Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 180

Văn bản gốc(Tây Tạng)

Trang 18 / 25 (50.000 ký tự/trang)
་བསྟན་པ་ནི། གལ་ཏེ་
རྣམ་ཤེས་འགའ་ཞིག་ནི། །ཞེས་བྱ་བའོ། །རྣམ་ཤེས་སྔ་མའི་བྱ་བ་དང་རྗེས་སུ་མཐུན་པ་ཉིད་ཡང་སྟེ། དབང་པོ་དང་སྣང་བ་དང་ཡུལ་ཙམ་ཉིད་ལས་དེ་སྐྱེ་བ་ཡིན་ཡང་མ་ངེས་པའི་ཕྱིར་མ་སྐྱེས་པ་བཞིན་དུ་ཐ་སྙད་བྱེད་པ་མ་ཡིན་ནམ། ཇི་ལྟར་སྔོན་པོའི་རྣམ་པར་རིག་པ་ཡང་མ་ངེས་པའི་ཕྱིར་སྔོན་པོ་ཞེས་

བརྗོད་པ་མ་ཡིན་ལ་ངེས་པར་ཡིན་ན་ནི་དེ་ལྟར་འགྱུར་རོ་སྙམ་དུ་སེམས་པ་ནི། དེ་ནི་སྐྱེས་མོད་ཀྱི་ཞེས་བྱ་བའོ། །དེ་ལྟར་ན་ཐམས་ཅད་དུ་རིག་པ་མེད་པ་ནི་ངེས་པ་མེད་པ་ཁོ་ནའི་ཕྱིར་ཞེས་ཐ་སྙད་དུ་བྱེད་པ་ཡིན་གྱི། རང་མེད་པས་ནི་མ་ཡིན་པ་དེ་ལྟ་མིན་ན། རིག་པ་ལ་ཐེ་ཚོམ་ཟ་བས་འགར་ཡང་བུམ་
པ་ལ་སོགས་པ་མེད་པར་མི་འགྱུར་བར་བསྟན་པ་ནི། གལ་ཏེ་རྣམ་ཤེས་ཞེས་བྱ་བ་སྟེ། དེ་ཡང་ཞེས་བྱ་བ་ནི་རྣམ་ཤེས་སོ། །དེ་ཞེས་བྱ་བ་ནི་ངེས་པའི་རྒྱུ་རིག་པའོ། །དེ་བཞིན་དུ་རིག་པའི་རྒྱུ་དབང་པོ་ལ་སོགས་པ་ཉམས་པ་ཡིན་ནོ། །དེ་དེ་ལྟར་སྔ་མའི་རྣམ་ཤེས་དང་ལྷན་ཅིག་པའི་དབང་པོ་ནི་རང་གི་
ཤེས་པའི་རྒྱུ་ཡིན་པར་བསྟན་ནས་ད་ལྟར་ནི་སྔ་མའི་རྣམ་ཤེས་ཉིད་ལས་འདིར་འབྱུང་བ་ཡིན་པའི་ཕྱིར་དབང་པོའི་རྒྱུ་མ་ཡིན་པར་བསྟན་པ་ནི། གོམས་པའི་སྟོབས་ལས་བྱུང་བ་ཡིན་ཞེས་བྱ་བ་སྟེ་མི་འཁྲུལ་བ་ཉིད་ནི་མི་སླུ་བ་ཡིན་ཏེ། དོན་ཡོད་པའི་ཕྱིར་དང་། འཁྲུལ་པ་ཉིད་ལ་ནི་དེ་
མེད་པའི་ཕྱིར་དབང་པོ་ཡོད་པ་དང་མེད་པས་བྱས་པ་ནི་མ་ཡིན་ཏེ། དབང་པོ་ཡོད་ཀྱང་རབ་རིབ་ཅན་གྱིས་སླུ་བ་ཡོད་པའི་ཕྱིར་རོ་ཞེས་བསྟན་པ་ནི། དོན་ཡོད་པ་དང་མེད་པ་ལས་ཞེས་བྱ་བ་སྟེ་སད་པ་ཞེས་བྱ་བ་ནི་དབང་པོ་འདིའི་ཁྱད་པར་རོ། །གཉིད་ལོག་པའི་དབང་པོ་ནི་གོམས་པ་
ལས་བྱུང་བ་ཡིན་ཡང་སད་པ་ནི་མ་ཡིན་པ་མ་ཡིན་ནམ། རང་གི་རྒྱུ་མེད་པའི་ཕྱིར་རོ་སྙམ་དུ་སེམས་པ་ལ། འབྲས་བུ་དབང་པོ་ཐ་མི་དད་པའི་ཕྱིར་དང་། གོམས་པའི་བསྐྱེད་བྱའི་ཁྱད་པར་ཉིད་ནི་སད་པའི་དབང་པོ་ལ་ཡང་ཡོད་པའི་ཕྱིར་གོམས་པའི་བསྐྱེད་བྱ་ཉིད་ཁོ་ན་ཡིན་པར་བསྟན་
པ་ནི། འབྲས་དངོས་ཞེས་བྱ་བ་སྟེ། གོམས་པ་ལས་བྱུང་བའི་དབང་པོ་ལ་ནི་མ་ལ་སོགས་པའི་རྒྱུ་ལྷན་ཅིག་བྱེད་པ་ཡིན་ཞེས་བྱ་བའི་དོན་ཏོ། །རྣམ་ཤེས་འབའ་ཞིག་ནི་མ་ཡིན་ཏེ། དབང་པོ་ཡང་གོམས་པའི་བསྐྱེད་བྱ་ཡིན་པའི་ཕྱིར། རྣམ་ཤེས་ཀྱི་བསྐྱེད་བྱ་ཡིན་པར་ཉེ་བར་བསྡུ་
པ་ནི། དེས་ན་དབང་པོ་ཉིད་ཅེས་བྱ་བའོ། །དེ་ཡང་འདི་ལྟར་སེམས་འབྱུང་བ་ལ་བརྟེན་པ་ཉིད་ཀྱི་འཇིག་རྟེན་ཕ་རོལ་པོ་མ་ཡིན་པའི་སེམས་ཀྱི་རྟེན་ཉིད་དུ་སྒྲུབ་པ་ལ་གཏན་ཚིགས་དབང་པོའི་བསྐྱེད་བྱ་ཉིད་མ་གྲུབ་པ་ཡིན་ལ་འགལ་བར་ཡང་བསྟན་ནས་ད་ནི་སྐྱེ་བ་སྔ་མ་པའི་རང་གི་

སེམས་རྟེན་ཉིད་དུ་སྒྲུབ་པ་ལ། འདུ་བྱེད་པ་ཙམ་གྱི་རྗེས་སུ་བྱེད་པ་ཅན་ཉིད་ནི་མ་ངེས་པ་ཡིན་ཏེ། སྐྱེ་བ་འདི་པ་ཙམ་ལ་སོགས་པའི་སེམས་ཀྱི་རྟེན་ཉིད་ལ་ཡང་ཡོད་པའི་ཕྱིར་ལ་དེའི་འདུ་བྱེད་པའི་རྗེས་སུ་བྱེད་པ་ཅན་ཉིད་དུ་མ་གྲུབ་པར་བསྟན་པ་ནི། འཇིག་རྟེན་ཕ་རོལ་པོའི་ཞེས་
བྱ་བའོ། །དེའི་འདུ་བྱེད་པའི་རྗེས་སུ་འཇུག་པ་ཉིད་གཏན་ཚིགས་ཡིན་པས་མ་གྲུབ་པ་ཡང་མ་ཡིན་ཏེ། ངེས་པས་སེམས་ཀྱི་འདུ་བྱེད་པའི་རྗེས་སུ་འཇུག་པའི་ཕྱིར་མཐོང་བ་ཡིན་པར་བསྟན་པ་ནི། ཕ་དང་མ་ཡི་རང་བཞིན་གྱིས། །ཞེས་བྱ་བའོ། །དེ་འགྱུར་ཡང་ཞེས་བྱ་བ་འདི་ལས་བཟློག་པའི་སྐྱོན་བསྟན་
པ་ནི་གལ་ཏེ་དེའི་ཞེས་བྱ་བའོ། །ཕ་དང་མའི་སེམས་ཀྱི་འདུ་བྱེད་པ་འབའ་ཞིག་ལས་ནི་བུའི་སེམས་ཀྱི་འདུ་བྱེད་པ་མ་ཡིན་པ་མ་ཡིན་ནམ། དེ་ལྟ་མོད་ཀྱི་དེར་སྒྲོ་འདོགས་པར་བྱེད་པའི་ལྷན་ཅིག་བྱེད་པ་ལས་ཡིན་ནོ། །ཇི་ལྟར་དེ་དག་ཉིད་དེ་ལས་གཞན་པའི་ལྷན་ཅིག་བྱེད་པ་ལས་ཡིན་ནོ་སྙམ་
དུ་སེམས་པ་ནི། འོན་ཏེ་ཇི་ལྟར་ཞེས་བྱ་བ་སྟེ། དེ་དག་གི་འདུ་བྱེད་པ་གང་ཡིན་པ་དེར་སྒྲོ་འདོགས་པ་འདོན་པ་པོའམ་འཆད་པ་པོ་ལྷན་ཅིག་བྱེད་པའི་རྒྱུ་གང་ཡིན་པ་དེ་དེའི་རང་བཞིན་ཉིད་ནི། དེ་སྟེ་ཕ་དང་། དེའི་སྟེ་མ་དང་འབྲེལ་པ་ཅན་དུ་འགྱུར་རོ། །འདོན་པ་པོ་ནི་མ་ལ་སོགས་པའི་ལྷན་ཅིག་
བྱེད་པའི་རྒྱུ་ཡིན་ཏེ་དེའི་ངོ་བོ་ཉིད་ཀྱིས་ནི་མ་ཡིན་ནོ་ཞེ་ན་མ་ཡིན་ཏེ། དེ་ཡང་དེའི་རྒྱུ་ཡིན་པར་བྱེ་བྲག་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འདུ་བྱེད་པ་ཡང་ཞེས་བྱ་བ་ནི། འདོན་པ་བོས་རག་ལས་པར་བྱ་བ་ལའོ། །རེས་འགའ་ནི་མངོན་པ་འདོད་པ་མེད་ནའོ། །དེ་རྣམ་པར་འགྱུར་བ་མེད་ཀྱང་
འགྱུར་བ། །ཞེས་བྱ་བའི་རྣམ་པར་འགྲེལ་པ་ནི། དེ་ལྟ་མ་ཡིན་པར་ཞེས་བྱ་བའོ། །མ་ལ་སོགས་པའི་རང་བཞིན་གྱི་རྗེས་སུ་འཇུག་པ་མ་ཡིན་དུ་ཟིན་ཀྱང་མཁན་པོའི་འདུ་བྱེད་པའི་རྗེས་སུ་འཇུག་པ་ཡང་རང་གི་འདུ་བྱེད་པའི་རྗེས་སུ་འཇུག་པ་ལ་འགལ་བ་མེད་པ་ཁོ་ན་ཡིན་ནོ་སྙམ་དུ་སེམས་པ་
ནི། མཁན་པོའི་ཞེས་བྱ་བའོ། །རང་གི་རྣམ་ཤེས་སྔོན་དུ་འགྲོ་བ་མངོན་པར་འདོད་པའི་ཁྱད་པར་ཁོ་ན་ལས་དེ་འབྱུང་བའི་ཕྱིར་སྐྱོན་མེད་པ་ཡིན་པར་བསྟན་པ་ནི། མ་ཡིན་ཏེ། དེ་མེད་ན་ཞེས་བྱ་བའོ། །དེ་རྣམ་པར་འགྱུར་བ་མེད་ཀྱང་འགྱུར་བའི་ཕྱིར་ཞེས་བྱ་བ་འདི་ནི་འཇིག་རྟེན་ཕ་རོལ་སྒྲུབ་པར་བྱེད་པའི་མཆོག་

ཡིན་པར་བསྟན་པ་ནི། དེས་ན་འཇིག་རྟེན་ཕ་རོལ་མེད་པར་ནི་ཞེས་བྱ་བའོ། །འདུ་བྱེད་རྗེས་སུ་འཇུག་ཅེས་བྱ་བ་ནི། ཕའིའོ་ཞེས་བྱ་བ་ལ་ལྟོས་པ་ཡིན་ནོ། །ཅི་ལས་ཤེས་ཤེ་ན། ཕའི་རང་བཞིན་རྗེས་སུ་འཇུག་པར་ཞེས་བྱ་བའོ། །འོན་ཏེ་ཇི་ལྟར་ཞེས་བྱ་བ་འདི་རེས་འགའ་ཞེས་བྱ་བ་ལ་ལྟོས་པ་
ཡིན་ཏེ་དེ་རྒྱུ་མ་ཡིན་ན་རེས་འགའ་ཡང་མི་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་རྒྱུ་དེའི་འབྲས་བུ་གཞན་ལས་ཀྱང་ཇི་ལྟར་འབྱུང་བར་བསྟན་པ་ནི་ཕའི་རང་བཞིན་ཐམས་ཅད་ཅེས་བྱ་བའོ། །རང་གི་སེམས་ཀྱི་བསྐྱེད་བྱ་ཁོ་ན་ཡིན་ན། ཇི་ལྟར་རེས་འགའ་ཕའི་རང་བཞིན་གྱི་རྗེས་སུ་འཇུག་
པར་བྱེད་ཅེས་པ་སེལ་བ་བསྟན་པ་ནི། དེའི་རང་བཞིན་ཞེས་བྱ་བ་སྟེ་ཕའི་རང་བཞིན་ནོ། །དེའི་ཕྱིར་སེམས་ཅན་ཐམས་ཅད་རང་གི་རྒྱུད་ཁོ་ནའི་འདུ་བྱེད་པའི་རྗེས་སུ་འཇུག་པ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དེ་སྐད་དུ་ཡང་དེའི་ཕྱིར་ངེས་པར་བདག་ཉིད་ཀྱི་འདུ་བྱེད་ཀྱི་ནི་རྗེས་སུ་
འཇུག་པ་ཞེས་གསུངས་པའོ། །འདི་ཁོ་ནས་རང་གི་རྒྱུད་ཀྱི་འདུ་བྱེད་པའི་རྗེས་སུ་འཇུག་པའི་ངེས་པས་རྣམ་ཤེས་གཅིག་སྲོག་ཆགས་ཐམས་ཅད་ཀྱི་རྣམ་ཤེས་རྣམས་ཀྱི་སྐྱེ་གནས་ཡིན་ནོ་ཞེས་མ་ལ་སོགས་པའི་རྣམ་ཤེས་བཞིན་དུ་གསལ་བ་ཡིན་པར་བསྟན་པ་ནི། འོན་ཏེ་ཇི་ལྟར་ཞེས་
བྱ་བའོ། །གལ་ཏེ་འདུ་བྱེད་པའི་རྗེས་སུ་འཇུག་པ་ཡིན་ན་བདག་ཉིད་ཐམས་ཅད་ཀྱིས་འགྱུར་གྲང་ན་དེའི་རང་བཞིན་བཞིན་དུ་ཅིག་ཤོས་ཀྱང་མི་འགྱུར་བར་བསྟན་པ་ནི། འཇིག་རྟེན་ཕ་རོལ་ཏུ་སྨྲ་བ་ལ་ཡང་ཞེས་བྱ་བའོ། །སྔོན་གྱི་འདུ་བྱེད་པའི་རྗེས་སུ་བྱེད་པའི་མངོན་པར་འདོད་པའི་ཁྱད་པར་ལ་
སོགས་པ་རེ་ཞིག་རྗེས་སུ་འཇུག་པ་ཡིན་ལ། དེས་དེའི་བསྐྱེད་བྱ་ཡིན་པར་ཤེས་པས་རང་བཞིན་གཞན་གྱི་རྗེས་སུ་འཇུག་པ་ལ་རྒྱུ་མཚན་གཞན་ཡིན་པར་བརྟག་པར་བྱ་བ་ཡིན་པར་བསྟན་པ་ནི་མ་ཡིན་ཏེ། རྣམ་པར་གཡེང་བའམ་ཞེས་བྱ་བ་སྟེ། མ་ལ་སོགས་པ་དང་རྒྱུད་གཅིག་ཡིན་ན་
བུའི་རང་གི་ཉམས་སུ་མྱོང་བའི་ཉམས་སུ་མྱོང་བ་དྲན་པ་ནི་དེའི་ལུས་ལ་ཡང་འགྱུར་རོ་ཞེས་དེའི་རྒྱུད་ཉིད་ལ་འབྲས་བུ་མེད་པར་བསྟན་པ་ནི། དེ་ཉིད་ཀྱི་ལུས་བཞིན་དུ་ཅེས་བྱ་བའོ། །དུག་གི་སྲིན་བུ་བཞིན་ནོ་ཞེས་བྱ་བ་ནི། ཕ་རོལ་པོའི་བསམ་པའི་དཔེ་ཡིན་ལ་དེའི་ནི་སེམས་ཐམས་ཅད་དེ་ཁོ་

ནའི་ཚེ་འབྱུང་བ་ཡིན་གྱི་སྐྱེ་བ་གཞན་ལ་ནི་དེ་འབྱུང་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བྱིས་པ་ཉིད་ལ་འབྲས་བུའི་ཁྱད་པར་མེད་པས་སེམས་གསལ་པོར་མ་གྱུར་པ་ཡིན་ལ་དེ་ཁྱད་པར་ཡིན་ན་ནི། ལང་ཚོ་ལ་སོགས་པ་ན་གསལ་པོར་འགྱུར་བ་མ་ཡིན་ནམ་བཟའ་བའི་ཁྱད་པར་ལས་
འབྱུང་བ་ཆེན་པོ་ཁྱད་པར་སྐྱེ་བའི་ཕྱིར་ལུས་ཀྱི་ཁྱད་པར་ལས་ཁྱད་པར་ཡང་མ་ཡིན་ཏེ། བཅུད་ཀྱིས་ལེན་བཞིན་དུ་འབྱུང་བའི་ཁྱད་པར་གྱིས་བསྐྱེད་པའི་བདེ་བའི་རེག་པའི་ཁྱད་པར་གྱིས་བག་ཆགས་ཀྱི་ཁྱད་པར་སད་པ་ལས་སེམས་ཀྱི་ཁྱད་པར་འབྱུང་བར་མངོན་པར་བརྗོད་པའི་ཕྱིར། འགའ་ཆོ་
ཆགས་སོགས་རྒྱས་སོགས་ཀྱིས། །འཕེལ་པ་བདེ་སྡུག་ལས་སྐྱེས་ཡིན། །ཞེས་གསུངས་པས་སོ། །དེའི་ཕྱིར་བཟའ་བའི་བྱེ་བྲག་མེད་ཀྱང་ལུས་ཡོངས་སུ་གྱུར་པའི་ཁྱད་པར་ཁོ་ན་ལས་བློའི་ཁྱད་པར་སྐྱེ་བར་མཐོང་བའི་ཕྱིར། དེའི་བསྐྱེད་བྱ་ཡིན་པ་ནི་གོམས་པས་ཁྱད་པར་དུ་ཡིན་
ཡིན་ནོ་སྙམ་དུ་སེམས་པ་ལ་ཇི་ལྟར་ཐོས་སོགས་ཀྱི་ཡུལ་དུ་བྱེད་པ་ནི་གོམས་པའོ། །སེམས་ལ་བྱས་པ་ནི་ཤེས་རབ་ལ་སོགས་པའི་སེམས་ཀྱི་བདག་ཉིད་ཀྱིས་གསལ་བར་བྱེད་པ་ཡིན་ལ་དེ་བཞིན་དུ་ལུས་ཀྱི་བདག་ཉིད་ཀྱིས་ཀྱང་གསལ་བར་འགྱུར་ཏེ། དེའི་རྗེས་སུ་འབྲང་བའི་སེམས་ལས་
ཐ་དད་པ་མེད་པའི་ཕྱིར་དབྱེ་བ་ཕུལ་དུ་བྱུང་བ་ལས་བྱུང་བའི་ཤེས་པ་ལ་གོམས་པ་ལས་འབྱུང་བ་ཐ་དད་པ་མ་ཡིན་ནོ། །དེའི་ཕྱིར་དེ་ཡང་དེ་བཞིན་དུ་ལུས་ཕུལ་དུ་བྱུང་བའི་རྗེས་སུ་བྱེད་པ་ཁོ་ནར་འགྱུར་བ་ཡིན་གྱི་བྱིས་པ་ཉིད་ལ་སོགས་པ་ལ་ནི་མ་ཡིན་ཏེ། གོམས་པས་ཕུལ་དུ་བྱུང་བ་མེད་པའི་
ཕྱིར་རོ། །འོན་ཏེ་སེམས་ཙམ་ནི་ལུས་ལས་ཡིན་ལ་གོམས་པ་ལས་ནི་དེའི་ཁྱད་པར་ཡིན་ནོ། །མ་ཡིན་ཏེ། ཁྱད་པར་ལས་གཞན་པའི་དེ་ཙམ་ནི་མ་མཐོང་པའི་ཕྱིར་དང་ཁྱད་པར་ཐམས་ཅད་ཀྱང་གོམས་པ་ལས་བྱུང་བའི་ཕྱིར། ལུས་ལས་བྱུང་བ་མ་ཡིན་པ་ཉིད་ཀྱི་ཤེས་པ་ཁོ་ན་ཡིན་ཏེ།
གོམས་པའི་བསྐྱེད་བྱར་མངོན་པར་འདོད་པ་ལས་འདི་ཁྱད་པར་མེད་པའི་ཕྱིར་རོ། །ཡོན་ཏན་ཞེས་བྱ་བ་ནི་གཞན་གྱི་འདོད་པས་ཡོན་ཏན་ཉིད་དུ་མངོན་པར་འདོད་པ་ཡང་དེ་བཞིན་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འགྲེལ་པ་མཛད་པས་ནི་སེམས་བཞིན་དུ་ལུས་ཀྱང་གསལ་བར་འགྱུར་བ་སྟེ་

