Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 180
Văn bản gốc(Tây Tạng)
Trang 25 / 25 (50.000 ký tự/trang)
་པ་ནི། སྐྱོན་ལྡན་ཞེས་བྱ་བའོ། །འདོད་ཆགས་ལ་སོགས་པའི་སྐྱོན་རྣམས་ཁོ་ན་ལས་ཀྱི་ནུས་པ་ཅན་ཡིན་ཏེ། འདོད་ཆགས་ཅན་ནམ་ཞེ་སྡང་ཅན་ལས་བྱེད་པར་མཐོང་བའི་ཕྱིར་རོ། ། བདག་ཏུ་འཛིན་པ་ཆགས་པ་ལ་སོགས་པ་མེད་ན་གཞན་ཡོད་པར་བྱེད་པ་ཉིད་མ་ཡིན་པར་བསྟན་པ་ནི། བཟློག་པས་མིན་ཞེས་བྱ་བའོ། །བདག་ཏུ་ང་རྒྱལ་བ་ཟད་པ་ཡང་བདེ་བ་སྐྱེ་བ་མ་ཡིན་ནམ། ལུས་ཀྱི་བདེ་བ་ནི་ཡུལ་ཡོད་ན་འབྱུང་བ་མ་ཡིན་ཏེ། ཡིད་བདེ་བ་ལ་སོགས་པ་བཞིན་དུ་རྣམ་པར་རྟོག་པ་འབྱུང་བ་ནི་གཞན་ དུ་ཡང་འབྱུང་བའི་ཕྱིར་རོ། །དེ་ལ་ཡང་རྗེས་སུ་འཛིན་པའི་བདག་ཉིད་ལ་ངེས་པར་མངོན་པར་འདོད་པའོ། །འདིས་ནི་སྡུག་བསྔལ་ཞེ་སྡང་དུ་བཤད་པ་ཡིན་ནོ། །དེ་ལྟ་ཡིན་ན་བྱེད་པ་པོ་འགྱུར་བ་ཁོ་ན་ཡིན་པའི་ཕྱིར། ཇི་ལྟར་ཐར་བ་ཡིན་སྙམ་པ་ལ། ལོག་པའི་ཞེས་བྱ་བ་སྟེ། འདོད་པ་ནི་བདག་དང་ལོངས་སྤྱོད་པར་བྱ་ བའི་བདག་གི་བ་ལ་ཆགས་པ་སྟེ། སྲེད་པ་ཡིན་ལ་དེ་ཡང་དེ་འཛིན་པའི་སྐྱེ་གནས་ཡིན་ལ། དེ་མེད་ན་མི་འབྱུང་བ་ཁོ་ན་ཡིན་ནོ། །ཉམས་སུ་མྱོང་བཞིན་པ་དེ་ལ་འདོད་པ་ནི་མ་ཡིན་ཏེ། མ་འོངས་པ་དོན་དུ་གཉེར་བའི་རྣམ་པ་ཅན་གྱི་རྣམ་པར་རྟོག་པ་ནི་རྣམ་རྟོག་སྤངས་པ་ལ་མི་སྲིད་དོ། །བསྒོམ་ པ་ལས་བྱུང་བའི་བདེ་བ་ཡང་རང་ཉིད་རིག་པ་ནི་མངོན་པར་འདོད་པའི་སྒྲོ་འདོགས་པའི་ཡུལ་མ་ཡིན། སྡུག་བསྔལ་ནི་བསྒོམ་པ་ལས་བྱུང་བ་ཡིན་ཡང་བདག་ཏུ་འཛིན་པ་བསྒོམ་པའི་སྙིང་པོ་ཅན་གྱི་བག་ཆགས་དང་ལྡན་པའི་བྱེད་པ་ནི། ཡུལ་གྱི་བསྐྱེད་བྱ་ཡིན་པའི་ཕྱིར་བདག་ཏུ་འཛིན་པ་སྤངས་པའི་བསྒོམ་པ་ཅན་ ནི་བཏང་སྙོམས་བསྒོམ་པའི་བདག་ཉིད་དུ་གྱུར་ན་མི་སྐྱེ་བ་ཁོ་ན་ཡིན་ནོ། །དེའི་ཕྱིར་བདེ་བ་ལ་སོགས་པ་ཉམས་སུ་མྱོང་བ་ལས་བྱུང་བའི་སྐྱོན་རྣམས་མ་ཡིན་ནོ། །བདེ་བ་ཉིད་ཅེས་བྱ་བ་ཡང་འབྱུང་བར་འགྱུར་བ་ལ་འདུག་པའི་ཡུལ་ཅན་དུ་བསམས་ནས་བསྟན་པ་ཡིན་ནམ། ད་ལྟར་བའི་བདེ་བ་རང་རིག་པ་ལ་ནི་མངོན་པར་འདོད་པས་ དོན་དུ་གཉེར་བའི་རྣམ་པ་ཅན་མ་ཡིན་ཏེ། ཉེ་བ་མ་ཡིན་པའི་ཕྱིར་རོ། །དུས་ཀྱིས་འབྱུང་བར་འགྱུར་བ་ཉིད་དོན་དུ་གཉེར་བ་ཡིན་ཞེ་ན། རྣམ་པར་བརྟག་པར་བྱ་བར་ཐལ་བར་བསྟན་པ་ནི། བདེ་བ་དེ་ཡང་ཞེས་བྱ་བ་སྨོས་སོ། །དེའི་ཕྱིར་དེ་བཞིན་དུ་བདག་ཏུ་ལྟ་བ་མ་ཡིན་པ་དང་། སྡུག་བསྔལ་བསྒོམ་པ་དང་། དབང་བསྐུར་བ་ ལ་སོགས་པ་དང་། སྐྲ་འབལ་བ་དང་། ཟླ་བའི་དཀའ་ཐུབ་ལ་སོགས་པ་ཡང་ཐར་པ་སྒྲུབ་པར་བྱེད་པ་མ་ཡིན་ནོ། །འོན་ཀྱང་སྲིད་པའི་རྒྱུ་ཡིན་པའི་སྲེད་པའི་རྒྱུ་བདག་ཏུ་འཛིན་པ་དང་ཆགས་པ་ལ་སོགས་པ་ཡིན་པར་ཉེ་བར་བསྡུ་བ་ནི་དེའི་ཕྱིར་འཇིག་ཚོགས་ལ་ལྟ་བའོ་ཞེས་བྱ་བའོ། །སྐྱོབ་པ་ལས་ཏེ་བདེན་པ་བཞི་ སྟོན་པའི་ངོ་བོ་ལས་ཡིན་པར་ཇི་ལྟར་རྟོགས་ཤེ་ན། སྐྱོབ་ལས་ཞེས་བྱ་བ་སྨོས་ཏེ། སྐྱོབ་པ་ཉིད་གཟིགས་ལམ་གསུང་བ་ཞེས་བྱ་བས་ནི་གཤེགས་པའི་དོན་ལ་བརྟེན་ནས་རང་གི་དོན་དང་གཞན་གྱི་དོན་གྱི་ངོ་བོའི་འབྲས་བུ་ཕུན་སུམ་ཚོགས་པ་དང་། རྒྱུ་ཕུན་སུམ་ཚོགས་པ་ཡང་བསྟན་པ་ཡིན་ལ། ད་ལྟར་ ནི་རྟོགས་པའི་དོན་ལ་བརྟེན་ནས་ཡེ་ཤེས་ཕུན་སུམ་ཚོགས་པ་དང་། དེའི་རྒྱུ་ཕུན་སུམ་ཚོགས་པ་བསྟན་པ་ནི་དེའི་ཁྱད་པར་ཡིན་ནོ། །དེ་ཁོ་ན་ཉིད་མཁྱེན་པའི་ཆ་ནི་བསྔགས་པའི་དོན་ཉིད་དོ། །དེའི་ཕྱིར་ཕྱི་རོལ་པ་རྣམས་ལས་ལྷག་པ་ཡིན་ནོ། །སླར་མི་ལྡོག་པའི་དོན་ཉིད་ལ་ནི་བརྟན་པའི་ཡེ་ཤེས་ཏེ། རྒྱུན་དུ་ཞུགས་པ་དང་། བྱང་ཆུབ་སེམས་དཔའ་ལ་སོགས་པ་སློབ་པ་རྣམས་ལས་སོ། །མ་ལུས་པའི་དོན་ཉིད་ལ་དགྲ་བཅོམ་པ་མི་སློབ་པ་རྣམས་ལས་ཀྱང་ངོ་། །དེའི་ཕྱིར་ནི་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པ་ལས་སོ། །དེ་ཁོ་ན་ཉིད་ལ་སོགས་པ་མཁྱེན་པ་ནི་མངོན་སུམ་ཡིན་ལ། སྐྱོབ་པ་ལས་ཏེ་བདེན་ པ་བཞི་སྟོན་པའི་ངོ་བོའི་རྟགས་ཀྱི་ཁྱད་པར་ལས་རྟོགས་པའོ། །སྡུག་བསྔལ་ལ་ཆོས་ཤེས་པའི་ངོ་བོ་ཤེས་པ་དང་། ཤེས་པ་དེ་ལས་ཐོབ་པ་རྣམ་པར་གྲོལ་བའི་ཡེ་ཤེས་ནི་ཆོས་ཤེས་པའི་བཟོད་པ་ཡིན་ལ། དེ་དག་གི་བསྒྲུབ་བྱ་སྒྲུབ་བྱེད་ཉིད་ཀྱིས་རྗེས་སུ་ཤེས་པའོ། །དེ་ཡང་ང་ལ་ཡོད་ཅེས་ ཤེས་པ་ནི་རྗེས་སུ་ཤེས་པའི་བཟོད་པ་ཡིན་ཞེས་བྱ་བའི་མཐོང་བ་དང་བསྒོམ་པའི་ལམ་དང་། སྤྲོས་པ་རྣམས་ལ་ཐེ་ཚོམ་མེད་པར་སྟོན་པ་ནི་ཁྱད་པར་རྣམས་མངོན་དུ་བྱེད་པ་མེད་ན་རྗེས་སུ་དཔག་པ་ཙམ་ལས་འགྱུར་བ་མ་ཡིན་པར་བསྟན་པ་ལས་ནི་ཞེས་བྱ་བའོ། །གཞན་དག་ཀྱང་ཞེས་བྱ་བའི་གྲངས་ཅན་ ལ་སོགས་པ་ཡང་ངོ་། །སྐད་ཅིག་མ་ལ་སོགས་པའི་ཤེས་པ་ལ་རྟག་པའི་ཤེས་པ་བཞིན་དུ་འཁྲུལ་པའི་རྒྱུ་མི་སྲིད་པར་བསྟན་པ་ནི། རྟག་པ་ཉིད་དུ་ཞེས་བྱ་བའོ། །དེ་ཁོ་ན་ཉིད་ལ་སོགས་པའི་ཤེས་པའི་སྒྲུབ་བྱེད་ནི་རྫོགས་བྱེད་ཡིན་ལ། དེ་བཞིན་དུ་རང་གི་དོན་གྱི་ཡེ་ཤེས་ཡོངས་སུ་རྫོགས་པ་ དང་ལྡན་པའི་གཞན་གྱི་དོན་མཁྱེན་པ་ཡིན་ལ། དེ་ལ་སྦྱོར་བར་བྱེད་པ་ཡང་འགྱུར་བར་བསྟན་པ་ནི། གཞན་དོན་མཁྱེན་པའོ། །དེའི་ཕྱིར་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ལ་སོགས་པའི་ཡེ་ཤེས་སྒྲུབ་པར་བྱེད་པའི་ཕྱིར་ཡིན་ལ་སྦྱོར་བ་དེ་ཉིད་སྟོན་པའི་རྒྱུ་ཡིན་པའི་ཕྱིར་སྟོན་པའོ། །སྦྱོར་བ་དེ་ལས་ ཀྱང་བརྩེ་བའོ། །གང་ཡིན་ཞེ་ན། གནས་སྐབས་ཐམས་ཅད་དུ་གཞན་དོན་ངོར་ཏེ་གཙོ་བོ་ཉིད་དོ། །དེའི་ངོ་བོའི་བརྩེ་བས་ཡིན་པར་ཅི་ལས་རྟོགས་ཤེ་ན། དོན་གྲུབ་ཅེས་བྱ་བའོ། །བདེ་བར་གཤེགས་པ་ཡིན་ན་འཐོབ་པར་བྱ་བ་གཞན་མེད་པ་འཇུག་པ་ནི་གཞན་གྱི་དོན་ཁོ་ན་ཡིན་ལ། དེའི་ ཕྱིར་བརྩེ་བ་དང་ལྡན་པར་རྟོགས་པ་ཡིན་ནོ། །གྲུབ་པ་དེ་ཡང་ཁ་ཅིག་ལ་ཡོད་ལ། ཁ་ཅིག་ལ་མེད་པ་ཤེས་པར་མི་ནུས་ཏེ། དེའི་ཕྱིར་དེའི་གཞན་དབང་ཉིད་ཡིན་པར་བསྟན་པ་ནི། བརྩེ་བས་ཞེས་བྱ་བའོ། །དེ་བཞིན་དུ་སྐྱོབ་པ་ལ་ཡེ་ཤེས་དང་། དེ་ལ་མཛད་པ་དང་། དེ་ལ་ཡང་བརྩེ་བ་ཞེས་བྱ་བ་ དངོས་དང་བརྒྱུད་པས་ཀྱང་ཡེ་ཤེས་ལ་སོགས་པ་རྣམས་རྒྱུ་ཉིད་བསྟན་ནས། ད་ནི་དངོས་སུ་བ་ཁོ་ན་བསྟན་པ་ནི། བརྩེ་བས་ཞེས་བྱ་བའོ། །ཡང་ན་གོང་དུ་ནི་འབྲས་བུའི་བྱེད་པ་བསྟན་པ་ཡིན་ལ། དེ་ལྟར་ནི་རྒྱུའི་ཡིན་ནོ་ཞེས་བྱ་བ་ནི་རྣམ་པར་དབྱེ་བའོ། །རྒྱུ་བཞི་པོ་ཞེས་བྱ་བ་ནི་འབྲས་བུ་ཚད་མ་ཉིད་ ལ་བརྩེ་བ་དང་། མཛད་པ་དང་། ཡེ་ཤེས་དང་། སྐྱོབ་པའི་ངོ་བོའོ། །འདིས་ནི་ཞེས་བྱ་བ་ནི་བརྩེ་བས་ཞེས་བྱ་བ་འདིས་སོ། །དངོས་པོ་ནི་བརྩེ་བའོ། །ཐ་མ་ནི་སྐྱོབ་པའོ། །དང་འོག་ནི་མཛད་པ་ལས་སོ། །མཐའ་དག་ནི་ཡེ་ཤེས་སོ། །བཞི་པོ་འདི་ནི་ཚད་མ་ཉིད་ལ་རྒྱུ་ཡིན་ཏེ་ངེས་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཚད་མ་ཉིད་ཁོ་ན་ ཡོན་ཏན་ཡིན་ཏེ། བདག་ཅག་ལ་ཕན་འདོགས་པར་བྱེད་པའི་ཕྱིར་ཞེས་བསྟན་པ་ནི། དེ་ལྟའི་དངོས་སྟོན་ཏེ་ཚད་མ་ཉིད་དུ་སྟོན་པའོ། །ཅི་ལས་ཡིན་ཞེ་ན། དེ་བསྟན་པ་ཉིད་ལས་ཞེས་བྱ་བར་སྨོས་སོ། །རྗེས་སུ་དཔག་པའང་མ་བཟློག་ཕྱིར་ནི་མ་བཀག་པའོ། །དེ་ལ་རིགས་པས་གྲུབ་པར་བསྟན་པ་ནི། རྗེས་སུ་དཔག་ པའང་ཞེས་བྱ་བའོ། །ཡང་ན་མངོན་སུམ་བཞིན་དུ་རྗེས་སུ་དཔག་པ་ཡང་ཕྱོགས་གཅིག་གིས་གསུངས་པ་ཡིན་པར་བསྟན་པ་ནི། སྦྱོར་བའང་མཐོང་ཕྱིར་རོ་ཞེས་བྱ་བ་སྟེ། སྦྱོར་བ་ནི་གཞན་གྱི་དོན་རྗེས་སུ་དཔག་པའོ། །ཚུལ་གསུམ་བརྗོད་པ་ནི། གཞན་གྱི་དོན་གྱི་ཕྱིར་རྗེས་སུ་དཔག་པ་ཡིན་གྱི། ཅུང་ཟད་སྐྱེ་བའི་བདག་ ཉིད་ཅན་ལ་སོགས་པ་ལ་དེ་ཡོད་པ་མ་ཡིན་ཏེ། མེད་ན་མི་འབྱུང་བ་ཙམ་བརྗོད་པའི་ཕྱིར་རོ་ཞེས་ཟེར་བ་ལ། རྗེས་དཔག་རྟེན་ཡིན་ནོ་ཞེས་བྱ་བ་སྟེ། མེད་ན་མི་འབྱུང་བ་ཉིད་རྗེས་སུ་དཔག་པ་ལ་གཙོ་བོའི་ངོ་བོ་ཡིན་ལ། དེ་བརྗོད་ན་ཐམས་ཅད་བརྗོད་པ་ཡིན་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་ཚད་མ་གསུངས་པའི་ ཕྱིར། གཞན་ཚད་མ་མ་ཡིན་པར་བསྟན་པ་ནི། །གང་གི་ཕྱིར་གཉིས་ལྡན་ཞེས་བྱ་བའོ། །འདི་ལས་ཅིར་འགྱུར་ཞེ་ན། དེ་བཞིན་གཤེགས་པ་ཉིད་ལས་ཐམས་ཅད་གྲུབ་ཅེས་བྱ་བའོ། །ཕྲག་དོག་སྒྲེགས་པའི་རླབས་འཇིགས་རུང་། །ཀུན་རྟོག་ཆུ་སྲིན་གྱིས་དཀྲིགས་པའི། །ཡིད་ཀྱི་རྒྱ་མཚོའི་དུས་རླབས་ལ། །རྒྱལ་བ་ཅན་གྱིས་ མཛེས་པ་ཡིན། །རྣམ་འགྲེལ་དང་ནི་དེའི་རྒྱན་གྱི། །འགྲེལ་བཤད་ཡིད་ཀྱི་དྲི་མ་དག །སེལ་བྱེད་འདི་མཐོང་རྒྱལ་འགྱུར་ཞིང་། །མཁས་པ་རྣམས་ཀྱི་རྒྱན་དུ་འགྱུར། །ཚད་མ་རྣམ་འགྲེལ་གྱི་རྒྱན་གྱི་འགྲེལ་བཤད་སློབ་དཔོན་རྒྱལ་བ་ཅན་གྱིས་མཛད་པ་ལས་ལེའུ་དང་པོའོ།། །།