། །འདས་པ་ཡོད་པ་ཡིན་ནོ་ཞེ་ན། འགལ་ བ་ཡིན་ནོ། །དེའི་ཚེ་ཡིན་ནོ་ཞེ་ན། དེའི་ཚེ་ནི་མ་ཡིན་ཏེ། དེའི་ཚེ་ན་ཡང་མེད་པའི་ཕྱིར་རོ། །དེའི་ཕྱིར་འདས་པ་དང་མ་འོངས་པའི་དུས་གང་ལ་མེད་ཀྱང་ཅུང་ཟད་རྣམ་པར་བཞག་ནས་རྒྱུ་མཚན་ནམ་རྒྱུར་དེ་རྟོགས་པས་ཐ་སྙད་དུ་བྱེད་པ་ཡིན་ལ་དེ་ཉིད་དེའི་བྱ་བའི་རྗེས་སུ་འབྲངས་ནས་ འཇིག་རྟེན་པ་རྣམས་དངོས་པོའི་དེ་ཁོ་ན་ཉིད་ལ་དེ་ལྟར་ཐ་སྙད་འདོགས་པ་ཡིན་ཞེས་བྱ་བའི་དོན་ཏོ། །ཁྱད་པར་དུ་བྱ་བ་ལ་རྗེས་སུ་དཔག་པ་ལ་སོགས་པའི་ཤེས་པའམ་རྣམ་པར་རྟོག་པའི་ཤེས་པ་རུང་ཁྱད་པར་གྱི་རྟགས་ལ་སོགས་པའི་ཤེས་པ་ཅུང་ཟད་དམ་རྟོགས་པ་མེད་པ་ཅན་ ཡང་རུང་བ་མེད་ན་མི་སྲིད་པའི་ཕྱིར་དེ་ལ་བརྟེན་པར་ནི་རིགས་ཀྱི་ཐམས་ཅད་ནི་མ་ཡིན་ནོ། །འདི་ལ་སྨྲས་པ་རྣམ་པར་གཡེང་བ་ལ་སོགས་པས་སྔ་མའི་སེམས་ཡོན་ཏན་དམ་པ་ཅན་ཉིད་མ་ཡིན་ན་ཕྱི་མ་མི་འབྱུང་བའི་ཕྱིར་སེམས་ཅན་ཐམས་ཅད་ཁོ་ན་སེམས་གཞན་ལ་བརྟེན་པ་ཡིན་ན་ང་ རྒྱལ་དང་བཅས་པའི་ཡིད་ཀྱི་རྣམ་ཤེས་ཉིད་ནི་ཆར་ཡང་སེམས་ལ་བརྟེན་པ་ཡིན་ཏེ་ཕྱི་རོལ་གྱི་ཉམས་སུ་མྱོང་བ་ལས་བྱུང་བ་མ་ཡིན་པ་དང་གོམས་པ་ལས་བྱུང་བའི་ཁྱད་པར་ཡིན་པའི་ཕྱིར་རོ། །རྒྱ་ཤུག་གི་འབྲས་བུ་དང་ཁམ་ཕོར་བཞིན་དུ་ལྷན་ཅིག་ཡོད་པའི་རྟེན་མ་ཡིན་ནམ་དེ་བཞིན་དུ་ཕྱི་མ་ནི་ སྐྱེ་བ་སྔ་མའི་སེམས་ཀྱི་རྟེན་མ་ཡིན་ལ་ཀུན་གཞིའི་བདག་ཉིད་ཀྱི་སེམས་རྟེན་ཉིད་དུ་བརྗོད་པས་དེའི་ཆོས་ཀྱི་ལས་རྗོད་པར་བྱེད་པ་ཡང་མ་ཡིན་ནོ། །དེ་ཡང་དེའི་ཚེ་ཉིད་ཉེ་བ་ཁོ་ན་ཡིན་པའི་ཕྱིར་སྐྱོན་མེད་དོ། །འབྲས་བུའི་སེམས་ཀྱི་དུས་སུ་ཡང་རྒྱུའི་སེམས་ཐམས་ཅད་དུ་ཉེ་བ་ཡིན་པས་རྟེན་ཉིད་ནི་རྟག་ཏུ་དེའི་རྗེས་སུ་འཇུག་ པས་ཞེས་བརྗོད་པ་ཡིན་ནོ། །གོམས་པ་ལས་བྱུང་བའི་རྣམ་པར་རྟོག་པའི་ཚོགས་ནི་བསལ་བར་དཀའ་བ་ཡིན་ཏེ། ཕྱི་རོལ་དང་ནང་གི་ཉམས་སུ་མྱོང་བ་རྣམས་ལྷན་ཅིག་མ་ཡིན་པའམ་གཞན་པའི་ང་རྒྱལ་དང་བཅས་པ་རྟོགས་བཞིན་པའི་འཇིག་རྟེན་ཕ་རོལ་པོ་ནི་བརྙས་པར་འོས་པ་མ་ཡིན་ པའི་ཕྱིར་ཐམས་ཅད་ཁ་ན་མ་ཐོ་བ་མེད་པ་ཡིན་ནོ། །འོ་ན་ལུས་ཀྱང་སེམས་ཀྱི་རྟེན་ཡིན་ཏེ་ཕན་བྱེད་པའི་ཕྱིར་འདོད་པ་ཡིན་ནོ། །དེ་ལྟ་ཡིན་ན་དེ་སེམས་བཞིན་དུ་རྟག་ཏུ་རྗེས་སུ་འཇུག་པས་ཕན་འདོགས་པ་ཡིན་པའམ་གཞན་དུ་ཡང་འགྱུར་གྲང་ན་གལ་ཏེ་སེམས་བཞིན་གཞན་དུ་ཡིན་ན་སེམས་ཀྱང་དེའི་ རྟེན་དུ་འགྱུར་བར་གལ་ཏེ་ཡང་དབང་པོ་མེད་པར་བློ་མ་ཡིན་ཞེས་བྱ་བ་ལ་སོགས་པས་ཕན་ཚུན་རྒྱུ་ཉིད་དུ་བརྗོད་པས་བསྟན་པ་ཡིན་ནོ། །དབང་པོ་དང་བཅས་པའི་ལུས་སུ་བསྟན་པའི་རིགས་པ་ནི་ལུས་ཙམ་ལ་ཡང་མཚུངས་པ་ཡིན་པའི་ཕྱིར་རྟོགས་བྱ་ཁོ་ན་ཡིན་ནོ། །གཞན་དུ་ན་དེ་ལྟ་བུའི་རྟེན་མ་ཡིན། མ་ཡིན་ པ་ཉིད་དུ་བསྟན་པ་ནི་ཕན་འདོགས་བྱེད་པ་ཡང་ཡིན་བླ་སྟེ་ཞེས་བྱའོ། །ཡང་ན་རེས་འགའི་ཕན་འདོགས་པའི་ཕྱོགས་ལ་ཕན་འདོགས་བྱེད་པ་ཡང་ཡིན་བླ་སྟེ་ཞེས་བྱ་བས་སྐྱོན་བརྗོད་ནས་དུས་ཐམས་ཅད་དུ་ཕན་འདོགས་པར་བྱེད་པའི་ཕྱོགས་ལ་ལྡོག་པ་མེད་པར་ཐལ་བར་འགྱུར་བར་བསྟན་པ་ནི། འགལ་བ་བརྗོད་དོ་ཞེས་བྱ་བ་ནི་ཐལ་ཆེས་པ་ལས་སོ། །གལ་ཏེ་ཡང་ཞེས་རྒོལ་བའི་བསམ་པའི་རིགས་པ་ནི་དེ་ལྟ་བུ་ཉིད་དུ་ཡིན་ཞེས་བྱ་བ་ལ་ལྟོས་ནས་གཞན་དུ་ཡང་ཞེས་བྱ་བ་སྟེ། དེའི་གནས་སྐབས་སམ་གཞན་དུ་ཡང་ཞེས་བྱ་བའི་དོན་ཏོ། །ཡང་ན་ལྡོག་པ་མི་འཐད་པ་མ་ཡིན་ཞེས་བྱ་བར་ སྦྱར་ནས་ལྡོག་པ་དང་མི་ལྡོག་པ་དག་བསྡུས་ནས་བཀག་པ་ཡིན་ཏེ། གནས་སྐབས་ཐམས་ཅད་དུ་འབྲས་བུ་དང་ལྡན་པའི་ཕྱིར་རྟེན་ཉིད་ཡིན་ཞེས་བྱ་བའི་དོན་ཏོ། །དེ་དག་གི་རྒྱུ་ནི་སེམས་ལས་གཞན་པ་སྟེ་སེམས་ནི་ལྷན་ཅིག་བྱེད་པ་ཅན་ཡིན་ལ་འདིའི་རྒྱུ་དེ་ཉིད་ཡིན་པས་དེའི་རྒྱུ་ཅན་ཏེ་འབྲས་བུའོ། ། དལ་བ་ཉིད་ནི་དབུགས་འདྲེན་ཞེས་བྱ་བར་མཚམས་བཅད་དོ། །གཞན་དུ་གྱུར་བ་ལས་ནི་དབུགས་རིང་དུ་རྔུབ་པ་ལ་སོགས་པ་ལས་སོ། །ལུས་ཀྱང་སེམས་ཀྱི་རྟེན་ཡིན་ན། གཟུགས་ལ་སོགས་པ་བཞིན་དུའམ་རིད་པ་ལ་སོགས་པའི་གནས་སྐབས་བཞིན་དུ་ཡིན་གྲང་ན་གཟུགས་ལ་སོགས་ བཞིན་ཡིན་ན་ནི་དེ་བཞིན་དུ་དེ་ཡང་དེ་ཡོད་ཀྱང་ལྡོག་པ་མེད་པར་ཐལ་བར་འགྱུར་བའོ། །ཅི་ལས་ཤེ་ན། དེ་ཡོད་ན་སྟེ་དེ་ཉིད་ཡོད་ན་འབྱུང་བ་སྟེ། དེ་ཙམ་བསྐྱེད་བྱ་ཡིན་པའི་ཕྱིར་རོ། །དབང་འགྱུར་ཕྱིར་ཞེས་བྱ་བ་ནི་དེ་རྣམ་པར་འགྱུར་བ་མ་ཡིན་ན་འདི་བསྒྱུར་བྱ་མ་ཡིན་པའི་ཕྱིར་རོ། །ཡང་ ན་རྟག་ཏུ་དེའི་རྗེས་སུ་འཇུག་པས་དེ་སྔ་མས་ལྡོག་པས་ཁྱབ་པའི་མེད་པ་ཡིན་པ་བཞིན་དུ་ཕྱི་མས་རྗེས་སུ་འགྲོ་བས་ཁྱབ་པ་ཡོད་པ་ཁོ་ན་ཡིན་ནོ། །དེ་ལྟར་ན་དེ་ནི་དེ་ལ་བརྟེན་པ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །འོན་ཏེ་རིད་པ་ལ་སོགས་པ་བཞིན་དུ་ཡིན་ན་དེ་ལྟ་ན་ཡང་རེས་འགའ་བ་ནི་དེ་ཙམ་ ལས་མི་འབྱུང་བས་དེ་ལྟ་བུའི་དབུགས་ལ་སོགས་པ་ལ་ལྟོས་པ་ལས་འབྱུང་བ་མ་ཡིན་ནོ་སྙམ་དུ་སེམས་པ་ལ། དེ་ལས་འབྱུང་རྔུབ་ཅེས་བྱས་པ་སྟེ་དེ་ལས་ནི་སེམས་ཉིད་ལས་སོ། །དེ་མ་ཡིན་ན་སེམས་ཏེ་ལས་ནི་འབྱུང་རྔུབ་དག་ལས་སོ་ཞེས་བྱ་བར་སྦྱར་རོ། །ཅི་ལས་ཡིན་ཞེས་བྱ་བ་ལ་ ལྟོས་པ་ཡིན་ན་གནས་སྐབས་ཀྱི་གཏན་ཚིགས་དང་སྦྱར་བར་བྱའོ། །ཇི་ལྟར་ཞེ་ན། དབང་འགྱུར་ཕྱིར་ཏེ་སེམས་ཀྱི་དབང་དུ་འགྱུར་བའི་ཕྱིར་རོ། །སེམས་ཀྱི་དེ་དག་གི་རྒྱུན་དུ་འཇུག་པ་དང་ལྡོག་པ་དག་དང་ཕུལ་དུ་བྱུང་བ་དང་ཕུལ་དུ་བྱུང་བ་མ་ཡིན་པ་དག་ཀྱང་ཡིན་ནོ། །རྒྱལ་པོས་བྲན་ བཞིན་དུ་གཞན་གྱི་བསྐྱེད་བྱ་ཉིད་དེས་དབང་དུ་བྱེད་པ་ཡིན་ནོ་ཞེ་ན། དེ་ཡོད་པ་ཉིད་ན་འབྱུང་བས་གཞན་ལས་སྐྱེ་བར་མ་མཐོང་བའི་ཕྱིར་རོ། །བྲན་ནི་དེ་ལས་བཟློག་པ་ཡིན་ནོ། །དེའི་ཕྱིར་གཞན་ལས་སྐྱེ་བར་མ་མཐོང་བ་ཡིན་ན་དབང་དུ་འགྱུར་བ་ཉིད་གཏན་ཚིགས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འགྲེལ་པ་ མཛད་པས་ནི་སོ་སོའི་གཏན་ཚིགས་གཉིས་ལས་བརྩམས་ནས། བྲན་ནི་གཞན་ལས་སྐྱེ་ཉིད་དུ། །མཐོང་བ་ཡིན་གྱི་དེ་དག་མིན། །ཞེས་བྱ་བ་ནི་དབང་དུ་འགྱུར་བའི་ཁྱད་པར་ཁོ་ན་ཡིན་ཏེ་དེ་ཡོད་ན་འབྱུང་བ་ཉིད་དུ་ཉེ་བར་བསྡུས་པ་ཡིན་ནོ། །གལ་ཏེ་ཡང་དེ་ལས་འབྱུང་རྔུབ་བྱེད་ཅེས་བྱ་བ་འདི་ ཉིད་ཀྱིས་གཏན་ཚིགས་དག་ཏུ་ངེས་སྦྱར་བ་ཡིན་ཡང་ལྡོག་པ་མེད་པར་ཐལ་བར་འགྱུར་རོ་ཞེས་བྱ་བ་ལའང་རྟོགས་པའི་ཕྱིར་སྦྱར་བར་བྱ་བ་དག་ཁོ་ན་ཡིན་ཏེ། གཞན་དུ་ནི་མི་འགྲུབ་པའི་ཕྱིར་དེ་ལ་གནས་པ་དག་འདི་ལ་དབང་བྱེད་པ་ཁོ་ན་ཡིན་པར་རིགས་སོ། །དེ་བཞིན་དུ་འབྱུང་བ་ཙམ་མམ་དེ་ ཡོངས་སུ་གྱུར་པའི་ཁྱད་པར་ཡང་ལུས་ཙམ་མམ་དབུགས་ལ་སོགས་པའི་ཁྱད་པར་ཡང་སེམས་ཀྱི་རྟེན་ཉིད་ཡིན་པ་བཀག་པ་ན་གནས་པའི་རླུང་ངམ་དེའི་ཁྱད་པར་ཅན་གྱི་ལུས་དེ་ཅི་ལས་ཐོབ་པ་ཡིན་དེའི་ཕྱིར་ལྡོག་པའི་དོན་དུ་འབྱིན་པ་དང་འདྲེན་པ་ཞེས་བྱ་བ་ཉེ་བར་སྦྱོར་བར་མི་རིགས་ སོ། །དེའི་ཕྱིར་དབུགས་འབྱུང་བ་ལ་སོགས་པ་ནི་སེམས་ཀྱི་བསྐྱེད་བྱ་ཉིད་དུ་བསྒྲུབས་ནས་དེ་ལས་དེ་མ་ཡིན་ཞེས་བྱ་བའི་དམ་བཅའ་བ་ལ་གནས་སྐབས་ཀྱི་གཏན་ཚིགས་ལས་བཟློག་པ་གཏན་ཚིགས་མ་ཡིན་པ་དང་དེ་མེད་ཀྱང་འབྱུང་བའི་ཕྱིར་དང་དབང་དུ་འགྱུར་བ་མ་ཡིན་པའི་ཕྱིར་ཞེས་བྱ་བ་ ལ་སོགས་པ་ལ་ལྟོས་པ་ཡིན་ནོ། །དབུགས་འབྱུང་བ་དང་རྔུབ་པ་ལ་སོགས་པའི་གནས་སྐབས་ན་དེ་མེད་ན། སེམས་ཡོད་པ་མ་ཡིན་པ་མ་ཡིན་ཞིང་དེའི་དབང་ཡིན་པར་རྟོགས་པ་ནི་མ་ཡིན་ནོ། །དེ་ལྟར་ཡིན་ན་དབུགས་འབྱུང་བ་ལ་སོགས་པ་ཡང་གཉིད་སྟུག་པོས་ནོན་པའི་གནས་ སྐབས་ན་དེ་མེད་ཀྱང་འབྱུང་བ་ཡིན་ན་དབང་དུ་གྱུར་པ་ཡང་མ་ཡིན་པར་མཚུངས་སོ། །འོན་ཏེ་སེམས་ཀྱི་འདུ་བྱེད་པ་ལ་དབུགས་འབྱུང་བ་ལ་སོགས་པ་འབྱུང་བ་ཡིན་ན་ནི་དེ་ལྟར་ན་དེ་སེམས་བསྐྱེད་བྱའི་འདུ་བྱེད་པ་ཡིན་གྱི་ལུས་ཀྱི་མ་ཡིན་ཏེ། དེ་རྒྱུ་མ་ཡིན་པའི་ཕྱིར་རོ། །དབུགས་འབྱུང་བ་ལ་སོགས་པ་ འབྲས་བུ་ཉིད་ལ་དེ་དང་དེ་ལས་གཞན་པའི་རྒྱུས་སྒྲོ་བཏགས་པ་ཡིན་ནོ་ཞེ་ན་ཡང་འདི་ལ་ཡང་སེམས་ལ་སེམས་གཞན་གྱི་རྒྱུ་ཡིན་ན་འབྲས་བུ་ལ་དབུགས་འབྱུང་བ་ལ་སོགས་པར་འདུ་བྱེད་པར་སྒྲོ་བཏགས་པ་ཡིན་ལ་དེ་ན་དེའི་རྒྱུ་ཡིན་པའི་ཕྱིར་གཏན་ཚིགས་ལས་བཟློག་པ་ཡིན་པ་དང་དེ་མེད་ ཀྱང་འབྱུང་བར་མ་གྲུབ་པ་ཡིན་ནོ་སྙམ་དུ་སེམས་པ་ལ། དབུགས་འབྱུང་བ་ལ་སོགས་པའི་སེམས་ཀྱི་བསྐྱེད་བྱའི་ཁྱད་པར་ཇི་ལྟ་བུའི་ངོ་བོ་ཉིད་ཡིན་པ་དེ་ལྟ་བུའི་སེམས་ཀྱི་བསྐྱེད་བྱའི་ཁྱད་པར་ནི་མ་ཡིན་ཏེ། རང་གི་རིགས་གོམས་པའི་བསྐྱེད་བྱའི་ཁྱད་པར་ཉིད་རྟོགས་པའི་ཕྱིར་རོ་ཞེས་བསྟན་པ་ ནི་རླུང་འབྱིན་པ་དང་འདྲེན་པ་ནི་ཞེས་བྱ་བ་སྟེ། དེའི་ངོ་བོ་ཡང་སེམས་ཀྱི་བསྐྱེད་བྱ་ཉིད་དུ་ངེས་པར་གཟུང་བ་ཡིན་པའི་ཕྱིར་རྨི་ལམ་ལ་སོགས་པ་ན་དེ་མེད་ཀྱང་དེའི་འདུ་བྱེད་པ་ལས་དེར་ངེས་པ་ཡིན་ནོ་ཞེས་བྱ་བར་ཡང་མ་གྲུབ་པོ། །ཇི་ལྟར་ཡང་སེམས་ཕུལ་དུ་བྱུང་བ་དང་འགྲིབ་པ་ཡིན་ན། དེ་དག་གི་ ཕུལ་བྱུང་འགྲིབ་པ་ཐོབ་པར་འགྱུར་བའོ། །དེ་བཞིན་དུ་དེ་དག་གི་ཕུལ་དུ་བྱུང་བ་དང་འགྲིབ་པ་ཡིན་ན་སེམས་ནི་དེ་འཐོབ་པར་འགྱུར་བ་མ་ཡིན་ནོ། །དེ་མེད་ན་དབུགས་འབྱུང་བ་ལ་སོགས་པ་ཡོད་ཀྱང་གང་ལས་ཡིན་ཞེས་བྱ་བའི་དབང་དུ་བྱས་ནས་སེམས་ཀྱི་བསྐྱེད་བྱའི་ངོ་བོ་ཡང་དེ་མེད་ཀྱང་དེའི་ འདུ་བྱེད་པ་ཡིན་ནོ་ཞེས་བྱ་བར་ཡང་སྦྱར་བར་བྱའོ། །འདུ་བྱེད་པའི་སྒོ་ནས་དེའི་གནས་སྐབས་ན་ཡང་དེ་ཉིད་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ།། །དེའི་ཕྱིར་སེམས་ཀྱི་བསྐྱེད་བྱ་དབུགས་འབྱུང་བ་ལ་སོགས་པ་བཞིན་དུ་སེམས་ནི་དེ་དག་གི་བསྐྱེད་བྱ་ཡིན་པར་རྟོགས་པ་མ་ཡིན་ཏེ།། དེའི་བསྐྱེད་ བྱ་མ་ཡིན་པའི་ཁྱད་པར་ཡིན་པའི་ཕྱིར། དེའི་ཕྱིར་དེ་དེ་ལས་མ་ཡིན་པར་དམ་བཅས་པ་གྲུབ་པ་ཡིན་ནོ། །དབུགས་འབྱུང་བ་ལ་སོགས་པ་སེམས་པ་ཡིན་ན་སེམས་ཕུལ་དུ་བྱུང་བ་དང་བསྐྱེད་བྱའི་ཁྱད་པར་ནི་དབུགས་འབྱུང་བ་ལ་སོགས་པ་དེའི་བསྐྱེད་བྱ་མ་ཡིན་ལ། དེའི་སྐྱེད་བྱེད་མེད་ ན་གང་ལས་འབྱུང་སྟེ། དེའི་བསྐྱེད་བྱར་གྱུར་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བསྐྱེད་བྱ་ནི་སྐྱེད་བྱེད་ལ་ཕུལ་དུ་བྱུང་བ་ཅན་མ་ཡིན་ལ་དེ་བཞིན་དུ་དབུགས་འབྱུང་ལ་སོགས་པ་ལ་ཡིན་པའི་ཕྱིར་དེ་དབུགས་འབྱུང་བ་ལ་སོགས་པ་ནི་མ་ཡིན་ཏེ། སྐྱེད་བྱེད་ཀྱི་ཆོས་ཀྱི་རྗེས་སུ་བྱེད་པའི་ཕྱིར་རོ། ། ཡང་ན་དེ་དག་སེམས་ཀྱི་བསྐྱེད་བྱ་ཉིད་མ་ཡིན་ལ་སེམས་ཀྱི་བསྐྱེད་བྱའི་ཁྱད་པར་ཉིད་ནི་གནོད་པ་ཅན་འཕེལ་བ་ཡིན་པར་ཕྱེད་སྔ་མས་བསྟན་ནས་ཕྱེད་ཕྱི་མས་སེམས་དབུགས་འབྱུང་བ་ལ་སོགས་པའི་བསྐྱེད་བྱ་ཡིན་ན། སེམས་ལ་དབུགས་འབྱུང་བ་ལ་སོགས་པ་བཞིན་དུ་དེའི་བསྐྱེད་བྱའི་ཁྱད་ པར་ཉིད་དུ་ཐལ་བར་འགྱུར་བར་སྒྲུབ་པ་ཡིན་ནོ། །དེ་ཡོད་པ་མ་ཡིན་པའི་ཕྱིར་དེ་དེ་ལས་མ་ཡིན་ཞེས་བྱ་བར་གྲུབ་པོ། །དབུགས་འབྱུང་བ་ལ་སོགས་པ་རྣམས་སེམས་ལས་བྱུང་བ་ཉིད་ཇི་ལྟར་ཡིན། རྨི་ལམ་ལ་སོགས་པ་ན་དེ་མེད་པའི་ཕྱིར་རོ་སྙམ་དུ་སེམས་པ་ལ་དེ་ལ་ཡང་སེམས་ཀྱི་འབྲས་བུའི་ཁྱད་ པར་དུ་མཐོང་བའི་ཕྱིར་དེ་རྗེས་སུ་དཔག་པ་ནི་རང་གི་ངོ་བོ་མེད་ཀྱང་འདུ་བྱེད་པའི་སྒོ་ནས་ཡོད་པར་ཤེས་པ་ཡིན་པར་བསྟན་པ་ནི། རླུང་འབྱིན་པ་དང་འདྲེན་པ་ནི། །ཞེས་བྱ་བ་སྟེ། སེམས་ཕུལ་དུ་བྱུང་བ་དང་འགྲིབ་པ་ཡིན་ན་དབུགས་འབྱུང་བ་ལ་སོགས་པས་ཕུལ་དུ་བྱུང་བ་དང་འགྲིབ་པ་མེད་པ་གང་ལས་ ཡིན་ཞེས་གནས་སྐབས་དང་སྦྱར་རོ། །གནས་སྐབས་སུ་བཤད་པ་རྣམས་ལ་ཅི་རིགས་པར་མཚུངས་པར་ཐལ་བར་འགྱུར་བ་དང་ཡང་སྦྱོར་བར་བྱའོ། །སེམས་དབུགས་འབྱུང་བ་ལ་སོགས་པའི་བསྐྱེད་བྱ་ཡིན་ན་དེའི་ཁྱད་པར་གྱིས་ཁྱད་པར་ཐོབ་པ་ཡིན་གྱི་ཁྱད་པར་ ཐོབ་པ་འབའ་ཞིག་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེ་མ་ལོག་ན་ལུས་རྒྱུ་ཡིན་པས་འཆི་བའི་གནས་སྐབས་སུ་ཡང་མི་ལྡོག་པར་འགྱུར་རོ་ཞེས་ཐལ་བར་འགྱུར་ཡང་ལུས་རྒྱུ་ཡིན་པར་བསྟན་པ་ལ་མཚུངས་པར་འགྱུར་ལ་དེ་བཞིན་དུ་སེམས་སྐྱེད་བྱེད་ཉིད་དུ་འགྱུར་བའི་ཕྱིར་དེ་དག་བསྐྱེད་བྱ་ཉིད་མེད་པ་འབའ་ཞིག་ ནི་མ་ཡིན་ཏེ། སྔ་མ་བཞིན་དུ་ཐལ་བར་འགྱུར་བ་ཡང་མཚུངས་སོ། །ཡང་ན་སེམས་ཀྱི་བསྐྱེད་བྱ་ཕུལ་དུ་བྱུང་བ་དང་འགྲིབ་པ་ཡིན་ལ་དེ་མེད་ན་དབུགས་འབྱུང་བ་ལ་སོགས་པའི་ཡུལ་ཡིན་ན་ཡང་སེམས་ཀྱི་གང་ལས་ཡིན་ཏེ། མ་ཡིན་པ་ཁོ་ནའོ་ཞེས་བྱ་བ་འདི་ལ་ཡང་ཐལ་བར་འགྱུར་བ་ མཚུངས་པ་ཡང་དབུགས་དབྱུང་བ་ལ་སོགས་པ་རྒྱུ་གནས་པ་ཡིན་ན་སེམས་ལྡོག་པ་མེད་པར་ཐལ་བར་འགྱུར་བའོ། །ཡང་ན་ཇི་ལྟར་རྨི་ལམ་ལ་སོགས་པ་ན་སེམས་ཀྱི་བསྐྱེད་བྱ་ཉིད་ཡིན་ན་དབུགས་འབྱུང་བ་ལ་སོགས་པ་ལ། སེམས་ཀྱི་བསྐྱེད་བྱའི་ངོ་བོའི་སེམས་མེད་ན་མི་འགྱུར་རོ་ཞེས་ ཐལ་བར་འགྱུར་བ་དེ་བཞིན་དུ་སེམས་ཀྱི་བསྐྱེད་བྱ་མ་ཡིན་ན་ལུས་ཀྱི་བསྐྱེད་བྱ་ཡིན་པའི་ཕྱིར་ཤི་བའི་གནས་སྐབས་ན་སེམས་ལོག་ཀྱང་མི་ལྡོག་པར་འགྱུར་ལ་དབུགས་འབྱུང་བ་ལ་སོགས་པའི་བསྐྱེད་བྱ་ཡིན་ན། སེམས་ཕུལ་དུ་བྱུང་བ་དང་འགྲིབ་པའི་བསྐྱེད་བྱ་ཕུལ་དུ་བྱུང་བའམ་འགྲིབ་པའམ་ གཞན་ཡང་རུང་བ་དབུགས་འབྱུང་བ་ལ་སོགས་པ་དེའི་བསྐྱེད་བྱ་མ་ཡིན་པ་ལ། གང་ལས་ཡིན་ཞེས་བྱ་བ་འདི་ལ་ཡང་དབུགས་འབྱུང་བ་ལ་སོགས་པའི་བསྐྱེད་བྱའི་སེམས་དང་སེམས་ཀྱི་བསྐྱེད་བྱ་མ་ཡིན་པ་དེ་ལ་ཡང་སེམས་ལོག་པ་ཡིན་ན། ལྡོག་པ་སེམས་ཀྱི་བསྐྱེད་བྱ་ ཉིད་མེད་ན། གང་ལས་ཡིན་ཞེས་བཟློག་པ་མེད་པར་ཐལ་བར་འགྱུར་ཏེ། སེམས་ལོག་ཀྱང་སེམས་ལ་བཤད་པའི་ཐལ་འགྱུར་དང་དེ་དག་གི་མཚུངས་པ་ཡིན་ཏེ། འབྲས་བུ་ལོག་ན་རྒྱུ་ལྡོག་པ་མ་ཡིན་ཏེ། ཁས་མ་བླངས་པའི་ཕྱིར་རོ། །འོན་ཏེ་དེ་དག་གི་ཕུལ་དུ་བྱུང་བ་དང་འགྲིབ་པ་ ཡིན་ན་དེའི་བསྐྱེད་བྱ་སེམས་ལ་ཡང་ཕུལ་དུ་བྱུང་བ་འགྲིབ་པ་ཐོབ་པར་འགྱུར་རོ་ཞེས་བྱ་བ་དག་གི་དོན་ཡིན་ན། དེ་ལྟར་ན་དེ་དག་རྒྱུ་ཡིན་པས་དེ་དག་གི་འབྲས་བུ་སེམས་ལ་ལྡོག་པར་ཐལ་བར་འགྱུར་བ་ནི་རྨི་ལམ་ལ་སོགས་པ་དང་གཞན་ལ་ཡང་ལུས་རྒྱུ་ཡིན་པར་མཚུངས་པ་ཡིན་ཏེ་རྨི་ལམ་ བཞིན་དུ་གཞན་ལ་ཡང་ལུས་ཡོད་ན་དབུགས་འབྱུང་བ་ལ་སོགས་པ་ཡོད་པ་དང་རྗེས་སུ་འཇུག་པའི་ཕྱིར་རོ། །སེམས་རྒྱུ་ཡིན་ན་རྨི་ལམ་བཞིན་དུ་གཞན་ལ་ཡང་སེམས་དེའི་འདུ་བྱེད་པ་ལས་ཡིན་པའི་ཕྱིར་ཐལ་འགྱུར་འདི་ནི་མཚུངས་པ་མ་ཡིན་ནོ། །རྒྱུ་གཞན་ཡང་ལྷན་ཅིག་ བྱེད་པའམ་རང་དབང་ངམ་ལས་ཀྱི་མིང་ཅན་དུ་ཁས་བླངས་པའི་ཕྱིར་དེ་མེད་ན་སེམས་མེད་པའི་ཕྱིར་དེའི་འབྲས་བུ་དབུགས་འབྱུང་བ་ལ་སོགས་པ་ནི་ལུས་གནས་ཀྱང་མེད་པ་མི་སྲིད་པ་མ་ཡིན་ཏེ། ལུས་གནས་ཀྱང་སེམས་མེད་པ་ལ་སོགས་པའི་འབྲས་བུ་སྣ་ཚོགས་པ་མཐོང་བའི་ ཕྱིར་བརྟག་བྱ་སྣ་ཚོགས་པའི་བག་ཆགས་ཀྱི་ངོ་བོ་ནི་སེམས་ཀྱི་ཆོས་ཡིན་གྱི་འབྱུང་བའི་ཆོས་མ་ཡིན་ཏེ། ཐམས་ཅད་དུ་འབྱུང་བ་རྣམས་དབུགས་འབྱུང་བ་ལ་སོགས་པ་དང་ཐུན་མོང་བ་ཉིད་ཀྱིས་སྣ་ཚོགས་པ་མ་ཡིན་པར་ཐལ་བར་འགྱུར་རོ། །གནས་པའི་འཕེན་བྱེད་གཞན་དག་ ཀྱང་། །མཚུངས་མ་ཡིན་ནི་མཚུངས་པ་མ་ཡིན་པ་སྟེ་ལུས་ཀྱི་རྒྱུ་དང་ངོ་། །སེམས་ཀྱི་ཆོས་ཀྱི་བག་ཆགས་སྣ་ཚོགས་པ་ལས་ལུས་དང་སེམས་ལ་སོགས་པ་སྣ་ཚོགས་པ་ཉིད་དུ་མཐོང་བ་ཡིན་པར་བསྟན་པ་ནི། གཉིད་དང་འབྲེལ་པ་ཙམ་གྱིས་ནི། །ཞེས་བྱ་བའོ། །སེམས་ལ་སོགས་པ་ སྣ་ཚོགས་པ་དེ་ཉིད་ཀྱང་སྐྱེ་བའི་དང་པོ་ལ་བག་ཆགས་ཀྱི་བསྐྱེད་བྱ་ཡོད་པའི་ཕྱིར་ཇི་ལྟར་སྐྱེ་བ་སྔ་མ་སྔ་མ་ཡིན་ཞེས་བསྟན་པ་ནི། དེ་ཕྱིར་སེམས་ཅན་ཐམས་ཅད་ཉིད། །ཅེས་བྱ་བ་སྟེ། འབྲས་བུའི་ཤུགས་ཀྱིས་ཀྱང་རྒྱུ་སྐྱེ་བ་སྔ་མ་ལ་གང་ཞིག་མེད་ན་མི་འགྲུབ་པ་དེ་ཐམས་ཅད་དེ་ཁོ་ན་ བཞིན་དུ་བརྟག་པར་བྱ་བ་ཡིན་པར་བསྟན་པ་ནི། བག་ཆགས་སྟོབས་ལས་བྱུང་གྱུར་ཀྱང་། །ཞེས་བྱ་བའོ། །སྐྱེ་བ་སྔ་མ་ལས་སྐྱེ་བ་འདིའི་འཕོ་བ་ཡིན་པར་ཚད་མའི་ནུས་པས་གྲུབ་པ་ལ་དཔེ་ལ་ལྟོས་པ་གསལ་བ་ཡིན་ཡང་ནུས་པ་ཆེན་པོར་ཁས་བླངས་ནས་བསྟན་པ་ནི་ལུས་གཞན་དུ་ འཕོ་བ་ཇི་ལྟར་ཡིན་ཞེས་བྱ་བ་ནས་ལྟག་ཆོད་ཡིན་པར་བསལ་ཞེས་བྱ་བའི་བར་གྱིས་བསྟན་པ་ཡིན་ནོ། །སད་པ་དང་རྨི་ལམ་གྱི་སེམས་ལ་སོགས་པའི་རྒྱུན་ལ་བདེན་པ་དང་ཅིག་ཤོས་ཀྱི་རྣམ་པར་དབྱེ་བ་མེད་པས་བག་ཆགས་ཀྱི་བསྐྱེད་བྱ་ཉིད་ཡིན་པ་ལ། གནོད་པ་ མེད་པས་འབྲས་བུ་ལས་རྒྱུ་རྗེས་སུ་དཔོག་པའི་ཕྱིར་འཇིག་རྟེན་ཕ་རོལ་གྲུབ་པ་ལ་གནོད་པ་ཅི་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །ཉེ་བར་ལེན་པ་གཅིག་ལས་བྱུང་བའི་གནས་ཀྱི་ས་བོན་ཆུ་ལ་སོགས་པ་དང་ཕྲད་པ་ཆེ་བ་དང་ཆེས་ཆེ་བ་ལ་སོགས་གནས་སྐབས་སུ་སོན་པ་ཡང་དབྱེ་བ་མེད་པར་མ་ཡིན་ ནམ་དེ་བཞིན་དུ་ལུས་ཀྱང་བྱིས་པ་དང་གཞོན་ནུ་ལ་སོགས་པའི་གནས་སྐབས་དག་ལ་ཐ་དད་པ་མ་ཡིན་ནོ་སྙམ་དུ་སེམས་པ་ནི། ཉེར་ལེན་གཅིག་གི་དངོས་པོ་ལས། །ཞེས་བྱ་བའོ། །ལན་ནི་དེ་ལྟར་ན་ཡང་ལུས་གཞན་ཉིད་ལྡོག་པར་འགྱུར་བ་ནི་མེད་ཅེས་བྱ་བར་མཚམས་སྦྱོར་རོ། །ཅིའི་ཕྱིར་ ཞེ་ན། མཚན་ཉིད་མི་མཐུན་པ་ཉིད་ནི་ཐ་དད་པ་ཉིད་དོ། །དེ་ཉིད་ནི་གཅིག་ཉིད་དོ། །ས་བོན་ཡང་ཆེར་སྐྱེས་བ་ལ་སོགས་པའི་དབྱེ་བས་བསྟན་པ་ནི། གཞོན་ནུ་ལ་སོགས་པའི་ལུས་ཞེས་བྱ་བའོ། །ལུས་བཞིན་དུ་སེམས་ཀྱང་ཐ་དད་པ་མ་ཡིན་ནམ། ཇི་ལྟར་འཕོ་བ་ཡིན་ཞེ་ན། དེ་དང་ལྷན་ ཅིག་སྤྱོད་པར་ཞེས་སྨོས་སོ། །སྔ་མ་སྔ་མའི་སེམས་ཙམ་ལས་འབྱུང་བའི་སེམས་ཀྱང་ལུས་དེ་ལ་སྲེད་པའི་བག་ཆགས་སྙིང་པོ་ཅན་ཡིན་པའི་ཕྱིར་ལུས་དང་ལྷན་ཅིག་འབྱུང་བ་ཡིན་པར་བསྟན་པ་ནི། བག་ཆགས་ཀྱི་སྟོབས་ཀྱིས་ཞེས་བྱ་བའོ། །མཐོང་བ་ནི་ཞེས་བྱ་བ་ནི་ཉེ་བར་དམིགས་པ་ ཡོད་པའོ། །དེ་ཇི་ལྟར་ཡིན་གཞན་དུ་ན་སད་པ་ན་དམིགས་པ་བཞིན་དུ་དམིགས་པ་ཐམས་ཅད་ཡོད་པ་ནི་མ་ཡིན་ཏེ། འོ་ན་ཅི་ཞེ་ན། བདེན་པ་ཡིན་ནའོ་སྙམ་དུ་སེམས་པ་ནི་ཇི་ལྟར་མི་བདེན་པ་བཞིན་དུ་ཞེས་བྱ་བའོ། །ཕྱིན་ཅི་ལོག་ཏུ་དམིགས་པ་ནི་གནོད་པ་ཅན་མ་ཡིན་ནོ། གནོད་བྱ་ གནོད་བྱེད་དག་ལ་བྱེ་བྲག་མེད་དོ་ཞེས་བསྟན་པ་ནི། གང་གི་ཚེ་རྟོགས་པ་དེ་ཞེས་བྱ་བའོ། །འོན་ཏེ་སྔ་མ་ལ་གནོད་པས་ཤེས་པ་ཕྱི་མ་སྐྱེས་པ་ཡིན་ལ་དེ་ཉིད་གནོད་པ་ཅན་ཡིན་ནོ། །ཕྱི་མ་ནི་སྔ་མ་ལ་གནོད་པ་མ་ཡིན་ཏེ་མ་བྱུང་བའི་ཕྱིར་རོ། །སྔ་མ་ལ་གནོད་པ་མེད་ན་ཕྱི་མའི་སྐྱེ་བ་མི་འགྲུབ་པོ་ སྙམ་དུ་སེམས་པ་ནི། ཇི་སྟེ་སད་ན་མ་དམིགས་སོ་ཞེ་ན་ཞེས་བྱ་བའོ། །ཕྱི་མས་སྔ་མ་ལ་གནོད་པ་ནི་རྨི་ལམ་ལ་ཡང་ཡོད་པའི་ཕྱིར་དེ་ཡང་ཁྱད་པར་མ་ཡིན་པར་བསྟན་པ་ནི། སད་པ་དང་མ་སད་པ་དག་ཅེས་བྱ་བའོ། །སད་པའི་སེམས་ནི་གཉིད་དང་བྲལ་བའི་བདག་ཉིད་རིག་པར་བྱེད་པ་ མ་ཡིན་ནམ་སྙམ་དུ་སེམས་པ་ནི། ང་སད་དོ་སྙམ་དུ་ཞེས་བྱ་བའོ། །རྨི་ལམ་གྱི་སེམས་ཀྱང་དེ་བཞིན་དུ་བདག་ཉིད་རིག་པ་ཡིན་པར་བསྟན་པ་ནི། ང་སད་དོ་སྙམ་པ་ཞེས་བྱ་བའོ། །མེད་པ་ནི་གཞལ་བྱའིའོ། །མི་བདེན་པ་ཉིད་ནི་ཚད་མའིའོ། །འོན་ཏེ་སད་པ་ན་བཟའ་བཏུང་དམིགས་ པའི་དོན་བྱེད་པ་རྨི་ལམ་ན་རྗེས་སུ་འཇུག་པ་ཡིན་ཏེ། སད་པ་ན་བཤང་བ་ལ་སོགས་པ་དམིགས་པའི་ཕྱིར་དེའི་ཕྱིར་བདེན་པ་ཉིད་ཡིན་ནོ། །རྨི་ལམ་དུ་དམིགས་པའི་གནས་སྐབས་ན་རྗེས་སུ་འགྲོ་བ་མ་ཡིན་ཏེ། དེའི་ཕྱིར་མི་བདེན་པ་ཉིད་ཡིན་ནོ་སྙམ་དུ་སེམས་པ་ནི། འོན་ཏེ་བག་ཆགས་སྟོབས་ ཆུང་བའི་ཕྱིར་ཞེས་བྱ་བའོ། །དེ་ལྟ་ཡིན་ན་མ་འོངས་པའི་དངོས་པོས་མི་བདེན་པ་ཡིན་གྱི་རང་གི་ངོ་བོས་མ་ཡིན་པར་བསྟན་པ་ནི། འོ་ན་གང་ལ་བག་ཆགས་བསྟན་པ་ཡོད་པར་ཞེས་བྱ་བའོ། །རང་གི་ངོ་བོ་ཉིད་ཀྱིས་བདེན་པ་ལ་ལྟོས་ནས་འཕོ་བ་བདེན་པ་ཉིད་དུ་བསྟན་པ་ཉེ་བར་བསྡུ་བ་ནི། དེ་ནི་རང་གི་ངོ་བོར་ཡོད་པ་ཉིད་ཅེས་བྱ་བའོ། །རྨི་ལམ་དུ་དམིགས་པ་ཐུན་མོང་བ་ཉིད་ལའང་བདེན་པའི་རྒྱུ་མཚན་ཡོད་པར་བསྟན་པ་ནི། གང་དུ་ལྷས་བསྟན་པས་ཞེས་བྱ་བའོ། །དེ་འདི་ལྟར་རྨི་ལམ་དུ་དམིགས་པ་ཡོད་པའི་ཕྱིར་འཕོ་བ་ཡོད་པ་ཁོ་ནར་གྲུབ་ན་ཡུན་རིང་པོར་གནས་པ་དང་ ཅིག་ཤོས་ཉིད་ཀྱིས་བདེན་པ་དང་མི་བདེན་པ་ཉིད་ཀྱིས་ཁྱད་པར་དུ་རྟོགས་པས་དེ་དགག་པ་རྣམ་རྟོག་དང་མཚུངས་པ་ཡིན་པར་བསྟན་པ་ནི། འཕོ་བ་རབ་ཏུ་གྲུབ་པས་ན། །ཞེས་བྱ་བའོ། །ཡུལ་གཞན་བཞིན་དུ་གོམས་པའི་ཁྱད་པར་གྱི་བསྐྱེད་བྱར་འདོད་པ་ཡིན་ཏེ། ཤིན་ཏུ་ཆེར་མཐོང་ བའི་ཕྱིར་སྐྱེ་བ་སྔ་མ་ལས་འཕོས་པ་རྗེས་སུ་དཔག་པའི་ཡུལ་ཡིན་པར་བསྟན་པ་ནི། སྐྱེ་བ་དང་པོའི་སེམས་ཀྱི་འདུ་བྱེད་པའི་འབྲས་བུ་ཞེས་བྱ་བའོ། །ཡུན་རིང་པོར་མི་གནས་པས་གཟུང་བ་ལ་འཁྲུལ་པ་ཡིན་ཡང་བག་ཆགས་ཀྱི་བསྐྱེད་བྱ་ཉིད་ལ་མི་གནོད་པའི་ཕྱིར་དཔེ་ཡིན་པར་སྔར་བསྟན་ནས་ ད་ལྟར་ནི། གཟུང་བ་ལ་ཡང་འཁྲུལ་པ་མ་ཡིན་ནོ་ཞེས་བྱ་བའི་ཁྱད་པར་ཡིན་ནོ། །གསལ་བ་ཞེས་བྱ་བ་ནི་མངོན་པར་འདོད་པའི་ཁྱད་པར་ཏེ་གོམས་པའི་བསྐྱེད་བྱའི་མངོན་པར་འདོད་པའི་ཁྱད་པར་དང་ལྡན་པ་ནི་སྐྱེ་བ་འདི་ལ་གོམས་པ་མེད་པའི་ཕྱིར་སྐྱེ་བ་སྔ་མའི་གོམས་པ་དང་ ལྡན་པ་ཡིན་པར་རྟོགས་པ་ཡིན་ལ་དེའི་ཕྱིར་འཕོ་བ་ཡིན་པར་རྟོགས་པའི་དོན་བསྟན་པ་ནི། ལུས་ལ་ཀུན་དུ་འཛིན་ཞེས་བྱ་བ་སྟེ། རེ་ཞིག་དང་པོར་ཞེས་བྱ་བ་ནི་འབྲས་བུ་སྟེ། ཕྱོགས་ཀྱི་ཆོས་སོ། །སྔོན་གྱི་ལུས་ཀྱི་གོམས་པའི་ཞེས་བྱ་བ་ནི་བསྒྲུབ་བྱ་སྟེ་དེ་འཛིན་པར་བྱེད་པ་ཡང་ཡིན་པར་ བསྟན་ལ་དེ་ནི་འདི་ལྟར་ཕྱིས་ཁྱབ་པར་གྲུབ་པ་ཡིན་ན་ཁྱད་པར་འགྲུབ་པ་རྗེས་སུ་དཔག་པའི་འབྲས་བུ་ཡིན་པར་བསྟན་པ་ཡིན། སྔོན་གྱི་ལུས་ལ་ཀུན་དུ་འཛིན་པ་གོམས་པ་ཞེས་བྱ་བའོ། །ལྡོག་པ་བསྟན་ནས་རྗེས་སུ་འགྲོ་བ་བསྟན་པ་ནི། དེའི་ཤུགས་ཀྱིས་ཞེས་བྱ་བ་སྟེ། སྐྱེ་བ་ འདི་ལ་གོམས་པ་མེད་པ་ཡིན་ན་གོམས་པའི་བསྐྱེད་བྱའི་ཁྱད་པར་སྐྱེ་བ་གཞན་ལ་གོམས་པ་ཡིན་པར་སྒྲུབ་པར་བྱེད་པས་འཕོ་བ་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཁྱད་པར་ཉེ་བར་མ་བཞག་པས་རྗེས་སུ་དཔག་པ་མི་འཇུག་པར་བསྟན་པ་ནི། དེ་ལྟ་མ་ཡིན་ན་ནི་ཞེས་བྱ་ བའོ། །འབྲས་བུ་ལས་རྒྱུ་རྟོགས་པ་བཞིན་པ་ནི། ཡུལ་དང་དུས་དེ་ལས་ཡིད་ཀྱི་ཡུལ་དང་དུས་གཞན་ལས་ནི་མ་ཡིན་ནོ་ཞེས་བྱ་བ་དེ་ཙམ་གྱི་རྗེས་སུ་དཔག་པ་འཇུག་པ་མ་ཡིན་ནམ། དེ་ཉིད་འདིར་འཕོས་པ་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ནི། འོན་ཏེ་འཕོ་བ་ལ་མངོན་སུམ་མེད་པས་ཞེས་བྱ་ བ་སྟེ། འཕོ་བ་ལ་ཁྱབ་པ་འཛིན་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །འབྲས་བུ་ལ་རྒྱུ་ཙམ་དུ་རྟོགས་པ་ལ་ནི་འཕོ་བ་མ་ཡིན་ཏེ། རྒྱུ་ཐ་དད་པའི་ཡུལ་ཡིན་པའི་ཕྱིར་རོ། །རྒྱུད་གཅིག་ཡིན་ན་སྐྱོན་དེ་མེད་པར་བསྟན་པ་ནི། རྗེས་དཔག་བྱ་ལ་མངོན་སུམ་ནི། །ཞེས་བྱ་བ་སྟེ། འབྲས་བུའི་སེམས་ ལས་རྒྱུའི་སེམས་རྟོགས་བཞིན་བ་ནི་དེ་ཁོ་ན་འདི་ཡིན་ཞེས་རྒྱུད་གཅིག་འཛིན་པའི་ཡུལ་ཡིན་པའི་ཕྱིར་འཕོ་བ་ཁོ་ན་ཡུལ་ཡིན་ཞེས་བྱ་བའི་དོན་ཏོ། །འཕོ་བའི་འབྲས་བུ་ཉིད་དུ་འགར་ཡང་ཅུང་ཟད་ཉེ་བར་དམིགས་པ་གཞན་དུ་ཡང་། དམིགས་ན་འཕོ་བ་ཡིན་ པར་རྟོགས་པར་བྱེད་པ་མ་ཡིན་ནམ་ཞེས་ཐུན་མོང་པས་ཡིན་ནོ་སྙམ་དུ་སེམས་པ་ནི། འོན་ཏེ་དེའི་རིགས་ལ་ཞེས་བྱ་བའོ། །མངོན་པར་འདོད་པའི་ཁྱད་པར་ནི་ལུས་སམ་དེ་ལ་ཕན་བྱེད་པ་ཡང་རུང་གོམས་པ་སྔོན་དུ་འགྲོ་བ་ཅན་ཉིད་དུ་དམིགས་པ་ལ་རྗེས་སུ་དཔག་པ་འཇུག་པར་བྱེད་པའི་ ཕྱིར་དེའི་རིགས་ལ་མངོན་སུམ་དུ་འཇུག་པ་མེད་པ་མ་ཡིན་པར་བསྟན་པ་ནི། རེ་ཞིག་ལུས་སམ་ཞེས་བྱ་བའི་ལུས་གཅིག་ཉིད་ལ་མངོན་པར་འདོད་པའི་བྱེ་བྲག་ནི་གོམས་པའི་སེམས་སྔོན་དུ་འགྲོ་བ་ཅན་དུ་དམིགས་པ་ཡིན་གྱི་ལུས་གཞན་ལ་ནི་མ་ཡིན་པ་མ་ཡིན་ནམ་དེ་ལ་ནི་འཕོ་བར་འདོད་པ་ ཡིན་ནོ་སྙམ་དུ་སེམས་པ་ནི། ཇི་ལྟར་དེའི་རིགས་ལ་ཞེས་བྱ་བའོ། །ལན་ནི་གལ་ཏེ་མངོན་སུམ་གྱིས་འཕོ་བ་མ་མཐོང་ཡང་འཕོ་བ་དང་རྗེས་སུ་མཐུན་པའི་ཞེས་བྱ་བ་སྟེ། གོམས་པའི་བསྐྱེད་བྱའི་དངོས་པོ་ནི་ལུས་འདི་ལ་གོམས་པ་མེད་པས་སྐྱེ་བ་སྔ་མའི་ལུས་ཀྱི་གོམས་པ་ཡིན་པར་རྟོགས་པས་ འཕོ་བར་རྟོགས་པ་ཡིན་པར་བརྗོད་དོ་ཞེས་བྱ་བའི་དོན་ཏོ། །རྗེས་སུ་དཔག་པ་ཐམས་ཅད་ལ་སྤྱིས་རྗེས་སུ་འགྲོ་བ་ཡིན་ལ་ཁྱད་པར་ནི་ཇི་ལྟ་བ་བཞིན་མ་ཡིན་པའི་འབྲེལ་པ་འཛིན་པའི་ཡུལ་མ་ཡིན་པར་བསྟན་པ་ནི་དུ་བ་ལས་ཞེས་བྱ་བའོ། །ལུས་གཞན་ལས་ལུས་གཞན་དུ་འཕོ་བ་སྒྲུབ་པ་ལ་དེ་ ལས་བཟློག་པའི་ལུས་གཞན་ལ་འཕོ་བར་སྒྲུབ་པར་བྱེད་པར་འགལ་བ་མ་ཡིན་ནམ། རྨི་ལམ་གྱི་ལུས་ལ་འཕོ་བར་མཐོང་བའི་ཕྱིར་ཞེས་བྱ་བ་འདི་ལ་ཡང་བདེན་པའི་ལུས་གཞན་ལ་འཕོ་བ་སྒྲུབ་པ་ལ་དེ་ལས་བཟློག་པ་མི་བདེན་པའི་ལུས་གཞན་ལ་འཕོ་བར་སྒྲུབ་པར་བྱེད་པའི་ཕྱིར་འགལ་བ་ ཡིན་ནོ་སྙམ་དུ་སེམས་པ་ནི། འོན་ཏེ་ཡང་དཔེར་ན་ཞེས་བྱ་བ་ལ་སོགས་པའོ། །དེའི་ཕྱིར་འཇིག་རྟེན་ཕ་རོལ་ནི་བདེན་པར་ཞེས་བྱ་བ་ནི་ཇི་ལྟར་མཐོང་བའི་རྗེས་སུ་དཔག་པ་འཇུག་པ་ཡིན་ན་དེ་ལྟ་ན་ཡང་འགལ་བ་ཁོ་ན་ཡིན་ཞེས་བྱ་བའི་དོན་ཏོ། །རྨི་ལམ་བཞིན་དུ་ཡང་འཕོ་བར་སྒྲུབ་པ་ཡིན་ན་དེ་ ཁོ་ན་བཞིན་དུ་འཕོ་བའི་འགལ་བ་རྣམ་པར་བཅད་པ་ནི་འདོད་པ་དང་འགལ་བ་གྲུབ་པར་འགྱུར་རོ་ཞེས་ཟེར་བ་ནི། ཡང་ཇི་ལྟར་ཞེས་བྱ་བའོ། །ལུས་གཞན་ལ་འཕོ་བ་དོར་བ་ནི་ལུས་དེ་ཉིད་དུ་འཕོ་བ་ཡིན་ན་འགལ་བ་ཡིན་པར་ལན་གདབ་པར་འདོད་པས་ལུས་དེ་ཉིད་ཀྱིས་ཞེས་བྱ་བ་སྨོས་སོ། །མི་ བདེན་པ་ལས་འོངས་པར་འགྱུར་ན་ཞེས་བྱ་བའི་ལན་ནི། རྨི་ལམ་རིག་པ་ཐམས་ཅད་ནི་ཞེས་བྱ་བའོ། །གཏན་དུ་རྣམ་ཆད་པ་ཞེས་བྱ་བའི་ལན་ནི། སད་པ་དག་དང་འབྲེལ་པར་དམིགས། །ཞེས་བྱ་བའོ། །གལ་ཏེ་ལུས་དེ་ཉིད་ལ་འཕོ་བ་ལ་ནི་མངོན་སུམ་གྱིས་གནོད་པ་ཡིན་ལ་ ལུས་གཞན་ལ་ཡང་མ་མཐོང་བའི་ཕྱིར་འཕོ་བ་ཉིད་དུ་མི་འགྱུར་རོ་སྙམ་དུ་སེམས་པ་ལ་དེ་རྣམ་པར་འགྲེལ་པ་ནི་བཤད་ཟིན་ཏེ། གོམས་པའི་བསྐྱེད་བྱའི་ཁྱད་པར་ནི་དེ་མེད་ན་མི་འབྱུང་ལ་འདི་ལ་ནི་དེ་མེད་པའི་ཕྱིར་སྲིད་པ་སྔ་མ་ལ་ངེས་པས་ལུས་དེ་དང་འབྲེལ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡོངས་ སུ་བཏང་བ་ཞེས་བྱ་བ་རྣམ་པར་འགྲེལ་པ་ནི་སྔོན་གྱི་ལུས་མཐོང་བ་ཉིད་ཅེས་བྱ་བའོ། །སྐྱེ་བ་སྔ་མའི་ལུས་ནི་དུས་ལ་སོགས་པས་བསྐལ་པ་ཡིན་པའི་ཕྱིར་མི་སྣང་བ་ཡིན་ལ། ཇི་ལྟར་མ་མཐོང་བས་མེད་པར་འགྱུར་ཞེས་ཟེར་བ་ནི། སྔོན་གྱི་ལུས་མ་གྲུབ་པར་ཞེས་བྱ་བའོ། །མི་སྣང་བ་ཡང་རྗེས་སུ་དཔག་པ་ ལས་འགྲུབ་པར་བསྟན་པ་ནི། མ་ཡིན་ཏེ་གང་གི་ཚེ་ལུས་ལ་སོགས་ཞེས་བྱ་བའོ། །རྗེས་སུ་དཔག་བྱ་ལ་མ་མཐོང་བ་ཙམ་ལས་མེད་པ་ཇི་ལྟར་འགྲུབ་པ་ཡིན་སྙམ་དུ་སེམས་པ་ལ་དེ་ལ་ད་ལྟར་ལུས་ཉིད་མེད་པ་ལ་མི་དམིགས་པ་ཚད་མ་ཁོ་ན་ཡིན་ཏེ། དེའི་བདག་ཉིད་ཀྱི་ཁྱད་པར་ཡིན་པའི་ ཕྱིར་རོ་ཞེས་བསྟན་པ་ནི། ལུས་དེ་ད་ལྟར་དམིགས་པ་ནི་མ་ཡིན་ནོ་ཞེས་བྱ་བའོ། །ཐ་དད་པ་དགག་པར་བྱ་བ་ལ་གཞན་གྱི་མི་སྣང་བ་མི་དམིགས་པ་སྒྲུབ་པར་བྱེད་པ་མ་ཡིན་པར་བསྟན་པ་ནི། འདས་པ་མ་དམིགས་པས་ཞེས་བྱ་བའོ། །དེའི་བདག་ཉིད་དགག་པ་ཉེ་བར་བསྡུ་བ་ནི། དེ་ནས་ སྔོན་གྱི་ལུས་ཞེས་བྱ་བའོ། །རྨི་ལམ་དུ་རིག་པ་ཐམས་ཅད་ཅེས་བྱ་བ་ནི། ཇི་སྐད་དུ་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ནས་འཆད་པར་འགྱུར་རོ་ཞེས་བྱ་བའི་བར་གྱི་བཤད་པ་ཡིན་ནོ། །རྨི་ལམ་བཞིན་དུ་ཐམས་ཅད་རིག་པ་ཙམ་ནི་འབྲས་བུ་དང་ཅིག་ཤོས་ཉིད་དུ་བདེན་པ་ཡིན་གྱི་གཟུང་བ་དང་ འཛིན་པས་མ་ཡིན་ཏེ་རྣམ་པར་རྟོག་པ་ཙམ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི་ཡང་ན་ཞེས་བྱ་བའོ། །གལ་ཏེ་ཐམས་ཅད་རྨི་ལམ་དང་མཚུངས་པ་ཉིད་ཡིན་ན་ཐོགས་པ་དང་བཅས་པ་ནི་སད་པ་ན་ཡིན་གྱི་གཞན་ལ་ནི་དེ་ལས་བཟློག་པ་ཡིན་ནོ་ཞེས་རྣམ་པར་དབྱེ་བ་ཇི་ལྟར་ཡིན། བག་ཆགས་ ཀྱི་རྣམ་པར་དབྱེ་བ་ལས་ཡིན་པར་བསྟན་པ་ནི། དེའི་ཕྱིར་གཞན་ནས་ཞེས་བྱ་བ་སྟེ། ཐོགས་པ་དང་བཅས་པ་ཉིད་ལ་སོགས་པ་ཡང་རིག་པའི་བདག་ཉིད་ཡིན་གྱི་ཕྱི་རོལ་དུ་རྣམ་པར་འཇོག་པའི་རྒྱུ་མཚན་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གནས་དང་འཆི་བ་ལ་སོགས་པ་ཡང་ལས་ཀྱི་བག་ ཆགས་སྣ་ཚོགས་པ་ཁོ་ན་ཡིན་པར་བསྟན་པ་ནི། འཆི་བ་ལ་སོགས་པ་ནི་གནས་པའི་ཞེས་བྱ་བ་སྟེ། དཔེ་ལ་ལུས་ལ་མ་བོར་ན་འཕོ་བའམ་མི་བདེན་པ་ཉིད་ཀྱི་ཁྱད་པར་ནི་མངོན་པར་འདོད་པ་མ་ཡིན་པའི་ཁྱད་པར་ལ་སོགས་པའི་འབྲས་བུའི་ཁྱབ་བྱེད་མ་ཡིན་པའི་ཕྱིར་འཕོ་བ་ཙམ་ སྒྲུབ་པར་བྱེད་པ་དང་འགལ་བ་མ་ཡིན་ལ་བུམ་པ་ལ་ཚོས་པར་བྱ་བ་ཉིད་ཀྱི་ཁྱད་པར་ནི་མི་རྟག་པ་ཉིད་དུ་གསལ་བར་བྱེད་པའི་ཁྱབ་བྱེད་མ་ཡིན་ཏེ། དེ་ལྟ་མོད་ཀྱི་དེ་ཙམ་གྱི་ནི་མ་ཡིན་ནོ། །འདི་ལ་ཡང་འཕོ་བ་ཙམ་ཁྱབ་བྱེད་ཡིན་གྱི་ཅིག་ཤོས་ནི་མ་ཡིན་ཏེ། དེ་ཁོ་ན་བཞིན་དུ་དམིགས་ པའི་ཕྱིར་རོ་ཞེས་བསྟན་པ་ནི་ལུས་དེ་ཉིད་འཕོ་བ་ལ་ཞེས་བྱ་བའོ། །བསྐྱེད་པའི་ཁྱད་པར་ཅན་སེམས་པ་མ་ཡིན་པའི་ཉེ་བར་ལེན་པ་ཉིད་ལ་ངེས་པ་ཅན་ཙམ་གྱིས་ཁྱབ་པ་ནི་བློ་དང་ལྡན་པ་རྣམས་ཀྱི་དེའི་ཁྱད་པར་མ་ཡིན་པའི་ཕྱིར་དེ་ཙམ་ལ་དམིགས་པ་དང་ལྡན་པའི་རྒྱུ་ཉིད་དུ་གྲུབ་པ་ནི་མ་ ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྨི་ལམ་གྱི་ཤེས་པ་ཡང་མངོན་པར་འདོད་པའི་ཁྱད་པར་དང་འབྲེལ་པའི་ཕྱིར་ཕྱི་རོལ་ཉིད་ལ་གནོད་པ་ཡིན་ཡང་རང་གི་ངོ་བོ་མེད་པ་མ་ཡིན་པས་རྒྱུ་ཉིད་མ་ཉམས་པ་ཡིན་པར་བསྟན་པ་ནི། རྨི་ལམ་རིག་པ་ཐམས་ཅད་ནི། །ཞེས་བྱ་བ་སྟེ། བདེན་པ་དང་མི་བདེན་པ་ཉིད་ནི་ ཡུལ་གྱི་གནོད་པ་དང་གནོད་པ་མ་ཡིན་པ་དག་གིས་ཡིན་གྱི་རང་གི་ངོ་བོ་སྒྲུབ་པར་བྱེད་པ་ལས་ནི་མ་ཡིན་ཞིང་རྨི་ལམ་ཉིད་ལའང་རྗེས་སུ་འབྲེལ་པ་ཉིད་མཐོང་བས་ན་གཞན་ལ་ཡང་དེ་ཁོ་ན་བཞན་དུ་སྒྲུབ་པར་བྱེད་པ་ཡིན་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་དེ་བཞིན་དུ་ལུས་ཀྱི་འབྲས་བུ་སེམས་ཡིན་ ན་ལུས་ཁོ་ན་གནས་པ་སྒྲུབ་པར་བྱེད་པ་ཡིན་གྱི་དབུགས་ལ་སོགས་པ་ནི་མ་ཡིན་ཏེ། དེ་ཡང་གཞན་གྱི་བསྐྱེད་བྱ་ཉིད་ཡིན་ན། སེམས་ཀྱི་དབང་ཉིད་ལ་སོགས་པས་དེའི་བསྐྱེད་བྱ་ཉིད་ཡིན་པའི་ཕྱིར་རོ། །འོན་ཏེ་དང་པོ་ལ་ལུས་ཀྱིས་སྨ་དེས་བསྐྱེད་པའི་སེམས་ཀྱིས་དབུགས་ལ་སོགས་པ་ བསྐྱེད་པ་ཡིན་ལ་དེའི་འོག་ཏུ་རྒྱུ་ཙམ་དང་འབྲེལ་པ་ཅན་གྱི་སེམས་ཀྱི་གནས་པ་སྒྲུབ་པར་བྱེད་པར་འགྱུར་རོ། །དེ་ནི་དེ་ལྟ་མ་ཡིན་ཏེ། དབུགས་ལ་སོགས་པ་དང་འབྲེལ་བ་ཉིད་སེམས་ཀྱི་བསྐྱེད་བྱ་ཉིད་དུ་ཤེས་པའི་ཕྱིར་ཏེ་དེ་ཡང་རླུང་འབྱིན་པ་དང་འདྲེན་པ་ནི་འབད་རྩོལ་མེད་པར་གང་ ལས་ཡིན་ཞེས་གསུངས་པ་སྟེ། འབད་པ་དང་ལྡན་པའི་སེམས་ཀྱི་རྒྱུན་གྱིས་བརྗོད་པ་ལ་སོགས་པ་བཞིན་དུ་རླུང་འབྱིན་པ་འདྲེན་པ་འཕངས་པ་ཡིན་ཏེ། གོམས་པས་གསལ་པོ་ཡིན་པ་དེས་དུས་བྱས་པ་ཡིན་པའི་ཕྱིར་དེ་མེད་ཀྱང་རྗེས་སུ་འཇུག་པ་ཁོ་ན་ཡིན་ལ་དེ་བཞིན་དུ་འབྲས་བུ་གཞན་ སྐྱེད་པར་བྱེད་པ་ལ་ལྷུན་གྱིས་གྲུབ་པ་མ་ཡིན་པའི་འབད་པ་དང་ལྡན་པས་འབད་པ་སྔ་མའི་འདུ་བྱེད་པ་ལ་བར་དུ་གཅོད་པའི་ཕྱིར་རླུང་འབྱིན་པ་ལ་སོགས་པ་བཀག་པར་འགྱུར་ལ་དེ་ལོག་ན་ཡང་སྔ་མ་ཁོ་ན་ལས་འཕེལ་བར་བྱེད་པ་ཡིན་ནོ། །དེའི་ཕྱིར་སེམས་ཁོ་ན་དབུགས་ལ་སོགས་པའི་ གནས་པ་སྒྲུབ་པར་བྱེད་པ་ཡིན་གྱི་དེ་དག་ནི་སེམས་ཀྱི་མ་ཡིན་པའི་ཕྱིར་ལུས་ཁོ་ན་བསྐྱེད་པའམ་གནས་པ་ལ་དེའི་སྒྲུབ་བྱེད་ཡིན་གྱི་གཞན་ནི་མ་ཡིན་ནོ། །དེའི་ཕྱིར་ལུས་ཡོད་ན་སེམས་ལྡོག་པར་མི་འགྱུར་བ་ཁོ་ནར་ཐལ་བར་འགྱུར་བ་གྲུབ་པ་ཡིན་ནོ། །སེམས་ཀྱི་རྒྱུ་སེམས་ཡིན་ན་དེ་གནས་ པ་སྒྲུབ་པར་བྱེད་པ་དེ་ལ་སྲིད་པ་དང་བཅས་པའི་ལས་ནི་ལུས་ལ་མངོན་པར་ཆགས་པའི་ཁྱད་པར་བཞིན་དུ་སེམས་ཀྱི་ངོ་བོ་གཞན་ཡོད་པའི་ཕྱིར་དེ་ཡོད་པ་དང་མེད་པ་དག་གིས་ལུས་ཡོད་ཀྱང་སེམས་ཡོད་པ་དང་མེད་པར་འགལ་བ་མེད་དོ། །ལུས་ཡོད་ཀྱང་སེམས་ལྡོག་པའི་ཕྱིར་གཞན་ སྒྲུབ་བྱེད་ཡིན་གྱི་ལུས་ནི་མ་ཡིན་ནོ་ཞེས་བྱ་བ་དེ་དག་ཙམ་དུ་གོ་བ་མ་ཡིན་ནམ་དེ་ནི་ལས་སམ་གཞན་ཡིན་པར་ཅི་ལས་ཤེས། རེ་ཞིག་མཐོང་བ་ནི་མ་ཡིན་ཏེ། དེ་ནི་དབང་པོ་ལས་འདས་པ་ཡིན་པའི་ཕྱིར་རོ། །གཞན་དུ་སྣང་པ་ཡིན་པ་ལ་དེར་རྟོགས་པ་མ་ཡིན་ནོ། །ལུས་ཀྱི་གནས་སྐབས་ཀྱི་ ཁྱད་པར་ལས་རླུང་ལ་སོགས་པའི་སྐྱོན་མཚུངས་པ་ཉིད་དུ་འཇིག་རྟེན་ཐམས་ཅད་ལ་གྲུབ་ན་སེམས་གནས་པ་ཡིན་ལ་དེ་དང་མི་མཉམ་པ་ཡིན་ན་ལུས་དང་མི་མཐུན་པའི་ཕྱིར་ལྡོག་པ་ཡིན་ནོ། །མི་མཉམ་པ་ལ་སོགས་པ་ཡང་རིམས་ལ་སོགས་པའི་རྣམ་པར་འགྱུར་པ་ཡོད་པ་དང་མེད་པ་ དག་གིས་ཤེས་པ་ཡིན་ནོ། །གང་གི་ཚེ་རྣམ་པར་མི་འགྱུར་བ་དེའི་ཚེ་ཡང་དེའི་མི་མཉམ་པ་ཁོ་ན་སེམས་ལྡོག་པའི་སྒྲུབ་བྱེད་ཡིན་པར་མཐོང་བའི་ཤུགས་ཀྱིས་རྟོགས་པ་ཡིན་ནོ། །རྣམ་པར་འགྱུར་བ་ལས་རྗེས་སུ་དཔག་པའི་མི་མཉམ་པ་ནི་ལྡོག་བྱ་སེམས་ལྡོག་པ་དེ་ལྟ་བུའི་ཕུལ་དུ་བྱུང་ བ་ཡིན་པར་ལུས་ལ་སྒྲོ་བཏགས་པ་ཡིན་ལ་ཇི་ལྟར་དེར་ཡང་སྐྱེ་བར་མི་འགྱུར་བར་རོ། །སེམས་ནི་སེམས་གཞན་གྱི་བསྐྱེད་བྱ་མ་ཡིན་ཏེ། ལུས་ཀྱི་བསྐྱེད་བྱ་ཡིན་པའི་ཕྱིར་རོ། །ལུས་དང་སེམས་ཀྱི་རྒྱུན་གཉིས་རྗེས་སུ་འཇུག་པ་ནི་མེ་དང་དུ་བའི་རྒྱུན་གཉིས་སུ་འཇུག་པ་ལྟ་བུའོ། །དེ་དག་ཙམ་ གྱིས་སེམས་ནི་སྐྱེད་བྱེད་མ་ཡིན་ལ་ལུས་ལས་ཀྱང་ལན་ཅིག་སྐྱེས་པ་སྐྱོན་གྱིས་མི་མཐུན་པ་སྐྱེས་ཀྱི་བར་དུ་རྗེས་སུ་འཇུག་པ་ཡིན་ལ་མཉམ་པ་ནི་གནས་པ་སྒྲུབ་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་གོམས་པ་ཡང་གཞན་ལས་སྐྱེ་བའི་སེམས་ཉིད་ལ་བུམ་པ་མེ་དང་ཕྲད་པ་བཞིན་དུ་ཕན་འདོགས་པར་ བྱེད་པ་ཡིན་ནོ་སྙམ་དུ་སེམས་པ་ནི། གལ་ཏེ་སྡོང་བུ་ལ་སོགས་བཞིན། །ཉེས་པས་མི་མཐུན་ལུས་རྒྱུ་མིན། །ཞེས་བྱ་བ་སྟེ། མར་མེའི་སྡོང་བུ་ནི་ཆུ་ལ་སོགས་པའི་ཉེ་བར་གནོད་པས་ནི་མར་མེའི་རྩེ་མོའི་རྒྱུན་གྱིས་སྒྲུབ་བྱེད་མ་ཡིན་ལ་སྐྱོན་དེ་དང་བྲལ་ན་ཡང་མི་ལྡོག་པར་གནས་པ་མ་ཡིན་ཏེ། འདི་ལ་མཐོང་བ་ལས་གཞན་པའི་རྒྱུར་རྟོགས་པ་ཡང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ལ་ལན་དུ། ཤི་བ་ཉེས་པ་མཉམ་འགྱུར་ཚེ། །སླར་ཡང་འཚོ་བ་དག་ཏུ་འགྱུར། །ཞེས་བྱ་བ་སྨོས་ཏེ་གོམས་པ་ལས་བྱུང་བའི་ཤེས་རབ་དང་། མི་བརྗེད་པའི་བློ་ལ་སོགས་པ་དང་ཡང་དག་པར་ ལྡན་པའི་སེམས་ཡིན་པར་སྐྱེ་བའི་དང་པོ་ལ་སྣང་བ་ཡིན་གྱི་དེ་དང་འདྲ་བ་ནི་མ་ཡིན་ཏེ། རྩ་བ་དང་ས་བོན་ལས་བྱུང་བའི་ཆུ་ཤིང་བཞིན་དུ་དེ་ཉིད་དུ་རྟོགས་པ་ཡིན་པའི་ཕྱིར་བསྲུབ་ཤིང་བསྲུབས་པ་ལས་བྱུང་བའི་མེའི་བསྐྱེད་བྱ་མེ་ཡིན་པ་བཞིན་དུ་དེ་ཉིད་དུ་ཤེས་པ་ཡང་མ་ཡིན་ཏེ། གནོད་པ་ཅན་མེད་ པའི་ཕྱིར་རོ། །དེ་དག་ལ་བརྩོན་འགྲུས་ཀྱི་དབྱེ་བ་གནོད་པ་ཅན་ཡིན་ནོ། །བསྲུབ་ཤིང་བསྲུབས་པ་ལས་བྱུང་བའི་མེ་ལ་བསྲེགས་པའི་ལྕགས་ཀྱི་གར་བུ་ནི་དེའི་མོད་ལ་རྨ་འདྲུབས་པར་བྱེད་པར་ཐོས་པ་ཡིན་ནོ། །དེ་བཞིན་དུ་གཞན་ལ་ཡང་ཇི་ལྟར་སྲིད་པའི་གནོད་པ་ཅན་དུ་གོ་བར་ བྱའོ། །འདི་ལ་ཡུལ་གཞན་ནས་འོངས་པའི་མི་ཤེས་པ་ལ་སོགས་པ་བཞིན་དུ་གོམས་པའི་སྔོན་དུ་འགྲོ་བ་ཅན་ཉིད་ལ་ནི་གནོད་པ་ཅན་ཅུང་ཟད་ཀྱང་མེད་པ་ཡིན་ཏེ། དེའི་བསྐྱེད་བྱ་ཉིད་ཀྱི་ཁྱད་པར་མཐོང་བའི་ཕྱིར་རོ། །དེ་བཞིན་དུ་རང་གི་རིགས་ཀྱི་བསྐྱེད་བྱའི་སེམས་ ནི་ལུས་དང་ལྷན་ཅིག་གནས་པ་ཡིན་ཏེ་མངོན་པར་འདོད་པའི་རང་བཞིན་པའི་ཕྱིར་ལ་མངོན་པར་འདོད་པའི་རང་བཞིན་ཡང་ལྷན་ཅིག་པའི་རྒྱུ་མཚན་དུ་མཐོང་བ་ཁོ་ན་ཡིན་ནོ། །དེ་མེད་ན་གང་དག་དང་ཡང་གར་ཡང་ལྷན་ཅིག་གནས་པ་མ་ཡིན་ནོ། །དེ་མེད་ན་དེ་ལས་བཟློག་པ་ལ་ཇི་ལྟར་ འདོད་པ་བཞིན་འཇུག་པ་ཁོ་ན་ཡིན་པར་འདི་ཡང་མཐོང་བ་ཁོ་ན་ཡིན་ན། དེ་དག་ཙམ་གྱིས་ཀྱང་འདིའི་ཇི་ལྟར་འདོད་པ་ཕུན་སུམ་ཚོགས་པ་མ་ཡིན་པའི་ཕྱིར་དེ་ལ་མངོན་པར་འདོད་པའི་སྙིང་པོ་ཅན་ནི་སྦྱིན་པ་ལ་སོགས་པའི་རྒྱུ་མཚན་ཀུན་དུ་སྤྱོད་པ་བྱེད་པ་ཡིན་ནོ། །དེའི་ཚེ་ ཡང་ཇི་ལྟར་འདོད་པ་ཕུན་སུམ་ཚོགས་པར་འགྱུར་ཏེ། བསྙེན་བཀུར་དང་འདོད་པ་ལ་སོགས་པ་ལྟ་བུ་ཡིན་པར་བརྗོད་དེ་བསྙེན་བཀུར་ལ་སོགས་པ་ཙམ་གྱིས་འབྲས་བུ་འགྲུབ་པ་མ་ཡིན་ཏེ། ད་ལྟར་བའི་མངོན་པར་འདོད་པ་ནི་འདིའི་འཕེན་བྱེད་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་འདི་ལྟར་རང་གི་ རིགས་ལས་སྐྱེས་པའི་སེམས་མངོན་པར་འདོད་པའི་སྙིང་པོ་ཅན་གནས་པ་ནི་དེས་དྲངས་པའི་སྐྱོན་མཉམ་པའི་རྒྱུ་མཚན་ཙམ་ཡིན་གྱི། གཞན་དུ་ན་དེ་དག་གི་རིམས་ལ་སོགས་པའི་རྣམ་པར་འགྱུར་བ་ཡོད་པ་དང་མེད་པ་གོ་བྱ་ཡིན་པའི་ཕྱིར་རོ། །སེམས་ཡོད་པ་དང་མེད་པ་དག་ཀྱང་ཇི་སྐད་བསྟན་ པའི་རིགས་པས་གཞན་དུ་ཡང་གྲུབ་པ་ཡིན་ཏེ་གོ་བྱེད་མ་ཡིན་པའི་ཕྱིར་རོ། །རྣམ་པར་འགྱུར་བ་མེད་ན་གང་ལ་ཡང་མི་མཐུན་པ་མེད་པས་མཉམ་པའི་དེའི་བསྐྱེད་བྱ་སེམས་གནས་པ་ཡིན་པ་བཟློག་པར་སུས་ནུས་པར་འགྱུར་ཏེ། རྣམ་པར་འགྱུར་བ་ཕྲ་མོ་ཡོད་པ་ཡང་མ་ཡིན་ཏེ། དེ་རྟོགས་པའི་ཚད་མ་ མེད་པའི་ཕྱིར་རོ། །ལན་ཅིག་རྗེས་སུ་དཔག་པའི་མི་མཐུན་པ་ཉིད་ལྡོག་པ་ནི་སེམས་ཀྱི་གཉེན་པོ་འདུ་བྱེད་པར་སྒྲོ་བཏགས་པ་ཡང་མ་ཡིན་ཏེ། རིམས་ནད་ཅན་ཐམས་ཅད་འཆི་བར་ཐལ་བར་འགྱུར་བས་གསོ་བར་རྩོམ་པ་འབྲས་བུ་མེད་པ་ཐལ་བར་འགྱུར་བར་སྨྲ་བའི་ཕྱིར་རོ། །ལས་ནི་ངེས་ པར་སྦྱོར་བ་ལ་འཇོག་པར་བྱེད་དམ་ཟློག་བྱེད་མ་ཡིན་ཏེ། ཤེས་པ་མཉམ་པ་དང་མི་མཉམ་པར་སྒྲོ་བཏགས་པའི་སྒོ་ནས་བདག་ཉིད་འཇུག་པ་དང་ལྡོག་པ་ཙམ་གྱི་རྒྱུ་མཚན་ཡིན་པའི་ཕྱིར་དེའི་འཇུག་པ་དང་ལྡོག་པ་དག་ཡིན་ནོ། །ལུས་ཀྱི་འཇུག་པའམ་ལྡོག་པ་ཡང་སྣ་ཚོགས་པ་ཡིན་ཏེ། མཉམ་པ་དང་ མི་མཉམ་པ་དང་གཉི་ག་ལ་ཡང་ཡོད་པའི་ཕྱིར་དེ་དག་ནི་གར་ཡང་གནས་པ་མ་ཡིན་ནོ། །དེའི་ཕྱིར་མཉམ་པ་དང་མི་མཉམ་པ་དག་ནི་དེ་དག་གི་སྒྲུབ་བྱེད་མ་ཡིན་ཏེ། འཁྲུལ་པའི་ཕྱིར་དང་ངེས་པ་ཅན་མ་ཡིན་པ་ནི་སྒྲུབ་བྱེད་མ་ཡིན་པའི་ཕྱིར་དང་རྣམ་པར་འགྱུར་བའི་རྒྱུ་མ་ཡིན་པ་ཡང་མི་མཉམ་པ་མེད་ པར་མི་བྱེད་པའི་ཕྱིར་རོ། །བྱེད་པ་ཉིད་ཡིན་ཡང་ཇི་ལྟར་ཡང་རྣམ་པར་འགྱུར་བ་ཐོབ་པའི་ཕྱིར་འུ་བུ་ཅག་ལ་མཚུངས་པ་ཉིད་མ་ཡིན་ནོ། །ལས་ཟད་པ་ཁོ་ན་ལས་འཆི་བ་ཡིན་པའི་ཕྱིར་གསོ་བར་ནུས་པ་མ་ཡིན་པ་ལས་ཡོད་ན་རྣམ་པར་འགྱུར་བ་དང་ཚོར་བ་ལྡོག་པ་ཡིན་པའི་ཕྱིར་རོ། །མི་མཐུན་པ་མེད་པས་ མཉམ་པ་ཡིན་ན་དེ་མི་སྐྱེ་བ་ཡིན་པའི་ཕྱིར་ལས་ཡོད་ན་སྐྱེས་བུའི་བྱེད་པ་ལྟ་བུ་ཡིན་གྱི། གཞན་དུ་ན་གསོ་བ་ཐམས་ཅད་འབྲས་བུ་མེད་པ་ཉིད་ཀྱིས་དེ་ལྟ་བུའི་རྣམ་པ་ཁོ་ནའི་རྣམ་པར་འགྱུར་བ་ཡོད་ཀྱང་འགའ་ཡང་འཆི་བ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །བཅུད་ཀྱིས་ལེན་ཡང་ལས་ཡོད་པ་ཁོ་ན་ཡིན་ ན་སྣང་བ་ཡིན་ཏེ། ལོ་སྟོང་ལ་སོགས་པར་འཚོ་བའི་རྒྱུ་མཚན་གྱིས་ལས་འཁོར་བ་ཐོག་མ་མེད་པར་བསགས་པར་གྱུར་པ་བཅུད་ཀྱིས་ལེན་པ་ལ་སོགས་པའི་སྦྱོར་བས་བསྒྲུབ་པར་བྱ་བ་འབྱུང་བ་ཡོངས་སུ་གྱུར་པ་ཕན་འདོགས་པར་བྱེད་པའི་ཁྱད་པར་ལ་ལྟོས་ནས་ཚེའི་འདུ་བྱེད་མཚམས་སྦྱོར་ བར་བྱེད་པ་ཡིན་ནོ། །ཏིང་ངེ་འཛིན་ནི་དེ་ཡོངས་སུ་གྱུར་པ་སྐྱེད་པར་བྱེད་པའི་སྒོ་ནས་རང་ཉིད་ཁོ་ན་ཚེ་དང་མཚམས་སྦྱོར་བ་ཡིན་ཏེ་ལས་ཀྱི་ངོ་བོ་ཡིན་པའི་ཕྱིར་ལས་གཞན་འགའ་ལ་ཡང་དེ་ལྟོས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལུས་འདི་དེ་ལྟ་བུ་ཁོ་ནའི་གནས་པ་སྒྲུབ་པར་བྱེད་པ་ཡིན་ཞེས་ གནས་བསྒྲུབ་པར་བྱེད་པར་མཚུངས་པའི་གནས་སྐབས་དང་ལྡན་པ་ཡིན་ནོ། །གང་གི་ཕྱིར་རྒྱུ་ཚོགས་པ་ནི་འབྲས་བུ་ལ་མི་སླུ་བ་ཡིན་ནོ་ཞེས་བསྟན་པ་ཡིན་ལ་མཉམ་པ་ཡང་གནས་པའི་ཚོགས་པ་སྒྲུབ་པར་བྱེད་པ་ཡིན་ལ་འཆི་བ་ལ་ནི་མི་མཉམ་པ་ཡིན་ནོ། །དེ་དག་ཀྱང་འདོད་པའི་རྗེས་སུ་འཇུག་པ་མ་ ཡིན་པར་བསྟན་པ་ནི་ལུས་རྒྱུ་ཉིད་ཡིན་ན་ནི་ཞེས་བྱ་བའོ། །དེ་ཉིད་ཀྱིས་ན་དེ་དག་གི་འབྲས་བུ་ཡང་གནས་པ་ལ་སོགས་པ་འཁྲུལ་པ་ཅན་ཡིན་པར་བསྟན་པ་ནི། ཉེས་པ་ཉེ་བར་ཞི་བར་གྱུར་ཀྱང་ཞེས་བྱ་བའོ། །ཉེས་པས་སྐྱོན་ཅན་ཡིན་པའི་འབྲས་བུ་འཆི་བ་མ་ཡིན་ནམ། དེ་ལྡོག་པ་ཡིན་ན་རྣམ་པར་འགྱུར་བ་མེད་པར་རིགས་པ་ཡིན་ན་མི་རིགས་པ་ཇི་ལྟར་ཡིན། དེ་ལོག་ཀྱང་དེའི་བསྐྱེད་བྱའི་འདུ་བྱེད་ནི་མེའི་བསྐྱེད་བྱ་ཤིང་བཞིན་དུ་མི་ལྡོག་པ་ཡིན་ལ་དེའི་ཕྱིར་འཁྲུལ་པ་མ་ཡིན་ནོ། །རྒྱུ་ལུས་ཀྱི་མཉམ་པའི་འབྲས་བུ་ལ་འཁྲུལ་པ་ཡིན་པ་ནི་འདིས་བསལ་བ་ཡིན་ནོ། །དེ་ལ་ཡང་མི་ མཉམ་པའི་བསྐྱེད་བྱ་འདུ་བྱེད་ཕྲ་མོ་མི་ལྡོག་པའི་ཕྱིར་རོ་སྙམ་དུ་སེམས་པ་ནི། གལ་ཏེ་མེ་ནི་ལྡོག་ན་ཡང་། །ཤིང་གི་འགྱུར་བ་མི་ལྡོག་བཞིན། །དེ་ནི་ལྡོག་པ་མེད་ཅེ་ན། །ཞེས་བྱ་བ་སྟེ། འཆི་བའི་དོན་གྱི་རྣམ་པར་འགྱུར་བ་ནི་འཆི་བའི་རྣམ་པར་འགྱུར་བའོ། །འཆི་བ་ཁོ་ན་ནི་མ་ཡིན་ཏེ། གནས་ པ་དང་འཆི་བ་དག་གི་འབྲས་བུ་ཡིན་པའི་ཕྱིར་དང་རྩོད་པའི་གཞི་ཡིན་པའི་ཕྱིར་ཡང་ངོ་། །ལན་ནི། མ་ཡིན་གསོ་སྦྱོར་ཡོད་ཕྱིར་རོ། །ཞེས་བྱ་བ་སྟེ། ཤིང་ལས་མེའི་བསྐྱེད་བྱའི་རྣམ་པར་འགྱུར་བ་བཞིན་དུ་མི་མཉམ་པའི་བསྐྱེད་བྱའི་རྣམ་པར་འགྱུར་བ་ནི་མ་ཡིན་ཏེ། གསོ་སྦྱོར་འབྲས་བུ་མེད་པར་ཐལ་བར་ འགྱུར་བའི་ཕྱིར་རོ། །གང་གི་ཕྱིར་འབྲས་བུ་ཅུང་ཟད་ཀྱང་མེད་པ་ལ་ནི་སུ་ཡང་སྦྱོར་བར་བྱེད་པར་མི་འགྱུར་རོ། །དེའི་ཕྱིར་མི་མཉམ་པ་ལས་སྐྱེས་པའི་རྣམ་པར་འགྱུར་བ་ནི་བཟློག་བྱ་ཡིན་ནོ། །དེའི་བསྐྱེད་བྱ་རིམས་ལ་སོགས་པ་གསོ་བའི་སྦྱོར་བ་ལ་སོགས་པས་བཟློག་བྱ་ཡིན་པར་ནི་བདེན་ན་རིམས་ལ་ སོགས་པའི་སྒོ་ནས་འདུ་བྱེད་པ་ནི་མ་ཡིན་ཏེ། དེ་མི་ལྡོག་པ་ལས་ཀྱང་འཆི་བ་ཡིན་ཞེས་བྱ་བ་འདི་ལ་ཡང་། མ་ཡིན་གསོ་སྦྱོར་ཡོད་ཕྱིར་རོ། །ཞེས་བྱ་བ་དེ་ཁོ་ན་རྗེས་སུ་འཇུག་པ་ཡིན་ནོ། །གལ་ཏེ་གསོ་བ་ལ་སོགས་པས་རིམས་ལ་སོགས་པ་ལྡོག་པ་ཡང་དེའི་སྒོ་ནས་འདུ་བྱེད་པ་ལྡོག་པ་མ་ཡིན་ན་དེ་ལས་ ཀྱང་འཆི་བ་ཁོ་ན་ཡིན་ན་དེའི་ཚེ་ཡང་གསོ་བ་ལ་སྦྱོར་བར་མི་བྱེད་དེ་གང་གི་ཕྱིར་ཇི་ལྟར་འདི་འཚོ་བར་འགྱུར་ཞིང་འཆི་བར་མི་འགྱུར་ཞེས་དེ་ལ་སྦྱོར་བར་བྱེད། དེའི་སྦྱོར་བ་མ་བྱས་ཀྱང་ཤི་བ་ཡིན་ན་རིམས་ལ་སོགས་པ་ཡང་ཞི་བར་འགྱུར་བའི་ཕྱིར་དེའི་དོན་དུ་གསོ་བ་མ་ཡིན་ནོ། །འོན་ཏེ་འགའ་ཞིག་ རིམས་ལ་སོགས་པའི་སྒོ་ནས་བྱུང་བའི་རྣམ་པར་འགྱུར་བ་ནི་གསོ་བའི་སྦྱོར་བས་དེ་ལོག་ན་ལྡོག་པ་ཡིན་ལ་དེས་ན་འཚོ་བའི་ཕྱིར་དེ་ནི་འབྲས་བུ་དང་བཅས་པ་ཡིན་ལ་འགའ་ཞིག་གི་སྤྱི་ལྡོག་པ་ཡིན་པ་དེས་ན་འཆི་བ་ཡིན་ནོ། །མ་ཡིན་ཏེ། རྣམ་པ་གཉིས་ཀྱི་རྒྱུ་མེད་པའི་ཕྱིར་དེས་བསྐྱེད་པའི་ མི་མཉམ་པའམ་རིགས་ལ་སོགས་པར་མཉམ་པ་ཡིན་ན་དེའི་བསྐྱེད་བྱ་འདུ་བྱེད་པ་གློ་བུར་དུ་ཇི་ལྟར་ཐ་དད་པར་འགྱུར་ཏེ། དེ་དང་དེ་མིན་དངོས་པོ་ཅན། །དེ་དང་དེ་མིན་དངོས་རྒྱུ་སྐྱེས། །ཞེས་བསྟན་པས་སོ། །མེ་དང་ཕྲད་པར་གཅིག་ཀྱང་ཤིང་དང་གསེར་ཡུལ་ཐ་དད་པ་ཡིན་པས་བཟློག་བྱ་མ་ ཡིན་པ་དང་། ཅིག་ཤོས་རྣམ་པར་འགྱུར་བའི་སྐྱེད་བྱེད་དུ་མཐོང་བ་མ་ཡིན་ནོ་སྙམ་དུ་སེམས་པ་ལ་ཡུལ་ཐ་དད་པ་ལས་འབྲས་བུ་ཐ་དད་པ་ཡུལ་གཅིག་ལ་མི་རིགས་པར་བསྟན་པ་ནི། སྔར་མི་འབྱུང་བས་རྣམ་པར་འགྱུར་བ་སྐྱེད་པར་བྱེད་པ་འགའ་ནི་མེ་དང་ཕྲད་པ་ལ་སོགས་པའོ། །འགའ་ཞིག་ནི་ཤིང་ ལ་སོགས་པའི་ཡུལ་ལའོ། །འགའ་ཞིག་ནི་དེ་ཉིད་ཡུལ་གཞན་གསེར་ལ་སོགས་པ་ལ་སྟེ། འགའ་ཞིག་ཅེས་བྱ་བ་ནི་དབང་དུ་བྱས་པའི་ཕྱིར་རོ། །བཟློག་པ་ཡིན་པ་ནི་སླར་འབྱུང་བ་སྟེ། འགྱུར་བ་སྐྱེད་པར་བྱེད་ཅེས་བྱ་བ་དང་འབྲེལ་པ་ཡིན་ཏེ་དེའི་ཚེ་ཉིད་ཁོ་ན་ལ་དེ་བཞིན་དུའམ། གཞན་དུ་རྣམ་པར་འགྱུར་བ་ སྐྱེད་པར་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་དེ་ཁོ་ན་ལས་བཟློག་བྱ་རྣམ་པར་འགྱུར་བ་ཆུང་ངུ་ཡིན་གྱི་ཆེན་པོ་ནི་མ་ཡིན་ནོ་ཞེ་ན། གང་གི་ཆུང་ངུ་བཟློག་བྱ་ཡིན་པ་དེའི་ཆེན་པོ་ཡང་ཡིན་ཏེ། དཔེར་ན་གསེར་མེ་དང་ཕྲད་པ་ལས་ཞུ་བ་ཉིད་ལྟ་བུའོ། །དེ་ཉིད་སྨན་གྱི་ཁྱད་པར་ ལས་གཞན་དུ་ཡིན་ནོ། །གང་གི་རྣམ་པར་འགྱུར་བ་ཆེན་པོ་བཟློག་བྱ་མ་ཡིན་པའི་དེའི་ཆུང་ངུ་ཡང་ཡིན་ཏེ། དཔེར་ན་ཤིང་མེ་དང་ཕྲད་པ་ལས་ལྟ་བུའོ་ཞེས་དགོངས་པས་གསུངས་པ་ནི་དང་པོའི་ཞེས་བྱ་བ་སྟེ། སླར་འབྱུང་བའི་རྣམ་པར་འགྱུར་བ་བསྐྱེད་པར་བྱས་པ་གང་ཡིན་པ་ཆུང་ ཡང་ཞེས་བྱ་བ་དང་འབྲེལ་པ་ཡིན་ཏེ། ལས་ཀྱི་མིང་ཅན་གྱི་ཚོགས་ཐ་དད་པའི་བསྐྱེད་བྱ་ནི་སྨན་གྱི་བསྐྱེད་བྱ་གསེར་ཞུ་བ་ཉིད་ཡིན་བཞིན་དུ་བཟློག་བྱ་མ་ཡིན་པར་ཡང་འགྱུར་བ་ཡིན་གྱི། མི་མཉམ་པ་ཙམ་གྱིས་བསྐྱེད་བྱ་ནི་དེ་བཞིན་དུའམ་གཞན་དུ་ཡང་འགྱུར་བ་མ་ཡིན་ཏེ། རྒྱུ་ཐ་མི་དད་པའི་ ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གང་ལ་ཚོགས་པ་གཞན་གྱི་བསྐྱེད་བྱའི་རྣམ་པར་འགྱུར་བ་ཡང་སླར་བཟློག་པར་རུང་བ་དེ་ལ་མི་མཉམ་པ་ཙམ་གྱིས་བསྐྱེད་བྱར་འགྱུར་བ་ལྟ་ཅི་སྨོས་ཞེས་བསྟན་པ་ནི། འདི་ལྟར་གཉིད་ཀྱི་སེམས་པ་དང་བྲལ་བ་ཞེས་བྱ་བའོ། །དུག་དང་ རྨོངས་པ་དང་བརྒྱལ་བ་རྣམས་ལ་དབུགས་འབྱིན་པ་མེད་ཀྱང་སེམས་སྐྱེ་བ་མཐོང་བའི་ཕྱིར་རོ། །དབུགས་འབྱུང་བ་ལ་སོགས་པ་རྒྱུ་མ་ཡིན་ནོ་ཞེས་བསྟན་ནས་སྣ་ཚོགས་པ་མ་ཡིན་ཡང་དེ་སྔར་གྱི་སེམས་སྣ་ཚོགས་པའི་ཆོས་ཀྱི་རྗེས་སུ་བྱེད་པའི་ཕྱིར་འབྲས་བུ་སེམས་ཐ་དད་པ་མ་ཡིན་པ་ལ་སོགས་ པ་འབྲས་བུ་ཡིན་པར་བསྟན་པ་ནི། གཉིད་དང་བྲལ་བར་གྱུར་ན་བློ། །ཤེས་པ་སྔ་མའི་འདུ་བྱེད་ལས། །ལུས་མཚུངས་པ་ཞེས་བྱ་བ་ནི། འབྱུང་བ་ཆེན་པོ་ཡོངས་སུ་གྱུར་པ་ཉིད་ཀྱིས་སྲོག་ཆགས་ཐམས་ཅད་ཀྱི་ལུས་མཚུངས་པའོ། །བློ་རྣམས་ནི་སྔ་མ་སྔ་མའི་བློའི་བག་ཆགས་ཐ་དད་པ་ལས་ཐ་དད་ བར་སྣང་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མཉམ་པར་གཞག་པའི་སེམས་ལ་ཡོད་པའི་བག་ཆགས་རྨི་ལམ་གྱི་དུས་སུ་རྗེས་སུ་འཇུག་པ་མ་ཡིན་སྙམ་དུ་སེམས་པ་ལ། སད་པའི་གནས་སྐབས་ན་ཞེས་བྱ་བ་སྨོས་ཏེ། སད་པ་ནི་ནང་གི་རིག་པའི་རྣམ་ཤེས་ཡིན་ཏེ་ལུས་ཁོ་ནའི་སེམས་མེད་པ་དང་སེམས་ པ་ཅན་ཞེས་བྱ་བར་སྦྱར་བར་བྱའོ། །མཉམ་པར་གཞག་པའི་སེམས་ལ་ཡོད་པ་ལ་ཚད་མ་མེད་དེ་རང་རིག་པ་ཉིད་ཀྱི་དོན་ཤུགས་ཀྱིས་ཡུལ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འབྱུང་བར་བའི་རྒྱུ་འདས་པ་དང་ལྷན་ཅིག་བྱེད་པར་ཁྱེད་འདོད་པ་མ་ཡིན་སྙམ་དུ་སེམས་པ་ལ། ཁྱེད་ལ་ཡོད་ པ་ཁོ་ན་ལྷན་ཅིག་བྱེད་པ་ཡིན་གྱི་གཞན་མ་ཡིན་པར་བསྟན་པ་ནི། མེད་པ་ནི་ལན་ཅིག་བྱེད་པ་མ་ཡིན་ནོ་ཞེས་བྱ་བའོ། །བྱེད་པའི་བྱ་བ་ནི་དངོས་པོ་རྣམས་ཀྱི་ངོ་བོ་ཁོ་ན་ཡིན་པར་བསྟན་པ་ནི། ཡོད་པ་དང་མེད་པ་ནི་ཞེས་བྱ་བའོ། །གལ་ཏེ་རྨི་ལམ་ལ་མཉམ་པར་གཞག་པ་ནི་སེམས་སམ་ལུས་ ཀྱང་སད་པའི་རྒྱུ་མ་ཡིན་ན་ལུས་ཀྱི་གནས་སུ་ཤས་ཆེ་བར་བསྣུན་པའི་བཟོད་པ་དཀའ་བའི་རེག་པ་ལ་སོགས་པ་ཞེས་སད་པའི་རྒྱུ་ཇི་ལྟར་ཡིན་སྙམ་དུ་སེམས་པ་ནི། འོ་ན་ཇི་ལྟར་བསྣུན་པ་ཞེས་བྱ་བ་སྟེ། ལུས་རྒྱུ་ཉིད་མ་ཡིན་ན་དེའི་གནས་སུ་བསྣུན་པ་སད་པར་བྱེད་པར་མི་རིགས་སོ་ཞེས་བྱ་བའི་ དོན་ཏོ། །འདི་ནི་སད་པའི་རྒྱུ་མ་ཡིན་ཏེ་དེ་མེད་ཀྱང་འབྱུང་བ་ཡིན་པར་བསྟན་པ་ནི། སད་པ་གདོན་མི་ཟ་བར་ནི་ཞེས་བྱ་བའོ། །སད་པ་ནི་ནང་གི་རེག་པའི་ཞེས་པ་ཡིན་ལ་དེའི་འོག་ཏུ་མཐོང་བར་བྱ་བའི་དངོས་པོ་ཉེ་བ་གང་ཡིན་པ་དེ་དང་སྔར་གྱི་འདུ་བྱེད་པའི་སེམས་དག་དུས་ཐ་དད་པ་ཡིན་པ་ནི་ཇི་ལྟར་སད་ པའི་འབྲས་བུ་ལ་ལྷན་ཅིག་བྱེད་པ་དེ་བཞིན་དུ་ལུས་ཀྱང་སྔར་གྱི་འདུ་བྱེད་པ་དང་ལྷན་ཅིག་བྱེད་པ་ཡིན་ནོ་སྙམ་དུ་སེམས་པ་ནི། གལ་ཏེ་སད་མ་ཐག་ཏུ་མཐོང་བ་ནི་ཞེས་བྱ་བ་སྟེ། མཐོང་བྱའི་དངོས་པོ་ཡིན་ལ་དེ་དང་འབྲེལ་བ་ནི་ཉེ་བ་སྟེ་སྔར་གྱི་ཤེས་པ་དང་ལྷན་ཅིག་བྱེད་པ་ཉིད་དོ། །དེ་ལས་རྣམ་པར་རྟོག་པ་སྟེ། འཇིགས་པ་དང་མྱ་ངན་ལ་སོགས་པའི་རྒྱུ་ཡིན་པའི་ཕྱིར། དེ་དང་ཡང་དག་པར་ལྡན་པའི་ཤེས་པ་སྐྱེ་བ་ཡིན་ན། དེ་ལ་ཇི་ལྟར་མཐོང་བ་ཡིན་སྣང་བ་ཡིན་པར་བསྒྲུབས་པས་བལྟ་བྱ་ཡིན་པར་བརྗོད་ལ། དེ་ཡང་སྔ་མའི་ཤེས་པ་ཡང་འདུ་བྱེད་པའི་ངོ་བོ་ཡིན་ ལ་དེ་དག་གི་ལྷན་ཅིག་བྱེད་བ་ཉིད་ནི་དུས་ཀྱི་དབྱེ་བ་ལས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཉེ་བར་གནས་པའི་དངོས་པོ་ཡང་ཡིད་སྨོན་ཙམ་ལས་བྱུང་བའི་སད་པ་ལ་ངེས་པ་མེད་པས་བསྒོམས་པ་ལས་བྱུང་བའི་གསལ་བར་སྣང་བ་ལ་དབང་པོ་བཞིན་དུ་རྒྱུ་མ་ཡིན་པར་བསྟན་པ་ནི་འདི་ལ་ཡང་ ངེས་པ་ཡོད་མིན་ཏེ་ཞེས་བྱ་བ་སྟེ། ཉེ་བར་གནས་པ་ཞེས་བྱ་བས་ནི། དངོས་པོ་ལ་ཡིད་སྨོན་རྒྱུ་ཉིད་ཡིན་ལ་གང་ཞིག་ཅེས་བྱ་བས་ཉེ་བ་ན་གནས་པའི་རྒྱུ་ཉིད་དུ་བསྟན་པ་ཡིན་གྱི་སད་པ་ནི་མ་ཡིན་ནོ། །གཉིད་ལོག་པ་ཁ་ཅིག་ལ་ཡིད་སྨོན་མེད་ཀྱང་སེམས་རྒྱུན་ཆད་པ་ལས་སད་པར་མཐོང་ བ་མ་ཡིན་ནམ། དེ་ཡང་ཇི་ལྟར་རྒྱུ་ཡིན་སྙམ་དུ་སེམས་པ་ལ། གང་ཇི་ལྟར་གོམས་པ་ཞེས་བྱ་བའོ། །གོམས་པ་འཁྲུལ་པ་མ་ཡིན་པར་བསྟན་པ་ནི། གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བའོ། །གཉིད་ལོག་པ་ན་རྒྱུན་ཆད་པ་སད་པ་ན་འདས་པ་ཁོ་ན་ལས་འབྱུང་བ་ཡིན་ན་དེ་ལྟ་ན་དེ་ མ་ཐག་ཁོ་ན་འབྱུང་བར་འགྱུར་རོ། །དེའི་ཕྱིར་གཉིད་མེད་དོ། །དེའི་ཚེ་མེད་ན་དུས་ཕྱིས་ཀྱང་མི་འབྱུང་སྟེ་ལྟོས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྟེ་འདི་ཁོ་ནས་གསལ་བ་ཡིན་ཏེ། གོམས་པ་སྣ་ཚོགས་པ་ཉིད་ཀྱིས་ཇི་ལྟར་གོམས་པའི་སད་པ་སྣ་ཚོགས་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། ། གཉིད་ལོག་པའི་དུས་ན་ཤེས་པ་སྔ་མ་ཤོས་ལས་ཀྱང་དབང་པོའི་བྱ་བ་མེད་ན། ཕྱི་རོལ་གྱི་ཡུལ་ཇི་ལྟར་ཤེས་པ་ཡིན་རྣམ་པར་རྟོག་པ་ཅན་ནི་མ་ཡིན་ཏེ། མཐོང་བ་མེད་ན་ལྡང་བའི་ཕྱིར་རོ། །བདག་གོ་ཞེས་བྱ་བའི་ཕུང་པོ་ཉམས་སུ་མྱོང་བ་མེད་ན་མི་འབྱུང་བ་ཡིན་ཏེ་ཡུལ་མ་ རྟོགས་ན་མི་འབྱུང་བའི་ཕྱིར་རོ་སྙམ་དུ་སེམས་པ་ལ། བསྡད་པ་ནི་ཞེས་བྱ་བ་སྨོས་ཏེ། མུན་ཁུང་དུ་ངའི་ལག་ནོམ་ཡིན་ཞེས་བྱ་བ་བཞིན་དུ་ནང་གི་རེག་པའི་ཤེས་པ་ཇི་ལྟར་གོམས་པའི་འཇིགས་པ་དང་བརྟན་པ་ལ་སོགས་པ་དང་ལྡན་པའི་བདེ་བའི་ཚོར་བ་ནི་གཞན་སྒྲུབ་པར་བྱེད་པ་མ་ཡིན་པ་ཁོ་ན་སད་ པ་ཡིན་གྱི་དབང་པོའི་ཤེས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྔ་མའི་སེམས་ལས་འབྱུང་བ་སྔར་འཇུག་པ་གོམས་པའི་བག་ཆགས་ཡིན་གྱི་གཉིད་ཀྱི་དུས་སུ་འབྱུང་བ་ནི་མ་ཡིན་ལ་དེའི་སད་པ་ཡང་དེ་དང་དེ་རྗེས་སུ་མཐུན་པའི་ལུས་ཀྱི་རྣམ་ཤེས་ཁོ་ན་ཡིན་པར་བསྟན་པ་ནི། འཇིགས་དང་ བརྟན་སོགས་འདུ་བྱེད་ལས། །ཞེས་བྱ་བའོ། །དེས་ན་ལུས་དང་ཞེས་བྱ་བ་དེ་ལ་དེ་ནས་ཞེས་བྱ་བ་འདིས་སྔ་མ་སྔ་མའི་སེམས་ཀྱི་འདུ་བྱེད་ཀྱི་རྗེས་སུ་འགྲོ་བ་ཉིད་རྒྱུ་ཉིད་དུ་བསྟན་པ་ཡིན་ནོ། །དེ་ལྟ་ཡིན་པ་ནི་བདེན་ན་གང་གིས་ཆུང་ངུ་བསལ་བྱ་ཡིན་པ་དེའི་ཚེ་ཆེན་པོ་ཡང་གསོ་བས་བསལ་བར་བྱ་ བ་ཡིན་ནོ། །གང་གི་ཚེ་ཆེན་པོ་མ་ཡིན་པ་དེའི་ཆུང་ངུ་ཡང་མ་ཡིན་ཏེ། ཉེས་པ་རྣམས་ཀྱིས་ཡོངས་སུ་གྱུར་པ་ཐ་དད་པ་ལས་གསོ་བྱེད་དང་གསོ་བྱ་མ་ཡིན་པ་མི་མཉམ་པས་ཐ་དད་པའི་ཕྱིར་མེ་དང་ཕྲད་པ་ཙམ་གྱིས་སྨན་གྱི་བསྐྱེད་བྱའི་གསེར་ཞུ་བ་ཉིད་བཞིན་དུ་ཚོགས་པའི་དབྱེ་བས་འབྲས་བུ་ཐ་དད་ པར་ཁས་བླངས་པའི་ཕྱིར་སྐྱོན་གཅིག་འཕེལ་བར་གྱུར་པ་ལས་ཐམས་ཅད་ཀྱང་འཕེལ་བར་བྱེད་པའི་ཕྱིར་ཐམས་ཅད་ཀྱང་སྐྱེད་བྱེད་ཉིད་དུ་ཐམས་ཅད་ལ་བྱེ་བྲག་མེད་པ་མ་ཡིན་ཏེ་ཐམས་ཅད་ལས་སྐྱེས་པ་ཡིན་ཡང་དབང་བྱེད་པའི་ཁྱད་པར་དུ་རྣམ་པར་གཞག་པའི་ཕྱིར་རོ། །ཇི་སྐད་དུ་མཛེ་ནད་ ཐམས་ཅད་དང་རླུང་ནད་ཐམས་ཅད་དང་མཁྲིས་ནད་ཐམས་ཅད་དང་བད་ཀན་ཐམས་ཅད་དང་འབུ་སྲིན་དང་བཅས་པ་རྣམས་ཀྱི་ནང་ནས་གང་ཤས་ཆེ་བ་དེ་འཛིན་པ་ཡིན་ནོ། །ལན་ནི་ནང་དང་དེའི་བསྐྱེད་བྱའི་རྣམ་པར་འགྱུར་བ་འཆོས་པར་བྱེད་པ་ནི། སླར་གསོ་བར་བྱེད་པའི་སྨན་ལ་སོགས་པ་མེད་པའི་ ཕྱིར་གསོ་བྱ་མིན་པར་བརྗོད་པ་ཡིན་ལ་ཁྱེད་ཀྱི་འདོད་པ་ལ་ནི་དེ་མི་སྲིད་དོ། །ཤི་ན་ཉེས་པ་མཉམ་པར་བྱེད་པས་འབད་པ་མེད་པར་འཆོས་པར་བྱེད་པ་གྲུབ་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །རྙེད་པར་དཀའ་ཕྱིར་ཞེས་བྱ་བ་སྟེ། ཁོ་བོའི་ཕྱོགས་ལ་ནི་གནས་པ་སྒྲུབ་པར་བྱེད་པའི་ལས་ཟད་པ་ཡིན་ན་ཚེ་ཟད་པའི་ ཕྱིར་ནད་དེའི་རྣམ་པར་འགྱུར་བ་ཡང་གསོ་བྱ་མ་ཡིན་པར་འགྱུར་ཏེ་ལས་ཟད་པ་ཡིན་ན་འཆོས་པར་མི་སྲིད་པའི་ཕྱིར་རོ། །འདི་ལྟར་གལ་ཏེ་ལས་མ་ཟད་པ་ཡིན་ན་འཆི་བ་ལས་གཞན་དུ་ཡང་འཆོས་པར་འགྱུར་བ་ཞིག་ན་དེ་ཡང་མི་སྲིད་པར་བསྟན་པ་ནི། ཚེ་ཟད་ཕྱིར་ཞེས་བྱ་བའོ། །རྣམ་པར་འགྱུར་བ་ ནི་རྒྱུ་ཤི་བ་ལ་སོགས་པ་ཡིན་དུ་ཟིན་ཀྱང་གསོ་བྱ་མ་ཡིན་པར་བསྟན་པ་ནི། ཉེས་པ་འབའ་ཞིག་ཡིན་ན་གསོ་བ་མེད་པ་ཉིད་ཅེས་བྱ་བའོ། །ཉེས་པ་མི་མཉམ་པ་ལ་སོགས་པ་རྣམ་པར་འགྱུར་བའི་རྒྱུས་སེམས་ཀྱི་རྒྱུན་ཆད་པ་མ་ཡིན་ནམ་རྒྱུ་འཇིག་ན་ཡང་ཇི་ལྟར་འབྱུང་བ་ཡིན་ཐོ་བ་ལ་སོགས་པ་ འཇིག་བྱེད་ཀྱིས་བཤིག་པའི་བུམ་པ་ནི་དེས་བཤིག་པ་ཡིན་ན་ཡང་འབྱུང་བ་མ་ཡིན་ནོ་སྙམ་པའི་ཁྱད་པར་ཅན་གྱི་ལུས་ནི་སེམས་གནས་པའི་སྒྲུབ་བྱེད་དུ་འདོད་པ་ཡིན་ནོ་ཞེ་ན་ཡང་། བདེན་མོད་ཀྱི་ཡོད་པའི་སེམས་དེ་ནི་དེ་ལྟར་འགྱུར་གྱི་མེད་པ་ནི་མ་ཡིན་ནོ། །རྒྱུ་ཡང་དེ་བཞིན་དུ་ཡིན་ནོ་ཞེ་ན་ཡང་ མ་ཡིན་ཏེ། ཁུ་བ་ལ་སོགས་པ་རིམ་གྱིས་སྐྱེས་པའི་སེམས་ཀྱི་བསྐྱེད་བྱའི་རྒྱུ་ཡིན་གྱི་དེ་བཞིན་དུ་སྐྱེ་བ་ནས་འཇིག་པ་གཉིད་ལོག་པ་ན་རྣམ་པར་ཆད་པའི་འབྲས་བུ་ནི་མ་ཡིན་ནོ། །ཇི་ལྟར་རྒྱུ་ཡིན་ཞེ་ན་ཡང་མ་ཡིན་ཏེ། དེའི་ཚེ་འབྲས་བུ་དབུགས་འབྱིན་པ་མཐོང་བས་སེམས་གཏན་རྒྱུན་ཆད་པར་རྟོགས་པ་ མ་ཡིན་པའི་ཕྱིར་ཡིན་གྱི། དེའི་ཚེ་རིག་པར་ཁས་བླངས་པའི་ཕྱིར་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ལ་ཤི་བར་ཞེས་བྱ་བ་སྨོས་ཏེ། འང་གི་སྒྲས་ནི་རིམ་པ་ལས་བཟློག་པའོ། །དུག་སོགས་ཀྱི་སོགས་པའི་སྒྲ་ནི་བརྒྱལ་བ་ལ་སོགས་པའི་རྒྱུ་མཚན་གང་གི་ཡིན་པ་དེ་དེ་ལྟར་ཡིན་ཏེ། ལོག་པའི་སྔགས་དང་ སྨན་ལ་སོགས་པས་སོ། །དེ་ཡི་སོས་ཟིན་བཅད་ལས་ཀྱང་། །ཞེས་བྱ་བའི་ཡང་གི་སྒྲ་ནི་ལྡོག་པའི་རྒྱུ་གཞན་ཏེ་རྣམ་གྲངས་ཀྱི་དོན་ཏོ། །རྣམ་པར་འགྱུར་བ་ནི་ལུས་ལ་ཡོད་པའི་སེམས་རྒྱུན་ཆད་པའི་འདུ་བྱེད་ཡིན་ལ་དེའི་རྒྱུ་ནི་དུག་ལ་སོགས་པའི་བསྐྱེད་བྱ་མི་མཉམ་པ་ཡིན་ཏེ། དེ་དང་བྲལ་ན་རྒྱུ་ལོག་ན་ དེའི་ཡང་རྒྱུ་སོས་བཅད་པ་ཡིན་ནོ། །དེ་བཞིན་དུ་རྣམ་པར་འགྱུར་བའི་རྒྱུ་དང་བྲལ་བ་ཡིན་ན་དེ་སྟེ་ཤི་བ་ཞེས་སླར་ཡང་འཚོ་བར་མི་འགྱུར་བ་ནི་ཅིས་སླར་མི་འཚོ་སྟེ་འཚོ་བ་ཁོ་ནར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཅི་ཞེས་བྱ་བ་ནི་སླར་ལྡོག་པའི་དོན་ཡིན་པའི་ཕྱིར་རོ། །ཅིས་ཞེས་འདྲི་བའི་དོན་ཉིད་ ཁས་བླངས་ནས་ཅིས་འཚོ་བར་མི་འགྱུར་ཞེས་འཆད་པ་ལ། ཤི་བ་ཉེས་པ་མཉམ་གྱུར་ཚེ། །ཞེས་བྱ་བ་འདིས་དོན་རྟོགས་པར་འགྱུར་རོ། །འདི་སྐད་བསྟན་པར་འགྱུར་ཏེ། བྲལ་བའི་སེམས་ཀྱང་འཇིག་པའི་རྒྱུ་དང་བྲལ་ན། ལུས་དེ་ཉིད་ལ་སླར་སྐྱེ་བར་མཐོང་བ་ཡིན་གྱི་བུམ་པ་ལ་སོགས་པ་ནི་མ་ཡིན་ན། དེའི་ཕྱིར་ཇི་ལྟར་ལུས་ སེམས་ཀྱི་མཉམ་པའི་ཁྱད་པ་ཅན་ནི་གནས་པ་གྲུབ་པར་བྱེད་པ་དེ་ལྟར་མཐོང་བའི་ཕྱིར་རོ། །དེ་བཞིན་དུ་རྒྱུ་ཡང་མ་ཡིན་ཏེ། དེ་ལྟར་མཐོང་བའི་ཁྱད་པར་མེད་པའི་ཕྱིར་རོ། །ཉེས་པ་འབའ་ཞིག་ནི་སེམས་རྒྱུན་ཆད་པར་བྱེད་པ་ཁས་བླངས་པ་ཡིན་ན་གསོ་མིན་མེད་པ་ཉིད་དེ་སེམས་སླར་མི་ འབྱུང་བ་མ་ཡིན་པའི་ཕྱིར་རྣལ་མ་འགྲུབ་པའི་ཕྱིར་རོ། །ལས་ཟད་པ་རྒྱུ་མཚན་ཡིན་པ་ལ་ནི་སྐྱོན་འདི་མེད་དོ། །ལུས་ཉེ་བར་ལེན་པའི་སེམས་ཀྱང་འཇིགས་པ་དང་མྱ་ངན་དང་འཆི་བ་ལ་སོགས་པ་ཅིས་ཀྱང་དེ་རྣམ་པར་འགྱུར་བ་ཞེས་མ་ཡིན་ཡང་བསྒྱུར་བྱའམ་འཇིག་པར་འགྱུར་བ་མ་ཡིན་ནམ། དཔེར་ན་རྩིག་པ་ལ་སོགས་པ་མི་འགྱུར་ཡང་རི་མོ་ལ་སོགས་པ་ལག་པ་ལ་སོགས་པ་དང་མྱུ་གུ་ལ་གནོད་པ་ཅན་ལ་སོགས་པ་དང་། གཟུགས་ལ་སོགས་པ་མེ་དང་ཕྲད་པ་ལྟ་བུའོ། །རྩིག་པ་དང་བུམ་པ་ལ་སོགས་པ་ནི་རྣམ་པར་བསྒྱུར་བྱའམ་བཤིག་བྱ་མ་ཡིན་ཏེ། དེ་ཉིད་ཡིན་ པར་རྟོགས་པའི་ཕྱིར་རོ་སྙམ་དུ་སེམས་པ་ལ། ཉེར་ལེན་འགྱུར་བ་མེད་པར་ནི་སྟེ་གང་ཞིག་གང་གི་ཉེ་བར་ལེན་པ་ཡིན་དེ་རྣམ་པར་འགྱུར་བ་མ་ཡིན་པས་སོ། །ཉེ་བར་ལེན་པ་ནི་རྣམ་པ་གཉིས་ཏེ་གནས་སྐབས་པའི་དང་རྒྱུན་གྱིའོ། །ཉེ་བར་ལེན་པར་བྱ་བ་རྣམ་པར་བསྒྱུར་བའམ་གཞིག་པར་བྱེད་པར་མི་ ནུས་སོ། །རེ་ཞིག་རྩིག་པ་ལ་སོགས་པའི་རི་མོའི་ཉེ་བར་ལེན་པ་མ་ཡིན་ཏེ། དེ་ལྟ་མོད་ཀྱི་ཐ་མི་དད་པའི་ལྗང་གུ་ལ་སོགས་པ་ཡིན་ཏེ་བུམ་པའི་འཇིམ་པ་ལྟ་བུ་ཡིན་ལ་དེ་ཡང་ལག་པ་ལ་སོགས་པས་འཇིག་པར་བྱེད་པ་རྩིག་པ་ནི་རྟེན་ཙམ་ཡིན་ནོ། །དེ་བཞིན་དུ་མེ་དང་ཕྲད་པར་གྱུར་བའི་ བུམ་པ་ལས་བུམ་པ་གཞན་དམར་པོར་གྱུར་པ་བཤད་པ་ཡིན་ནོ། །ཐམས་ཅད་ལ་ཡང་ཐ་མི་དད་པའི་ཉེ་བར་ལེན་པ་ཡིན་ཏེ་ཉེ་བར་བླངས་པའི་ངོ་བོ་ཡིན་པའི་ཕྱིར་ཏེ། ཅིག་ཤོས་རྒྱུ་མཚན་ཙམ་མམ་རྒྱུ་ཡང་ཡིན་ལ་རེ་ཞིག་སེམས་ཀྱི་རྒྱུ་ལུས་མ་ཡིན་ཏེ། ཐ་མི་དད་པར་ཁས་ལེ