དམིགས་པར་འགྱུར་བ་ནི་ལུས་ལས་ཐ་མི་དད་པའི་ཕྱིར་ཏེ་ཡོན་ཏན་ཉིད་ཀྱིས་དེའི་དམིགས་པ་ཡིན་ན། གཟུགས་ལ་སོགས་པ་བཞིན་དུ་དམིགས་པར་འགྱུར་བ་ཞིག་ན་དམིགས་པ་ནི་མ་ཡིན་ནོ། །དེའི་ཕྱིར་ལུས་ཉིད་བློ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ཇི་ལྟར་ཐོས་སོགས་འདུ་བྱེད་པ། །སེམས་ལ་བྱས་
བ་ཞེས་བྱ་བ་འདིས་ནི་བློའི་ཁྱད་པར་ཐེ་ཚོམ་གྱི་ཡུལ་ཡིན་པར་བསྟན་པ་ནི་ཐ་དད་པ་སྒྲུབ་པར་བྱེད་པ་ཡིན་ནོ། །དེ་ཡང་དེ་གྲུབ་ན་ཡང་བློའི་ཁྱད་པར་ལ་ཐེ་ཚོམ་ཟ་བའི་ཕྱིར་རོ་ཞེས་སྨོས་སོ། །དངོས་པོ་གྲུབ་ཀྱང་མི་རྟག་པ་ཉིད་དུ་མ་གྲུབ་པ་མ་ཡིན་ནམ། མ་ཡིན་ཏེ། སྔ་མ་དང་ཕྱི་མའི་རྣམ་པར་དབྱེ་བ་དང་བྲལ་བའི་
དངོས་པོ་དམིགས་པ་ཁོ་ན་མི་རྟག་པ་ཉིད་མངོན་བར་བརྗོད་པའི་ཕྱིར་རོ། །དེ་ལྟར་ལུས་རིག་པས་གཟུགས་ལ་སོགས་པ་རིག་པ་བཞིན་དུ་བློའི་ཁོངས་སུ་གཏོགས་པ་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །ཐོས་པ་ལ་སོགས་པའི་འདུ་བྱེད་པའི་བསྐྱེད་བྱ་ལུས་ཀྱི་གནས་སྐབས་ལས་ཕུལ་དུ་བྱུང་
བའམ། སྐྱེ་བའི་དང་པོ་ལ་བྱུང་བའི་ཁྱད་པར་གྱི་ཁྱད་པར་ལས་དེའི་བསྐྱེད་བྱར་འགྱུར་བ་མ་ཡིན་ནམ། འདི་ལས་གཞན་ནམ་གཞན་མ་ཡིན་པའི་སེམས་པ་ཅན་ཙམ་བྱུང་བ་ཙམ་ལས་བྱུང་བ་ཡོད་པ་མ་ཡིན་ལ་ཁྱད་པར་ཡང་གོམས་པ་ལས་གཞན་པ་ལས་མི་འབྱུང་བའི་ཕྱིར་སྐྱེ་བ་སྔ་མ་ལས་འདིར་འོངས་པར་འགྱུར་
བ་ཡིན་ནོ། །བློ་དང་ལྡན་པ་འདི་རང་དབང་དུ་འདི་ཡིན་པར་མི་རིགས་ཏེ་གང་གི་ཕྱིར་བློ་དང་ལྡན་པ་ནི་སྡུག་བསྔལ་དུ་མ་ཅན་གྱི་སྐྱེ་བའི་རྒྱུན་རང་དབང་དུ་མངོན་པར་འདོད་པ་མ་ཡིན་ཏེ། ལས་ཀྱི་དབང་གིས་ཡིན་ནོ་ཞེ་ན། ལས་སམ་དེའི་རྒྱུ་ལས་ཡང་ཇི་ལྟར་འཇུག་པ་ཡིན་འདི་ནི་དཔྱད་པར་བྱ་བ་
ཡིན་ནོ། །དེའི་ཕྱིར་དེ་བཞིན་དུ་སྐྱེ་བའི་འཆི་བ་ཁས་ལེན་པ་ལ་དེའི་རྒྱུ་ནི་ད་ལྟར་བ་བཞིན་དུ་དབང་ཕྱུག་ཡིན་པར་འགྱུར་ཏེ། འཛུད་བྱེད་ཡིན་པའི་ཕྱིར་རོ། །ཁྱད་པར་ནི་འདི་ཙམ་ཡིན་ཏེ་དེ་ད་ལྟར་བ་ནི་མ་ཉེས་པ་ཡིན་ན་དེའི་རྒྱུ་ཡིན། གཞན་ནི་གཞན་དུ་ཡིན་ནོ། །འཆི་བ་གང་ཡང་ལ་ལའི་
ཐབས་ཀྱིས་ཡིན་གྱི་གཞན་གྱི་ནི་གཞན་དུ་ཡིན་ཏེ། ལས་ཐ་དད་པའི་ཕྱིར་རོ། །དེའི་དབྱེ་བ་ཡང་དེའི་བཀའ་དྲིན་དང་ཅིག་ཤོས་ཀྱི་དབྱེ་བ་ལས་སོ། །དེ་ཡང་འདོད་པའི་དབྱེ་བ་ལས་ཡིན་ལ་འདོད་པ་ཡང་དེའི་དེ་བཞིན་དུ་གོམས་པའི་དབྱེ་བ་ལས་ཡིན་གྱི་རང་བཞིན་གྱི་དབྱེ་བ་ལས་ནི་མ་ཡིན་ཏེ།

འབྲས་བུའི་དབྱེ་བ་མཐའ་ཡས་པ་ལ་དངོས་པོ་ཐ་དད་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ཐ་དད་པ་ཡང་རང་བཞིན་ཐ་དད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །སྲོག་ཆགས་རྣམས་ཁོ་ན་རང་བཞིན་གྱི་དབྱེ་བས་མཐའ་ཡས་པ་ཡིན་ན་དབང་ཕྱུག་ཀྱང་མཐའ་ཡས་ཤུགས་ཀྱིས་ཐོབ་པ་མ་ཡིན་ཏེ། དེ་
རྣམས་ཁོ་ན་དེ་ལྟ་བུའི་རང་བཞིན་དུ་འགྱུར་རོ། །དེའི་ཕྱིར་དབང་ཕྱུག་གཅིག་བུ་ཁོ་ན་ཇི་ལྟར་གོམས་པའི་འདོད་པའི་དབྱེ་བས་བཀའ་དྲིན་དང་ཅིག་ཤོས་ལ་སོགས་པ་ནི་དབྱེ་བ་དང་ལྡན་པ་ནི་སྣ་ཚོགས་པའི་སྐྱེ་བའི་འཆི་བ་སྒྲུབ་པར་བྱེད་པ་ཡིན་པར་གྲུབ་པ་ཡིན་ཏེ་འབྲས་བུའི་ཁྱད་པར་གྱི་དམན་པའི་གནས་
ཡོངས་སུ་ལེན་པ་ནི། གཞན་དབང་མ་ཡིན་པ་ཉིད་དང་འགལ་བས་ཁྱད་པར་གྱི་རྒྱུ་སྒྲུབ་པའི་ཕྱིར་རོ། །དེ་ཡང་། དབང་མེད་ཤེས་མེད་སྐྱེ་བོ་འདི། །རང་གི་བདེ་སྡུག་གང་ཡིན་པ། །དབང་ཕྱུག་གིས་འཕངས་མཐོ་རིས་སམ། །ངན་འགྲོ་ཉིད་དུ་འགྲོ་བ་ཡིན། །ཞེས་སྨོས་པ་ནི། གོང་དུ་ནི་བློ་དང་
ལྡན་པ་སྔོན་དུ་འགྲོ་བའི་ངོ་བོ་ནི་ཚིག་ལ་སོགས་པ་ཡོད་པ་མ་ཡིན་ལ་འབྲས་བུའི་ངེས་པ་ཡང་རྒྱུ་ཙམ་ལ་ཚད་མ་ཡིན་གྱི། ཁྱད་པར་ལ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ལ་ད་ལྟར་ནི་སྐྱེ་བ་དང་ལྡན་པ་ཉིད་གོམས་པའི་བསྐྱེད་བྱའི་ཁྱད་པར་གྱི་སེམས་དང་ཁྱད་པར་མེད་པའི་ཕྱིར་འཇིག་རྟེན་ཕ་རོལ་རྗེས་
སུ་དཔག་པ་བཞིན་གཞན་གྱིས་བཙུད་པར་ཁྱད་པར་མེད་པའི་ཕྱིར་སྦྱོར་བྱེད་དབང་ཕྱུག་རྗེས་སུ་དཔག་པ་ཡིན་པར་བསམས་པ་ནི་འདིའི་བྱེ་བྲག་ཡིན་ནོ་ལན་ནི་བདག་ལ་ཆགས་པ་དང་ལྡན་པ་ཞེས་བྱ་བའོ། །བདེན་མོད་ཀྱི་གོམས་པའི་བསྐྱེད་བྱའི་སེམས་འཆིང་བའི་མིང་ཅན་ལས་འཛུད་བྱེད་
རྗེས་སུ་དཔོག་པ་ཡིན་ནོ་མངོན་པར་འདོད་པའི་ཁྱད་པར་ཅན་ཁོ་ན་ཡིན་པ་ནི་ཐོས་པ་གོམས་པ་བཞིན་དུ་མཐོང་བར་རྗེས་སུ་དཔོག་པ་ཡིན་གྱི་གཞན་ནི་མ་ཡིན་ཏེ། གོམས་པའི་བསྐྱེད་བྱའི་ཁྱད་པར་ཡིན་པའི་ཕྱིར་རྗེས་སུ་དཔག་པ་ཡིན་ཏེ། ཕན་ཚུན་འཆིང་བ་ཡིན་པའི་ཕྱིར་ཞེས་བྱ་བའི་
དོན་ཏོ། །སེམས་ཅན་གཞན་གྱིས་བཀྲི་མིན་པ། །ཞེས་བྱ་བས་ནི། གཞན་གྱིས་ཁས་བླངས་པའི་འཛུད་བྱེད་བཀག་པ་ཡིན་ཏེ། དེས་གོམས་པའི་བསྐྱེད་བྱའི་ཁྱད་པ་ཉིད་ལ་མ་ཁྱབ་པའི་ཕྱིར་དང་། མངོན་པར་འདོད་པའི་ཁྱད་པར་གྱིས་ཁྱད་པར་དེ་གྲུབ་བ་ཡིན་པར་བསྟན་པ་ནི། བདག་

ལ་ཆགས་པ་དང་ལྡན་པ་ཞེས་བྱ་བ་སྟེ། ཇི་ལྟར་བདག་ལ་ཆགས་པ་འཛུད་བྱེད་ཡིན་པར་བསྟན་པ་ནི། བདེ་སྡུག་འདོར་ཐུབ་ཅེས་བྱ་བ་སྟེ། བདག་ལ་མངོན་པར་འདོད་པ་ནི། བདག་ལ་ཕན་པ་བྱེད་པའི་ཕྲེང་བ་དང་ཙན་དན་ལ་སོགས་པ་ལའམ། སྦྱིན་པ་ལ་སོགས་པ་ལ་འབྲས་
བུ་མཐོང་བ་དང་། ཅིག་ཤོས་ལ་མངོན་པར་དགའ་བར་བྱེད་པ་ཡིན་ལ། དེ་ལ་མངོན་བར་དགའ་བར་བྱེད་པ་ནི། །དེ་དོན་དུ་མི་གཉེར་བ་འཇོམས་པ་ཡིན་ལ་མངོན་པར་འདོད་པ་དང་། སླར་གནོད་པ་དག་རབ་ཏུ་སྦྱོར་བས་དེ་དང་རྗེས་སུ་མཐུན་པའི་ལས་རྣམས་འཕེལ་བར་བྱེད་པ་
ཡིན་ལ། དེ་རྣམས་ཀྱི་བདེ་འགྲོའམ་ངན་འགྲོར་སྐྱེ་བ་ཡིན་ནོ། །བདག་ཉིད་ཤེས་ན་གནོད་པ་བྱེད་པ་དེ་ལ་མངོན་པར་འདོད་པར་མི་འགྱུར་ལ་སྒྲུབ་བྱེད་སྦྱིན་པ་ལ་སོགས་པ་ལ་མངོན་པར་དགའ་བར་འགྱུར་གྱི་ངན་འགྲོ་ལ་ནི་མ་ཡིན་ཏེ། གནོད་པ་བྱེད་པའི་ཕྱིར་ལ་གནོད་པ་བྱེད་
པ་ལ་ནི་མངོན་པར་དགའ་བ་མ་ཡིན་ནོ། །འདིར་བརྗོད་པ་ནི། ངན་འགྲོ་ལ་ཡང་བདག་ལ་ཆགས་པས་བདེ་བ་དང་སྡུག་བསྔལ་ལ་སོགས་པ་དང་སྔོན་པོ་ལ་སོགས་པར་སྣང་བ་རྣམས་གོམས་པའི་བསྐྱེད་བྱའི་ཁྱད་པར་ཡིན་པའི་ཕྱིར་རང་གི་རིགས་གོམས་པ་ལ་ལྟོས་པ་ཁོ་ན་ཡིན་པར་
ཤེས་པར་བྱའོ། །གནོད་པ་བྱེད་པ་དེ་རྣམས་བདག་ཉིད་དང་ལྡན་པ་ཇི་ལྟར་གོམས་པར་བྱེད་ཅེ་ན། བདག་ལ་ཆགས་པའི་ཕྱིར་རོ། །དེ་ནི་དེ་ལྟར་ཆགས་པར་འགྱུར་བས་གནོད་པ་བྱེད་པ་ལ་གནོད་པས་བསོད་ནམས་མ་ཡིན་པ་འཕེལ་བར་བྱེད་ལ་འཕེལ་བ་དེ་རྣམས་ཀྱིས་ཀྱང་དེ་བཞིན་དུ་དེ་དེ་ལྟ་
བུའི་སྲིད་པ་ཡིན་བར་ལུང་ལས་གོ་བ་ཡིན་ནོ། །གོམས་པའི་བསྐྱེད་བྱ་ཉིད་ཡིན་ན། ཇི་ལྟར་ལས་རྒྱུ་མཚན་ཡིན་དེ་ལྟ་ཡིན་ན་དབང་ཕྱུག་ཀྱང་འགྱུར་བ་ནི་མ་ཡིན་ཏེ། དབང་པོ་རྣམས་སམ་ཤེས་པའམ་ཤེས་རབ་ལ་སོགས་པ་རྣམས་གོམས་པའི་བསྐྱེད་བྱའི་ཁྱད་པར་ཡིན་
པའི་ཕྱིར་རོ། །དགེ་བའི་སེམས་པ་ལ་དང་པའི་རྗེས་སུ་འཇུག་པ་ལས་བྱུང་བ་རྣམས་བདེ་བར་གཤེགས་པ་རྣམས་ལ་མངོན་པར་གསལ་བར་འགྱུར་ལ། མི་དགེ་བའི་སེམས་ལ་ནི་དེ་ལས་བཟློག་པ་ཡིན་པའི་ཕྱིར་གོམས་པ་ལས་བྱུང་བ་ཉིད་དགེ་བ་དང་ཅིག་ཤོས་ཀྱི་བསྒོམ་པ་

