Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 180
Văn bản gốc(Tây Tạng)
Trang 19 / 25 (50.000 ký tự/trang)
གཞན་གྱི་ནི་དེ་ལས་གཞན་པ་ལ་ཉེ་བར་བཏགས་པ་ཡང་དེ་ཁོ་ན་བཞིན་དུ་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །གཞན་དུ་ཡང་སྣང་བར་བསྟན་པ་ནི། གཟུགས་སམ་རོ་གང་ཡིན་པ་དེ་ཉིད་ཅེས་བྱའོ། །གལ་ཏེ་ཤིན་ཏུ་འདྲེས་པ་ནི་སྣ་ཚོགས་པར་མཚོན་པ་ཉིད་ལ་གཞན་དུ་རྟོགས་པ་གང་ཡིན་ ན་རྡུལ་ཕྲ་རབ་རྣམས་ཁོ་ན་ཕྲ་བ་ཡིན་པའི་ཕྱིར་དེ་ལྟར་འགྱུར་རོ་ཞེས་བསྟན་པ་ནི། དེ་ལྟ་ན་ནི་འོ་ན་ཞེས་བྱ་བ་སྟེ། རྡུལ་ཕྲ་རབ་རྣམས་དངར་བའི་ཁྱད་པར་ལས་ཕྲེང་བ་ལ་སོགས་ལ་དེ་ལྟར་རྟོགས་པའི་རྒྱུ་ཉིད་མཐོང་བ་ཡང་ཡིན་ཏེ་གཞན་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི། གལ་ཏེ་རྡུལ་ཕྲ་རབ་ཅེས་ བྱ་བའོ། །དངར་བ་ཞེས་བྱ་བ་འདིའི་བཤད་པ་ནི། དངར་བའི་ཁྱད་པར་ཙམ་ཉིད་ཀྱི། །ཞེས་བྱ་བའོ། །དེའི་ན་དེ་ལྟའི་ཞེས་བྱ་བའི་བཤད་པ་ནི། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པའོ། །རྩོད་པ་ནི་རབ་ཏུ་རྩོད་པའོ། །གཞི་ནི་གང་གི་ཡན་ལག་ཅན་གྱི་ཡུལ་དུ་མངོན་པར་འདོད་པ་དངར་བ་ཙམ་ཉིད་ལ་ རབ་ཏུ་རྩོད་པ་ཙམ་དུ་རྟོགས་པ་ཉིད་ཀྱིས་མངོན་སུམ་ལ་སོགས་པ་རྩ་བ་མེད་པ་ཉིད་གཏན་ཚིགས་སུ་བརྗོད་པ་ཡིན་ལ་དེའི་ཕྱིར་དེ་བཞིན་དུ་ཕྲད་པར་ཁས་བླངས་པས་དེ་དང་དེར་བསྟན་ནས་ད་ནི་ཕྲད་པ་ཉིད་དེ་ལ་རུང་བར་མངོན་པར་འདོད་པ་དང་ཐ་དད་པས་མ་དམིགས་པར་བསྟན་པ་ནི། གང་ཡང་བརྗོད་པ་ཞེས་ བྱ་བ་ནི་ཕྲད་ལས་ཤེས་ན་འདིར་ཐལ་མཚུངས་ཞེས་བྱ་བ་དེར་རོ། །ཕྲད་པ་ཅན་འབའ་ཞིག་ནི་ཉེ་བ་ཉིད་ཀྱིས་ཕྲད་པ་ཅན་གྱི་ཤེས་པའི་ཡུལ་ཁོ་ན་ཡིན་ནོ། །གནོད་པ་མེད་པའི་རྣམ་རྟོག་གི་བློ་ནི་ཐ་དད་པའི་ཡུལ་ཅན་ཡིན་ལ་དེའི་ཕྱིར་མངོན་སུམ་ཡང་ཐ་དད་པར་འཛིན་པ་ཡིན་ནོ། །གང་གི་ཕྱིར་དེ་ནི་གཞན་ དུ་མཐོང་བ་ལས་སྐྱེས་པ་མ་ཡིན་ལ་དེས་མ་སྐྱེས་པ་ནི་དེ་ལྟ་ཡིན་ཡང་འདི་ཡང་དེ་ལྟར་འགྱུར་བ་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ལ་དངོས་པོའི་གནས་སྐབས་ཀྱི་ཁྱད་པར་མཐོང་བ་ལས་སྐྱེས་པའི་ཕྱིར་དེ་དངོས་པོའི་དབྱེ་བའི་ཕན་བྱེད་མ་མ་ཡིན་ནོ་ཞེས་བྱ་བའི་དོན་འདི་སྒྲ་ཞེས་དངོས་ པོ་ཞེས་བྱ་བ་འདིའི་རྟོགས་བྱ་བསྟན་པ་ནི། ལྡན་པ་ཡིན་ནོ་ཞེས་བློས་བཟུང་བ་ཞེས་བྱ་བའོ། །གནས་སྐབས་ཀྱི་ཁྱད་པར་བསྟན་པ་ནི། དེར་ནི་ཉེ་བར་སྐྱེ་བར་གྱུར་པ་ཞེས་བྱ་བའོ། །གནས་སྐབས་དེ་མ་གཏོགས་པར་དེ་བྱུང་ན་དེ་དང་ལྡན་པ་བཞིན་དུ་སོ་སོར་སྣང་བར་འགྱུར་བར་བསྟན་པ་ནི། ཇི་ལྟར་དོན་དེ་མདུན་གནས་པ། །ཞེས་བྱ་བའོ། །གནས་སྐབས་ཀྱི་ཁྱད་པར་ཡང་དེ་མ་གཏོགས་པར་མེད་པར་བསྟན་པ་ནི། རྗེས་འགྲོའི་ལྡོག་པ་དག་ལས་ནི། །ཞེས་བྱ་བའོ། །རྗེས་སུ་འགྲོ་བ་དང་ལྡོག་པ་ཉིད་བསྟན་པ་ནི། འབའ་ཞིག་པ་ཞེས་བྱ་བའོ། །འབྱོར་པ་ལས་མ་འབྱོར་པ་ གཞན་ཉིད་ཡིན་པར་མངོན་སུམ་གྱིས་རྟོགས་པ་མ་ཡིན་ནམ། དེ་ཡང་གནས་སྐབས་ཡིན་ལ་དེ་མངོན་སུམ་པ་ཡིན་པ་ཁོ་ནར་བསྟན་པ་ནི། མངོན་སུམ་གྱིས་ཞེས་བྱ་བ་སྟེ། དངོས་པོ་གཞན་ཁོ་ན་མངོན་སུམ་གྱིས་རྟོགས་པ་ཡིན་གྱི། གནས་སྐབས་གཞན་ནི་མ་ཡིན་ནོ་ཞེ་ན། དངོས་པོ་ ཉིད་གནས་སྐབས་གཞན་དང་ཕྲད་པ་ཡང་ཡིན་པར་བརྗོད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི། གཅིག་ཉིད་དང་ཕྲད་པ་ལ་སོགས་པ་ཅན་ཕྱི་རོལ་གྱི་བསྡུས་པ་ལས་ལྡོག་པའི་ནུས་པ་ཅན་ཉེ་བ་དང་བསྐྱེད་པ་ཡང་བོར་ནས་གཞན་ནི་མ་ཡིན་ནོ། །དེ་ཡང་རང་དབང་དུ་རྣམ་རྟོག་གི་ཤེས་པས་ འཛིན་པ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། རྣམ་པར་རྟོག་པའི་དོན་ཡིན་ནོ། །ཇི་ལྟར་ཡིན་ཞེ་ན། རྣམ་རྟོག་གིས་ཏེ་ཐ་དད་པས་སོ། །དངོས་པོ་ཐ་དད་པ་ནི་མེད་པ་ཉེ་བ་ལས་ལྡོག་པ་ནི་དངོས་པོའི་རྗེས་སུ་འབྲང་བས་ཞེས་བྱ་བ་ནི་རྣམ་པ་འདིས་སོ། །རྣམ་རྟོག་གི་དོན་ལ་ཡང་དེ་ལྟར་ཡིན་ནོ། །བག་ ཆགས་ལས་དངོས་པོ་ཐ་དད་པའི་རྗེས་སུ་འབྲང་བའི་ཕྱིར་ཐ་དད་པར་རྣམ་པར་བརྟག་པའི་དོན་ལ་རྣམ་རྟོག་གི་ཤེས་པ་ཡིན་གྱི་ཕྱི་རོལ་གྱི་དབྱེ་བ་རྣམ་པར་འཇོག་པར་བྱེད་པ་ནི་མ་ཡིན་ལ་གཟུགས་གཅིག་དང་རོ་གཅིག་ཅེས་བྱ་བ་ལྟ་བུ་དང་། རྫ་མ་ཆག་གོ་ཞེས་མྱ་ངན་བྱེད་པ་དང་། མ་སྐྱེས་པའི་ བུ་རྣམས་རྒན་པོར་གྱུར་པ་བཞིན་དུ་ཡང་མཐོང་བ་ཡིན་ནོ་ཞེས་བསྟན་པ་ནི། ཡོན་ཏན་ལ་སོགས་པའམ་ཞེས་བྱ་བའོ། །དངོས་པོ་ལ་མེད་ཀྱང་རྣམ་རྟོག་གི་ཐ་དད་པར་མཐོང་བར་བྱེད་པར་བསྟན་པ་ནི། སྒྲ་དང་ཤེས་པ་ཞེས་བྱ་བ་ནས་གནས་པར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བའི་བར་དུའོ། ། གལ་ཏེ་བག་ཆགས་ཀྱི་དབང་གིས་དེ་ལྟ་བུའི་རྣམ་པར་རྟོག་པ་དོན་གྱི་ཡུལ་ལ་མ་ཡིན་ན་འོན་ཏེ་དེ་ལྟ་ན། ཇི་ལྟར་དོན་མཆོག་ཏུ་འཛིན་པ་ཡིན། བྲལ་བ་དང་མ་བྲལ་བ་ལ་ཡང་དེ་ཉིད་དེ་ལ་མེད་ཀྱང་དེ་ཁོ་ན་བྲལ་བ་དེ་ལ་ཡོད་ཀྱང་མེད་པ་ཡིན་ལ་ཞེས་རྗེས་སུ་འགྲོ་བ་དང་ལྡོག་པས་བཟུང་བ་ ཡིན་ལ་ཐ་དད་པའི་ཤེས་པ་དེ་ལྟ་བུའི་བག་ཆགས་ལས་བྱུང་བ་ནི་དེ་ལྟར་གྱུར་པ་མ་ཡིན་པའི་དོན་དེ་ཉིད་དེ་ལྟ་བུ་བྱེད་པ་ཡིན་པར་བསྟན་པ་ནི། དེ་ལ་རྗེས་སུ་འགྲོ་བ་དང་ལྡོག་པས་ཞེས་བྱ་བའོ། །རྣམ་པར་རྟོག་པ་ནི་དེ་ལྟ་བུར་གྱུར་པ་མ་ཡིན་པའི་དངོས་པོ་ཁོ་ན་དེ་ལྟ་བུར་མངོན་པར་འདོད་པ་ཡིན་ པར་བསྟན་པ་ནི། བརྟགས་པ་ཉིད་ཅེས་བྱ་བའོ། །རྣམ་པར་བརྟགས་པ་ཉིད་ནི་དོན་མ་ཡིན་ལ་སྐད་ཅིག་མ་དང་སྐད་ཅིག་མ་མ་ཡིན་པ་ཉིད་ལ་སོགས་པའི་ཐ་དད་པར་འཛིན་པའི་དབྱེ་བས་དངོས་པོ་ཡོད་ན་ཡུལ་གྱི་རྣམ་པར་དབྱེ་བས་འཇུག་པ་དང་ལྡོག་པ་དག་ཏུ་མི་འགྱུར་བར་བསྟན་པ་ནི། རྣམ་པར་རྟོག་པའི་ དོན་ཐ་དད་པ་ནི་ཞེས་བྱ་བ་སྟེ། རྗེས་སུ་འགྲོ་བ་དང་ལྡོག་པ་དག་གི་བག་ཆགས་གང་ཡིན་པ་དེ་ལས་རྣམ་པར་རྟོག་པ་ཡིན་ལ་དེའི་ཡུལ་ཡང་སྒྲ་ཡིན་ནོ། །གལ་ཏེ་ལྡོག་པ་ཡང་དངོས་པོ་ལས་གཞན་པ་ཡིན་ན་དེ་ལ་དམིགས་པའི་རྣམ་པར་རྟོག་པ་ཡང་ཐ་དད་པ་ཁོ་ནས་དམིགས་པར་འགྱུར་ཞེས་བྱ་བ་ འདི་ལ་ལྡོག་པ་ཡང་ལོག་པ་ལས་ཞེས་བྱ་བ་སྨོས་ཏེ། དེ་ཉིད་ནི་གསེང་གི་དབྱེ་བ་བསྡུས་པ་མ་ཡིན་པ་དང་། མི་ལྡན་པ་ལས་ལྡོག་པ་ནི་བསྡུས་པ་དང་ཅིག་ཤོས་ཀྱང་དེ་ཉིད་ཡིན་པའི་ཕྱིར་མི་ལྡན་པ་ལས་ཐ་དད་པ་ལས་རྣམ་རྟོག་གི་ཡུལ་ཡིན་ནོ། །དེ་བཞིན་དུ་མི་ལྡན་པ་དང་ཅིག་ཤོས་ལ་ཡང་ སྦྱར་བར་བྱའོ་ཞེས་མཇུག་སྡུད་པར་བྱེད་པ་ནི། དེ་ལས་ཀྱང་ཞེས་བྱ་བའོ། །གཟུགས་གཅིག་རོ་གཅིག་ཅེས་བསྡུས་པ་ལས་བཟློག་པ་ནི་རྫས་ཀྱི་ཐུན་མོང་བ་ཉིད་དམིགས་ནས་དེའི་ཡོན་ཏན་གྲངས་སུ་ཉེ་བར་བཏགས་པ་མ་ཡིན་ནམ། དེ་བཞིན་དུ་རྫ་མ་ཆག་པ་རྗེས་སུ་དྲན་པས་བཟུང་བ་ཡིན་ན། མྱ་ངན་ནི་ལས་ཡིན་པས་ཉེ་བར་བཏགས་པ་ཡིན་ནོ། །ངེས་པར་བརྟགས་པས་བཟུང་བའི་བུལ་ནི་རྒས་པ་བྱེད་པ་པོ་ཉིད་ཡིན་ནོ། །དེ་བསྟན་པ་ནི། གལ་ཏེ་འདིར་ནི་བཏགས་འདོད་ན། །ཞེས་བྱ་བའོ། །དེ་ལྟ་ཡིན་ན་བསྡུས་པ་ལས་ལྡོག་པ་ལས་གཅིག་ཉིད་ཡིན་ན་ནི། གཞན་མ་དམིགས་པའི་ཕྱིར་ཡིན་ལ་གཉི་ག་ནི་མ་ཡིན་ནོ། །དེ་ལྟ་ཡིན་ན། བསྡུས་པ་ལས་ལྡོག་པ་ཡིན་པས་གཅིག་པ་ཉིད་དུ་ངེས་པར་འགྱུར་ཏེ། འདི་ནི་དེ་ཙམ་ཡིན་པའི་ཕྱིར་གསུམ་ཉིད་དམ་གཅིག་ཉིད་དག་ཏུ་ཐེ་ཚོམ་ཟ་བར་མི་འགྱུར་རོ། །དེ་ལྟ་མ་ཡིན་ཏེ། བསྡུས་པ་ལྡོག་པ་ཙམ་ གཅིག་ཉིད་ཡིན་ལ་དེའི་ཁྱད་པར་ལྡོག་པ་ནི་མ་ཡིན་ནོ། །གཉིས་པ་མ་ཡིན་ཞེས་བྱ་བ་འདི་ཡང་ཁྱད་པར་ལྡོག་པ་ཡིན་པ་ནི། གསུམ་ཉིད་ལ་སོགས་པའི་བསྡུས་པ་གཞན་དང་ཐུན་མོང་བ་ཡིན་ནོ། །དེའི་ཕྱིར་ཐེ་ཚོམ་ནི་ཡོན་ཏན་ནམ་གཞན་ཡང་རུང་བ་ལྡོག་པར་བྱེད་པ་མ་ཡིན་པར་བསྟན་ པ་ནི། དེ་འདོད་པ་ཞེས་བྱ་བ་སྟེ། ཞིག་པ་དང་མ་སྐྱེས་པ་དག་བཞིན་དུ་ངེས་པར་རྟོག་པ་དང་རྗེས་སུ་དྲན་པ་དག་གིས་བཟུང་བའི་དངོས་པོ་ཐམས་ཅད་ལ་སྒྲ་དང་ཤེས་པ་ནི་ཆོས་ཅན་ཡོད་ཀྱང་བསྡུས་པ་ལྡོག་པ་ལ་སོགས་པ་རྒྱུ་མཚན་ཡིན་ཏེ། གཟུགས་ལ་སོགས་པ་བཞིན་དུ་རྫས་ལ་ཡང་ གཅིག་ཉིད་དུ་འཛིན་པར་བྱེད་ཅེས་བྱ་བའི་དོན་ཏོ། །རྒྱུ་མཚན་གང་གིས་ཞེས་བྱ་བ་ནི་ཞིག་པ་དང་མ་སྐྱེས་པའི་བུམ་པ་དང་བུ་ལ་སོགས་པ་རྣམས་ལ་ངེས་པར་རྟོག་པ་དང་རྗེས་སུ་དྲན་པས་བཟུང་ཐུ་བ་ཉིད་ནི་ཉེ་བར་གདགས་པའི་རྒྱུ་མཚན་ཡིན་ནོ། །ཉེ་བར་བཏགས་པ་སྟེ་དེ་ཉིད་ཡིན་པར་སྒྲོ་གདགས་པ་ ནི། སྒྲ་དང་ཤེས་པའི་རྒྱུ་མཚན་གང་གིས་ཤེས་པ་དེ་ལས་གཞན་སྒྲོ་འདོགས་པ་ནི་མ་ཡིན་ཏེ། དེ་དང་འདྲ་བ་ཉིད་འབའ་ཞིག་ལས་དེ་ཉིད་ལས་སྒྲོ་འདོགས་པ་ཡིན་ལ་དེ་ཤེས་པའི་ངོ་བོ་དང་དེའི་རྗེས་སུ་འབྲང་བར་བྱེད་པ་ཡང་དེའི་སྒྲ་ཡིན་ནོ། །དེ་བཞིན་དུ་གཟུགས་ལ་སོགས་པ་རྣམས་ལ་ཡང་བསྡུས་ པ་ལས་བཟློག་པའི་རྒྱུ་མཚན་ལས་གཅིག་ཉིད་དུ་སྒྲོ་འདོགས་པ་དང་དེའི་སྒྲ་ཡིན་ནོ། །དེ་ཉིད་དུ་སྒྲོ་འདོགས་པ་དང་དེའི་ཤེས་པ་དག་ལ་ཐ་དད་པ་མེད་ཀྱང་ཐ་དད་པར་བརྗོད་པར་སྦྱར་བར་བྱའོ། །དེ་ཉིད་ཅེས་བྱ་བ་ནི་དེ་རྒྱུ་མཚན་ཉིད་དུ་ཉེ་བར་བཏགས་པ་དེ་དག་གི་རྒྱུ་ཡིན་ཞེས་བཤད་པ་ནི། གལ་ཏེ་ ཞིག་པ་དང་མ་སྐྱེས་པ་དག་ལ་ཞེས་བྱ་བའོ། །གཞན་དག་ནི་གང་གི་སྒྲར་བསྟན་པའི་རྒྱུ་མཚན་ཁོ་ན་དེ་ཉིད་ཡིན་ཞེས་མཆོག་ཏུ་འཛིན་པར་བྱེད་དེ་རྒྱུ་ནི་རྟགས་སུ་བཟུང་ནས་དེ་རྗེས་སུ་དཔག་པའི་ཡུལ་ཡིན་ནོ་ཞེས་བྱ་བ་བཞིན་དུ་ཕོ་རྟགས་ཉིད་ཡིན་ལ་རྒྱུ་ནི་རྒྱུ་མཚན་ཁོ་ན་ཡིན་ནོ། །ཞིག་པ་ལ་སོགས་ པ་རྣམས་ལ་དེའི་སྒྲ་དང་ཤེས་པ་དག་ཏུ་ཉེ་བར་བཏགས་པ་ཡིན་ལ་གང་ཞིག་དེ་ལ་དེའི་རྒྱུ་མཚན་ཡིན་པ་དེ་ཁོ་ན་ཐམས་ཅད་ལ་འགྱུར་ལ་མ་མཐོང་བའི་རྒྱུ་མཚན་གཞན་བཏགས་པས་ཅི་ཞིག་བྱ་ཞེས་བྱ་བའི་དོན་ཡིན་པར་འཆད་དོ། །བཏགས་པ་ནི་དེའི་ཤེས་པ་དག་ལ་ཐ་དད་པ་མེད་ཀྱང་རྒྱུ་དང་དེ་དང་ལྡན་ པ་ཉིད་དུ་བརྗོད་པ་ཡིན་ནོ་བྱ་བ་དང་དེ་དང་ལྡན་པ་དག་གི་ཐ་དད་པར་ཡོངས་སུ་བཏགས་པས་ཡིན་པར་བསྟན་པ་ནི། ཐོག་མ་མེད་པའི་རྟོག་པ་སྟེ་ཐོག་མ་མེད་པའི་བག་ཆགས་གང་ཡིན་པ་དེ་ལ་སྒྲོ་བཏགས་པ་ནི་བྱེད་པ་ཡིན་ནོ། །གཞན་ལས་མཐོང་བ་རྒྱུ་མཚན་གང་གིས་ཀྱང་གཞན་དུ་ཤེས་བཞིན་ པའི་སྒྲོ་འདོགས་པ་ནི་ཉེ་བར་གཏགས་པ་ཡིན་པར་ཐ་སྙད་འདོགས་པ་ཡིན་ནོ། གལ་ཏེ་དེ་འདི་ལ་བཞིན་དུ་གཞན་ལ་ཡང་མི་འགྱུར་ན་དེའི་ཤེས་པ་ཉིད་དུ་ཡང་མི་འགྱུར་བར་བསྟན་པ་ནི། གལ་ཏེ་ཀུན་ལ་ཉེར་བཏགས་མིན། །ཞེས་བྱ་བ་སྟེ། ཀུན་ལ་ནི་གཙོ་བོ་དང་ཕལ་པ་ལ་ཡང་ངོ་། །རྒྱུ་ མཚན་གང་ལས་ཕལ་བར་མངོན་པར་འདོད་པ་དེའི་ཤེས་པ་དེ་ཁོ་ན་ལས་གཙོ་བོར་མངོན་པར་འདོད་པ་ལ་ཡང་དེར་འགྱུར་ཏེ། རྒྱུ་མཚན་གཞན་ལ་མཐོང་བའི་ཕྱིར་རོ། །མཐོང་ན་ཡང་རྨོ་བར་འདོད་པའི་མི་ལ་བ་ལང་ཞེས་བྱ་བ་ལ་སོགས་པ་ཁོ་ན་ཕལ་པ་དང་ཅིག་ཤོས་ཡིན་པར་བསྟན་པ་ནི། ཐ་དད་པར་ ནི་བ་ལང་གི་ལྐོག་ཤལ་ལ་ཡིན་ལ་རྨོ་བྱེད་ཀྱི་མི་ལ་སོགས་པ་ནི་གཙོ་བོའི་ཐ་དད་ཁྱད་པར་ཡིན་ནོ། །གལ་ཏེ་ག་ལས་ནི་མ་ཡིན་པ་སྟེ། གཙོ་བོ་ཐམས་ཅད་ཐ་དད་པའི་ཁྱད་པར་མ་ཡིན་ཏེ། ཁ་ཅིག་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཐ་དད་པའི་ཁྱད་པར་ཉིད་མེད་ན་གཙོ་བོ་དང་ཅིག་ཤོས་ཀྱི་དབྱེ་བ་ཇི་ལྟར་ ཡིན་ཇི་ལྟར་ཡང་མ་ཡིན་ཏེ། གང་གི་ཕྱིར་ཐ་མི་དད་པའི་རྒྱུ་མཚན་ལས་ཐ་སྙད་དག་ལ་དེ་ལྟར་དབྱེ་བར་བྱེད་པ་ནི་མ་ཡིན་ནོ། །བསྡུས་པ་ལས་རྟོག་པ་ཙམ་ལ་ཐ་སྙད་འདོགས་པ་ནི་གཟུགས་ལ་སོགས་པའམ་དེ་དང་ལྡན་པ་ལ་ཡང་མཚུངས་པ་མ་ཡིན་ནམ་ཞེ་ན། དེའི་སྒྲ་དག་ལ་བུམ་པ་དང་རྩིག་པའི་སྒྲ་ དག་བཞིན་དུ་ཐ་མི་དད་པའི་དོན་ཉིད་ཀྱི་ཡོན་ཏན་དང་ཡོན་ཏན་ཅན་གྱི་སྒྲ་ཉིད་དུ་མི་འགྱུར་རོ་ཞེས་བསྟན་པ་ནི། ཐ་དད་པ་མེད་པ་ཞེས་བྱ་བས་སོ། །ཁྱེད་ཀྱིས་གཅིག་པ་ཉིད་ཀྱི་གྲངས་རྗོད་པར་བྱེད་པའི་གཅིག་གི་སྒྲའི་རྫས་ལ་དེ་མེད་ཀྱང་གཟུགས་ལ་སོགས་པ་ལ་ཡིན་ཡང་ གཟུགས་ལ་སོགས་པའི་སྒྲའི་རྣམ་གྲངས་ནི་མ་ཡིན་ཏེ། རྒྱུ་མཚན་གང་ལས་ཀྱང་ཇི་ལྟ་བ་བཞིན་དུ་ཁོའི་ཡང་གཟུགས་པོ་དང་བུམ་པ་ལ་སོགས་པའི་སྒྲ་རྣམས་མཚུངས་པའི་དོན་ལ་མ་ཡིན་ཏེ། རྒྱུ་མཚན་ཐ་དད་པའི་ཕྱིར་ཞེས་བསྟན་པ་ནི། དོན་གཞན་རྒྱུ་མཚན་ཅན་མིན་ཡང་། །ཞེས་བྱ་ བའོ། །གཟུགས་ལ་སོགས་པ་ལ་ཡང་རྫས་བཞིན་དུ་གྲངས་གཅིག་པ་ཉིད་ནི་ཁྱེད་ཀྱི་ཡང་ཡོན་ཏན་དང་ལྡན་པ་ཉིད་ཀྱི་རྫས་ལས་ཐ་མི་དད་པའི་དོན་ཉིད་དུ་ཐལ་བར་འགྱུར་བར་བསྟན་པ་ནི། གལ་ཏེ་དེར་ཡང་དོན་གཞན་ན། །ཞེས་བྱ་བའོ། །གཟུགས་ལ་སོགས་པ་དང་བུམ་པ་ལ་སོགས་པའི་སྒྲ་ དག་གི་རྒྱུ་མཚན་གང་ཡིན་གང་གིས་ཐ་དད་མ་ཡིན་པའི་རྒྱུ་མཚན་དུ་བསྟན་པ་ནི། ལྡོག་པའི་དབྱེ་བས་ཐ་དད་པ་ཡིན་ཏེ་ཞེས་བྱ་བ་སྟེ། གཟུགས་ལ་སོགས་པའི་སྒྲ་ནི་ཁྱད་པར་གྱི་ནུས་པའི་ཡུལ་ཡིན་ལ་བུམ་པའི་སྒྲ་ནི་སྤྱིའི་ནུས་པའི་ཡུལ་ལ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་མ་ཡིན་པ་ལས་ལྡོག་པ་ ཁོ་ནའི་ངོ་བོ་ནི་ནུས་པ་ཡིན་ཏེ་ལས་མ་ཡིན་པ་ལ་སོགས་པ་བཞིན་དུ་གཞན་མ་ཡིན་པར་བསྟན་པ་ནི། ལས་རྫས་མིན་པ་ཞེས་བྱ་བ་སྟེ། གཙོ་བའི་རྒྱུ་མཚན་ཞེས་བྱ་བ་ནི་དེར་སྒྲོ་འདོགས་པའི་ངོ་བོ་ཡིན་པའི་ཕྱིར་ཏེ། དེ་མེད་ན་གང་ལ་སྒྲོ་འདོགས་པ་ཡིན་དེས་ན་ཉེ་བར་བཏགས་པ་མ་ཡིན་ཞེས་བྱ་བའི་དོན་ ཏོ། །མཐོང་བ་མེད་ན་ཇི་ལྟར་སྒྲོ་འདོགས་པར་བྱེད་པ་ཡིན་ཞེས་བྱ་བར་ནི་མི་རིགས་ཏེ། མཐོང་བ་མེད་ཀྱང་དབང་ཕྱུག་རྟག་པ་ལ་སོགས་པ་བཞིན་དུ་རྟོག་པ་ཙམ་གྱིས་དམིགས་པ་ལ་སྒྲོ་འདོགས་པ་སྲིད་པའི་ཕྱིར་རོ་ཞེས་བསྟན་པ་ནི། རྟོག་པས་བྱས་པའི་ཁྱད་པར་ཐ་དད་པ་ཞེས་བྱ་བ་སྟེ། ཐ་དད་པའི་ ཁྱད་པར་ཉིད་གཙོ་བོ་ཡིན་ནོ་ཞེས་རིམ་པ་གཞན་དུ་ངེས་པར་བཟུང་བའི་དོན་དུ་བརྗོད་ནས་གནས་ཇི་ལྟ་བཞིན་བསྟན་པ་ནི། གཞན་ཡང་གལ་ཏེ་ཞེས་བྱ་བའོ། །ཐ་དད་པའི་ཁྱད་པར་གཙོ་བོ་ཡིན་ནོ་ཞེས་བྱ་བ་ཉིད་ཅི་ལས་གཅིག་ཏུ་ངེས་པ་ཁོ་ན་ཡིན་ཏེ་མ་ཡིན་པ་ཉིད་དོ། །འོན་ཀྱང་ཐ་མི་དད་པའི་ཁྱད་པར་ གཙོ་བོ་མ་ཡིན་ཞེས་བྱ་བ་འདི་ཡང་མཐའ་ཡོད་པའི་ཕྱིར་སྔ་མ་སྔ་མར་ཉེ་བར་བཏགས་པ་ཞེས་ཕྱི་མ་ཕྱི་མ་ལས་གཙོ་བོ་ཡིན་ཞེས་བྱ་བའི་དོན་ཏོ། །ཡོན་ཏན་ལ་སོགས་པ་ལའམ་ཞེས་བྱ་བ་འདིས་མེད་པའི་ཁྱད་པར་དང་ལྡན་པ་ཞིག་པ་ལའམ་སྐྱེས་ལ་ཞེས་བྱ་བས་མེད་པའི་ཁྱད་པར་ཅན་བརྗོད་པ་ ཡིན་པར་བསྟན་པ་ནི། ཞིག་པ་དང་མ་སྐྱེས་པ་ལ་ནི་ཞེས་བྱ་བའོ། །གལ་ཏེ་མེད་པའི་ཁྱད་པར་ལ་ཡང་གཙོ་བོ་ཡིན་ཡང་ཁྱད་པར་དང་ཁྱད་པར་ཅན་གྱི་སྒྲ་དག་རྣམ་གྲངས་ཉིད་དུ་འགྱུར་ཏེ། ཁྱད་པར་ཅན་ཙམ་ཡོད་པའི་ཕྱིར་ཞེས་བྱ་བའི་དོན་དང་ཐ་དད་པ་མེད་པ་ཐ་དད་དོན་ཞེས་བྱ་བ་འདི་འཆད་པར་ བསྟན་པ་ནི་གལ་ཏེ་ཁྱད་པར་ཞེས་བྱ་བའོ། །གལ་ཏེ་སྒྲ་དག་གི་འཇུག་པའི་རྒྱུ་མཚན་ཐ་དད་པ་ཡིན་ན་འདི་དག་ལ་གནས་པ་དག་ལ་བ་ལང་དང་རྟ་ཞེས་བྱ་བ་བཞིན་དུ་གཞི་མཐུན་པར་མི་འགྱུར་ཞེས་ཟེར་བ་ནི་ཐ་དད་པར་འགྱུར་བའི་ཕྱིར་ཐ་སྙད་པ་ཡིན་ལ་འཇུག་པའི་རྒྱུ་མཚན་ཐ་དད་པ་སྒྲ་གང་གི་ཡིན་པ་དེ་དེ་ལྟར་ འགྱུར་རོ། །དེའི་ངོ་བོ་ནི་དེ་ཙམ་མོ། །སྣང་བ་ནི་སྣང་བར་བྱེད་པ་ཉིད་ཡིན་པའོ། །གཞི་མཐུན་པ་ཉིད་ནི་སྒྲ་ལས་བྱུང་བ་ཡིན་ཡང་དོན་ལ་བྱུང་བར་འགྱུར་བ་མ་ཡིན་ནོ། །སྔོན་པོའི་སྒྲ་ནི་ཡོན་ཏན་ཙམ་ལ་འཇུག་པ་ཡིན་གྱི་ཡོན་ཏན་ཅན་ལ་འཇུག་པ་ནི་མ་ཡིན་གྱི། ཨུཏྤ་ལའི་སྒྲ་ཡང་རིག་པ་ཙམ་ལ་འཇུག་པ་ཡིན་གྱི་དེ་དང་ལྡན་པ་ལ་ནི་མ་ཡིན་ནོ་ ཞེ་ན། འོན་ཏེ་ཡོན་ཏན་གྱིས་མཚོན་པའི་ཡོན་ཏན་ལ་འཇུག་པ་ཡིན་ན་ནི། དེ་ལྟ་ན་ཡོན་ཏན་ཅན་ཏེ་སྤྱི་ཉིད་དུ་མཚོན་པ་མ་ཡིན་ཏེ། གཞི་མཐུན་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཁྱད་པར་ལས་ཡིན་ནོ་ཞེ་ན། དེའི་ཕྱིར་བརྗོད་པ་གཅིག་ཉིད་དང་ནི་ཞེས་བྱ་བ་སྟེ། འབྲེལ་པ་ན་ཞེས་བྱ་བ་ནི་རྒྱུ་མཚན་གྱི་ བདུན་པ་སྟེ་རྒྱུ་མཚན་དང་བྱེད་པ་དང་རྒྱུ་རྣམས་ལ་ཐམས་ཅད་ལ་མང་པོར་མཐོང་བ་ཡིན་ཞེས་བྱ་བའི་ཚིག་ལས་སོ། །འདུ་བའི་འབྲེལ་པ་ནི་དེ་ལྟར་མཚོན་པའི་རྒྱུ་མཚན་ཡིན་པའི་ཕྱིར་གཅིག་ཉིད་ཀྱིས་ཐམས་ཅད་མཚོན་པ་ནི་དོན་གྱི་སྒོ་ཁོ་ན་ལས་ཡིན་ནོ། །དེའི་ཕྱིར་དཔྱོད་པ་ཁོ་ནས་དེ་ཡང་དཔྱད་པ་ཡིན་པར་བསྟན་པ་ ནི། དོན་རྣམས་གཞི་མཐུན་པ་ཉིད་ཀྱང་ཞེས་བྱ་བའོ། །ཡོན་ཏན་ནི་ཡོན་ཏན་ཅན་གྱི་ཁྱད་པར་མཚོན་པར་བྱེད་པ་ཡང་རང་ཡོངས་སུ་གཅོད་པས་མཚོན་པར་བྱེད་པ་ཡིན་གྱི་གཞན་མཚོན་པར་བྱེད་པ་ནི་མ་ཡིན་ཏེ། དེའི་ཕྱིར་གཉིས་པའི་སྦྱོར་བ་ཡིན་ནོ་སྙམ་དུ་སེམས་པ་ནི་འབྲེལ་པ་ཡོད་པ་ཡིན་ན་ཡང་ཞེས་བྱ་བ་སྟེ། གང་ལས་ཞེས་བྱ་བ་འདིའི་ལན་ནི། འདུ་བའི་སྟོབས་ཀྱིས་ནི་ཞེས་བྱ་བ་སྟེ། གཞན་མི་སྲིད་པའི་ཕྱིར་རོ། །ཇི་ལྟར་ཞེས་བྱ་བ་འདི་ལ་ནི་ཐ་མི་དད་པར་ཞེས་བྱ་བའོ། །འདུ་བ་ལ་ནི་ཕྲད་པ་བཞིན་དུ་དོན་དམིགས་པ་མ་ཡིན་ཏེ། །སོ་སོ་བར་གྲུབ་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་ ཡོན་ཏན་དང་ཡོན་ཏན་ཅན་ཡང་ཐ་མི་དད་པར་དམིགས་པ་ཡིན་ན་དེ་དག་ལ་འདུས་པ་དག་གི་ཡོན་ཏན་དང་རིགས་དག་ལ་དེ་ལྟར་དམིགས་པ་ཡིན་པའི་ཕྱིར་གཅིག་གི་སྒྲ་དོན་མེད་པ་ཁོ་ན་ཡིན་པར་བསྟན་པ་ནི། གཅིག་ཉིད་ལས་ནི་ཞེས་བྱ་བའོ། །འོན་ཏེ་སྔོན་པོ་དང་ཨུཏྤ་ལའི་སྒྲ་དག་ལ་ཕན་ཚུན་ཡོངས་སུ་ གཅོད་པའི་ཆོས་ཅན་ལ་ཁྱབ་པ་ནི་མ་ཡིན་ཏེ། རང་གི་བརྗོད་བྱ་ཡོངས་སུ་གཅོད་པ་ཙམ་ལ་མཐར་ཐུག་པ་ཡིན་ནོ་སྙམ་དུ་སེམས་པ་ནི། འོན་ཏེ་སྔོ་སོགས་ཞེས་བྱ་བའོ། །ཨུཏྤ་ལ་ཉིད་འདུ་བ་ཅན་གྱི་ཆོས་ཅན་སྔོན་པོའི་སྒྲ་ལས་རྟོགས་པ་ཡིན་ན། ཇི་ལྟར་དབྱེ་བ་འདི་ཡིན་ཞེས་ཟེར་བ་ལ་འདུ་བ་ཅན་ ཏེ། ཆོས་ཅན་ནི་ཨུཏྤ་ལ་ཉིད་ཀྱིས་སོ། །རྟོགས་པ་ནི་སྔོན་པོའི་སྒྲ་ལས་སོ། །དེའི་མངོན་སུམ་གྱིས་སྔོན་པོའི་ཆོས་རྟོགས་པ་ན་དེའི་འདུ་བ་ཅན་ཨུཏྤ་ལ་ཉིད་ཀྱང་རྟོགས་བྱ་ཉིད་དུ་མཐོང་བར་བསྟན་པ་ནི། ཇི་ལྟར་སྔོན་པོ་མངོན་སུམ་གྱིས་ཞེས་བྱ་བའོ། །ཁྱད་པར་གྱི་མཐར་ཐུག་པ་ཡིན་ན་ཡང་སྒྲ་ ངག་གི་གཞི་མཐུན་པ་ཉིད་དུ་མི་འགྱུར་བ་ཡིན་ནོ་ཞེས་བྱ་བ་ནི། སྒྲས་ནི་ངེས་པ་ཉིད་ཀྱི་དོན། །ཞེས་བྱ་བའོ། །བླངས་པའི་སྔོན་པོ་ཉིད་ཆོས་ཅན་ལས་གཞན་ཡོད་པ་མ་ཡིན་ཏེ། མངོན་སུམ་གྱིས་མ་དམིགས་པའི་ཕྱིར་རོ་ཞེས་བསྟན་པ་ནི། ཨིནྡྲ་ནཱི་ལ་ཨུཏྤ་ལ་སོགས་ཞེས་བྱ་བའོ། །དེའི་ཕྱིར་ཆ་ ཙམ་གསལ་བ་མ་ཡིན་ནོ་ཞེས་བྱ་བ་གསལ་བ་ཡིན་ཏེ་མེ་བཞིན་པའི་ཆ་ཉིད་ལེན་པ་ཡིན་ན་སྒྲ་དོན་དང་རེག་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྔོན་པོའི་སྒྲ་ལས་ཨུཏྤ་ལར་ཡང་ཉེ་བར་འཇོག་པར་བྱེད་པ་ན་ཨུཏྤ་ལའི་སྒྲ་བཞིན་ཡོད་ན་ཨུཏྤ་ལ་མ་ཡིན་པ་ལས་ལྡོག་པ་མ་ཡིན་ནམ། དེ་བཞིན་དུ་ཨུཏྤ་ལའི་ སྒྲ་ལ་ཡང་སྔོན་པོའི་སྒྲ་ཡོད་ན། སྔོན་པོ་མ་ཡིན་པ་ལས་ལྡོག་པ་ཡིན་པའི་ཕྱིར་གཉི་གའི་ནུས་པ་ཡིན་ནོ་སྙམ་དུ་སེམས་པ་ལ། གལ་ཏེ་སྔོ་ཉིད་ཅེས་བྱ་བ་སྟེ། གལ་ཏེ་སྔོན་པོའི་སྒྲ་ཨུཏྤ་ལ་ཙམ་གྱིས་ནུས་པ་ཅན་བཞིན་ནོ། །སྔོན་པོའི་སྒྲ་དོན་མེད་པར་འགྱུར་ལ། འོན་ཏེ་དེ་དང་དེ་མ་ཡིན་པ་ལ་ནུས་པ་ཅན་ ཡིན་ན་ཇི་ལྟར་ཨུཏྤ་ལའི་སྒྲ་ཉེ་བ་ན་ལྡོག་པར་འགྱུར། འོན་ཏེ་དེ་ཉེ་བ་དང་མ་འབྲེལ་བ་ཡང་སྐྱེས་བུས་དེ་ལྟར་རྣམ་པར་གཞག་པར་བྱ་བ་ཡིན་ནོ། །དེ་ལྟ་ཡིན་ན་སྐྱེས་བུའི་བློ་ལས་བྱུང་བའི་ཁྱད་པར་ལ་སོགས་པ་ཉིད་ཡིན་གྱི་སྒྲ་ལས་བྱུང་བ་ནི་མ་ཡིན་ནོ། །འོན་ཏེ་སྒྲ་ཡང་བློ་དེའི་རྗེས་སུ་འཇུག་པ་ ཡིན་ན་དེ་ལྟ་ཡིན་ན་བློ་སྒྲུབ་པ་ནི་འདི་བརྗོད་བྱ་ཡིན་པའི་ཕྱིར་ཕྱི་རོལ་གྱི་དོན་ཉིད་ནི་མ་ཡིན་ནོ། །འོན་ཏེ་ཁྱད་པར་ལ་ཡང་སྒྲ་ཉིད་ནུས་པ་ཅན་ཡིན་ན་ཐམས་ཅད་ལ་དེ་བཞིན་དུ་འགྱུར་རོ། །འོན་ཏེ་གཞན་ལ་ཡང་ནུས་ན་འདི་ལ་ཡང་དེ་བཞིན་དུ་འགྱུར་ཏེ། ནུས་པ་དེ་དང་མ་བྲལ་བའི་ཕྱིར་རོ། །གནས་སྐབས་ ལ་སོགས་པ་ཡང་འདིས་བཤད་པ་ཡིན་ནོ། །གང་གི་ཕྱིར་སྐྱེས་བུ་ནི་གནས་སྐབས་པས་དེ་ལ་མེད་པའི་ཁྱད་པར་ཡང་རྟོགས་པ་ཡང་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་གི་ལ་ཡང་སྔོན་པོ་མ་ཡིན་པ་ལོག་པས་སྔོན་པོའི་སྒྲས་རྟོགས་པར་བྱ་བ་དེ་ཉིད་ཨུཏྤ་ལའི་སྒྲ་ཡང་ཨུཏྤ་ལ་མ་ཡིན་པ་ལས་སོ་ལྡོག་ པ་ཕན་ཚུན་ཁྱད་པར་མེད་པས་གཞི་མཐུན་པ་མེད་པ་ཡིན་ཏེ། ཁྱད་པར་དང་ཅིག་ཤོས་ཡོད་པ་དང་མེད་པར་ཐལ་བར་འགྱུར་རོ་སྙམ་དུ་སེམས་པ་ལ་དེའི་ཕྱིར་རང་གི་བག་ཆགས་ཀྱི་དབང་གིས་སྐྱེས་པའི་བློ་ཉིད་ཅེས་བྱ་བ་སྟེ། བག་ཆགས་ལས་བྱུང་བའི་རྟོག་པ་སྔོན་པོ་ཉིད་དང་ཅིག་ཤོས་ཐ་དད་པར་བྱེད་ཅིང་ སླར་ཡང་ཐ་མི་དད་པར་བྱེད་པ་དེའི་ཕྱིར་གཞི་མཐུན་པ་ཉིད་དམ་ཅིག་ཤོས་སུ་འགྱུར་གྱི་དངོས་པོ་ཐ་མི་དད་པ་ལས་ནི་མ་ཡིན་ནོ། །རྫས་ལྷུང་ན་དེའི་གཟུགས་ལ་སོགས་པ་ལྷུང་བ་ཡིན་གྱི་གཞན་མ་ལྟུང་བར་མཐོང་བ་ལ་གཞན་དུ་རྫས་དང་ལྡན་པར་སྣང་བ་ནི་མ་ཡིན་ལ་གཞན་ལྕི་བ་ཉིད་ནི་གཞན་གྱི་ལྟུང་བའི་རྒྱུ་ མཚན་མ་ཡིན་ཏེ། ཐལ་ཆེས་པའི་ཕྱིར་རོ། །དེའི་ཕྱིར་ལྕི་བ་ཉིད་ཀྱི་ཕྱིར་ལྟུང་བ་ཡིན་པས་གཟུགས་ལ་སོགས་པ་བྱེད་པ་དང་ལྡན་པར་བསྟན་པ་ནི། ལྕི་བ་ཉིད་ཡོད་པས་ན་ཞེས་བྱ་བའོ། །གལ་ཏེ་ལྕི་བ་ཉིད་བཞིན་དུ་གཟུགས་ལ་སོགས་པ་ལྟུང་བ་ལས་ལྕི་བ་ཉིད་ཀྱི་ཀྱང་དེ་ལྟར་འགྱུར་ན་དེ་ལྟར་ན་ ཐུག་པ་མེད་པ་ཡིན་ནོ། །རང་གི་ངོ་བོ་ནི་དེ་ལྟར་ལྟུང་བ་ཞེས་མ་ཡིན་ལ་དེའི་བར་གྱིས་གཞན་དེ་ལྟ་བུར་གྱུར་པ་མ་ཡིན་ཡང་ལྟུང་བར་བྱེད་པ་ནི་མ་ཡིན་ནོ། །དེ་ལ་རང་ཉིད་དེ་ལྟར་གྱུར་པ་ཡང་མ་ཡིན་པའི་ཕྱིར་ཆེར་དཔྱོད་པ་ཡིན་ནོ། །ཡོན་ཏན་ལྟུང་བ་ཡིན་ཞེས་འདིས་མཐོང་བ་ཡིན་པར་བསྟན་པ་ནི་ བཏུང་བ་ལ་སོགས་པ་ཞེས་བྱ་བའོ། །གལ་ཏེ་བག་ཆགས་ལས་བྱུང་བའི་རྟོག་པ་ནི། ཐ་དད་པ་དང་ཐ་མི་དད་པར་ཡང་བྱེད་ན། ཇི་ལྟར་དངོས་པོའི་ངོ་བོ་གཞན་དུ་འགྱུར་དེའི་དབང་དུ་བྱས་པ་ཡིན་ན། དེ་ཉིད་རྣམ་གྲངས་ཉིད་ཡིན་ནོ་སྙམ་དུ་སེམས་པ་ལ། དངོས་པོ་ཐ་ མི་དད་ཀྱང་ལྡོག་པའི་བྱ་བའི་དབང་གིས་རྟོག་པ་བག་ཆགས་བྱུང་བ་ཡིན་པར་བསྟན་པ་ནི། དེའི་ཕྱིར་ལྡོག་པའི་ཁྱད་པར་གྱིས་ཞེས་བྱ་བ་སྟེ། ཐ་དད་པ་ཞེས་བྱ་བ་སྟེ། ཕོ་རྟགས་ཡིན་ཏེ། སྒྲ་དང་ཤེས་པའི་བསམས་པས་ཡིན་པར་བསྟན་པ་ནི། སྒྲ་དང་རྟོགས་པ་ཐ་དད་པ་ཡིན་ཏེ་ཞེས་བྱ་བའོ། ། གལ་ཏེ་ལྡོག་པའི་ཡུལ་ལ་རྟོག་པ་ཡིན་ན་བ་ལང་གི་བ་ལང་ཉིད་ཅེས་བྱ་བ་བཞིན་དུ། བ་ཡང་ཐུ་ཡུ་ཞེས་བྱ་བར་ཡང་འགྱུར་གྱི་གཞི་མཐུན་པར་ནི་མི་འགྱུར་རོ་སྙམ་དུ་སེམས་པ་ནི། འོ་ན་ཅི་ལྟར་ཞེས་བྱ་བའོ། །དེ་ལ་རེ་ཞིག་བ་ལང་གི་བ་ལང་ཉིད་ཅེས་བྱ་བ་ལ་སོགས་པ་དངོས་པོ་བརྗོད་པ་ཉིད་ཀྱི་ རྟ་དང་རྟ་ལ་སོགས་པ་རྣམས་ཀྱིས་ཐ་དད་བཞིན་དུ་སྟེ། ཡན་འགར་བཞིན་དུ་མཚོན་པ་ཡིན་ནོ། །གང་དེ་ལ་ཆོས་གཞན་རྣམས་ཀྱིས་ཏེ་དཀར་པོ་ཉིད་ལ་སོགས་པ་རྣམས་ཀྱིའོ། །ཁྱད་པར་བྱེད་པ་ནི་རྣམ་པར་གཅོད་པར་བྱེད་པ་ཉིད་དོ། །དེའི་ཕྱིར་དེ་ལས་གཞི་མཐུན་པ་མ་ཡིན་ནོ། །འདི་ལྟ་བུའི་ སྦྱོར་བ་འདི་ནི་ཐ་སྙད་པའི་མ་ཡིན་པ་མ་ཡིན་ནམ་དོན་བྱེད་པར་མི་སྟོན་པའི་ཕྱིར་རོ། །དེ་རྣམས་དོན་མེད་པ་ཅན་ལ་ཐ་སྙད་དུ་བྱེད་པ་ནི་མ་ཡིན་ཏེ་ཐ་སྙད་དུ་བྱེད་པའི་ཕྱིར་རོ། །རྟོག་པ་དང་ལྡན་པའི་ཕྱིར་རོ་ཞེས་བསྟན་པ་ནི། ཐོས་པ་དེ་ཙམ་ཞེས་བྱ་བ་སྟེ། ཐ་སྙད་འདི་ཡང་དོན་གྱི་མཐར་ཐུག་པ་ཁོ་ན་ཡིན་ གྱི། ཇི་ལྟར་ཐུ་ཡུ་ལ་འཇུག་པའི་བ་ལང་གི་བརྡ་ནི་ཁྲ་མོ་ལ་བ་ལང་ཉིད་ཀྱི་ཐ་སྙད་མི་བྱེད་ཀྱང་། བ་ལང་གི་སྒྲའི་ཡུལ་ཡོད་པ་ཡིན་ལ་དེ་འདི་ལ་ཡང་དེས་ཐ་སྙད་ལ་འདིའི་གོ་སྐབས་ཡོད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འཕངས་པ་མེད་པ་ནི་ཁོངས་སུ་གཏོགས་པ་མ་ཡིན་པ་སྟེ། གཞན་ཀུན་ནི་ཆོས་ གཞན་ཏེ་དཀར་པོ་ལ་སོགས་པ་གང་གིས་དེ་དེ་ལྟར་ཡིན་པའོ། །མངོན་སུམ་གྱིས་བཟུང་བའི་དངོས་པོར་ཐ་མི་དད་པ་ཡིན་ཡང་རྟོག་པས་བསླང་བའི་བསམ་པ་ཁོ་ནས་ཐ་དད་པ་ཡིན་ཏེ། འདི་ལ་དཔེ་ནི། སོར་མོའི་ལྡན་པ་ཞེས་བྱ་བའོ། །གཞི་མཐུན་པའི་ཡུལ་ཉེ་བར་བསྟན་པ་ནི། སོར་མོ་ལྡན་གྱུར་ ཞེས་བྱ་བ་སྟེ། མི་ལྡན་པ་ལས་ལོག་པ་ཙམ་ཡུལ་ཉིད་ཡིན་པའི་ཕྱིར་རོ། །དེ་དང་མཐུན་པ་ཡང་ཆོས་གཞན་དང་མ་བྲལ་བ་ཡིན་པར་བརྗོད་པའི་ཕྱིར་དེ་ལས་གཞན་པ་རྗོད་པར་བྱེད་པ་དེ་ལྟ་བུ་རྣམས་ཀྱིས་གཞི་མཐུན་པ་འཐོབ་པ་ཡིན་ལ་ཆོས་ཅན་བརྗོད་པར་གྲགས་པ་ཡིན་ནོ། །དེས་ཐམས་ ཅད་ཁོངས་སུ་གཏོགས་པར་བརྗོད་ན་ཆོས་གཞན་དང་བརྗོད་པ་རྣམས་ཀྱིས་རྣམ་གྲངས་སུ་འགྱུར་བ་མ་ཡིན་ནམ་ཞེས་ཟེར་བ་ལ་དོན་གཅིག་བརྗོད་ཀྱང་ཞེས་བྱ་བ་སྨོས་ཏེ། ཐ་དད་པ་དང་ཐ་མི་དད་པ་དག་ལ། བརྗོད་བྱ་གཅིག་ཁོ་ན་ཡིན་ལ་བྲལ་བ་དང་མ་བྲལ་བ་དག་ཁོ་ན་ཡིན་ནོ། །གལ་ཏེ་འདི་ ཁོ་ན་ཅི་ལས་ཤེ་ན། དེ་ལྟར་ཏེ་རྣམ་པ་དེ་ཉིད་ཀྱིས་བྱས་པ་ནི་རྒན་པོ་རྣམས་ཀྱིས་སོ། །བརྡ་ནི་རྣམ་པར་གཞག་པ་སྟེ། གང་གི་ཡིན་པ་དེ་དེ་བཞིན་ཏེ་གང་གི་ཕྱིར་ཡིན་པ་དེའི་ཕྱིར་འདི་ཁྱད་པར་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འགྲེལ་པ་མཛད་པ་ནི་ལྡོག་པའི་ཡུལ་ལ་ཆོས་དང་ཆོས་ཅན་བརྗོད་པའི་སྒྲ་དག་གི་ཐ་ དད་པ་དང་ཐ་མི་དད་པ་ཡང་རྟོག་པས་སྤྲུལ་པ་ཡིན་པར་བསྟན་ནས་ལྡོག་པའི་ཐ་དད་མེད་ཀྱང་རྟོག་པས་བྱས་པའི་ཐ་དད་པའི་འཇིག་རྟེན་གྱི་བརྡ་ལ་བརྟེན་ནས་གོ་བར་བྱའོ་ཞེས་བྱ་བའི་དོན་དོན་གཅིག་བརྗོད་པའི་ཞེས་བྱ་བས་བཤད་པ་ཡིན་ནོ། །དེ་བཞིན་དུ་བ་ལང་གི་ཞེས་བྱ་བ་ལ་སོགས་ པས་ཐ་དད་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ལྡོག་པའི་ཐ་དད་ཡོད་པ་ཅན་གྱི་ཡུལ་ཞེས་བྱ་བ་ནི་རྣམ་པར་དབྱེ་བའོ། །དེ་བཞིན་དུ་ཞེས་བྱ་བས་ཀྱང་བརྟགས་པའི་ཐ་དད་པས་ཞེས་འཛིན་པ་ཡིན་ནོ། །རིལ་ཞེས་བྱ་བ་ནི་ཆོས་བསྡུས་པ་དང་ཆོས་གཞན་ཡང་བརྗོད་པ་ཡིན་ནོ། །འཛིན་པ་གཞན་ ཞེས་བྱ་བས་ནི་ཇི་ལྟ་བའི་རྣམ་གྲངས་གསལ་བ་ཡིན་ནོ། །ཐ་དད་པ་ནི་ཞེས་བྱ་བས་ནི་དངོས་སུ་བའི་ཐ་དད་གསལ་བ་ཡིན་ནོ། །གང་གི་ཚེ་བ་ལང་གི་རྣམ་པ་ཞེས་བྱ་བ་ལ་སོགས་པས་ནི་ཐ་དད་པར་མངོན་པར་བརྗོད་པ་ནི་མ་ཡིན་ལ་དགོངས་པ་ཅན་ཉིད་དུ་བསྟན་པས་ཐོས་པ་དེ་ཙམ་ཞེས་བྱ་བའི་ ཚིགས་བཅད་བཤད་པ་ཡིན་ནོ། །དེའི་བདག་ཉིད་ཀྱི་འབྲེལ་པ་ཉིད་ཅེས་བྱ་བ་ནི་མངོན་སུམ་གྱིས་དེ་ཉིད་མཐོང་བའི་ཕྱིར་རོ། །འབའ་ཞིག་ཅེས་བྱ་བ་ནི་ཡུལ་ཐག་རིང་པོ་ལ་བ་ལང་དང་རྟའི་བྱེ་བྲག་ལ་རྣམ་པར་དཔྱོད་པ་མེད་པའི་ཕྱིར་རོ། །བ་ལང་དཀར་པོ་ཞེས་བྱ་བས་ཐ་དད་པའི་ཐ་སྙད་ཀྱི་ཡུལ་ བསྟན་པ་ནི། སོར་མོ་ལྡན་གྱུར་པ་ཞེས་བྱ་བའོ། །གང་གི་ཚེ་ཞེས་བྱ་བ་ལ་སོགས་པས་ཚིགས་སུ་བཅད་པའི་ཕྱེད་བཤད་པ་ཡིན་ནོ། །མཁས་པ་ཞེས་བྱ་བ་ལ་སོགས་པས་ནི་ཇི་སྐད་བསྟན་པ་སྡུད་པར་བྱེད་པ་ཡིན་ནོ། །འདི་རྣམས་ཚིགས་སུ་བཅད་པ་དང་པོས་ནི་གང་ གི་ཚེ་བ་ལང་གི་རྣམ་པ་ཞེས་བསྟན་པའི་དྲི་བ་བསྡུས་པ་ཡིན་ནོ། །གཉིས་པས་ནི་དེའི་ཚེ་བ་ལང་གིའོ་ཞེས་སྔར་མཐོང་བ་ལས་ཞེས་བྱ་བ་བསྡུས་པ་ཡིན་ནོ། །གང་གི་ཚེ་གལ་ཏེ་མཐོང་བ་དམན་པ་ཞེས་བྱ་བ་བསྟན་པ་ནི། གལ་ཏེ་ཚད་མའི་འཇུག་པ་ལ་ཞེས་བྱ་བ་འདིས་བསྡུས་པ་ཡིན་ནོ། །དེའི་ ཚེ་ནི་ལན་དུ་ཞེས་བསྟན་པ་ནི་དེའི་ཚེ་དངོས་རིག་པ་དེ་ཞེས་བྱ་བ་འདིས་བསྡུས་པ་ཡིན་ནོ། །གཞན་དུ་ན་ཐ་དད་པ་དང་ཐ་མི་དད་པའི་ཐ་སྙད་མི་རིགས་པར་བསྟན་པ་ནི། ཚུལ་ལུགས་གཞན་གྱི་གོ་སྐབས་ནི། །ཞེས་བྱ་བའོ། །ཅི་ལས་ཡིན་ཞེ་ན། མངོན་སུམ་ཉིད་དམ་ཞེས་བྱ་བ་སྟེ། ཆོས་ཅན་གྱི་ ཐ་དད་པའམ་ཐ་མི་དད་པ་ཡང་རུང་མངོན་སུམ་གྱིས་འཛིན་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ངེས་པར་བཟུང་བ་ཡང་ཆོས་དང་ཆོས་ཅན་དག་ལ་མངོན་སུམ་མེད་ན་མ་ཡིན་པ་མ་ཡིན་ནམ་ཇི་ལྟར་ཐོག་མ་མེད་པའི་བག་ཆགས་རྩ་བ་ཡིན་ཞེས་ཟེར་བ་ལ། གང་ཚེ་རྗེས་འགྲོ་ལྡོག་པ་དག། །ཅེས་བྱ་བའོ། ། ཐ་སྙད་དེ་ནི་དེ་ལྟ་ཉིད། །ཅེས་བྱ་བ་ནི་ཐོག་མ་མེད་པའི་བག་ཆགས་ཀྱི་རྒྱུ་མཚན་ལས་ངེས་པར་བཟུང་བ་ཡིན་ནོ། །གང་གི་ཕྱིར་སྒྲ་དང་ཤེས་པ་ནི་ཐོག་མ་མེད་པའི་བག་ཆགས་ལས་བྱུང་བའི་རྣམ་པར་རྟོག་པའི་དོན་གྱི་ཡུལ་ཡིན་པ་དེའི་ཕྱིར་དེ་ལས་ཡན་ལག་ཅན་ལ་སོགས་པ་མི་འགྲུབ་པོ་ཞེས་བྱ་ བ་ཉེ་བར་བསྡུ་བ་ནི། དེའི་ཕྱིར་ཡན་ལག་ཉིད་ཅེས་བྱ་བའོ། །གལ་ཏེ་ཆོས་ཅན་གྱི་སྒྲ་ལྡོག་པའི་དངོས་པོའི་ཡུལ་ལ་ཆོས་གཞན་མ་སྤངས་བའི་ཕྱིར་དེའི་བརྗོད་པ་རྣམས་ཀྱིས་གཞི་མཐུན་པ་ཡིན་པ་གཟུགས་ནི་བུམ་པའོ་ཞེས་བྱ་བར་ཡང་འགྱུར་རོ། །གཟུགས་ལ་སོགས་པའི་སྒྲའི་བརྗོད་ བྱ་ལས་གཞན་ལ་ཡན་ལག་ཅན་དང་འདུས་པ་ལ་སོགས་པ་དེའི་ཡུལ་མ་ཡིན་ན་གང་གིས་འདི་སྐྱོན་མ་ཡིན་སྙམ་དུ་སེམས་པ་ནི། གལ་ཏེ་ཡན་ལག་ཅན་ནི་ཞེས་བྱ་བའོ། །གལ་ཏེ་ཡང་གཟུགས་ལ་སོགས་པ་ཐ་དད་པ་ཅུང་ཟད་ཀྱང་མེད་པ་ལ་གཟུགས་ལ་སོགས་པ་རྣམས་མཐུན་པའི་ འབྲས་བུ་དེ་ལ་མི་བྱེད་པར་རྣམ་པར་གཅོད་པའི་ངོ་བོའི་ནུས་པ་ནི་བུམ་སྒྲ་བརྗོད་པ་ནི་གཟུགས་ལ་སོགས་པའི་ནུས་པས་བླངས་པ་མ་ཡིན་ལ་དཀར་པོ་ལ་སོགས་པའི་ནུས་པ་ནི་བླངས་པ་ཡིན་ནོ། །བླངས་པ་དང་མ་བླངས་པ་དེ་དག་ནི་གཞི་མཐུན་པ་ཉིད་དང་མི་མཐུན་པ་ཉིད་ལ་ཡང་ འདུས་པའི་སྒྲ་ཉིད་དང་གཞན་ལ་ནི་རིགས་ཀྱི་སྒྲ་ཉིད་ཡིན་པར་བསྟན་པ་ནི་གཟུགས་ལ་སོགས་ཞེས་བྱ་བ་སྟེ། གཟུགས་ལ་སོགས་པ་རྣམས་ཀྱི་ནུས་པ་ཐ་དད་པ་ནི་ཁྱད་པར་ཏེ་ངེས་པའི་འབྲས་བུ་ལ་ཐུན་མོང་མ་ཡིན་པའི་འབྲས་བུ་ཡིན་ལ་དེ་རྣམས་འཕེན་པ་མ་ཡིན་པ་སྟེ། བླངས་པས་ འཇུག་པ་ཞེས་བྱ་བ་ནི་སྒྲའི་ནུས་པ་ཡིན་པར་འཇིག་རྟེན་གྱི་ཐ་སྙད་ཀྱི་རྗེས་སུ་འགྲོ་བར་བརྗོད་པ་ཡིན་ན། དེའི་ཕྱིར་འདི་ལྟ་བུར་ནུས་པའི་ཁྱད་པར་ཏེ་ངེས་པའི་མི་འཕེན་པར་བསྟན་པས་ནུས་པའི་སྤྱིའི་ཡུལ་བསྟན་པ་ཡིན་ནོ། །དེ་ལྟ་ཡིན་ན་ནུས་པའི་སྤྱི་ཉིད་ཀྱི་དངོས་པོ་ཉིད་བརྗོད་བྱ་ཡིན་པའི་ཕྱིར་ ཡན་ལག་ཅན་ལ་སོགས་པ་ཇི་ལྟར་སྤངས་པ་ཡིན་ཞེས་ཟེར་བ་ལ། དེ་མཚུངས་ཞེས་བྱ་བ་སྨོས་ཏེ། །དེས་ཏེ་གཟུགས་ལ་སོགས་པ་རྣམས་དེ་མཚུངས་པ་ཡང་ཡིན་ལ། འབྲས་བུ་ཡང་ཡིན་པ་ནི་ཆུ་འཛིན་པ་ལ་སོགས་པའི་འབྲས་བུའོ། །དེའི་རྒྱུ་མ་ཡིན་པ་ནི་བྱེད་པ་མ་ཡིན་པ་སྟེ། སྣམ་བུ་ལ་ སོགས་པའི་གཟུགས་ལ་དེ་རྣམ་པར་གཅོད་པའི་ངོ་བོ་སྟེ། བྱེད་པ་པོ་ལ་ཡོད་པའི་བྱ་བ་ཡིན་པར་ཁས་བླངས་པའི་ཕྱིར་རོ། །གང་གི་ཕྱིར་ནུས་པ་ནི་ནུས་པ་མ་ཡིན་པ་ལས་ལོག་པའི་ངོ་བོ་ཡིན་གྱི་གཞན་ནི་མ་ཡིན་ནོ། །གལ་ཏེ་གཟུགས་ལ་སོགས་པའི་ནུས་པའི་སྤྱི་བུམ་པའི་སྒྲས་བརྗོད་ པ་ཡིན་ན། དེ་ཉིད་འདུས་པའི་སྒྲ་ཁོ་ན་ཡིན་གྱི་རིགས་ཀྱི་སྒྲར་མི་འགྱུར་ཞེས་ཟེར་བ་ལ། དེས་ན་འདིའི་ཞེས་བྱ་བ་སྨོས་ཏེ། བུམ་པའི་སྒྲ་ཁོ་ན་ནུས་པའི་སྤྱི་ལ་ལྟོས་ནས་འདུས་པ་ཡིན་ཏེ། ཁྱད་པར་གྱི་ནུས་པ་ལ་མི་འཕེན་པའི་ཕྱིར་རོ། །དེ་འཕེན་པ་ལས་ནི་དཀར་པོ་བཞིན་དུ་རིགས་ཀྱི་སྒྲ་ ཡིན་ནོ། །ནུས་པའི་ཁྱད་པར་མི་འཕེན་པ་ཁོ་ནས་ནུས་པའི་སྤྱི་ལས་དེ་དེའི་ཞེས་བྱ་བར་ཐ་དད་པར་རྣམ་པར་དབྱེ་བ་བསྟན་པ་ནི། བུམ་པ་ཡི་ནི་གཟུགས་སོགས་ཞེས་བྱ་བ་སྟེ། ཙན་དན་གྱི་དྲི་ཞེས་ཐ་སྙད་འདོགས་པ་ནི་ཡོན་ཏན་དང་ཡོན་ཏན་ཅན་ཐ་དད་པར་བྱེད་པ་མ་ཡིན་ཏེ། གཞན་དུ་ཡང་ཡོད་ པའི་ཕྱིར་རོ། །ནུས་པའི་སྤྱིས་ཁྱད་པར་ཅན་དུ་གྱུར་པ་རྣམས་ནི་དེ་ལས་གཞན་པས་ཁྱད་པར་ཅན་དུ་བྱས་པའི་གཟུགས་ལ་སོགས་པ་རྣམས་ལས་གཞན་པ་འཇུག་པའི་ཡུལ་དུ་འགྱུར་བར་བསྟན་པ་ནི། དེ་སྤྱི་ཡན་ལག་ཏུ་བྱས་པ་གང་དག་གི་ཡིན་པ་དེ་དག་གི་ཡིན་གྱི་ གཟུགས་ལ་སོགས་པ་ཙམ་གྱིས་ནི་མ་ཡིན་ཏེ། བུམ་པ་ལ་ངེས་པའི་དོན་བྱེད་ནུས་པའི་སྤྱིའི་ཡན་ལག་དབྱེ་བ་ཡིན་པའི་ཕྱིར། སྣ་ཚོགས་པ་ཉིད་ཀྱིས་ངོ་བོ་ལ་ཉེ་བར་གནོད་པ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་དེ་ལྟར་བུམ་པ་ལ་སོགས་པའི་མིང་གི་ཚིག་ནི་ཐོག་མ་མེད་པའི་བག་ཆགས་ལས་བྱུང་ བའི་རྣམ་རྟོག་གིས་སྤྲུལ་པའི་དོན་གྱི་དབྱེ་བ་ལ་གནས་པའི་དོན་དང་འཇིག་རྟེན་གྱི་ལུགས་ལ་ཡང་བརྟེན་ནས་རྣམ་གྲངས་མ་ཡིན་པ་ལ་སོགས་པར་བསྟན་ནས། ད་ནི་ཉེ་བར་བསྒྱུར་བ་དང་། ཚིག་ཕྲད་དང་ཨཱ་ཁྱ་ཏ་ལ་སོགས་པ་རྣམས་ཀྱང་བརྟགས་པའི་དོན་གྱི་དབྱེ་བས་གཞི་མཐུན་པ་ཉིད་དང་ ཅིག་ཤོས་ལ་སོགས་པ་འཇིག་རྟེན་གྱི་རྣམ་གཞག་ལ་བརྟེན་ནས་ཡང་བཤད་པར་བྱའོ་ཞེས་བསྟན་པ་ནི། ཕྱོགས་འདིས་གཞན་ལ་ཡང་བརྗོད་པར་བྱ་ཞེས་བྱ་བ་སྟེ། འདིས་ཏེ་བརྟགས་པའི་དངོས་པོའི་དབྱེ་བ་དང་འཇིག་རྟེན་གྱི་རྣམ་གཞག་དང་། སྒྲའི་ནུས་པའི་ངོ་བོས་འདི་ཁོ་ནས་སེལ་བ་ རྣམས་ཁྱད་པར་མེད་པ་ཉིད་ཀྱིས་རང་ལ་ཡོད་པའི་དབྱེ་བ་མེད་པའི་ཕྱིར་སྒྲ་མ་ལུས་པའི་རྣམ་གྲངས་ཉིད་གསལ་བ་ཡིན་ཏེ། བརྟགས་པ་རྣམས་ཀྱི་དབྱེ་བ་མ་རྟོགས་པའི་ཕྱིར་རོ། །རིགས་ཀྱི་སྒྲ་ནི་ཞེས་བྱ་བ་ནི་འདི་ཞེས་བྱ་བ་ལ་ལྟོས་པ་ཡིན་ལ་ཚོགས་པའི་སྒྲ་འདི་ཉིད་ཅེས་བྱ་བ་ནི་རིགས་ཀྱི་སྒྲར་ འགྱུར་ཏེ། ནུས་པ་དེའི་སྤྱི་ནི་གསལ་བྱ་སོ་སོ་ལ་ངེས་པ་གང་གི་ཚེ་རྗོད་པར་བྱེད། ཆོས་གཞན་མ་སྤངས་པས་ཞེས་བྱ་བ་འདི་ལ་བསམས་པའོ། །ཚོགས་པའི་སྒྲ་ནི་འདི་ལ་དཔེ་ནི། དཔེར་ན་ནགས་ཞེས་བྱ་བའོ། །རིགས་ཀྱི་སྒྲ་ཞེས་བྱ་བ་འདི་ལ། དཔེ་ནི། དཔེར་ན་ཤིང་ཞེས་བྱ་བའོ། །ནུས་ པའི་སྤྱིའི་རྗོད་བྱེད་ཀྱང་ནུས་པའི་ཁྱད་པར་གྱི་རྗོད་བྱེད་རྣམས་ཀྱི་རེས་འགའ་ཞིག་མཐུན་པ་ནི་ཤིང་དང་ནགས་ཞེས་བྱ་བ་བཞིན་དུ། འཇིག་རྟེན་ལ་སྦྱོར་བ་ཁོ་ན་མ་ཡིན་སྙམ་དུ་སེམས་པ་ནི། འོན་ཏེ་ཇི་ལྟར་ཞེས་བྱ་བའོ། །ཤིང་དང་ནགས་ཞེས་བྱ་བ་ནི་འཇིག་རྟེན་གྱི་རྣམ་གཞག་ལས་དེ་ལྟར་ཡོད་པ་ ལས་འགྱུར་བ་ཡིན་གྱི་གཟུགས་བུམ་པ་ཞེས་བྱ་བ་ནི་མ་ཡིན་ཏེ། དེ་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི། གལ་ཏེ་བསྟན་བཅོས་ཞེས་བྱ་བ་སྟེ། བསྟན་བཅོས་གཞན་ནི། རྐང་མིག་ལ་སོགས་པའི་རིག་པའི་རྗེས་སུ་འབྲང་བའོ། །འཇིག་རྟེན་རྣམ་གཞག་གི་རྗེས་སུ་འཇུག་པ་ཡིན་ ན། གཟུགས་ལ་སོགས་པ་རྣམས་བུམ་པར་འགྱུར་བར་བསྟན་པ་ཁོ་ན་ནི་དངོས་པོ་ཡང་དག་པར་ཞེས་བྱ་བ་སྟེ། དེ་མཚུངས་པ་ནི་འབྲས་བུ་ཡི། །རྒྱུ་མིན་པ་ནི་རྣམ་དཔྱོད་པ། །ཞེས་བྱ་བ་འདི་ལ་དབྱིབས་ཀྱི་ཁྱད་པར་དུ་མངོན་པར་འདོད་པ་བཞིན་ནོ་གཞན་དུ་ན་སྤྱིའི་འབྲས་བུ་ལ་ནུས་པ་མེད་ པར་ཐལ་བར་འགྱུར་ཞེས་བསྟན་པ་ནི། དབྱིབས་ཀྱི་ཁྱད་པར་གང་ལས་ཞེས་བྱ་བའོ། །དབྱིབས་དང་ལྡན་པ་ལས་ཐ་དད་པ་དེའི་དབྱིབས་ནི་མ་ཡིན་ནོ། །དེ་རྣམས་དེ་ལྟར་འབྱུང་བ་འབའ་ཞིག་ནི་དེ་ལྟ་བུའི་ཐ་སྙད་ཀྱི་ཡུལ་ཡིན་པའི་ཕྱིར་གཟུགས་ལ་སོགས་པ་རྣམས་བུམ་པ་བཞིན་དུ་རིགས་ པ་ཤེས་པ་པོ་ལ་གཟུགས་དང་བུམ་པ་ཞེས་བྱ་བར་ནི་མི་འགྱུར་རོ། །ཕྱོགས་གཅིག་ལ་བསྡུས་པའི་ཚིག་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་གཟུགས་ལ་བུམ་པ་ཞེས་བྱའོ། །གལ་ཏེ་ཕན་ཚུན་ཁྱབ་པ་མེད་པའི་ཕྱིར་གཟུགས་ནི་བུམ་པ་ཞེས་བྱ་བར་གཞི་མཐུན་པ་མ་ཡིན་ན་དེ་བཞིན་དུ་འདིར་ཡང་ ཤིང་ནི་ཤིང་ཤ་པ་ཞེས་བྱ་བར་མི་འགྱུར་རོ། །ཤིང་ཤ་པས་ཤིང་ལ་ཁྱབ་པ་ནི་མ་ཡིན་ཏེ། སེང་ལྡེང་ལ་ཡང་ཡོད་པའི་ཕྱིར་རོ་སྙམ་དུ་སེམས་པ་ནི། གལ་ཏེ་ཤིང་དང་ཞེས་བྱ་བའོ། །དེ་ཡང་ཡོད་པ་ཁོ་ནས་ཡོད་པ་ལ་ཁྱབ་པ་ནི་མ་ཡིན་ནོ། །འོན་ཀྱང་རྟོགས་པ་འཕེན་པ་ནི་མ་ཡིན་ལ། དེ་མི་ འཕེན་པ་ཁྱབ་བྱ་ཡིན་པར་བསྟན་པ་ནི། ཤིང་བློ་ཞེས་བྱ་བའོ། །འདིར་ཡང་ཞེས་བྱ་བ་ནི་ཁྱད་པར་ཅན་གྱི་ནུས་པ་དང་ལྡན་པ་ཡང་འཕངས་པ་ཡིན་ཞེས་བྱ་བ་འདི་ལ་ཡང་ངོ་། །གནའི་ཐ་སྙད་ནི་འཇིག་རྟེན་གྱི་ཐ་སྙད་དོ། །རྒྱུ་མཚན་དེ་ལས་ཀྱང་སྒྲའི་ནུས་པ་ཡིན་གྱིས་རང་བཞིན་གྱི་ནི་མ་ཡིན་ཏེ། བརྡ་མ་བཟུང་ན་མི་རྟོགས་པའི་ཕྱིར་རོ། །འདི་ཤིང་རྟོག་པ་ནས་ཞེས་བྱ་བས་སྒྲ་ལས་རྟོགས་པ་ནི་མ་ཡིན་ཏེ། དོན་མངོན་སུམ་པ་ཡིན་པའི་ཕྱིར་འདི་ཞེས་བྱ་བར་རབ་ཏུ་གྲུབ་པར་རྗེས་སུ་བརྗོད་ནས་ཤིང་རྟོག་པ་ནས་ཞེས་པ་སའི་སྒྲ་བརྗོད་པར་བྱ་བ་ཉིད་དུ་གྲུབ་པར་བྱེད་པ་ཡིན་ནོ། །དེའི་ཕྱིར་སྒྲ་མ་བཟུང་ བ་ལས་གཉི་ག་ལས་བྱུང་བའི་ཤེས་པ་ཡོད་པ་ཡིན་ཏེ་བརྡ་ཅན་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་བ་ལང་དག་ནི་ཉི་ཤུའོ་ཞེས་བྱ་བ་ལ་སོགས་པའི་འདྲི་བ་ཡང་གྲངས་ལ་ཇི་ལྟ་བ་བཞིན་དུ་ཉེ་བར་བསྒྱུར་བ་དང་ཚིག་ཕྲད་དང་ཨཱ་ཁྱ་ཏ་དག་ལ་ཡང་ མཚུངས་པ་བཅུ་འདུས་པ་སྟེ། བཅུ་ཕྲག་གཉིས་ཀྱི་ངོ་བོ་གཞན་ཁོ་ན་ཡིན་པར་བསྟན་པ་ནི། བསྟན་པའི་ནུས་པ་ཞེས་བྱ་བ་སྟེ། རབ་ཏུ་གནས་པ་དང་མངོན་པར་འགྲོ་བ་ཞེས་བྱ་བ་ནི་ཉེ་བར་བསྒྱུར་བའོ། །ཡོད་པའམ་མེད་པ་ཞེས་བྱ་བ་ནི་ཚིག་ཕྲད་དོ། །འཚེད་པར་བྱེད་ཅེས་བྱ་བ་ནི། ཨཱ་ ཁྱ་ཏ་རྣམས་ཀྱི་བྱ་བ་བྱེད་པ་པོའི་གནས་སྐབས་ཀྱི་ཚིག་ལས་དོན་གྱི་བྱེ་བྲག་གསལ་བ་ཡིན་ནོ། །དེ་བཞིན་དུ་དོན་གྱི་དབྱེ་བའི་རྗེས་སུ་འབྲང་བའི་རྣམ་རྟོག་གི་གོ་བྱའི་དོན་གྱི་བྱེ་བྲག་ལ་ཐ་སྙད་དུ་བྱེད་པ་ནི་སྒྲ་ལས་ཆུང་བ་ཡིན་གྱི། སྒྲུབ་པ་སྨྲ་བ་ནི་མ་ཡིན་ཏེ། སྒྲུབ་པ་སྨྲ་བ་པོ་རྣམས་ཀྱིས་ཀྱང་མ་ བོར་བའི་ཕྱིར་རོ། །ཡན་ལག་ཅན་ནམ་སྤྱི་ལ་ཡང་ཡན་ལག་གི་དབྱིབས་ཀྱི་ཁྱད་པར་དེ་ལས་གཞན་པ་ལས་ལོག་པ་མ་རྟོགས་པས་རྟོགས་པར་མི་ནུས་ཏེ་རྗེས་སུ་འཇུག་པ་ཙམ་ཡིན་པའི་ཕྱིར་རོ། །བག་ཆགས་ཇི་ལྟ་བ་བཞིན་དང་བརྡ་ཇི་ལྟ་བ་བཞིན་དུ་རྟོག་པ་དོན་གྱི་དབྱེ་བ་རྗེས་སུ་སྒྲུབ་པ་བཞིན་ བ་ནི་ཡུལ་དེ་ཁོ་ན་ལ་རིགས་ཀྱི་དམིགས་བཞིན་པ་མ་ཡིན་པ་ཡན་ལག་ཅན་དང་སྤྱི་ལ་སོགས་པའི་ཡུལ་ལ་ནི་མ་ཡིན་ནོ། །དེ་ལྟར་སྤྱིའི་དོན་གྱི་དབྱེ་བ་ཡུལ་ལ་བརྟེན་ནས་སྒྲའི་ཐ་སྙད་རྣམ་པར་དབྱེ་བ་བྱས་ནས། ད་ནི་དེར་གཏོད་པ་མ་བྱས་པས་ཐོག་མ་མེད་པའི་བག་ཆགས་ཙམ་གྱི་རྣམ་རྟོག་གིས་ བརྟགས་པའི་དོན་གྱི་དབྱེ་བ་ལ་བརྟེན་ནས་རྣམ་གྲངས་མ་ཡིན་པ་ཉིད་དུ་བརྗོད་པ་ནི། ཡང་ན་ཐོག་མ་མེད་པའི་ཞེས་བྱ་བའོ། །ཕྱི་རོལ་གྱི་དོན་ལ་ཡང་དེ་ལྟ་བུའི་བག་ཆགས་ཡོད་པའི་ཕྱིར་བརྟག་པར་བྱ་བ་དང་གཅིག་ཏུ་བྱས་ནས་ཐ་སྙད་དུ་བྱེད་པ་ནི་སྒྲུབ་པའི་ཡུལ་ཁོ་ན་ལ་ཡིན་དུ་ཟིན་ཀྱང་དེ་བཞིན་དུ་སྤྱི་ དང་ཡན་ལག་ཅན་ལ་སོགས་པར་འགྱུར་བའི་སྐྱོན་མེད་པར་བསྟན་པ་ནི། གལ་ཏེ་སྒྲ་དོན་དེ་ལྟ་བུ་ཡིན་ཡང་ཞེས་བྱ་བ་སྟེ། དེ་ལ་སྟེ་སྒྲུབ་པའི་ངོ་བོའི་བརྗོད་བྱ་ལ་རྩོད་བྱེད་ནི་སྒྲུབ་བྱེད་རྟོགས་པར་བྱེད་པ་ཡིན་ཏེ། དེས་ཀྱང་གཞན་གྱི་འདོད་པ་ཅུང་ཟད་ཀྱང་མི་འགྲུབ་པོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བརྗོད་ བྱའི་རྣམ་པར་དབྱེ་བ་ནི་རྟོག་པ་ཙམ་གྱི་རྒྱུ་མཚན་ལས་ཡིན་པར་བསྟན་ནས་བརྗོད་ཀྱི་རྣམ་པར་དབྱེ་བ་ཡང་ལེགས་པའམ་མ་ལེགས་པའི་ངོ་བོ་བག་ཆགས་ཙམ་ལས་བྱུང་བ་ཡིན་ཏེ། རྣམ་པར་རྟོག་པའི་རྒྱུ་མཚན་ཅན་ཁོ་ན་ཡིན་ནོ། །འདི་ལྟར་དོན་གྱི་རྣམ་པར་དབྱེ་བ་ཉིད་ནི་ལེགས་པ་ཉིད་ཀྱི་ རྒྱུ་མཚན་མ་ཡིན་ཏེ། མི་ལེགས་པར་འདོད་པ་ལ་ཡང་ཡོད་པའི་ཕྱིར་རོ་ཞེས་བསྟན་པ་ནི། ཐ་མལ་པའི་སྒྲ་ཞེས་བྱ་བའོ། །འདུ་བྱེད་དང་ལྡན་པས་འདུས་བྱས་པ་ཉིད་ནི་ཐ་མལ་པ་ལ་ཡང་ཡོད་པ་འདི་ཡང་མི་རིགས་པར་བསྟན་པ་ནི། མཚན་ཉིད་ཀྱིས་ནི་འདོད་པ་ནི་མངོན་པར་འདོད་པའོ། །འོན་ཏེ་ ལེགས་པ་ཉིད་དང་ཅིག་ཤོས་ཉིད་འདུས་བྱས་དང་ཅིག་ཤོས་ཉིད་ཡིན་ན་དེ་ཡང་རབ་ཏུ་གྲགས་པ་མེད་ན་རྟོགས་པ་མ་ཡིན་ནོ། །རྟོགས་པ་མ་ཡིན་པར་བསྟན་པ་ནི། ལེགས་པར་སྦྱར་དང་ལེགས་མིན་ཞེས་བྱ་བ་སྟེ། ཆོས་དང་ཅིག་ཤོས་ཀྱི་རྒྱུ་མཚན་ལས་ནི་ལེགས་པ་དང་མི་ལེགས་པ་ཉིད་ཀྱི་ངོ་བོ་ ལེགས་པར་སྦྱར་བ་དང་ཅིག་ཤོས་ཉིད་ཚད་མ་གོ་བར་བྱ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཚད་མའི་རྗེས་སུ་འཇུག་པ་མེད་ན་གྲགས་པ་ནི་མེད་པར་སྨྲ་བའི་ཚིག་བཞིན་དུ་ཕྱིན་ཅི་ལོག་ཏུ་གོ་བར་བསྟན་པ་ནི། རྣམ་པར་གཞག་པ་ཙམ་དུ་ཟད་ཅེས་བྱ་བའོ། །ཡན་ལག་དྲུག་པའི་རིག་བྱེད་རྒྱུ་མེད་པར་ འདོན་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་ལུང་ནི་བྱཱ་ཀ་ར་ནའི་རྩ་བ་ཡིན་ནོ། །ལུང་ཡང་ཚད་མ་ཁོ་ན་ཡིན་སྙམ་དུ་སེམས་པ་ལ། མ་མཐོང་བའི་དོན་བརྗོད་ནི་ཞེས་བྱ་བ་སྟེ། ལུང་ནི་བག་ཆགས་ལས་བྱུང་བའི་རྣམ་པར་རྟོག་པ་ཙམ་གྱིས་མཐོང་བའི་དོན་གྱི་ཡུལ་ལ་ཡིན་གྱི་དངོས་པོ་ལ་བརྟེན་པ་ནི་ མ་ཡིན་ནོ། །དེ་ལ་བརྟེན་པ་ཡིན་ན་ནི་དེ་སྒྲུབ་པ་ཡིན་ནོ། །མ་མཐོང་བའི་དོན་ལ་མ་ཡིན་དུ་ཟིན་ཀྱང་འབྲས་བུར་རྟོགས་པ་ན་ཆོས་ཀྱི་འབྲས་བུར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཡིད་ཆེས་ཡོད་མིན་ཏེ། ཞེས་བྱ་བ་ནི། མངོན་སུམ་ལ་སོགས་པའི་ཚད་མ་མེད་པའོ། །དེ་བཞིན་དུ་ཐ་མི་ དད་པའི་ཡན་ལག་ཅན་དང་སྤྱི་ལ་སོགས་པ་རྣམས་ཤེས་པའི་རྒྱུ་ནི་མངོན་སུམ་ལ་སོགས་པས་སམ་ཐ་སྙད་ལས་ཀྱང་རྟོགས་བྱ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །སོ་སོར་སྣང་བའི་དབྱེ་བས་ཐ་དད་པར་ནི་འགྱུར་ན་རྒྱ་ཆེན་པོར་དམིགས་པས་ཕན་ཚུན་རྗེས་སུ་མི་འགྲོ་བར་འགྱུར་བའི་ཕྱིར་རོ་སྙམ་དུ་སེམས་ པ་ནི། གལ་ཏེ་ལུས་ཀྱི་ཞེས་བྱ་བ་སྟེ། གལ་ཏེ་ཞེས་བྱ་བ་ནི་ཁས་བླངས་པ་ཞེས་བྱ་བའི་དོན་འདི་ལའམ་དེ་བཞིན་གྱི་དོན་ལ་ཡིན་ཏེ། ཡན་ལག་ཅན་ལ་སོགས་པ་མེད་པར་བྱས་པ་ཡིན་ནོ། །དེ་ལ་ཞེས་བྱ་བ་ནི་ཁས་བླངས་པ་ལ་ཕྱོགས་གཉི་ག་ལ་ཡང་གོ་རིམས་ བཞིན་དུ་སྐྱོན་བསྟན་པ་ནི། མ་ལུས་རྒྱུ་ཉིད་ཅེས་བྱ་བ་སྟེ། རྒྱུ་མ་ལུས་ཅན་ནི་ཡན་ལག་གཅིག་མ་ཚང་ན་རྒྱུ་མེད་པའི་ཕྱིར་མི་འབྱུང་ངོ་། །དེ་མེད་ཀྱང་འབྱུང་བ་ཡིན་ན་ནི་རྒྱུ་དེ་ཉིད་དང་འགལ་བའི་ཕྱིར་རྒྱུ་གཞན་ཉིད་ཁྱབ་བྱེད་དུ་རྟོགས་པར་བྱེད་པས་འགལ་བ་ཁྱབ་པར་འགྱུར་རོ། །རེ་རེའི་རྒྱུ་ཉིད་ ཡིན་ན་ཡང་ཁྱབ་བྱེད་མང་པོ་འབྱུང་བ་ཡིན་ལ་དེ་དང་འགལ་བ་གཅིག་ཉིད་ནི་ཁྱབ་པར་བྱེད་པ་འགལ་བར་འགྱུར་བར་བསྟན་པ་ནི། རེ་རེ་ནུས་པ་ཉིད་ཡིན་ན། །ཞེས་བྱ་བའོ། །ལུས་ཀྱི་ཡན་ལག་གི་བསྐྱེད་བྱའི་ཡང་ཤེས་པ་ནི་དབུགས་འབྱུང་བ་ལ་སོགས་པ་རྒྱུ་གཅིག་གིས་ངེས་པར་གྱུར་ པ་ནི་གཅིག་ཁོ་ནར་འགྱུར་བ་མ་ཡིན་ནམ་དེའི་ཕྱིར་རྒྱུ་རེ་རེ་ཉིད་ལ་མང་པོ་ཉིད་སྐྱོན་མ་ཡིན་ནོ་སྙམ་དུ་སེམས་པ་ལ། དུ་མ་ཉིད་དུ་ཞེས་བྱ་བ་སྨོས་སོ། །དབུགས་དབྱུང་བ་ལ་སོགས་པ་ལ་ཡང་དུ་མ་ཉིད་ཀྱི་ཕྱིར་དུ་མ་ཉིད་ཀྱི་སྐྱོན་སྤངས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཕྱོགས་དང་པོ་འཆད་པ་ ནི། འབྲས་བུ་གང་ལ་ཞེས་བྱ་བའོ། །གཉིས་པ་འཆད་པ་ནི། འོན་ཏེ་ཡན་ལག་རྣམས་ཞེས་བྱ་བའོ། །དབུགས་འབྱུང་རྔུབ་དག་གི་དུ་མ་ཉིད་དུ་ཁས་ལེན་པ་ལ་སྐྱོན་བརྗོད་ནས་གཅིག་པ་ཉིད་ཁས་ལེན་པ་ལ་ཡང་ཕྱོགས་གཉིས་པའི་སྐྱོན་གཞན་ལ་ཐལ་འགྱུར་ཡིན་པ་བསྟན་པ་ནི། གཅིག་ཉིད་ཡིན་ན་ཡང་ཞེས་བྱ་བ་སྟེ། ནུས་པའི་རྒྱུ་ནི་རང་གི་འབྲས་བུ་ལ་ལྟོས་པ་དང་བཅས་པ་ཡིན་ལ་དེས་ན་ཁྱབ་པ་ཡིན་ཏེ་དེའི་ཁྱབ་བྱེད་འབྲས་བུ་ཉེ་བར་བྱེད་པ་ཡིན་ནོ། །དེ་ཡོད་ཀྱང་མེད་ན་ནི་ཁྱབ་བྱེད་མ་ཡིན་པའི་ཕྱིར་དེའི་ཕྱིར་ཤིང་ཉིད་ལ་ཤིང་ཤ་པ་ཉིད་བཞིན་དུ་རྟག་ཏུ་ཉེ་བ་ཡིན་ནོ་ཞེས་ བྱ་བས་དང་པོའི་འབྲས་བུའི་དུས་སུ་གཉིས་པ་ལ་སོགས་པའི་བྱེད་པ་པོ་ཉེ་བ་ཡིན་པར་མཚོན་པ་ཡིན་ནོ། །རྟག་ཏུ་ཉེ་བ་དེ་དེའི་ཚེ་མི་ཉེ་བར་གྱུར་པ་ནི་མ་ཡིན་ནོ། །འོན་ཏེ་རྒྱུའི་ཆོས་ཡིན་པའི་ཕྱིར་རམ་གཞན་ལས་ཀྱང་རུང་འབྲས་བུ་དེའི་དུས་སུ་འབྲས་བུ་གཞན་བྱེད་པ་མ་ཡིན་ལ་དེ་ལྟ་བུ་ ཡིན་ན་དུས་གཞན་ལ་ཡང་དེ་ཉིད་ཁྱབ་པར་མི་འགྱུར་བའི་ཕྱིར་མི་འབྱུང་བ་ཡིན་ནོ་སྙམ་དུ་སེམས་པ་ལ་གལ་ཏེ་དུ་མའི་རྒྱུ་མིན་ན་ཞེས་བྱ་བའོ། །དབུགས་འབྱུང་རྔུབ་ལ་སོགས་པའི་སྒྲས་ནི་ལུས་གཟུང་ངོ་། །ནུས་པའི་རྒྱུ་ནི་རང་ཡོད་པས་འབྲས་བུ་ཡོད་པར་གོ་བར་བྱེད་པ་ཡིན་ཏེ། དེས་ ཁྱབ་པའི་ཕྱིར་རོ་ཞེས་བསྟན་པ་ནི། རྒྱུ་ཉེ་ཡང་ངོ་ཞེས་བྱ་བའོ། །བདེན་ཏེ་འབྲས་བུ་སྐྱེད་པར་བྱེད་པའི་རང་བཞིན་ནི་ལྷན་ཅིག་བྱེད་པ་ལ་ལྟོས་པ་ཡིན་གྱི་འབའ་ཞིག་ནི་མ་ཡིན་ལ་དེས་ཀྱང་འདིའི་བདག་ཉིད་དུ་གྱུར་པའམ་གཞན་ཡང་ཕུལ་དུ་བྱུང་བར་བྱེད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། འབྲས་བུ་ཡིན་ནོ་སྙམ་དུ་སེམས་པ་ནི། གཞན་དང་གཞན་ཞེས་བྱ་བའོ། །གཞན་ལ་ལྟོས་པའི་བྱེད་པ་རང་བཞིན་ཡིན་པའི་ཕྱིར། ཨ་རུ་ར་ལ་ལྟོས་ནས་ལྷ་འཁྲུ་བར་བྱེད་པ་ཡིན་པ་བཞིན་དུ་རིགས་པ་ཤེས་པ་རྣམས་ཀྱིས་མཉན་པར་བྱ་བ་མ་ཡིན་ནོ། །འབྲས་བུའི་རང་བཞིན་ལྟོས་པ་ཁོ་ན་ལས་ ཡིན་ཏེ། གཞན་ནི་དེའི་འབྲས་བུ་ཉིད་དུ་མ་རྟོགས་པའི་ཕྱིར་རོ། །སད་པར་བྱེད་པ་རྣམས་ཀྱང་དབུགས་ལ་སོགས་པ་ཁོ་ན་བཞིན་དུ་སེམས་ཀྱི་རྒྱུ་ཉིད་མ་ཡིན་ཏེ། དེ་མེད་ཀྱང་འབྱུང་བའི་ཕྱིར་རོ་ཞེས་བསྟན་པ་ནི། སད་པར་བྱེད་པའི་རྐྱེན་ཀྱང་ཞེས་བྱ་བའོ། །དེ་ལྟ་ཡིན་ན་དེའི་ངེས་པ་གང་ ན་ཡོད་ཅེ་ན། སྔོན་གྱི་འདུ་བྱེད་པ་ཞེས་བྱ་བ་སྨོས་སོ། །འདུ་བྱེད་པ་འབྲས་བུ་ལ་མི་འཁྲུལ་པར་རྟོགས་པ་ཡིན་ན། དབུགས་ལ་སོགས་པའི་ནུས་པ་ནི་མ་ཡིན་ནོ་ཞེས་བསྟན་པ་ནི། དེས་ན་གལ་ཏེ་ཞེས་བྱ་བའོ། །དབུགས་འབྱུང་བ་ལ་སོགས་པ་གཅིག་ཉིད་ཅེས་བྱ་བ་འདི་ངེས་པ་ཉིད་ཅེས་བྱ་ བ་འདི་དང་སྦྱར་བར་བྱའོ། །དབུགས་འབྱུང་བ་ལ་སོགས་པ་གཅིག་ཉིད་དུ་ངེས་པར་བྱེད་པར་གཞན་འདོད་པར་ཁས་བླངས་ནས་དེ་མི་རིགས་པར་བསྟན་པ་ཡིན་ནོ། །ད་ནི་རྟོགས་པ་དང་འགལ་བར་བརྗོད་པ་ཡིན་པར་བསྟན་པ་ནི། གཅིག་ཉིད་དུ་འཐད་པ་ནི་མ་ཡིན་ཏེ་ཞེས་བྱ་བ་སྟེ། དབུགས་ འབྱུང་བ་གཅིག་གི་དུས་སུ་ཡང་དོན་དུ་མི་ཤེས་པ་ཅིག་ཅར་སྐྱེས་པར་མཐོང་བའི་ཕྱིར་དབུགས་འབྱུང་བ་དེ་ལས་ངེས་པར་འབྱུང་བ་ནི་མ་ཡིན་ཏེ། དེ་ལྟ་མོད་ཀྱི་གང་དུ་ཡང་འགྲོ་བ་ན་བགྲོད་བྱ་དྲན་པ་ཁོ་ནའི་ཚེ་མདུན་ན་གནས་པའི་ཤིང་མཐོང་བ་དང་དེའི་མེ་ཏོག་གི་དྲི་བསྣམས་པ་དང་། སོ་རྩི་ལ་ སོགས་པའི་རོ་མྱོང་བར་བྱེད་པ་དང་མཁྲང་བ་ལ་རེག་པའི་རླུང་ལ་སོགས་པས་རེག་པར་ཡང་བྱེད་པ་ལ་སོགས་པ་རྣམས་ལ་རིམ་གྱིས་རྟོགས་པ་མ་ཡིན་ལ་ཅིག་ཅར་རྟོགས་ཀྱང་མ་འཁྲུལ་པ་ཡིན་ཏེ། གནོད་པ་ཅན་མེད་པའི་ཕྱིར་རོ། །རེས་འགའ་རིམ་གྱིས་རྟོགས་པས་རྟོགས་ པ་ལ་ངེས་པར་བྱེད་པ་ཅིག་ཅར་བར་མངོན་པར་རློམ་པའི་འཁྲུལ་པ་ནི་མ་ཡིན་ཏེ། དེ་ཁོ་ནའི་འགོར་བ་དང་ཅིག་ཤོས་དག་གི་རིམ་གྱིས་དང་ཅིག་ཤོས་སུ་ཡང་ལེགས་པ་ཡིན་པའི་ཕྱིར་རོ། །དབུགས་འབྱུང་བ་གཅིག་གི་དུས་གཅིག་ཉིད་ཀྱི་བློ་སྐྱེ་བཞིན་པ་ནི་དོན་དུ་མ་འཛིན་པའི་བདག་ ཉིད་ཅན་མ་ཡིན་ནམ། དུ་མ་ཉིད་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ལ། དུ་མ་བློ་གཅིག་གིས་ཤེས་ན། །ཞེས་སྨོས་སོ། །རྣམ་པ་མེད་པ་ཉིད་ཀྱིས་ཉེ་བ་དང་ལྐོག་ཏུ་གྱུར་པ་མེད་པའི་ཕྱིར་དེ་དག་ཙམ་འཛིན་པ་བཞིན་དུ་དོན་མ་ལུས་པར་འཛིན་པར་འགྱུར་རོ། །སྐྱེད་པར་བྱེད་པ་ཉིད་དམ་ཉེ་བ་ནི་ ངེས་པའི་རྒྱུ་མ་ཡིན་ནོ་ཞེ་ན།། །འགལ་བ་མེད་ཕྱིར་ཞེས་བྱ་བ་སྨོས་སོ། །སྐྱེས་པར་བྱེད་པ་ནི་ཤེས་པའི་བདག་ཉིད་ཐོབ་པར་བྱེད་པ་དང་བྱ་བ་ངེས་པས་ཀྱང་ཉེ་བའམ་དབང་པོ་ཡང་རུང་ཡུལ་འཛིན་པ་ལ་ངེས་པར་བྱེད་པ་ཡིན་ཏེ། ངེས་པ་མེད་པར་འཛིན་པ་ནི། གཅིག་ཡིན་ཞེས་ཁས་བླངས་ པའི་ཕྱིར་རོ། །འཛིན་པར་འདོད་པ་ཡང་ངེས་པར་བྱེད་པ་མ་ཡིན་ཏེ། ཐ་དད་པའི་ཕྱིར་དང་སྐྱེད་བྱེད་མ་ཡིན་པའི་ཕྱིར་དང་ངོ་། །དེ་ཤེས་པའི་ཁོངས་སུ་གཏོགས་པ་ཡང་མ་ཡིན་ནོ། །དེའི་ཕྱིར་འགལ་བ་མེད་ཕྱིར་ཏེ། མི་མཐུན་པ་མ་ཡིན་པའི་ཕྱིར་རྣམ་ཤེས་ཐམས་ཅད་འབྱུང་འགྱུར་ རོ། གང་གི་ཚེ་རྗེས་སུ་མཐུན་པ་མ་ཡིན་པའི་བློ་ཡང་དུས་གཅིག་གི་ཚེ་བྱུང་བ་ནི་ཐམས་ཅད་འཛིན་པར་བྱེད་པ་མ་ཡིན་ལ་དེའི་རིམ་གྱིས་ཀྱང་ཡུལ་དེ་དང་དེ་འཛིན་པ་མ་ཡིན་ཏེ། མི་མཐུན་པ་མ་ཡིན་པ་ཉིད་ཀྱི་ཁྱད་པར་དང་མཚན་ཉིད་མི་མཐུན་པ་མེད་པའི་ཕྱིར་རོ། །མི་མཐུན་པ་མ་ཡིན་ པ་ཉིད་ཙམ་རྒྱུ་མཚན་ཅན་ཁྱབ་བྱེད་ཡིན་ན་དེ་ཡོད་ན་ངེས་པར་འགྱུར་ལ་མི་འགྱུར་ན་ནི་དེའི་ཚེ་རྒྱུ་མཚན་ཅན་མ་ཡིན་གྱི་གཞན་གྱི་རྒྱུ་མཚན་ཅན་དུ་འགྱུར་བའི་ཕྱིར་འགལ་བ་ཁྱབ་པ་ཡིན་ནོ། །དེའི་ཕྱིར་གཅིག་ལ་ཡང་མི་འགྱུར་རོ། །རིམ་གྱིས་ཀྱང་ཞེས་བྱ་བ་ནི་རེ་རེས་ཀྱང་ཞེས་བྱ་བའི་ དོན་ཏོ། །དབུགས་གཅིག་ཀྱང་ངེས་པ་མེད་པ་ཁོ་ནར་འགྱུར་ན་ངེས་པ་དང་འགལ་བ་ཁྱབ་པ་ཡིན་ནོ་ཞེས་བསྟན་པ་ཡིན་ཡང་དབུགས་དེ་ལས་རྟོགས་པ་ཡིན་ན་དེ་ལས་ཤེས་ཡང་བརྗོད་པ་དོན་གཞན་དུ་འགྱུར་བར་བསྟན་པ་ནི། འཛིན་པ་དེ་ཉིད་ཅེས་བྱ་བ་སྟེ། འདི་ཡང་རྣམ་ཤེས་ ནུས་པ་ངེས་པའི་ཕྱིར་ཞེས་བྱ་བ་འདིས་རྣམ་པར་དཔྱད་པ་ཁོ་ན་ཡིན་པར་བསམ་པར་བྱའོ། །དུ་མ་བློ་གཅིག་གིས་ཤེས་ན། །ཞེས་བྱ་བ་འདི་ཡང་གནས་སྐབས་པའི་ཚད་མ་ལ་མི་ལྟོས་པ་མེ་ལོང་དྲི་མ་མེད་པ་ལྟ་བུའི་བློ་གཅིག་པུ་རྟག་པའི་སེམས་ཀྱི་ངོ་བོར་གཞན་གྱིས་ཁས་བླངས་ པ་ལ་བརྟེན་ནས་བཤད་པ་ནི། འོན་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བའོ། །འདིས་ནི་རྒྱལ་དཔོག་པའི་གཞུང་བསལ་བ་ཡིན་གྱི། རྒྱང་འཕེན་པའི་བསལ་བ་ནི་མ་ཡིན་ཏེ། དེ་ནི་བློ་རྟག་པར་ཁས་ལེན་པ་མ་ཡིན་ཏེ། འཇིག་རྟེན་ཕ་རོལ་མེད་པར་འདོད་པའི་ཕྱིར་རོ། །དེའི་གཞུང་ ལས་དབུགས་གཅིག་པོ་ལས་སྐྱེས་པའི་བློ་གཅིག་ཁོ་ན་རིམ་གྱིས་དོན་དུ་མ་ཤེས་པ་ཡིན་ཞེས་བྱ་བ་ཁོ་ནར་བཤད་པར་བྱ་བ་ཡིན་ནོ། །གལ་ཏེ་རྣམ་པར་ཤེས་པ་ཞེས་བྱ་བ་མེད་པ་ཉིད་ཐོབ་ནས་ཏེ། ཐོབ་པར་བྱས་ནས་སོ། །ཉེ་བའི་རིམ་པ་ཁྱད་པར་ཅན་མེད་པའི་ཕྱིར་ཞེས་བྱ་བ་ནི་རྟག་པའི་བློ་ལ་ དོན་གྱི་ཁྱད་པར་བསྐྱེད་བྱ་དང་ཅིག་ཤོས་མེད་པས་དོན་ཉེ་བ་དང་ཉེ་བ་མ་ཡིན་པ་དག་ལ་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བའོ། །ཉེ་བའི་དོན་འཛིན་པ་ལ་རྒྱུ་རྣམ་ཤེས་ཀྱི་བདག་ཉིད་དུ་གནས་པ་ནི་ཉེ་བ་མ་ཡིན་པའི་ཡང་མཚུངས་སོ། །མཚུངས་པའི་ཕྱིར་འགལ་བའི་དོན་མ་ཡིན་པར་བསྟན་པ་ནི། མེ་ལོང་རྣམ་པར་གནས་པའི་ཞེས་བྱ་བ་ནི་ཉེ་བ་འཛིན་པའི་རྒྱུ་མཚན་ཉེ་བ་མ་ཡིན་པ་ལ་ཡང་མཚུངས་སོ་ཞེས་བྱ་བའི་དོན་ཏོ། །རྒྱུ་མཚན་ལ་ཁྱད་པར་མེད་ཀྱང་གལ་ཏེ་ཉེ་བ་མེད་པ་མི་འཛིན་ན་ཉེ་བ་ལ་ཡང་དེར་མི་འགྱུར་བར་བསྟན་པ་ནི། འོན་ཏེ་དེའི་ཚེ་ནུས་པ་མེད་ན་ཞེས་བྱ་བའོ། །བློ་རྟག་ པའི་ཕྱོགས་ཞར་ལ་བྱུང་བ་ཡོངས་སུ་རྫོགས་པར་བྱས་ནས་དབུགས་འབྱུང་བ་ངེས་པ་ཅན་གྱི་ཕྱོགས་ཉིད་རྗེས་སུ་འབྲེལ་པ་ཡིན་པར་བསྟན་པ་ནི། འོན་ཏེ་འདི་སྙམ་དུ་སེམས་ཞེས་བྱ་བ་སྟེ། དེ་ལ་ཡང་ཞེས་པ་ནི་དབུགས་ངེས་པར་བྱེད་པའི་ཕྱོགས་ལ་ཡང་ངོ་། །དབུགས་ལ་སོགས་པ་གཅིག་ ཉིད་ཡིན་ཡང་རྟག་པའི་ཕྱིར་འབྲས་བུ་ཕྱི་མ་བྱེད་པའི་ངོ་བོ་སྔ་ན་མེད་པའི་ཕྱིར་དེའི་ཚེ་དེ་ཁོ་ན་དེ་ཡང་འབྱུང་བར་འགྱུར་རོ། །ཤེས་པ་གསལ་བ་མང་པོའི་ཡིན་པར་ནི་མི་རིགས་ཏེ། དབུགས་གཅིག་པ་ཉིད་ཡིན་པའི་ཕྱིར་རོ། །སྐད་ཅིག་མའི་དབུགས་མང་པོ་ ཞེས་བྱ་བའོ། །དུས་གཅིག་པ་རྣམས་ཀྱང་ཡོད་པའི་ཕྱིར་དེ་ཁོ་ན་གསལ་བ་མང་པོའི་ཡིན་ནོ་ཞེ་ན་ཡང་ཞེས་བྱ་བ་ལ་ཟེར་བ་ནི། རང་རིག་མིན་པའི་དུས་ཅན་གྱི་སྟེ་རིམ་གྱིས་འབྱུང་བ་ཞེས་བྱ་བའོ། །དེ་འདྲ་བའི་ཞེས་བྱ་བ་ནི་རིམ་གྱིས་འབྱུང་བ་རྣམས་ཀྱི་སྟེ་སེམས་རེ་རེའི་སྐྱེད་བྱེད་ཁོ་ན་ དབུགས་རེ་རེའི་སྐྱེད་བྱེད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ཡིན་ཡང་དབུགས་དེ་རྣམས་ཉིད་རིམ་པ་དང་ལྡན་པར་མི་འགྲུབ་སྟེ་རྒྱུ་མེད་པའི་ཕྱིར་རོ། །ལུས་ནི་མ་ཡིན་ཏེ། དུ་མ་ཉིད་ཡིན་པས་རྣམ་ཤེས་བཞིན་དུ་དེ་ལ་ཡང་ཐལ་བར་འགྱུར་རོ། །གོ་རིམས་ལྡན་པའི་རྒྱུ་མེད་ཕྱིར། །ཞེས་ བྱ་བའོ། །ད་ལྟར་བ་བཞིན་དུ་སྔ་མ་སྔ་མའི་རང་གི་རིགས་རྒྱུ་ཉིད་ཡིན་ཡང་སྐྱེ་བའི་དང་པོ་ལ་འབྱུང་བར་མི་འགྱུར་ཏེ། འཇིག་རྟེན་ཕ་རོལ་ཁས་མི་ལེན་པས་རང་གི་རིགས་ཀྱི་སྔ་མ་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི། རང་རིགས་སྔ་མ་རྒྱུ་ཉིད་ནི། །ཞེས་བྱ་བའོ། །སྐྱེ་བའི་དང་པོའི་དབུགས་ ནི་རེས་འགའ་བ་མ་ཡིན་པའི་ཕྱིར་འབྲས་བུ་ཡིན་གྱི་རྒྱུ་ཅི་ཡིན་པར་རྟོགས་པར་བྱེད་པ་མ་ཡིན་ནམ་སྙམ་དུ་སེམས་པ་ལ། དེས་དེ་དབུགས་དེ་འདྲ་བ་ཞེས་བྱ་བ་རང་གི་རིགས་ཡོད་པ་མ་ཡིན་ཏེ། འཇིག་རྟེན་ཕ་རོལ་ཁས་མི་ལེན་པའི་ཕྱིར་རོ། །རིགས་ཐ་དད་པ་ཡང་རྒྱུ་མ་ཡིན་ཏེ། འཚོ་ བའི་གནས་སྐབས་ན་མ་མཐོང་བའི་ཕྱིར་རོ། །དེའི་བསྐྱེད་བྱ་གཞན་གྱི་ཚེ་གཞན་གྱི་བསྐྱེད་བྱ་ནི་མ་ཡིན་ཏེ། འབྲས་བུ་ཉིད་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གཞན་གྱི་བསྐྱེད་བྱ་བ་ཉིད་དུ་ཁས་ལེན་པ་ཡིན་ན་དེ་ཡང་གཞན་གྱི་ལུས་ཡིན་ཏེ་གཞན་མ་མཐོང་བའི་ཕྱིར་རོ། །དེ་ཡང་ དུ་མ་ཡིན་པའི་ཕྱིར་དབུགས་ཀྱང་དུ་མ་ཡིན་ནོ། །དེའི་ཕྱིར་དེའི་འབྲས་བུ་ཡང་དུས་གཅིག་ལ་དུ་མར་འགྱུར་རོ། །དེའི་ཕྱིར་དེ་ཁོ་ན་མ་ངེས་པ་ཉིད་ཡིན་པར་བསྟན་པ་ནི། དུ་མ་ཉིད་ཡོད་ཀྱང་ཞེས་བྱ་བའོ། །རྒྱུ་དུ་མ་ཉིད་མ་ཡིན་གྱི་སོ་སོ་སྣང་བ་ལས་ཀྱང་ཐ་དད་པ་ཡུལ་ཅན་ཕྱིར་ཞེས་བྱ་བ་ནི། རྒྱ་ཆེ་བར་དམིགས་པའི་ཕྱིར་རོ། །ཁས་བླངས་པ་དང་འགལ་བ་ཡིན་པར་བསྟན་པ་ནི། ཁྱེད་ལ་ནི་ཞེས་བྱའོ། །ཕའི་དབུགས་སྔོན་དུ་འགྲོ་བ་ཅན་ཡིན་ཡང་རང་གི་རིགས་སྔ་མ་དང་ལྡན་པ་ཉིད་ཀྱི་རང་གི་གོམས་པའི་འབྲས་བུ་ལ་དབྱེ་བ་མེད་པའི་ཕྱིར་གཅིག་གི་ངོ་བོའི་དབུགས་སུ་འགྱུར་ ཞེས་བསྟན་པ་ནི། དེ་ལྟ་བུའི་བདག་ཉིད་དུ་གྱུར་པ་ཞེས་བྱ་བ་སྟེ། ཐལ་བ་སྔ་མའི་ཞེས་བྱ་བ་ནི་རང་གི་གོམས་པའི་འབྲས་བུའི་དབྱེ་བྱེད་མེད་པའི་ཕྱིར་གཅིག་གི་ངོ་བོར་འགྱུར་ཏེ། ཕ་དང་མའི་དབུགས་རྒྱུ་ཉིད་ཡིན་པར་ཁས་བླངས་ཀྱང་ངོ་། །བརྡར་རྟོགས་པར་བྱེད་པ་ན་ཡང་བ་ལང་མཐོང་ བ་ལས་ཞེས་བྱ་བའི་རིགས་པས་རྣམ་ཤེས་དུ་མ་སྐྱེ་བར་འདོད་པ་ཁོ་ན་ཡིན་ནོ་སྙམ་དུ་སེམས་པ་ལ། རིགས་མཐུན་པའི་ཞེས་བྱ་བ་སྟེ། གལ་ཏེ་རིགས་ཐ་དད་པ་ཅིག་ཅར་སྐྱེ་བ་ཡང་མཚུངས་པར་ནི་མ་ཡིན་ཏེ། མ་མཐོང་བའི་ཕྱིར་རོ། །གལ་ཏེ་ཡང་དབུགས་ཀྱི་སྐད་ཅིག་མ་མང་པོ་ རྣམས་ཅིག་ཅར་སྐྱེ་བ་ཡིན་ན་དེ་རྣམས་ཁོ་ན་ཤེས་པ་རེ་རེ་སྐྱེད་པར་བྱེད་པ་ཡིན་ཏེ་ཐ་དད་པའི་ཕྱིར་རིགས་ཐ་དད་པ་སྐྱེད་པར་བྱེད་པ་ཡིན་གྱི་རིགས་མཚུངས་པའི་སྐྱེད་བྱེད་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ལ། སྐད་ཅིག་ཐ་དད་པ་ཉིད་ཀྱིས་ཞེས་བྱ་བའོ། །དབུགས་ལུས་བཞིན་དུ་དུ་མ་ཉིད་ ཡིན་ན། རེ་རེ་རྒྱུ་ཉིད་ཡིན་པས་ཅིག་ཅར་མང་པོ་འབྱུང་བར་འགྱུར་བའི་སྐྱོན་ལ་དེའི་ཕྱིར་བློ་ནི་ཅིག་ཅར་སྐྱེ་བ་ཞེས་བྱ་བ་འདིས་བསྟན་ནས། ལུས་རྒྱུ་ཉིད་ཡིན་ན་ནི། ཡན་ལག་གཅིག་དང་བྲལ་ནའང་མིན། །ཞེས་བྱ་བ་བཟླས་ནས་བརྗོད་པས་བསྟན་པ་ནི། གལ་ཏེ་དུ་མའང་གཅིག་དུས་ཅན། ། ཞེས་བྱ་བའོ། །འོན་ཏེ་གང་དང་གང་དབུགས་ཀྱི་ཉེ་བའི་ཡན་ལག་ཡིན་པ་དེ་དང་དེ་ཤེས་པའི་རྒྱུར་འགྱུར་རོ་སྙམ་དུ་སེམས་པ་ནི། ཇི་སྟེ་ཇི་ལྟར་ཡོད་རྒྱུ་ཡིན། །ཞེས་བྱ་བ་སྟེ། ཇི་ལྟར་ཡོད་པ་ནི་ཇི་ལྟར་སྲིད་པ་ཡིན་ལ། དབུགས་ནི་ཕུལ་དུ་བྱུང་བའི་ཡན་ལག་དང་འགྲིབ་པའི་ཡན་ ལག་ཀྱང་རྒྱུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལན་ནི། ཤེས་པ་ལ་ཡང་ཁྱད་པར་ཡོད་འགྱུར་ཏེ་ཕུལ་དུ་བྱུང་བ་དང་འགྲོ་བ་ཉིད་དོ། །རྒྱུ་རྣམ་པར་འགྱུར་བ་ཡིན་ཡང་དེའི་འབྲས་བུ་རྣམ་པར་འགྱུར་བ་མ་ཡིན་པར་བསྟན་པ་ནི། དེ་དེའི་འབྲས་བུ་མིན་ཞེས་བྱ་བ་སྟེ། ཐ་དད་པར་ཁྱད་པར་མེད་ པས་ཐ་དད་མིན་ཏེ། ཁྱད་པར་དུ་མི་འགྱུར་བ་སྟེ། དེའི་ཁྱད་པར་གྱི་ཁྱད་པར་ཅན་ཉིད་ཡིན་ན་དེའི་འབྲས་བུ་ཉིད་རྟོགས་པ་ཡིན་ཞེས་བྱ་བའི་དོན་ཏོ། །ཚོགས་པ་དང་མ་ཚོགས་པ་དག་ཟད་པ་དབུགས་ཞན་པར་རྒྱུ་བ་ལ་སོགས་པ་རྣམས་ལ་སྟེ། ཉུང་བ་ཉིད་ལ་མ་ ཚང་བ་ཉིད་ནི་མེད་པའོ། །དེ་ལྟ་བུའི་དེ་ནི་གཉི་ག་ལ་ཡང་ཚོགས་པ་མེད་པ་ཁོ་ན་མ་ཡིན་པར་བསྟན་པ་ནི་དེ་མེད་པར་འབྱུང་བ་ཞེས་བྱ་བའོ། །ཇི་ལྟར་ཡོད་རྒྱུ་ཞེས་བྱ་བའི་བཤད་པ་ནི་ཇི་ལྟར་གནས་པ་ཞེས་བྱ་བའོ། །གལ་ཏེ་ཇི་ལྟར་ཡོད་པའི་རྒྱུ་ཡིན་ན་ཉེ་བ་ན་གནས་པ་མ་ཡིན་པ་ཡང་ རྒྱུར་འགྱུར་རོ་ཞེས་བསྟན་པ་ནི། དེ་ལྟ་ན་འོ་ན་ཞེས་བྱ་བའོ། །དེ་ལྟར་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་ཡུལ་ལ་སོགས་པས་གསལ་བ་ནི། རྒྱུ་ཡིན་པ་མི་སྲིད་དེ་རྗེས་སུ་འགྲོ་བ་དང་ལྡོག་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་རྒྱུའི་ཁྱད་པར་གྱིས་ཁྱད་པར་ཅན་འབྲས་བུ་ཡིན་པར་བསྟན་ པ་ནི་དེའི་ཕྱིར་ཚོགས་པ་ལས་ཞེས་བྱ་བའོ། །གཞན་དུ་གྱུར་པ་ལས་ཞེས་བྱ་ནི་མི་ཉེ་བ་ལས་སོ། །གང་ཞིག་གང་གི་རྣམ་པར་འགྱུར་བར་བྱེད་པ་ནི། ཡོད་ན་འབྱུང་བ་ཡིན་པར་ཤེས་པ་ཡིན་ནོ་ཞེས་བསྟན་པ་ནི། མ་ཡིན་ཏེ། དེ་འགྱུར་ན་འགྱུར་བ་ཉིད་ལས་ཞེས་བྱ་བའོ། །དེ་འགྱུར་ན་འགྱུར་བ་ཉིད་མེད་ན་ཡང་དེའི་ཆོས་ཀྱི་ངོ་བོ་ནི་ དེ་མེད་ན་མེད་པའི་ཕྱིར་ཅི་ལས་དེའི་འབྲས་བུར་མ་གྱུར་སྙམ་དུ་སེམས་པ་ལ་དེ་ཡོད་ན་ནི་ཡོད་ཙམ་གྱིས་ཞེས་བྱ་བ་སྨོས་ཏེ། དེའི་འགྱུར་བ་དག་རྒྱུ་དང་ལྡན་པ་དག་མ་ཡིན་ན། དེའི་ཆོས་ཅན་དག་གི་ཡང་དེ་ལྟ་བུ་ཉིད་ཁོ་ནར་རྟོགས་པར་འགྱུར་ཏེ་རྒྱུ་མེད་པའི་ཤེས་པ་ཡིན་པར་ཁྱད་པར་མེད་པའི་ ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཡོངས་སུ་གྱུར་པའི་ཁྱད་པར་ལ་ལྟོས་པའི་ལུས་ནི་སེམས་ཀྱི་རྒྱུ་ཡིན་ལ་ཡོངས་སུ་གྱུར་པ་གཅིག་པའི་ཕྱིར་སྐྱེད་པར་བྱེད་པ་ཡིན་ཏེ། ཤི་བ་ལ་དེ་མེད་པའི་ཕྱིར་སྐྱེད་བྱེད་མ་ཡིན་ནོ་སྙམ་དུ་སེམས་པ་ལ། འདིས་ནི་ཡོངས་སུ་གྱུར་པ་ཞེས་བྱ་བའོ། ། དབུགས་བཞིན་དུ་ཡོངས་སུ་གྱུར་པ་ཡང་འཇིག་རྟེན་ཕ་རོལ་མེད་ན་དང་པོ་ཡང་མི་འགྱུར་བ་ཁོ་ན་ཡིན་ཏེ། རྒྱུ་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི། ཡོངས་སུ་གྱུར་པའི་རིམ་པ་དེའང་ཞེས་བྱ་བ་སྟེ། དེ་བཞིན་དུ་དེའི་ཁྱད་པར་མེད་པ་ཡང་རྣམ་ཤེས་ཀྱི་ཁྱད་པར་གྱི་རྒྱུར་མི་འགྱུར་ཏེ། ལུས་ ལ་ཁྱད་པར་མེད་པའི་ཕྱིར་རོ་ཁྱད་པར་ཡིན་ན་ཡང་ལུས་ཙམ་ལས་མི་འབྱུང་བའི་ཕྱིར་སླར་ཡང་ཁྱད་པར་རྟོགས་པ་ཡིན་ན་ཐུག་པ་མེད་པར་འགྱུར་བར་བསྟན་པ་ནི། ལུས་ཁྱད་མེད་ཕྱིར་དེ་ཡི་ཡང་། །ཞེས་བྱ་བའོ། །ཡོངས་སུ་གྱུར་པའི་ཁྱད་པར་མེད་ན་རྣམ་ཤེས་ཀྱི་ཁྱད་པར་འདོད་པ་ མ་ཡིན་ཏེ། དེ་རྒྱུ་མེད་པ་ཉིད་ཡིན་ན། རྣམ་ཤེས་ཀྱང་རྒྱུ་མེད་པ་ཅན་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་ཡོངས་སུ་གྱུར་པའི་ཁྱད་པར་ཡང་ལུས་ཀྱི་ཁྱད་པར་མེད་ན་མི་འབྱུང་བར་བསྟན་པ་ནི། ཇི་ལྟར་ཡོངས་སུ་གྱུར་པའི་ཁྱད་པར་མེད་ཀྱང་ཞེས་བྱ་བ་ལ་སོགས་པའི་ ཡོངས་སུ་གྱུར་པ་ལ་ཁྱད་པར་ཡིན་ན་ནི། རྩུབ་པ་དང་ཅིག་ཤོས་ཉིད་དུ་མཐོང་བ་ཡིན་ལ་དེ་བཞིན་དུ་ལུས་ལ་ཁྱད་པར་མེད་ཀྱང་དེའི་ཡོངས་སུ་གྱུར་པར་འགྱུར་བ་མ་ཡིན་ནམ་སྙམ་དུ་སེམས་པ་ནི། གལ་ཏེ་འོ་མ་ལ་སོགས་པའི་ཞེས་བྱ་བའོ། །འོ་མ་གཉིས་དུས་མཚུངས་པར་ གཞག་པ་ཁ་བས་དྲོ་བར་མཚུངས་པ་ནི་ཡོངས་སུ་གྱུར་པར་མཚུངས་པར་འགྱུར་བ་ཡིན་གྱི་ལུས་གཉིས་དུས་མཚུངས་པར་གནས་པ་ལ་སོགས་པ་ཡིན་ཡང་རྣམ་ཤེས་ཡོངས་སུ་གྱུར་པ་མཚུངས་པར་འགྱུར་བ་མ་ཡིན་ཏེ། མཚན་ཉིད་མི་མཐུན་པ་གཞན་དང་གཞན་པའི་རྣམ་ཤེས་མཐོང་བའི་ ཕྱིར་རོ། །དེའི་མི་མཉམ་པའི་དཔེ་ཡིན་པར་བསྟན་པ་ནི། འོ་མ་མཚུངས་པ་ཞེས་བྱ་བ་ལ་སོགས་པ་ནས་མཚུངས་པ་ཉིད་དོ་ཞེས་བྱ་བའི་བར་གྱི་ངག་གཅིག་ཡིན་ནོ། །ལུས་ཉིད་ནི་ཞེས་བྱ་བ་ནི་ཡོངས་སུ་གྱུར་པའི་ཞེས་བལྟ་བར་བྱའོ། །གལ་ཏེ་ལུས་རྣམ་ཤེས་ཡོངས་སུ་གྱུར་པའི་ རྒྱུ་མ་ཡིན་ན་གཞན་གང་ཡིན་ཞེས་ཟེར་བ་ལ། ལུས་མཚུངས་པ་དང་མི་མཚུངས་པ་དག་ལ་རྗེས་སུ་མཐུན་པ་གོམས་པའི་བག་ཆགས་ནི་རྒྱུ་མཚན་ཡིན་ཞེས་བྱ་བར་སྦྱར་རོ། །དེའི་ཕྱིར་ཇི་ལྟར་སྲིད་པའི་རྒྱུ་ལ་དེའི་ཁྱད་པར་ཡིན་ན་འབྲས་བུའི་ཁྱད་པར་ཁོ་ན་ཡིན་པར་ཉེ་བར་བསྡུ་བ་ནི་དེའི་ཚོགས་ པའི་འབྲས་བུ་ཉིད་ཅེས་བྱ་བ་སྟེ། ཇི་ལྟར་ཡོད་པའི་འབྲས་བུ་ཉིད་ལ་སྟེ། ཕུལ་དུ་བྱུང་བ་དང་འགྲིབ་པ་ཉིད་ལ་ཡོད་པའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་རེ་རེའི་ནུས་པ་ཉིད་ཡིན་ནའང་ངོ་། །དུ་མ་ཉིད་དོ་ཞེས་བྱ་བ་ནི་ཅིག་ཅར་མང་པོ་འབྱུང་བར་འགྱུར་བའོ། །དེ་ལྟ་ན་རྒྱུ་མཚན་གང་ལས་ རྣམ་ཤེས་རིམ་གྱིས་འབྱུང་བར་འགྱུར་སྙམ་དུ་སེམས་པ་ནི། གང་གི་ཞེས་བྱ་བའོ། །རྒྱུ་རྣམ་ཤེས་ནི་གཅིག་ཡིན་ལ། དེ་ལ་བསྡུས་པ་དང་རེ་རེའི་རྣམ་པར་རྟོག་པ་མེད་པའི་ཕྱིར་དེའི་ཕྱོགས་ལ་འབྱུང་བའི་སྐྱོན་མ་ཡིན་ནོ། །གཅིག་པོ་དེ་ཡང་གཅིག་གི་རྒྱུ་ ཡིན་ལ་དུས་གཞན་ལ་འབྱུང་བའི་རྣམ་ཤེས་ནི་དེའི་བསྐྱེད་བྱ་མ་ཡིན་ནོ། །གང་གི་ཕྱིར་དེ་ཡོད་པ་ལས་སྐད་ཅིག་མ་དང་པོ་ཁོ་ན་ལ་འབྱུང་བ་ཡིན་སྐད་ཅིག་མ་གཅིག་ལ་ཡོད་པ་གཅིག་པོ་ཁོ་ན་དུ་མ་ལ་ནུས་པ་ཅན་ནི་མ་ཡིན་ཏེ། རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་མ་རྟོགས་པའི་ཕྱིར་རོ། ། རྒྱུ་གཅིག་པའི་འབྲས་བུ་ནི་རྒྱུ་ཡོད་པར་གདོན་མི་ཟ་བ་མ་ཡིན་ནམ་དེའི་ཕྱིར་སྔ་ན་མེད་པའི་ཕྱིར་རྟག་ཏུ་བར་འགྱུར་རོ། །འདི་ཅི་མིག་གཉིས་བཙུམས་ནས་རྒོལ་བ་ཡིན་ནམ་གང་གི་ཕྱིར་འབྲས་བུའི་ཤེས་པ་མ་སྐྱེས་པ་ནུས་པ་ཅན་གཞན་ལས་སྐྱེ་བ་ཡིན་ལ་དེའི་གནས་སྐབས་སུ་འདིའི་འབྲས་བུ་ཡང་ མ་ཡིན་ཏེ། རྒྱུ་མེད་པའི་ཕྱིར་རོ། །དེའི་ཕྱིར་ཇི་ལྟར་སྔ་ན་མེད་པ་མ་ཡིན་དེ་སྐྱེས་ན་དེ་ལས་སྐྱེ་བ་ཡིན་པའི་ཕྱིར་ཇི་ལྟར་རྟག་ཏུ་བར་འགྱུར་ཞེས་བསྟན་པ་ནི། རྣམ་ཤེས་ནུས་པ་ངེས་པའི་ཕྱིར། །ཞེས་བྱ་བ་སྟེ། སྐད་ཅིག་མའི་རྣམ་ཤེས་གཅིག་ནི་ཤེས་པ་གཅིག་སྐྱེད་པ་ཁོ་ན་ལ་ནུས་པ་ཅན་དུ་ རྗེས་སུ་འགྲོ་བ་དང་ལྡོག་པ་དག་རྟོགས་པ་ཡིན་ཏེ། གཞན་གྱི་སྐྱེད་བྱེད་མ་ཡིན་ནོ་ཞེས་བྱ་བར་ངེས་པའོ། །འགྲེལ་པ་མཛད་པ་ནི་མེ་ལ་སོགས་པ་བཞིན་དུ་འབྲས་བུ་གཞན་དུ་མི་འཐད་པར་རྟོགས་པའི་ནུས་པས་རྗེས་སུ་མཐུན་པའི་བག་ཆགས་ཀྱི་རྣམ་ཤེས་མཐོང་བ་ཁོ་ན་ཡིན་པར་བསྟན་ པ་ནི། ནུས་པ་ངེས་པའི་ཞེས་བྱ་བའོ། །ནུས་པའི་མཚན་ཉིད་གཉིས་པ་བསྟན་པ་ནི། ཆགས་པའི་ཁྱད་པར་ཞེས་བྱ་བ་སྟེ། དེ་ཡང་ཤེས་པ་གཞན་འབྱུང་བ་ལ་གནོད་པ་ཁོ་ནར་མཐོང་བ་ཡིན་ནོ། །བག་ཆགས་དང་རྗེས་སུ་མཐུན་པ་ཞེས་བྱ་བ་བཤད་པ་ནི། བག་ཆགས་བརྟན་པ་ ཞེས་བྱ་བའོ། །འབའ་ཞིག་གམ་ཞེས་བྱ་བ་ནི། གཉིད་ལོག་པ་ལ་སོགས་པས་སེམས་རྒྱུན་ཆད་པ་ཡིན་ནོ། །དེའི་ཚེ་རྣམ་རྟོག་ཁོ་ན་སད་པ་ཡིན་གྱི་གཞན་ནི་མ་ཡིན་ནོ། །ཆགས་པའི་ཁྱད་པར་རམ་གནས་པའི་ངེས་པ་ཞེས་བྱ་བ་འདིའི་ཡུལ་བསྟན་པ་ནི། སྔོན་པོར་མཐོང་བའི་མཚུངས་ པ་དེ་མ་ཐག་པའི་རྐྱེན་ནི། སྔོན་པོའི་རྣམ་པར་རྟོག་པ་འབྱུང་བ་ལ་རྗེས་སུ་མཐུན་པའི་བག་ཆགས་སད་པ་ནི་དེ་ལ་ཆགས་པས་དེ་ལས་འབྱུང་བ་ཡིན་ནོ། །འབའ་ཞིག་གམ་ཞེས་བྱ་བ་འདི་ལ་ཉམས་སུ་མྱོང་བར་འཛིན་པ་ནི། འདི་ལྟར་ཞེས་བྱ་བའོ། །མཚུངས་པ་དེ་མ་ཐག་པའི་ རྐྱེན་ནམ་རྗེས་སུ་མཐུན་པ་སད་པ་ཞེས་བྱ་བ་འདི་ལ་སྤྱོད་པ་ནི་མཚུངས་པ་དེ་མ་ཐག་རྐྱེན་ལས་ཞེས་བྱ་བ་སྟེ། ཉེ་བ་ཉིད་དུ་ཞེས་བྱ་བ་ནི། སྔོན་པོ་མཐོང་བ་ནི་སྔོན་པོ་ནི་རྣམ་རྟོག་དང་ཉེ་བ་ཞེས་བྱ་བས་ཆགས་པའི་ཁྱད་པར་བསྟན་པ་ཡིན་ནོ། བར་དུ་གཅོད་པ་ནི་བར་ཆད་ལ་སོགས་འདི་ ཉིད་འཆད་པ་ནི། རྣམ་པར་ཤེས་པ་ལ་བར་དུ་གཅོད་པའི་བག་ཆགས་གང་དག་ཡིན་པ་དེ་དག་གི་རྣམ་པར་རྟོག་པའོ། །གཞན་གྱི་ཤེས་བྱ་གནས་སྐབས་ཡིན་པའི་ཕྱིར་རྣམ་རྟོག་ལས་སོ། །ཅི་ལས་ཤེས་ཤེ་ན། ཆགས་པའི་ཡུལ་ཡིན་པས་དེས་བར་དུ་ཆོད་པའི་ཕྱིར་དེ་རྣམས་སྐྱེ་བ་མིན་ ཞེས་པར་སྦྱར་རོ། །དེའི་ཕྱིར་དེ་ལྟར་ཆགས་པའི་ཁྱད་པར་གྱི་ངེས་པ་ལས་གཅིག་གམ་དེ་མེད་ན་དུ་མ་ཡང་སེམས་གཅིག་ལས་ཀྱང་སེམས་སྐྱེ་བར་འགྱུར་བ་ཡིན་གྱི་ནུས་པ་ཉིད་ཀྱི་ངོ་བོའི་ནུས་པ་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ཉེ་བར་བསྡུ་བ་ནི། དེ་བས་ན་རྣམ་པར་ཤེས་པ་ལས་ཞེས་བྱ་བའོ། ། ཤེས་པ་གཅིག་ལན་ཅིག་སྐྱེ་བཞིན་པ་ནི། རྒྱུ་གཅིག་པར་གོ་བར་བྱེད་ན་དུ་མའི་ངོ་བོའི་ལུས་ལ་མཚན་ཉིད་མི་མཐུན་པའི་གོ་བར་བྱེད་པ་ཡིན་ཞེས་བྱ་བ་དེ་དག་ཙམ་ལ་ཚད་མ་འཇུག་པ་མ་ཡིན་ནམ་དེ་རྣམ་པར་ཤེས་པ་ཞེས་བྱ་བ་ཅི་ལས་ཡིན། ཡོད་ཀྱང་ཡོད་པ་ཁོ་ན་ཡིན་ཏེ་ཅིག་ཅར་ཤེས་པ་མི་ སྐྱེ་བ་ནི་ཡིད་ཀྱི་རྟགས་ཡིན་གྱི་ནང་གི་ཆོས་བདེ་བ་ལ་སོགས་པ་རྣམས་ལ་ནི་རྒྱུ་མེད་པར་སྐྱེས་པ་སྐྱེ་བ་མ་ཡིན་ནོ་སྙམ་དུ་སེམས་པ་ལ། དོན་གཞན་ཆགས་པས་ནུས་པ་མེད། །ཅེས་བྱ་བ་སྟེ། སྔ་མའི་ཤེས་པ་ཁོ་ན་ཤེས་པ་གཅིག་གི་དུས་ན་ཤེས་པ་གཞན་མི་འབྱུང་བར་ནུས་པར་རྟོགས་པ་ ཡིན་གྱི་ཡིད་ཀྱི་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །ཤེས་པ་གཅིག་དུས་གཅིག་གི་ཚེ་འབྱུང་བ་ངེས་པ་ཅན་དེ་མ་ཐག་པ་གཅིག་གི་ངོ་བོའི་རྣམ་ཤེས་གོ་བར་བྱེད་པ་མ་ཡིན་ནམ་དེ་ཡང་རང་གི་རྒྱུ་དེ་ལྟ་བུ་ཡིན་ལ་དེ་ཡང་དེ་ལྟ་བུའི་ཡིན་ལ་དེ་ཡང་དེ་ལྟ་བུའི་ཡིན་པ་ནི་ཇི་སྲིད་དང་པོའི་རྣམ་ཤེས་ནི་ལུས་གཅིག་ལས་སམ་དུ་མ་ ལས་ཀྱང་རུང་ཚོགས་པའི་ངོ་བོ་ལས་སྐྱེ་བ་དེ་སྐྱེ་བ་དེ་སྲིད་དུ་གོ་བ་ཡིན་གྱི་དུས་གཞན་ན་འབྱུང་བ་ནི་མ་ཡིན་ཏེ། དེ་ལ་ལྟོས་ནས་དེ་སྐྱེད་བྱེད་མ་ཡིན་པའི་ཕྱིར་དང་དང་པོ་ཤེས་པ་སྐྱེ་བ་ཁོ་ན་ལ་ནུས་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཤེས་པ་ཐམས་ཅད་དེ་ཁོ་ན་བཞིན་ འགྱུར་ཏེ། ནུས་པའི་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བར་ཐལ་བར་འགྱུར་རོ་སྙམ་དུ་སེམས་པ་ནི། གལ་ཏེ་ལུས་ཉིད་ལས་ཞེས་བྱ་བ་སྟེ་ཡང་གི་སྒྲས་ནི་ཤེས་པ་གཅིག་སྐྱེ་བ་ཡང་ངོ་། །གལ་ཏེ་ཤེས་པ་དུ་མ་ཡིན་ན་ཇི་ལྟར་ཤེས་པ་གཅིག་ཡིན་རྒྱུ་དུ་མ་ཉིད་ལ་འབྲས་བུ་མང་པོ་མཐོང་བའི་ ཕྱིར་རོ་སྙམ་དུ་སེམས་ན། ཡང་དེ་ལ་ཟེར་བ་ནི། དཔེར་ན་དབང་པོའི་རྣམ་པར་ཤེས་པ་དུ་མ་ཞེས་བྱ་བ་སྟེ། དེ་ཟེར་བ་ནི། གལ་ཏེ་ལུས་ལས་ཞེས་བྱ་བའོ། །ལན་ཅིག་ཅེས་བྱ་བ་ནི། དུས་གཞན་ན་མི་སྐྱེ་བ་ཞེས་བྱ་བ་ནི་དོན་ཏོ། །འདི་ཡང་རང་ཡིན་ལ་རིགས་ཀྱང་ཡིན་ལ་ཞེས་བྱ་བའི་ཤེས་པའི་ ནུས་པ་ཞེས་བྱ་བའི་དོན་ཏོ། །དང་པོ་སྐྱེད་བྱེད་ཀྱི་ལུས་དུས་ཕྱིས་ངོ་ཤེས་པ་ལས་རྗེས་སུ་འཇུག་པར་མཐོང་བའི་ཕྱིར་རོ། །ཇི་ལྟར་སྐྱེད་བྱེད་མ་ཡིན་པའམ་དེའི་ཚེ་ཁོ་ན་དེའི་བསྐྱེད་བྱ་མེད་པ་ཇི་ལྟར་ཡིན་ཏེ་བསྟན་པ་ནི། དེས་ན་ལུས་ཀྱི་ནུས་པ་ནི། དེས་ན་ལུས་ཀྱི་ནུས་པ་ནི། །ཞེས་བྱ་བ་སྟེ། ལུས་ཀྱང་སྐྱེད་བྱེད་ཡིན་ལ་རྣམ་ ཤེས་ཀྱང་ཡིན་ཞེས་བྱ་བ་རྣམ་པར་འགྲེལ་བ་ནི། གལ་ཏེ་ལུས་ལས་ཞེས་བྱ་བ་སྟེ། གང་གི་ཚེ་ཡང་དང་ཡང་དུ་སྐྱེད་པར་བྱེད་པ་དེའི་ཚེ་ཁྱད་པར་མེད་པའི་ཕྱིར་དང་པོའི་ཚེ་ཁོ་ན་སྐྱེད་པར་བྱེད་པ་ཁོ་ན་ཞེས་བྱ་བའི་དོན་ཏོ། །འོན་ཏེ་ཡང་དང་ཡང་དུ་སྐྱེད་པར་བྱེད་པ་ཡིན་ཏེ། བསྐྱེད་བྱའི་ཤེས་པས་ཉེ་ བར་གནོད་པའི་ཕྱིར་རོ་སྙམ་དུ་སེམས་པ་ནི། འོན་ཏེ་རྣམ་པར་ཤེས་པ་དེས་ཞེས་བྱ་བ་སྟེ། ཤེས་པ་གཅིག་ཁོ་ན་ལས་ནུས་པའི་ཕྱིར་དང་དུས་གཞན་གྱི་བསྐྱེད་བྱ་མེད་པའི་ཕྱིར་ཁྱད་པར་མེད་པར་ཤེས་པ་དུ་མ་ཅིག་ཅར་སྐྱེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལན་ནི་དོན་འདི་ཞེས་བྱ་བ་སྟེ། འབྲས་བུའི་རྒྱུའི་ནུས་པ་ལ་ཉེ་བར་གནོད་པའི་འོ། །གང་ཡུལ་དུ་བྱས་པ་ཡིན་ཞེ་ན། རྣམ་ཤེས་ཉིད་ལས་ཞེས་བྱ་བའོ། །ཚད་མ་གཉི་ག་ལས་གྲུབ་པའི་རྣམ་ཤེས་ནི་རྣམ་ཤེས་ཉིད་ལས་སོ། །དཔེར་ན་འཚོ་བའི་གནས་སྐབས་ན་རྣམ་ཤེས་ཉིད་ལས་རྣམ་ཤེས་ཡིན་པ་ནི་དེའི་འདུ་བྱེད་ཀྱི་ རྗེས་སུ་བྱེད་པའི་ཕྱིར་ཡིན་ལ། དེ་བཞིན་དུ་དང་པོའི་གནས་སྐབས་ལ་ཡང་ཡིན་གྱི་ལུས་ལས་ནི་མ་ཡིན་ཏེ་འགལ་བའི་འབྲས་བུ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རྣམ་པར་ཤེས་པ་དང་བྲལ་བའི་ལུས་ཉིད་ལས་ཞེས་བྱ་བ་སྟེ། རྣམ་པར་ཤེས་པ་དུ་མ་སྐྱེ་ཞིང་ཞེས་བྱ་བ་ནི། གཅིག་ གམ་དུ་མ་ལ་ཡང་མ་གུས་པའི་བསམ་པས་སོ། །ཤེས་པ་དུ་མ་གཞན་དང་གཞན་སྐྱེད་པར་བྱེད་པ་ནི་ནུས་པ་ལ་ཁྱད་པར་མེད་པའི་ཕྱིར་དུས་གཅིག་ལས་ཤེས་པ་དུ་མ་སྐྱེད་པར་བྱེད་པ་ཡིན་པར་དགོངས་པའོ། །འབྲས་བུ་རྒྱུ་རྣམས་ཀྱི་ནུས་པ་ལ་ཉེ་བར་གནོད་པ་མ་བྱས་ཀྱང་གཅིག་ གིས་བྱས་པ་ལ་གཞན་ཡལ་བར་འདུག་པར་མཐོང་བ་ཡིན་ནོ་སྙམ་དུ་སེམས་པ་ལ་རྒྱུ་རྣམས་རྟོག་པ་དང་ལྡན་པ་ནི་འགའ་ཡང་མེད་དོ་ཞེས་བྱ་བ་སྟེ། གང་གི་གང་ལས་ཞེས་བྱ་བ་ནི་རྒྱུའི་ལྔ་པ་ཡིན་ནོ། །གལ་ཏེ་ཡང་འབྲས་བུས་ཉེ་བར་གནོད་པ་ནི་གཞན་ལ་མི་སྣང་ཡང་འདི་ཉིད་ལ་ཅིས་ མི་སྲིད་པ་ཡིན་སྙམ་དུ་སེམས་པ་ནི། འོན་ཏེ་བརྒྱ་ལ་ཞེས་བྱ་བ་ནི། ལན་ནི་ལུས་ལས་ཞེས་བྱ་བ་སྟེ། ལུས་ནི་ཤེས་པ་ལས་སྐྱེད་བྱེད་ཉིད་དུ་ངེས་བ་ཡིན་ན་ཕྱི་མའི་དུས་སུ་སྐྱེད་པར་མི་བྱེད་པས་ཉེ་བར་གནོད་པ་སྲིད་པར་འགྱུར་རོ། །རྣམ་ཤེས་དུ་མ་ཞེས་བྱ་བ་ནི་སྐྱེད་བྱེད་ཉིད་ཙམ་དུ་དགོངས་ པས་སོ། །དུ་མ་འཛིན་པ་ནི་གཙོ་བོ་མི་བྱེད་པས་སོ། །དོགས་པར་འགྱུར་བ་ལ། ལ་ལར་ཞེས་བྱ་བ་ནི་དུས་ཕྱིས་ཤེས་པ་ཉིད་ལ་ཤེས་པ་ཡིན་ནོ། །རྒྱུ་མཚན་ནི་ལུས་སྐྱེད་པར་བྱེད་པའི་ནུས་པ་ཅན་དུ་ངེས་པའོ། །ལུས་བཞིན་དུ་རྣམ་ཤེས་ཀྱི་ཡང་ཅི་ལས་དེ་ངེས་པ་ཡིན་ཞེས་པ་ལ། དེའི་ ཕྱོགས་སུ་ལྷུང་བའི་ཞེས་བྱ་བ་སྨོས་ཏེ། གོམས་པའི་འདུ་བྱེད་པའི་ཁྱད་པར་གྱིས་ངེས་པར་རྣམ་ཤེས་ཀྱི་སྐྱེད་བྱེད་ཡིན་ལ་གཅིག་སྐྱེད་པར་བྱེད་པ་འདི་ཡིན་པར་ཉམས་སུ་མྱོང་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དབང་པོ་དུ་མའི་བསྐྱེད་བྱ་ཤེས་པ་དུ་མ་ཡིན་པར་མཐོང་བ་མ་ཡིན་ནམ། དེ་བཞིན་ དུ་ལུས་ཀྱི་བསྐྱེད་བྱར་ཡང་འགྱུར་སྙམ་དུ་སེམས་པ་ནི། བརྗོད་བྱ་མ་ཡིན་ནམ་ཞེས་བྱ་བའོ། །དབང་པོ་ཡང་སྔ་མའི་རྣམ་ཤེས་དང་བྲལ་ན་རྣམ་ཤེས་ཀྱི་རྒྱུ་མ་ཡིན་ཏེ་རྣམ་ཤེས་ཀྱི་འདུ་བྱེད་པ་མེད་ན་མེད་པའི་ཕྱིར་རོ། །དེ་ནི་གཅིག་གམ་དུ་འམ་ཡང་རུང་ནུས་པ་ཡོད་པ་དང་མེད་པ་དག་གིས་ རྣམ་ཤེས་སྐྱེད་པར་བྱེད་པ་ཡིན་པར་བརྗོད་པ་ནི། བདེན་ཏེ་ཞེས་བྱ་བ་ལ་སོགས་པའོ། །དེ་དེ་ལྟར་རྣམ་ཤེས་ཀྱི་ངེས་པར་རྣམ་ཤེས་གཞན་གྱི་འདུ་བྱེད་པའི་རྗེས་སུ་བྱེད་ན། འཇིག་རྟེན་ཕ་རོལ་མེད་ན་མི་སྲིད་པ་ཡིན་པར་བསྟན་པ་ནི། གཞན་ལ་ཞེས་བྱ་བའོ། ། ལུས་རྒྱུ་ཉིད་ཡིན་ན་གསལ་བ་མང་པོ་ཁོ་ན་ཡིན་ཏེ། དེའི་རྟག་ཏུ་ཉེ་བ་ཡིན་ནོ་ཞེས་བསྟན་པ་ནི། དེས་ན་ལུས་དེ་ཞེས་བྱ་བའོ། །ནུར་ནུར་པོའི་ངོ་བོའི་ལུས་ཤེས་པའི་སྐྱེད་བྱེད་མ་ཡིན་ནམ། གཞན་ནི་དེ་དང་མཚན་ཉིད་མི་མཐུན་པ་ནི་དེའི་སྐྱེད་བྱེད་མ་ཡིན་ནོ། །དེའི་ཕྱིར་ནུས་པ་དང་ལྡན་ པའི་ལུས་ནི་ལྡོག་པ་ཅི་ལས་ཡིན་ཞེས་བྱ་བ་མི་རིགས་པ་ཡིན་སྙམ་དུ་སེམས་པ་ནི། འོན་ཏེ་ལུས་དེའི་ཞེས་བྱ་བའོ། །ནུར་ནུར་པོ་དང་། མཚན་ཉིད་མི་མཐུན་པ་སྐྱེད་བྱེད་མ་ཡིན་ན། དེ་དང་ལྷན་ཅིག་མ་བྲལ་བའི་རྣམ་ཤེས་སུ་མི་འགྱུར་བར་བསྟན་པ་ནི། གལ་ཏེ་དང་པོའི་ལུས་ཉིད་ ཀྱི་ཞེས་བྱ་བ་ལ་སོགས་པ་སྟེ། ལན་ཅིག་ཉེ་བར་ལེན་པ་ཉིད་དུ་འབྲས་བུའི་ཁྱད་པར་ལ་ངེས་ན་དེ་ཉིད་ལ་ལྷན་ཅིག་བྱེད་པ་ཉིད་ནི་དེ་དང་འགལ་བ་ཉིད་དུ་མི་འགྱུར་བར་བསྟན་པ་ནི། གལ་ཏེ་ལུས་ཞེས་བྱ་བའོ། །བ་ལང་གི་ལྕི་བ་དང་ཨུཏྤ་ལའི་རྩ་བའི་དབྱེ་བ་བཞིན་དུ་ལུས་དང་རྣམ་ཤེས་ལས་ བྱུང་བའི་རྣམ་ཤེས་ཀྱི་དབྱེ་བ་ཡིན་ནོ་སྙམ་དུ་སེམས་པ་ལ། རྣམ་ཤེས་དག་གི་དབྱེ་བ་ནི་གོམས་པའི་བསྐྱེད་བྱའི་ཁྱད་པར་ཉིད་དུ་བྱེ་བྲག་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི། གསལ་བ་ལ་སོགས་པ་ཞེས་བྱ་བའོ། །སེམས་ལ་ལུས་ནི་ཉེ་བར་ལེན་པ་ཉིད་མ་ཡིན་ན་སེམས་ཀྱི་འདུ་བྱེད་པའི་རྗེས་སུ་ འཇུག་པར་ངེས་པས་ལྷན་ཅིག་བྱེད་པ་ཉིད་མེད་པ་ལ་ཡང་རྒྱུ་མཚན་མཚུངས་པ་ཡིན་ནོ་ཞེས་ཟེར་བ་ནི། ཁྱེད་ཀྱི་ལྟར་ན་ཡང་ངོ་ཞེས་བྱ་བའོ། །རྟེན་མིན་ཕྱིར་ནི་ཉེ་བར་ལེན་པ་མ་ཡིན་པའི་ཕྱིར་རོ། །ལྷན་ཅིག་བྱེད་པ་མ་ཡིན་པའི་ཕྱིར་ལུས་ལ་བརྟེན་པ་མ་ཡིན་པའི་སེམས་ནི་ལུས་མེད་ཀྱང་རྣམ་པར་ གནས་པར་འགྱུར་རོ་ཞེས་བྱ་བའི་ཕྱོགས་ལ་ཁས་ལེན་པ་ཡིན་པར་བསྟན་པ་ནི། སེམས་ཀྱི་རྒྱུ་ནི་གནས་པའི་རྒྱུ་སྟེ། གནས་པ་ནི་རྒྱུན་མ་ཆད་པ་ཡིན་པ་དེའི་རྒྱུ་ནི་ལས་ཀྱི་མིང་ཅན་ཏེ་དེ་ནི་ལུས་ཀྱི་རྒྱུ་ཡིན་ནོ། །དེའི་ལུས་ཀྱི་རྒྱུ་ནི་སྐྱེ་མཆེད་ལྔའོ། །དེའི་འཇུག་པ་ཐོབ་པ་ནི་ལུས་གཞན་ བསྐྱེད་པའི་བྱ་བའོ། །དེའི་དོན་དུ་ཡན་ལག་ཉིད་དེ་རྒྱུ་མཚན་དུ་གང་གི་ཚེ་མི་འགྱུར་ན་སྟེ་ལུས་ལ་སྲེད་པ་དང་བཅས་པའོ། །དེའི་ཚེ་རྒོལ་བ་ཁས་བླངས་པ་ཡིན་ནོ་ཞེས་གནས་སྐབས་ལ་ལྟོས་ནས་ལྷག་མའི་དོན་ཡིན་ནོ། །དེའི་རྒྱུ་འཇུག་པ་ན་ཐོབ་དོན་དུ་ཞེས་བསྟན་པ་དེའི་རྒ