Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 180
Văn bản gốc(Tây Tạng)
Trang 20 / 25 (50.000 ký tự/trang)
ྱུ་གང་ཡིན་པ་ཞེས་ བྱ་བ་དེ་ལ་བསྟན་པ་ནི། ཚེ་འདི་ཉིད་སྐྱེ་མཆེད་ལྔའི་སྲིད་པ་འདི་ལས་གཞན་པའི་ལུས་སྐྱེ་བ་གཞན་ལ་འབྱུང་བར་འགྱུར་བ་ནི་ལུས་གཞན་ཡིན་ལ་དེའི་བསྐྱེད་པའི་ལུས་ལ་རྒྱུ་ཡིན་ནོ། །ཡང་ན་ཡན་ལག་ཅན་ཉིད་དུ་མི་འགྱུར་བའི་ཕྱོགས་ལ་འབའ་ཞིག་གནས་པར་དམ་བཅས་ནས་ཕྱོགས་གཞན་ ལ་དེ་མེད་པར་བསྟན་པ་ནི། དེ་ཉིད་ཀྱི་ཕྱིར་གང་གི་ཚེ་ཡང་ཞེས་བྱ་བ་སྟེ། ཡང་གི་སྒྲ་ནི་ཁྱད་པར་གྱི་ཚིག་གོ། །འདི་ལ་ཡང་བག་ཆགས་ལ་གནས་པའི་ལམ་གྱི་ངོ་བོ་ནི། དེ་དང་ལྷན་ཅིག་བརྗོད་པ་ཅན་དུ་བྱེད་པ་ཡིན་ནོ། །ནུར་ནུར་པོ་ནི་སྲིད་པ་གཞན་ལ་འབྱུང་བའོ། །སོགས་པའི་སྒྲས་ནི་ཚེ་འདི་པའི་ སྐྱེ་མཆེད་ལྔ་བསྟན་པ་ཡིན་ཏེ། འབྱུང་རྔུབ་དབང་པོ་བློ་དག་ནི། །ལུས་ཉིད་འབའ་ཞིག་ལས་སྐྱེས་མིན། །ཞེས་གསུངས་པའི་ཕྱིར་རོ། །མངོན་པར་ཕྱོགས་པའི་བྱ་བའི་དངོས་པོ་བསྟན་ནས་དེར་གཏོད་པ་བསྟན་པ་ནི། དེ་ཐོབ་པ་ནི་ལུས་ཀྱི་རྒྱུ་འབའ་ཞིག་ལ་ཞེས་བྱ་བའོ། །དགག་བྱ་བསྟན་ ནས། དགག་པ་བསྟན་པ་ནི། དེ་ཡན་ལག་དུ་མི་འགྱུར་ན་ཞེས་བྱ་བའོ། །འབའ་ཞིག་གནས་པའི་སེམས་བག་ཆགས་ལ་གནས་པའི་སྐྱེ་མཆེད་ལྔའི་དབང་གིས་དུས་ཕྱིས་ལུས་དང་བཅས་པར་འབྱུང་བར་བསྟན་པ་ནི། ལུས་གཞན་སྐྱེ་བ་ལ་ནི་ཞེས་བྱ་བའོ། །སེམས་ཀྱི་ངོ་བོའི་ལས་ཀྱང་སྐྱེ་བ་ཕྱི་ མའི་ལུས་མ་མཐོང་ན་ཇི་ལྟར་རྒྱུ་ཡིན་པར་རྟོགས་སྙམ་དུ་སེམས་པ་ནི། དེའི་ཡན་ལག་གི་ཞེས་བྱ་བའོ། །འདི་ནི་ལས་ཀྱིའོ། །ཡན་ལག་དངོས་པོ་ནི་སྐྱེ་མཆེད་ལྔ་པོ་རྒྱུ་ཉིད་དོ། །དེ་དག་དགག་པ་ལ་མི་དམིགས་པ་ནི་འབྲས་བུ་མི་དམིགས་པའོ། །དེས་འབྱེད་མིན་པ་ནི་ཁྱད་པར་མེད་པ་ཉིད་ཀྱིས་མ་ ངེས་པ་ཡིན་པའི་ཕྱིར་རོ། །ཚེ་འདི་པའི་སྐྱེ་མཆེད་ལྔ་ནི་སྐྱེ་བ་ཕྱི་མ་འབྲས་བུའི་ལུས་ལ་བཟློག་པས་ཁྱབ་པས་འགལ་བ་ཡིན་ཞེས་བྱ་བར་ཡང་འགྱུར་བའི་ཕྱིར་མི་དམིགས་པ་ཉིད་རྟོགས་བྱ་ཡིན་པའི་ཕྱིར་མི་མཐུན་པའི་ཕྱོགས་ལས་བཟློག་པ་ལ་ཐེ་ཚོམ་ཟ་བ་ཉིད་ཀྱིས་འགལ་བར་མ་རྟོགས་པས་མ་ ངེས་པ་ཁོ་ན་ཡིན་པར་བསྟན་པ་ནི། དེ་ཡི་ཡན་ལག་དངོས་པོ་དང་། །ཞེས་བྱ་བའོ། །གལ་ཏེ་ཡང་སྐྱེ་མཆེད་ལྔ་མངོན་སུམ་པ་ཡིན་ཡང་དེའི་འབྲས་བུ་སྐྱེ་བ་ཕྱི་མའི་ལུས་དབང་པོ་ལས་འདས་པ་ཡིན་པའི་ཕྱིར་དེའི་རྒྱུ་ཉིད་དབང་པོ་ལས་འདས་པ་ཁོ་ན་ཡིན་ནོ། །དེ་ལྟ་ཡིན་ ཡང་ཁས་བླངས་པ་ཡིན་པར་བསྟན་པ་ནི། གལ་ཏེ་ཡང་ཞེས་བྱ་བ་སྟེ། དེ་ལྟར་མེད་དོ་ཞེས་བྱ་བ་ནི་མ་དམིགས་པའི་ཁྱད་པར་ཏེ་ནུས་པའི་ངོ་བོའི་ལས་ཀྱང་དབང་པོ་ལས་འདས་པ་ཡིན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཁྱབ་པ་སྔོན་དུ་འགྲོ་བ་ཅན་ཞེས་བྱ་བ་ནི། དབང་པོ་མཚམས་སྦྱོར་བ་ལས་ བཟློག་པས་ཁྱབ་སྟེ། འགལ་བས་ཁྱབ་པ་ཞེས་བྱ་བའི་དོན་ཏོ་ཞེས་བཤད་པ་ཞེས་བྱ་བ་ནི། འབྲས་བུའི་འདོད་པས་སྔགས་རྣམས་ནི། །བྱས་དང་སྐྱེས་བུས་བྱས་བརྗོད་བྱ། །བློ་དབང་སྨྲ་དང་སྐྱེས་བུ་ཉིད། །ལ་སོགས་སྒྲུབ་བྱེད་གང་བརྗོད་པ། །ཚད་ལྟར་སྣང་ཡིན་ལྷག་ལྡན་པས། །ཇི་ བཞིན་དོན་རྟོགས་ཡོད་མ་ཡིན། །ཞེས་གསུངས་པའོ། །དེ་དང་མཚམས་སྦྱོར་བ་ཞེས་བྱ་བ་ནི། འདི་བའི་ལུས་སུ་གྱུར་པའི་དབང་པོ་དང་མཚམས་སྦྱོར་བའོ། །དེ་ཡང་ནི། འཇིག་རྟེན་ཕ་རོལ་དུ་འབྱུང་བའི་མཚམས་སྦྱོར་བའོ། །དེའི་ཚེ་ནི་དེའི་དུས་སུ་འདི་པ་ཡིན་པའི་ཕྱིར་རོ། །ཁུ་ཁྲག་ གཞན་གྱིས་བསྐྱེད་པའི་དབང་པོ་ཞེས་བྱ་བ་ནི། ལས་ཀྱི་མཚམས་སྦྱོར་བར་བྱེད་པ་ལ་ལྟོས་ནས་མི་དམིགས་པ་ཙམ་ནི་མི་སྣང་བ་མི་དམིགས་པའོ། །མི་དམིགས་པར་ཞེས་བྱ་བ་ནི། གཞན་གྱིས་ཏེ་སྣང་བ་མི་དམིགས་པས་རྟོགས་པ་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཇི་ལྟར་བསྒྲུབ་ བྱའི་ཐུན་མོང་བའི་ཡུལ་ནི། ཁྱད་པར་མ་ཡིན་པ་དེ་བཞིན་དུ་རྒྱུའི་ཁྱད་པར་ལས་བྱུང་བ་ཉིད་ཀྱང་། རྩ་བའི་མེད་བཞིན་དུ་ཁྱད་པར་མ་ཡིན་པ་ཁོ་ནར་བསྟན་པ་ནི། ཁུ་ཁྲག་གཞན་ཉིད་ཀྱིས་ཞེས་བྱ་བའོ། །དཔེ་དང་དོན་གྱིས་ཡུལ་གྱི་ཁྱད་པར་གྱི་དཔེ་བརྗོད་པ་ནི་བུམ་པ་དང་སྒྲའི་ཞེས་བྱ་ བྱའོ། །ཡུལ་དང་རྒྱུའི་ཁྱད་པར་ལ་སོགས་པ་རྣམས་ནི། ཁྱད་པར་བྱེད་པ་ཉིད་ལ་གཏན་ཚིགས་ཉིད་ཡིན་ཏེ། དབང་པོ་གཞན་དང་མཚམས་སྦྱོར་བ་ལ་གེགས་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི། དབང་པོ་སྔ་མ་ཞེས་བྱ་བ་སྟེ། རང་རིགས་ལ་ནི་རང་གི་རྒྱུད་ལས་བྱུང་བ་རྣམས་ལ་སྟེ། རྒྱུད་ གཞན་གྱི་དབང་པོ་ལ་མཚམས་སྦྱོར་བ་མ་ཡིན་ན་རང་གི་རྒྱུད་ལ་མཚམས་ཀྱི་སྦྱོར་བ་མ་ཡིན་ནོ། །གང་གི་ཕྱིར་མེ་ནི་མེ་གཞན་གྱི་བསྐྱེད་བྱའི་དུ་བ་སྐྱེད་པར་མི་བྱེད་པ་མ་ཡིན་ནོ། །འཇིག་རྟེན་ཕ་རོལ་དུ་བྱུང་བའི་དབང་པོ་ནི་འཇིག་རྟེན་ཕ་རོལ་གཞན་ལས་འབྱུང་བའི་རང་གི་རྒྱུད་ཀྱི་ སྐྱེད་བྱེད་དུ་མ་ཡིན་ནོ་ཞེ་ན། འགྱུར་བ་མཐོང་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། གོམས་པའི་བསྐྱེད་བྱའི་དབང་པོ་རྣམས་ཀྱི་འགྱུར་བ་སྟེ། གཡེར་བག་ཅན་ལ་སོགས་པའི་ཁྱད་པར་དུ་སྐྱེ་བ་དང་པོ་ལ་མཐོང་བའི་ཕྱིར་གཞན་ལས་ཏེ་སྐྱེ་བ་སྔ་མ་ལས་གཞན་ཏེ་སྐྱེ་བ་ཕྱི་མ་གཞན་གྱི་དབང་པོ་ རྣམས་འགྲུབ་པ་ཉིད་ཅེས་བྱ་བ་གནས་སྐབས་ཡིན་པའི་ཕྱིར་འཚོ་བའི་གནས་སྐབས་སུ་འབྲེལ་པ་འཛིན་པ་ལས་སྐྱེ་བའི་དང་པོ་ལ་རྗེས་སུ་དཔོག་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གསལ་བའི་ཁྱད་པར་ལས་འབྲེལ་པ་འཛིན་པ་ན་དེ་དང་འདྲ་བ་ལ་ཡང་འཛིན་པ་ཡིན་གྱི། གཞན་དུ་ན་འབྲས་ བུ་མཐོང་བ་ཉིད་ལ་རྒྱུར་རྟོགས་པར་བྱ་བ་ཡིན་པའི་ཕྱིར་འབྲས་བུ་མི་མཐོང་བ་ནི་ཉེ་བར་ལེན་པར་མི་བྱེད་དོ། །དེ་ལྟ་ཡིན་ན་ཐ་སྙད་ཆད་པར་འགྱུར་བ་ཡིན་པར་བསྟན་པ་ནི། གསལ་བའི་ཁྱད་པར་ཞེས་བྱ་བའོ། །དེ་ལྟར་ན་གཡོ་བ་ཞེས་བྱ་བ་ལ་སོགས་པ་ནས་སྐྱེས་པ་ནི་དེ་ལྟ་བུར་གྱུར་པའི་ བར་གྱིས་འབྲེལ་པ་འཛིན་པ་ཡིན་པར་བསྟན་པ་ཡིན་ནོ། །དེ་ལྟ་བུར་གྱུར་པ་མཐོང་བ་ལས་ཞེས་བྱ་བ་ནི་རྗེས་སུ་དཔག་པའོ། །འོན་ཏེ་དབང་པོ་ནི་ཞེས་བྱ་བ་ནི་དབང་པོ་གཞན་དང་མཚམས་སྦྱོར་བ་ཉིད་ཀྱིས་གཟུང་བ་ཡིན་ནོ་ཞེས་ཟེར་བ་ལ། གལ་ཏེ་དེ་ལྟ་ན་ཞེས་བྱ་བ་སྟེ། གལ་ཏེ་ཡང་དབང་པོ་ ཆོས་ཅན་ཅིག་ཡིན་ཡང་དེའི་ཁྱད་པར་གཡོ་བ་ལ་སོགས་པ་རྣམས་ཏེ། གོམས་པའི་བསྐྱེད་བྱ་ནི། སྐད་ཅིག་རེ་རེ་ཞིང་ཐ་དད་པ་ཁོ་ན་ཡིན་པར་བསྟན་པ་ནི། གཡོ་བ་ལ་སོགས་པ་གོམས་པ་སྔོན་དུ་འགྲོ་བ་ཅན་ཞེས་བྱ་བ་སྟེ། དེས་ན་དབུགས་ཀྱི་གནས་སྐབས་སུ་ཞེས་བྱ་བ་ནི་གཡོ་བ་ལ་སོགས་ པའི་མཚན་ཉིད་ཀྱི་རང་བཞིན་དུ་གྱུར་པ་ལས་ཏེ། རང་བཞིན་མ་ཡིན་ན་སྐྱེ་བ་གཞན་དང་གཞན་གྱི་དབང་པོ་རྣམས་མི་འགྲུབ་པོ་ཞེས་བྱ་བའི་དོན་ཏོ། །སྐྱེ་བ་གཞན་དང་གཞན་ཡང་སྐད་ཅིག་རེ་རེ་ཞིང་གཞན་དང་གཞན་ཉིད་དུ་འགྲེལ་པ་མཛད་པ་བཞེད་པ་ཡིན་ནོ། །ས་ལ་སོགས་པ་བཞིན་ཞེས་ བྱ་བ་ནི་ས་ལ་སོགས་པའི་རང་བཞིན་དུ་གྱུར་པའི་ཁམ་ཕོར་ལ་སོགས་པའི་འགྱུར་བ་ཐ་དད་པ་ཡིན་པ་ནི། ས་ལ་སོགས་པ་ཉིད་ཐ་དད་པ་ཡིན་གྱི་ཤེས་པ་ནི་མ་ཡིན་ནོ། །གལ་ཏེ་ལུས་ལས་ལན་ཅིག་བློ། །སྐྱེ་ཞིང་ཕྱིས་ནི་རང་རིག་ལས་ངེས་པ་ན་ཞེས་རྒོལ་བ་ དང་། ལུས་ཀྱི་ནུས་པ་ནི་ཅིའི་ཕྱིར་ན་ལྡོག་པ་ཡིན་ཞེས་བྱ་བ་ལ་དེའི་ངོ་བོར་ཁྱད་པར་མེད་པ་ལས་སྐྱེད་བྱེད་ཡིན་ན་ཅིག་ཅར་དུ་མའི་སྐྱེད་བྱེད་ཉིད་དུ་ཐལ་བར་འགྱུར་བར་ཡང་ངོ་། །དབང་པོ་ལ་ཡང་ལྷག་པར་བསྟན་པ་ནི། གལ་ཏེ་ལུས་ལས་དེ་སྐྱེ་ན། །ཞེས་བྱ་བའོ། །དེ་ཉིད་རྣམ་པར་འགྲེལ་ པ་ནི། །འོན་ཀྱང་དང་པོ་ཞེས་བྱ་བའོ། །ལན་ལྷག་པར་བསྟན་པ་ནི། སྔ་མ་བཞིན་དུ་ཐལ་བར་འགྱུར། །ཞེས་བྱ་བ་དེར་རྣམ་པར་འཆད་པ་སྟེ། གལ་ཏེ་ལུས་ལས་ཞེས་བྱ་བའོ། །ཡང་ན་ལུས་ལས་དབང་པོ་སྐྱེ་བར་ཁས་ལེན་པ་ཡིན་ན་གནས་སྐབས་ལ་སོགས་པ་ཐལ་ཆེས་པ་ཡིན་ པར་སྐྱེ་བ་ཡོངས་སུ་འཛིན་པ་ལ་ཐལ་ཆེས་པའི་ཕྱིར་ཞེས་གསུངས་པ་ལྷག་པར་བསྟན་པ་ནི། སྔ་མ་བཞིན་དུ་ཐལ་བར་འགྱུར། །ཞེས་བྱ་བའོ། །སྔ་མ་དེ་ཉིད་གཙོ་བོ་ཡིན་ཏེ་རྩིག་པ་དང་བུམ་པ་ལ་སོགས་པ་དང་། ཤི་བའི་ལུས་ལ་ཡང་སེམས་མེད་པའི་ཕྱིར་དབང་པོ་མེད་ན་དེའི་རྒྱུ་དེ་ཉིད་ཡིན་ ཏེ། འབྲས་བུ་དེ་ལ་ངེས་པའི་ཕྱིར་རོ་ཞེས་བྱ་བའི་དོགས་པ་སྔོན་དུ་སོང་བས་བསྟན་པ་ནི། སེམས་ལས་ཀྱང་ཞེས་བྱ་བ་སྟེ། ཀྱང་གི་སྒྲས་སེམས་ཀྱི་ཞེས་བྱ་བ་བསྡུས་པ་ཡིན་པར་བསྟན་པ་ནི། སེམས་ཀྱི་ཡང་ཞེས་བྱ་བའོ། །གང་གི་ཕྱིར་གོམས་པའི་བསྐྱེད་བྱའི་རྣམ་པ་མཐོང་བ་ལས་དབང་ པོ་རྣམས་སྐྱེ་བའི་དང་པོ་ལ་སྐྱེ་བ་སྔ་མའི་དབང་པོའི་སེམས་རྒྱུའི་ཁྱད་པར་དུ་གྲུབ་པ་ཡིན་གྱི་འབྲས་བུའི་ཁྱད་པར་ནི་དེ་མེད་ན་གྲུབ་པ་མ་ཡིན་ལ། དེ་ལས་གཞན་པ་ལུས་ལ་སོགས་པ་ཡང་རྒྱུ་མ་ཡིན་ནོ། །དེའི་ཕྱིར་རྒྱུ་མ་ཚང་བ་ལས་ཤི་བ་སྐྱེ་བ་གཞན་དུ་མཚམས་སྦྱོར་བ་མ་ཡིན་པ་མི་རིགས་པར་ བསྟན་པ་ནི། དེས་ནི་རྒྱུ་དང་བྲལ་བའི་ཕྱིར། །ཞེས་བྱ་བ་སྟེ་མེད་པའི་ཕྱིར་རོ། །ཀུན་ཞེས་བྱ་བ་ནི་དགྲ་བཅོམ་པ་འབའ་ཞིག་ཁོ་ན་མ་ཡིན་ཏེ། སོ་སོའི་སྐྱེ་བོ་རྣམས་ཀྱི་ཡང་ཞེས་བྱ་བར་དགོངས་བས་དགག་པའི་དག་གཅིག་ཡིན་པའམ། སོ་སོའི་སྐྱེ་བོ་རྣམས་སུ་མ་ཟད་ཀྱི་དགྲ་བཅོམ་པ་ རྣམས་ཀྱི་ཡང་ཡིན་ནོ། །གང་གི་ཕྱིར་ཉོན་མོངས་པ་མེད་པའི་སེམས་སམ་དབང་པོ་ཡང་རུང་དེའི་ཡང་རྒྱུན་དུ་བྱེད་པ་བཀག་པ་ནི་མ་ཡིན་ནོ། །འོན་ཏེ་དབང་པོའི་སེམས་ཀྱང་མཚམས་སྦྱོར་བར་བྱེད་པ་མ་མཐོང་བའི་ཕྱིར་བཟློག་པས་ཁྱབ་པ་ཡིན་ན་མ་མཐོང་བ་ལ་ཁྱད་པར་མེད་པ་ཉིད་ཀྱིས་མ་ངེས་ པའི་ཕྱིར་མི་རིགས་པ་ཡིན་པར་བསྟན་པ་ནི། དེའི་ཕྱིར་འདི་འདྲ་ཞེས་བྱ་བའོ། །འཆི་བ་སེམས་ཉིད་ཡིན་པའི་ཕྱིར། །ཞེས་བྱ་བ་ཉེ་བར་མཚོན་པ་ནི་དབང་པོ་ཉིད་ལ་སོགས་པར་རོ། །ནང་གི་རིག་པའི་ཁྱད་པར་གྱིས་ནི་ལུས་ཀྱི་ཞེས་བྱ་བ་དང་སྦྱར་བར་བྱའོ། །ཇི་ལྟར་ལུས་ཐ་དད་པ་ལ་ འཇུག་པ་ཉིད་ལུས་ཐ་དད་པ་ལ་དམིགས་པ་ཉིད་ཡིན་པ་དེ་བཞིན་དུ་ལུས་གཞན་ལ་མཚམས་སྦྱོར་བ་ཅན་ཉིད་ཀྱང་ལུས་གཞན་ལ་དམིགས་པ་ནི་སེམས་གཞན་སྐྱེད་པར་བྱེད་པ་ཉིད་ཡིན་ནོ། །དེའི་ཕྱིར་ཡང་མ་ངེས་པའི་གཏན་ཚིགས་སུ་འགྱུར་བར་བསྟན་པ་ནི། དེས་ན་མ་ངེས་པ་ཡིན་ནོ་ཞེས་བྱ་ བའོ། །རབ་ཏུ་གྲུབ་པ་མ་ཡིན་པའི་ཁྱད་པར་ཡང་གཏན་ཚིགས་ཡིན་པར་བསྟན་པ་ནི། ལུས་གཞན་པ་ཉིད་ཀྱང་མ་ཡིན་ཏེ། དེའི་ཕྱིར་ལུས་ནི་ཡིད་ཀྱི་རྣམ་ཤེས་ཀྱི་རྒྱུན་ལ་ཕན་བྱེད་པའི་ཕྱིར་རྟེན་ཡིན་གྱི་སྐྱེད་པར་བྱེད་པའི་ཕྱིར་ནི་མ་ཡིན་ནོ། །དེ་ཡི་ཤེས་པས་ཕན་འདོགས་ཕྱིར། །ཡིད་ནི་ལུས་ ལ་བརྟེན་པར་བཤད། །འགའ་ཞིག་ཚེ་ན་སེམས་རྒྱུན་གྱི། །ཕན་འདོགས་བྱེད་པའང་ཡིན་བླ་སྟེ། །ཞེས་གསུངས་པ་ཡིན་པའི་ཕྱིར་ཞེས་བསྟན་པ་ནི། དེའི་ཕྱིར་ཡིད་ཀྱི་རྒྱུན་ལ་ཞེས་བྱ་བའོ། །འབྲུའི་རྒྱུན་བཞིན་ཞེས་བྱ་བ་ནི་ས་བོན་ལས་སྐྱེད་པ་ནི་ཆུ་ལ་སོགས་པས་ཕན་བྱེད་པ་ཡིན་ནོ། །དེ་ ལྟ་བུ་དེ་ཡང་སེམས་སྐྱེ་བ་བརྒྱུད་པར་རྒྱུན་མི་འཆད་པར་རྗེས་སུ་འཇུག་པ་ཡིན་ལ། སྙིང་རྗེ་ལ་སོགས་པ་དེའི་ཆོས་རྣམས་ཕུལ་དུ་བྱུང་བར་འགྱུར་བ་ཡིན་ནོ། །དེའི་ཕྱིར། སྒྲུབ་བྱེད་སྙིང་རྗེ་གོམས་ལས་དེ། །ཞེས་བྱ་བ་འདིའི་གཉེན་པོ་འདི་གྲུབ་པ་ཡིན་པར་བསྟན་པ་ནི། དེས་ན་སེམས་ཀྱི་ རྒྱུན་ཐོག་མ་མེད་པ་ཞེས་བྱ་བའོ། །དེའི་ཕྱིར་གང་གི་འདུ་བྱེད་ཉིད་ངེས་པ་ཡིན་པ་ནི་རྗེས་སུ་འཇུག་པ་ཞེས་བྱ་བ་ལ་སོགས་པས་སེམས་ནི་སེམས་ལས་ཡིན་ཏེ། སྐྱེ་བ་དང་པོ་ལ་ལུས་ལ་སོགས་པ་འགྱུར་བ་མ་ཡིན་ཡང་དེ་འགྱུར་ན་འགྱུར་བའི་ཕྱིར་རོ། །སེམས་ནི་ལུས་འཛིན་པའི་བདག་ཉིད་ ཡིན་ལ་འབད་པ་མེད་པའི་རྒྱུན་ཉིད་ཀྱིས་བརྟན་པ་ཡིན་ཡང་སྙིང་ལ་དེའི་ཆོས་རྣམས་གོམས་པ་ལས་འབྱུང་བ་ཉིད་ཀྱིས་འབད་པ་ལ་ལྟོས་པ་ཡིན་པའི་ཕྱིར་གདོན་མི་ཟ་བར་བྱུང་བའམ་ཕུལ་དུ་བྱུང་བ་ཡང་མ་ཡིན་ཏེ། མཆོངས་པ་ལ་སོགས་པ་ལྟ་བུ་ཡིན་པར་བསྟན་པ་ནི། གལ་ཏེ་གོམས་པ་ཡོད་མེད་ཅེས་བྱ་བ་སྟེ། རབ་ཀྱི་ནི་ཡུལ་མ་ཡིན་པ་དང་ལྡན་པའོ། །མཐར་ཕྱིན་པ་ནི་མཐར་ཐུག་པ་གང་ཡིན་པ་དེར་ཅུང་ཟད་ཙམ་ནི་དཔག་ཏུ་ཡོད་པ་ཕུལ་དུ་བྱུང་བ་མ་ཡིན་ནོ། །ཁྱད་པར་ནི་ཕུལ་དུ་བྱུང་བར་སྣང་བའོ། །ཁྱད་པར་འགྱུར་ན་ཡང་ཞེས་བྱ་བ་ནི་ཕུལ་དུ་བྱུང་བར་འགྱུར་ན་ ཡང་ངོ་། །རང་བཞིན་ནི་དུས་ཇི་ཙམ་པ་ཉིད་དང་ཁྱད་པར་ཇི་ཙམ་པ་ཉིད་ཀྱང་ངོ་། །དེ་ལས་འདའ་མིན་ནི་འབད་པ་མེད་པའི་རྒྱུན་ཉིད་དང་ཚད་མེད་པའི་ཕུལ་དུ་བྱུང་བ་ཉིད་ཀྱང་ངོ་། །ཤིན་ཏུ་གོམས་པའི་མཆོངས་པ་ཡང་དཔག་ཚད་དམ་དཔག་ཚད་ཕྱེད་དུ་མི་འགྱུར་རོ། །ཆུ་ཁྱད་པར་ཅན་དུ་བསྐོལ་བ་ཡིན་ ཡང་འབར་བའི་མཐར་ཐུག་པར་མི་འགྱུར་ཏེ། རྟེན་ཆུ་ཉིད་མེད་པའི་ཕྱིར་རོ། །གོམས་པ་ནི་རང་བཞིན་ལ་ཁྱད་པར་གྱི་རྒྱུ་མ་ཡིན་ཏེ། དེ་མེད་ན་རྒྱུ་ནི་དེའི་རྒྱུ་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་ཏེ་ཤིན་ཏུ་ཕུལ་དུ་བྱུང་བ་ཉིད་དང་ཕུལ་དུ་བྱུང་བའི་རྒྱུ་ཉིད་འགལ་བའི་ཕྱིར་རོ། །མཆོངས་པ་ཕུལ་དུ་བྱུང་བ་ ཙམ་དང་ལྡན་པ་ནི་ཤིན་ཏུ་ཕུལ་དུ་བྱུང་བ་ཡིན་ཡང་མཆོངས་པའི་བདག་ཉིད་ལས་ལྡོག་པ་མ་ཡིན་ན་གང་གིས་འགལ་བར་འགྱུར་ཕུལ་དུ་བྱུང་བར་ལན་ཅིག་སྒྲོ་བཏགས་པས་ཀྱང་རང་བཞིན་ལས་ལྡོག་པ་མ་ཡིན་ཏེ། མཆོངས་པ་དང་སྙིང་རྗེ་བ་ལ་སོགས་པ་དང་ཁྱད་པར་ཅི་ཡོད་སྙམ་དུ་སེམས་པ་ལ། བྱས་ཏེ་གལ་ཏེ་ ཞེས་བྱ་བ་སྟེ། གོམས་པས་བྱས་པའི་ཁྱད་པར་རོ། །རང་ཡོད་པ་ལ་འབད་རྩོལ་གཞན་ལ་ལྟོས་པ་ནི་མཆོངས་བ་འཕེལ་བ་མ་ཡིན་ཏེ། ཕུལ་དུ་བྱུང་བ་གཞན་ལ་རྟེན་མེད་པའི་ཕྱིར། ཁྱད་པར་དག་ནི་མེད་འཕེལ་ཞིང་། །ཞེས་བྱ་བའོ། །ཡང་འབད་པ་ལ་སོགས་པ་ཡིན་ཡང་ཆུ་ཤིན་ཏུ་ཆེར་བསྐོལ་ བ་ལ་སོགས་པའི་དབྱེ་བས་འཕེལ་བ་ཁོ་ན་ཡིན་ནོ་སྙམ་དུ་སེམས་པ་ལ་ཁྱད་པར་དང་རྟེན་དངོས་སུ་འགལ་བ་མ་ཡིན་ཡང་ཁྱད་པར་བྱེད་པ་དང་འགལ་བའི་ཕྱིར་འགལ་བའི་འབྲས་བུ་ཉིད་ཀྱིས་འདི་རང་བཞིན་ཡིན་པར་བསྟན་པ་ནི། རང་བཞིན་དེ་འདྲ་མ་ཡིན་ཏེ། །ཞེས་བྱ་བའོ། །སླར་ཡང་འབད་པ་ལ་བརྟེན་པ་ དང་རྟེན་མི་བརྟེན་པ་ཉིད་དག་ལ་གོ་རིམས་བཞིན་དུ་མི་འཕེལ་བ་དང་། རང་བཞིན་མ་ཡིན་པའི་སྐྱོན་ཡིན་ནོ། །ཅི་ལས་ཡིན་སྙམ་དུ་སེམས་པ་ལ་དང་པོ་ལ་གཏན་ཚིགས་བསྟན་པ་ནི། དེ་ལ་ཞེས་བྱ་བ་ལ། དེ་ལ་ནི་སྔ་མའི་རྒྱུས་རྫོགས་པའི་ཁྱད་པར་ལ་ཕན་འདོགས་པའི་ནུས་པ་ཡོངས་སུ་རྫོགས་ པ་གང་དག་གི་ཡིན་པ་དེ་དག་གིའོ། །ཕྱོགས་གཉིས་པ་ལ་ཡང་རྟག་ཏུ་ཞེས་བྱ་བ་ལ་སོགས་པ་ནས་ཁྱད་པར་འཕེལ་ཡང་ཞེས་བྱ་བའི་བར་ཏེ། རྟེན་གནས་མ་ཡིན་པ་ནི། རྟེན་གནས་པ་མེད་པས་རང་བཞིན་མ་ཡིན་པའི་ཕྱིར། ཁྱད་པར་དག་ནི་མི་འཕེལ་ཞིང་། འཕེལ་ཡང་ཕུལ་དུ་བྱུང་བ་མ་ཡིན་ཞེས་བྱ་བར་ སྦྱར་རོ། །ཕུལ་དུ་བྱུང་བའི་འཕེལ་བ་མ་ཡིན་པ་ནི། སླར་ཡང་འབད་པ་ལ་ལྟོས་པ་དང་། རྟེན་བརྟན་པ་ཉིད་མེད་ན་མི་འབྱུང་བའི་ཕྱིར་དེས་ཁྱབ་པ་ནི་དེ་ལས་བཟློག་པ་ལ་མི་འགྱུར་རོ་ཞེས་བཟློག་པ་བསྟན་པ་ནི། གང་ཚེ་བྱས་འགྱུར་བ་ཞེས་བྱ་བ་སྟེ། རྟེན་མི་བརྟན་པ་ཉིད་ལོག་ན་རང་བཞིན་མ་ཡིན་པ་ཉིད་ ལྡོག་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འགྲེལ་པར་ཡང་དེ་ལྟ་བུའི་དོན་གོ་བར་བྱའོ། །ཁྱད་པར་ནི་ཕུལ་དུ་བྱུང་བ་སྟེ་དེ་ཙམ་དུ་བྱུང་བར་རྣམ་པར་གནས་པ་ཕུལ་དུ་བྱུང་བ་ཉིད་ཁྱད་པར་དེ་ལ་འབྱུང་བ་འཕེལ་བར་ཅི་སྟེ་མི་འགྱུར། དེ་བསྟན་པ་ནི། ཁྱད་པར་ཡིན་ནོ་ཅོག་ཅེས་བྱ་བའོ། །རང་གི་རྒྱུན་དུ་གྱུར་པ་ཙམ་ གྱིས་ནི་ཁྱད་པར་ནི་རང་གི་ངོ་བོ་ཙམ་དུ་གྱུར་པ་དེ་ལྟར་རྣམ་པར་གཞག་པ་ཕུལ་དུ་བྱུང་བ་མ་ཡིན་ནོ། །འོན་ཀྱང་ཞེས་བྱ་བས་ཁྱད་པར་བསྟན་པ་ནི། མཆོངས་པའི་ཡུལ་སྔ་མ་ཉིད་ལ་སླར་ཡང་འབད་རྩོལ་ལ་ལྟོས་པ་ཡང་ཆུ་བསྐོལ་བ་འཕེལ་པ་ཡང་མི་བརྟན་པ་ཉིད་ཀྱིས་ཕུལ་དུ་བྱུང་བར་འཕེལ་བ་མ་ཡིན་ པར་བསྟན་པ་ནི། འདི་དང་མེ་དང་འབྲེལ་པ་མེད་ཀྱང་ཡོད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དེ་མ་ཐག་ཏུ་རྟེན་ཡང་མ་ཡིན་ཞེས་བྱ་བར་བལྟ་བར་བྱའོ། །གང་གི་ཕྱིར་ཡོད་པ་ལས་འཕེལ་བ་མཐར་ཐུག་པར་མི་འགྱུར་བ་ནི་ཕུལ་དུ་བྱུང་བར་མི་འཕེལ་བའོ། །ཁྱབ་པ་ཞེས་བྱ་བ་ནི་དེ་ཉིད་ལ་ཡོད་པའི་ཕྱིར་རོ། །དེ་ མེད་པའི་ཕྱིར་ནི་ཁྱབ་པར་བྱེད་པ་མེད་པའི་ཕྱིར་རོ། །དེ་ལས་བཟློག་པ་སྲིད་པའི་ཕྱིར། །ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་ཡིན་ནོ། །འདིས་ནི་གང་ཚེ་བྱས་གྱུར་པ། །ཞེས་བྱ་བ་བཤད་པ་ཡིན་ནོ། །རྟེན་མི་བརྟན་པ་ཉིད་གྱུར་ན། །རང་བཞིན་དེ་འདྲ་འང་མ་ཡིན་ཏེ། །ཞེས་བྱ་བ་འབའ་ཞིག་ མ་ཡིན་ཏེ། འོན་ཀྱང་སླར་ཡང་འབད་རྩོལ་ལ་ལྟོས་པ་ལ་ཡང་སྦྱར་བར་ནུས་པ་ཡིན་ནོ་ཞེས་བསྟན་པ་ནི། ཡང་རྩོལ་བ་ལ་ལྟོས་པ་གང་ཡིན་པ་ཞེས་བྱ་བའོ། །ཁྱད་པར་བྱེད་པ་དང་བཅས་པ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མེད་པའམ་ཁྱབ་པར་བྱེད་པ་དང་འགལ་བའོ། ། གང་ཞིག་ཡང་རྩོལ་བ་ཞེས་བྱ་བ་ལ་སོགས་པ་ཡང་འབད་རྩོལ་ལ་ལྟོས་པ་ལ་ཡང་ཕུལ་དུ་བྱུང་བར་འཕེལ་བ་ནི། རྟེན་དང་འགལ་བའི་འབྲས་བུ་ཡིན་པའི་ཕྱིར། རང་བཞིན་མེད་པ་ཡིན་ནོ་ཞེས་དགོངས་པ་ཡིན་ཏེ། རང་བཞིན་མེད་པ་ཉིད་ཅེས་བྱ་བ་ནི་རྟེན་མི་བརྟན་པ་ཉིད་ཀྱི་ཕྱིར་རོ། །རྒྱུ་ཉེ་ བ་ལ་ལྟོས་བ་ཞེས་བྱ་བ་ནི་འབྲས་བུ་འབྱུང་བའི་འཕེལ་བ་དང་ལྡན་པའི་རྟེན་ལ་དགོངས་ནས་འགལ་བའི་འབྲས་བུ་ཡིན་པའི་ཕྱིར་རོ། །རང་གི་ངང་གིས་འཇུག་པ་ཞེས་བྱ་བ་ནི། འགལ་བ་མེད་པའི་འབྲས་བུ་ཡིན་ནོ། །མཆོངས་པ་དང་ཆུ་བསྐོལ་བ་བཞིན་ཞེས་བྱ་བ་འདི་ལ། ཆུ་བསྐོལ་བ་ནི་དཔེ་ ཡིན་ཏེ་མཆོངས་བ་ལ་ནི་སྦྱོར་བར་ནུས་པ་ཡིན་ནོ་ཞེས་དགོངས་པས་སོ། །གང་ཚེ་བྱས་གྱུར་པ་ཞེས་བྱ་བ་དེ་འཆད་པ་ཡིན། བརྩེ་བ་ལ་སོགས་པའི་ཡིད་ཀྱི་ཡོན་ཏན་ཞེས་བྱ་བ་སྟེ། འདི་ལ་དཔེ་ནི་ཤིང་དག་དང་དངུལ་ཆུ་ཞེས་བྱ་བ་སྟེ། དེ་རྣམ་པར་འགྲེལ་པ་ནི། ཕྱི་རོལ་གྱི་ཡོན་ཏན་འགའ་ཞིག་ ཅེས་བྱ་བའོ། །ཡང་འབད་རྩོལ་ལ་མི་ལྟོས་པ་ཁོ་ནའི་ཕྱིར་གོམས་པ་ལས་བྱུང་བའི་སྙིང་རྗེ་ལ་སོགས་པ་ཡང་། གོམས་པ་ཡང་རང་གི་ངང་གིས་ཏེ། རང་གི་རྒྱུ་མཚན་གྱིས་ཡིན་པར་ཉེ་བར་བསྡུ་བ་ནི། སེམས་ལ་ཞེས་བྱ་བ་སྟེ། བདེ་སོགས་ཞེས་བྱ་བས་ཆོས་ཅན་རྣམས་ཆོས་ཀྱི་ཁྱད་པར་དང་ལྡན་ པར་བསྟན་པ་ཡིན་ནོ། །དེ་བཞིན་དུ་འབད་རྩོལ་གཞན་གྱིས་བསྐྱེད་བྱའི་ཁྱད་པར་གཞན་ནི་རང་གི་ངང་གིས་འཇུག་པའི་བརྗོད་བྱ་ཡིན་པར་བསྟན་པ་ནི། ཡང་ནས་ཡང་དུ་ཞེས་བྱ་བ་སྟེ། དེ་གོམས་པས་ནི་དེའི་རྗེས་སུ་འཇུག་པ་སྟེ། བྱས་པའི་ཁྱད་པར་ནི་ཕུལ་དུ་བྱུང་བ་གང་དག་ཡིན་པ་དེ་དག་ཡིན་ ནོ། དེ་རྗེས་སུ་འཇུག་པའི་ཁྱད་པར་ཡིན་ཡང་། མཆོངས་པ་ལ་སོགས་པ་རྣམ་པར་ལྡོག་པ་ཁོ་ན་ཡིན་ནམ་དེ་ལས་བསྟན་པ་ནི། དེའི་ཚེ་སྙིང་རྗེ་ལ་སོགས་པའི་ཁྱད་པར་བྱས་ཟིན་པར་བརྗོད་པ་ནི། གང་གི་ཚེ་ཡང་འབད་རྩོལ་ལ་མི་ལྟོས་པ་མཆོངས་པ་ལ་སོགས་པའི་ཁྱད་པར་དང་མཚན་ཉིད་མི་ མཐུན་པའི་ཁྱད་པར་བསྟན་པ་ཡིན་གྱི། ཁྱད་པར་ཙམ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཁྱད་པར་འདི་ལ་ལྟོས་པ་ཡིན་ན་འདིར་འགྱུར་རོ་ཞེས་བསྟན་པ་ནི། རྩོལ་བ་གཞན་ཞེས་བྱ་བའོ། །གལ་ཏེ་ཁྱད་པར་འདི་ཉིད་གོམས་པའི་བསྐྱེད་བྱ་ལ་ཁྱད་པར་མེད་ན། འདི་ཇི་ལྟར་ཡིན། རྒྱུ་ལ་ ཁྱད་པར་མེད་ན་འབྲས་བུ་ལ་ཁྱད་པར་མེད་དོ་སྙམ་དུ་སེམས་པ་ནི། གལ་ཏེ་མཆོངས་པ་ཡང་ཞེས་བྱ་བ་སྟེ། གོམས་པའི་བསྐྱེད་བྱའི་ཁྱད་པར་ཡིན་ཡང་། ཁྱད་པར་དག་ལ་ཡང་འབད་རྩོལ་ལ་ལྟོས་པ་དང་མི་ལྟོས་པ་ཆོས་ཅན་ལ་གནས་པ་ཉིད་ཀྱིས་ཁྱད་པར་ཆེ་བ་ཡིན་པར་བསྟན་པ་ནི། འདི་ལ་བཤད་ ཟིན་ཏོ་ཞེས་བྱ་བ་སྟེ། ཡང་འབད་རྩོལ་ལ་ལྟོས་པའི་ཁྱད་པར་ནི་འཕེལ་བ་ཡིན་ཡང་ཆུ་བསྐོལ་བ་བཞིན་དུ་ཤིན་ཏུ་འཕེལ་བ་མ་ཡིན་ཏེ། རྟེན་དང་འགལ་བའི་འབྲས་བུ་ཉིད་ཀྱིས་རང་ཉིད་ཁོ་ན་མེད་པའི་ཕྱིར་རོ་ཞེས་བསྟན་པ་ཉེ་བར་བསྡུ་བ་ནི། དེའི་ཕྱིར་ཞེས་བྱ་བ་སྟེ། རྟེན་བརྟན་པའི་ཕྱིར་འཕེལ་བའི་ ཁྱད་པར་ནི་རྟེན་དང་འགལ་བའི་འབྲས་བུ་མ་ཡིན་ནོ། །དེའི་ཕྱིར་ཤིན་ཏུ་འཕེལ་བ་ཁོ་ན་ཡིན་ཏེ། ཁྱད་པར་གྱི་རྒྱུ་དང་རྟེན་མ་འགལ་བའི་ཕྱིར་དང་། ཁྱད་པར་ལ་ཡང་འབད་རྩོལ་ལ་ལྟོས་པ་མེད་པའི་ཕྱིར་རོ། །ད་ནི་སྙིང་རྗེ་ལ་སོགས་པའི་ཆོས་ཁོ་ན་ཕུལ་དུ་བྱུང་བའི་མིང་ཅན་ནི་གོམས་པའི་བསྐྱེད་ བྱ་ཡིན་གྱི་ཆོས་ཅན་ནི་མ་ཡིན་ཏེ། རང་གི་རྒྱུད་ལས་བྱུང་བའི་ཕྱིར་དང་དེ་ཁོ་ན་ཉིད་བཞིན་དུ་ཕུལ་དུ་བྱུང་བའི་གནས་སྐབས་མཐོང་བའི་ཕྱིར་རོ། །མཆོངས་པ་ལ་སོགས་པའི་ཆོས་ཅན་ཡང་འབད་རྩོལ་མེད་ན་མི་སྲིད་པར་བསྟན་པ་ནི་གང་ཕྱིར་ཞེས་བྱ་བ་སྟེ། རིགས་མཐུན་པའི་སྔར་གྱི་ས་བོན་ལས་བྱུང་ བ་ཉིད་ཀྱི་འབད་རྩོལ་ཉིད་ཀྱིས་བསྐྱེད་བྱ་ཉིད་སེལ་བར་བྱེད་པས་ཡུལ་གྱི་ཕན་འདོགས་པ་ལ་སོགས་པ་ལ་ལྟོས་པའི་ཡིན་ནོ། །དེའི་ཕྱིར་ཆོས་ལ་མི་དམིགས་པ་ལ་སོགས་པ་ཉིད་ཀྱིས་སྙིང་རྗེ་ལ་སོགས་པ་རབ་ཏུ་འཇུག་པ་བརྗོད་པ་ཡིན་པར་བསྟན་པ་ནི། ཡུལ་ཉེ་བ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་ དམིགས་པ་ཉིད་ནི་ད་དུང་ཡང་སྣང་བ་ཉིད་ཁོ་ན་ཡིན་པར་བསྟན་པ་ནི། དྲན་པ་དང་ཐོས་སོགས་ཀྱིས་ཀྱང་ཞེས་བྱ་བ་སྟེ། དྲན་པ་ལ་སོགས་པའི་མི་དམིགས་པ་ནི། དངོས་པོར་མི་སྣང་ཕྱིར་རྣམ་རྟོག་ཅེས་བསྟན་པ་ཡིན་ནོ། །ཡུལ་ལ་སོགས་པ་ལ་ལྟོས་པ་མེད་པ་འབའ་ཞིག་ནི་མ་ཡིན་ཏེ། མི་མཐུན་པའི་ ཕྱོགས་ཀྱིས་ཀྱང་བཟློག་བྱ་མ་ཡིན་པར་བསྟན་པ་ནི། དེའི་ཞིང་དུ་བྱས་པ་དག་ཅེས་བྱ་བའོ། །རྒྱས་པ་ལས་གཞན་པ་ནི། རྒྱས་པ་ལ་མ་ཡིན་པ་སྟེ་གཞན་པའོ། །དེ་ཁོ་ན་གཞན་པ་ཉིད་ཡིན་ཏེ། མི་མཐུན་པའི་ཕྱོགས་ཀྱིས་མི་གསལ་བར་བྱས་པའི་ཕྱིར་དང་། གོམས་ པའི་ཡུལ་ལ་སོགས་པ་ལ་མི་ལྟོས་པའི་ཕྱིར་ཞན་པ་ཉིད་མ་ཡིན་ནོ། །འདི་ལྟར་སེམས་ཅན་དང་ཆོས་དང་མི་དམིགས་པའི་སྙིང་རྗེ་རྣམས་ནི་སོ་སོའི་སྐྱེ་བོ་དང་། འཕགས་པ་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིན་པར་འགྲུབ་ཅེས་བྱ་བའི་དོན་ཏོ། །མཆོངས་པ་ཡང་རང་གི་ས་བོན་ལས་བྱུང་བ་ ཉིད་མ་ཡིན་ནམ། གོམས་པ་ནི་ཕུལ་དུ་བྱུང་བ་ཁོ་ན་ལ་སྙིང་རྗེ་ལ་སོགས་པ་བཞིན་དུ་བྱེད་པ་ཡིན་པའི་ཕྱིར་རོ་སྙམ་དུ་སེམས་པ་ནི། ཇི་སྟེ་ཞེས་བྱ་བ་ལ་སོགས་པའོ། །མཆོངས་པ་ནི་མཆོངས་པས་བྱུང་བ་ནི་ཡིན་ཏེ་སྟོབས་དང་འབད་རྩོལ་ལས་བྱུང་བ་ཡིན་ནོ་ཞེས་བྱ་བར་བསྟན་པ་ནི། དེ་ལྟར་མཆོང་ ཉིད་ལས་མཆོངས་མིན། །ཞེས་བྱ་བའོ། །སྟོབས་ལས་སམ་འབད་རྩོལ་ལས་བྱུང་བ་ནི་གོམས་པས་ཤིན་ཏུ་ཕུལ་དུ་བྱུང་བར་འགྱུར་བ་མ་ཡིན་ནམ་སྙམ་དུ་སེམས་པ་ནི། དེ་རྒྱུ་ཞེས་བྱ་བ་སྟེ་གནས་པའི་ནུས་ཉིད་ཡིན་པའི་ཕྱིར་གནས་པའི་འབྲས་བུ་ཉིད་ཡིན་གྱི། གོམས་པའམ་གཞན་ཡང་རུང་ དེའི་རང་བཞིན་གྱིས་མཆོང་བ་ནི་མ་ཡིན་ནོ། །གོམས་པ་ནི་སྟོབས་ཀྱི་རང་བཞིན་ཁོ་ན་ལ་བརྟེན་པ་ཡིན་པར་བསྟན་པ་ནི། རང་གིས་མཆོངས་པ་གོམས་པར་ཞེས་བྱ་བའོ། །གོམས་པ་ཡོད་པའི་མཆོངས་པ་གང་ཡིན་པ་ནི། སྔ་རོལ་ན་དེ་སྟོབས་ཡོད་ཀྱང་མེད་པ་མ་ཡིན་ནམ་སྙམ་དུ་སེམས་པ་ནི་ ཇི་སྟེ་ཡང་ཞེས་བྱ་བ་ལ་སོགས་པའོ། །སྔར་གྱི་སྟོབས་བད་ཀན་ལ་སོགས་པས་ལུས་ལྕི་བ་ལ་སོགས་པས་ཉེ་བར་གནོད་པ་ཡིན་ལ་གོམས་པས་ནི་ཉེ་བར་གནོད་པ་མེད་པར་བྱེད་པ་བསྟན་པ་ནི། དེ་ནི་དང་པོ་ཞེས་བྱ་བའོ། །གལ་ཏེ་སྟོབས་རང་གི་ས་བོན་ཙམ་ལས་བྱུང་བར་འབད་རྩོལ་མེད་པར་ཕུལ་ དུ་བྱུང་བའི་སྙིང་རྗེར་འགྱུར་རོ། །གང་གི་ཕྱིར་འབྲས་བུ་མི་དམིགས་པ་ནི། རྒྱུའི་ཚོགས་པ་མེད་པར་གོ་བར་བྱེད་པ་ཡིན་ནོ་སྙམ་དུ་སེམས་པ་ནི། གལ་ཏེ་བརྩེ་བ་ལ་སོགས་པ་ཞེས་བྱ་བའོ། །དེའི་ཚེ་དེའི་བདག་ཉིད་དུ་ཡང་ཞེས་ཡང་གི་སྒྲ་རིམ་ལས་བཟློག་པ་ཡིན་ཏེ། གང་གི་ཚེ་ཞེ་ན། རྟེན་བརྟན་པ་ཡང་ ཡིན་ན་ཡིན་གྱི་གཞན་གྱི་ཚེ་ནི་མ་ཡིན་པའོ། །མི་མཐུན་པའི་ཕྱོགས་སུ་བྱེད་པ་ལ་གོམས་པ་ལས་རྟོགས་པ་ཡིན་གྱི་རང་གི་ངོ་བོ་ལས་ནི་མ་ཡིན་ཞེས་ཅི་ལས་རྟོགས་པ་ཡིན་ཞེས། འདི་ལྟར་གོམས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གསལ་བ་ནི་བྱ་བ་ལ་ཕུལ་དུ་བྱུང་བ་གོམས་པ་གང་ཡིན་ པ་དེ་སྔ་མ་སྔ་མ་ནི་ཕྱི་མ་ཕྱི་མའི་སྙིང་རྗེ་ལ་སོགས་པའི་རྩ་བ་ཡིན་ཏེ་སྔ་མའི་རང་གི་རིགས་ཀྱི་ས་བོན་ཉིད་མེད་ན། གོམས་པ་ཉིད་དུ་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྔ་མའི་རང་གི་རིགས་ལས་བྱུང་བ་ཡིན་ན་གོམས་པར་འགྱུར་བར་བསྟན་པ་ནི། བརྩེ་བ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའོ། །དེ་ ཡང་གང་ལ་འགྱུར་ཞེ་ན། གསལ་བ་ཞེས་བྱ་བའོ། །སྐྱེ་བ་ལ་ནི་མ་ཡིན་ནོ། །དེའི་ཕྱིར་འདི་ལྟར་རང་གི་ས་བོན་ལས་བྱུང་བའི་གོམས་པ་ཕུལ་དུ་བྱུང་བ་ཡིན་པའི་ཕྱིར། སྙིང་རྗེ་ནི་སེམས་ཀྱི་རང་བཞིན་ཁོ་ན་ཡིན་པར་བསྟན་པ་ནི། དེས་ན་ཞེས་བྱ་བ་སྟེ། རང་གི་དོན་ཞེས་བྱ་བས་གེགས་བྱེད་པ་ མེད་པ་ལ་མཆོག་ཏུ་འཛིན་པ་ཡིན་ནོ། །རང་གི་ས་བོན་ལས་བྱུང་བ་ཉིད་ཅེས་བྱ་བས་གོམས་པས་ཕུལ་དུ་བྱུང་བ་ཉིད་དུ་བསྟན་པ་ཡིན་ནོ། །འདི་ཉིད་ནི་ཚད་མ་ཀུན་ལས་བཏུས་པ་ལ་སོགས་པ་ལ་འགྲོ་བ་ལ་ཕན་པར་བཞེད་པ་ཉིད་ཀྱི་བསམ་པས་དགོངས་པ་ཕུན་སུམ་ཚོགས་པ་ཡིན་པར་བསྟན་ ཏོ། །ཤིན་ཏུ་གོམས་པ་ནི་བསམ་པ་ཇི་ལྟ་བ་བཞིན་དུ་སྦྱོར་བར་བསྟན་པ་ནི། དེ་ལྟར་ན་ཞེས་བྱ་བའོ། །ཐུགས་རྗེ་ཕུལ་བྱུང་ཞེས་བྱ་བ་ལ་སོགས་པ་ནི་བརྩེ་བ་དང་ལྡན་པ་ཞེས་བྱ་བ་འདི་བཤད་པའོ། །སྡུག་བསྔལ་གཞོམ་པའི་ཕྱིར་ཞེས་བྱ་བ་ནི་རང་དང་གཞན་གྱི་སྡུག་བསྔལ་གཞོམ་པར་བྱ་ བའི་དོན་དུའོ། །གཞན་གྱི་སྡུག་བསྔལ་གཞོམ་པ་སྔོན་དུ་བྱེད་པ་ཁོ་ན་སྙིང་རྗེ་དང་ལྡན་པའི་རྗེས་སུ་མཐུན་པ་མ་ཡིན་ནམ། རང་གི་སྡུག་བསྔལ་གཞོམ་པ་མངོན་དུ་བྱེད་པ་ནི། དེ་ལྟ་བུའི་བསམ་པ་མེད་པའི་ཕྱིར་རོ། །རང་གི་སྡུག་བསྔལ་གཞོམ་པ་མངོན་དུ་བྱེད་པ་ཡང་། གཞན་གྱི་སྡུག་བསྔལ་ གཞོམ་པ་མངོན་དུ་བྱེད་པའི་ཐབས་ཡིན་པའི་ཕྱིར་གདོན་མི་ཟ་བར་དགོངས་པ་ཡིན་ཏེ། དེ་མེད་ན་དེ་ཉིད་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི། ལྐོག་ཏུ་གྱུར་པ་ཞེས་བྱ་བ་སྟེ། ཐབས་དང་དེའི་རྒྱུ་མངོན་དུ་བྱེད་པ་པོས་དེ་བཤད་པ་ནི་ཤིན་ཏུ་བླ་བར་མཐོ་རིས་དང་བྱང་གྲོལ་ཞེས་བྱ་བའོ། །མཐོ་རིས་ཀྱི་ ལམ་མངོན་དུ་མ་བྱས་པ་ནི། ཆད་པར་ནུས་པ་མ་ཡིན་ཏེ། རྗེས་སུ་དཔག་པའི་ཡུལ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི། དེ་ལ་ནི་དེས་ཞེས་བྱ་བའོ། །རྗེས་སུ་དཔག་པས་ཡོངས་སུ་ངེས་པའི་དེ་ཁོ་ན་ཉིད་ཡོད་པ་ལ་སོགས་པས་སྐད་ཅིག་མ་ཉིད་ལ་སོགས་པར་ངེས་ པ་ཡིན་ན། རང་གི་དོན་ནི་རྗེས་སུ་དཔག་པའོ། །འདོད་པ་ནི་བྱེད་པ་སྟེ་དེའི་དུས་ན་མེད་པ་ནི་སྟོན་པ་མེད་པའོ། །ཇི་ཙམ་དུ་ཞེ་ན། ཐམས་ཅད་ཀྱི་ཚེ་ནི་མ་ཡིན་ཞེས་བྱ་བར་སྦྱར་རོ། །གཞན་གྱི་དོན་གྱི་རྗེས་སུ་དཔག་པའི་ངོ་བོ་སྟོན་པ་ནི། རང་གི་སྔོན་དུ་འགྲོ་བ་ཅན་ཡིན་ན། དེའི་ཚེ་གདུལ་བྱ་ ཉེ་བ་ཡང་ཡོད་པ་མ་ཡིན་ཏེ། རང་ཉིད་མ་ངེས་པའི་ཕྱིར་རོ། །ལྐོག་ཏུ་མ་གྱུར་པའི་ཐབས་ལས་བྱུང་བ་དང་། དེའི་རྒྱུའི་སྐྱོན་ནི་འདི་མ་ཡིན་ཏེ། ངེས་པར་འབྱེད་པའི་ཆ་ལས་བརྩམས་ནས་ཁྱད་པར་ཐམས་ཅད་མངོན་སུམ་ཡིན་པའི་ཕྱིར་རོ། །རྗེས་སུ་དཔག་པས་ཁྱད་པར་ཐམས་ཅད་ངེས་བ་ཡང་ མ་ཡིན་ཏེ། མངོན་སུམ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཐབས་བྱུང་དེ་རྒྱུ་ལྐོག་ཏུ་གྱུར་པ་ལ་སྐྱོན་གཞན་བསྟན་པ་ནི། དམྱལ་བ་ལ་སོགས་པར་སྐྱེས་པ་ན་མེད་པའི་ཕྱིར་རོ། །འབྲས་བུ་མངོན་དུ་བྱེད་པ་ནི་དམྱལ་བ་ལ་སོགས་པར་འགྲོ་བ་མེད་པའི་ཕྱིར་དུས་ཐམས་ཅད་དུ་སྟོན་པར་བྱེད་པར་ འགྱུར་གྱི། གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་སྡུག་བསྔལ་གཞོམ་པ་མངོན་དུ་བྱེད་པས་འཁྲུགས་པ་མ་ཡིན་པ་ཉིད་མེད་ན་དྲན་པ་གོམས་པའི་ཡིད་ཀྱི་གསལ་བ་ཉིད་དང་བྲལ་བའི་ཕྱིར་སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་མེད་པ་ཡིན་ན་སོ་སོར་ངེས་པའི་ལས་ཀྱི་འབྲས་བུ་སྟོན་ པ་མ་ཡིན་ལ་འབྲས་བུ་དང་རྒྱུའི་རང་གི་ངོ་བོའི་ཁྱད་པར་མ་ངེས་པས་རྣམ་པ་ཐམས་ཅད་པའི་དངོས་པོ་ཐམས་ཅད་མངོན་དུ་བྱེད་པ་མི་སྲིད་པའི་ཕྱིར་འོད་ཟེར་ཅན་གྱི་འཇིག་རྟེན་གྱི་ཁམས་ལ་སོགས་པའི་སྲུང་གཏམ་སྟོན་པར་མི་འགྱུར་རོ། །བསྟན་པ་ནི་འཇིག་རྟེན་གྱི་ཁམས་ཞེས་བྱ་བའོ། །དེ་བས་ན་ ཐམས་ཅད་ཅེས་བྱ་བ་ནི་གཞན་གྱི་སྡུག་བསྔལ་གཞོམ་པ་བཞིན་དུ་རང་གི་སྡུག་བསྔལ་གཞོམ་པ་ཡང་ཞེས་བྱ་བའོ། །དེ་ལ་ཞེས་བྱ་བ་ནི། སྡུག་བསྔལ་གཞོམ་པ་དང་དེའི་རྒྱུ་མངོན་དུ་བྱེད་པ་དག་གོ། །རྒྱུ་ནི་ཐབས་ཡིན་ཏེ་དེ་བཞིན་དུ་སྡུག་བསྔལ་གཞོམ་པའི་ཕྱིར་ཞེས་བྱ་བ་ནི་སྡུག་བསྔལ་ གཞོམ་པ་དེའི་རྒྱུ་མངོན་དུ་བྱེད་པའི་རྒྱུའི་ཕྱིར་ཞེས་བྱ་བས་བཤད་པ་ཡིན་ཏེ་སྡུག་བསྔལ་གཞོམ་པ་ནི་ཉེ་བར་མཚོན་པའི་དོན་ཡིན་པའི་ཕྱིར་རོ། །དེ་ཉིད་ཅེས་བྱ་བ་ནི་རྒྱུ་དང་ཡུལ་ལས་སོ། །དེ་ལ་རྒྱུ་ནི་ལུང་དང་རིགས་པས་ཞེས་བྱ་བ་སྟེ། རིགས་པས་ནི་རིགས་པ་དང་མི་རིགས་པ་ཉིད་ཤེས་པ་ ཡིན་ལ། ལུང་གིས་ནི་ལས་ཀྱི་ལམ་སྟེ། འདི་བྱས་ནས་འདི་བྱས་པ་ཡིན་ཞེས་བྱ་བའོ། །རིགས་པ་ལས་གཞན་པ་ནི་ལུང་ཡིན་ཏེ་དེ་འཛིན་པར་བསྟན་པས་སྒྲ་རྣམས་ནི་དོན་ལ་མི་རིགས་པ་ཉིད་དུ་ཡང་འདིས་བསྟན་པ་ཡིན་ནོ། །ལམ་ཡང་རིགས་པ་ཁོ་ན་མ་ཡིན་ནམ་མ་མཐོང་བ་དེའི་ཆོས་ཡོད་པས་ གོ་བར་མི་ནུས་པའི་ཕྱིར། དེ་ཡང་དེ་ལ་ཚད་མ་མ་ཡིན་ནོ། །དེ་འདི་ལྟར་རིགས་པ་དང་ལུང་དང་ལྷན་ཅིག་པ་འཇུག་པའི་ཡུལ་དུ་ངེས་པར་བྱེད་པ་ཡིན་གྱི་རེ་རེ་ནི་མ་ཡིན་ནོ། །གང་གི་ཕྱིར་ཡུལ་མེད་པ་ནི་རིགས་པ་མ་ཡིན་ལ་ཡུལ་ཡང་རིགས་པ་དང་བྲལ་བ་ཡང་མ་ཡིན་ནོ། །དེས་དེ་ལྟར་སྤྱི་ཉིད་ལ་ འཛིན་པ་རྣམ་པར་དཔྱད་པ་བསྟན་ནས་སྔ་མ་གང་ཡིན་པ་དང་། ཕྱི་མ་གང་ཡིན་པ་ཞེས་བྱ་བའི་ཁྱད་པར་གྱིས་བསྟན་པ་ནི། སྡུག་བསྔལ་རྒྱུ་དང་ཞེས་བྱ་བ་སྟེ། དེ་མེད་ན་རྒྱུ་མེད་པ་ཅན་གྱི་སྡུག་བསྔལ་དེ་གཞོམ་པའི་དོན་གྱི་འབད་རྩོལ་ཉིད་དུ་མི་འགྱུར་བའི་ཕྱིར་འཇུག་པའི་ཡན་ལག་ཏུ་དང་པོ་ རྒྱུ་ཡོངས་སུ་རྟོགས་པ་ཡིན་ནོ། །དེའི་རྗེས་ལ་ཡོངས་སུ་རྟོགས་པ་ནི། དེའི་ཞེས་བྱ་བའི་རྒྱུའིའོ། །མི་རྟག་པ་ཉིད་ལ་སྔ་མ་བཞིན་དུ་ཕྱིན་ཅི་ལོག་པས་རྒྱུ་མ་ཚང་བ་མེད་པ་ལ་གཞོམ་པ་ཉིད་དུ་མི་ནུས་པས་མི་འཇུག་པར་ཐལ་བར་འགྱུར་རོ། །གཉིས་པོ་ཅི་ལས་རྟོགས་པ་ཡིན་ཞེ་ན། སྡུག་ བསྔལ་ཉིད་ཀྱིས་ཞེས་བྱ་བ་སྨོས་ཏེ། རེས་འགའ་བའི་སྡུག་བསྔལ་ནི། རྒྱུ་དང་དེའི་མི་རྟག་པ་ཡང་གོ་བར་བྱེད་པ་ཡིན་ཏེ། དེ་མ་ཐག་པ་ཤིན་ཏུ་སྦྱོར་བར་བྱེད་པ་མ་ཡིན་པར་བསྟན་པ་ནི། འདི་ཐམས་ཅད་ཀྱང་ཞེས་བྱ་བའོ། །ཚད་མ་ཅན་གྱི་ལུས་ལ་ཡང་ཚད་མ་དེ་ཡིན་པའི་ཕྱིར་རོ། །འགྲེལ་ བར་ནི་རིགས་པའི་ཡུལ་མ་ཡིན་པ་བསྡུ་བའི་དོན་དུ་ལུང་འཛིན་པ་ཡིན། ལུང་འཛིན་པ་ནི་རིགས་པ་ལས་འཇུག་པའི་དོན་དུའམ་ཞེས་བྱ་བ་ལ་སོགས་པར་རྗོད་པར་བྱེད་པར་གསལ་བ་ཡིན་ནོ། །རྣམ་པར་དཔྱོད་པ་ལ་མངོན་དུ་ཕྱོགས་པ་མ་ཡིན་པ་ནི་རིགས་པ་མཐོང་ཡང་ཤིན་ཏུ་སྦྱོར་བར་བྱེད་པ་མ་ ཡིན་པར་བསྟན་པ་ནི། འདི་ཐམས་ཅད་ཀྱང་ཞེས་བྱ་བའོ། །ཚད་མ་ཅན་གྱི་ཡུལ་ལ་ཡང་ཚད་མ་དེ་མི་འཐོབ་ན་གོ་བར་བྱེད་པ་མ་ཡིན་ནོ་སྙམ་དུ་སེམས་པ་ལ་མ་རྨོངས་པ་ལ་ནི་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཅི་སྔར་རམ་ཕྱིས་ཀྱང་ཡོངས་སུ་རྟོག་པ་ཞེས་བྱ་བ་ལ། ཁྱད་པར་དུ་ཡོངས་སུ་རྟོག་པ་ཡིན་པར་བསྟན་པ་ནི། དེ་ལ་རེ་ཞིག་ཅེས་བྱ་བའོ། །རྒྱུའམ་དེའི་མི་རྟག་པ་ཡོངས་སུ་མ་བརྟགས་ན་འདི་ལྡོག་པར་རུང་བ་ནི་འཇུག་པ་ལ་ཁྱབ་པར་བྱ་བ་འགལ་བ་ཡིན་ལ་མི་འཇུག་པར་རུང་བ་ཉིད་རྒྱུ་མེད་པ་ཡིན་ནོ། །རྒྱུ་མེད་པ་ཉིད་ཀྱི་ངོ་བོ་དམིགས་པ་ཡིན་པར་ བསྟན་པ་ནི། རྒྱུ་མེད་པ་ཞེས་བྱ་བའོ། །གལ་ཏེ་དངོས་པོ་སྐད་ཅིག་མ་རང་གི་ངང་གིས་འཇིག་པ་ཅན་ཡིན་གྱི་དེ་བཞིན་དུ་རྒྱུན་ནི་མ་ཡིན་པར་བསྟན་པ་ནི། རྒྱུ་དང་བྲལ་བ་མེད་པར་ནི་ཞེས་བྱ་བའོ། །རྒྱུ་རྟག་པ་ལས་ཀྱང་ལན་ཅིག་སྐྱེས་པ་ནི་རང་གི་ངོ་བོ་ཁོ་ན་འཇིག་པ་མ་ཡིན་ནམ་གང་གི་ཕྱིར་རྟག་ པ་ཡང་འདི་དེ་ཁོ་ནའི་སྐྱེད་བྱེད་མ་ཡིན་ཏེ། སྐྱེས་པར་བྱ་བའི་ཕྱིར་རོ་སྙམ་དུ་སེམས་པ་ལ། རྒྱུ་ཡིས་བྱས་པའི་ཞེས་བྱ་བ་སྟེ། གལ་ཏེ་སྐྱེས་པ་ཡིན་ཡང་དེ་དང་འདྲ་བ་གཞན་ནི་རྒྱུ་ཡོད་ན་འཇུག་པ་ཁོ་ན་ཡིན་ནོ། །གལ་ཏེ་མེད་པ་ཁོ་ནས་དེ་མེད་པར་འགྱུར་ཞེས་ཅི་ལས་ཡིན། རྫ་མཁན་ལ་ སོགས་པ་མེད་ཀྱང་བུམ་པ་མེད་པ་ནི་མ་ཡིན་ནོ། །འདི་ལ་བརྗོད་པ་ནི། གལ་ཏེ་དེ་མེད་ཀྱང་ཡོད་ན་ཞེས་བྱ་བ་སྟེ། རྫ་མཁན་གྱི་དེ་མ་ཐག་ཏུ་འབྱུང་བའི་སྐད་ཅིག་མ་ཡིན་གྱི། ཕྱི་མ་ནི་མ་ཡིན་ཏེ། སྐད་ཅིག་མ་སྔ་མ་རྒྱུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྒྱུ་མེད་པ་ཉིད་ཅེས་བྱ་བ་ལ་སོགས་པ་ལས་བཟློག་ པའི་ཡོན་ཏན་བསྟན་པ་ནི་མི་རྟག་པའི་རྒྱུ་ཅན་ཞེས་བྱ་བ་ལ་སོགས་པའོ། །རྟག་པའི་རྒྱུ་ཅན་ལ་རྒྱུ་མེད་པར་བསྟན་པ་ནི། རྟག་ཏུ་རྒྱུ་ཅན་ལ་ཞེས་བྱ་བའོ། །དེ་ལས་ཅིར་འགྱུར་ཞེ་ན། ལྡོག་པ་ཡོད་མ་ཡིན་ཞེས་བྱ་བ་སྨོས་ཏེ། ལྡོག་པ་ཡོད་པ་མ་ཡིན་ཏེ། མ་བྲལ་བ་ཡིན་ཞེས་བྱ་བའི་དོན་ཏོ། །རྟག་ ཏུ་རྒྱུ་ཅན་ལ་ཞེས་བྱ་བ་འདིས་ཡིན་པ་དེའི་ཡང་རྒྱུ་གང་ཡིན། དེ་ལ་ནི་མེད་པ་མེད་དོ་ཞེས་སྦྱར་རོ། །མི་རྟག་པའི་རྒྱུ་ཅན་ཡིན་ཡང་རྒྱུ་རང་ཉིད་ཁོ་ནས་འཇིག་པའི་ཕྱིར་དེའི་དོན་དུ་རྟོག་པ་དང་ལྡན་པ་རྣམས་ཀྱི་བྱ་བ་འབྲས་བུ་མེད་པ་ཁོ་ན་ཡིན་ནོ་སྙམ་དུ་སེམས་པ་ལ། གང་ཕྱིར་དེ་ལྟར་རྒྱུ་གནས་ན། ། ཞེས་བྱ་བ་སྟེ། དེ་ལྟར་གནས་པ་ནི་རྒྱུན་གྱིས་འཇུག་པའམ་བག་ཆགས་ཀྱི་ངོ་བོས་གནས་པ་ནའོ། །འབྲས་བུ་ནི་སྡུག་བསྔལ་ལོ། །ལོག་པ་མེད་ཅེས་བྱ་བར་དགོངས་ནས་རྒྱུའི་རྒྱུན་ནམ་བག་ཆགས་ལྡོག་པའི་དོན་དུ་འབད་རྩོལ་ནི་རིགས་པ་ཁོ་ནའོ། །འགྲེལ་པ་མཛད་པས་ནི་དེ་ལྟར་གནས་ ན་ཞེས་བྱ་བ་རྒྱུ་རྟག་པ་ཡིན་ནའོ་ཞེས་བསྟན་ཏོ། །དེ་ཡང་རྒྱུའི་རྒྱུན་ནམ་བག་ཆགས་ཀྱང་རུང་བ་འགལ་བ་ཅན་གྱི་ལམ་མེད་ན། མི་ལྡོག་པ་ཡིན་པའི་ཕྱིར་དེའི་འགལ་བའི་ཕྱོགས་ཀྱི་ལམ་ཤེས་པ་ཡིན་ལ་དེ་ཡང་རྒྱུའི་རང་གི་ངོ་བོ་ཁོ་ན་རྟོག་པ་ལས་ཤེས་པར་བླ་བར་བསྟན་པ་ནི། དེ་རྒྱུ་ཞེས་བྱ་བ་སྨོས་ཏེ། སྙམ་པའི་བློ་དང་ལྡན་པ་ཞེས་བྱ་བ་ནི། དེ་ལྟའི་རིགས་པ་དང་ལྡན་པར་འགྱུར་བའོ། །རྟག་པའི་རྒྱུ་ཅན་གྱི་སྡུག་བསྔལ་ལ་དེ་ལྟར་དགོངས་པ་ཡིན་གྱི་མི་རྟག་པའི་རྒྱུ་ཅན་ལ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །རྒྱུ་འཇིག་པ་ནི་འགལ་བ་ཅན་མེད་ན་མ་ཡིན་པར་བསྟན་པ་ནི། བྱུང་བ་ཞེས་བྱ་བ་རྒྱུན་གྱིས་ འཇུག་པ་ཡིན་ཏེ། གྲང་བ་ལ་དྲོ་བ་བཞིན་ནོ། །འདིའི་ཡང་ཕྱི་རོལ་ཉིད་དུ་ཅུང་ཟད་འགལ་བ་ཅན་དུ་འགྱུར་རོ་སྙམ་དུ་སེམས་པ་ལ། རྒྱུ་མེད་པར་མི་འགྱུར་རོ་ཞེས་བྱ་བའོ། །སྐྱེ་བའི་རྒྱུ་ནི་ལས་དགེ་བ་དང་མི་དགེ་བའི་རྒྱུ་མ་ཡིན་ནམ་དེ་ཡང་འདོད་ཆགས་དང་ཞེ་སྡང་གིས་བྱས་པ་ཡིན་ལ། རྒོད་ པར་བྱེད་པ་ལ་སོགས་པའི་རྣམ་རྟོག་གིས་བྱས་པ་ཡིན་ན། ཀུན་ཏུ་རྟོག་པ་དེ་ལྡོག་ན་དེ་ལས་བྱུང་བའི་ཆགས་པ་ལ་སོགས་པ་ལྡོག་པ་ཡིན་ལ་དེ་ལས་ཀྱང་། དེའི་ལས་ལྡོག་པ་ཡིན་ནོ། །ད་ལྟར་བའི་ལས་ཀྱང་འབྲས་བུ་བྱུང་ན་ཟད་པ་ཡིན་པའི་ཕྱིར་ལས་ཟད་བས་ནི་སྡུག་བསྔལ་ཐམས་ཅད་ལས་རྣམ་ པར་གྲོལ་བར་བརྗོད་པ་ཡིན་ནོ་སྙམ་དུ་སེམས་པ་ནི། གལ་ཏེ་རྒྱུ་མེད་པ་ཉིད་ལས་ཞེས་བྱ་བའོ། །བདག་ཏུ་ལྟ་བ་ཡོད་ན་རང་ལ་ཆགས་པ་དང་ལྡན་པ་ནི་བདག་གི་ལུས་ལ་སོགས་པ་ལ་ཆགས་པར་བྱེད་པའི་བྱིར་ཆགས་པ་དེ་ཉིད་རྒོད་པར་བྱེད་པའི་ཀུན་ཏུ་རྟོག་པ་མ་ཡིན་པ་དང་ལས་ཀྱི་རྒྱུ་ཅན་ནི། བདག་ཏུ་རྟོག་པ་དང་མ་བྲལ་བ་ཡིན་ནོ། །དེའི་ཚེ་ལས་གཞན་དང་གཞན་ཡིན་གྱི་སྡུག་བསྔལ་གྲོལ་བ་མ་ཡིན་པར་བསྟན་པ་ནི། མ་ཡིན་ཏེ། མ་རིག་པ་ལས་ཞེས་བྱ་བའོ། །སྡུག་བསྔལ་ཕྱིན་ཅི་ལོག་བློ་དང་། །སྲེད་པ་ཀུན་ནས་འཆིང་བ་ནི། །ཞེས་བྱ་བ་ལ་སོགས་བའི་རིགས་པ་བསྟན་པ་ནི། ལས་དང་སྡུག་བསྔལ་གྱི་རྒྱུ་ནི་མ་རིག་པ་ཞེས་བྱ་བའོ། །བདེ་བ་དང་དགེ་བ་ལ་སོགས་པ་མཐོང་བ་ནི། མ་རིག་པ་དང་ལས་ཀྱི་སྒོ་ནས་སྡུག་བསྔལ་གྱི་རྒྱུ་མ་ཡིན་པར་བདེ་བ་ལས་བཟློག་བ་སྡུག་བསྔལ་ལ་སོགས་པར་མཐོང་བ་ནི། གཉེན་པོ་ཡིན་ནོ་ཞེས་བྱ་བ་ནི་ཁ་ཅིག་ གིའོ། །གཞན་དག་ན་རེ་རང་བཞིན་དང་སྐྱེས་བུ་དག་གཞན་ཡིན་པར་མ་མཐོང་བ་ནི། ལས་ལས་ཡིན་པས་སྡུག་བསྔལ་གྱི་རྒྱུ་ཡིན་ཞིང་བདག་དང་བདག་མ་ཡིན་པ་དག་གི་རྣམ་པར་དབྱེ་བ་དག་ལ་མཐོང་བ་ནི་འཆིང་བ་ཡིན་ལ། དབྱེ་བ་མཐོང་བ་ནི་དེའི་གཉེན་པོ་ཡིན་ནོ་ཞེས་ཟེར་རོ། །དེ་ལྟར་ རྒྱུའི་ངོ་བོ་ལ་ལོག་པར་རྟོགས་པ་ཡིན་ན། དེའི་གཉེན་པོ་ཡང་ངེས་པར་གནས་པ་མ་ཡིན་ནོ་སྙམ་དུ་སེམས་པ་ནི། གལ་ཏེ་སྡུག་བསྔལ་གྱི་རྒྱུ་ཞེས་བྱ་བ་སྟེ། མཐོང་བ་ཡང་སྣ་ཚོགས་པར་མཐོང་བ་ཉིད་ཀྱང་སྡུག་བསྔལ་གྱི་རྒྱུ་སྣ་ཚོགས་པ་ལས་ཡིན་ནོ་ཞེས་ཟེར་བ་ནི། སྡུག་པ་དང་བྲལ་བ་ ཞེས་བྱ་བ་ལ་སོགས་པ་སྟེ་བཟློག་པར་བྱ་བ་ནི་རྒྱུ་ཞེས་བྱ་བ་དང་སྦྱར་རོ། །བདག་ཅེས་བྱ་བ་ཉིད་དང་། བདག་གི་ཞེས་བྱ་བ་ཉིད་ཀྱང་ཆགས་པའི་གཞི་ཉིད་ཡིན་ཏེ། གཞན་དུ་ན་བདེ་བ་དང་དགེ་བའི་འདུ་ཤེས་ཡིན་ཡང་བླང་བྱ་ཉིད་མེད་པས་ཉེ་བར་ལེན་པ་མེད་པའི་ཕྱིར་རོ། །དེ་བཞིན་དུ་སྡུག་བསྔལ་ གྱི་འདུ་ཤེས་ལ་ཡང་དོར་བྱ་ཉིད་མེད་པས་གཞོམ་བྱ་མ་ཡིན་པར་བཤད་པ་ཡིན་ནོ། །དེ་ལྟར་ན་གཞོམ་པ་དང་ཉེ་བར་ལེན་པ་ཡང་བདག་གོ་ཞེས་བྱ་བ་ལ་སོགས་པ་ཆགས་པའི་རྒྱུ་མཚན་ནི་དེའི་འགལ་བ་བདག་མེད་པ་མཐོང་བས་ལྡོག་པ་ཡིན་ནོ། །དེ་ཁོ་ན་ཡང་བདག་ཉིད་ཐམས་ཅད་ཀྱིས་གཞོམ་ པ་དང་ཉེ་བར་ལྡོག་པར་བྱེད་པ་ཡིན་ལ། དེའི་བདག་ཉིད་ཀྱི་སྡུག་བསྔལ་བཟློག་པ་དང་སྡུག་བསྔལ་གཞོམ་པ་ཡིན་པར་བརྗོད་པ་ཡིན་ནོ། །དེ་བཞིན་དུ་བདག་དང་བདག་མ་ཡིན་པའི་རྣམ་པར་དབྱེ་བ་མ་མཐོང་བ་ནི། བདག་དང་བདག་གིར་ཆགས་པའི་རྩ་བ་ནི། གཞོམ་པ་དང་ཉེ་བར་ལེན་པའི་ རྒྱུ་མཚན་དུ་རིག་པར་བྱ་བ་ཡིན་པར་བསྟན་པ་ནི། བདག་དང་བདག་གིར་འཛིན་པ་ཞེས་བྱ་བའོ། །བདག་ཁོ་ན་ལ་བདག་ཏུ་ལྟ་བ་སེལ་བ་ནི། འདུས་བྱས་སྤྱོད་ཡུལ་ཅན་ཞེས་བྱ་བ་སྟེ། ཇི་ལྟར་ལུས་དང་དབང་པོ་དང་བློ་དང་ཚོར་བ་ལ་སོགས་པ་རྣམས་བདག་མ་ཡིན་པ་ལ་བདག་ཏུ་ལྟ་བས་ ཆགས་པར་བྱེད་པ་ཡིན་ཏེ། ཡོངས་སུ་མི་འདོར་ཞིང་ལེན་པར་བྱེད་པ་དེ་བཞིན་དུ་བདག་གི་བ་ཡང་སྡུག་བསྔལ་བའམ་སྡུག་བསྔལ་དང་འབྲེལ་བ་ནི། ཉེ་བར་ལེན་པར་མི་བྱེད་ཅིང་ཡོངས་སུ་འདོར་བར་བྱེད་དོ། །དེ་བཞིན་དུ་གཅིག་པུ་མི་དགའ་ན། དེ་གཉིས་པ་འདོད་པ་ཡིན་ཞེས་བྱ་བ་ལ་ སོགས་པའི་རིགས་པས་རེ་ཞིག་བདག་དང་བདག་གིར་ལྟ་བ་ནི་སྐྱེ་བའི་རྒྱུ་ཡིན་ནོ་ཞེས་བྱ་བར་གནས་པ་ཡིན་ནོ། །བདེ་བ་དང་དེའི་རྒྱུ་ཉིད་ལ་སོགས་པ་མཐོང་བ་ཡང་བདག་མེད་པར་རིག་པའི་འཆིང་བའི་རྒྱུ་མ་ཡིན་ནོ་ཞེས་བསྟན་ཏོ། །དེ་ལྟར་རྒྱུའི་ངོ་བོ་ངེས་པར་བརྟགས་པས་དེ་ལས་བཟློག་པས་བདག་ མེད་པར་འཛིན་པ་ལ་མ་ཡིན་ནོ་ཞེས་བྱ་བ་ཤེས་པར་བླ་བ་ཡིན་པར་བསྟན་པ་ནི། བདག་མེད་མཐོང་བ་འགལ་བ་ཡིན། །ཞེས་བྱ་བ་སྟེ། །ཡིད་ཀྱི་སྡུག་བསྔལ་བདག་དང་བདག་གིར་ཀུན་ཏུ་རྟོག་པ་ལས་བྱུང་བ་ནི་ཀུན་རྟོག་མེད་ན་མི་འབྱུང་ངོ་། །རྩུབ་མོ་ལ་རེག་པ་ལ་སོགས་པའི་ཡུལ་གྱི་བསྐྱེད་བྱའི་ དམིགས་པ་ནི། ཚོགས་པ་ལས་བྱུང་བ་ཡིན་པའི་ཕྱིར་དམིགས་པ་ཁོ་ན་བཞིན་དུ་འབྱུང་བར་འགྱུར་རོ་སྙམ་དུ་སེམས་པ་ནི། གལ་ཏེ་ཆགས་པ་དང་བྲལ་ན། །ཞེས་བྱ་བའོ། །གལ་ཏེ་དམིགས་པ་བཞིན་དུ་སྡུག་བསྔལ་ལམ་ཅིག་ཤོས་དེའི་བསྐྱེད་བྱ་ཡིན་ན། དེ་གཅིག་གི་ངོ་བོར་འགྱུར་གྱི་ཅིག་ ཤོས་ནི་མ་ཡིན་ནོ། །འགྱུར་ན་ཡང་དེས་རྟོགས་པ་ནི་ཡུལ་ལ་སོགས་པའི་ཚོགས་པ་བདེ་བ་ལ་སོགས་པའི་བག་ཆགས་དང་ལྷན་ཅིག་པ་ཉིད་བདེ་བའི་རྒྱུ་ཡིན་ནོ། །གང་ཡང་གཞན་སྡུག་བསྔལ་དང་བྲལ་བར་འདོད་པ་ཕུལ་དུ་བྱུང་བའི་བག་ཆགས་ཀྱིས་རང་གི་བདེ་བ་ལ་སོགས་པའི་བག་ཆགས་ བསྒྲིབས་པ་དེའི་ཡུལ་ལ་དམིགས་པ་དེའི་ཚོགས་པ་ཡོད་པས་དམིགས་པ་ཡོད་ན་བདེ་བ་ལ་སོགས་པ་འབྱུང་བ་མ་ཡིན་ཏེ། རྒྱུ་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི། གཞན་སྡུག་བསྔལ་བས་ཞེས་བྱ་བའོ། །གལ་ཏེ་གཞན་བདེ་བར་བྱེད་པའམ་སྡུག་བསྔལ་གཞོམ་པས་ཀྱང་རང་ལ་འབྲས་ བུ་ཅི་ཞིག་འབྱུང་བ་ཡིན། དེ་མེད་ན་རྟོག་པ་དང་ལྡན་པ་རྣམས་གང་ལ་ཡང་འཇུག་པ་མ་ཡིན་སྙམ་དུ་སེམས་པ་ལ། གཞན་གྱི་བདེ་བ་ལའམ། གཞན་གྱི་སྡུག་བསྔལ་གཞོམ་པ་ལ་བདག་ཉིད་དུ་མངོན་པར་ཞེན་པ་ཡིན་ན། རང་གི་བདེ་བ་ལ་སོགས་པ་ལ་ལྟོས་པ་མེད་པས་བདག་ལ་ཆགས་ པ་བསྒྲིབས་བཞིན་པ་ལ་འཇུག་པ་ནི། བདག་ལ་ཡོད་པའི་འབྲས་བུ་མེད་ན་ཇི་ལྟར་འཇུག་པ་ཡིན་ཞེས་གླགས་བཙལ་བར་བྱ་བ་མ་ཡིན་ནོ། །བདག་གི་བའི་འབྲས་བུ་ཡང་དེ་ཉིད་ལ་མངོན་པར་ཞེན་པ་མེད་ན་འཇུག་པར་བྱེད་པ་མ་ཡིན་པར་བསྟན་པ།། བདག་གི་བ་ལ་ མངོན་པར་ཞེན་པས་ཞེས་བྱ་བ་སྟེ། གཞན་ལ་རང་ཉིད་ཀྱི་བླ་ཡིན་ན་རང་ལ་ཆགས་པས་ལྡོག་པ་ཁོ་ན་ཡིན་ཏེ། མངོན་པར་འདོད་པའི་ཡང་ཁྱད་པར་ལས་ཞེས་བྱ་བའི་དོན་ཏོ། །འདི་མཐོང་བ་ཡིན་པར་བསྟན་པ་ནི། བུ་ལ་ཆགས་པས་ཞེས་བྱ་བའོ། །ཁ་ཅིག་ནི་གཞན་ལ་རང་ཉིད་དུ་མངོན་པར་ ཞེན་པ་ཕུལ་དུ་བྱུང་བ་མེད་ཀྱང་བདག་མེད་པ་བསྒོམ་པ་ཕུལ་དུ་བྱུང་བས་བདག་དང་བདག་གིར་མངོན་པར་ཞེན་པ་ལྡོག་པ་ཕུལ་དུ་བྱུང་བ་ཡིན་ན་དེའི་སྙིང་པོ་ཅན་གྱི་བག་ཆགས་ཀྱི་ངོ་བོའི་རྒྱུ་སྤངས་པའི་ཕྱིར་དམིགས་པའི་ཚོགས་པ་ལས་དམིགས་པ་འབྱུང་བ་ཡིན་ཡང་། བདེ་བ་དང་སྡུག་བསྔལ་བ་ལ་ སོགས་པའི་འབྲས་བུ་འབྱུང་བ་མ་ཡིན་པར་བསྟན་པ་ནི། དེས་ན་བདག་མེད་པ་དེའི་བདག་ཏུ་གྱུར་པ་ཞེས་བྱ་བ་ནས། དེ་ལ་གནོད་པ་ཅི་ཞིག་ཡོད་ཅེས་བྱ་བའི་བར་དུའོ། །འདི་ལས་ཀྱང་བདག་མེད་པ་མཐོང་བ་གོམས་པར་མངོན་པར་འདོད་པའི་བག་ཆགས་ཕུལ་དུ་བྱུང་བ་ལས་ཀྱང་སྡུག་བསྔལ་ གྱི་བག་ཆགས་བསྒྲིབས་པས་དེའི་འབྲས་བུ་སྡུག་བསྔལ་ནི་ཡུལ་ལ་དམིགས་པ་བཞིན་དུ་སྐྱེ་བ་མ་ཡིན་པར་བསྟན་པ་ནི། གང་ལ་ཁོ་ན་ལ་གོམས་པ་ཞེས་བྱ་བ་སྟེ། བདག་དང་བདག་གིར་འཛིན་པ་མེད་ན། འདུ་བྱེད་པ་ཙམ་མཐོང་བའི་ཡལ་བར་འདུག་པ་ནི་ཕུལ་དུ་བྱུང་བ་དང་ལྡན་པ་ཡིན་ཏེ་བསྒོམ་ པ་ཕུལ་དུ་བྱུང་བའི་ཕྱིར་རོ། །སྡུག་བསྔལ་ནི་བདག་ལ་སོགས་པར་མངོན་པར་ཞེན་པའི་སྙིང་པོ་ཅན་གྱི་བག་ཆགས་ཀྱི་བསྐྱེད་བྱ་ཡིན་ལ། དེ་མེད་ན་མི་འབྱུང་ངོ་ཞེས་སྔར་བསྟན་པ་ཉེ་བར་སྡུད་པ་ནི་ཤིན་ཏུ་ཞེས་བྱ་བའོ། །མང་པོ་ཞེས་བྱ་བ་ནི་སྦྱོར་བ་ཕལ་ཆེ་བ་ཉིད་དེ། རྩ་བའི་སེམས་བསྡུས་པའོ། ། རྣམ་པ་དུ་མར་ཞེས་བྱ་བ་ནི། དེའི་རྗེས་སུ་སྤྱོད་པའི་སེམས་ཀྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པར་གནས་པའི་རྣམ་པར་དབྱེ་བ་ཡིན་ལ། རྣམ་པར་དབྱེ་བ་བསྡུས་པ་ཡིན་ཏེ། བསྡུས་པའི་སེམས་ཀྱིས་དུས་མང་པོ་ཉིད་དུ་བསྒོམས་པ་ལ་སྦྱོར་བ་མང་པོ་ཉིད་འཐོབ་པ་ཡིན་པས་རྣམ་པ་ཐམས་ཅད་ གསལ་བར་འགྱུར་ཞེས་བྱ་བའི་དོན་ཏོ། །འགྲེལ་བར་ནི་བདག་མེད་པ་མཐོང་བ་ཞེས་བྱ་བ་ནི་སྤངས་པའི་ཁྱད་པར་ཡོད་ནའོ། །རྟོགས་པ་ཞེས་བྱ་བ་ནི་ཤེས་རབ་འཕེལ་བའོ། །ཐབས་རྣམ་པ་མང་པོ་ཞེས་བྱ་བ་ནི། རྫུ་འཕྲུལ་དང་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་ཡིན་ལ། དེ་མེད་པ་ནི་སྐྱོན་ ཡིན་པ་སྟེ། ཡིད་ཀྱི་ཉེས་པར་སྤྱོད་པ་ལ་སོགས་པའོ། །ཉེས་པ་ཕྲ་མོ་དང་རགས་པ་ནང་ན་གནས་པ་ནི་བདག་མེད་པར་མཐོང་བའི་བསྒོམ་པ་ཕུལ་དུ་བྱུང་བས་འདས་པ་དང་མ་འོངས་པའི་སྐྱོན་ཕྲ་མོར་འགྱུར་བ་ཡང་དེའི་ནང་ན་གནས་པའི་རིགས་མཐུན་པ་བསྒོམས་པས་ཤིན་ཏུ་ཕྲ་བའི་ཕྱིར་ཤིན་ཏུ་མཚོན་པར་ དཀའ་བ་ཡང་མཚོན་པར་བྱེད་པ་ཡིན་ཞེས་བྱ་བས་རྟོག་པ་ཕུལ་དུ་བྱུང་བར་བསྟན་པ་ཡིན་ནོ། །བག་ཆགས་ནི་ངག་མ་དག་པ་ཁོལ་མོ་ཞེས་ཟེར་བ་ལྟ་བུ་དང་། ལུས་མ་དག་པ་མཆོངས་བས་འགྲོ་བ་ལྟ་བུ་དང་། ཡིད་མ་དག་པ་རྟག་ཏུ་མཉམ་པར་གཞག་པ་མེད་པས་ལུང་དུ་མ་བསྟན་པ་སེམས་མངོན་དུ་རྒྱུ་བ་ཡིན་ཏེ། བདག་ཏུ་ང་རྒྱལ་བ་ལ་སོགས་པའི་ཉོན་མོངས་པའི་འབྲས་བུའི་ཁྱད་པར་ནི་ཉོན་མོངས་པ་མེད་ཀྱང་འཕགས་པ་ཉན་ཐོས་ལ་སོགས་པ་རྣམས་ལ་འབྱུང་བ་ཡིན་ནོ། །གཞན་གྱི་དོན་ལ་འཇུག་པ་གང་གི་ཡིན་པ་དེའི་སྟེ། ཐུབ་པ་ཆེན་པོའི་འདི་བསེ་རུ་ལྟ་བུ་ལ་སོགས་པའི་རང་སངས་རྒྱས་ལ་སོགས་པ་ལས་ ཁྱད་པར་ནི་བག་ཆགས་སྤངས་པའི་མཚན་ཉིད་ཡིན་ནོ། །ལུས་དང་དབང་པོ་དང་བློ་དང་ཚོར་བ་ལ་སོགས་པ་རྣམས་ལ་བདག་དང་བདག་གིར་འཛིན་པ་ནི་སྡུག་བསྔལ་གྱི་ཡིན་པར་ངེས་པ་ལ་དེ་ལས་བཟློག་པ་བདག་མེད་པར་མཐོང་བ་ནི་གཉེན་པོ་ཡིན་གྱི། །སྡུག་བསྔལ་གྱི་འདུ་ཤེས་མེད་པའི་ཕྱིར་བདག་དང་ བདག་གིར་འཛིན་པས་བྱས་པའོ། །རྣམ་པ་མང་པོ་ཐབས་མང་པོ་ཞེས་བྱ་བ་ལ་སོགས་པ་ལ་ནི་དེ་ལས་བསྒོམ་པ་ལ་སོགས་པས་ནི་དེ་ལ་བསྒོམས་པ་ཅིག་ཕུལ་དུ་བྱུང་བས་རྣམ་པ་ཐམས་ཅད་མཐོང་བ་ཡིན་ན། རྒྱུ་འཇོམས་པ་ཕུལ་དུ་བྱུང་བ་ཡིན་ལ། དེ་ལས་ཀྱང་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ ཏན་གྱི་ཐབས་གོམས་པས་དེ་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པ་ཡིན་ནོ་ཞེས་དེ་དག་ཙམ་བསྟན་པ་ཡིན་གྱི་དེ་དག་ཙམ་གྱིས་ཐམས་ཅད་མཁྱེན་པ་ཉིད་ནི་མ་ཡིན་ཏེ། ཉན་ཐོས་ལ་སོགས་པས་རྣམ་པར་དབྱེ་བ་མེད་པས་ཐལ་བར་འགྱུར་རོ་སྙམ་དུ་སེམས་པ་ནི། ཡང་ན་གལ་ཏེ་ཞེས་བྱ་བའོ། །རྒོལ་བ་འདི་ ལ་ཡང་དང་ཡང་དུ་ལན་བཏབ་པ་ཡིན་པར་བསྟན་པ་ནི། འདི་ལ་བཤད་པ་ནི་ཞེས་བྱ་བའོ། །འཁོར་བ་པའི་སྐྱོན་ཡོན་མཐའ་དག་གསལ་ལོ་ཞེས་བྱ་བ་ནི། སྣ་ཚོགས་པ་རྣམ་པ་གཉིས་ཏེ། ཡོན་ཏན་གྱི་ཕྱོགས་དང་སྐྱོན་གྱིས་ཀྱང་ངོ་ཞེས་བྱ་བ་སྟེ། རྣམ་པ་གཞན་མེད་པའི་ ཕྱིར་རོ། །བཏང་སྙོམས་སུ་བྱ་བ་ཡང་བླང་བྱ་མ་ཡིན་ཏེ། དོར་བྱ་ཡིན་པའི་ཕྱིར་རོ། །རྣམ་པ་དུ་མར་ཐབས་མང་པོ་ནི་སྤྲོས་པ་སྟེ། དེ་ལ་རེ་ཞིག་ལས་དང་འབྲས་བུ་དང་འབྲེལ་པ་ཡོངས་སུ་ཤེས་པའི་ཐབས་བསྟན་པ་ནི་དྲན་པ་སྟེ། གོམས་པ་དང་བཅས་པའི་དྲན་པས་ཡིད་ཀྱི་གསལ་བ་ཉིད་འདི་ལ་ མཐོང་བའི་ནུས་པ་ཉིད་ཡིན་ནོ། །དེའི་ཚེ་ཉམས་སུ་མྱོང་བ་གསལ་བ་ནི་དྲན་པའི་གསལ་བའི་སྒྲུབ་བྱེད་མ་ཡིན་ཏེ། ཡིད་གསལ་པོ་མེད་པ་འདོད་པ་ཡིན་ན་དེ་ཡོད་ན་སྐྱེ་བ་སྔ་མ་ལ་ཉམས་སུ་མྱོང་བ་དྲན་པ་ཡིན་ལ། གང་གི་ཕྱིར་གང་ཞིག་དྲན་པར་འདོད་པས་སེམས་ཀྱི་འབད་རྩོལ་ལམ། ཆུ་ཚོད་དང་ ཐུན་ཕྱེད་དང་ཐུན་ལ་སོགས་པར་ཉམས་སུ་མྱོང་བ་དྲན་པ་ཡིན་ན། ཉིན་ཞག་ལ་བྱུང་བ་ལ་ཡང་དྲན་ལ། དེ་བཞིན་དུ་ཟླ་བ་ཕྱེད་པ་དང་ཟླ་བ་དང་པོ་ལ་སོགས་པའི་རིམ་གྱེས་བྱིས་པའི་བར་དུ་དྲན་པ་ཡིན་ཞིང་། ཡིད་ཀྱི་དྲན་པའི་ནུས་པ་དང་ལྡན་པ་ཡིན་ན་སྐྱེ་བ་གཞན་ལ་ཉམས་སུ་མྱོང་བ་ཡང་དྲན་པ་ལ་ཡིན་ པར་སྲིད་པ་ཡིན་ཏེ། གོམས་པ་དང་ལྡན་པ་ཕུལ་དུ་བྱུང་བ་ནི་གཅིག་ཏུ་མི་གནས་པའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་ལས་ཀྱང་དེ་ལས་གཞན་པ་ཡིན་པའི་ཕྱིར་སྐྱེ་བ་ཐོག་མ་མེད་པ་ནས་བརྒྱུད་པ་དྲན་པ་ཡིན་ན་དེའི་རྒྱུ་དང་དེའི་འབྲས་བུ་དང་དེའི་ཁྱད་པར་ཡང་དེའི་ཁྱད་པར་སྐྱེད་པར་བྱེད་པ་ཉིད་ལ་རྗེས་སུ་འགྲོ་ བ་དང་ལྡོག་པ་ཉམས་སུ་མྱོང་བ་ལ་རྟོགས་པ་ཡིན་པར་བསྟན་པ་ནི། དེའི་ཚེ་དེའི་རྗེས་སུ་འབྲང་བས་ཞེས་བྱ་བའོ། །དེ་བཞིན་དུ་རང་གི་རྒྱུད་ལ་འབྲེལ་པ་བཟུང་བའི་འབྲས་བུ་དང་། དེའི་ཁྱད་པར་ཡང་གཞན་ལ་རྟོགས་པ་ཡིན་ན། དེའི་རྒྱུ་དང་དེའི་འབྲས་བུ་ཡང་མངོན་པར་རྟོགས་པ་ཡིན་པར་བསྟན་པ་ ནི། ཇི་ལྟར་གྲོང་གཞན་ནས་འོངས་པ་ཞེས་བྱ་བ་ཤེས་འགྱུར་བ་ཞེས་བྱ་བ་དང་སྦྱོར་བའི་རྒྱུ་བསྟན་པ་ནི། དེ་དང་བརྟེན་པ་ཞེས་བྱ་བའོ། །དེ་རིག་པ་ནི། དེ་དང་འབྲེལ་པ་རིག་པའོ། །གནས་སྐབས་དང་སྦྱོར་བ་ནི་དེ་བཞིན་དུ་ཞེས་བྱ་བ་སྟེ། རང་གི་རྒྱུད་ལ་ལས་དང་འབྲས་བུའི་འབྲེལ་པ་ཤེས་པས་ གཞན་ལ་ཡང་ལས་དང་འབྲས་བུའི་འབྲེལ་པ་ཤེས་པའི་དོན་ཏོ། །དེ་དང་བརྟེན་པ་ཞེས་བྱ་བ་ནི་གྲོང་གཞན་བསྟེན་པའོ། །ལྐོག་ཏུ་གྱུར་པ་ཞེས་བྱ་བ་ནི་གཞན་གྱི་རྒྱུད་ལ་ཡོད་པའོ། །དེས་ན་ཞེས་བྱ་བ་ནི་རང་གི་རྒྱུད་ལ་མངོན་སུམ་གྱིས་སོ། །གཞན་གྱི་རྒྱུད་ལ་ནི་རྗེས་སུ་དཔག་པས་སོ། །སོ་སོར་ངེས་པ་ནི་ ཁྱད་པར་ཅན་གྱི་ཡུལ་ལ་སོགས་པའོ། །དེ་དང་འབྲེལ་པ་ནི་ལས་ལ་ཡོད་པའོ། །དེའི་འབྲས་བུ་ནི་བྱ་བའོ། །དེ་དག་གི་ཁྱད་པར་དེ་ལ་ངེས་པར་རྟོག་པ་ན་རང་གི་རྒྱུད་ལ་ཡིད་གསལ་བ་ལས་བྱུང་བའི་མངོན་སུམ་གྱིས་ཡིན་ལ། དེའི་ཚེ་ཡང་དེའི་རྒྱུ་དང་འབྲས་བུ་དང་རང་བཞིན་དང་དབྱེ་བ་རྣམས་ཀྱི་འབྲེལ་པ་ ནི་འབྲས་བུ་དང་རྒྱུ་ཉིད་དེ་རིགས་པ་ཡིན་པར་བསྟན་པ་ནི། རྒྱུའི་རང་བཞིན་དང་ཞེས་བྱའོ། །དེ་ལྟར་འབྲེལ་པ་རིགས་པ་ཡིན་ན་གཞན་ལ་ཡང་རྗེས་སུ་འཇུག་པ་ཡིན་པར་བསྟན་པས་རིགས་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་ཡིན་ལ། སོ་སོར་ངེས་པ་ནི་ལས་སོ། །རང་བཞིན་ཐམས་ཅད་རྗེས་སུ་ དཔོག་པ་ཞེས་བྱ་བ་ནི་རིམ་པའོ། །ལས་དང་འབྲས་བུ་ཞེས་བྱ་བ་ནི་རང་དང་གཞན་གྱི་རྒྱུད་ལ་ཡོད་པ་སྟེ། སོགས་པའི་སྒྲས་བྱེ་བྲག་གཟུང་ངོ་། །དེ་ལྟར་གཞན་གྱིས་སྨྲས་པ་ལ། འདིར་ཆོས་མཁྱེན་པ་འབའ་ཞིག་འགེགས་པར་སྦྱོར་བར་བྱེད་པའི་ཕྱིར། དེ་དགག་པར་བསྟན་པ་ནི། མཐོ་རིས་དང་ནི་ བྱང་གྲོལ་ལམ། ཙམ་གྱིས་ནི་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ཉིད་མེད་ཀྱང་ངོ་། །ཐམས་ཅད་མཁྱེན་བ་ཉིད་ཡང་ཐབས་ཡོད་པར་བསྟན་པ་ནི། འགྲོ་བ་མཐའ་དག་ཅེས་བྱ་སྟེ། ཕན་ཚུན་ཞེས་བྱ་བ་ནི་རྒྱུ་ལ་ལྟོས་པའི་འབྲས་བུ་དང་། དེ་ལ་ཡང་ལྟོས་པའི་རྒྱུ་ཡང་རྒྱུ་ཡིན་གྱི་རྒྱུ་ཉིད་ལ་ལྟོས་ནས་འབྲས་ བུའམ་རྒྱུའམ་ཅིག་ཤོས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལས་ཅིར་འགྱུར་ཞེ་ན། དེས་ན་རྒྱུ་དང་འབྲས་བུ་ཞེས་བྱ་བ་སྨོས་ཏེ། རྣམ་པ་དུ་མ་ཞེས་བྱ་བ་ནི་འབྲས་བུ་དང་རྒྱུ་དག་གི་རང་གི་ངོ་བོ་དང་དེའི་ཁྱད་པར་རྣམས་ཀྱི་དངོས་པོ་ནི་འབྲེལ་པའོ། །དེ་བསྒོམས་པ་ནི་ཤེས་པ་སྟེ། དེ་དང་རྗེས་སུ་འབྲེལ་པ་ནི་ ཡང་དང་ཡང་དུ་འབྱུང་བའོ། །དེས་ན་དེའི་བསྐྱེད་བྱའི་ཁྱད་པར་འཛིན་ན་མངོན་པར་འདོད་པའི་ཕྱིར་རོ་ཞེས་བྱ་བའི་རིགས་པས་འགྲོ་བ་ཐམས་ཅད་ཀྱི་ཤེས་པ་ཡིན་ནོ། །ཇི་ལྟ་བུའི་རྣམ་པར་མཐོང་བ་དེ་ལྟ་བུའི་རྣམ་པར་ཉེ་བ་ཡིན་པར་མཚོན་པར་བྱེད་པའི་ཕྱིར་མཐོང་བ་དང་ཐུན་མོང་བ་དེ་མ་ཡིན་པ་ལས་ལྡོག་པའི་ ངོ་བོས་འཇུག་པའི་ཡུལ་རྟོགས་པར་བྱེད་པ་རྗེས་སུ་དཔག་པ་མ་ཡིན་ནམ། ཁྱད་པར་གྱི་རྣམ་པ་དང་འབྲེལ་པ་ཡིན་ཡང་རྣམ་པར་རྟོག་པ་ཡིན་པའི་ཕྱིར། སྤྱིའི་ཡུལ་ཅན་ཡིན་གྱི་མངོན་སུམ་གྱི་ནི་མ་ཡིན་ནོ། །མངོན་སུམ་ནི་གང་གི་སྐད་ཅིག་མ་མཐོང་བ་དེའི་རྒྱུན་ལ་རྒྱུན་ གཞན་ལས་ལྡོག་པས་རྣམ་པར་གཞག་པར་བྱེད་ན། འཇུག་པའི་ཡུལ་ལ་ལྟོས་ནས་ཀྱང་ཁྱད་པར་གྱི་ཡུལ་མངོན་དུ་བྱེད་པ་ཡིན་གྱི་རྗེས་སུ་དཔག་པ་ནི་མ་ཡིན་ཏེ། སྤྱིའི་ཡུལ་ཅན་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ནི། འོན་ཏེ་རྗེས་སུ་དཔག་པས་ཞེས་བྱ་བའོ། །མངོན་སུམ་ནི་རང་གི་ངོ་བོས་དངོས་ པོ་མཐོང་བ་ཡིན་ལ། རྗེས་སུ་དཔག་པ་ནི་དངོས་སུ་མ་མཐོང་ཡང་ངེས་པ་ཅན་མཐོང་བ་ལས་རྣམ་པར་འཇོག་པ་ཡིན་ནོ་ངེས་པ་ཅན་མཐོང་བས་ཁྱད་པར་དུ་བྱེད་པ་ནི་འཇུག་པའི་ཡུལ་ལ་སྐད་ཅིག་གི་ཁྱད་པར་གྱིས་ཁྱད་པར་དུ་མི་བྱེད་པ་ནི་མ་ཡིན་ནོ། །འདི་སྤྱིའི་ཡུལ་ཅན་ཡིན་པ་ནི་ཁྱད་པར་མ་མཐོང་ བས་བྱས་པ་ཡིན་ཏེ། རྟགས་ནི་སྤྱིའི་ཡུལ་ཅན་དུ་བརྗོད་པ་ཁྱད་པར་མི་གནས་ཞེས་གསུངས་པས་སོ། །ཐ་སྙད་པའི་ཚད་མའི་མཚན་ཉིད་འཆད་པ་པོས་གཟུང་བ་དང་འཇུག་པའི་ཡུལ་ལ་སོགས་པའི་ཡུལ་གྱི་དབྱེ་བ་བྱས་པས་བསྟན་པར་བྱ་བ་མ་ཡིན་ཏེ། འགལ་བའི་ཕྱིར་རོ། །རྣམ་འགྲེལ་ མཛད་པ་པོའི་དེ་ལྟ་བུའི་སྒྲོགས་པ་རྣམས་ནི་དོན་དམ་པའི་ལུས་ལ་ཡིན་གྱི་ཐ་སྙད་དུ་གདོན་པར་འོས་པ་ནི་མ་ཡིན་ནོ། །དེ་ལ་ནི་མཐོང་བའམ་ངེས་པ་ཅན་མཐོང་བ་ནི་འཇུག་པའི་ཡུལ་དུ་རྣམ་པར་འཇོག་པར་བྱེད་པ་འདི་ཉིད་རིགས་པ་ཡིན་པར་བསྟན་པ་ནི། རྣམ་ཀུན་རྗེས་དཔོག་གང་ཡིན་པའོ། །རྣམ་ པ་ཐམས་ཅད་རྗེས་སུ་དཔོག་པ་ནི་གོམས་པ་དང་བཅས་པ་ཡིན་ལ། མངོན་སུམ་ཉིད་ནི་མངོན་དུ་བྱེད་པ་མ་ཡིན་ནམ་ཞེས་བྱ་བ་མི་རིགས་པ་མ་ཡིན་ནམ། དབང་པོ་དང་དོན་དུ་ཕྲད་པའི་ཤེས་པ་ནི་མངོན་སུམ་ཡིན་ཏེ། དབང་པོ་ལས་བྱུང་བའི་ཕྱིར་རོ་སྙམ་དུ་སེམས་པ་ལ། དབང་པོ་དང་ནི་ཕྲད་ པས་ཀྱང་། །ཞེས་བྱ་བ་སྟེ། །མངོན་སུམ་དུ་དབང་པོ་ཚོལ་བ་ནི་མངོན་དུ་བྱེད་པའི་དོན་ཁོ་ནས་ཡིན་གྱི་མ་མཐོང་བའི་དོན་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དོན་ཐམས་ཅད་ཟློས་པའི་ཚིག་གི་དབང་པོ་ལ་འབྲས་བུ་ཉིད་དུ་བརྗོད་པས་མཚན་ཉིད་ཁོ་ནས་ལྡན་པ་ནི་མ་ཡིན་ཏེ། སྦྱོར་བར་བྱེད་པ་ མ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི། འདི་ནི་མངོན་སུམ་གྱི་མཚན་ཉིད་མ་ཡིན་ཏེ། སྦྱོར་བར་བྱེད་པ་ཡིན་པར་བསྟན་པ་ནི། འོན་ཀྱང་ཞེས་བྱ་བའོ། །དབང་པོ་ནི་འདི་ཉིད་ཀྱི་མིང་ལ་ཉེ་བར་མཚོན་པ་ཡིན་ཏེ། དོན་གཅིག་ལ་ཚོགས་པའི་ཕྱིར་རོ་ཞེས་བསྟན་པ་ནི་དབང་པོ་ནི་ཞེས་བྱ་བའོ། །མངོན་ སུམ་དུ་ཐ་སྙད་འདོགས་པ་ལ་དབང་པོ་སྦྱོར་བ་མ་ཡིན་དུ་ཟིན་ཀྱང་། །སྦྱོར་བར་བྱེད་པའི་རང་གི་ངོ་བོར་སྣང་བ་ནི་སྦྱོར་བྱེད་ཁོ་ན་ཡིན་ནོ་སྙམ་དུ་སེམས་པ་ལ། གཞན་ཡང་གང་ཞིག་ཅེས་བྱ་བ་སྨོས་ཏེ། མངོན་དུ་བྱེད་པ་ནི་དབང་པོའི་སྐྱེད་བྱེད་མ་ཡིན་ཏེ། དེ་ཡོད་ཀྱང་གཞན་གྱི་རྣམ་རྟོག་གི་གནས་སྐབས་ དང་། གཉི་ག་རབ་རིབ་ཅན་གྱིས་ཤེས་པའི་གནས་སྐབས་ན་དོན་མངོན་དུ་མི་བྱེད་པའི་ཕྱིར་རོ། །འོན་ཏེ་དབང་པོ་ལ་ཉམས་པ་འདིའི་རྒྱུ་ཡིན་པའི་ཕྱིར། ཁྱད་པར་དང་བཅས་པ་འཁྲུལ་པ་ཅན་མ་ཡིན་ནོ་ཞེས་ཟེར་བ་ནི། དེ་ནི་དབང་པོ་ཉིད་མ་ཡིན་ཏེ་ཞེས་བྱ་བའོ། །མངོན་དུ་མི་བྱེད་པ་ནི་དབང་པོ་མ་ཡིན་ ཏེ་ཞེས་བྱ་བའི་ངག་ཡིན་ལ། དེ་ལས་བཟློག་པ་རྗེས་སུ་ཤེས་པ་ཡིན་ཏེ། གཞན་དུ་ན་ཁྱད་པར་དོན་མེད་པ་ཡིན་པར་བསྟན་པ་ནི། མངོན་དུ་བྱེད་རྒྱུ་ཞེས་བྱ་བའོ། །དབང་པོ་ལ་སོགས་པའི་བསྐྱེད་བྱ་ཡང་མངོན་དུ་བྱེད་པ་ནི། ཡིད་གསལ་བའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པའི་ཕྱིར་དབང་ པོས་བྱས་པ་མ་ཡིན་ནོ་ཞེས་བསྟན་པ་ནི། གཞན་ཡང་ཞེས་བྱ་བའོ། །མཉམ་པར་གཞག་པ་དང་འགྲེལ་པ་ལས་ནི་རྣམ་པར་འཁྲུགས་པ་ཉིད་དང་བྲལ་བ་ལས་ཏེ། དབང་པོ་ལ་སོགས་པ་རྣམས་ཡོད་ན་ཞེས་བྱ་བའོ། །དེ་བསྟན་པ་ནི། དབང་པོའི་ཤེས་པ་ཡང་ཞེས་བྱ་བ་སྟེ། དེའི་ཕྱིར་ཡིད་ ཙམ་གྱི་རྣམ་རྟོག་ཙམ་ལ་ནི་མི་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་འདས་པ་ལ་སོགས་པ་ཞེས་བྱ་བ་ནི་ལྐོག་ཏུ་གྱུར་པའི་དོན་རྟོགས་པ་རྗེས་སུ་དཔག་པ་ལ་བརྟེན་པའི་ཕྱིར་རོ་ཞེས་བསམས་པའོ། །མངོན་དུ་བྱེད་པ་ཡོད་པས་ན། །ཞེས་བྱ་བ་ནི་རང་གི་ངོ་བོ་སྣང་བ་ཡིན་ནའོ། །ལྐོག་གྱུར་མ་ཡིན་ མེད་པར་འགྱུར། །ཞེས་བྱ་བ་ནི་ད་ལྟར་བ་ལ་ཡང་ལྐོག་ཏུ་གྱུར་པ་མ་ཡིན་པ་མེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་དབང་པོའི་བྱེད་པ་ལས་ཞེས་བྱ་བ་ནི་ད་ལྟར་བ་ལའོ། །རྣམ་པ་ཐམས་ཅད་ཅེས་བྱ་བ་ནི་ད་ལྟར་བཞིན་དུ་འདས་པ་ལ་སོགས་པ་ལ་ཡང་རྟགས་ཡོད་པས་རྟོགས་པ་ཞེས་བྱ་བའི་དོན་ཏོ། ། མིག་ལ་སོགས་པའི་བྱེད་པ་ཡང་། །ཞེས་བྱ་བ་ནི་ད་ལྟར་བའོ། །གལ་ཏེ་འདས་པ་ལ་སོགས་པའི་དངོས་པོ་མངོན་དུ་བྱེད་པ་ལ་དབང་པོའི་བྱ་བ་ཇི་ལྟར་འགྱུར། དབང་པོ་དང་ལྷན་ཅིག་བྱེད་པ་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ལ། འདས་པའི་དངོས་པོ་ལ་ནི་འདས་ པ་ཁོ་ན་དབང་པོའི་བྱ་བ་ཡིན་ལ། འབྱུང་བར་འགྱུར་བ་ལ་ནི་འབྱུང་བར་འགྱུར་བ་ལྷན་ཅིག་བྱེད་པ་ཡིན་ཏེ། དེ་ལྟ་བུ་ཉིད་དུ་རྗེས་སུ་དཔག་པར་བྱ་བ་ཉིད་ཡིན་ནོ་ཞེས་བསྟན་པ་ནི། རྣམ་པ་ཐམས་ཅད་རྗེས་སུ་དཔོག་པ་ལ་ཞེས་བྱ་བའོ། །དེའི་ཚེ་ཉིད་སྐྱེས་པ་ཞེས་བྱ་བ་ནི་མངོན་སུམ་མ་ཡིན་པའོ། ། མངོན་སུམ་མ་ཡིན་ན་ནི་དེ་ཡང་མངོན་སུམ་མ་ཡིན་པའོ། །ལྐོག་ཏུ་མ་གྱུར་པ་ཉིད་ཡིན་ན་ད་ལྟར་བ་ཉིད་ཁོ་ན་ཡིན་ཏེ། དེ་དེས་ཁྱབ་པའི་ཕྱིར་རོ་སྙམ་དུ་སེམས་པ་ནི། གལ་ཏེ་བྱུང་བ་དང་ཞེས་བྱ་བའོ། །དེ་ནི་དེའི་ཚེ་འདས་པ་ལ་སོགས་པ་ཡིན་ནོ་ཞེས་དེ་སྐད་དུ་སྨྲ་བ་སུ་ཡིན་ཞེས་བསྟན་པ་ནི། མངོན་ དུ་བྱེད་པ་ཉིད་ཅེས་བྱ་བ་སྟེ། ཐམས་ཅད་དུ་ནི་ད་ལྟར་བ་ལ་ཡང་ངོ་། །མངོན་དུ་བྱེད་པ་མེད་ཀྱང་མི་སླུ་བ་ཅན་ཡིན་པའི་ཕྱིར་རྗེས་སུ་། དཔག་པ་ལ་ཡོད་པ་ནི་དེའི་ཕྱིར་དེ་ལས་གཞན་པ་ཁོ་ན་ཡོད་པ་ཡིན་ནོ་ཞེས་ཟེར་བ་ནི། གལ་ཏེ་མེ་ལ་སོགས་པ་མངོན་དུ་མ་བྱས་པ་ཞེས་བྱ་བའོ། །རྗེས་སུ་དཔག་ པ་ལ་ཡང་སྣང་བ་ཁོ་ནར་བརྟག་པར་བྱ་བ་ཡིན་ཏེ། དེ་ལྟར་ངེས་པའི་ཕྱིར་རོ་ཞེས་བསྟན་པ་ནི་མ་ཡིན་ཏེ། དེར་ཡང་ཞེས་བྱ་བ་སྟེ། སྣང་བ་དང་རྣམ་པར་བརྟགས་པ་དག་གཅིག་པ་ཉིད་དུ་ཞེན་པ་ཁོ་ན་རྗེས་སུ་དཔག་པ་ཡིན་པར་བསྟན་ཏོ། །གཞན་དུ་ན་རྗེས་སུ་དཔག་པ་མི་འཇུག་པའི་ཕྱིར་རོ། ། སྣང་བ་ནི་མཐོང་དུ་རུང་བ་མ་ཡིན་ནམ། མཐོང་བའི་ཡུལ་མ་ཡིན་པར་ཅིའི་ཕྱིར་མི་འགྱུར་ཞེ་ན། མི་འགྱུར་བ་ཡིན་པར་བསྟན་པ་ནི་མཐོང་བའི་རྗེས་སུ་འབྲང་བ་ན་ཞེས་བྱ་བའོ། །ཅི་ལས་ཡིན་ཞེ་ན། གཞན་དུ་མི་འཐད་པ་སྟེ་མ་འབྲེལ་པའི་ཕྱིར་རོ། །སྣང་བ་ཉིད་ཁྱབ་བྱེད་དུ་གཟུང་བ་ནི་རྗེས་ སུ་དཔག་པར་བྱ་བ་ཡིན་ལ། མི་སྣང་བ་ཉིད་ཡིན་ན་མིག་ལ་སོགས་པ་གཞན་གྱི་དོན་བྱེད་པ་ཡིན་ཞེས་བྱ་བས་མི་སྣང་བའི་འདུས་པ་ཅན་མ་ཡིན་པ་གཞན་གྱི་དོན་ཉིད་དུ་འགྲུབ་པར་འགྱུར་རོ། །དེའི་ཕྱིར་སྣང་བ་ཞེས་བྱ་བ་ནི་ཡོད་པའི་མཚོན་བྱེད་མ་ཡིན་ནོ། །འོན་ཀྱང་ཡོད་པ་ཁོ་ན་ཡིན་ནོ། ། གང་དུ་རྟགས་ཁོ་ན་མངོན་སུམ་ཡིན་གྱི་རྟགས་ཅན་གང་གི་ཡང་མ་ཡིན་ཏེ། དེ་ལྟ་བུའི་ཡུལ་ལ་མ་མཐོང་ཞིང་མི་སྣང་ལ། མཐོང་བར་མི་འགྱུར་བ་རྗེས་སུ་དཔག་པར་བྱ་བ་མ་ཡིན་ནམ། མངོན་དུ་བྱེད་པ་ལས་ཡོད་པ་གཞན་ཇི་ལྟར་མ་ཡིན་སྙམ་དུ་སེམས་པ་ལ། དེ་ལ་ཡང་འབྲེལ་པ་ ཅན་ཁོ་ན་མཐོང་བ་ནི་གཞན་དུ་མི་འཐད་པས་མཐོང་བར་འགྱུར་བ་ཁོ་ན་རྗེས་སུ་དཔག་པར་བྱ་བ་ཡིན་ཏེ། མི་སླུ་བའི་ཕྱིར་རོ། །མི་སྣང་བ་ལ་ནི་སླུ་བ་མ་ཡིན་ནོ། །གལ་ཏེ་ད་ལྟར་བ་མེད་པ་ན་མ་འོངས་པ་ཇི་ལྟར་འབྱུང་། འདི་གཞན་ལས་ཀྱང་འབྱུང་བ་ནི་མ་ཡིན་ནོ། །བདེན་ཏེ། དེའི་བསྐྱེད་བྱའམ་ དེས་འདུས་བྱས་པ་ལས་ཡིན་པའི་ཕྱིར་རྒྱུ་མ་ངེས་པར་བསྟན་པ་ན་ནི། གལ་ཏེ་འགས་ཀྱང་ཞེས་བྱ་བའོ། །སྣང་བ་ཉིད་ཡོད་པ་ཉིད་ཡིན་ན་འུ་བུ་ཅག་ལ་སོགས་པས་མཐོང་བ་དང་མཐོང་བར་གྱུར་པ་ལ་སོགས་པའི་རྣམ་པར་དབྱེ་བ་ལས་འདས་པ་དང་མ་འོངས་པའི་དབྱེ་བ་མ་ཡིན་ནམ། རྣལ་འབྱོར་ པའི་ནི་མ་ཡིན་ཏེ། ཐམས་ཅད་སྣང་བཞིན་པ་ཉིད་ཀྱིས་ད་ལྟར་བ་ཡིན་པའི་ཕྱིར་རོ་སྙམ་དུ་སེམས་པ་ནི། གལ་ཏེ་ད་ལྟར་བའི་ཞེས་བྱ་བའོ། །གཟུགས་ལ་སོགས་པ་བཞིན་དུ་དུས་ལ་མངོན་སུམ་མ་ཡིན་པ་ནི་མེ་ལ་བཞིན་དུ་མ་ཡིན་ཏེ། མི་སྣང་བའི་ཕྱིར་རོ་ཞེས་བསྟན་པ་ནི། དུས་ནི་ཚད་མ་ གང་གིས་ཀྱང་ཞེས་བྱ་བའོ། །དངོས་པོས་ཉེ་བར་མངོན་དུ་བྱེད་པའི་ཕྱིར་རང་བཞིན་མངོན་སུམ་གྱིས་བདག་གིར་བྱས་པ་ཡིན་ན། དོན་ཉེ་བར་སྣང་བར་བྱེད་པ་ཡིན་གྱི་རྣམ་པ་གཞན་གྱིས་ནི་མ་ཡིན་ནོ་ཞེས་བསྟན་པ་ནི། མདུན་ན་གནས་པའི་རྣམ་པའི་ཞེས་བྱ་བའོ། །བུམ་པ་ཞེས་སམ། གཡོ་ བ་ཞེས་བྱ་བའི་རྣམ་པ་གཞན་དུ་ཡང་སྣང་བ་ཁོ་ན་མ་ཡིན་ནམ་སྙམ་དུ་སེམས་པ་ལ། དེ་ལྟར་མ་ཡིན་ན་ཞེས་བྱ་བ་སྟེ། མདུན་ན་གནས་པ་མ་ཡིན་པའི་རྣམ་པ་འཛིན་པ་དང་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཅིག་ཅར་མ་ཡིན་པར་བྱས་པ་ཞེས་བྱ་བ་ལ་སོགས་པ་ལ་རྫས་དང་བྱ་བ་ལས་ ཐ་དད་པས་དེའི་ཁྱད་པར་ཅིག་ཅར་བ་ལ་སོགས་པའི་ཤེས་པས་རྟོགས་པར་བྱ་བ་མ་ཡིན་ནམ། དེ་ལ་རྟགས་ཅུང་ཟད་ཀྱང་འབྲེལ་པ་ཅན་དུ་དམིགས་པ་མ་ཡིན། གཟུགས་མེད་པ་དང་འདུ་བ་ལས་ནམ་མཁའ་བཞིན་དུ་མངོན་སུམ་པ་མ་ཡིན་པ་ཡང་མ་ཡིན་ཏེ། རྟགས་ལས་མ་བྱུང་བ་ཉིད་ དང་། གནོད་པ་མེད་པ་ཉིད་ཀྱིས་མངོན་སུམ་ཚད་མ་ཉིད་ཡིན་པའི་ཕྱིར་རོ། །གཟུགས་མེད་པ་དང་འདུ་བ་ལས་ཞེས་བྱ་བར་རྗེས་སུ་དཔག་པ་ནི་མངོན་སུམ་དང་འགལ་བ་ཡིན་ན་ཚད་མ་མ་ཡིན་ནོ། །ནམ་མཁའ་ནི་མངོན་སུམ་གྱི་ཤེས་པའི་ཡུལ་མ་ཡིན་པའི་ཕྱིར་ མངོན་སུམ་པ་མ་ཡིན་ནོ། །གཟུགས་དང་འདུ་བ་མེད་པ་ལས་ནི་མ་ཡིན་ནོ། །དེ་ལྟ་ཡིན་ན་ཅིག་ཅར་དང་ཅིག་ཅར་མ་ཡིན་པའི་ཤེས་པའི་དབྱེ་བས་དུས་གཅིག་མ་ཡིན་ནོ། །དེ་ལྟ་མ་ཡིན་ཏེ། འབྲས་བུ་གཅིག་ལ་དེ་གཉིས་མེད་པའི་ཕྱིར་ལ། དེ་ལྟ་ཡིན་ན་ནི་ཤེས་པ་གཉིས་སུ་ཐལ་བའི་ ཕྱིར་རོ། །དེ་ལྟ་ཡིན་ན་དེ་ལྟ་བུའི་དབྱེ་བས་གཅིག་ཏུ་ཡང་ཇི་ལྟར་རྟོགས་པར་འགྱུར། གསལ་བྱེད་རྫས་ལ་སོགས་པ་གཉིས་ཡོད་པའི་ཕྱིར་མིག་བཙུམས་གཅིག་དང་། ཆུ་ཚོད་ལ་སོགས་པས་གཉིས་གཅོད་པ་ནི་དངོས་པོ་ཅིག་ཅར་མངོན་པར་གསལ་བར་བྱེད་པ་ཡིན་གྱི། དེ་ལས་ བཟློག་པ་ནི་ཅིག་ཤོས་ཀྱི་གསལ་བྱེད་ཡིན་ནོ་སྙམ་དུ་སེམས་པ་ནི། འོན་ཏེ་མྱུར་བ་དང་ཞེས་བྱ་བའོ། །དུས་ཀྱི་དབྱེ་བ་ནི་གསལ་བྱེད་ཀྱི་རྫས་ལ་སོགས་པའི་དབྱེ་བ་ཙམ་ཡིན་ཏེ། དེ་ལྟར་བརྡར་བྱས་པའི་ཕྱིར། དུས་ཀྱི་ཤེས་པའི་ཡུལ་ནི། དངོས་པོ་གཞན་མ་ཡིན་ནོ། །བུམ་པ་ལ་ སོགས་པའི་ཤེས་གཟུགས་ལ་སོགས་པའི་དབྱིབས་ཀྱི་ཁྱད་པར་ལྟ་བུའོ་ཞེས་བྱ་བའི་དོན་འདི་བསྟན་པ་ནི། དུས་ནི་ཡུན་རིང་པོ་ཞེས་བྱ་བའོ། །བདེན་ཏེ། དངོས་པོའི་ཁྱད་པར་ཁོ་ན་དེ་ལྟ་བུའི་བརྡ་ལས་དེ་ལྟར་ཤེས་པའི་ཡུལ་ཡིན་ལ། གང་གིས་དེ་ལྟར་འགྱུར་བ་དེ་ནི་དུས་ཡིན་ནོ་སྙམ་ དུ་སེམས་པ་ནི། གལ་ཏེ་དུས་མེད་ན་ཞེས་བྱ་བའོ། །འབྲས་བུ་ལ་ཡོད་པའི་དལ་བ་ལ་སོགས་པའི་ཁྱད་པར་གྱི་སྐྱེད་བྱེད་ཉིད་རང་གི་ངོ་བོའི་སྐྱེད་བྱེད་ཡིན་པའི་ཕྱིར་དུས་ཉིད་དངོས་པོ་རྣམས་ཀྱི་རྒྱུ་ཡིན་གྱི་དངོས་པོ་རྣམས་ནི་མ་ཡིན་ནོ། །དེ་དེའི་འབྲས་བུ་མ་ཡིན་པ་ནི་གང་ཞིག་གང་གི་དབྱེ་བས་བྱེད་ པ་མ་ཡིན་ནོ་ཞེས་ཟེར་བ་ནི། འོན་ཏེ་འབྲས་བུའི་ཞེས་བྱ་བའོ། །རྟག་པ་དང་ཁྱབ་པ་ཅན་གྱི་དུས་ནི་བཟློག་པ་མེད་པ་ཡིན་ཏེ། ཉེ་བ་མ་བཏང་བའི་ཕྱིར་རོ་ཞེས་བྱ་བ་ནི་དུས་ནི་མེད་པ་མ་ཡིན་ཏེ་ཞེས་བྱ་བའོ། །མི་རྟག་པ་དང་ཁྱབ་པ་མ་ཡིན་པའི་དུས་ནི་རྐྱེན་གྱི་དབང་གིས་གསལ་བ་ཡིན་ཞེས་བྱ་ བའི་ཕྱོགས་སུ་སེམས་པ་ནི། འོན་ཏེ་དུས་ཞེས་བྱ་བའོ། །གང་ཁོ་ན་ལས་དུས་ཀྱི་རིམ་པ་ཡིན་པ་དེ་ཁོ་ན་ལས་འབྲས་བུའི་རིམ་པ་ཡིན་དུ་ཟིན་ཀྱང་གཞན་དབང་གི་རིམ་པ་ཅན་གྱི་དུས་ལས་མ་ཡིན་པར་བསྟན་པ་ནི། འོན་ཏེ་དེ་ཉིད་ལས་ཞེས་བྱ་བ་སྟེ། རང་ལ་ཡོད་པའི་རིམ་པ་ཡོད་པའི་ཕྱིར་ འདི་ནི་རང་ཉིད་བྱེད་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །དངོས་པོ་དག་གི་ལྷན་ཅིག་བྱེད་པ་ཉིད་ཅིག་ཅར་བ་ཁོ་ན་མ་ཡིན་ནམ། ཉེ་བ་མ་ཡིན་པ་ཉིད་ནི་ཅིག་ཅར་བ་མ་ཡིན་ལ། དེ་དངོས་པོ་ཙམ་ནི་མ་ཡིན་ཏེ། ཉེ་བ་མ་ཡིན་པ་ཡིན་བཞིན་དུ་ལྷན་ཅིག་པ་ཉིད་ལ་ཡང་དངོས་པོ་ཡོད་པས་རིམ་པར་ཐལ་བར་ འགྱུར་བའི་ཕྱིར་འདིས་ནི། རིམ་པ་མ་ཡིན་པ་ཡང་ཐལ་ཆེས་པ་ཉིད་དུ་བསྟན་པར་བྱ་བ་ཡིན་ནོ་སྙམ་དུ་སེམས་པ་ནི། རིམ་པ་ཉིད་དུས་ཡིན་ནོ་ཞེས་བྱ་བ་ནི་རིམ་པ་མ་ཡིན་པ་ཁོ་ན་ཞེས་བྱ་བའི་ཉེ་བར་མཚོན་པ་ཡིན་ནོ། །མ་ཡིན་ཏེ་རིམ་པ་ནི་ལྷན་ཅིག་པ་དང་ལྷན་ཅིག་པ་མ་ཡིན་པ་ཞེས་བྱ་བ་ལ་ལྷན་ཅིག་ པ་དམིགས་པ་མ་ཡིན་པ་ལས་ལྷན་ཅིག་པར་དམིགས་པ་གཞན་ཁོ་ན་ཡིན་ཏེ། དངོས་པོའི་དབྱེ་བ་ལ་གནས་སྐབས་ཀྱི་དབྱེ་བས་རྒྱུ་མཚན་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །རང་གི་ངོ་བོ་ལས་ཐ་དད་པ་ཞེས་བྱ་བ་ནི་གནས་སྐབས་ཀྱི་དབྱེ་བས་ཁྱད་པར་དུ་བྱས་པའི་རང་གི་ངོ་བོ་ལས་ཐ་དད་པ་ཞེས་ བྱ་བའི་དོན་ཏོ། །ད་ནི་དུས་གསུམ་དུ་རྣམ་པར་གཞག་པ་ཇི་ལྟར་ཡིན་སྙམ་དུ་སེམས་པ་ལ། ད་ལྟར་བ་དང་བྱ་བའི་འབྲེལ་པ་ཡོད་པ་ན་ད་ལྟར་བ་ཡིན་ལ། འདས་པ་དང་ཡིན་ན་འདས་པ་ཉིད་ཡིན་ཞིང་། མ་འོངས་པ་དང་ཡིན་ན་མ་འོངས་པ་ཉིད་དོ་ཞེས་བསྟན་པ་ནི། མཐོང་འགྱུར་ཞེས་བྱ་བ་སྟེ། དུས་མེད་ན་མཐོང་བར་འགྱུར་བ་ཉིད་ལ་སོགས་པ་ཇི་ལྟར་ཞེས་ཟེར་བ་ནི་མི་རིགས་སོ། །དམིགས་པར་གྱུར་པ་གང་གི་ཚེ་མ་དམིགས་པ་དེ་འདས་པ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་རེ་རེའི་བདག་ཉིད་དུ་རིག་པར་བྱ་བའི་དབྱེ་བའོ། །དེ་ཁས་མི་ལེན་ན་དུས་སུ་སྨྲ་བས་གསལ་གྱི་དབྱེ་བ་མ་རྟོགས་ པས་ཇི་ལྟར་སྨྲ་བར་བྱེད། ཁྱེད་ཀྱིས་དུས་གང་གི་ཚེ་གྲོང་ལ་སོགས་པའི་དུས་གང་བྱུང་བ་ཞེས་གྲོང་ལ་སོགས་པའི་རང་གི་ངོ་བོ་ཉིད་ཁོ་ན་བདེ་བར་གནས་སམ། མི་བདེ་བར་གནས་ཞེས་འཇིག་རྟེན་གྱི་དྲི་བའི་ཡུལ་ཡིན་གྱི་ཐ་དད་པ་ཅན་ནི་མ་ཡིན་ནོ་ཞེས་བསྟན་པ་ནི། དུས་གང་ཡིན་ཞེས་ བྱ་བའོ། །འདྲི་ན་ཞེས་བྱ་བ་ནི་འདྲི་བའི་ཡུལ་ལའོ། །རྣལ་འབྱོར་པ་ལ་ནི་ཐམས་ཅད་སྣང་བཞིན་པ་ཁོ་ན་ཡིན་པའི་ཕྱིར་འདས་པ་ལ་སོགས་པའི་རྣམ་པར་དབྱེ་བ་མེད་པས་དེ་ཇི་ལྟར་རིག་པ་ཡིན་ཞེས་པ་ལས་གཞན་གྱིས་ཞེས་བྱ་བ་སྟེ། དེས་མཐོང་བ་ཉིད་ཀྱིས་ཞེས་བྱ་ བ་ནི་རྣལ་འབྱོར་པས་མཐོང་བ་ཉིད་ཀྱིས་སོ། །དེ་ལ་ལྟོས་ནས་དབྱེ་བ་ཡོད་པ་མ་ཡིན་ཏེ། མཐོང་བཞིན་པ་ཉིད་ཙམ་ད་ལྟར་བའི་ཐ་སྙད་ཀྱི་རྒྱུ་མ་ཡིན་པའི་དོན་ཏོ། །དེའི་ཕྱིར་དེ་ལྟར་འུ་བུ་ཅག་ལ་སོགས་པ་ལ་ལྟོས་ནས་རྣལ་འབྱོར་པ་ལ་འདས་པ་ལ་སོགས་པའི་རྣམ་པར་དབྱེ་བ་ཡིན་གྱི་རང་ཉིད་ནི་མ་ ཡིན་ནོ་ཞེས་བསྟན་ནས་ལྐོག་ཏུ་མ་གྱུར་པ་ཉིད་ཀྱིས་དངོས་པོ་རྣམས་ནི་རང་གི་ངོ་བོར་སྣང་བ་འདས་པ་ལ་སོགས་པ་ལ་ཡང་འགྱུར་བ་ཡིན་ལ། ད་ལྟར་བ་ཉིད་ལ་སོགས་པ་ནི་དུས་ཀྱི་ཁྱད་པར་ཡིན་ལ། ཤེས་པ་དང་དེའི་ངེས་པར་བྱ་བ་ནི་རྣལ་འབྱོར་པ་རང་ཉིད་ལ་ཡང་འགྱུར་བ་ཡིན་པར་བསྟན་པ་ནི། གཞན་ཡང་དུས་དེ་དང་འབྲེལ་པས་ཞེས་བྱ་བའོ། །ད་ལྟར་བ་ཉིད་དང་འདས་པ་ལ་སོགས་པ་རང་གི་ངོ་བོས་གསལ་བ་ཡིན་ན་དེ་ལྟར་འདས་པ་དང་ཅིག་ཤོས་ཇི་ལྟར་ཐ་དད་པ་ཡིན་སྙམ་དུ་སེམས་པ་ལ་འུ་བུ་ཅག་ལ་སོགས་པ་དང་རྣལ་འབྱོར་པའི་སེམས་ད་ལྟར་བ་རང་གི་རྒྱུའི་དབང་གིས་དམིགས་པ་ཡིན་ གྱི་སྣང་བ་ནི་མ་ཡིན་ནོ། །དེའི་ཕྱིར་དེའི་རྣམ་པར་གཞག་པ་བསྟན་པ་ནི། འོ་ན་དེ་ཇི་ལྟར་ཞེས་བྱ་བའོ། །མི་འཛིན་པའི་ཕྱིར་ཞེས་བྱ་བ་ནི་སྣང་བ་ཞེས་བྱ་བ་དང་སྦྱར་བར་བྱའོ། །གལ་ཏེ་ཡང་ད་ལྟར་མཐོང་བ་འདི་དེ་ཉིད་མཐོང་བ་ཡིན་ནོ་ཞེས་བསྟན་པ་ནི། ད་ལྟར་བའི་ཞེས་བྱ་བ་སྟེ། གཞན་གྱི་ནི་སྣང་ བའི་འོ། །གང་ཞིག་གང་གི་ཞེས་བྱ་བ་ནི་སྐྱེས་བུའིའོ། །དེའི་ཚེ་སྟེ་དེའི་དུས་དང་འབྲེལ་བས་སམ། དེའི་དུས་མ་ཡིན་པ་དང་འབྲེལ་པ་ཅན་ནི་གང་གི་ངོ་བོར་རིག་པ་ནི་དེའི་སྟེ་སྐྱེས་བུའི་འོ། །དེའི་ངོ་བོ་ཉིད་ནི་དེའི་དུས་ཁོ་ན་ལའོ་ཞེས་སྦྱར་རོ། །དེའི་མིང་ཞེས་བྱ་བ་ནི་དོན་གྱི་དུས་གཞན་དང་འབྲེལ་པ་ཅན་ གྱི་གཞལ་བྱ་ནི་མཐོང་བ་པོའི་རྗེས་སུ་བྱེད་བཞིན་པའི་དུས་དང་འབྲེལ་པ་ཅན་ནི་རང་གི་རྒྱུའི་གཞན་དབང་ཡིན་པར་བསྟན་ནས། ད་ནི་མཐོང་བ་པོ་དང་སྣང་བ་དག་ད་ལྟར་བ་ཉིད་མཉམ་པར་གཞག་པའི་གནས་སྐབས་ལ་ཡིན་ལ། དུས་ཕྱིས་ནི་དུས་ཐ་དད་པ་ཉིད་ཡིན་ཏེ། ད་ལྟར་བ་དང་ཅིག་ཤོས་ཉིད་ ཀྱིས་སོ་ཞེས་བསྟན་པ་ནི། གཞན་ཡང་དེའི་ཚེ་ནི་བྱེད་པ་པོ་ཡང་ཞེས་བྱ་བ་སྟེ། ཡང་གི་སྒྲས་ནི་གཞལ་བྱ་ཡང་ཞེས་བྱ་བ་སྡུད་པར་བྱེད་པ་ཡིན་ནོ། །དེའི་དུས་ཉིད་དུ་ནི་རྟོགས་པའི་དུས་ཉིད་དུའོ། །ད་ལྟར་བའི་དུས་ཉིད་ཡིན་ནོ། །ཕྱིས་ནི་ལྡང་བའི་དུས་སུའོ། །དུས་གཞན་ཉིད་དུ་ནི་མཐོང་བ་པོའི་ད་ལྟར་ བ་ཉིད་དང་འདས་པ་ཉིད་དང་སྣང་བ་ཡིན་ནོ། །གཞན་ཉིད་དུ་ཞེས་བྱ་བ་ནི་ཕྱོགས་པར་མ་རྒྱས་པར་བྱ་བའི་ཕྱིར་དྲན་པར་བྱེད་པ་ཡིན་ལ། དེ་ཉིད་རྒྱས་པར་བསྟན་པ་ནི། དེའི་ཕྱིར་ཞེས་བྱ་བ་སྟེ། དེའི་དུས་ཉིད་དུ་ནི་འདས་པའི་དུས་ཉིད་དོ། །དེ་ལ་ཞེས་བྱ་བ་ནི་ད་ལྟར་བའི་དུས་ཀྱིས་གཞལ་བྱ་ཉིད་ལ་སྟེ། ལྐོག་ཏུ་མ་གྱུར་པ་ཉིད་ཙམ་གྱི་ཡུལ་ཉིད་ཀྱིས་མངོན་སུམ་འཇུག་པ་མ་ཡིན་ནོ། །བུ་དང་ལྡན་པ་ནི་མ་འོངས་པའི་བུ་དང་འབྲེལ་པ་ཅན་ཉིད་ནི་རྣལ་འབྱོར་པའི་མངོན་སུམ་དུ་བྱེད་པ་བཞིན་པ་དེའི་མངོན་སུམ་དུ་ཡང་ཅིས་མི་འགྱུར། རུང་བ་མ་དམིགས་བཞིན་པ་ནི་ཡོད་པ་མ་ཡིན་ནོ་སྙམ་དུ་སེམས་པ་ནི། འོན་ཏེ་ཡང་ ཞེས་བྱ་བའོ། །དེ་དང་ལྷན་ཅིག་པའི་མཚན་ཉིད་ནི་འབྱུང་བར་འགྱུར་བ་ཁོ་ན་ཡིན་ནོ། །དེའི་ཕྱིར་བུ་དང་ལྡན་པའི་མི་རུང་བ་མ་དམིགས་པ་མེད་པ་སྒྲུབ་པར་བྱེད་པ་མ་ཡིན་ལ། རྣལ་འབྱོར་པས་ནི་རྟགས་ཀྱི་ཁྱད་པར་མ་ལུས་པ་ལ་ངེས་པ་ཅན་ནི་མངོན་སུམ་དང་ལྡན་པ་ཡིན་ལ། ཇི་ལྟར་སྟོན་སོགས་ཞེས་ བྱ་བ་སྟེ། དུས་དེར་ལྡན་ནི་ད་ལྟར་གྱི་དུས་སུ་ལྡན་པའོ། །དེ་ཡིས་མཐོང་མེད་ནི་རྣལ་འབྱོར་པས་སོ། །དེ་ལྟར་མ་རྟོགས་ན་ཡང་ཞེས་བྱ་བས་ནི་རྣལ་འབྱོར་པས་མ་འོངས་པའི་དུས་ཉིད་ཡིན་པས་ན། མ་དམིགས་པ་ཡང་སྐྱོན་ཡོད་མིན། །ཞེས་བྱ་བ་ནི་རུང་བ་མ་ཡིན་པ་མ་དམིགས་པའི་ཕྱིར་ཏེ། གནོད་ པ་ཉིད་མེད་པའི་མཚན་ཉིད་མེད་པར་ངེས་པ་བསྐལ་པ་རྣམས་ཀྱི་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །གལ་ཏེ་དེའི་ཚེ་ཡང་ཞེས་བྱ་བ་ནི་སྟོན་ལ་སོགས་པའི་དུས་སུ་ཡང་ངོ་། །རྣལ་འབྱོར་པ་མ་ཡིན་པས་མ་དམིགས་པ་དང་། རྣལ་འབྱོར་པས་དམིགས་པ་ཁོ་ན་ལ་དངོས་པོ་འདི་ཡོད་པ་ཡིན་ཞེས་ བྱ་བའི་ཕྱོགས་འདི་ལ་གནོད་པ་ཅན་ཅིས་མེད་པ་ཡིན། ཡུལ་མཚུངས་པའི་ཕྱིར་རོ་སྙམ་དུ་སེམས་པ་ནི། འོན་ཏེ་ཇི་ལྟར་དེས་ཞེས་བྱ་བའོ། །གལ་ཏེ་ཡང་རིང་པོ་མ་ཡིན་པ་ན་གནས་པས་ཆེས་ཤིན་ཏུ་ཆུང་བ་ལ་སོགས་པའི་ཁྱད་པར་ལ་ཡོད་པའི་དངོས་པོ་རྟོགས་པ་ཡིན་ནོ། །ཐག་རིང་པོ་ན་གནས་པས་ ནི་མ་ཡིན་ཏེ། ཉེ་བར་རུང་བ་ཉིད་མེད་པའི་ཕྱིར་རོ་ཞེས་བྱ་བའི་དཔེ་བསྟན་པ་ནི། ཇི་ལྟར་གཞན་གྱིས་ཞེས་བྱ་བ་སྟེ། རིང་པོ་མ་ཡིན་པའི་ཞེས་བྱ་བའི་དབང་དུ་བྱས་པ་དང་འབྲེལ་པ་ཡིན་ནོ། །ཕྲ་མོ་ལ་སོགས་པ་ནི་ཆེས་ཤིན་ཏུ་ཆུང་བ་ལ་སོགས་པའི་ཁྱད་པར་རོ། །རུང་བའི་ཡུལ་ ན་གནས་པ་ཡང་ཐམས་ཅད་ཀྱིས་ནི་མཚུངས་པར་རྟོགས་པ་ནི་མ་ཡིན་ཏེ། སྐད་ཅིག་མ་ཉིད་ལ་སོགས་པས་བསྒྲིབས་པ་དང་ཞེན་པ་ཉིད་ཀྱིས་དབང་པོ་རྣམས་ཁོ་ན་ཐ་དད་པ་ཡིན་པར་བསྟན་པ་ནི། གང་ལ་གཅིག་གི་ནུས་ཡོད་པ། །ཞེས་བྱ་བ་སྟེ། རྣལ་འབྱོར་པ་ནི་དབང་པོ་གསལ་བ་ཡིན་པའི་ཕྱིར་དང་། རྗེས་སུ་དཔག་པར་བྱ་བ་ཉིད་ཀྱིས་ཀྱང་ཉེ་བའི་ཕྱིར་མཐོང་བ་ཁོ་ན་ཞེས་བྱ་བའི་དོན་ཏོ། །དེ་དེ་ལྟར་སློབ་དཔོན་རྣམས་ཀྱི་བཞེད་གཞུང་བསྟན་ནས་མི་འདོད་པ་ཉིད་སྟོན་པ་ཡིན་ལ། དེ་ལ་ཡང་རྣལ་འབྱོར་པ་ལ་སྣང་བཞིན་པ་ཉིད་ཀྱིས་ད་ལྟར་བ་ཁོ་ན་ཡིན་ལ། གཞན་གྱིས་ནི་སྣང་བཞིན་པ་མ་ཡིན་པའི་ཕྱིར་འདས་པ་ དང་མ་འོངས་པ་ཡང་བརྗོད་པ་ཡིན་ནོ་ཞེས་བྱ་བའི་ཕྱོགས་མི་འདོད་པར་བསྟན་པ་ནི། འོན་ཏེ་ཡང་གལ་ཏེ་ཞེས་བྱ་བ་ལ་སོགས་པས་ཉེ་བ་མ་ཡིན་པ་ཐག་རིང་བ་ན་གནས་པས་སྣང་བཞིན་པ་མ་ཡིན་པ་ནི། འདས་པ་དང་མ་འོངས་པར་ཡང་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ནི་ད་ལྟར་བའི་མཚན་ཉིད་ཡིན་ པར་བསྟན་པ་ནི། གང་ཕྱིར་དམིགས་པ་ཞེས་བྱ་བ་སྟེ། རྟོགས་པ་དང་མ་རྟོགས་པ་དག་ནི་ཡོད་པ་དང་མེད་པ་དག་དང་ད་ལྟར་བ་དང་ཅིག་ཤོས་དག་ཀྱང་ངོ་ཞེས་བྱ་བའི་དོན་ཏོ། །དངོས་པོ་ནི་འདས་པ་ལ་སོགས་པའི་དུས་ཁོ་ན་ལ་རྣམ་པ་ཐམས་ཅད་དང་རྗེས་སུ་དཔག་པས་ལྐོག་ཏུ་གྱུར་པ་མ་ཡིན་པ་ཅན་དུ་བྱེད་ལ་ལྐོག་ཏུ་ མ་གྱུར་པ་ཉིད་ཁོ་ནར་ད་ལྟར་བ་ལ་ཡང་ད་ལྟར་བ་ཉིད་མ་ཡིན་ཏེ། ཤེས་པས་དམིགས་པ་ནི་དངོས་པོ་དང་དུས་ཀྱི་འབྲེལ་པ་དག་གི་དབྱེ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཕྱོགས་འདི་ལ་ཡང་སྐྱོན་བརྗོད་པར་དོགས་པ་ཡིན་སྙམ་དུ་སེམས་པ་ནི། ཇི་སྟེ་དུས་གང་དུ་ཞེས་བྱ་བའོ། །དཔྱིད་ཀྱི་དུས་ལ་སོགས་པ་རྣམས་ ལ་ཡང་དངོས་པོའི་ཁྱད་པར་ཐ་དད་པ་མེད་པའི་ཕྱིར་དུས་འགའ་ཡང་མེད་པར་བསྟན་པ་ནི། དངོས་པོ་ལས་ནི