ལས་བྱུང་བ་རྣམས་ལ་ཁྱད་པར་མེད་པ་ཡིན་ཏེ་དེ་འདྲ་བ་དང་མཐུན་པ་ཡིན་ཞེས་བྱས་ནས་སོ། །གཞན་ནི་ཡུལ་ཏེ་སྣོད་ཡོངས་སུ་གྱུར་པ་ལ་སོགས་པ་ཕྱི་རོལ་གྱི་རྒྱུ་མཐུན་པ་དང་ལྷན་ཅིག་པའི་དུས་སུ་རྒྱུ་དེ་ལས་བྱུང་བ་ཡིན་པར་བརྗོད་པ་ཡིན་གྱི། དེ་ཙམ་གྱིས་
གྲུབ་པའི་ཕྱིར་རོ། །དབང་ཕྱུག་ལ་སོགས་པར་རྟོགས་པ་ནི་མི་རིགས་ཏེ་མི་འདྲ་བར་སྨིན་པ་ནི་རྣམ་པར་སྨིན་པ་ཡིན་པའི་ཕྱིར་ཞེས་བྱས་ནས་རྒྱུ་མཐུན་པ་སྒྲུབ་པར་བྱེད་པ་ཉིད་དེ་དང་ལྷན་ཅིག་བྱུང་བའི་རྣམ་པར་སྨིན་པ་སྒྲུབ་པར་བྱེད་པ་ཉིད་དུ་རིགས་པ་ཡིན་གྱི་དབང་ཕྱུག་ལ་སོགས་པ་
ནི་མ་ཡིན་ཏེ། ཕྱོགས་གཅིག་ལ་ཡང་ནུས་པ་ཡོངས་སུ་མི་ཤེས་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དམན་པའི་གནས་ཡོངས་སུ་འཛིན་པས་ནི་མ་ཡིན་ནོ། །འབྱུང་བའི་བསྐྱེད་བྱ་ཉིད་དུ་འགྱུར་རོ་ཞེས་བྱ་བའི་ཕྱོགས་སྔ་མ་ནི། ཇི་ལྟར་ཐོས་སོགས་འདུ་བྱེད་དང་། །ཞེས་བྱ་བ་ལ་སོགས་པས་
གོམས་པའི་བསྐྱེད་བྱའི་ཁྱད་པར་ཉིད་བསལ་ནས། འདིས་བསལ་བར་བྱ་བ་ནི། དེ་ཕྱིར་འོ་ན་གལ་ཏེ་འབྱུང་བ་ཆེན་པོ་ཙམ་ལས་བྱུང་བ་མ་ཡིན་གྱི་ཞེས་བྱ་བ་ནས་བརྩམས་ནས་མི་འདོད་དོ་ཞེས་བྱ་བའི་བར་གྱིས་བསྟན་པའི་རྗེས་སུ་བརྗོད་པ་ཡིན་ནོ། །དབང་ཕྱུག་གིས་བསྐུལ་བར་ཡང་མི་འདོད་
དོ་ཞེས་བྱ་བའི་ཕྱོགས་སྔ་མ་ཡིན་པར་ཤེས་པར་བྱའོ། །བདག་ཏུ་ལྟ་བ་ཡིན་ཡང་ཆགས་པར་མ་བྱས་ན་མི་འཆིང་པ་ཡིན་ནོ་ཞེ་ན། བརྗོད་པ། སྡུག་བསྔལ་དང་མི་རྟག་པ་ལ་རྒྱུ་མཚན་ལས་བྱུང་བ་ལ་རྒྱུ་མཚན་དུ་ཐ་སྙད་འདོགས་པའི་ཕྱིར་སྡུག་བསྔལ་ནི་རང་བཞིན་གྱིས་མི་རྟག་པ་ཡིན་ལ་
དེ་ལས་བཟློག་པ་ནི་རྟག་པ་ཡིན་ཏེ། དེ་ཡང་བདེ་བའི་ངོ་བོའི་ཁོངས་སུ་གཏོགས་པ་ཡིན་ལ་དེ་ལ་བློ་གྲོས་ཏེ་བདག་གོ་ཞེས་བྱ་བ་ནི་བློ་ཡིན་ལ་དེ་ཁོ་ན་ཆགས་པ་ཡིན་ཏེ། མངོན་པར་འདོད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །བདག་ཏུ་ལྟ་བ་ནི་རྟག་པ་དང་བདེ་བ་བདག་ཉིད་ཀྱི་ཡུལ་ཡིན་པ་ཉིད་ཀྱིས་མངོན་
པར་འདོད་པའི་རང་བཞིན་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བདག་ལ་ཕན་འདོགས་པར་བྱེད་པ་ལ་སྐྱེ་བའི་དང་པོ་ལ་སྲེད་པ་ཡང་དེ་ལ་ཆགས་པ་ལས་འགྱུར་བའི་ཕྱིར་གཉིས་པོ་དེ་འཆིང་བའི་རྒྱུ་ཡིན་གྱི་དབང་ཕྱུག་ནི་མ་ཡིན་ཏེ། ནུས་པ་མི་ཤེས་པའི་ཕྱིར་རོ། །འདས་པའི་སྲིད་པ་ལས་

འདིར་འོངས་པ་དང་འདི་ལས་ཀྱང་མ་འོངས་པར་འགྲོ་བ་ནི་ཡུལ་ནས་ཡུལ་གཞན་བཞིན་དུ་འབྱུང་བའི་བསྐྱེད་བྱ་མ་ཡིན་ན་རྟོགས་བར་འགྱུར་ལ་དམིགས་པའི་ཡུལ་ཡིན་ཡང་མ་དམིགས་པའི་ཕྱིར་འབྱུང་བྱ་བསྐྱེད་བྱ་ཁོ་ན་ཉིད་ཡིན་ཏེ་དེ་ཡོད་ན་འབྱུང་བའི་ཕྱིར་ཞེས་ཟེར་བ་ནི། གལ་ཏེ་འགྲོ་འོང་མ་མཐོང་ན། །ཞེས་བྱ་
བའོ། །དེ་འདི་ནི་མི་རིགས་ཏེ། སྔ་མ་བཞིན་དུ་གོམས་པའི་བསྐྱེད་བྱའི་ཁྱད་པ་ཉིད་ལ་སོགས་པ་ལས་འབྱུང་བའི་བསྐྱེད་བྱ་ཉིད་ཡིན་པ་གསལ་བའི་ཕྱིར་རོ། །དེའི་ཕྱིར་འཇིག་རྟེན་ཕ་རོལ་གྱི་འགྲོ་བ་ལ་སོགས་པ་མ་མཐོང་པ་ནི་ནུས་པ་དང་ལྡན་པའི་སྐྱེས་བུས་བཙུད་པས་མྱུར་དུ་འཕངས་པའི་བོང་བ་ལ་
སོགས་པའམ། དབུགས་འབྱིན་པར་བྱེད་པ་བཞིན་དུ་ཤུགས་དང་ལྡན་པ་ཁོ་ནའི་ཕྱིར་ཉེ་བར་མཚོན་པར་མི་འགྱུར་རོ། །བདག་ལ་ཆགས་པ་དང་སྲིད་པ་དག་ཁོ་ན་འཛུད་བྱེད་ཉིད་དུ་བརྗོད་པ་ཡིན་ནོ་ཞེ་ན། བདེན་ཏེ། དེ་གཉིས་ཀྱང་འགྲོ་བ་ལ་སོགས་པར་ཉེ་བར་མཚོན་པ་མ་ཡིན་པར་མཚོན་པ་ཡིན་ཏེ།
སྐུལ་བྱེད་ཀྱང་ཞེས་བྱ་བ་ནི། འགྲོ་བ་དང་འོང་བར་མཐོང་བའི་ཤུགས་དང་ལྡན་པའི་འཛུད་བྱེད་སྔོན་དུ་འགྲོ་བ་ཅན་ནི་ཕན་བྱེད་ཀྱི་ཁྱད་པར་འཕེན་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་ན་མ་རིག་པ་དང་སྲེད་པ་དག་གིས་བཙུད་པས་འགྲོ་བ་ནི་མཐོང་བའི་ལུས་ལ་ཡོད་པའི་ཕྱིར་དེ་མེད་ན་
སྐྱེ་བ་སྔ་མ་ལས་འཇིག་རྟེན་འདི་དང་འདི་ལས་ཀྱང་ཕ་རོལ་དུ་ཇི་ལྟར་འོངས་པ་དང་འགྲོ་བ་ཡང་ཡིན་རྣམ་ཤེས་ལས་གཞན་ཉེ་བར་བརྟེན་པ་མེད་ན་འགྲོ་བའམ། གཞན་ཡང་མ་ཡིན་ཏེ། སྐད་ཅིག་མ་ཡིན་པའི་ཕྱིར་དང་ལུས་ལ་སྲེད་པ་དང་བཅས་པ་ནི་ངེ་མེད་ན་སྐྱེ་བ་སྔ་མ་མི་གནས་པའི་ཕྱིར་རོ། །
དེའི་ཕྱིར་འགྲོ་བ་དང་འོང་བ་དག་མཐོང་བའི་ཕྱིར་རྣམ་ཤེས་འཇིག་རྟེན་ཕ་རོལ་པ་མ་ཡིན་ནོ། །འོན་ཀྱང་བདག་ནི་མ་ཡིན་ཏེ། རྟག་པ་དང་ཁྱབ་བདག་ཉིད་དག་གི་ལུས་གཞན་དང་འབྲེལ་པའི་ཕྱིར་ལ་དེ་ཡང་ཉིན་ཞག་གཞན་ལ་མཐོང་བ་ཉིན་ཞག་གཞན་ལ་བདག་འདི་མཐོང་བར་འགྱུར་བ་
ཡིན་ནོ་ཞེས་ཤེས་པ་ལས་ཡོད་པ་མ་ཡིན་ནོ། །སྐད་ཅིག་མའི་ཤེས་པ་རྣམས་ལ་ནི་དེ་ལྟ་བུ་མི་སྲིད་དོ། །དེའི་ཕྱིར་དེ་རྣམས་ནི་གཅིག་མ་ཡིན་ལ་བདག་དེ་ནི་འཇིག་རྟེན་ཕ་རོལ་པ་ཡིན་ནོ་ཞེས་ཟེར་བ་ནི། གལ་ཏེ་འགྲོ་འོང་ཞེས་བྱ་བའོ། །ལན་ནི། དབང་པོ་མི་གསལ་ཕྱིར་མི་

མཐོང་། །ཞེས་བྱ་བའོ། །འགྲོ་བ་དང་འོང་བ་དག་གི་མ་མཐོང་བ་ནི་ཤུགས་སམ་འཕེན་བྱེད་ཡིན་པར་གོ་བར་བྱེད་པ་མ་ཡིན་གྱི་འགྲོ་བ་དང་འོང་བ་ཡང་བདག་ལ་ཆགས་པས་འཕངས་པ་འབའ་ཞིག་ཁོ་ན་ཡིན་གྱི་དབང་པོས་རྟོགས་པ་ནི་མ་ཡིན་ཏེ། གསལ་
པོ་མ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་འདི་ཡོད་ན་དོན་གྱིས་གོ་བ་ལ་ནུས་པ་མེད་དོ། །འཛུད་བྱེད་གཞན་ཡིན་པར་སྨྲ་བ་པོ་ཡང་གསལ་པོ་ཉིད་ལ་སྐུར་པ་འདེབས་པ་ཡང་མ་ཡིན་ནོ། །ལུས་འདི་བསྲེགས་པའམ་བོར་བ་མ་ཡིན་ནམ། དེ་ཇི་ལྟར་འགྲོ་བ་དང་འོང་བ་ཡིན། །ལུས་
གཞན་ཁོ་ན་མ་འོངས་པའི་སྲིད་པའི་རྣམ་པ་ཅན་ནི་དེའི་ཚེ་འབྱུང་བའི་ཕྱིར་སྐྱོན་མེད་དོ། །འདི་ནི་སད་པའི་ལུས་ལས་གཞན་པའི་ལུས་རྨི་ལམ་ན་མཐོང་བ་ཡིན་ནོ། །དེ་ཁོ་ན་ལ་ཇི་ལྟར་འཕོ་བ་ཡིན་ཞེ་ན། རྨི་ལམ་ལུས་ཁོ་ན་ལྟ་བུ་ཡིན་པའི་ཕྱིར་སྐྱོན་མེད་དོ། །འདི་སྐད་
བསྟན་པར་འགྱུར་ཏེ། སྐད་ཅིག་མའི་རྣམ་ཤེས་ནི་སྔ་མ་དང་ཕྱི་མའི་རྣམ་པས་དབེན་པའི་དམིགས་པ་ནི་དེ་དང་ལྷན་ཅིག་པ་ཉིད་དུ་འཛིན་པའི་དོན་བྱེད་པར་རྣམ་པར་གཞག་པར་བྱེད་པ་ཡིན་གྱི་རང་གི་ངོ་བོ་དང་འགལ་བས་ནི་མ་ཡིན་ནོ། །གོམས་པས་ཉེ་བར་བསྐྱེད་པའི་ཁྱད་པར་ནི་རང་གི་
རིགས་ལ་ལྟོས་པ་ནི་དེ་མེད་པས་དུས་གཞན་ལ་ལྟོས་པ་ཡིན་ཏེ། དེ་ཇི་ལྟར་རྒྱུར་གྱུར་པ་དེ་བཞིན་དུ་བརྟག་པར་བྱ་བ་ཡིན་པའི་ཕྱིར་རྟོག་པ་ནི་མཐོང་བའི་རྗེས་སུ་འབྲང་བ་ཡིན་ལ། མཐོང་བ་ཡང་ཉིན་ཞག་རེ་རེ་ལ་རྨི་ལམ་གྱི་ལུས་ཀྱང་ལུས་ཀྱི་བར་དུ་ཆོད་པའི་སད་པའི་ལུས་སོ། །
དེ་བཞིན་དུ་འདི་ལ་ཡང་འཇིག་རྟེན་འདི་དང་ཕ་རོལ་ཏུ་བྱུང་བའི་ལུས་དག་གི་བར་དུ་འབྱུང་བ་ནི་ཡུལ་གཞན་ཡིན་ནོ། །ཇི་ལྟར་ཡང་གཉིད་ལོག་པ་ན་དགག་པའི་སེམས་ནི་ལུས་གཞན་ན་སད་པའི་སེམས་ལ་གཞན་མེད་ཀྱང་སྐྱེད་བྱེད་ཡིན་པ་དེ་བཞིན་དུ་སྐྱེ་བ་གཞན་གྱི་སེམས་ནི་ཡུལ་
དང་དུས་ཀྱིས་བར་དུ་ཆོད་པའི་སེམས་ཀྱིའོ། །དེ་ལྟར་ཡང་ཡུལ་ཐག་རིང་པོའི་ཟླ་བ་ནི། ཆུ་སྣོད་རྣམས་ཀྱི་ཆུ་ལ་བདག་ཉིད་སྣང་བར་བྱེད་ལ་དེ་ནི་གཟུགས་བརྙན་ཡིན་པར་བརྗོད་ཀྱི་ཆུ་ལས་གཞན་པ་ཉིད་གཟུགས་བརྙན་གྱི་ངོ་བོ་ནི་མ་ཡིན་ཏེ། ཐོགས་པ་དང་བཅས་པ་དག་ནི་གཅིག་

ལ་མི་འཇུག་པའི་ཕྱིར་རོ། །ཡང་ན་ཐོགས་པ་དང་བཅས་པ་ཉིད་གསེར་ལ་དངུལ་ཆུ་བཞིན་དུ་དངོས་པོ་གཞན་ཡིན་ལ་རང་གི་ཡུལ་ལ་གཟུགས་འཛིན་པ་ནི་སོ་སོར་སྣང་བ་དང་འགལ་བ་ཡིན་གྱི། གཞན་དང་གཞན་པ་ཙམ་གྱིས་ཁས་བླངས་པར་འོས་པ་ནི་མ་ཡིན་ནོ། །དེ་ལ་དབང་
པོ་ལས་འདས་པའི་དུ་བ་འབའ་ཞིག་ནི་མ་ཡིན་ཏེ། འོ་ན་ཅི་ཞེ་ན། ཐོགས་པ་མེད་པ་ནི། རི་ལ་སོགས་པ་གང་ལ་ཡང་ཐོགས་པ་མེད་པ་ཡིན་ཏེ། གསེར་ལ་དངུལ་ཆུ་ལྟ་བུ་ནི་ཕྲ་བའི་ཕྱིར་རོ། །འགྲོ་བ་དང་འོང་བ་མ་མཐོང་བ་མ་ཡིན་ཏེ། གང་གི་ཕྱིར་སྲིད་པ་བར་དོའི་ལུས་ནི་མེད་
པ་ཁོ་ན་ཡིན་ནོ། །དེ་ལྟ་ཡིན་ཡང་སྐྱེ་བ་སྔ་མའི་མཐའི་སེམས་ཀྱིས་སྐྱེ་བ་འདིའི་དང་པོའི་སེམས་ཐག་རིང་བ་ཡིན་ཡང་གཉིད་ལོག་པར་རྩོམ་པའི་སེམས་ཀྱིས་སད་པའི་སེམས་བཞིན་དང་ཟླ་བས་གཟུགས་བརྙན་བཞིན་དུ་བསྐྱེད་པ་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་ན་ལུས་ལ་མེ་ལོང་
ལ་སོགས་པ་ལ། ལུས་ཀྱི་གཟུགས་བརྙན་ཡོད་པ་འདི། །གཞན་ལ་ཡང་དེ་བཞིན་དུ་མཐོང་བ་ཡིན་ནོ། །གང་གི་ཕྱིར་ལུས་ཅན་ཡིན་ཡང་ཕྲ་བའི་ཕྱིར། འགའ་ཞིག་ལ་ལར་ཐོགས་མེད་དེ། །ཇི་ལྟར་བུམ་པར་ཆུ་བཞིན་དང་། གསེར་ལ་དངུལ་ཆུ་བཞིན་
མཐོང་བ་ཡིན་ནོ། །འགྲེལ་པ་མཛད་པས་ནི་ཕྲ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པས་སྲིད་པ་བར་མ་དོ་མ་མཐོང་བའི་རྒྱུ་ཡིན་ནོ་ཞེས་ཟེར་བ་ལ། མ་ཡིན་ཞེས་བྱ་བས་འགེགས་པར་བྱེད་པ་ཡིན་ཏེ་གང་གི་ཕྱིར་མ་མཐོང་བའི་ཕྱིར་ཏེ་གཞན་དུ་ཡང་རྨི་ལམ་བཞིན་དང་གཟུགས་བརྙན་
བཞིན་དུ་སྲིད་པ་གཞན་མཚམས་སྦྱོར་བ་རིགས་པ་ཉིད་ཀྱིས་མེད་པའམ་ནི་སྲིད་པ་བར་མའི་ལུས་ཡིན་པར་བསྟན་པ་ནི། འོན་ཀྱང་ཞེས་བྱ་བའོ། །འགའ་ཞིག་ཏུ་འགྲོ་བར་འདོད་པའི་སེམས་ལུས་མེད་ན་འགྲོ་བའི་ཡུལ་ཐག་རིང་པོར་ཇི་ལྟར་འགྲོ་བ་ཡིན། ལུས་མེད་པ་
ཉིད་དུ་འགྲོ་བ་མི་སྲིད་པའི་ཕྱིར་རོ། །ལུས་ཡོད་པ་ཡིན་ན་ཐག་རིང་པོར་ཡང་དེ་འགྲོ་བ་ཁོ་ནས། ཡུལ་པ་ཊ་ལི་པུ་ཏྲ་ནས། ཡུལ་པཱ་ཎ་ཌི་དང་། མ་ཐུ་རར་འགྲོ་བ་ལྟ་བུ་ཡིན་ནོ་སྙམ་དུ་སེམས་པ་ལ། དེ་ལྟར་འདིར་ནི་མ་ཡིན་ཏེ་ཞེས་བྱ་བ་སྟེ། དུས་ཀྱིས་བར་དུ་ཆོད་པ་ནི་

གཉིད་ཀྱིས་ཆོད་ཀྱང་སང་བ་ན་འབྱུང་བའོ། །འདི་ལ་ཡུལ་གྱིས་བར་དུ་ཆོད་པ་བསྟན་པ་ནི། གང་ཞིག་ནི་གྲོང་དང་ཞེས་བྱ་བའོ། །ཡུལ་གྱིས་བར་དུ་ཆོད་པ་བསྟན་པ་ནི། འགའ་ཞིག་ནི་འདི་ན་འདུག་པ་ཉིད་ཅེས་བྱ་བ་སྟེ་རྒྱུན་གྱིས་སོ། །རྨི་ལམ་ན་
ནི་དེ་ལྟ་མ་ཡིན་ཏེ། གང་ལས་གང་དུ་འདི་འགྲོ་བ་དེ་དག་གི་བར་ན་ལུས་དང་སེམས་ཀྱི་རྒྱུད་དམིགས་པ་མ་ཡིན་ཏེ། དེ་མེད་པའི་ཕྱིར་ཏེ། བག་ཆགས་བརྟན་པོ་མེད་པའི་ཕྱིར་རོ། །སོ་སོར་སྣང་བཞིན་པའི་གཟུགས་བརྙན་མེད་པའི་ཕྱིར་ནི་མ་ཡིན་ཏེ། དམིགས་
པ་ནི་ཡོད་པར་བརྗོད་པ་ཡིན་པར་བསྟན་པའི་ཕྱིར་རོ། །དེའི་ཕྱིར་རྨི་ལམ་བཞིན་དུ་འཕོ་བ་ནི་འཇིག་རྟེན་ཕ་རོལ་ཏུ་འབྱུང་བ་མི་བདེན་པ་མ་ཡིན་ནོ། །འོན་ཏེ་སད་པའི་ཤེས་པ་ནི་རྨི་ལམ་དུ་མཐོང་བ་ལས་བཟློག་པར་འཛིན་པ་ཡིན་པའི་ཕྱིར་དེས་རྟོགས་པ་མེད་པའི་བདག་
ཉིད་གསལ་བར་བྱེད་པ་ནི་རྣམ་ཤེས་ཀྱི་ནུས་པ་ཡིན་པའི་ཕྱིར་དེ་སྣང་བ་ཡིན་ནོ་སྙམ་དུ་སེམས་པ་ལ། སད་པའི་སོ་སོར་སྣང་བ་ཡང་བདག་ཉིད་ཁོ་ནའི་མ་ཡིན་ཏེ། མི་བདེན་པའི་རྨི་ལམ་དུ་དེ་ལས་བཟློག་པར་འཛིན་པར་སྣང་བའི་ཕྱིར་རོ་ཞེས་བསྟན་པ་ནི། གལ་ཏེ་སྣང་བ་གཞན་ཐོབ་པས། །ཞེས་བྱ་བའོ། །དེས་ན་སྐྱེ་
བ་གཞན་པ་ཡང་། །ཞེས་བྱ་བ་སྟེ། སད་པ་ན་མཐོང་བའོ། །གལ་ཏེ་བཟུང་བ་ཉིད་དུ་སྣང་བཞིན་པ་ཡང་མི་བདེན་པ་ཡིན་ནོ། །བྱེ་བྲག་མེད་པར་འགྱུར་ཏེ་ཁྱད་པར་མེད་པའི་ཕྱིར་རོ། །གཉི་ག་ཡང་གཉིས་ཀ་ལ་ལྟོས་པས་བཟློག་པ་ཉིད་ཀྱིས་ཕན་ཚུན་གེགས་བྱེད་པའི་ཕྱིར་རོ། །གེགས་བྱེད་པ་སྟོབས་མཉམ་
པ་དག་མ་ཡིན་ནམ། རྨི་ལམ་དུ་མཐོང་བ་ནི་རྒྱུ་མེད་པ་ཡིན་ཏེ་སྐྱེད་བྱེད་མེད་པའི་ཕྱིར་རོ། །དམིགས་པར་བྱེད་པའི་དབང་པོ་ལ་སོགས་པ་མེད་པའི་ཕྱིར་གློ་བུར་དུ་དམིགས་བཞིན་པ་ནི། སད་པ་ན་མཐོང་བ་དང་ལྡན་པས་མཉམ་པ་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ནི། འོན་ཏེ་
རྨི་ལམ་གྱི་ཞེས་བྱ་བའོ། །ལན་ནི། སད་པའི་བུམ་པ་ལ་སོགས་ཀྱང་། །ཞེས་བྱ་བ་སྟེ། སྐྱེད་བྱེད་ཀྱང་ངོ་། །དེ་མེད་ཀྱང་དམིགས་བྱེད་ཡོད་པའི་ཕྱིར། དེ་ལ་དམིགས་པ་ཡིན་ནོ་ཞེ་ན། རྨི་ལམ་ན་ཡང་བག་ཆགས་ལ་སོགས་པ་དམིགས་བྱེད་ཡོད་པ་ཁོ་ན་ཡིན་ཏེ་དེ་

མེད་ན་མི་འབྱུང་བའི་ཕྱིར་རོ་ཞེས་བསྟན་པ་ནི། འོན་ཏེ་ཚོགས་པ་ལས་ནི་འབྱུང་བར་མཐོང་བ་ཞེས་བྱ་བ་སྟེ། སྐྱེད་བྱེད་མེད་པར་གཉིས་ཀ་ལ་ཡང་མཚུངས་སོ་ཞེས་བྱ་བའི་དོན་ཏོ། །དེ་ལ་སྐྱེད་བྱེད་དུ་རྟོགས་པའི་རྒྱུ་མཚན་རེས་འགའ་བའི་དམིགས་པ་ནི། རྨི་ལམ་ན་
ཡང་ཞེས་བྱ་བའོ། །ཐུན་མོང་མ་ཡིན་པ་གཉིད་ལོག་ཀྱང་རྨི་ལམ་བཞིན་དུ་དེ་རྣམས་ལ་ཁྱད་པར་མེད་པར་བསྟན་པ་ནི། གཞན་གྱིས་ཞེས་བྱ་བའོ། །ཐུན་མོང་པ་ཁོ་ན་རི་ལ་སོགས་པ་རྣམས་མ་ཡིན་ནམ། དམིགས་བྱེད་ཀྱི་ཚོགས་པ་དང་བྲལ་བས་ལོང་
བ་བཞིན་དུ་འབའ་ཞིག་དམིགས་པ་མ་ཡིན་ནོ་སྙམ་དུ་སེམས་པ་ལ། རྨི་ལམ་དུ་མཐོང་བ་ཡང་ཐུན་མོང་བ་ཡིན་ཏེ། རྨི་ལམ་གྱི་ཚོགས་པ་དང་བྲལ་བས་འབའ་ཞིག་ནི་མ་ཡིན་ནོ། །དེའི་ཕྱིར་དེ་ཡང་བདེན་པ་ཁོ་ན་ཡིན་པར་བསྟན་པ་ནི། ཇི་ལྟར་འཁོར་བའི་ཞེས་
བྱ་བའོ། །རྨི་ལམ་དུ་མཐོང་བ་ཉིད་ཀྱིས་རྒྱུའི་སྐྱོན་གྱིས་འབྱུང་བ་ཡིན་ལ་དེས་ན་མི་བདེན་པ་མ་ཡིན་ནམ། སད་པ་ན་མཐོང་བ་ནི་མ་ཡིན་ཏེ། གང་གི་ཕྱིར་གཉིད་དང་བྲལ་བའི་སེམས་ནི་རང་རིག་པ་ཡིན་པར་བདག་ཉིད་རིག་པ་ནི་སད་པའི་གནས་སྐས་སུ་
བརྗོད་དོ། །དེའི་ཕྱིར་དེ་ནི་དེའི་གནོད་བྱེད་ཡིན་ནོ་སྙམ་དུ་སེམས་པ་ནི་སད་པར་རྟོགས་པ་ཞེས་བྱ་བའོ། །གཉིད་དང་བྲལ་བ་རང་ཉིད་རིག་པ་དེ་ནི་རྨི་ལམ་དུ་མངོན་པར་འདོད་པ་ལ་ཡང་མཚུངས་པར་བསྟན་པ་ནི། རྨི་ལམ་དུ་ཡང་སད་པའི་བློ། །ཞེས་བྱ་བའོ། །
བདེན་པ་དང་། ཅིག་ཤོས་ཉིད་ནི་ད་ལྟར་ཡང་གཉིས་ཀ་ལ་གནས་པ་མ་ཡིན་ཏེ། གསལ་བར་སྣང་བའི་ཁྱད་པར་གྱིས། །ཞེས་བསྟན་པ་ནི། སད་པར་འདོད་པའི་ཞེས་བྱ་བའོ། །སད་པར་འདོད་པའི་གནས་སྐབས་ལ་རྨི་ལམ་དུ་མཐོང་བ་མེད་དོ་ཞེས་
བྱ་བར་ཤེས་པ་ཡིན་ཏེ། དེས་ན་མི་བདེན་པ་ཡིན་ནོ། །དེའི་ཕྱིར་ཁྱད་པར་མེད་པ་མ་གྲུབ་པོ། །སྔ་མ་ལ་ནི་གནོད་མེད་ན། ཕྱི་མ་སྐྱེ་བ་གྲུབ་པ་ནི་སྙམ་དུ་སེམས་པ་ནི། འོན་ཏེ་འདི་ནི་མི་བདེན་ནོ་ཞེས་བྱ་བའོ། །གང་གི་ཕྱིར་འདི་མེད་དོ་ཞེས་བྱ་བའི་ཤེས་པ་དེ་

ནི་དེའི་རྨི་ལམ་ན་ཡང་དེ་དང་བྲལ་བའི་དམིགས་པ་ཡོད་པ་ཡིན་ཏེ། གོམས་པ་མེད་པ་འབའ་ཞིག་ལས་ནི་དེ་ལས་བྱུང་བ་དེ་མ་ཡིན་ལ། དེའི་ཕྱིར་འདི་ལ་ཡང་ཁྱད་པར་མེད་པ་ཁོ་ན་ཡིན་པར་བསྟན་པ་ནི། སད་པའི་རྟོག་པ་ལ་ཡང་ཞེས་བྱ་བ་སྟེ། །
དེ་ལྟར་རྟོགས་པ་ཉིད་ཀྱིས་ནི་མེད་དོ་ཞེས་བྱ་བར་རྟོགས་པ་ཁོ་ནས་སོ། །དེ་ཉིད་ཅེས་བྱ་བ་ནི་མེད་པ་ཉིད་དོ། །དེའི་མཚན་ཉིད་ཀྱིས་ཀྱང་ཞེས་བྱ་བ་ནི་དེའི་ངོ་བོ་ཉིད་དེ་མེད་པ་ཉིད་ཤེས་བྱར་གནས་པ་ཡིན་ན། དེའི་ཤེས་པ་རྒྱུ་ཉིད་ལས་དེ་འབྱུང་བ་མ་ཡིན་ཏེ། ཐལ་ཆེས་པའི་ཕྱིར་
རོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་མེད་དོ་ཞེས་བྱ་བའི་ཤེས་པ་ལས་དེ་ཉིད་དུ་མི་འགྱུར་ཏེ། སོ་སོར་སྣང་བ་གསལ་བའི་ཕྱིར་རོ་ཞེས་ཟེར་པ་ལ་གཞན་ཡང་མི་བདེན་ནོ་སྙམ་པའི་བྱ་བ་སྟེ། བདེན་ལས་ཞེས་བྱ་བ་ནི་མ་ཡིན་པར་དགག་པ་ཡིན་ལ་བདེན་མེད་དེ་འདིར་དགག་པ་ཡིན་ཞེས་
བྱ་བ་ནི་མེད་པར་དགག་པའོ། །དེའི་རང་བཞིན་ཏེ། རྨི་ལམ་དུ་མཐོང་བའི་གསལ་བ་ནི་དེ་དང་འགལ་བ་ནི་དམིགས་པའི་ཕྱིར་གཉིས་ཀ་ཡང་མི་རིགས་སོ། །འཐད་པ་མ་ཡིན་ཞེས་བྱ་བ་ནི་མ་ཡིན་པར་དགག་པ་བསྟན་པ་ཡིན་ལ་ཞེས་བྱ་བར་མི་འཐད་དོ་ཞེས་བྱ་བས་
ནི་མེད་པར་དགག་པ་ཡིན་ནོ། །སྔ་མ་ལ་འཐད་པ་ནི་དེ་ལས་གཞན་ཉིད་ཅེས་བྱ་བའོ། །ཕྱི་མ་ལ་ནི། མེད་པ་ཡང་མ་ཡིན་ཏེ་ཞེས་བྱ་བའོ། །ཡུན་རིང་ནས་དམིགས་པའི་ལྟོས་པ་ཙམ་ཁྱད་པར་མ་ཡིན་པར་བསྟན་པ་ནི། སྐྱེད་མོས་ཚལ་གྱིས་ཞེས་བྱ་བའི་
སྟེ་རང་གི་རྣམ་པ་ཉིད་ལ་ཕྱི་རོལ་ཏུ་མངོན་པར་སེམས་པ་ནི་རྟོག་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་མངོན་པར་སེམས་པ་ལ་མི་སླུ་བ་ཅན་ཡིན་པའི་ཕྱིར། གནོད་པ་མེད་པར་བསྟན་པ་མ་ཡིན་ནམ། རྨི་ལམ་དུ་མཐོང་བས་གནོད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་
དོན་ཡིན་ནོ་ཞེས་ཟེར་བ་ནི། གལ་ཏེ་རྨི་ལམ་དུ་དམིགས་པའི་བུམ་པ་ཞེས་བྱ་བའོ། །མི་སླུ་བ་ཅན་ཉིད་ཁོ་ན་ཡིན་ཞེས་ཟེར་བ་ནི་བཀྲུས་མ་ཐག་ཏུ་ཞེས་བྱ་བའོ། །ལན་ནི། རྨི་ལམ་མཐོང་བ་བག་ཆགས་པའི། །ཞེས་བྱ་བ་སྟེ། རབ་ཏུ་དགའ་བ་ལ་ལོངས་སྤྱོད་པའོ། །

དེ་ལ་མི་སླུ་བ་ལ་གནོད་པ་ཅན་མེད་པ་ནི་རྣལ་མ་ཡིན་ནོ། །ཅི་ལས་ཤེ་ནོ། རྨི་ལམ་དུ་སླར་ཡང་དེ་ཉིད་ལའམ་གཞན་ལ་ཡང་ངོ་། །འདི་ནི་ཞེས་བྱ་བ་ནི། རབ་ཏུ་དགའ་བ་ལ་ལོངས་སྤྱོད་པའོ། །རིག་ཕྱིར་རོ་ཞེས་བྱ་བ་ནི་དེའི་ཚེ་ཁོ་ན་དོན་བྱེད་པར་ཉམས་སུ་
མྱོང་བས་མི་སླུ་བའི་ཕྱིར་རོ། །དེའི་ཕྱིར་སད་པ་དང་རྨི་ལམ་ཡང་མི་སླུ་བ་དང་ཅིག་ཤོས་དག་གིས་ཚད་མ་དང་ཅིག་ཤོས་དག་ཡིན་ཞེས་བྱ་བའི་དོན་ཏོ། །རྨི་ལམ་དང་ཅིག་ཤོས་ཉིད་ལ་མཐོང་བ་ཉིད་ཀྱིས་དེ་དག་གིས་མི་བདེན་པ་དང་ཅིག་ཤོས་ཉིད་དུ་རྣམ་པར་
ཕྱེ་བ་ཁོ་ན་ཡིན་ན་རྣམ་པར་དབྱེ་བའི་རྒྱུ་གཞན་ཅི་དགོས་སྙམ་དུ་སེམས་པ་ལ། རྨི་ལམ་ཅིག་ཤོས་ཞེས་བྱ་བ་སྟེ། སོ་སོར་སྣང་བ་ཉིད་ནི་དེ་ཉིད་དང་ཅིག་ཤོས་ཀྱི་རྣམ་པར་དབྱེ་བ་བྱེད་པ་མ་ཡིན་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །སླུ་བ་དང་ཅིག་ཤོས་ཀྱི་རྣམ་པར་
དབྱེ་བ་མ་གྲུབ་པ་ཡིན་ཞེས་བྱ་བའི་དོན་ཏོ། །སྐྱེས་མོས་ཀྱིས་འདི་ལ་དམིགས་པ་མེད་པའི་ཕྱིར་ཞེས་བྱ་བ་མི་རིགས་པ་མ་ཡིན་ནམ། གང་གི་ཕྱིར་མེད་པའི་ཕྱིར་ཞེས་བྱ་བ་འདི་ནི་དམིགས་པ་མ་ཡིན་ཏེ། །མེད་དོ་ཞེས་བྱ་བ་འདི་དམིགས་པ་ཡིན་པའི་ཕྱིར་རོ། །ཉེ་བར་
བརྟེན་པ་དང་བྲལ་ན་ཤེས་ན་ཅུང་ཟད་སྐྱེ་མི་འགྱུར་སྙམ་དུ་སེམས་པ་ལ། འདི་ནི་མེད་ཅེས་ཤེས་པ་ནི་ཞེས་བྱ་བ་ནི་སྟེ། གཞན་གྱིས་རྟོགས་པར་ཞེས་བྱ་བ་ནི་མངོན་སུམ་ན་མ་རྗེས་སུ་དཔག་པས་སོ། །གཟུགས་དང་རོ་ལ་སོགས་པ་ནི་དེར་སྣང་བའི་མངོན་སུམ་གྱིས་རྟོགས་
པ་ཡིན་ཏེ། དེས་ན་ཡོད་པ་ཉིད་ནི་གཞན་ལས་དབེན་པ་དང་བྲལ་བས་མི་སྣང་བའི་ཕྱིར་རོ། །དེ་དེས་དབེན་པའི་ངོ་བོ་ཁོ་ན་ཡིན་པའི་ཕྱིར་ཤེས་པ་ཡིན་ཏེ་དེ་ལ་རུང་བའི་ཡུལ་ཅན་རྣམས་ཀྱིས་མི་ཤེས་ཀྱང་རང་ཉིད་ཤེས་པའི་ཕྱིར་རོ། །དེ་དང་བྲལ་བའི་ངོ་བོ་འབའ་ཞིག་ནི་མངོན་སུམ་གྱི་
རྗེས་སུ་འབྲང་བས་ཤེས་པ་ནི་བདག་གི་རྣམ་པའི་སྐྱེད་བྱེད་དུ་མངོན་པར་སེམས་པ་ཡིན་ནོ། །དེས་ན་འདིའི་དམིགས་བྱ་ནི་མངོན་པར་སེམས་པ་མ་གཏོགས་པ་གཞན་མ་ཡིན་པར་བསྟན་པ་ནི། དེ་ལྟ་བུར་གྱུར་པ་ཞེས་བྱ་བའོ། །བག་ཆགས་ལས་བྱུང་བ་ཡང་དེ་ཁྱད་པར་

གང་གིས་ངེས་པ་ཅན་གྱི་ཕྱི་རོལ་གྱི་ངོ་བོ་ལ་མངོན་པར་རློམ་པ་ཡིན་ནོ་སྙམ་དུ་སེམས་པ་ནི། ཁྱད་པར་གང་གིས་ཞེས་བྱ་བ་སྟེ། འདིའི་མངོན་པར་རློམ་པའི་བྱ་བ་འདི་ཕྱི་རོལ་གྱིས་བྱས་པའི་ཕྱིར་རོལ་ཡུལ་ཡིན་པས་དེ་ལ་དམིགས་པ་མེད་པ་ཡིན་ཞེས་བྱ་བའི་དོན་ཏོ། །
ལན་ནི་དེ་ལ་སེམས་གཏད་པ་ཞེས་བྱ་བ་སྟེ། དྲན་བཞིན་པའི་དགག་བྱ་ལ་གཏད་པས་མ་རྨོངས་པར་དྲན་པའི་འདུ་བྱེད་ཀྱི་དམིགས་པ་མེད་པ་སྟེ། །གཞན་དམིགས་པས་རྨི་ལམ་ལས་ཁྱད་པར་དུ་བྱེད་པ་ཡིན་ནོ། །འདི་སད་པ་ཡང་ཡིན་ལ་བདག་ཉིད་ཀྱང་ཡིན་པ་དེ་ལ་
མངོན་པར་རློམ་པ་དེ་འདི་ལ་ཡོད་པ་དེས་རྨི་ལམ་གྱིས་སོ། །དེ་ལྟ་བུའི་དམིགས་པའི་བསྐྱེད་བྱ་ཤེས་པ་དེ་ནི་དེར་རློམ་པ་ཡིན་ལ་དེ་འཛིན་བྱེད་ནི་མ་ཡིན་ལ། དེའི་མེད་པ་ཉིད་འཛིན་པ་ནི་མ་ཡིན་ནོ། །དེའི་ངོ་བོ་སྣང་བ་བཞིན་དུ་སྣང་བ་མ་ཡིན་པའི་ཕྱིར་ཞེས་བྱ་བའི་
དོན་ཏོ། །དེ་ཉིད་སད་པ་ཡིན་པར་དབྱེ་བ་གང་གིས་མངོན་པར་འདོད་པ་ཡིན་ཞེས་བྱ་བ་ལ་སད་པར་མངོན་པར་རློམ་པ་ཞེས་བྱ་བ་སྨོས་ཏེ། ཉལ་བའི་ལུས་ནི་རྨི་ལམ་ནའོ། །གཞན་ལ་ནི་གཞན་དུ་ཞེས་བྱ་བའི་ཁྱད་པར་ཡིན་ནོ། །མ་ངེས་པ་ཉིད་ནི་མ་ངེས་པ་ཅན་
ནོ། །རྗེས་སུ་སྒྲུབ་པ་མེད་པ་ནི་རྣམ་པར་རྟོག་པ་མེད་ཀྱང་དེའི་རྩ་བ་དབེན་པ་དམིགས་པ་ཡོད་པས། དེའི་འབྲས་བུ་ཐེ་ཚོམ་མེད་པར་འགྲོ་བའི་ཐ་སྙད་ནི། མི་དམིགས་པའི་མཚན་ཉིད་ཡིན་པའི་ཕྱིར་གཙོ་བོ་ནི་རྩ་བ་ཡིན་ཏེ། མེད་ཅེས་བྱ་བའི་རྣམ་པར་རྟོག་པ་ཡང་དེའི་
རྗེས་སུ་འབྲང་བ་ཉིད་ཀྱིས་ཚད་མ་ཡིན་པའི་ཕྱིར་རོ། །དེ་དང་བྲལ་བ་ཚད་མ་མ་ཡིན་ནམ་ཞེས་ཟེར་བ་ལ། རྣམ་པར་རྟོག་པ་ཞེས་བྱ་བའོ། །ཕན་ཚུན་འགལ་བ་ནི་སྐད་ཅིག་མ་དང་། དེ་མ་ཡིན་པ་དང་རྣམ་པར་རིག་པ་ཙམ་དང་དེ་མ་ཡིན་པ་དག་གོ། །དེའི་ཕྱིར་སོ་
སོར་སྣང་བཞིན་པ་ནི་རྨི་ལམ་མམ་གཞན་དུ་ཡང་བརྫུན་པ་མ་ཡིན་ནོ། །དེ་ལྟ་ཡིན་ན་མི་བདེན་པ་ཉིད་ཇི་ལྟར་ཡིན། ཐ་སྙད་པ་རྣམས་ནི་རྨི་ལམ་དུ་མཐོང་བ་ལ་མངོན་པར་རློམ་པ་ཡིན་པར་བསྟན་པ་ནི། དེའི་ཕྱིར་ཞེས་བྱ་བ་སྟེ། འདིས་ནི་མ་ངེས་པ་ཉིད་མི་སྣང་བ་མི་དམིགས་པ་ཡིན་ནོ་

ཞེས་བྱ་བའི་དོན་ཏོ། །སེམས་ཀྱི་ཉེ་བར་ལེན་པ་ཉིད་ལུས་ཡིན་ལ་ཤི་བ་ལུས་ལ་ཡང་ཡོད་པས། ལུས་ནི་གནས་པ་ཡིན་པར་སེམས། །ལྡོག་པ་མེད་པར་ཐལ་བར་འགྱུར། །ཞེས་བྱ་བ་ལ་སོགས་པས་བསྟན་ནས་ད་ལྟར་ནི་གང་གི་ཚེ་ཡང་ཡོད་པ་དེའི་ཚེ་ཡང་དེ་ཉེ་བར་ལེན་པ་མ་ཡིན་ཏེ། བཟློག་པར་
དམིགས་པ་མ་ཡིན་ཞེས་བསྟན་པ་ནི། གཞན་ཡང་རིག་པ་ལུས་ལས་ཐ་མི་དད་པ་དང་ཞེས་བྱ་བའོ། །ལུས་ཉེ་བར་ལེན་པ་ནི་ཐ་མི་དད་པ་ཡིན་ན་འཇི་བ་དང་བུམ་པ་དག་གིས་ཉེ་བར་ལེན་པ་དང་ཉེ་བར་བླང་བྱ་བཞིན་དུ་མངོན་པར་གསལ་བའི་སེམས་པ་ཅན་དུ་སྨྲ་བ་པོའི་མངོན་པར་འདོད་པ་ཞེས་
བྱ་བ་རྡུལ་ཕྲ་རབ་ཀྱིས་ལུས་ཀྱི་ཕྱོགས་ཀྱི་སྐྱོན་ནི་ཡན་ལག་ཅན་གྱི་ཕྱོགས་ལ་ཡང་མཚུངས་པ་ཡིན་པར་བསྟན་པ་ནི། འོན་ཏེ་ཡན་ལན་ཅན་ཞེས་བྱ་བ་སྟེ། རྡུལ་ཕྲ་རབ་རྣམས་ཡོད་ན་ཡན་ལག་ཅན་རྡུལ་ཕྲ་རབ་གཉིས་པ་ལ་སོགས་པ་རིམ་གྱིས་འབྱུང་བའི་ཕྱིར་རོ། །རེ་ཞིག་རྡུལ་ཕྲ་རབ་
གཉིས་པ་ནི་རྡུལ་ཕྲ་རབ་ལ་གནས་པ་ཡིན་ལ་རྒྱུ་ལ་ཡོན་ཏན་གྱི་རིམ་གྱི་ཡོན་ཏན་དང་ལྡན་པའི་སེམས་པ་རྡུལ་ཕྲ་རབ་ཀྱི་སེམས་པ་ཅན་དུ་འགྱུར་བའི་འབྲས་བུ་ལས་སཱ་ལུའི་ཁྱད་པར་བཞིན་དུ་མེད་པ་ཁོ་ན་ནི་མ་ཡིན་ཏེ། དེ་མི་མཐོང་བའི་དབང་གིས་འབྱུང་བ་ཡིན་པར་ནི་མི་རིགས་ཏེ་མི་མཐོང་བ་
ཁས་མི་ལེན་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན་མྱོས་པའི་ནུས་པ་བཞིན་དུ་རྣམ་ཤེས་ནི་མ་ཡིན་ཏེ། དེ་བཞིན་དུ་འབྲས་བུ་འོག་མ་རྣམས་ལ་ཡང་རྒྱུའི་རིམ་གྱིས་རྡུལ་ཕྲ་རབ་འཛིན་པའི་ཉེ་བར་མཚོན་པའི་དོན་ཉིད་ཀྱི་ཕྱིར་སེམས་པ་ཅན་བརྗོད་བྱ་ཡིན་ནོ། །འོན་ཏེ་དེ་དག་ལས་སྐྱེས་པ་ཞེས་བྱ་བ་འདིས་ལུས་
ལས་སེམས་པ་ཅན་ཐ་དད་པ་ཡིན་ལ། རྒྱུའི་དོན་ནི་ཉེ་བར་ལེན་པའི་དོན་དུ་ཡིན་ཏེ་སེམས་པ་ཅན་གྱི་ལུས་ཡིན་ཞེས་བྱ་བའི་དོན་ཏོ། །ཕྱོགས་འདི་ལ་ཡང་དེའི་འཛིན་བྱེད་མེད་པའི་ཕྱིར་དེ་དག་ལས་སོ་ཞེས་འཛིན་པ་ཡིན་པར་བསྟན་པ་ནི། དེ་ལྟ་ཡིན་ན་ཞེས་བྱ་བའོ། །ཤེས་པ་ནི་རང་དང་གཞན་གྱི་
རིག་པ་མ་ཡིན་ནམ་ཞེ་ན། རང་རིག་པ་ནི་གཞན་རིག་པ་མ་ཡིན་ནོ་ཞེས་བྱ་བ་སྟེ། ཤེས་པ་ནི་རང་ལ་ཡོད་པར་རིག་པའི་བྱ་བ་ཡིན་ན། ཇི་ལྟར་ཕྱི་རོལ་ལ་རྣམ་པར་གཅོད་པ་ཡིན་ཐ་དད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་ཤེས་པ་རང་ཉིད་ཁོ་ན་རིག་བྱ་ཡིན་ན་གཞལ་བྱ་ཡང་དེ་བཞིན་དུ་

འགྱུར་རོ། །དེའི་ཕྱིར་འདི་ནི་རིག་བྱེད་གཞན་ཡིན་པ་ཁོ་ནར་རིག་པ་ཡིན་ཏེ། གསལ་བྱེད་མར་མེ་ལ་ཡང་དེ་ཡོད་དོ་སྙམ་དུ་སེམས་པ་ནི། འོན་ཏེ་གཞན་རིག་པ་ཉིད་ནི་གཟུགས་ལ་སོགས་པ་ལྟ་བུའོ། །བདེ་བ་ཉིད་ཀྱང་རིག་བྱ་ཡིན་པའི་ཕྱིར་གཞན་ཁོ་ནས་ཡིན་ནོ་ཞེས་ཟེར་བ་ནི།
གཞན་དུ་གྱུར་པ་ཉིད་ཅེས་བྱ་བའོ། །ལན་ནི་གཞན་དུ་གྱུར་པ་ཞེས་བྱ་བ་སྟེ། སྔོན་པོ་དང་བདེ་བ་ལ་སོགས་པ་ཐམས་ཅད་གཞན་དུ་གྱུར་པ་ཁོ་ན་རིག་པ་ཡིན་པའི་ཕྱིར་རྣམ་ཤེས་མེད་པར་འགྱུར་རོ། །བདེ་བ་ལ་སོགས་པ་འཛིན་པར་བྱེད་པ་གཞན་དོན་གྱིས་གོ་བས་སམ། བདག་དང་ཡིད་ཕྲད་པ་ལས་
བྱུང་བའི་མངོན་སུམ་གྱིས་རིག་པ་ཁོ་ན་མ་ཡིན་ནམ་སྙམ་དུ་སེམས་པ་ལ། གང་ལ་རིག་པ་ཞེས་བྱ་བ་སྨོས་ཏེ། རིག་བྱ་ཉིད་དུ་ཐམས་ཅད་སྣང་བ་ཡིན་ན་རིག་བྱེད་ཉིད་དུ་འགལ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་རེག་པར་བྱེད་པ་ཉིད་ཀྱིས་རིག་པར་བྱེད་པ་ནི་དེ་གང་ཡིན་ལུས་ལ་སོགས་པ་ཡང་
མ་ཡིན་ལ་བདེ་བ་ཡང་མ་ཡིན་ཏེ། རིག་བྱ་ཡིན་ཏེ། རིག་བྱ་ཡིན་པའི་ཕྱིར་རོ། །གཞན་ཡང་མ་ཡིན་ཏེ། མི་སྣང་བའི་ཕྱིར་རོ་ཞེས་བསྟན་པ་ནི། བདེ་བ་དང་སྔོ་སོགས་ཞེས་བྱ་བའོ། །སྣང་བ་མ་ཡིན་པར་ནི་བདེན་མོད་ཀྱི་རྟོགས་པ་ཡིན་ནོ་ཞེ་ན། རྟོགས་བཞིན་པ་ནི་རི་བོང་གི་རྭ་བཞིན་དུ་
རྟགས་མ་ཡིན་པའི་ཕྱིར་རོ། །མེད་པ་ཡིན་པར་བསྟན་པ་ནི། མིག་སོགས་ཞེས་བྱ་བའོ། །བདེ་བ་ལ་སོགས་པའི་ཤེས་པ་ནི་གཞན་དུ་མི་འཐད་པས་མིག་ལ་སོགས་པའི་བྱེད་པའི་ངོ་བོ་བདག་གི་རྣམ་པར་འགྱུར་བའི་བློར་བརྟགས་པ་ཡིན་པའི་ཕྱིར་རྟགས་མེད་པ་ཡིན་པར་བསྟན་པ་
ཡིན་ནོ་སྙམ་དུ་སེམས་པ་ལ། འབྲས་བུའི་སྒོ་ནས་ཞེས་བྱ་བའོ། །གང་ཁོ་ན་འབྲས་བུའི་ཤེས་པའི་རྟགས་ཡིན་པ་དེ་ཁོ་ན་བསྒྲུབ་བྱར་ཇི་ལྟར་འགྱུར་ཞེས་བསྟན་པ་ནི། དེ་ཡང་ནུས་པ་ཉིད་ཅེས་བྱ་བའོ། །གཟུགས་ལ་སོགས་པ་རྣམས་ཀྱི་མིག་ལ་སོགས་པའི་བྱ་བ་ཡིན་ན། རེས་འགའི་
ངོ་བོ་ཡིན་ལ་ཤེས་པ་དེ་ཕྱིས་ཀྱང་མི་འབྱུང་བ་དེས་ན་དབང་པོ་ལ་ཡོད་པའམ། བདག་ལ་ཡོད་པའི་རྣམ་པར་འགྱུར་བའི་ངོ་བོར་རྟོགས་པ་ཡིན་ལ་དེ་ནི་ནུས་པ་ཡིན་ནོ་སྙམ་དུ་སེམས་པ་ནི་དམིགས་པའི་གནས་སྐབས་ཞེས་བྱ་བའོ། །དབང་པོ་ལ་སོགས་པའི་འགྱུར་བའི་དབང་གིས་

དམིགས་བྱའི་ངོ་བོ་རྡུལ་ཕྲ་རབ་རེ་རེར་འགྱུར་བར་བསྟན་པ་ནི། རྡུལ་ཕྲ་རབ་རེ་རེར་ཞེས་བྱ་བའོ། །དབང་པོ་ལ་སོགས་པའི་དབང་གིས་ཤེས་པ་འབྱུང་བ་ཁོ་ནར་དབང་པོ་རྟོགས་པ་ཉིད་མ་ཡིན་ནམ། གཞན་ནི་མ་ཡིན་ནོ། །དེའི་ཕྱིར་སྔར་ཇི་ལྟ་བའི་ངོ་བོ་ཡིན་པ་དེ་ལྟ་བུ་ཁོ་ན་ཡིན་གྱི་དེ་ལ་ཁྱད་པར་ནི་
མེད་དོ་སྙམ་དུ་སེམས་པ་ལ་ཁྱད་པར་མེད་པར་ནི་ཞེས་བྱ་བའོ། །ཁྱད་པར་མེད་ན་ཤེས་པ་ཡོད་ཀྱང་ཅི་ལས་གཟུགས་རྟོགས་པ་ཡིན། གང་གི་ཕྱིར་གཟུགས་ནི་གཟུགས་སོ་ཞེས་བྱ་བའི་ལོང་བའི་རྣམ་པར་རྟོག་པ་ཡང་སྔོན་པོ་ལ་སོགས་པ་མཐོང་བ་ནི་མ་ཡིན་ནོ། །གཟུགས་
དང་ཤེས་པ་དག་ལྷན་ཅིག་པས་སྐྱེ་བ་ཁོ་ན་ཁྱད་པར་ཡིན་ཞེས་བྱ་བར་ནི་མི་རིགས་ཏེ། ལྷན་ཅིག་པ་ཡིན་པ་བཞིན་དུ་ལྷན་ཅིག་པ་ལ་ཡང་ཁྱད་པར་མེད་པའི་ཕྱིར་རོ། །རང་ཉིད་ལ་ཡོད་པའི་ཁྱད་པར་མེད་ན་དེ་རིག་པ་ཞེས་བྱ་བ་མ་ཡིན་ནོ། །དེ་བསྟན་པ་ནི། ལྷན་ཅིག་ཉིད་ན་
ནུས་དཔོག་ཅིང་། །ཞེས་བྱ་སྟེ། རྗེས་སུ་དཔོག་པར་བྱ་བ་ཡིན་པའི་ཕྱིར་ནུས་པ་དམིགས་པ་ནི་མ་ཡིན་ལ་ཁྱད་པར་མེད་པའི་ངོ་བོ་ཡིན་པའི་ཕྱིར་མ་གྲུབ་པའི་ལྷན་ཅིག་པ་ནི་གཏན་ཚིགས་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དེ་བཞིན་དུ་རིག་བྱ་ཉིད་ཡིན་ན་རིག་བྱེད་
མེད་པ་དེའི་ཕྱིར་རང་རིག་པ་ཁོ་ན་རིག་པར་བྱེད་པ་ཡིན་གྱི་སྔོན་པོ་དང་བདེ་བ་ལ་སོགས་པ་ནི་རིག་པ་ལས་གཞན་པ་མ་ཡིན་ལ་དེ་ཉིད་རིག་པའི་བདག་ཉིད་ཡིན་པའི་ཕྱིར་རྣམ་པར་ཤེས་པ་ཡིན་པར་བསྟན་པ་ནི། དེའི་ཕྱིར་ཞེས་བྱ་བ་སྟེ། དེ་ནི་སེམས་ཙམ་ཡང་ཡིན་ལ་རང་རིག་
པ་ཡང་ཡིན་པའོ། །རྣམ་ཤེས་ཀྱི་བདེ་བ་ལ་སོགས་པ་ཞེས་བྱ་བའི་གཞི་མཐུན་པ་ནི་རིག་པ་ཅན་གྱིས་མ་རྟོགས་པ་མ་ཡིན་ནམ། སངས་རྒྱས་པས་ནི་རྟོགས་པ་ཡིན་པར་དེ་དག་ཙམ་གྱིས་བརྗོད་པ་ཡིན་ནོ། །གསོར་མདུང་རྣམས་ཁྱེར་ལ་ཤོག་ཅེས་བྱ་བ་བཞིན་དུ་ཤེས་པ་
ནི་བདེ་བ་ཞེས་བྱ་བར་ཉེ་བར་བཏགས་པར་འགྱུར་རོ་སྙམ་དུ་སེམས་པ་ལ་གཞི་མཐུན་པ་ནི་གཙོ་བོ་དང་ཞེས་བྱ་བ་སྟེ། སྐྱེས་བུ་སེམས་པ་ཞེས་བྱ་བ་བཞིན་དུ་གཙོ་བོ་ཁོ་ན་ཡིན་ཏེ། དབྱེ་བ་མ་དམིགས་པས་གསོར་མདུང་ཅན་བཞིན་དུ་ཉེ་བར་བཏགས་པར་མི་རིགས་པའི་ཕྱིར་རོ་

ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཞེས་བྱ་བ་ནི་གཙོ་བོ་དང་ཅིག་ཤོས་ཀྱི་རྣམ་པར་དབྱེ་བ་སྟེ་རྒྱུའི་རྗེས་སུ་འབྲངས་ནས་ཁས་བླང་བྱ་ཡིན་གྱི་ཕན་ཚུན་བསྲེས་པའི་འབྲས་བུ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །མེ་ལོང་གཞག་པ་ལ་བཞིན་དུ་བློ་གཅིག་པུ་ལ་སྔོན་པོ་ལ་སོགས་པ་གཞན་གྱི་
གཟུགས་བརྙན་འཕོ་བ་ཉིད་དུ་སྣང་བ་མ་ཡིན་ནམ། དེའི་ཕྱིར་འཛིན་པ་དང་ཐ་དད་པ་ཁོ་ན་ཡིན་ནོ་སྙམ་དུ་སེམས་པ་ལ། གོམས་ལས་དེ་ལྟ་བུར་གྱུར་པའི་ཞེས་བྱ་བ་སྟེ། སྔོན་པོ་ལ་སོགས་པ་ཉིད་སྔོན་གྱི་བག་ཆགས་ཀྱི་དབང་གིས་རྨི་ལམ་དུ་རྟོགས་པའི་བདག་ཉིད་ནི་གཞན་དང་གཞན་དུ་
ཡང་འགྱུར་གྱི་རྟོགས་པའི་ངོ་བོ་ནི་གཞན་མ་ཡིན་ཏེ། དེ་ཡོད་ཀྱང་སྔོན་པོ་ལ་སོགས་པའི་རང་གི་ངོ་བོ་ལ་ཁྱད་པར་མེད་པའི་ཕྱིར་རོ། །ཁྱད་པར་ཡོད་ན་ཡང་དམིགས་པ་ལས་གཞན་མེད་པའི་ཕྱིར་རོ་ཞེས་བྱའི་དོན་ཏོ། །གལ་ཏེ་སྔོན་པོའི་ཁོངས་སུ་གཏོགས་པ་ཡིན་པ་དེ་ལྟ་ན་སེར་པོ་ནི་དེ་མ་
ཡིན་པའི་ཕྱིར་དེ་རིག་པ་མ་ཡིན་ལ་ངོ་བོ་གཅིག་པ་ཉིད་ཀྱི་བློའི་ཕྲེང་བ་ཡིན་ནོ་སྙམ་དུ་སེམས་པ་ལ། གཟུགས་སོགས་གཞན་དང་གཞན་དག་ཏུ། །ཞེས་བྱ་བ་སྟེ། སྔོན་པོ་རིག་པ་བཞིན་དུ་སེར་པོ་རིག་པ་ཡང་བག་ཆགས་ཇི་ལྟ་བ་བཞིན་དུ་འབྱུང་བ་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དམིགས་པ་
མེད་པའི་ཤེས་པ་ཁོ་ན་ལུས་ལ་བརྟེན་པ་མ་ཡིན་ནམ་སྙམ་དུ་སེམས་པ་ལ། རྣམ་པར་ཤེས་པ་ནི་ཞེས་བྱ་བ་སྟེ། གཞན་དེ་རྟེན་དང་ངོ་། །དེ་ལས་ཅིར་འགྱུར་ཞེ་ན། དེས་ན་བདེ་བ་ཞེས་བྱ་བ་སྟེ། ཉེ་བ་ལས་བག་ཆགས་སད་པ་ནི་བདེ་བ་ལ་སོགས་པའི་ཤེས་པ་དང་འདྲེས་པ་ཡང་དང་པོ་དེ་ལྟར་
སྐྱེས་པ་ཁོ་ན་ཡིན་ནོ། །གཞན་གྱི་བདེ་བ་ལ་སོགས་པ་དང་འདྲེས་པར་འགྱུར་བར་མི་རིགས་པ་མ་ཡིན་ནམ། གང་གི་ཕྱིར་མངོན་དུ་མ་བྱས་པའི་ཤེས་པ་དང་འདྲེས་པར་འགྱུར་བར་མི་རིགས་པ་མ་ཡིན་ནོ་སྙམ་དུ་སེམས་པ་ལ། གང་གི་ཚེ་རྣམ་པ་ཐམས་ཅད་ཀྱི་རྟགས་འཛིན་པས་རྣམ་པ་ཐམས་
ཅད་རིག་པ་ཡིན་ལ་གོམས་པས་ནི་གསལ་བ་ཡིན་ཞིང་དེའི་ཚེ་མངོན་དུ་བྱེད་པས་ན་མངོན་སུམ་གྱི་ཤེས་པ་ནི་གཞན་གྱི་བདེ་བ་དང་། སྔོན་པོ་བཞིན་དུ་འདྲེ་བར་བྱེད་པར་བརྗོད་པ་ཡིན་པར་བསྟན་པ་ནི་གོམས་པ་ལས་ཞེས་བྱ་བའོ། །རྣམ་པར་དབྱེ་བ་འདི་ཅི་ལས་ཡིན་ཞེས་བྱ་བ་ནི་རིག་པ་

ལས་ནི་མ་ཡིན་ལ་རིག་བྱ་ཐ་དད་པ་མ་ཡིན་ནོ། །ཁྱད་པར་ནི་གཞན་ཁྱད་པར་དུ་བྱེད་པ་ཡིན་ནོ། །དེའི་ཕྱིར་ཕྱི་རོལ་ཞེས་འཛིན་པ་ལས་ཐ་དད་པར་འཛིན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མེད་པར་ཞེས་བྱ་བ་ནི། རིག་པ་ཞེས་བྱ་བའི་བྱེད་པ་འདི་དང་སྦྱར་བར་བྱའོ། །ལྟོས་པ་ཡོད་མིན་ན་ཞེས་བྱ་བ་ནི། དེའི་ངོ་བོའི་ལྟོས་
པའོ།། །དོན་དམ་དུ་སྟེ། མངོན་སུམ་དུ་སྣང་བས་སོ། །ཀུན་རྫོབ་ནི་རྟག་པ་ཅན་གྱི་མངོན་པའི་ང་རྒྱལ་གྱིས་རྣམ་པར་དཔྱོད་པ་སྟེ་རྣམ་པར་རྟོག་པའི་བྱེད་པ་ཁོ་ན་རང་གི་རྣམ་པ་ལ་ཕྱི་རོལ་བ་ཉིད་དུ་འཛིན་པ་ཡིན་གྱི་འདི་ལ་གཟུང་བ་ནི་མེད་དོ། །ཡོད་ཀྱང་རང་གི་མཚན་ཉིད་ལས་ཁྱད་བར་མེད་པར་ཐལ་བར་འགྱུར་ཏེ།
བརྗོད་བྱ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཁུ་ཁྲག་གི་ལུས་ནི་ནུར་ནུར་པོ་ལ་སོགས་པ་ཡིན་གྱི་མྱོས་པའི་ནུས་པ་བཞིན་དུ་ནུས་པ་ནི་ནུས་པ་མ་ཡིན་ནོ། །རྣམ་ཤེས་ལུས་ལ་བརྟེན་པའི་ཕྱིར་ཤེས་པའི་ནུས་པས་རྟེན་ལུས་གཡོ་བ་ཡིན་གྱི། དེ་མེད་ན་ཤི་བའི་ལུས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་མི་
རིགས་སོ། །རེག་པའི་རྣམ་ཤེས་ཁྱད་པར་ཅན་ནི་འབད་པ་སྟེ་ནང་གི་རེག་བྱའི་རྣམ་པའི་རྣམ་ཤེས་ཉིད་ཡིན་ལ་དེ་ཡང་ཀ་བ་ལ་སོགས་པ་ལ་མེད་དོ་ཞེས་བའི་དོན་ཏོ། །ཤེས་པ་ནི་བདེ་བ་ལ་སོགས་པ་དང་སྡུག་བསྔལ་ལ་སོགས་པ་ཙམ་རིག་བྱ་ཡིན་པའི་ཕྱིར་ཁྱེད་ཀྱི་ལ་ཡང་སྐྱོན་མཚུངས་པ་མ་ཡིན་
ནམ་འདོད་ཆགས་དང་བྲལ་བ་ཡང་གཞན་གྱི་འདོད་ཆགས་རིག་པས་འདོད་ཆགས་ཅན་དུ་འགྱུར་རོ་སྙམ་དུ་སེམས་པ་ནི། ཁྱེད་ལ་ཡང་ཞེས་བྱ་བའོ། །ཕྱི་རོལ་ཉིད་ཤེས་པའི་བདག་ཉིད་ཡིན་པར་ནི་ཁོ་བོ་ཅག་འདོད་པ་མ་ཡིན་གྱི་འོ་ན་ཅི་ཞེ་ན། ཕྱི་རོལ་ལ་སོགས་པའི་ཚོགས་པ་ལས་དེ་དང་འདྲ་
བའི་ཤེས་པ་སྐྱེ་བ་ཡིན་ནོ། །དེའི་ཕྱིར་དེ་ཉིད་ཡིན་པར་མི་འགྱུར་ལ་བདག་ཉིད་ཐམས་ཅད་ཀྱིས་འདྲ་བ་ཡང་མ་ཡིན་ཏེ། ཕྱི་རོལ་དང་ཅིག་ཤོས་ལ་སོགས་པ་བཞིན་དུ་ཁྱད་པར་ཡོད་པ་ཡིན་ནོ་ཞེས་བསྟན་པ་ནི། དེའི་རྣམ་པ་ཅན་གྱིས་ཞེས་བྱ་བའོ། །འོན་ཏེ་ཡན་ལག་ཅན་ཉིད་ཤེས་པ་ལས་ཐ་མི་
དད་པའི་ཕྱིར་དམིགས་པ་ཉིད་ཀྱི་རྟེན་ཡིན་གྱི་རྡུལ་ཕྲ་རབ་དག་ནི་ཞེས་བྱ་བའོ། །ཤེས་པའི་དམིགས་པའི་འབྲས་བུ་ལས་ཐ་དད་པས་དེ་རྟོགས་བྱ་མ་ཡིན་པའི་ཕྱིར་དང་རྟོགས་པ་གཞན་མེད་པའི་ཕྱིར་དེའི་ཕྱེད་དེ་རྣམས་རྡུལ་ཕྲ་རབ་རྣམས་མེད་པ་ཉིད་དུ་འགྱུར་བར་བསྟན་པ་ནི་མེད་པ་ཉིད་ཅེས་བྱ་བའོ། །མི་ཤེས་

པའི་བདག་ཉིད་ཡིན་པའི་ཕྱིར་ཤེས་པའི་བདག་ཉིད་ཀྱི་ལུས་ནི་གཞན་དུ་མི་འཐད་པས་ཀྱང་བརྟག་བྱ་མ་ཡིན་པར་རྟོགས་པར་འདོད་པས་དེ་བསྟན་པ་ནི། ཕྲ་རབ་རྡུལ་རྣམས་ལུས་ཀྱི་ནི། །ཞེས་བྱ་བ་སྟེ། ལུས་ཀྱི་དེའི་རིགས་སུ་རྟོགས་པ་ཡིན་ན། རྡུལ་ཕྲ་རབ་རེ་རེ་ནས་རིག་པར་བྱེད་པར་འགྱུར་
བ་ཡིན་ཏེ། རྣམ་ཤེས་ཀྱི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་ལུས་ཀྱི་དེ་འདྲ་བའི་རིགས་སུ་ཅིའི་ཕྱིར་རྟོག་པ་ཡིན་ཞེས་བསྟན་པ་ནི། ཕྲ་རབ་རྡུལ་རྣམས་ཀྱི་ངོ་བོ་ཉིད་དུ་ཞེས་བྱ་བ་སྟེ། ཕྱེད་སྔ་མས་ནི་རྣམ་ཤེས་ཀྱི་བདག་ཉིད་ཀྱི་རྡུལ་ཕྲ་རབ་ཀྱིས་བྱས་པའི་ཕྱིར་ཞེས་རྡུལ་ཕྲ་རབ་རྣམས་
རྟོགས་བྱ་ཉིད་དུ་བརྗོད་ལ་ཕྱི་མས་ནི་བྱེད་པ་པོ་རྣམས་སོ། །དེའི་ཕྱིར་དེ་ལྟར་རྡུལ་ཕྲ་རབ་བཀག་པས་ཡན་ལག་མ་ལུས་པ་བཀག་ནས་དེའི་ཕྱིར་ཞེས་བྱ་བ་སྨོས་སོ། །གཡོ་བ་དང་མི་གཡོ་བའི་སྐྱོན་ཁོ་ནས་སུན་འབྱིན་པ་ཡིན་ན་བསྒྲིབས་པ་དང་མ་བསྒྲིབས་པ་ལ་སོགས་པས་ཅི་དགོས་སྙམ་དུ་
སེམས་པ་ལ། ཡན་ལག་ཅན་གྱི་རང་བཞིན་གྱི་རྫས་ཞེས་བྱ་བ་སྨོས་སོ། །ཕྲད་པ་ལ་སོགས་པའི་རྒྱུ་ཡིན་པའི་འདུ་བའི་རྒྱུར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བྱ་བ་ཅན་ཞེས་བྱ་བ་ནི་ཡན་ལག་ཅན་བསྒྲིབས་པ་ན་ཞེས་བྱ་བའོ། །ཡོན་ཏན་ཅན་ཞེས་བྱ་བ་ནི་གཅིག་ཚོན་གྱིས་བསྒྱུར་ན་ཞེས་
བྱ་བས་སུན་ཕྱུང་བར་བསྟན་བ་ནི། ཚོན་གྱིས་བསྒྱུར་བ་ལ་ཡང་ཞེས་བྱ་བའོ། །ཡང་ན་གལ་ཏེ་སེམས་ཀྱི་ཉེ་བར་ལེན་པ་ལུས་ཡིན་ན་ཤི་བ་ལ་ཡང་འགྱུར་ཏེ་ཉེ་བར་ལེན་པ་ཡོད་པའི་ཕྱིར་རོ་ཞེས་བྱ་བར་རིགས་ལ་ཉེ་བར་ལེན་པ་ཡན་ལག་ཅན་ནི་ཉེས་པ་མི་མཉམ་བ་ལ་སོགས་པས་ལྡོག་པ་
ཡིན་པའི་ཕྱིར་ཞེས་བྱ་བ་ནི་མི་རིགས་ཏེ་འཚོ་བའི་གནས་སྐབས་ན་ཡང་ཚེར་མས་ཕུག་པ་ལ་སོགས་པས་ལུས་ཀྱི་ཡན་ལག་ཅན་ལྡོག་པས་འཆི་བར་ཐལ་བར་འགྱུར་བའི་ཕྱིར་རོ། །སྣང་བར་མངོན་པར་འདོད་པའི་ཡན་ལག་ཅན་ཁྱབ་བྱེད་ནི་ཉེ་བར་དམིགས་པ་ཡོད་པ་ནི་མ་ཡིན་ལ་དེའི་
ཡོད་པར་ཐ་སྙད་བྱེད་པ་ཡང་ཉེ་བར་དམིགས་པར་བྱེད་པ་མ་ཡིན་གྱི་འདི་ཡོད་དོ་ཞེས་བྱ་བ་བཀག་པ་ཡིན་ནོ། །གཅིག་ཏུ་འཛིན་པར་ཡུལ་རགས་པ་རྣམས་མ་ཡིན་ནམ། ཇི་ལྟར་ཉེ་བར་དམིགས་པ་སྣང་བ་ཡིན། འཕེན་སེལ་མེད་པ་ནི་སྟེང་འོག་ལ་སོགས་པའི་ཆ་ཐ་དད་ཀྱང་གཅིག་ཏུ་སྣང་

བ་ཡིན་གྱི་དུ་མར་ནི་མ་ཡིན་ཏེ། རྒྱ་ཁྱོན་ཆེ་བར་དམིགས་པའི་རྒྱུ་མཚན་ནི་ཆེ་བ་ཉིད་ཡིན་པའི་ཕྱིར་རོ། །ཇི་ལྟར་ནགས་ཀྱི་ཕྲེང་བ་རྒྱུ་མཚན་མ་ཡིན་པ་ནི་སོ་སོ་བར་མི་འཛིན་བ་མ་ཡིན་ནམ་དེ་བཞིན་རྡུལ་ཕྲ་རབ་ཀྱི་རྒྱུ་མཚན་ལས་སྣ་ཚོགས་པ་ཉིད་དུ་མཚོན་པའི་ཐ་དད་པ་རྣམས་ཁོ་ན་གཅིག་ཏུ་འཛིན་པའི་
ཡུལ་ཡིན་པར་མི་རིགས་ཏེ། སྣ་ཚོགས་པ་ཉིད་དུ་འཛིན་པའི་ཕྱིར་རོ། །ནགས་ལ་སོགས་པ་ལ་ནི་ཉེ་བ་ན་གནས་པས་དེ་འཛིན་པར་ཡིན་ནོ་སྙམ་དུ་སེམས་པ་ལ་ཡན་ལག་ཅན་འཛིན་པ་ཡིན་པ་ལ་གནོད་པ་ཅན་བསྟན་པ་ནི། ལག་སོགས་གཡོ་ན་ཞེས་བྱ་བ་སྟེ། གང་ལ་དམིགས་པས་སྣ་ཚོགས་པ་ཉིད་དུ་ཉེ་བར་
མཚོན་པ་དེ་ལ་དམིགས་པས་ཐ་མི་དད་པར་ཤེས་པ་ཡིན་ལ་དེའི་དམིགས་པ་ཡང་ཡན་ལག་རྣམས་ཁོ་ན་ཡིན་གྱི་གཞན་མ་ཡིན་པའི་ཕྱིར་ལག་པ་ལ་སོགས་པ་ཐ་དད་པ་གཡོ་བ་ཡིན་ན་ཐམས་ཅད་གཡོ་བར་འགྱུར་ཏེ་དེ་དང་ཐ་མི་དད་པའི་ཕྱིར་རོ། །ཁྱབ་བྱ་ལས་ཐ་མི་དད་པས་ཁས་བླངས་པ་ཡིན་པས་
ཁྱབ་བྱེད་དུ་ཁས་ལེན་པ་ཡིན་ནོ། །གཡོ་བཞིན་པ་ལས་ཐ་མི་དད་པ་གཡོ་བ་ཁོ་ནར་སྣང་བར་འགྱུར་བ་དེ་ལྟར་མི་སྣང་ན་ཐ་དད་པ་ཡིན་པའི་ཕྱིར་ཁྱབ་པར་བྱེད་པ་མེད་དོ། །ཕྱོགས་གཅིག་འཛིན་པས་ཀྱང་ཡན་ལག་ཅན་འཛིན་པ་ཁོ་ན་ཡིན་པར་དགོངས་པ་ཡིན་པར་ཉེ་བར་མཚོན་པར་བྱེད་པ་
གཡོ་བ་དང་ཅིག་ཤོས་མཐོང་བས་དམིགས་པ་ནི་དེ་བཞིན་དུ་ཐ་མི་དད་པ་ལ་ཡང་གཅིག་ཏུ་མ་དམིགས་ན་ཐམས་ཅད་མ་དམིགས་པར་འགྱུར་རོ། །ཉེ་བར་དམིགས་པ་ཡང་ཡིན་ན་ཐ་དད་པའི་ཕྱིར་ཁྱབ་པར་བྱེད་པ་མེད་པར་བསྟན་པ་ནི་གཅིག་ཅེས་བྱ་བ་ནི་གཡོ་བའོ། །སྔ་མ་དང་ཕྱི་མའི་ངོ་བོས་གཅིག་པ་
ཡིན་པའི་ཕྱིར་སོ་སོར་སྣང་བ་ཐ་དད་པར་ཉེ་བར་མཚོན་པར་བྱེད་པ་རང་གི་འདོད་པས་བསྟན་པ་ནི། ཚོན་གྱིས་ཞེས་བྱ་བ་སྟེ་ཚོན་གྱིས་བསྒྱུར་བ་གཅིག་སྣང་བ་ན་དེ་དང་ཐ་མི་དད་པ་ཡང་མ་ཡིན་པ་བཞིན་དུ་སྣང་བར་འགྱུར་ཏེ། ཐ་མི་དད་པ་ཁྱབ་བྱ་ཡིན་ན་ནི་དེར་སྣང་བ་ཡོད་ན་ནི་སྣང་བའི་ཁྱབ་བྱེད་དུ་འགྱུར་རོ། །
དེ་མེད་ན་ཡང་ཁྱབ་བྱ་དང་ཐ་དད་པ་མེད་པར་འགྱུར་རོ། །འོན་ཏེ་ཡན་ལག་རྣམས་ཉིད་གཡོ་བ་ལ་སོགས་པ་དང་ལྡན་པ་ཡིན་གྱི་ཡན་ལག་ཅན་ནི་མ་ཡིན་ན་གཞན་དམིགས་པ་མ་ཡིན་ལ་སྣ་ཚོགས་པ་ཉིད་དུ་དམིགས་པའི་མཚན་ཉིད་ཀྱི་ཡུལ་ལ་ཐ་དད་པ་མེད་པར་ཤེས་པ་མ་ཡིན་ནོ། །

གཡོ་བ་དང་བསྒྲིབས་པ་ལ་སོགས་པ་ནི་ཁྱབ་བྱ་ལ་འཇུག་པའི་ཕྱིར་དེ་དང་ལྡན་པ་ཉིད་དུ་ཅིག་ཤོས་ཐ་དད་པ་ལས་མ་ཡིན་པ་མ་ཡིན་ནམ། བདག་དང་ནམ་མཁའ་ལ་སོགས་པ་བཞིན་དུ་བློ་དང་སྒྲ་ལ་སོགས་པ་ཞེས་བྱ་བར་ནི་མི་རིགས་ཏེ། གཅིག་ཉིད་ཡིན་ན་མ་ཁྱབ་པར་མི་རིགས་པའི་ཕྱིར་
དང་ངོ་བོ་གཞན་མེད་པའི་ཕྱིར་དེའི་ཕྱིར་སོ་སོར་སྣང་བ་ཕན་ཚུན་རྗེས་སུ་འཇུག་པ་མ་ཡིན་པས་རྒྱ་ཆེ་བ་ནི་ཐ་དད་པ་ཉིད་ཅེས་བྱ་བའི་དོན་ཏོ། །སོ་སོར་སྣང་བ་ཐ་དད་པའི་རིགས་པ་འདི་ཁོ་ན་ལས་ཚོགས་པ་གཅིག་པ་སྟེ་ཕྲད་པ་ནི་ཚོགས་པ་ཅན་མ་རྟོགས་པ་གསལ་བ་ཡིན་པར་བསྟན་པ་ནི། གཅིག་ཡོད་མིན་ཞེས་བྱ་
བའོ། རྡུལ་ཕྲ་རབ་རེ་རེ་རིག་པར་ཐལ་བར་འགྱུར་བ་ནི། རེ་རེ་ནུས་པ་ཉིད་ཡིན་ན། ཅིག་ཅར་མང་པོ་འབྱུང་བར་འགྱུར། །ཞེས་འཆད་པར་འགྱུར་བ་མ་ཡིན་ནམ། ཇི་ལྟར་སྔ་མ་བཞིན་ཞེས་རྗོད་པར་བྱེད་ཅེ་ན། སྐྱོན་མེད་དེ། དེའི་ཕྱིར་ཐམས་ཅད་ས་བོན་དངོས་ཤེས་པར་བསྟན་པའི་ཕྱིར་རོ། །རྡུལ་ཕྲ་རབ་
རྣམས་རེ་རེ་ནས་དམིགས་པ་མ་ཡིན་ཏེ། ཆེས་ཕྲ་བའི་ཕྱིར་རོ་འདུས་པ་ལ་ཡང་དེ་རྣམས་ཉིད་འདི་དག་ཡིན་པའི་ཕྱིར་ཕུལ་དུ་བྱུང་བ་མེད་པས་དམིགས་པ་མེད་པ་ཉིད་ཡིན་ལ་རྟེན་ཉིད་ནི་དེའི་ཉེ་བར་ལེན་པ་ཉིད་ཡིན་ནོ་སྙམ་དུ་སེམས་པ་ནི། ཁྱད་པར་མེད་པའི་ཕྱིར་ཞེས་བྱ་བ་སྟེ། དམིགས་བྱ་མ་ཡིན་པ་ཤ་ཟ་
ལ་སོགས་པ་རྣམས་འདུས་ནས་ཡང་དམིགས་བྱར་མི་རུང་ཞེས་བྱ་བའི་དོན་ཏོ། །ཁྱད་པར་ཅན་རྣམས་ཞེས་བཤད་པ་ནི་རིགས་པའི་གནས་སྐབས་ན་ཡང་ཞེས་བྱ་བའོ། །དབང་ཡུལ་ཞེས་བྱ་བའི་བཤད་པ་ནི། དམིགས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བའོ། །ཁྱད་པར་མེད་པའི་ཕྱིར་མི་དམིགས་པ་ཉིད་མ་
ཡིན་ནོ་ཞེས་བྱ་བས་ཕ་རོལ་པོས་སྨྲས་པ་བཀག་པ་ཡིན་ནོ། །འདུས་བའི་གནས་སྐབས་ན་ནི་རྡུལ་ཕྲ་རབ་ཀྱི་ཡུལ་མ་ཡིན་ཏེ། སྣམ་བུ་ལ་སྣལ་མའི་ཐ་སྙད་བཞིན་དུའོ་ཞེས་བྱ་བ་ལྟ་བུའོ་ཞེས་སླར་སེལ་བ་བསྟན་པ་ནི། དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་སྟེ། རྡུལ་ཕྲ་རབ་ཀྱི་ཐ་སྙད་ཀྱི་ཡུལ་ཉིད་ནི་འདི་ཁོ་ན་ཡིན་
ཏེ་གཞན་མེད་པའི་ཕྱིར་རོ། །ཐ་སྙད་གཞན་མེད་ན་དེ་ཉིད་ཁོ་ན་འདོར་བ་ཡང་མ་ཡིན་ནོ། །དེའི་ཕྱིར་ཉེ་བར་དམིགས་པ་ལ་གེགས་མི་བྱེད་པ་ཉིད་འོ་ན་རྡུལ་ཕྲ་རབ་ཡིན་ཞེས་བྱ་བའི་དོན་ཏོ། །ཡང་ན་སེམས་ཀྱི་ཉེ་བར་ལེན་པ་འབྱུང་བ་ཡིན་ན་ཕྱི་རོལ་གྱི་འབྱུང་བ་རྣམས་ལ་ཡང་ཐལ་བར་འགྱུར་ཏེ་ཐལ་ཆེས་

པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་འགྱུར་བ་ཡིན་པར་བསྟན་པ་ནི་སྔ་མ་བཞིན་ཞེས་བྱ་བའོ། །འོན་ཏེ་ལུས་ཀྱི་རྣམ་པའི་ཁྱད་པར་མེད་པའི་ཕྱིར་ཕྱི་རོལ་ལ་སེམས་པ་ཅན་མེད་དེ་ཁྱད་པར་མེད་པ་ལས་ཀྱང་རྡུལ་ཕྲ་རབ་ཉིད་ཡིན་ནོ། །དེའི་ཕྱིར་ཡང་རྟོགས་པ་མ་ཡིན་ཏེ། སེམས་རྟེན་པ་འཛིན་པར་བྱེད་པ་
ཉིད་ཀྱིས་ཡིན་ནོ་སྙམ་དུ་སེམས་པ་ནི། ཁྱད་པར་མེད་པའི་ཕྱིར་ཞེས་བྱ་བའོ། །ལུས་ཀྱི་རྣམ་པ་ནི་ཤི་བའི་ལུས་ལ་ཡང་ཡོད་པའི་ཕྱིར་སེམས་སུ་ཐལ་བར་འགྱུར་བར་བསྟན་པ་ནི། ཤི་བའི་ལུས་ལ་ཡང་ལུས་ཀྱི་རྣམ་པའི་ཁྱད་པར་མེད་པར་མ་གྲུབ་པའི་ཕྱིར་གང་ལ་དེའི་ཁྱད་པར་མེད་པ་ཁོ་ནས་རྡུལ་
ཕྲ་རབ་ཉིད་ཡིན་ལ་དེའི་ཕྱིར་སེམས་ཀྱི་དམིགས་པ་ཁོ་ན་ཉིད་ཀྱིས་བརྟེན་པ་ཉིད་ཅེས་བྱ་བ་ནི་མ་ཡིན་ནོ་ཞེས་བྱ་བ་དེ་ལ། ཁྱད་པར་ཅན་རྣམས་ཞེས་བྱ་བ་སྨོས་ཏེ། ཕུལ་དུ་བྱུང་བ་ཅན་རྣམས་མེད་ཀྱང་ཕྱི་རོལ་གྱི་འདུས་པ་རྣམས་དབང་ཡུལ་ཉིད་དེ་དབང་པོའི་གཟུང་བ་ཉིད་དམིགས་བྱ་ཉིད་ཡིན་ནོ།
དེའི་ཕྱིར་ཤེས་པའི་དམིགས་པ་ཉིད་དུ་རྡུལ་ཕྲ་རབ་ཉིད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དབང་པོའི་གཟུང་བ་ཉིད་རྡུལ་ཕྲ་རབ་རྣམས་སོ་སོ་ལ་མེད་ཀྱང་འདུས་པ་ཉིད་ལ་སྒྲ་ལ་སོགས་པ་བཞིན་དུ་ཡོད་པ་མ་ཡིན་ནམ་སྙམ་དུ་ཐོགས་པ་ནི་མ་ཡིན་ཏེ། ཆེན་པོའི་འབྲས་བུ་མ་ཡིན་པའི་ཕྱིར་རོ། །ཆེན་པོ་གཅིག་
ནི་དེ་ལྟར་འགྱུར་བ་མ་ཡིན་ཏེ། གསེང་མེད་པའི་ཕྱིར་རོ་སྙམ་དུ་སེམས་པ་ནི། གལ་ཏེ་རྡུལ་ཕྲ་རབ་ཙམ་ཡིན་ན་ཞེས་བྱ་བའོ། །སྣང་བ་ཉིད་ལས་ཐ་དད་པ་ཕུལ་དུ་ཕྱུང་བ་གཞན་ལ་སྒྲིབ་པ་ལ་སོགས་པ་རྒྱུ་མ་ཡིན་པར་བསྟན་པ་ནི། འདིས་ནི་སྒྲིབ་བྱེད་ཅེས་བྱ་བའོ། །སྣང་བ་ཉིད་ཕུལ་དུ་བྱུང་བ་ཁོ་ནས་
ཐོགས་པ་ལ་སོགས་པའི་འབྲས་བུ་འབྱུང་བ་གཞན་མེད་ཀྱང་མཐོང་བ་ཡིན་པར་བསྟན་པ་ནི། དངུལ་ཆུ་གསེར་སོགས་ཞེས་བྱ་བ་སྟེ། དངུལ་ཆུ་གསེར་ལ་ཞུགས་པ་ནི་རྡུལ་ཕྲ་རབ་ཀྱི་བར་དུ་ཐ་དད་པ་མ་ཡིན་པའི་ཡན་ལག་ཅན་ཡིན་ལ་གསེར་ཡང་རྫས་སུ་མ་བརྩམས་པ་ཡིན་ཏེ། རིགས་མཐུན་པ་མ་ཡིན་པའི་ཕྱིར་ཐོགས་པ་དང་
བཅས་པའི་དམིགས་བྱར་མཐོང་བ་མ་ཡིན་ཏེ། དེ་ལ་ཕུལ་དུ་བྱུང་བ་ཡོད་པའི་ཕྱིར་རོ། །དེ་བཞིན་དུ་རྡོ་བསྲེགས་པ་ཡང་ཡིན་ནོ། །དེ་འདིས་ནི་རྡོ་དང་འབར་བའི་རྫས་ཉིད་མ་ཞིག་པ་ཐོགས་པ་དང་བཅས་པ་འདྲེས་པ་ཡིན་ཞེས་བྱ་བ་གསལ་བ་ཡིན་ནོ། །ཡན་ལག་སོ་སོ་བ་ཡིན་ནོ་ཡན་ལག་རེ་རེ་འདྲེས་པ་མ་ཡིན་ཏེ་

ཁབ་ལ་སོགས་པས་བཞིན་དུ་ཡན་ལག་རྣམས་དྲུབ་པ་མ་ཡིན་པའི་ཕྱིར་ཐོགས་པ་མེད་པར་བརྗོད་དུ་གལ་ཏེ་རྡུལ་ཕྲ་རབ་ཙམ་སོ་སོར་ནི་དབང་པོ་ལས་འདས་པ་ཡིན་ན་འདུས་པ་ཇི་ལྟར་དབང་ཡུལ་ཡིན་ཞེ་ན། དབང་སོགས་སོ་སོར་ཞེས་བྱ་བ་སྟེ། དབང་པོ་ལས་འདས་པའི་
དབང་པོ་ཡང་དམིགས་བྱའི་ཤེས་པ་སྐྱེད་པར་བྱེད་པ་མཐོང་བ་ཡིན་ཞེས་བྱ་བའི་དོན་ཏོ། །འོན་ཏེ་དབང་པོ་ལ་སོགས་པ་སོ་སོར་ནུས་པ་མེད་ཀྱི། དངོས་པོ་གཞན་ཕྲད་པ་ཡོད་ན་ནུས་པར་འགྱུར་རོ་ཞེ་ན། འདིར་ཐལ་མཚུངས་ཞེས་བྱ་བ་སྟེ། ཕུལ་དུ་བྱུང་བ་མ་སྐྱེས་ན་ཕྲད་པ་ཉིད་དུ་མི་བྱེད་ལ་གཞན་ནི་དེ་རྒྱུ་མ་
ཡིན་ཏེ། དེས་བྱས་པ་ཉིད་ཡིན་ན་འདིའི་ཞེས་བྱ་བའི་འབྲེལ་པ་མེད་པའི་ཕྱིར་རོ། །དེ་དང་འདུ་བ་ལས་ཡིན་ནོ་ཞེ་ན། དེ་ཉིད་འདི་རྒྱུ་ཉིད་ཡིན་བའི་ཕྱིར་རྟོགས་པ་བཞིན་དུ་དེ་ཡང་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གསེར་དང་དངུལ་ཆུ་ལ་སོགས་པ་ཕན་ཚུན་ཐ་དད་པས་རྡུལ་ཕྲ་རབ་རྣམས་ནི་འབྲས་བུ་
རྩོམ་པ་མ་ཡིན་པའི་ཕྱིར་དབང་པོ་ལས་འདས་པ་མ་ཡིན་ནམ་མངོན་སུམ་པ་ནི་དོན་གཞན་ཕྲད་པ་ཡིན་ལ་དེས་ཁས་མི་ལེན་ན་རིག་པ་མེད་པར་ཐལ་བར་འགྱུར་རོ་སྙམ་དུ་སེམས་པ་ནི། ཕྲད་པ་སྣང་བ་ཞེས་བྱ་བ་སྟེ། མཐོང་བའི་ཡུལ་ཕྲད་པ་མེད་ན་གང་ཡང་མེད་པའི་ཕྱིར་དེ་རྣམས་ལ་དེའི་ནུས་པ་རྗེས་སུ་དཔོག་པ་
ཡིན་ཏེ་དབང་པོའི་ཡུལ་ཉིད་ཀྱི་ནུས་པ་ཞེས་བྱ་བའི་དོན་ཏོ། །དབང་པོའི་ཡུལ་ཉིད་ཀྱི་ནུས་པ་མེད་ན་ཕྲད་པ་མེད་ལ་རླུང་དང་ནགས་ཕྲད་པ་བཞིན་པ་དེ་རྣམས་མངོན་སུམ་དུ་འགྱུར་བ་ཡིན་པར་བསྟན་པ་ནི། ག་ལ་རྟོགས་ཞེས་བྱ་བ་སྟེ། མི་སྣང་བ་ཉིད་ནི་དོན་གཞན་ཕྲད་པ་ཉིད་ལ་གཏན་ཚིགས་མ་ཡིན་ནོ། །འོན་
ཀྱང་དེ་རྣམས་ཀྱི་དེ་ལ་ནུས་པ་བསྐྱེད་པ་ལ་ཞེས་བྱ་བའི་དོན་ཏོ། །དངུལ་ཆུ་དང་གསེར་ལ་སོགས་པའི་ངོ་བོ་སྣང་བ་གཟུགས་དང་རོ་ལ་སོགས་པར་སྣང་བ་ཕྲད་པ་དང་འགལ་བར་བསྟན་པ་ནི། རོ་གཟུགས་ལ་སོགས་ཕྲད་པ་འགའ། །ཞེས་བྱ་བ་སྟེ། གཟུགས་ལ་སོགས་པ་དང་ལྡན་པར་སྣང་བ་ནི། ཡོངས་
སུ་བརྟགས་བའི་ཕྲད་པ་དང་འགལ་བ་ཡིན་ཏེ། དྲོ་བ་དང་གྲང་བ་ལྟ་བུའོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་རྟེན་ལ་ཡོད་པ་དེའི་བརྟེན་པ་ཕྲད་པ་ལ་ཉེ་བར་བརྟགས་པ་ཡིན་ཏེ། ཁྲི་ལ་འདུག་པ་ལ་ཁྲིའི་སྒྲ་ལྟ་བུའོ་ཞེས་ཟེར་བ་ན། ཉེ་བར་བཏགས་པ་ལས་ཞེས་བྱ་བའོ། །ཁྲི་དང་དེ་ལ་འདུག་པ་ཁོ་ན་བཞིན་དུ་རྡུལ་

ཕྲ་རབ་དང་དེའི་ཕྲད་པ་དག་སོ་སོར་སྣང་བ་ཐ་དད་པར་འགྱུར་ལ་དེ་རྣམས་རྟག་ཏུ་མ་དམིགས་པ་ཡིན་ན་གཟུགས་བཞིན་དུ་དམིགས་བྱ་ཡིན་པར་ཉེ་བར་བཏགས་པ་མ་ཡིན་ནོ། །ཉ་ཕྱིས་ལ་དངུལ་བཞིན་དུ་ལྷག་པར་སྒྲོ་འདོགས་པ་ཡང་འདིས་བསལ་བ་ཡིན་ནོ། །དཀར་པོ་ལ་སེར་པོའི་ཤེས་པའི་རིགས་
པ་ཡང་ཐ་དད་པར་མཐོང་བ་མེད་ན་མི་རིགས་སོ་ཞེས་བྱ་བའི་དོན་བསྟན་པ་ནི། བློ་ཐ་དད་པར་ཞེས་བྱ་བ་སྟེ། གཟུགས་བཞིན་དུ་གཅིག་ནི་བསགས་པ་ཡིན་པའི་ཕྱིར་རྡུལ་ཕྲ་རབ་འདུས་པ་ཙམ་ཕུལ་དུ་བྱུང་བ་སྐྱེས་པའི་དབང་པོའི་ཡུལ་ཡིན་ཞེས་བྱ་བའི་དོན་ཏོ། །གཟུགས་ལ་སོགས་པ་དང་ལྡན་པ་
སྣང་བ་མིན་པའི་ཕྱིར་ཕྲད་པ་ནི། སྣང་བ་འབའ་ཞིག་མ་ཡིན་ཏེ། དེ་ལས་གཞན་པ་ཕྲེང་བ་ལ་སོགས་པའི་ཚད་ཀྱི་ཡོན་ཏན་གཞན་མཐོང་བའི་ཕྱིར་ཞེས་བྱ་བ་ལ། ཕྲེང་རིང་ཞེས་བྱ་བ་སྨོས་ཏེ། ངེས་པ་ཅན་གྱི་ཕྱོགས་དང་ཡུལ་རྣམས་ལ་དངོས་པོ་རྣམས་མ་ཕྲད་པ་ཡིན་ཡང་ཕྲེང་ཞེས་བྱ་བ་ནི་གྲངས་མང་
པོ་ཉིད་ཡིན་ཡང་ཚད་དང་ལྡན་པ་མ་ཡིན་ལ་ཉེ་བར་བཏགས་པ་ཡང་མ་ཡིན་ཏེ། ཇི་སྐད་བསྟན་པའི་རིགས་པ་ལས་སོ། །དེ་འདི་ཕྲད་པ་ལ་སོགས་པ་ཁས་བླངས་ནས་གཟུགས་ལ་སོགས་པའི་ཡོན་ཏན་དང་འབྲེལ་པ་མེད་པས་དེ་དང་ལྡན་པའི་ཤེས་བྱ་གཞན་མིན་པར་ཡིན་ལག་ཅན་སྤངས་
པ་བརྗོད་ནས་ད་ནི་གཟུགས་དང་རོ་ལ་སོགས་པའི་ངེས་པར་སྣང་བས་གཞན་གྱི་སྣང་བ་མེད་པ་ནི་མེད་པའི་ཐ་སྙད་དུ་བརྗོད་པ་ཡིན་ནོ། །གྲངས་དང་ཕྲད་དང་ཞེས་བྱ་བ་སྟེ། ཐག་ཉེ་བའི་དངོས་པོ་གཉིས་དང་དེའི་བརྡ་ལས་བྱུང་བའི་སྒྲ་ཡང་སྣང་བ་ཡིན་གྱི་ཕྲད་པ་གཞན་ནམ་དེའི་སྒྲ་ཡང་མ་ཡིན་ནོ། །
དབང་པོའི་ཡུལ་ཉིད་ཀྱི་ནུས་པ་ལས་ནུས་པ་གཞན་ནི་སྒྲིབ་པ་ལ་སོགས་པའི་འབྲས་བུ་ཡིན་ནོ་ཞེས་བྱ་བ་ཕ་རོལ་པོའི་གཞུང་སྤོང་བར་བྱེད་པར་བསྟན་པ་ནི། རྡུལ་ཕྲ་རབ་རྣམས་ཞེས་བྱ་བ་སྟེ། ཡན་ལག་ཅན་གྱི་ནུས་པ་གཞན་དང་འབྲེལ་པ་ནི་དེ་ཉིད་མེད་པ་སྟེ། ཡན་ལག་ཅན་གྱི་ནུས་པ་གཞན་མེད་
ནའོ། གསེར་དང་བཅས་ཕྱིར་ཞེས་བྱ་བ་སྟེ། ཕན་ཚུན་འདྲེས་པ་ཡིན་ན་གོང་བུ་རྡུལ་ཕྲ་རབ་ཙམ་ཐལ་བར་འགྱུར་བའི་ཕྱིར་རྡུལ་ཕྲ་རབ་རྣམས་མ་འདྲེས་པ་ཡིན་པར་ཁས་བླངས་པས་རླུང་ལ་སོགས་པའི་སྒྲིབ་པར་བྱེད་པའི་སྣམ་བུ་ལ་སོགས་སྐར་ཁུང་ལྟ་བུར་འགྱུར་རོ། །གེགས་མེད་པ་ནི་

ཕན་ཚུན་ནང་དུ་སྟེ་ཁུང་དུ་རླུང་ལ་སོགས་པ་འཇུག་པ་གང་དག་གིས་དེ་རྣམས་དེ་ལྟ་བུར་རོ། །གང་དག་གིས་ཡན་ལག་ཅན་སྐྱེད་པར་བྱེད་པ་ཡང་ཕུལ་དུ་བྱུང་བ་སྐྱེ་བར་མི་བྱེད་ན་མི་སྲིད་པར་བསྟན་པ་ནི། རེག་པ་མེད་པར་ཞེས་བྱ་བ་སྟེ། གང་གི་ཚེ་ཡང་ཕན་ཚུན་མ་རེག་
པ་ཁོ་ན་མ་མཐོང་བ་ལས་ཉེ་བར་གནས་པའི་རྡུལ་ཕྲ་རབ་རྣམས་དོན་གཞན་བཞིན་དུ་སྒྲིབ་པ་ལ་སོགས་པར་བྱེད་པ་ཡིན་ལ་དེའི་ཚེ་ཡང་སོ་སོ་ཡིན་པ་ནི་ཚང་བའི་ཕུབ་མ་གཏོར་བ་བཞིན་དུ་མི་འགྱུར་བ་ཁོ་ནར་བསྟན་པ་ནི། རྡུལ་ཕྲན་རྣམས་ནི་འདྲེས་མིན་ཡང་། །ཞེས་བྱ་བ་སྟེ། མཐོང་བ་འདི་ཡང་ཐག་རིང་
བའི་རྒྱུ་མཚན་གྱི་སོ་སོ་བ་ཉིད་མི་འཛིན་གྱི་བར་མཚམས་མེད་པར་སྣང་བར་བསྟན་པ་ནི། ཇི་ལྟ་བར་མཚམས་དང་བཅས་པ། །ཞེས་བྱ་བ་སྟེ། རབ་རིབ་ཅན་གྱིས་སྐྲ་ཉག་རེ་རེ་མི་འཛིན་ཡང་འདུས་པ་མི་འཛིན་པ་ནི་མ་ཡིན་ནོ། །དེ་བཞིན་དུ་རྡུལ་ཕྲ་རབ་ཀྱང་མི་སྣང་བ་ཁོ་ན་སྣང་བར་འགྱུར་ཞེས་རྒོལ་བས་
གནོད་པ་ཡང་མ་ཡིན་ལ་དབང་པོ་རྣམས་ཡུལ་མ་ཡིན་པ་ལ་འཇུག་པའི་སྐྱོན་ཡང་མེད་དོ། །རབ་རིབ་ཅན་ལ་ནི་སྐྲ་རྣམས་དབང་པོའི་ཡུལ་ཉིད་དུ་དགོས་པ་ཅན་མ་ཡིན་ནོ། །རྡུལ་ཕྲ་རབ་རྣམས་ཀྱང་རྣལ་འབྱོར་པའི་དབང་པོའི་ཡུལ་ཡིན་ཞེས་ཚིག་ཡོད་པའི་ཕྱིར་རོ། །དེའི་ཕྱིར་གང་གིས་འདུས་པ་འཛིན་
པ་དེས་གཅིག་འཛིན་པ་མ་ཡིན་ཞེས་བྱ་བའི་དགོས་པ་ཅན་མ་ཡིན་ནོ། །རྡུལ་ཕྲ་རབ་ཀྱི་ཚོགས་ལ་བརྟེན་ནས་ཡན་ལག་ཅན་ལ་འདུས་པའི་མཚན་ཉིད་དུ་སྒྲུབ་པ་ནི། དེ་ལ་གནོད་པའི་རྒྱུ་མཚན་མ་ཡིན་ཞེ་ན། བྱ་བ་དང་འགལ་བའི་ཕྱིར་སུན་འདོན་པ་མ་ཡིན་པ་མ་ཡིན་ནམ། རག་ལས་པ་གཞན་དུ་
མི་འཐད་པས་རྟོགས་བཞིན་པ་ནི་དེ་ཉིད་ལ་གནོད་པར་བྱེད་པ་མ་ཡིན་ནོ། །དེ་མེད་ན་རང་ཉིད་མེད་པའི་ཕྱིར་རོ། །རིགས་པ་བརྒྱ་བྱིན་ཆེ་བ་ཡིན་གྱི་གཅིག་ནི་རྒྱ་ཆེ་བ་མ་ཡིན་པ་མ་ཡིན་ནམ། ཡུལ་སྣ་ཚོགས་པ་ལ་ཕན་ཚུན་རྗེས་སུ་མཐུན་པ་ནི་གཅིག་མ་ཡིན་ནོ། །དེ་ལྟར་འགའ་ཡང་རྟོག་པར་བྱེད་པ་
ཡང་མ་ཡིན་ཏེ། སོ་སོར་སྣང་བ་ཉིད་དེ་ལྟ་བུའི་རྣམ་པ་ཡིན་པའི་ཕྱིར་རོ། །དེས་ན་འཇིག་པ་ནི་བློ་ལ་བརྟེན་པའི་ཕྱིར་མི་རིགས་ཏེ། རྡུལ་ཕྲ་རབ་རྣམས་ཁོ་ན་སྣང་བའི་ཕྱིར། མི་སྣང་ན་དེ་ལ་འདུ་བ་ཅན་གྱི་རྫས་སྣང་བ་ཡིན་པར་ཅི་ལས་ཡིན། ཡན་ལག་འཛིན་པ་མ་ཡིན་ཏེ། མི་གསལ་བའི་སྣང་བ་

ལ་ཡང་ཆུ་སྐྱར་དུ་འཛིན་པ་ལ་རྒྱ་ཆེ་བ་དམིགས་པས་ཡན་ལག་རྣམས་འཛིན་པའི་ཕྱིར་རོ། །དེས་ན་མཐའི་སྣང་བ་ལ་ཡང་ཡན་ལག་སྣང་བ་ཉིད་ཡིན་པའི་ཕྱིར་རྡུལ་ཕྲ་རབ་རྣམས་ཇི་ལྟར་དབང་པོ་ལས་འདས་པ་ཡིན། འོན་ཏེ་སྣང་བས་བཞིན་དུ་དེ་ཡན་ལག་རྣམས་ཀྱང་སྣང་བ་ཁོ་ནའི་ཕྱིར་དབྱེ་བ་ཡིན་ནོ། །
དེ་ལྟ་མ་ཡིན་ཏེ། དེ་ལ་ཡང་ཡན་ལག་ཡོད་ན་སྣང་བ་ཉིད་དུ་ཐལ་བར་འགྱུར་རོ། །མི་སྣང་བ་ཉིད་ཡིན་ཡང་དབྱེ་བ་ཉིད་མ་གཏོགས་པའི་ཕྱིར་དེ་ཁོ་ན་རྡུལ་ཕྲ་རབ་རྣམས་ཀྱང་དབང་པོའི་ཡུལ་ཉིད་ཡིན་པར་མ་ཉམས་པ་ཡིན་ནོ། །གསེང་མེད་པའི་ཤེས་པ་བཞིན་དུ་གསེང་མེད་པའི་འབྲས་བུ་བསྒྲིབས་
པ་ལ་སོགས་པའི་འབྲས་བུ་འདི་ཉིད་ཀྱི་ཡིན་པར་བསྟན་པ་ནི། དེ་བཞིན་དུ་འབྲས་བུ་གཞན་ཡང་ཞེས་བྱ་བ་སྨོས་ཏེ། རྡུལ་ཕྲ་རབ་རྣམས་ཀྱང་ཕྲ་བ་ཉིད་ཀྱིས་དབྱེ་བ་མ་ངེས་པས་དེ་ལྟར་སྣང་བ་ནི་ཐམས་ཅད་ཡུལ་གཅིག་ལ་འདྲེས་ན་གོང་བུ་རྡུལ་ཕྲ་རབ་ཙམ་དུ་ཐལ་བར་འགྱུར་བ་དང་། རྡུལ་ཕྲ་རབ་ཆ་
ཤས་ཅན་དུ་ཐལ་བར་འགྱུར་བར་རྟོགས་པ་ཡིན་པར་བསྟན་པ་ནི། འདི་ལ་ཡང་ཞེས་བྱ་བ་སྟེ། བུ་ག་ཅན་རྣམས་ཀྱི་རྒྱུ་མཚན་ཅན་གྱི་དབང་གིས་བུ་ག་མེད་པར་མཐོང་བ་མ་ཡིན་གྱི་སྒྲིབ་པ་ལ་སོགས་པ་འབྲས་བུ་ཡང་མཐོང་བ་ཡིན་པར་བསྟན་པ་ནི། དཔེར་ན་ཞེས་བྱ་བ་སྟེ་ཡན་ལག་ཅན་མེད་ཀྱང་གཉི་
གས་དངུལ་ཆུ་དང་གསེར་ལ་སོགས་པ་སྒྲིབ་པ་ལ་སོགས་པ་བྱེད་པར་མཐོང་བར་བསྟན་པ་ནི། ཡང་ན་ཞེས་བྱ་བའོ། །གལ་ཏེ་མ་མཐོང་བའི་དབང་གིས་རྡུལ་ཕྲ་རབ་འདུས་པ་ནི་མ་འབྱར་བ་ཡིན་ཡང་སོ་སོ་བ་མ་ཡིན་ན། ཕུབ་མ་ཕྱེ་མ་ཆང་པ་ལ་སོགས་པས་འཕངས་པ་ཡང་དེ་ཉིད་དུ་འགྱུར་རོ། །
འདི་ལ་བརྗོད་པ་ནི། རྟོགས་པ་ལ་སོགས་པ་ཞེས་བྱ་བ་སྟེ། མ་མཐོང་བས་སྦྱར་བའི་རྡུལ་ཕྲ་རབ་རྣམས་ཇི་ལྟར་མཐོང་བ་ཁོ་ནར་རིགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཏོར་བ་དང་ཅིག་ཤོས་ལ་སོགས་པའི་འབྲས་བུ་སྣ་ཚོགས་པ་ཅན་ཉིད་ཁོ་ན་རྟོགས་པ་ཡིན་པར་བསྟན་པ་ནི། འདི་ལྟར་གཟུགས་ལ་
སོགས་པ་ཞེས་བྱ་བའོ། །འོན་ཏེ་རྟེན་དང་ཕྲད་པ་ལས་དབང་པོ་ཕྲད་པར་རྟོགས་པ་ནི་མ་ཡིན་ནོ། །འོན་ཀྱང་ཕྲད་པ་ཁོ་ན་ལས་ཡིན་ནོ། །འདི་ལ་བརྗོད་པ་ནི་འོ་ན་རྟེན་མཐོང་བ་མེད་པར་ཞེས་བྱ་བའོ། །རྫས་དང་དབང་པོ་དང་དངུལ་ཆུ་དང་གསེར་དག་གི་ཕྲད་པ་ནི་ཕྲད་པ་མ་ཡིན་ཏེ། གང་གི་ཕྱིར་རྫས་དང་ཡོན་

ཏན་དག་ལ་འདིར་རྟོག་པ་ནི་མ་ཡིན་ནོ། །དེ་ལྟ་ཡིན་ན་ཁས་བླངས་པ་ཡིན་པར་བསྟན་པ་ནི། དེའི་ཚེ་ཞེས་བྱ་བ་སྟེ། རྒྱུ་མ་ཡིན་པ་ནི་འདུ་བ་ཅན་གྱི་རྒྱུ་མ་ཡིན་པའོ། །དབང་པོ་དང་ལྡན་པའི་རྡུལ་ཕྲ་རབ་རྣམས་ལ་འདུ་བ་ལས་ཕྲད་པ་འཛིན་པ་ཡིན་ན། དེའི་ཁྱད་པར་དང་ལྡན་པའི་རྡུལ་
ཕྲ་རབ་རྣམས་སྣང་བའམ་འབྲས་བུ་གཞན་བྱེད་པར་འགྱུར་བའི་ཕྱིར་ཡན་ལག་ནི་རྟོགས་པའི་ཡུལ་མ་ཡིན་པར་བསྟན་པ་ནི། དེ་ལྟ་ན་ནི་འོ་ན་ཞེས་བྱ་བའོ། །ལྡན་པའི་འདུ་བ་འཛིན་པར་བྱེད་པ་ཉིད་ཡིན་ན། ཕྲ་བའི་ཡན་ལག་གི་ཕྲད་པ་ཡང་འཛིན་པར་འགྱུར་བ་ཡིན་པར་བསྟན་པ་ནི། ཕྲད་པ་ཐམས་
ཅད་ཅེས་བྱ་བའོ། །ཐག་རིང་བ་ལ་ཡང་རགས་པ་མཐོང་བའི་རྗེས་སུ་དཔོག་པ་ནི་དབང་པོ་དང་ཕྲད་པ་ཡིན་པར་བསྟན་པ་ནི། མ་ཡིན་ཏེ་རགས་པ་རྣམས་ཀྱང་ཞེས་བྱ་བའོ། །རྒྱུ་མཚན་གྱི་རྒྱུ་ཉིད་ཁས་བླངས་པ་དང་འགལ་བ་སེལ་བར་བྱེད་པ་ནི། འོན་ཏེ་ཕྲད་པ་ཞེས་བྱ་བ་སྟེ། དབང་པོ་དང་ཕྲད་པ་
ལ་དངུལ་ཆུ་དང་གསེར་ཕྲད་པའི་རྒྱུ་མཚན་ཡིན་པ་དེ་ཅི་ལས་ཡིན་པ་བསམས་ན། གཞན་མེད་པས་དེ་ཁོ་ན་ཡིན་པའི་ཕྱིར་དེ་ཉིད་སྐྱོན་ཡིན་པར་བསྟན་པ་མ་ཡིན་ཏེ། འདུ་བ་ནི་འདི་ལའོ་ཞེས་བྱ་བའོ། །གལ་ཏེ་འབྲས་བུ་རྫས་ཡོད་པ་ཡིན་ན། དེ་དང་དབང་པོའི་དངོས་སུ་འབྲེལ་པ་ཡིན་པས་བརྒྱུད་
པའི་ལྡན་པ་འདུ་བར་རྟོགས་པ་ལ་དོན་མེད་དོ། །དེ་ལྟ་ཡིན་ན་དེ་བཞིན་རྡུལ་ཕྲ་རབ་ཕྲད་པ་ཡོད་ན་ཡན་ལག་ཅན་དུ་བརྟག་པ་དེས་ཅི་ཞིག་བྱ། དེ་རྣམས་ཁོ་ན་ཕྲད་པའི་ཁྱད་པར་དང་ལྡན་པའི་མངོན་སུམ་པ་རྣམས་སུ་འགྱུར་རོ་ཞེས་ཟེར་བ་ནི། འོན་ཏེ་འབྲས་བུའི་རྫས་ཞེས་བྱ་བ་སྟེ། བཟློག་པ་ལ་ཡང་
ཞེས་བྱ་བ་ནི་རྡུལ་ཕྲ་རབ་རྣམས་མེད་ན་ཡང་ཡན་ལག་ཅན་དུ་རྟོག་པ་ཡིན་ཏེ། རྣམ་པར་དབྱེ་བའི་རྒྱུ་མེད་ཅེས་བྱ་བའི་དོན་ཏོ། །གང་ཡང་ཡན་ལག་ཅན་ཡོད་པ་ཡིན་ན་རྡུལ་ཕྲ་རབ་དང་ཕྲད་པ་དབང་བོ་ལ་མི་སྲིད་དོ་ཞེས་བྱ་བ་དེ་མི་རིགས་ཏེ། ཡན་ལག་ཅན་དང་ཕྲད་པ་ལ་ཡང་དེ་རྣམས་དང་ཡུལ་ཐ་
མི་དད་པ་ཉིད་ཀྱིས་དེ་ཡོད་པའི་ཕྱིར་རོ་ཞེས་བསྟན་པ་ནི། ཡན་ལག་ཅན་དང་ཕྲད་པ་ནི། །ཞེས་བྱ་བ་སྟེ། ཡན་ལག་ཅན་དང་ཕྲད་པར་སྨྲ་བས་ཀྱང་རྡུལ་ཕྲ་རབ་དང་ཕྲད་པར་དགག་པར་བྱེད་པ་མ་ཡིན་ནོ། །དེའི་ཕྱིར་ལྡན་པའི་དུས་ཁོ་ན་འཛིན་པར་རྒྱུ་མ་ཡིན་ནོ། །དྲུག་པོ་འབྱར་བ་ཡིན་པའི་ཕྱིར་ཡན་

ལག་ཅན་བཞིན་དུ་རྡུལ་ཕྲ་རབ་དང་ཕྲད་པས་ཀྱང་དབང་པོ་དང་ཕྲད་པ་ཡིན་དུ་ཆུག་ཀྱང་མཐོང་བ་ལ་མི་འཐད་པ་ལུང་ལས་སམ་གཞན་ལས་ཀྱང་མ་ཡིན་པར་བསྟན་པ་ནི། ཡང་ན་རྟོགས་པའི་ཞེས་བྱ་བ་སྟེ། ཕྲད་པ་ལས་ཡང་དབང་པོའི་ཕྲད་པས་རོ་དང་གཟུགས་ལ་སོགས་པ་རྣམས་ཀྱང་དེའི་ལྡན་
པའི་འདུ་པ་ལས་དམིགས་བྱར་འགྱུར་རོ། །དེ་མ་མཐོང་ན་དེ་རྣམས་ལ་དབང་པོ་དང་ཕྲད་པ་མེད་པའི་ཕྱིར་དེ་རྣམས་ལྡན་པའི་འདུ་བ་ལས་འཛིན་པར་མི་འགྱུར་རོ། །དེ་བསྟན་པ་ནི་གཞན་ཡང་ཞེས་བྱ་བའོ། །བློ་ཐ་དད་པར་ཞེས་བྱ་བ་ནི་དེ་ཡོད་པ་དང་མེད་པ་དག་གིས་སོ་སོར་སྣང་བ་ཐ་དད་པའོ། །