Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 180
Văn bản gốc(Tây Tạng)
Trang 21 / 25 (50.000 ký tự/trang)
་ཐ་དད་པར། །ཞེས་བྱ་བའོ། །དུས་ནི་འགའ་ཡང་ཞེས་བྱ་བ་ནི་རྣམ་པར་དབྱེ་བའི་ཡན་ལག་གི་རྫས་ནི་གྲང་བའི་དུས་ཡིན་ལ། དེ་བཞིན་དུ་རབ་ཏུ་སྙི་བའི་ཡན་ལག་མེའི་རྫས་ཀྱི་དཔྱིད་ཀྱི་དུས་ལ་སོགས་ པར་བལྟ་བར་བྱའོ། །དུས་མེད་ཀྱང་མཐོང་བར་འགྱུར་བ་འདས་པའི་དུས་ཉིད་དང་། སྣང་བའི་དུས་ད་ལྟར་བ་ཉིད་དང་། མ་འོངས་པ་མཐོང་བར་འགྱུར་བ་ཉིད་ཅེས་བྱ་བར་དུས་རྣམ་པར་གནས་པ་ཡིན་ཞེས་བྱ་བའི་རྣམ་པར་དབྱེ་བ་ཡིན་པ་མ་ཡིན་ནམ་སྙམ་དུ་སེམས་པ་ལ། དེ་དག་ནི་ཞེས་བྱ་བའོ། །ཐམས་ཅད་མངོན་ དུ་བྱེད་པའི་རྣལ་འབྱོར་པ་ལ་ནི་མཐོང་བར་གྱུར་པ་ཉིད་དང་། མཐོང་བར་འགྱུར་བ་ཉིད་ཀྱང་ཡོད་པ་མ་ཡིན་ནོ། །རྣལ་འབྱོར་པའི་མཐོང་བ་ལ་ནི་འདས་པ་ལ་སོགས་པ་ཡོད་པ་མ་ཡིན་པ་ཁོ་ནར་གསལ་བར་བྱེད་པ་ནི་དཔྱིད་སོགས་པ་ནི་ཞེས་བྱ་བའོ། །རྣལ་འབྱོར་པ་ལ་དེ་ལྟ་བུའི་དབྱེ་བ་མེད་དུ་ཟིན་ཀྱང་ཚུ་རོལ་མཐོང་བ་ ལ་ལྟོས་ནས་འགྱུར་རོ་སྙམ་དུ་སེམས་པ་ལ། གཉིས་པོ་ཞེས་བྱ་བ་སྨོས་པ་ནི་འདས་པ་དང་མ་འོངས་པ་དག་གོ། །དེ་ལྟར་སློབ་དཔོན་རྣམས་ཀྱི་བཞེད་གཞུང་རྣམས་མངོན་པར་འདོད་པ་མ་ཡིན་པར་བསྟན་ནས། རང་གི་འདོད་པ་བསྟན་པ་ནི། ཇི་ལྟར་རྗེས་སུ་དཔག་པ་ནི། །ཞེས་བྱ་བའོ། །རྗེས་སུ་དཔག་པས་ དེ་རྟོགས་བཞིན་པ་ནི་དེ་ལྟར་འགྱུར་གྱི་མངོན་སུམ་གྱིས་ནི་མ་ཡིན་པ་མ་ཡིན་ནམ། ལྐོག་ཏུ་མ་གྱུར་པ་ཉིད་ལ་འདས་པ་ཉིད་ལ་སོགས་པ་མི་སྲིད་པའི་ཕྱིར་རོ་སྙམ་དུ་སེམས་པ་ནི། མངོན་སུམ་ཡང་ནི་ཞེས་བྱ་བ་སྨོས་ཏེ། །ཅི་ལས་ཡིན་ཞེ་ན། རྗེས་སུ་དཔག་པ་དེས་ཞེས་བྱ་བ་སྨོས་སོ། །འདས་པའི་རྒྱུས་སྐྱེད་པའི་འབྲས་ བུ་གང་ལས་འདས་པར་འགྱུར་ཞེས་ཟེར་བ་ལ། །རྗེས་སུ་དཔག་པ་དེས་ཞེས་བྱ་བ་སྨོས་སོ། །དེ་ལྟར་མངོན་སུམ་གྱིས་མཐོང་བ་རྗེས་སུ་རྟོགས་པ་དེ་བཞིན་དུ་རྗེས་སུ་དཔག་པས་མཐོང་བ་མངོན་སུམ་གྱིས་ཡིན་གྱི་འབྲས་བུ་དང་རྒྱུ་དག་ལ་ནི་རིགས་པ་འདི་མ་ཡིན་ནོ། །རྗེས་སུ་དཔག་པས་བསྐྱེད་པའི་མངོན་སུམ་ནི་རྗེས་སུ་ དཔག་པའི་རྟགས་དང་རྟགས་ཅན་འཛིན་པའི་རིམ་པས་རིམ་གྱིས་འཇུག་པར་འགྱུར་ལ། འཁྲུལ་པས་དངོས་པོ་མི་སྣང་བའི་ཕྱིར་དང་། སྤྱིའི་རྣམ་པ་ཉིད་ཀྱི་ཕྱིར་དེ་ལྟ་བུར་འགྱུར་བ་ཡིན་ནོ་སྙམ་དུ་སེམས་པ་ནི། གལ་ཏེ་མངོན་སུམ་རྗེས་སུ་དཔག་པས་བསྐྱེད་པ་ཉིད་ཡིན་ན་ཞེས་བྱ་བའོ། །རིམ་གྱིས་རྟོགས་པ་ནི་ གོམས་པ་ཕུལ་དུ་བྱུང་བ་སྣ་ཚོགས་པའི་རྣམ་རྟོག་དང་སྒྲའི་དོན་གྱི་བདག་ཉིད་ཅན་གྱི་བསྟན་བཅོས་ཀྱི་རྣམ་རྟོག་བཞིན་དུ་རིམ་པ་མ་ཡིན་པས་སྣང་བ་བསྟན་པ་ནི། དེ་ནི་ཤིན་ཏུ་གོམས་པ་ལ། །ཞེས་བྱ་བའོ། །ཤིན་ཏུ་གོམས་པ་ལས་དུ་མ་ཤེས་པ་གཅིག་ལ་སྣང་བ་མ་ཡིན་ནམ། ཤེས་པ་དུ་མ་གཅིག་ལ་ནི་མ་ ཡིན་ནོ། །དེའི་ཕྱིར་ཇི་ལྟར་གློ་བུར་དུ་དུ་བ་མཐོང་བ་དང་དུས་མཚུངས་པར་མེའི་ཤེས་པ་ཡིན། ཅིག་ཅར་བར་མངོན་པར་འདོད་པ་ནི་ཡིད་མྱུར་དུ་རྒྱུ་བ་ཡིན་པས་རིམ་པར་མཚོན་པའི་ཕྱིར་མགལ་མེ་ལ་འཁོར་ལོར་མཐོང་བ་ལྟ་བུའོ། །དེ་ལྟ་ཡིན་ན་རྫུ་འཕྲུལ་གྱི་ཆོས་ཅན་གྱི་རྣལ་འབྱོར་ པས་སྤྲུལ་པའི་ལུས་དང་དབང་པོ་རྣམས་ལ་ཡིད་གཅིག་དབང་པོའི་རྣམ་ཤེས་དུ་མའི་སྐྱེད་བྱེད་དུ་མི་འགྱུར་རོ། །དེའི་ཕྱིར་དོན་དུ་མ་བཞིན་དུ་གཅིག་དུ་མ་ལ་ཡང་རྒྱུ་གཞན་ཚང་བ་ཡིན་ན། དུ་མར་ཡང་བྱེད་པ་ཡིན་ཏེ། མ་ཆགས་པའི་ཕྱིར་རོ། །མ་ཚང་བ་ནི་རིམ་པ་ཡིན་ནོ་ཞེས་བྱ་བ་ནི་རིགས་པ་མཐོང་བ་ ཡིན་ནོ། །འཁྲུལ་པ་ཉིད་ནི་མངོན་སུམ་ལ་ཡང་མཚུངས་ཏེ་སོ་སོར་སྣང་བ་ལ་རྣམ་རྟོག་གི་དོན་གྱི་ཕྱོགས་ལ་འཛུད་པའི་ཕྱིར་རོ། །འོན་ཏེ་དེ་ལ་རྣམ་རྟོག་ཉིད་ནི་འཁྲུལ་པ་ཡིན་གྱི་མངོན་སུམ་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ཏེ་གང་གི་ཕྱིར་མངོན་སུམ་གྱི་བྱ་བ་ལ་རྣམ་རྟོག་ནི་རང་གི་བྱེད་པའི་སྒྲིབ་པར་བྱེད་པ་འདི་མཐོང་ངོ་ ཞེས་རྗེས་སུ་འབྲང་བར་བྱེད་པ་ཡིན་ནོ། །དེའི་ཕྱིར་དེ་ཡང་དེ་ལྟ་བུ་ཉིད་ལ་འཇུག་པ་ཡིན་ལ། སོ་སོར་སྣང་བ་མ་ཡིན་པ་ཉིད་དེ། དངོས་པོར་སྣང་བ་མ་ཡིན་པ་ཉིད་ནི་རྣམ་པ་མ་ལུས་པ་ཡོངས་སུ་འཛིན་པ་མ་ཡིན་ནོ། །འདིས་ནི་སྤྱིའི་རྣམ་པ་ཉིད་གསལ་བ་ཡིན་ནོ། །གང་ལ་གཉིས་ཀའི་སྐྱོན་མཚུངས་པ། དེ་ལ་ ལན་ཡང་མཚུངས་པ་ཡིན། །དེ་འདྲའི་དོན་ནི་རྣམ་དཔྱད་ལ། །གཅིག་ལ་བརྒལ་ཞིང་བརྟག་བྱ་མིན། །ཞེས་བྱ་བའི་རིགས་པ་བསྟན་པ་ནི། ཐོག་མེད་གལ་ཏེ་རིག་བྱེད་ཀྱང་། །ཞེས་བྱ་བ་སྟེ། དེ་ལས་ཏེ་རིག་བྱེད་ལས་རྟོགས་པ་ནི། འཇུག་པར་བྱེད་པར་རྗོད་པར་བྱེད་པ་ཉིད་ཀྱིས་དེ་འཛིན་པར་བྱེད་པ་ཇི་ལྟར་ཡིན་ཏེ། མ་ཡིན་པ་ཁོ་ནའོ། །ད་ལྟར་འདོད་བཞིན་པ་ནི་ཐོག་མ་མེད་པ་ཉིད་དུ་རྟོགས་པ་མ་ཡིན་ཏེ། ཇི་སྲིད་ཇི་སྲིད་དུ་རྟོགས་པ་དེ་སྲིད་དེ་སྲིད་དུ་ཉེ་བ་ཁོ་ན་ཡིན་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བ་བཞིན་དུ་དུས་གཞན་ལ་ཡང་འཇུག་པར་བྱེད་པར་རྗོད་པར་བྱེད་པ་ཉིད་དུ་མ་ཡིན་ན་རིག་བྱེད་ཇི་སྲིད་ཡོད་ཀྱི་བར་དུ་དོན་དང་འབྲེལ་པ་མ་ ཡིན་པར་བསྟན་པ་ནི། གལ་ཏེ་འདི་ཞེས་བྱ་བའོ། །དེ་ལྟར་ནི་དེ་ལྟ་བུའི་རང་བཞིན་རྟོགས་པ་ན་དུས་ཐམས་ཅད་དུ་དེའི་རང་བཞིན་ཁོ་ན་མ་ཡིན་ནམ། བྱེད་པ་པོ་མ་ཡིན་པ་ཉིད་དྲན་པའི་ཕྱིར་རོ་སྙམ་དུ་སེམས་པ་ནི། གལ་ཏེ་སྔོན་ཡང་ཞེས་བྱ་བའོ། །སྤྱི་ནི་ཕན་ཚུན་ཐ་དད་པས་མ་རྟོགས་བཞིན་པ་ནི་ཁྱད་པར་རྣམས་ཁོ་ ན་ཡིན་ནོ། །རང་རྒྱུད་ཡོངས་སུ་བཅད་པ་ན། །ཞེས་བྱ་བ་ནི་གནས་སྐབས་ཀྱི་དོན་ཉེ་བར་བསྡུ་བ་ཡིན་ནོ། །ཡོངས་སུ་ཤེས་སུ་ཟིན་ཀྱང་ཞེས་བྱ་བ་ནི་ཐོག་མ་མེད་པ་ཉིད་ཀྱིས་ཐབས་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །འབྲེལ་པ་ནི་རང་བཞིན་པ་མ་ཡིན་པའི་ཕྱིར་དང་། དུ་བའི་འབྲེལ་པ་བཞིན་དུ་རྟོགས་པ་མངོན་ སུམ་མ་ཡིན་པའི་ཕྱིར་འབྲེལ་པ་ཅན་ཉིད་ཙམ་འཛིན་པའི་རྒྱུ་མཚན་ཅན་ཡིན་པ་ཉིད་ཀྱིས་རང་བཞིན་མ་ཡིན་པའི་འབྲེལ་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར། རྟོགས་པ་ཙམ་ནི་ཚད་མ་མ་ཡིན་ནོ། །གནོད་པ་ཅན་མ་དམིགས་པ་ཡང་ཐེ་ཚོམ་ཡིན་ཏེ། གང་གི་ཕྱིར་མ་འོངས་པའི་འབྲས་བུ་ལ་འབྱུང་བར་ འགྱུར་བའི་གནོད་པ་ཅན་ནི་ད་ལྟར་ཉེ་བ་མ་ཡིན་པའི་ཕྱིར། རྟོགས་པ་མ་ཡིན་ནོ། །སྐྱེས་བུ་མེད་པས་དེ་ལས་འབྱུང་བའི་སྐྱོན་དུ་འགྱུར་བ་ནི་མ་ཡིན་ཏེ། རབ་རིབ་ཅན་བཞིན་དུ་སྐྱོན་གཞན་ཡིན་ཞེས་བྱ་བས་བསྟན་པ་ཡིན་པར་བརྗོད་པ་ནི། སྔར་བསྟན་པ་ཉིད་དོན་ཞེས་བྱ་བའོ། །གལ་ཏེ་ཡང་འདོད་ཆགས་ ལ་སོགས་པ་རྣམས་མི་ཤེས་པ་གཞན་ཉིད་དུ་སྟོན་པའི་རྒྱུ་མ་ཡིན་དུ་ཟིན་ཀྱང་བག་ཆགས་ཀྱི་གནས་ངན་ལེན་ཉིད་གཞན་དུ་རིག་པ་ཡིན་ཡང་གཞན་དུ་བརྗོད་པར་འདོད་པ་ཡིན་ཞེས་བྱ་བའི་རིགས་པའམ། བཀྲེས་པ་ལ་སོགས་པས་ཏིང་ངེ་འཛིན་ལ་གནོད་པར་བྱེད་པ་ཅིས་མི་སྲིད་པ་ཡིན་སྙམ་དུ་ སེམས་པ་ནི། གལ་ཏེ་ཐབས་གོམས་པ་ལས་ཞེས་བྱ་བའོ། །རྒན་པོས་སྒྲ་ཐོས་ནས་ཐ་སྙད་དུ་བྱེད་པ་བྱིས་པས་མཐོང་བ་ནི་དེ་དང་འབྲེལ་པའི་ཤེས་པ་རྟོགས་པ་མ་ཡིན་ནམ། དེ་ཡང་དེ་བཞིན་དུ་གཞན་གྱི་ཡིན་ལ། དེ་ཡང་དེ་བཞིན་ཁོ་ན་ཡིན་ནོ་སྙམ་དུ་སེམས་པ་ལ། དེས་ན་དམུས་ལོང་བརྒྱུད་པ་ཞེས་བྱ་ བའོ། ཐ་སྙད་བྱེད་པ་པོའི་རྒྱུད་པ་ནི་སྔ་མས་སྔ་མའི་འབྲེལ་པ་ཡིན་གྱི་མེ་དང་དུ་བ་བཞིན་དུ་འབྲེལ་པ་ནི་མ་ཡིན་ཏེ། མངོན་སུམ་པ་མ་ཡིན་ནོ་ཞེས་ཟེར་བའི་དོན་ཏོ། །གཞན་ལ་ཡང་ཞེས་བྱ་བ་ནི་སྐྱེས་བུས་བྱས་པ་ལ་ཡང་ངོ་། །འདི་ལ་ནི་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་རྗེས་སུ་དཔག་པ་ལ་རྩ་བ་ཡིན་པའི་ ཕྱིར། དོན་དང་འབྲེལ་པ་རང་བཞིན་གྱིས་ཤེས་པ་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་འདི་རང་ཉིད་དོན་དང་འབྲེལ་པ་ལ་བག་ཆགས་ནི་གནོད་བྱེད་མ་ཡིན་པར་བསྟན་ལ། གཞན་ལ་ཡང་མ་ཡིན་ཏེ། རང་ཉིད་ཁོ་ན་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི། གཞན་ཡང་དེས་ན་ཐུགས་ཀྱང་ཞེས་བྱ་བ་ནི་དེས་ ན་གསལ་བའི་ཕྱིར་ཞེས་བྱ་བར་སྦྱར་རོ། །ཐབས་གོམས་པ་ཕུལ་དུ་བྱུང་བ་ལས་བྱུང་བའི་གསལ་བ་དེས་ཞེས་བྱ་བ་ལ་ལྟོས་པ་ཡིན་ནོ། །དེ་ཡོད་ཀྱང་རང་གི་དོན་རྒྱས་པའི་ཕྱིར་དེ་སྤངས་པའི་དོན་དུ་ཅིའི་ཕྱིར་འབད་རྩོལ་བྱེད་ཅེས་ཟེར་བ་ལ་བསྟན་པ་ནི། གཞན་དོན་ལ་འཇུག་ པ་ཅན་གང་ཡིན་པ་དེའི་གཞན་གྱི་དོན་ལ་གནོད་པར་བྱེད་པའི་ཕྱིར་འདི་ནི་ངེས་པར་སྤང་བར་བྱ་བ་ཁོ་ན་ཡིན་ནོ། །ཁྱད་པར་འདི་ཡིན་ཞེས་བྱ་བ་ནི་རང་གི་དོན་ལ་འཇུག་པ་བསེ་རུ་ལྟ་བུ་ལ་སོགས་པ་མཚན་ཉིད་མི་མཐུན་པ་ཉིད་དོ། །བཀྲེས་པ་ལ་སོགས་པའི་སྡུག་བསྔལ་ཡང་བདག་དང་བདག་གིར་ འཛིན་པས་ཆགས་པའི་སྙིང་པོ་ཅན་ནི་བག་ཆགས་དང་ལྡན་པ་རྣམས་ཁོ་ན་ཡིན་གྱི་དམིགས་པའི་ཚོགས་པ་ཅན་ཙམ་ལས་ནི་མ་ཡིན་ཏེ། གཅིག་གི་རྣམ་པའི་བདེ་བ་ལ་སོགས་པར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བསྟན་པ་ནི། བྲུ་བ་ཚ་བ་ལ་སོགས་པ་ཡང་ཞེས་བྱ་བའོ། །དེ་བཞིན་དུ་ཁམ་གྱི་ཟས་དང་ འགལ་བ་ཅན་གཟུགས་ན་སྤྱོད་པའི་དགེ་བ་བསགས་པ་ལས་ཀྱང་སྐྱེ་བ་སྔ་མ་ལས་བྱུང་བའི་སྐྱེ་བ་དྲན་པས་སམ། ལས་ལ་དབང་དུ་གྱུར་པ་ཉིད་ཀྱིས་འཇུག་པའི་ཕྱིར། བཀྲེས་པ་ལ་སོགས་པ་རྣམས་ཤིན་ཏུ་མི་སྲིད་པར་བསྟན་པ་ནི། གལ་ཏེ་སྐྱེ་བ་དྲན་པ་ཡིས། །ཞེས་བྱ་བའོ། །ལྷ་སོགས་ངོ་བོ་ ཡིས་ཞེས་བྱ་བ་ནི་གཟུགས་ན་སྤྱོད་པའི་ལྷ་ཉིད་ཐོབ་པས་སོ། །མིག་ལ་སོགས་པ་ནི་ས་བོན་དང་མྱུ་གུ་ལ་སོགས་པ་བཞིན་དུ་ཕྱི་རོལ་གྱི་རྒྱུ་ཙམ་ལས་བྱུང་བ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། གོམས་པ་ལས་བྱུང་བ་ཡིན་ལ། ཡོད་པ་དང་མེད་པ་ནི་འདོད་པའི་གཞན་དབང་ཁོ་ན་ཡིན་པར་བསྟན་པ་ནི། ལན་ གསུམ་ཟ་བ་གོམས་པ་ལས། །ཞེས་བྱ་བ་སྟེ། གཏན་མེད་པར་འགྱུར་ཞེས་བྱ་བ་ནི་གནས་སྐབས་ཀྱི་བཅོམ་ལྡན་འདས་སོ། །ཡང་ན་ཕྱི་རོལ་བཞིན་དུ་རྒྱུ་ཙམ་ལས་བྱུང་བ་འདི་ནི་ཡོད་པ་མ་ཡིན་ཏེ། འདོད་པ་ལས་བྱུང་བའི་གོམས་པ་ལས་བྱུང་བ་ཉིད་ཡིན་པར་བསྟན་པ་ནི། གལ་ཏེ་འདི་ཞེས་བྱ་བ་ སྟེ། འདི་གཞན་གྱི་དོན་ལ་འཇུག་པའི་ཕྱིར། བཀྲེས་པ་ལ་སོགས་པའི་སྐྱོན་ལས་ལྡོག་པ་ཁོ་ན་གོམས་པར་རྟོགས་པ་ཡིན་པར་བསྟན་པ་ནི། དེའི་ཕྱིར། ཐམས་ཅད་གོམས་པའི་རྩ་བ་ཅན། །ཞེས་བྱ་བའོ། །སྔོན་གྱི་སློབ་དཔོན་གྱི་བཞེད་གཞུང་དང་འགལ་བ་ཉིད་ཀྱིས་གདམས་ཀྱི་དེ་ཁོ་ན་ཉིད་མེད་ དོ་སྙམ་དུ་སེམས་པ་ནི། གལ་ཏེ་སློབ་དཔོན་གྱིས་ཞེས་བྱ་བ་སྟེ། སྦྱོར་བ་ནི་ཐབས་སྟོན་པ་པོ་ཉིད་ཡིན་གྱི་གཞན་ནི་མ་ཡིན་ནོ། །གཞན་ཐབས་གོམས་པ་མ་ཡིན་པའི་ཕྱིར་འགལ་བ་ཡིན་ནོ། །ཐབས་གོམས་པ་འདི་ཉིད་སྔོན་གྱི་སློབ་དཔོན་རྣམས་ཀྱིས་ཉེ་བར་བཏགས་པས་བསྟན་པར་ བརྗོད་པ་ཡིན་ནོ། །བསྟན་པ་ནི། དེ་དོན་ཕྱིར་ན་ཐབས་གོམས་པ། །ཞེས་བྱ་བ་སྟེ། འདི་ཉིད་ཅེས་བྱ་བ་ནི་རིམ་པ་ལས་བཟློག་པས་ངེས་པར་གཟུང་བས་བདག་མཐོང་བ་ཁོ་ནའི་ལུས་དང་དབང་པོ་ལ་སོགས་པ་ལ་བདག་ཏུ་ལྟ་བས་སམ། ཁམས་གསུམ་པོ་ལ་ཡང་སྡུག་བསྔལ་བའི་འདུ་ཤེས་འདོར་ བའི་རྒྱུ་ཡིན་པའི་ཕྱིར། ཐབས་ཡིན་ཞེས་བྱ་བའི་གཞན་གྱི་འདོད་པ་བསལ་བ་ཡིན་ནོ། །བདག་ཏུ་ལྟ་བ་ནི་ལུས་ལ་སོགས་པ་ལ་ཡང་དེ་མ་མཐོང་ཡང་བདག་གིར་མཐོང་བས་ཆགས་པ་སྐྱེ་བའི་ཕྱིར། སྡུག་བསྔལ་གྱི་འདུ་ཤེས་ཉིད་མི་འཇུག་པའི་ཕྱིར་རོ། །རེས་འགའ་འཇུག་པ་ཡིན་ཡང་ ཆགས་པ་ལས་བཟློག་པ་ཡིན་ནོ། །འདི་ཉིད་ཐབས་གོམས་པ་ཡིན་པར་ཅི་ལས་ཤེས་ཤེ་ན། དེ་དོན་ཕྱིར་ཞེས་བྱ་བ་སྨོས་ཏེ། བསྟན་པ་ནི་འབྲས་བུ་ཡིན་གྱི་ཐབས་མ་ཡིན་པ་མ་ཡིན་ནམ་ཞེས་ཟེར་བ་ལ། དེ་དོན་ཕྱིར་ནི་བསྟན་པའི་དོན་ཡིན་པའི་ཕྱིར་བསྟན་པའི་རྒྱུའི་ཕྱིར་རོ། །འདི་ཉིད་ཁོ་ན་ལས་ ཐབས་གོམས་པ་ཡིན་གྱི་གཞན་ནི་མ་ཡིན་ཏེ། དེའི་དེ་རྒྱུ་ཡིན་ནོ། །འདི་ཅི་ལས་ངེས་པ་ཡིན་ཞེ་ན། ཐུབ་ལས་ཏེ་བདེ་བར་གཤེགས་པ་ཉིད་ལས་དང་པོ་འབྱུང་བའི་ཕྱིར། དེ་ཉིད་གྲུབ་པའི་ངོ་བོ་བསྟན་པའི་སྒྲར་གདགས་པར་རུང་བ་ཡིན་གྱི་གཞན་ནི་མ་ཡིན་ནོ། །འདི་ལ་ཡང་རྒྱུ་ཉིད་བསྒྲུབ་བྱ་ཁོ་ན་ཡིན་ ནམ་སྙམ་དུ་སེམས་པ་ལ། རྒྱུ་གཉིས་པོ་འདི་ཇི་ལྟ་བ་དེ་ལྟར་བཤད་པ་ནི་དེ་མ་ཐག་ཏུའོ། །འགྲེལ་པར་ནི་གསལ་བ་ཁོ་ན་ཡིན་ནོ། །དེ་ཅི་མངོན་ཞེ་ན་ཞེས་བྱ་བ་ནི་བསྟན་པའི་རྒྱུ་ཉིད་ཀྱི་ཕྱིར་བསྟན་པ་ཡིན་གྱི་དེ་ཉིད་མ་ཡིན་ཞེས་ཅི་ལས་ཤེས་པའོ། །འདི་ནི་རྒྱུ་རུ་བཤད་ཅེས་བྱ་བ་ནི་རྒྱུ་ཕུན་སུམ་ཚོགས་པའི་ དབང་དུ་བྱས་ནས་འགྲོ་བ་ལ་ཕན་པར་བཞེད་པ་ཉིད་དང་། སྟོན་པ་ཉིད་དུ་བསྟན་པ་ཡིན་གྱི་འབྲས་བུ་ཕུན་སུམ་ཚོགས་པའི་དབང་དུ་བྱས་པ་ནི་མ་ཡིན་ནོ། །དེའི་ཕྱིར་གཙོ་བོ་མ་ཡིན་པར་ཤེས་པ་ཡིན་ནོ། །དང་པོ་བརྗོད་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་ཚད་མར་གྱུར་པ་ལ་ཞེས་བྱ་བའི་ཚིགས་སུ་བཅད་པ་ དེར་རོ། །གྲུབ་པའི་ངོ་བོ་ནི་བདེ་བར་གཤེགས་པ་ཉིད་ཡིན་པ་དེ་ཇི་ལྟ་བུ་ཡིན་པར་བསྟན་པ་ནི། རྒྱུ་སྤངས་ཞེས་བྱ་བའོ། །དོགས་པ་མེད་པ་ཡུལ་མེད་པ་ནི་གཅིག་པུ་མི་དགའ་ན་གཉིས་པ་འདོད་པ་ཡིན་ཞེས་བྱ་བའི་རིགས་པ་ལས་སོ། །བདག་མེད་པ་མཐོང་བར་རིགས་པས་ཐ་དད་ པ་ཡིན་ནོ། །དེ་བདེན་ཐ་དད་བདག་ཉིད་ཀྱིས། །ཞེས་བྱ་བས་བརྗོད་བྱ་བཟློག་པ་མ་ཡིན་པར་དགོངས་པས་མཐོང་བ་དང་རིགས་པའི་སྒྲ་དག་གི་མཐོང་བ་དང་བསྒོམ་པའི་ལམ་རྗོད་པར་བྱེད་པ་ཉིད་དུ་བསྟན་པ་ནི། སྦྱོར་བ་ནི་གོམས་པ་སྟེ། བསྒོམ་པས་ཞེས་བྱ་བ་ནི་རྣལ་འབྱོར་ལ་མཉམ་པར་འཇོག་པར་ བྱེད་པ་ཞེས་མདོ་སྡེ་ལས་གསུངས་པའི་ཕྱིར་རོ། །ཡང་ན་བདག་མེད་པ་མཐོང་བ་ཞེས་བྱ་བ་ནི་ཕ་རོལ་པོ་མངོན་པར་འདོད་པའི་སེམས་ཅན་ཡོད་པ་ཙམ་ནི་དངོས་སུ་གནོད་པར་བྱེད་པ་ཉིད་ཀྱིས་ཆོས་ལ་བདག་མེད་པ་མ་བསྡུས་པས་དེ་མངོན་པར་བརྗོད་པའི་དོན་དུ་བསྟན་པ་ནི། ཡང་ན་སྦྱོར་བ་ནི་ཞེས་བྱ་ བའོ། །གཉིས་སུ་མེད་པར་ནི་ཐ་དད་པ་མ་ཡིན་ཏེ། གཅིག་གི་རྣམ་པ་འདི་ཤེས་པ་ལ་ཡོད་པ་ཞེས་གསུངས་པས་སོ། །ཡང་ན་གཅིག་ཅེས་བྱ་བ་རྒྱ་ཆེ་བ་ལ་དམིགས་པས་ཕན་ཚུན་མི་རིགས་པའི་ཕྱིར་དབྱེ་བ་མ་རྟོགས་པར་དགོངས་པས་སོ། །དེ་དེ་ལྟར་ཡིན་ན་གཞན་དམིགས་པར་རིགས་པ་ནི་མི་དམིགས་པ་ཡིན་ནོ། ། ཕན་ཚུན་མ་འདྲེས་པར་ཇི་ལྟར་འགྱུར། དེ་ལྟར་ཉམས་སུ་མྱོང་བ་ཡིན་ན་དེ་ལྟར་འཛིན་པའི་རྣམ་རྟོག་མ་ཡིན་ལ། ཡིན་ན་ཡང་དེ་ཡང་དེ་ལྟར་རྟོགས་པ་ལས་མ་འདས་པའི་ཕྱིར། མ་ལུས་པ་མ་རྟོགས་པར་གྱུར་པ་ཡིན་གྲང་ན་དེ་དེ་ལྟ་ནི་མ་ཡིན་ནོ། །དེའི་ཕྱིར་གཉིས་སུ་མེད་པ་ཉིད་ཕན་ཚུན་རྗེས་སུ་འཇུག་ པར་རིག་པ་ཡིན་ནོ། །ཡང་ན་བདག་མེད་པ་མཐོང་ན་ཞེས་བྱ་བ་ནི་བདག་མེད་པ་གཉིས་མངོན་དུ་བྱེད་པ་ནི་འཕགས་པ་ཉན་ཐོས་ལ་སོགས་པར་བརྗོད་པ་ཡིན་ལ། བྱང་ཆུབ་སེམས་དཔའ་རྣམས་ནི་བདག་མེད་པ་དེ་ལ་སྦྱོར་བ་ནི་ལྡན་པ་སྟེ། ཡོངས་སུ་འདྲིས་པ་ཡིན་གྱི་མངོན་དུ་བྱེད་པ་ནི་མ་ཡིན་ ཏེ། སངས་རྒྱས་ཀྱི་ཆོས་རྣམས་མ་ཐོབ་པར་བར་མ་དོར་མྱ་ངན་ལས་འདས་པར་འགྱུར་བར་ཐལ་བའི་ཕྱིར་རོ། །དེ་འདིས་ཁྱབ་འཇུག་གི་འཇིག་རྟེན་ལ་སོགས་པར་འགྲོ་བས་གྲོལ་བར་འགྱུར་བ་ཡིན་ཞེས་བྱ་བ་གསལ་བར་བསྟན་པ་ནི་ཐམས་ཅད་དུ་བདག་མེད་པ་མཐོང་བ་ལས་ཞེས་བྱ་བའོ། །གང་གི་ཚེ་བདག་ མཐོང་བ་ཅན་ལ་བདེ་བ་ནི་སྐྱེས་བུའི་དོན་ཡིན་ལ། བདེ་བ་ཐོབ་ན་བྱ་བ་བྱས་པར་འགྱུར་བ་ཡིན་པར་ལྟ་ན་བདེ་བའི་འདུ་ཤེས་ལ་ཉེ་བར་གནས་པ་ནི་ཆགས་པར་བྱ་བའམ། ཁྲོ་བར་བྱ་བའི་ཀུན་ཏུ་རྟོག་པར་གྱུར་ནས་འཁོར་བར་ཀུན་དུ་རྒྱུག་པར་བྱེད་ཀྱི་ལྡོག་པར་མི་བྱེད་དོ། །དེའི་ཚེ་འདི་དྲང་སྲོང་རྣམས་ ཀྱིས་སྐྱེ་བ་ནི་སྡུག་བསྔལ་ཁོ་ན་ཡིན་ནོ་ཞེས་སྡུག་བསྔལ་བསྒོམ་པ་ལས་སད་པ་ཡིན་ན་ཡོངས་སུ་ཚོལ་བའི་སྐྱོན་རྣམས་རིག་པར་བྱེད་པ་ཡིན་ལ། འདི་གང་ཡོངས་སུ་ཚོལ་བར་བྱེད་པ་སྟེ་དགྲ་མང་པོ་ཅན་ནི་རྙེད་ན་ཡང་ཉུང་བ་ཡིན་ལ། དེའི་རྒྱུ་མཚན་ལས་ཀྱང་ལུས་དང་ཡིད་ལ་ཡལ་ག་མང་པོ་ཅན་ གྱི་གདུང་བ་སྐྱེ་བར་བྱེད་ན་ཆགས་པར་མི་བྱེད་ཅིང་། ཡང་སྲིད་ཀྱི་རྒྱུ་འཁོར་བ་རྣམས་སོགས་པར་མི་བྱེད་དོ། །དེས་ན་སྡུག་བསྔལ་ཐམས་ཅད་ལས་གྲོལ་བར་འགྱུར་བའི་ཕྱིར་དང་། བདག་ཏུ་ཡང་ཡོད་པའི་ཕྱིར་སུ་ཞིག་བདག་མེད་པ་མཐོང་བའི་རྣམ་པར་གྲོལ་བར་འགྱུར་ཏེ། མི་སྲིད་པ་ཁོ་ན་ཡིན་ ནོ་སྙམ་དུ་སེམས་པ་ནི། ཕྱིར་མི་ལྡོག་པ་དེ་གང་ཞེ་ན་ཞེས་བྱ་བའོ། །དེ་ལ་རེ་ཞིག་བདག་ཏུ་ལྟ་བ་ཡིན་ན་སྡུག་བསྔལ་བསྒོམ་པས་ཉེས་པ་དང་ལས་མེད་པ་མི་སྲིད་པ་ཡིན་ཏེ། སྡུག་བསྔལ་གྱི་འདུ་ཤེས་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི། སླར་ཡང་ལྡོག་ཅེས་བཤད་པ་ཡིན་ཞེས་བྱ་བ་སྟེ། སླར་ ཡང་མི་ལྡོག་པའི་རྒྱུ་ནི་བདག་ཏུ་ལྟ་བ་བཅོམ་པ་ལས་ལྡོག་པའི་བདག་ཏུ་ལྟ་བ་ཡོད་པ་ཐོབ་པ་ཡིན་ལ། དེའི་ཕྱིར་བདག་ཏུ་ལྟ་བའི་ས་བོན་ཡོད་པ་ནའང་།། ལུས་ལ་སོགས་པ་བདག་གིར་ལྟ་བའི་ས་བོན་ཡོད་ན་འདི་ཆགས་པའི་སྙིང་པོ་ཅན་ཡིན་པའི་ཕྱིར། སྡུག་བསྔལ་གྱི་འདུ་ཤེས་ཉིད་འདོར་བའི་ ཡན་ལག་ལ་འཇུག་པར་མི་འགྱུར་ཏེ། སྡུག་བསྔལ་ལྟ་བུར་རོ། །ལུས་ལ་སོགས་པ་ལ་ཡང་སྡུག་བསྔལ་མང་བས་བདག་གི་བ་ཉིད་ཀྱང་འདོར་བའི་སེམས་སུ་འགྱུར་རོ་ཞེ་ན་དེའི་རྒྱུ་ཡོད་པ་ཡིན་ན། དེ་ཉིད་འདི་ལ་སྡང་བ་ཡིན་ཞིང་། དེ་ལས་བཟློག་པ་ལ་ཆགས་པ་ཡིན་པའི་ཕྱིར་དེ་ལས་བྱུང་བའི་ ལས་ནི་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་སྐྱེ་བ་ཡིན་པར་བརྗོད་དོ། །དེའི་ཕྱིར་བདག་གི་ལ་སོགས་པར་ལྟ་བ་ཆགས་པའི་སྙིང་པོ་ཅན་ཡིན་པའི་ཕྱིར། ཕན་བྱེད་པ་ལ་ལྟོས་ནས་ཆགས་པར་བྱ་བའི་ཀུན་དུ་རྟོག་པ་ཡིན་ལ། གནོད་པར་བྱེད་པ་ལ་ལྟོས་ནས་ནི་སྡང་བར་བྱ་བ་ཡིན་ནོ། །དེའི་ཕྱིར་ཆགས་པར་ བྱ་བའི་ཀུན་དུ་རྟོག་པ་རྣམས་དང་། སྡང་བར་བྱ་བ་རྣམས་ཀྱང་བརྫུན་པར་རྟོགས་པའི་ངོ་བོ་ཡིན་པའི་ཕྱིར་བདག་ཏུ་ལྟ་བ་ནི་གཏི་མུག་ཡིན་ནོ། །དེ་དག་ཀྱང་དེ་མཐོང་བ་ཉིད་ཁོ་ན་བདེ་བ་དང་སྡུག་བསྔལ་བ་བསྒོམ་པས་རྟོགས་པ་ཡིན་ཞེས་གཉི་ག་མི་འཐད་པའི་ཕྱིར་རྒོལ་བ་དེ་ནི་ གྱི་ནའོ། །དེ་ལྟ་ན་དེ་ཅིའི་ཕྱིར་སྤངས་པ་ཡིན་ཞེས་བསྟན་པ་ནི། བདག་ལྟའི་ས་བོན་སྤངས་པའི་ཕྱིར། །ཞེས་བྱ་བ་སྟེ། བདག་ཏུ་ལྟ་བ་ལ་སོགས་པའི་སྙིང་པོ་ཅན་གྱི་རྟོག་པ་རྣམས་བཅོམ་པ་ནི་ཡང་འབྱུང་བ་མ་ཡིན་ཏེ། ས་བོན་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །སྐྱེ་དང་ཞེས་བྱ་བ་ནི་ལས་སོ། ། སྐྱོན་མེད་པའི་གནས་སྐབས་དང་ཡང་སྐྱེ་བ་མེད་པའི་ཕྱིར་ཞེས་བྱ་བར་སྦྱར་རོ། །དེ་ཡང་བྱང་ཆུབ་སེམས་དཔའ་རྣམས་ལ་དགེ་བའི་ལས་དང་སྐྱེ་བ་དག་ཡོད་པའི་ཕྱིར་རོ། །ཉན་ཐོས་རྣམས་ལ་ནི་དེ་མེད་པའི་ཕྱིར། སྐྱེ་བ་མེད་པ་ཡིན་ནོ། །སོ་སོའི་སྐྱེ་བོ་རྣམས་ལ་ནི་དེ་གཉི་ག་མེད་པའི་ཕྱིར་ཉེས་པ་དང་། སྐྱེ་བ་ཡོད་པ་ཡིན་པར་བསྟན་པ་ནི། ཉེས་པ་དང་ཞེས་བྱ་བའོ། །དེ་ཡང་ཉེས་པ་མེད་པའི་གནས་སྐབས་ཅི་ལས་བྱུང་བ་ཡིན་ཞེ་ན། དེས་ན་ཞེས་བྱ་བ་སྨོས་སོ། །གནས་སྐབས་གཉིས་པའི་རྒྱུ་བསྟན་པ་ནི། སྐྱེ་བ་ཡང་ཞེས་བྱ་བའོ། །བདག་དང་བདག་གི་བ་དག་ནི་རང་གི་ངོ་བོས་མཐོང་བ་འདོད་ཆགས་ལ་ སོགས་པའི་རྒྱུ་མ་ཡིན་པ་མ་ཡིན་ནམ། འོ་ན་ཅི་ཞེ་ན། བདེ་བ་སྒྲུབ་པ་ལ་སོགས་པའི་ཤེས་པ་ཉིད་ཀྱིས་ཆགས་པའི་ཡུལ་ཉིད་ཀྱིས་སམ། ཆགས་པའི་སྙིང་པོ་ཅན་ཉིད་ཀྱིས་ཡིན་ནོ། །དེའི་ཕྱིར་དེ་ཉིད་འདིའི་སྤང་བྱ་ཡིན་གྱི་རང་གི་ངོ་བོས་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ལ་བསྟན་པ་ནི། བདག་ཏུ་ལྟ་བ་ མེད་པའི་ཕྱིར་ལྡོག་པས་སོ། །གཞན་ཅི་ལས་ཉོན་མོངས་པ་ཡོད་པ་ཡིན། བདག་ལ་སོགས་པར་ལྟ་བ་ཁོ་ན་ཆགས་པའི་ངོ་བོ་ཡིན་ཞེས་བྱ་བའི་དོན་ཏོ། །བདག་ཏུ་ལྟ་བའི་ངོ་བོའི་ཆགས་པ་དང་ཕན་འདོགས་པ་དྲན་པ་ཡིན་ན་ཆགས་པར་བྱ་བའི་རྟོག་པས་འདོད་ཆགས་ཡིན། །དེ་བཞིན་དུ་གཞན་ དྲན་པ་ཡིན་ན་འཁྲུགས་པའི་རྟོག་པས་ཞེ་སྡང་ཡིན་ནོ། །བདག་ཏུ་ལྟ་བའི་ཆགས་པ་ཕན་བྱེད་པ་དང་། གཅིག་ལྟོས་པའི་ངོ་བོ་ཡོད་ན་དེ་ལ་ལྟོས་པ་ཉིད་ཁོ་ན་གཞོམ་པར་མི་ནུས་སོ། །ནུས་ན་ཡང་རང་གི་ངོ་བོ་འཇོམས་པར་ཐལ་བར་འགྱུར་རོ། །དེ་དེ་ལས་ཐ་དད་པར་འགྱུར་ཡང་བྱང་གྲོལ་འདོད་པའི་ དོན་གང་ཡིན་པ་རྒྱས་པར་བྱེད་པ་ཡིན། སྔོན་པོ་ལ་སོགས་པའི་རང་གི་ངོ་བོས་ནི་ཐ་དད་པ་ཅན་ཉིད་ཁོ་ནས་དགོས་པ་དང་ལྡན་པ་མ་ཡིན་ལ། དེ་ནི་བདག་གོ་ཞེས་བྱས་ནས་ཚོལ་བའི་སྡུག་བསྔལ་ཡིན་ལ། དེ་ནི་མེད་པ་ཁོ་ན་ལ་ལྟོས་པ་ཡིན་གྱི་ཡོད་པ་ལ་ནི་མ་ཡིན་ནོ། །འདིས་ནི་བདག་ནི་འདི་ རྣམས་ཀྱིའོ། །འདི་རྣམས་ནི་བདག་གིའོ་ཞེས་འབྲེལ་པའི་བློའི་རྒྱུའི་མཚན་གྱི་དེའི་ངོ་བོ་ནི་མ་ཡིན་ནོ་ཞེས་བྱ་བ་གསལ་བ་ཡིན་ནོ། །བདག་མེད་པ་དང་བདག་ཏུ་ལྟ་བ་དག་མཚུངས་པ་ཉིད་སྟོབས་མཚུངས་པ་འགལ་བར་རྣམ་པར་རྟོག་པ་ཡིན་ནོ་སྙམ་དུ་སེམས་པ་ནི། གལ་ཏེ་བདག་མེད་པ་མཐོང་བ་ ཞེས་བྱ་བའོ། །བདེན་པ་དང་བདེན་པ་མ་ཡིན་པའི་ཡུལ་ཉིད་ཀྱིས་སྟོབས་མཚུངས་པ་མ་ཡིན་པར་བསྟན་པ་ནི། དེ་བདེན་ཞེས་བྱ་བ་སྟེ། ཕྱིན་ཅི་ལོག་ཏུ་གྱུར་པ་ཞེས་བྱ་བ་ནི་འགལ་བ་ཅན་ཡིན་པའི་ཕྱིར་རོ། །དེ་ལས་བཟློག་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་བདེན་པར་ཡོད་པ་དང་འགལ་བ་ཅན་ཉིད་མེད་ པའི་ཕྱིར་རོ། །དེ་ལྟར་བདེན་པ་དང་ཐ་དད་པའི་སྒྲ་དག་བཤད་ནས། བདག་ཉིད་ཀྱི་སྒྲ་བཤད་པ་ནི། ཐ་དད་པའི་བདག་ཉིད་ཀྱང་ཞེས་བྱ་བ་སྟེ། བསྡུ་བ་བྱས་པ་ཡིན་པའི་ཕྱིར་ཐ་དད་པའི་སྒྲ་དང་ལྷན་ཅིག་པར་རྗེས་སུ་བརྗོད་པ་ཡིན་ནོ། །རང་བཞིན་རྗོད་པར་བྱེད་པ་འདི་ནི་གཏན་ཚིགས་ཀྱི་ཚིག་ཀྱང་ཡིན་ནོ། ། བདག་མེད་པར་ལྟ་བ་ནི་བདེན་པ་དང་འགལ་བ་ཅན་ཡིན་ཏེ། ཅི་ལས་ཤེ་ན། རང་ཡུལ་ཡིན་པའི་ཕྱིར་རོ། །གང་གི་ཚེ་ཚད་མ་དང་ལྷན་ཅིག་པ་ཡིན་པའི་ཕྱིར་བདེན་པ་དང་འགལ་བ་ཅན་ཡིན་ནོ་ཞེས་རྟོགས་པ་དེའི་ཚེ་བདག་ཉིད་ཀྱི་སྒྲ་ནི་རང་བཞིན་རྗོད་པར་བྱེད་པ་ཡིན་པའི་ཕྱིར། གཙང་སྦྲ་ཅན་ཐོད་པ་ཅན་དུ་གྱུར་ པའི་རང་བཞིན་དུ་འབད་པས་ལྡོག་བྱ་ཉིད་ཡིན་ཞེས་ཟེར་བ་ནི། གཏན་ཚིགས་ཀྱི་ཉིད་མེད་པ་ལ་བལྟ་བར་བྱའོ། །དེའི་ཚེ་ཡང་དངོས་པོའི་ངོ་བོར་རྗོད་བྱེད་ཉིད་ཡིན་ནོ། །ཕྱིར་ལྡོག་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཕྱིར་ལྡོག་པ་མེད་པས་སོ། །ནད་མེད་པ་ནི་ཉོན་མོངས་པ་མེད་པ་སྟེ། ཡོངས་སུ་བཟུང་བ་མེད་པ་ ནི་འཁོར་བའི་སྡུག་བསྔལ་གྱིས་གདུངས་པ་མེད་པའི་ཕྱིར་རོ། །ལམ་བཤད་པ་ལ་མི་གསལ་བ་ནི་འབྲས་བུའམ་རྒྱུ་ཡང་རུང་རྣམ་པ་ཐམས་ཅད་པའི་ལམ་བསྟན་པ་ལ་མི་གསལ་བར་མཚོན་པར་བྱེད་པར་བསྟན་པ་ནི། ངེས་པའི་ཚིག་ལ་མི་གསལ་བ། །ཞེས་བྱ་བ་ནི་གཙོ་བོ་ཉིད་ཀྱང་ངོ་། །བདག་མེད་ བས་མ་སྤངས་པ་ལ་ཞེས་བྱ་བ་ནི་འཕགས་པ་ཉན་ཐོས་ལ་སོགས་པ་ལ་ནི་བདག་མེད་པ་འགལ་བ་ཅན་མ་ཡིན་ལ། ལམ་གཞན་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཡོན་ཏན་གསུམ་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཇི་སྲིད་སྨྲ་བ་ཞེས་བྱ་བ་ནི་སྨྲ་བ་པོ་ཉིད་དོ། །ཉེས་པ་ དང་ལྡན་པ་ཉིད་ཀྱིས་འུ་བུ་ཅག་ལ་སོགས་པ་རྣམས་ལ་ཁྱབ་པ་ཡིན་ཏེ། འདོད་ཆགས་དང་བྲལ་བ་མ་མཐོང་བ་ཡིན་ལ་མ་མཐོང་བ་དེ་ལ་ལྡོག་པ་མེད་པའི་ཕྱིར་རོ། །ཡང་ན་སྨྲ་བ་ནི་འབྲས་བུ་དང་རྒྱུའི་རྣམ་པར་རྟོག་པའི་གོ་བྱེད་ཡིན་ཞེས་ཟེར་བ་ནི། །སྨྲ་བ་ནི་ཞེས་བྱ་བ་སྟེ། རྣམ་པར་རྟོག་པ་ནི་རང་གི་རྣམ་ པ་ལ་དོན་དུ་ཞེན་པའི་འཁྲུལ་པ་ཡིན་ཏེ། དེ་མ་ཡིན་པ་ལ་དེར་ཞེན་པའི་ཕྱིར་རོ། །གལ་ཏེ་ཡང་ལུས་པ་ནི་ལམ་ཙམ་ལས་མ་ཉམས་པ་ཡིན་ལ། དེ་ལ་ཡོད་པའི་ཁྱད་པར་གྱི་རྣམ་པ་མཐོང་བ་ཁོ་ན་ལས་འདི་ནི་ལམ་གཞན་ལ་སྦྱོར་བར་བྱེད་པ་མ་ཡིན་ནོ་ཞེས་ཟེར་བ་ནི་འདི་ལས་ལྷག་མར་ཡོད་པ་མ་ཡིན་ པས་མ་ལུས་པའོ། །གོམས་ཕྱིར་ནི་ཞེས་བྱ་བ་ནི་ཁྱད་པར་གྱི་རྣམ་པའི་ཡུལ་ལས་སོ། །ཐེ་ཚོམ་ཟ་བ་ཞེས་བྱ་བ་ནི་མི་འགལ་བའི་བསྒྲུབ་པ་ལས་ལྡོག་པ་མ་གྲུབ་པའི་ཕྱིར་རོ། །རྣམ་པར་རྟོག་པ་བསྒྲུབ་པ་ལ་ཡང་ཞེས་བྱ་བ་ནི་དེ་མེད་ཀྱང་ཤིན་ཏུ་གོམས་པ་ཡིན་ན་ཚིག་རེ་རེ་དང་ངག་རེ་རེ་རྗོད་པར་བྱེད་པ་རྣམས་ ལ་རྣམ་པར་རྟོག་པ་མེད་ཀྱང་སྨྲ་བར་མཐོང་བའི་ཕྱིར་མི་ཤེས་ཀྱང་དེ་རྣམས་ཡོད་པ་ནི་མ་ཡིན་ཏེ། རང་རིག་པར་བྱ་བ་ཉིད་ཀྱིས་རྣམ་པར་རྟོག་པ་གཞན་མེད་པའི་ཕྱིར་རོ། །འཕེན་པ་སྟེ་གོམས་པའི་ཤུགས་ཀྱིས་གདུལ་བྱ་དེའི་བསམ་པ་ཅན་ལ་དེའི་ལམ་དངོས་སུ་མཐོང་བ་ཁོ་ན་ལས་རྣལ་འབྱོར་པའི་ཚིག་ འཇུག་པ་ཡིན་ནོ། །ཇི་ལྟར་འུ་བུ་ཅག་ལ་སོགས་པས་ཀ་བ་ལ་སོགས་པ་མཐོང་བ་ན་འདི་ཀ་བའོ་ཞེས་བྱ་བའོ། །བཤད་ཟིན་ཞེས་བྱ་བ་ནི་རྟོག་པ་འདི་རྣམས་སོ་སོར་མ་རིག་པ་ཁོ་ན་སྐྱེ་བའམ་ཞིག་པ་ཡང་མ་ཡིན་ནོ་ཞེས་གསུངས་པ་ཡིན་ཏེ། དེའི་ཚེ་རྣམ་རྟོག་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དོན་ གང་བློ་ལ་རབ་གསལ་བ། །སྒྲ་ནི་དེ་ལ་ཚད་མ་ཉིད། །དོན་གྱི་དེ་ཉིད་རྒྱུ་ཅན་མིན། །ཞེས་བྱ་བ་ལ་སོགས་པ་ནི་རྣ་བའི་རྣམ་ཤེས་ལ་དོན་གང་གསལ་བ་ནི་སྨྲ་བ་པོའི་བློའི་ཡུལ་ལ་དོན་དེ་ལྟར་ཡིན་པའི་ཕྱིར། སྐྱོན་མེད་པར་བསྟན་པའི་ཕྱིར་སྐྱོན་མེད་པར་བསྟན་པ་ནི་འདིར་ནི་ཤེས་པ་མི་གསལ་བར་ཞེས་བྱ་ བའོ། དེ་ལྟར་རྗེས་སུ་དཔག་པ་བཞིན་དུ་མངོན་སུམ་གྱིས་ཀྱང་གཞན་གྱི་དོན་ཐོབ་པར་བསྟན་པ་ནི། མངོན་སུམ་གྱིས་མཐོང་བ་ཞེས་བྱ་བ་སྟེ། ཚུལ་གསུམ་པའི་རྟགས་སུ་བསྟན་པ་ནི་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་མངོན་སུམ་པ་མ་ཡིན་པ་ལ་ཡིན་གྱི་བུམ་པ་ལ་ནི་མ་ཡིན་ནོ། །དེ་ལྟ་ཡིན་ན་ཇི་ལྟར་རྗེས་ སུ་དཔག་པ་ཡིན། རྟགས་བཞིན་དུ་གཞན་གྱི་རྗེས་སུ་དཔག་པར་བྱ་བའི་ཤེས་པ་སྐྱེད་པར་བྱེད་པའི་ཕྱིར་རོ། །དེ་ལྟ་ཡིན་ན་དེའི་དེ་རང་དོན་ཁོ་ན་ཡིན་ནོ། །དེ་ལྟ་ཡིན་ན་ཡང་སྨྲ་བ་པོའི་དེ་དེ་ལྟ་ཡིན་པའི་ཕྱིར་དེ་ལྟར་བརྗོད་དོ། །གཞན་དུ་རྗེས་སུ་དཔག་པར་བྱ་བའི་ཚིག་རྗེས་སུ་དཔག་པར་འགྱུར་རོ། །གལ་ ཏེ་མངོན་སུམ་གྱི་ཡུལ་གྱི་ཤེས་པ་སྐྱེད་པར་བྱེད་པའི་ཕྱིར། མངོན་སུམ་ཡང་གཞན་གྱི་དོན་དུ་ཅིས་མི་འགྱུར། མ་ཡིན་ཏེ། དེ་དེ་ལ་འབྲེལ་པའི་རང་བཞིན་ཅན་མ་ཡིན་པ་ཉིད་ཀྱིས་ཚད་མ་ཉིད་མ་ཡིན་པའི་ཕྱིར། དོན་རྟོགས་པ་ལ་བརྡ་ཅན་ཡིན་པའི་ཕྱིར་རོ། །ཇི་ལྟར་ཡང་ཚུལ་གསུམ་པར་བསྟན་པ་ནི་དེ་ རིག་པ་པོ་ལ་རྗེས་སུ་དཔག་པར་བྱ་བའི་ཤེས་པའི་རྒྱུ་ཡིན་པ་ཉིད་ཀྱིས་རྗེས་སུ་དཔག་པར་ཉེ་བར་གདགས་སུ་རུང་བའི་ཕྱིར་སྒྲ་ཚད་མ་ཡིན་ནོ། །གཞན་དུ་ནི་མ་ཡིན་ནོ་ཞེས་བསྟན་པར་འདོད་ནས་དེ་ལྟར་ཐ་སྙད་འདོགས་པ་ཡིན་ཏེ། ནུས་པ་མཚོན་པར་བྱེད་པའི་རྒྱུ་ཚིག་ནི་ཞེས་གསུངས་པའི་ཕྱིར། དེ་ལྟར་རྣམ་ པར་རྟོག་པ་མེད་པའི་ཚིག་ཡོད་པ་མིན་ན་རྣམ་པར་ངེས་པ་མེད་པའི་ཕྱིར་སྨྲ་བ་པོ་ཉིད་མ་ངེས་པ་ཡིན་ནོ། །འདོད་ཆགས་ལ་སོགས་པ་དང་ལྡན་པ་ཉིད་དུ་ནི་འགལ་བ་མེད་པར་སྒྲུབ་པའི་ཕྱིར། ལྡོག་པ་ལ་ཐེ་ཚོམ་ཟ་བ་ཡིན་པར་ཉེ་བར་བསྡུ་བ་ནི། དེ་ཕྱིར་སྒྲ་ཡང་ཞེས་བྱ་བའོ། །ལུས་ལའམ་གཟུགས་ལ་ སོགས་པ་ལ་ཡང་བདག་ཅེས་བྱ་བ་དང་། བདག་གི་ཞེས་བྱ་བར་ཡང་ཐུན་མོང་མ་ཡིན་པ་ཉིད་དུ་འཛིན་པ་ཡིན་ལ། བདག་དང་བདག་གིར་ལྟ་བ་ཉོན་མོངས་པའི་རྒྱུ་མ་ཡིན་པ་མ་ཡིན་ནམ། འོན་ཀྱང་གཙོ་བོ་དང་ཅིག་ཤོས་ནི་སྒྲུབ་པར་བྱེད་པ་ཉིད་དུ་འཛིན་པ་ཡིན་ནོ། །དྲན་པ་ཡང་བདག་ལ་སོགས་པར་ལྟ་བ་ སྤངས་པ་ཡིན་ཡང་། ཉོན་མོངས་པའི་རྒྱུན་ལ་ནི་ཐོག་མ་མེད་པའི་རྒྱུ་ཡོད་པའི་ཕྱིར་སེམས་ཀྱི་རྒྱུན་ལས་ཉམས་པ་མ་ཡིན་ནོ། །དེའི་ཕྱིར་མི་མཐུན་པའི་ཕྱོགས་མེད་པས་འདོད་ཆགས་ལ་སོགས་པ་ལ་སྨྲ་བ་པོར་ལྡོག་པ་ལ་ཐེ་ཚོམ་ཟ་བ་མ་ཡིན་ནོ། །ཡོད་པ་ལ་མི་རྟག་པ་ཉིད་ལྟ་བུའོ་སྙམ་དུ་སེམས་ པ་ནི། གལ་ཏེ་གཞན་ལས་ཞེས་བྱ་བ་སྟེ། བདེ་བ་ལ་སོགས་པ་སྒྲུབ་པར་བྱེད་པ་ཉིད་འཛིན་པ་དང་། དྲན་པའི་རྒྱུད་ལས་ཉེས་པ་རྣམས་ཟད་པ་མ་ཡིན་ལ། དེའི་ཕྱིར་མེད་པ་སྒྲུབ་པ་མ་ཡིན་ནོ། །འོན་ཏེ་བདག་ལ་སོགས་པར་ལྟ་བ་སྤངས་པ་ལ་ནི་ཉོན་མོངས་པའི་རྒྱུ་མཐོང་ བ་མ་ཡིན་སྙམ་ན་ཡང་། མ་ཡིན་ཏེ། དེ་མ་དམིགས་པ་ནི་འདོད་ཆགས་མེད་པ་ལས་མ་དམིགས་པ་བཞིན་དུ་རུང་བ་མ་ཡིན་པའི་ཡུལ་ཅན་ལ་ནི་མེད་པ་སྒྲུབ་པར་བྱེད་པ་མ་ཡིན་ནོ་ཞེས་ཟེར་བ་ནི། ཉེས་པ་ཟད་པ་མེད་པ་ཞེས་བྱ་བའོ། །བདེ་བ་ལ་སོགས་པ་སྒྲུབ་པར་བྱེད་པ་ཉིད་ཀྱི་ཤེས་པ་བདག་དང་ འབྲེལ་པ་མེད་པས་འདོད་ཆགས་ལ་སོགས་པའི་རྒྱུ་མ་ཡིན་ཏེ། ཐལ་ཆེས་པའི་ཕྱིར་རོ་ཞེས་བསྟན་པ་ནི། །མ་མཐོང་བ་ཇི་ལྟར་ཞེས་བྱ་བའོ། །དེ་ལྟ་ཡིན་ན་ཞིག་པ་ཉིད་དུ་ཇི་ལྟར་རྟོག་ཅེ་ན། སྐྱོན་རྣམས་མི་ཟད་པ་ཉིད་ཅེས་བྱ་བ་སྨོས་ཏེ། གང་ལས་བསྒྲུབ་བྱ་ལ་སྦྱོར་བར་བྱེད་པ་རྟོགས་པ་ཡིན་གྱི་སྦྱོར་ བར་མི་བྱེད་པ་ལ་ནི་མ་ཡིན་ལ། དེ་ཡང་འཇིགས་པ་མེད་ན་རྟག་པ་ཉིད་ཡིན་ན་མི་རྟག་པ་ལ་ཡང་རྒྱུན་དང་ལྡན་པ་ལ་སེམས་བཞིན་དུ་རྒྱུད་གཅོད་པར་བྱེད་པའི་ཐབས་མེད་པ་ཡིན་ལ། ཡོད་ཀྱང་སོ་སོའི་སྐྱེ་བོ་བཞིན་དུ་ཡོངས་སུ་མི་ཤེས་པ་ཡིན་ནའོ། །འོན་ཀྱང་རྒྱུ་ཞེས་བྱ་བ་སྦྱོར་བར་བྱེད་པའོ། །རྟག་པ་ཉིད་མ་ གྲུབ་པ་ཡིན་ཏེ། འདོད་ཆགས་ལ་སོགས་པ་སྐྱེ་བ་དང་ལྡན་པ་ལ་སོགས་པའི་གཏན་ཚིགས་ཀྱིས་རྣམ་པར་བཅད་པའི་ཕྱིར། མི་མཐུན་པའི་ཕྱོགས་མ་བཅད་པ་ནི་སྒྲུབ་བྱེད་མ་ཡིན་པའི་ཕྱིར་ཞེས་བསྟན་པ་ནི། རྒྱུ་ཡོད་ཕྱིར་དང་ཞེས་བྱ་བའོ། །རྒྱུ་མ་ཚང་བ་མེད་པའི་ཕྱིར། །ཡོད་ཀྱང་གྲང་བ་བཞིན་དུ་རྒྱུ་ལ་མི་ མཐུན་པའི་ཕྱོགས་ཡོད་ན་རྩ་བ་དང་བཅས་པ་ཆད་པར་འགྱུར་བར་བསྟན་པ་ནི། གཉེན་པོ་ཞེས་བྱ་བ་སྟེ། གཉེན་པོ་ཡང་རྒྱུའི་ངོ་བོ་ཤེས་ན་དེ་དང་འགལ་བ་ཅན་དུ་མཁས་པས་ཤེས་པ་ཁོ་ན་ཡིན་པར་བསྟན་པ་ནི། རྒྱུའི་རང་བཞིན་ཞེས་བྱ་བའོ། །འགྲེལ་པར་ནི་རྒྱུ་ཡོད་པ་ནི་རྒྱུ་དང་ལྡན་པ་ཉིད་དུ་བཞེད་དེ། རྒྱུ་དང་ལྡན་པ་ཞེས་བྱ་བའོ། །ཕྱི་རོལ་ནི་མར་ཁུ་ལ་སོགས་པའོ། །ཕྱི་རོལ་གྱི་ནི་རླུང་ལ་སོགས་པའོ། །ནུས་མཐུ་ལ་སོགས་པའི་ཁྱད་པར་མེད་པ་ནི་སྨན་གྱི་རྫས་རྣམས་ཉེ་བར་འཇོམས་པའི་ཕྱིར་རོ། །བདག་མེད་པར་ལྟ་བ་ནི་ཞེས་བྱ་བ་ནི་ཡུལ་ལྷན་ཅིག་བྱེད་པ་ཅན་ཉིད་ཀྱི་ཕྱིར་འཇོམས་པ་མ་ཡིན། ལོག་ པར་རྟོག་པ་མེད་པ་ཉིད་ནི་བདག་མེད་པའི་ཡུལ་ལ་སོགས་པ་དང་། ཐུན་མོང་མ་ཡིན་པའི་གཟུགས་ལ་སོགས་པ་ལ་ཡང་བདག་དང་བདག་གི་ཞེས་བྱ་བའི་བདག་ཏུའམ། ཐུན་མོང་མ་ཡིན་པར་འཛིན་པར་བྱེད་ན་དེ་ཆད་པ་ལ་བདག་ཆད་པར་སེམས་པར་བྱེད་པ་ནི་མི་འཆད་པར་སྲེད་པ་དང་མ་བྲལ་ བ་ཡང་དང་ཡང་དུ་དེ་ཉེ་བར་ལེན་པས་རྣམ་པར་བཅོམ་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པར་ནི་ཕ་རོལ་པོས་ཀྱང་ཁས་བླངས་པ་ཁོ་ན་ཡིན་ནོ། །བདེ་བར་གཤེགས་པ་བཅོམ་ལྡན་འདས་ནི་སྐྱེས་པ་གཞན་བཞིན་ཚད་མ་ཡིན་གྱི། བདག་ཅག་རིག་བྱེད་འདོན་པ་རྣམས་ཀྱི་ནི་མ་ཡིན་ཏེ། གང་གི་ཕྱིར་ གཞན་ལ་ཚད་མ་མ་ཡིན་ཏེ། ཉེ་བར་སྟོན་པར་མི་བྱེད་པའི་ཕྱིར་རོ། །རིག་བྱེད་ནི་དེ་དང་ལྡན་པའི་མིག་ལ་སོགས་པ་ཁོ་ན་ལྟ་བུ་ཡིན་གྱི་བཅོམ་ལྡན་འདས་ནི་མ་ཡིན་ཏེ། ཐ་དད་པའི་ཕྱིར་རོ་སྙམ་དུ་སེམས་པ་ནི། གལ་ཏེ་ཡང་ཞེས་བྱ་བའོ། །འོན་ཏེ་གཞན་ཡང་ཚིག་གི་སྒོ་ནས་ཚད་མ་ཡིན་ཞེ་ན་ཡང་ བདེན་ཏེ། ཕྱིན་ཅི་མ་ལོག་པར་སྨྲ་བ་ཡིན་ན་དེ་ལྟ་ཡིན་གྱི་བཅོམ་ལྡན་འདས་ནི་མ་ཡིན་ཏེ། རིག་བྱེད་ཚད་མས་གནོད་པའི་ཡུལ་ཡིན་པའི་ཕྱིར་ཞེས་ཟེར་བ་ནི། ཚད་མ་ནི་ཕྱིན་ཅི་མ་ལོག་པ་ཡིན་ཞེས་བྱ་བ་སྟེ། ཐོག་མ་དང་ཐ་མ་མེད་པར་རྟོགས་ན་ཕྱིན་ཅི་ལོག་ལ་དགའ་བ་བྱེད་པ་མ་ཡིན་ནོ། །མ་ཡིན་ ཏེ། རིག་བྱེད་ལ་ནི་སྐྱོབ་པ་མེད་པས་དོར་བའི་ཡན་ལག་ཡིན་པའི་ཕྱིར། བཅོམ་ལྡན་འདས་ནི་དེ་ལས་བཟློག་པ་ཡིན་ནོ། །ཉ་ཕྱིས་ལ་དངུལ་གྱི་ཤེས་པ་ནི་ཟིན་པ་ཁོ་ནའི་ཕྱིར་མི་འདོད་པར་ཐུགས་རྗེའི་དབང་གིས་ཞེས་བྱ་བ་སྟེ། བཅོམ་ལྡན་འདས་ནི་སྐྱོབ་པ་མངལ་བའི་ཕྱིར། ཕྱིན་ཅི་ལོག་ལ་གནོད་ པར་བྱེད་པ་ཡིན་ཏེ། དེ་ལ་ཚད་མ་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི་སྐྱོབ་པ་ཞེས་བྱ་བའོ། །དེ་རྣམ་པར་འཆད་པ་ནི། ཉིད་གཟིགས་ཞེས་བྱ་བ་སྟེ། མཐོང་བ་སྔོན་དུ་འགྲོ་བ་ཅན་ནི་རང་གི་ཚིག་མཐོང་བའི་ཕྱིར། བཅོམ་ལྡན་འདས་ཀྱང་དེ་ལྟར་འགྱུར་བ་ཡིན་ནོ། །གཞན་དུ་ཡང་སླུ་བའི་བསམ་པ་ མ་མཐོང་བ་མ་ཡིན་ནམ། འབྲས་མེད་ཕྱིར་ཞེས་བྱ་བ་སྟེ། ཐོབ་པར་བྱ་བ་མ་ལུས་པ་བརྙེས་པ་ནི་གཞན་དུ་གསུངས་པ་ལ་དགོས་པ་མེད་དོ། །ཐོབ་པར་བྱ་བ་མ་ཐོབ་པའི་ཆེད་དུ་བདག་ཏུ་ལྟ་བ་ཅན་ནི་གཞན་དུ་ཡང་སྨྲ་བ་ཡིན་ཏེ། སྤངས་པ་ཕུན་སུམ་ཚོགས་པ་མེད་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཐོབ་ པར་བྱ་བ་ཐོབ་ཀྱང་འཕགས་པ་ཉན་ཐོས་བཞིན་དུ་དགོས་པ་མེད་པའི་ཕྱིར། ཉེ་བར་མི་སྟོན་པ་ཁོ་ན་མ་ཡིན་ནམ། མ་ཡིན་ཏེ། ཐུགས་རྗེ་དང་ལྡན་པ་ནི་གཞན་གྱི་དོན་འབའ་ཞིག་ལ་འཇུག་པར་སྟོན་པར་མཛད་པ་ནི་ཐུགས་བརྩེར་ལྡན་ཕྱིར་ཞེས་བྱ་བ་སྟེ། གཞན་གྱི་དོན་དུ་ནི་ རང་ལ་དགོས་པ་མེད་ཀྱང་གཞན་གྱི་དོན་གྱི་དགོས་པ་ཚིག་གི་བྱེད་པ་གང་ལ་ཡིན་པ་ཞེས་བྱ་བའི་ཁྱད་པར་གྱིས་གསུངས་པ་ཡིན་ཞེས་བྱ་བར་སྦྱར་རོ། །ཐུགས་རྗེ་དང་ལྡན་པ་ཡང་དབང་པོ་ལས་འདས་པ་ཤེས་པར་མི་ནུས་པ་མི་མཁྱེན་ན་རྨོངས་པས་སྟོན་པར་བྱེད་པར་རྟོགས་པ་མ་ཡིན་ནམ་ཞེ་ན། རྩོམ་ ཀུན་ཡང་ཞེས་བྱ་བ་སྟེ། ཐམས་ཅད་མཁྱེན་པའི་དོན་དུ་རྩོམ་པ་ནི་རྩོམ་ཀུན་ནོ། །དེ་ལ་མངོན་པར་སྦྱོར་བ་ནི་གོམས་པ་ལས་སོ། །དེའི་ཕྱིར་དྲན་པ་གོམས་པས་ཡིད་གསལ་བ་ཡིན་པའི་ཕྱིར། སྐྱེ་བ་སྔ་མ་ལ་སོགས་པ་དྲན་པ་ཡིན་ན་ཆོས་དང་ཆོས་མ་ཡིན་པ་ཤེས་པ་དང་། འབྲས་བུ་དང་རྒྱུའི་རང་གི་ ངོ་བོའི་ཁྱད་པར་གྱི་དེ་ཉིད་ཤེས་པ་ཡིན་ན། ཁྱད་པར་མ་ལུས་པའི་རྣམ་པའི་རྗེས་སུ་དཔག་པ་གོམས་པ་ཡིན་པའི་ཕྱིར་དབང་པོ་ལས་འདས་པར་ཤེས་པར་ནུས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འབྲས་བུ་མེད་ཕྱིར་ཞེས་བྱ་བ་འདི་ཁོ་ནས་དགོས་པ་མེད་པ་བཞིན་དུ་དེས་དཔོག་པའི་རྒྱུ་མེད་པ་ཡིན་པར་ཡང་ བསྟན་པ་ནི། རྒྱུ་མེད་པའི་ཕྱིར་ཞེས་བྱ་བའོ། །ཐུགས་ནི་བརྩེ་བར་ལྡན་ཕྱིར་དང་། །རྩོམ་པ་ཀུན་ལ་སྦྱོར་བའི་ཕྱིར། །ཞེས་བྱ་བ་དག་གིས་སྟོན་པའི་རྒྱུ་མཚན་བརྗོད་པ་ཡིན་པར་བསྟན་པ་ནི། ཐུགས་རྗེ་ལྡན་པའི་ཕྱིར་ཞེས་བྱ་བའོ། །འཕེལ་བའི་ཤུགས་ལས་ཞེས་བྱ་བ་ནི་གོམས་པ་ཕུལ་དུ་བྱུང་ བས་རྣམ་པར་རྟོག་པ་མི་མངའ་བས་སྟོན་པ་ཡིན་པར་བརྗོད་དོ། །དེའི་ཕྱིར་དེ་ལྟར་བཅོམ་ལྡན་འདས་ནི་མི་སླུ་བ་ཡིན་པའི་ཕྱིར། མངོན་སུམ་དང་རྗེས་སུ་དཔག་པ་བཞིན་དུ་ཚད་མ་ཡིན་པར་བསྟན་པ་ནི། དེས་ན་སྐྱོབ་པ་ནི་ཞེས་བྱ་བའོ། །སྟོན་པ་ནི་གསལ་བར་མཛད་པ་ཡིན་ལ། དེ་འཕེན་པ་ལས་ ཡོད་པའི་འབྲས་བུ་མེད་ཕྱིར་ཞེས་བྱ་བ་ལ་སོགས་པའི་ཁྱད་པར་རྣམ་པ་གསུམ་གྱིས་རྣམ་པར་དཔྱད་པར་བྱ་བ་མུ་སྟེགས་དང་། འཕགས་པ་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་རྣམ་གྲངས་ཇི་ལྟ་བ་བཞིན་དུ་དོགས་པ་སྔོན་དུ་འགྲོ་བ་ཅན་དུ་བསྟན་པ་ནི། གལ་ཏེ་རང་གིས་ཞེས་བྱ་བའོ། ། འདི་ཡང་དེ་ལྟ་བུའི་རྣམ་པ་ཅན་ཁོ་ནར་ཅིས་མི་འགྱུར་སྙམ་དུ་སེམས་པ་ནི། འོ་ན་འདི་ལ་ཡང་ཞེས་བྱ་བའོ། །དོན་གྱི་གཙོ་བོ་ལ་མི་སླུ་བས་དེའི་ཤེས་པ་བཞིན་དུ་དེ་དང་མཚུངས་པའི་བསྒོམ་པའི་ཚོགས་པ་ལས་བྱུང་བའི་རྣམ་པར་ཤེས་པ་གཞན་ནི་ཆོས་ལ་སོགས་པའི་ཡུལ་ཅན་དུ་རྟོགས་པ་ཡིན་ནོ། ། དེའི་ཕྱིར་དེའི་རྣམ་པ་ཅན་གྱི་ཤེས་པ་དགག་པའི་རྒྱུ་དང་ལྡན་པར་བསྟན་པ་ནི། འདི་ལ་བཤད་ཟིན་ཏེ། དེ་ནི་བདག་མེད་པ་མཐོང་བའམ་ཞེས་བྱ་བའོ། །མི་སླུ་བ་ཉིད་ཚད་མ་ཉིད་དུ་ཡོངས་སུ་གཅོད་པ་ཡིན་ན། འདི་ཡོངས་སུ་གཅོད་པར་བྱེད་པ་ཡང་ཡོངས་སུ་ཤེས་པ་ཁོ་ན་ཡིན་ལ། དེ་ཡོངས་སུ་མ་ཤེས་ ན་དེ་ཉིད་ཤེས་པར་མི་ནུས་སོ་ཞེས་བསྟན་པ་ནི། བཅོམ་ལྡན་འདས་ནི་ཞེས་བྱ་བའོ། །སྐྱོབ་པའམ་ཞེས་བྱ་བའི་རྣམ་གྲངས་གཞན་གྱིས་མི་སླུ་བ་ཅན་ཉིད་ཁོ་ནར་བརྟག་པ་ཡིན་པར་བསྟན་པ་ནི། ཡང་ན་བདེན་པ་ཞེས་བྱ་བའོ། །ཆོས་དང་ཆོས་མ་ཡིན་པ་དང་། བདེན་པ་བཞི་ལ་སོགས་པ་སྟོན་པ་ནི་ལྕི་ བར་རྟོགས་པ་ཡིན་པ་དེ་ལ་སྐྱོབ་པ་ཡིན་པར་བསྟན་པ་ཡིན་ལ། འདིར་ནི་ཚད་མར་འཐད་པ་བདེན་པ་ཙམ་ཡུལ་ཡིན་ནོ། །དེའི་ཕྱིར་ཕྱིན་ཅི་ལོག་དགག་པར་བྱ་བ་ལ་ལྟོས་བྱ་ཉུང་བ་ཡིན་པའི་ཕྱིར་རྟོགས་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་རོ། །རིགས་པའི་བསྟན་བཅོས་ལ་སོགས་པ་གཞན་ལ་ ཡང་བདག་ལའམ་ལུས་ལ་སོགས་པ་ལ་བདག་ཏུ་ལྟ་བ་དང་། གཟུགས་ལ་སོགས་པ་ཐུན་མོང་བ་ལ་བདག་གིའོ་ཞེས་ཐུན་མོང་མ་ཡིན་པ་ཉིད་དུ་བདག་གིར་ལྟ་བ་ནི་སྡུག་བསྔལ་གྱི་རྒྱུ་ཡིན་ལ། དེ་ལས་བཟློག་པར་མཐོང་བ་ནི་བྱང་གྲོལ་གྱི་ཡན་ལག་ཡིན་ཞེས་བྱ་བ་ལ་སོགས་པས་བསྟན་པ་ཁོ་ན་མ་ཡིན་ ནམ། དེའི་ཕྱིར་བདེན་པར་སྟོན་པ་ཐུན་མོང་མ་ཡིན་པ་ཇི་ལྟར་ཡིན་སྙམ་དུ་སེམས་པ་ལ། གལ་ཏེ་ཡང་ཞེས་བྱ་བ་སྟེ། སྟོན་པར་བྱེད་པ་ནི་གསལ་བར་བྱེད་པའོ། །བདག་ཏུ་སྨྲ་བ་རྣམས་ཀྱང་ལུས་ལ་སོགས་པ་ལ་བདག་མེད་པར་ལྟ་བ་ཁོ་ན་ཡིན་གྱི་བདག་ཏུ་ལྟ་བ་ནི་མ་ཡིན་ཏེ་འགལ་བ་མེད་པའི་ཕྱིར་རོ་ཞེས་ བསྟན་པ་ནི། རིགས་པ་དང་བྲལ་ཡང་ཞེས་བྱ་བའོ། །སྡུག་བསྔལ་ནི་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་ལས་ཞེས་བྱ་བ་རྣམ་པ་བཞི་ལ་ཡང་སྡུག་བསྔལ་གྱི་རྣམ་པར་ཐ་སྙད་འདོགས་པ་ནི་གཞན་གྱི་རྣམ་པ་སྡུད་པར་བྱེད་པ་ཡིན་པའི་ཕྱིར། དེ་འདི་རྣམ་པ་གཞན་ལ་ ཡང་མཚུངས་པ་ཡིན་ནོ་སྙམ་དུ་སེམས་པ་ལ། དེ་ལྟར་བསྟན་པ་ཡིན་ནོ། ཀུན་འབྱུང་བའི་རྣམ་པ་ལ་རྒྱུ་དང་། ཀུན་འབྱུང་བ་དང་། རྐྱེན་དང་། རབ་ཏུ་བསྐྱེད་པའི་རྣམ་པ་རྣམས་དང་། འགོག་པའི་རྣམ་པ་ལ་འགོག་པ་དང་། ཞི་བ་དང་། གྱ་ནོམ་པ་དང་། ངེས་པར་འབྱུང་བའི་ རྣམ་པ་རྣམས་དང་། ལམ་གྱི་རྣམ་པ་ལ་ཡང་ལམ་དང་། རིགས་པ་དང་། སྒྲུབ་པ་དང་། ངེས་པར་འབྱིན་པའི་རྣམ་པ་རྣམས་སྡུད་པ་ཡིན་ནོ། །དེ་ལ་སྡུག་བསྔལ་གྱི་བདེན་པ་བསྟན་པ་ནི། སྡུག་བསྔལ་ཞེས་བྱ་བ་ནི་བསྒྲུབ་བྱའོ། །ཀུན་འབྱུང་རྒྱུ་ནི་འཁོར་བ་སྟེ། སྐྱེ་བ་དང་འཆི་བའི་རྒྱུན་ནོ། །དེ་གང་དག་གི་ ཡིན་པ་དེ་དག་ཅེས་བྱ་བ་ནི་གཏན་ཚིགས་སོ། །ཕུང་པོ་ཞེས་བྱ་བ་ནི་ཆོས་ཅན་ནོ། །སྐྱེ་བ་སྔ་མ་ལས་འདིར་འོངས་པ་དང་། འདི་ནས་དེའི་ཕྱི་མར་འགྲོ་བ་འཁོར་བ་མ་ཡིན་ནམ། དེ་ཡང་གྲུབ་པ་མ་ཡིན་ནོ་སྙམ་དུ་སེམས་པ་ལ། གོམས་ལས་ཞེས་བྱ་བའོ། །དེ་ཡང་ཅི་ལས་ཡིན། འདོད་ཆགས་ལ་སོགས་པ་ནི་ ཕུང་པོ་ཀུན་ཏུ་འཛིན་པའི་ཡིད་ཀྱི་ཆོས་ཏེ། དེ་ལས་གསལ་བ་ཁྱབ་པར་མཐོང་བའི་ཕྱིར་རོ། །གཞན་ལས་བྱུང་བ་ནི་དེ་ལས་ཁྱད་པར་དུ་ངེས་པས་མ་ཡིན་ལ།། འདོད་རྒྱལ་ཉིད་ཀྱང་མ་ཡིན་ནོ། །ཅི་ལས་ཤེ་ན། སྐྱེས་པའི་ཕྱིར་སྐྱེ་བ་སྟེ་འབྲས་བུ་ཡིན་ལ། དེ་དང་འགལ་བའི་ཕྱིར་ནི་མེད་པའི་ཕྱིར་ཏེ། རྒྱུ་མེད་ ན་འབྲས་བུ་འབྱུང་བ་མ་ཡིན་ཏེ། རྟག་ཏུ་མེད་པར་འགྱུར་རོ། །རྒྱུ་མེད་དེ་རྒྱུ་མེད་པའི་ཕྱིར། སྐྱེ་བ་མ་ཡིན་ཏེ། སྐྱེ་བར་འགལ་བའི་ཕྱིར་ནི་མེད་པའི་ཕྱིར་རྟག་ཏུ་ཡོད་པར་འགྱུར་རོ། །འགྲེལ་པ་མཛད་པས་ནི་འཁོར་བ་ཅན་ཉིད་ནི་སྡུག་བསྔལ་དང་འགལ་བ་ཡིན་ཏེ། དེ་ལས་བཟློག་པ་ཁྱབ་པའི་ཕྱིར། ། ཞེས་བསྟན་པ་ནི། གལ་ཏེ་འདོད་ཆགས་ཞེས་བྱ་བའོ། །དེ་ལ་བདེ་བའི་རྣམ་པ་ཉིད་བཞིན་དུ་སྡུག་བསྔལ་གྱི་རྣམ་པ་ཉིད་ཀྱང་ཡོད་པའི་ཕྱིར། འགལ་བ་ཉིད་མ་ཡིན་ལ། མ་ངེས་པ་ཉིད་ཀྱང་མ་ཡིན་ནོ། །དུག་དང་བཅས་པའི་བཟའ་བ་བཞིན་དུ་སྡུག་བསྔལ་དུ་རོ་གཅིག་པ་ཉིད་ཀྱིས་བླང་བྱ་མ་ཡིན་པའི་ ཕྱིར་རོ་ཞེས་བསྟན་པ་ནི། འཁོར་བའི་ལམ་དུ་ཞེས་བྱ་བ་སྟེ། གཞན་དུ་ནི་བདེ་བ་ཉིད་དུའོ། །བདེ་བའི་རྣམ་པ་ཉིད་ནི་དངོས་སུ་བ་མ་ཡིན་ཏེ། ཕུང་པོ་རྣམས་གོམས་པ་ལས་བྱུང་བ་ཉིད་ཀྱི་ཕྱིར་རི་དྭགས་འཆོར་བ་པོ་ལ་སོགས་པ་ལྟ་བུའོ་ཞེས་བྱ་བའི་དོན་ཏོ། །འདོད་ཆགས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ ནི། འདོད་ཆགས་གོམས་པའི་རྒྱུ་ཅན་ཏེ།། །ཞེས་བྱ་བའོ། །ངོ་བོ་ཉིད་དུ་ཞེས་བྱ་བ་ནི་ས་བོན་ལ་སོགས་པ་ལ་ཡང་མྱུ་གུ་ལ་སོགས་པ་བཞིན་དུ་གོམས་པ་ལ་མི་ལྟོས་པར་སྐྱེ་བ་མ་ཡིན་པ་མ་ཡིན་ནམ། དེ་ལྟར་སྐྱེ་བ་ནི་དབང་མེད་པ་ཉིད་ཀྱིས་དོར་བར་མི་ནུས་པ་ཡིན་ལ། འགྲོ་བ་གཞན་ནི་མེད་པའི་ ཕྱིར་བདེ་བར་ཡང་སྲིད་པ་ཡིན་ནོ་ཞེས་བསྟན་པ་ནི། གལ་ཏེ་འདོད་ཆགས་ཞེས་བྱ་བའོ། །བདེ་བ་ཞེས་བྱ་བ་ནི་གོམས་པ་ལས་བྱུང་བ་ཉིད་ཀྱང་གཅིག་ཏུ་བདེ་བ་ཉིད་ཅེས་བྱ་བར་སྦྱར་རོ། །གོམས་པ་ལས་བྱུང་བ་ཉིད་ཀྱི་ཕྱིར་དབང་ཡོད་པ་ཉིད་ཀྱིས་དོར་བར་མི་ནུས་པ་ཡིན་ལ་འགྲོ་བ་གཞན་འདོད་ཆགས་ལ་ སོགས་པ་སྤོང་བར་མི་ནུས་པ་ཉིད་དུ་བསྟན་པ་ནི། གང་གི་ཚེ་དེ་ཉིད་ལས་ཞེས་བྱ་བའོ། །ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་དང་འདྲ་བས་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་སྟེ། འདོད་པ་ཙམ་གྱི་གཞི་ཅན་ཉིད་དུ་མཚུངས་པའི་ཕྱིར་རོ། །མངོན་པར་དགའ་བའི་ངོ་བོ་ནི་ཡིད་ཀྱི་བདེ་བ་ཡིན་གྱི་གཞན་ནི་ མ་ཡིན་ནོ། །དེའི་ཕྱིར་གོམས་པ་ལས་བྱུང་བ་ཡིན་གྱི་དངོས་སུ་མ་ཡིན་པར་བསྟན་པ་ནི། བདེ་བ་ནི་སེམས་མངོན་པར་དགའ་བ་ཞེས་བྱ་བའོ། །གཟིར་པའི་གཉེན་པོ་ཡིན་པའི་ཕྱིར་བདེ་བ་ཡིན་གྱི་རང་གི་ངོ་བོས་ནི་མ་ཡིན་པར་བསྟན་པ་ནི། དེ་ལྟ་ཡིན་དང་ཞེས་བྱ་བའོ། །དེ་ཉིད་དང་ཅིག་ཤོས་ལ་མངོན་པར་ དགའ་བ་ནི་གོམས་པ་ལ་མངོན་པར་དགའ་བས་དངོས་སུ་བ་ཉིད་དུ་ཁྱད་པར་མེད་ན་དེ་ཁོ་ན་ལ་གོམས་པ་ཉིད་མཆོག་ཡིན་ཞེས་བྱ་བ་འདི་ལ་བྱེ་བྲག་ཅི་ཞིག་ཡོད་ཅེས་ཟེར་བ་ལ། གལ་ཏེ་དེ་ནི་འགྱུར་མེད་ན། །ཞེས་བྱ་བ་སྟེ། དེ་ཁོ་ན་ཉིད་ལ་མངོན་པར་དགའ་བ་ནི་འདོར་བ་མ་ཡིན་ཏེ། གནོད་པ་ཅན་མེད་པར་རྟག་ཏུ་ ཡོད་པའི་ཕྱིར་ཡིན་གྱི། ཅིག་ཤོས་ནི་མ་ཡིན་ཏེ། ཡུལ་ལ་གནོད་པས་ལྡོག་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །རྒྱུ་དེ་ཉིད་ཀྱིས་དེ་ཁོ་ན་ཉིད་ནི་འདོད་པ་ལ་གནོད་པ་བྱེད་པར་བསྟན་པ་ནི། ཇི་ལྟར་འདོད་ཆགས་ལ་སོགས་པའི་ཞེས་བྱ་བའོ། །གོམས་པ་ལས་བྱུང་བས་ཐོག་མ་མེད་པའི་ཕྱིར། འདུས་བྱས་ པའི་སྡུག་བསྔལ་ཉིད་ཀྱང་འདོད་ཆགས་ལ་སོགས་པ་ཡིན་པར་བསྟན་པ་ནི། གང་གི་ཕྱིར་ཞེས་བྱ་བ་སྟེ། བདེ་བ་ཉིད་ཅེས་བྱ་བ་ནི་སྡུག་བསྔལ་དོན་དམ་པ་ཉིད་མ་ཡིན་ནོ། །ཐམས་ཅད་ཉིད་ལ་ཞེས་བྱ་བ་ནི་ཡུལ་ལའོ། །བཟློག་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་སྡུག་བསྔལ་འབད་པས་བསྒྲུབ་པར་བྱ་བ་ཡིན་ ལ། བདེ་བ་ནི་དེ་མེད་པས་རང་བཞིན་གྱིས་གྲུབ་པའོ། །དེ་ལ་ཞེས་བྱ་བ་ནི་བདེ་བ་མེད་པ་ལ་སྟེ། འདོད་པ་འགལ་བ་ཉིད་ཀྱིས་སྐྲག་པ་ཡིན་ལ། དེ་གོམས་པ་ནི་རྗེས་སུ་འཇུག་པ་ཡིན་ནོ། །དེས་ན་དེ་མེད་པའི་ཕྱིར་ནི་སྐྲག་པ་གོམས་པ་མེད་པའི་ཕྱིར་རོ། །སྡུག་བསྔལ་དེ་ཉིད་ལའམ་ནི་ མི་འདོད་པ་ལའོ། །དེ་མེད་པའི་ཕྱིར་སྡུག་བསྔལ་ཞེས་བྱ་བ་དེ་ལ། བདེ་བ་ནི་སྡུག་བསྔལ་གྱི་རྒྱུ་ཉིད་འདོར་བའི་ཡན་ལག་ཏུ་བརྗོད་པ་ཉེ་བར་བསྡུ་བ་ནི། དེའི་ཕྱིར་གོམས་པ་ཞེས་བྱ་བའོ། །དཔེ་བསྟན་པ་ནི་བུ་ལ་ཆགས་པ་ལ་ཞེས་བྱ་བ་སྟེ། ཡོད་པའི་བུ་ལ་མངོན་པར་ཆགས་པ་དང་ལྡན་པ་ནི་དེ་མེད་པ་ལས་ སྡུག་བསྔལ་བར་འགྱུར་ཏེ། དེ་ལ་སྐྲག་པ་གོམས་པའི་ཕྱིར་རོ། །དེ་གོམས་པ་མེད་ན་སྡུག་བསྔལ་གྱི་རྒྱུ་བུ་དེ་ཉིད་ལ་བདེ་བ་ཡིན་པར་བསྟན་པ་ནི། བུ་སྐྱེས་ན་ཞེས་བྱ་བ་སྟེ། སྡུག་བསྔལ་གཞོམ་པར་འདོད་པས་བདེ་བ་ཉིད་གཞོམ་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ཡིན་ན་མ་སྤངས་པའི་བདེ་ བ་དང་དེའི་རྒྱུ་ལ་གོམས་པར་བྱ་བ་ཡིན་གྱི་སྡུག་བསྔལ་ནི་མ་ཡིན་ནོ་ཞེ་ན། རྟག་ཏུ་འདོད་པ་དག་དང་ནི། །ཞེས་བྱ་བ་སྟེ། སྡུག་བསྔལ་གྱི་དོན་དུ་ནི་འགྱུར་བའི་སྡུག་བསྔལ་གྱི་དོན་དུའོ། །སྡུག་བསྔལ་བསྐྱེད་ཅེས་བྱ་བ་ནི་སྡུག་བསྔལ་གྱི་སྡུག་བསྔལ་བསྟན་པ་ཡིན་ནོ། །རྟོག་པ་དང་ལྡན་པ་ནི་བསྐྱེད་པར་ བྱ་བའི་བདེ་བས་སྐྱེས་པའི་སྡུག་བསྔལ་བཟློག་པའི་དོན་དུ་མ་ཡིན་ནོ་ཞེས་འདི་ལ་འཇིག་རྟེན་པའི་དཔེ་བསྟེན་པ་ནི་འདམ་རྫབ་ཅེས་བྱ་བའོ། །གང་ཡང་བདེ་བ་ཁོ་ན་སྐྱེས་བུའི་དོན་ཡིན་གྱི་གཞན་ནི་མ་ཡིན་ལ། དེ་ཡང་སྡུག་བསྔལ་དང་སྤེལ་མ་ཁོ་ནར་འཐོབ་པ་ཡིན་ནོ་ཞེས་དགོངས་པ་ཡིན་ནོ། །དེའི་ཕྱིར་ དམྱལ་བ་ལ་སོགས་པའི་སྡུག་བསྔལ་ཡང་དོར་བྱ་མ་ཡིན་ཏེ། བདེ་བ་ཐོབ་པའི་རྒྱུ་ཡིན་པའི་ཕྱིར་རོ། །འོན་ཏེ་བདེ་བ་ཐམས་ཅད་ནི་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཏེ། དམྱལ་བ་བཞིན་དུ་སྡུག་བསྔལ་ལ་ཡང་བདེ་བར་འགྱུར་བ་ནི་བསྙེན་བཀུར་ལ་སོགས་པ་སྡུག་བསྔལ་ཆེན་པོ་ལས་ཞེས་བྱ་ བར་སྦྱར་རོ། །ཡང་ན་འཁོར་བ་པའི་དངོས་པོ་གང་དག་འབྱུང་བ་དང་འཇིག་པ་ལ་ཡང་ཕུང་པོ་སྟེ། སྤུངས་པའི་ངོ་བོ་ཡིན་གྱི་གཅིག་གི་ངོ་བོ་མ་ཡིན་ལ། གཟུགས་ལ་སོགས་པ་ཐ་སྙད་ཀྱི་ཡུལ་ནི་རྡུལ་ཕྲ་རབ་འདུས་པ་ལ་སོགས་པ་ལས་གཞན་མ་ཡིན་པས་ནི་རེ་རེ་ནས་མི་སྣང་བ་ཡིན་གྱི་འདུས་པ་ཡང་མི་སྣང་ བ་ནི་མ་ཡིན་ནོ། །རབ་རིབ་ཅན་གྱི་སྐྲ་ཤད་བཞིན་དུ་རབ་རིབ་ཅན་མ་ཡིན་པས་ནི་རེ་རེར་ཡང་སྣང་བ་ཁོ་ན་ཡིན་ནོ་ཞེ་ན། རྣལ་འབྱོར་པས་ཀྱང་རྡུལ་ཕྲ་རབ་བ་རེ་རེ་ནས་མཐོང་བ་ཡིན་པའི་ཕྱིར་མཚུངས་པ་ཡིན། འོན་ཏེ་བདག་ཅག་ལ་སོགས་པའི་དབང་པོ་ལས་འདས་པ་ཡིན་ནོ་ཞེ་ན། རབ་རིབ་ཅན་གྱིས་སྐྲ་ཤད་རྣམས་ ཀྱང་རེ་རེ་ནི་དབང་པོ་ལས་འདས་པ་ཡིན་ན། འདུས་པ་ལ་ཡང་ཇི་ལྟར་ཕྱིན་ཅི་ལོག་ཡིན། དེའི་ཚེ་ནི་དེ་རྣམས་མ་ཡིན་པ་མ་ཡིན་ནོ། །ཇི་ལྟར་ཡང་དབང་པོ་ལས་འདས་པ་རེ་རེ་ཞིང་རྩོམ་བྱེད་མ་ཡིན་པ་ཡིན་ན། དབང་པོའི་རྫས་རྩོམ་བྱེད་ཇི་ལྟར་ཡིན། དེའི་ཕྱིར་དེ་ཉིད་ཤིན་ཏུ་མི་འཐད་པ་ཆེན་པོ་ཡིན་ནོ། ། འདིས་ནི་ཐག་རིང་པོའི་སྦྲང་བུའི་ཕུང་པོ་ལ་སོགས་པ་འཛིན་པ་ནི་རེ་རེར་འཛིན་པ་མེད་ན་ཇི་ལྟར་ཡིན་ཞེས་བྱ་བར་མཚུངས་པ་ཡིན་ཏེ། རབ་རིབ་ཅན་གྱིས་ཀྱང་སྤྱིའི་ངོ་བོར་སྐྲ་མཐོང་བ་ཡིན་གྱི་བྱེ་བྲག་ཏུ་ནི་མ་ཡིན་ལ། གཞན་ལ་ནི་གཉིས་ཀར་ཡིན་ཞེས་བྱ་བར་མི་རིགས་ཏེ། དེ་ལྟ་ཡིན་ཡང་སྐྲ་ཉག་རེ་རེ་ནི་ ཡུལ་མ་ཡིན་པའི་ཕྱིར་རོ། །འོན་ཏེ་མི་སྣང་བ་ཡང་ཕན་ཚུན་ཉེ་བས་ཕུལ་དུ་བྱུང་བ་སྐྱེད་པར་བྱེད་པས་དེ་ལྟར་སྣང་བ་ཡིན་ནོ་ཞེ་ན། དེ་ལྟ་བུར་ནི་རྡུལ་ཕྲ་རབ་ལ་ཡང་མཚུངས་སོ། །རྟག་པ་ཕུལ་དུ་བྱུང་བ་ཇི་ལྟར་ཡིན་འདི་ཡང་གཏན་ཙམ་ཡིན་ཏེ། གནས་སྐབས་ཐམས་ཅད་པ་མ་ཡིན་པའི་ཕྱིར་རྣམ་པར་འབྱེད་པ་ ཉམས་པའི་ཕྱིར་མི་འཐད་པ་ཡིན་ནོ། །རྡུལ་ཕྲ་རབ་ནི་འཇིག་པ་མ་ཡིན་ཏེ། ཆ་ཤས་མེད་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། སྒྲ་དང་བློ་ལ་སོགས་པ་ཆ་ཤས་མེད་ཀྱང་འཇིག་པའི་ཕྱིར་རོ། །དབྱིབས་དང་ལྡན་པ་ཉིད་ཀྱིས་ཆ་ཤས་ཅན་ཡིན་ན་འགལ་བ་ཅི་ཡོད། །སྟེང་དང་འོག་གི་རྡུལ་ཕྲ་རབ་དག་གི་བར་ ན་ཡོད་པ་ཐོགས་པ་དང་བཅས་པ་ཉིད་ཀྱིས་བར་དུ་གཅོད་པར་བྱེད་པ་དང་འབྲེལ་པ་ཡིན་ན་ཕྱོགས་གཅིག་གིས་འབྲེལ་པར་མི་འགྱུར་བ་ནི་མ་ཡིན་ནོ། །ཆའི་ཤེས་པ་འདི་ནི་གནོད་པ་ཅན་མེད་པའི་ཕྱིར་བཏགས་པ་ཡང་མ་ཡིན་ནོ། །ཆ་ལ་ཡང་ཆ་དང་ལྡན་པ་ཉིད་དུ་གཞག་པ་ནི་ཆ་ཤས་རྣམས་ནི་མཐའ་ ཡས་པའི་ཕྱིར་དངོས་པོ་ཐམས་ཅད་ཀྱི་བོང་ཚོད་དང་ལྕི་བ་ཉིད་དག་གི་དབྱེ་བ་མེད་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། ཞིག་པའི་མཐའི་ཡིན་ན་མཐའ་ཡས་པ་མི་འཐད་དོ། །རས་བལ་ལ་སོགས་པ་ཚིག་པ་ལ་སོགས་པས་ཞིག་ན་ཆ་ཤས་པ་མ་ཡིན་ནོ། །དེ་ཞིག་པ་ལ་ཡང་དེ་ལྟ་བུའི་རིགས་གཞན་ ནི་དེ་ལྟ་བུའི་རིགས་གཞན་ལས་བྱུང་བ་ཡིན་པའི་ཕྱིར་གོང་བུ་མེད་པས་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་ཡུལ་སུན་ཕྱུང་བས་ཆགས་པ་མེད་པ་ཉེ་བར་ལེན་པ་མ་ཡིན་པའི་སེམས་ནི་སྡུག་བསྔལ་མ་ལུས་པ་ལས་གྲོལ་བར་འགྱུར་བ་ཡིན་ནོ། །གོང་བུ་ཡོད་ཀྱང་སྡུག་བསྔལ་གོམས་པ་ དང་འཛིན་པར་བྱེད་པའི་འབད་པས་དབང་པོ་ཡུལ་ལ་སོགས་པས་ཡིད་ཀྱི་བཟུང་བ་ལས་ནི་མ་ཡིན་ནོ། །འཇིག་པའི་རྒྱུ་ཡུལ་སུན་མ་ཕྱུང་ན་ཐེ་ཚོམ་མེད་པར་སྡུག་བསྔལ་གྱི་འདུ་ཤེས་གོམས་པའམ་འཛིན་པ་ཡང་ཡིད་ནི་དཀའ་བ་བྱེད་པ་ཡིན་ནོ། །རིལ་པོར་འཛིན་པ་ནི་འདོད་ཆགས་ཀྱི་རྒྱུ་མ་ཡིན་ཏེ། ནམ་མཁའ་དང་རྩྭ་དང་རྡོ་བ་ལ་སོགས་པ་ལ་མ་མཐོང་བའི་ཕྱིར་རོ། །དགོས་པ་གང་གི་དབང་གིས་དུམ་བུར་བྱས་པ་ཞེས་བྱ་བ་ལ་སོགས་པར་ཅིས་མི་འགྱུར། དེའི་ཚེ་འདོད་པ་ཅན་མེད་དོ་ཞེ་ན། དེ་ལྟ་ཡིན་ན་གོང་བུར་བྱེ་བྲག་ཏུ་འཛིན་པ་ཁོ་ན་རྒྱུ་ཡིན་ནོ། །རྟོག་པ་མ་ཡིན་པའི་ཡུལ་ནི་རྒྱུ་མ་ཡིན་ནོ་ཞེ་ན། བུད་མེད་ དང་སྐྱེས་པ་འདིས་ཞེས་བྱ་བ་ནི་རྣམ་རྟོག་ཡིན་ལ། དེ་ཡང་རིལ་པོར་འཛིན་པ་ཁོ་ན་ཡིན་ནོ། །འདིས་ནི་བཟང་པོ་ལ་སོགས་པར་འཛིན་པར་བཤད་པ་ཡིན་ལ། ཆགས་པར་བྱ་བ་ལ་སོགས་པའི་རྣམ་རྟོག་གི་བག་ཆགས་ཀྱང་རིལ་པོར་འཛིན་པའི་བྱེ་བྲག་གི་བག་ཆགས་ཡིན་ནོ། །སྡུག་བསྔལ་ གྱི་རྣམ་པར་རྟོག་པ་ལ་བདེ་བར་མངོན་པར་འདོད་པ་སྡུག་བསྔལ་གོམས་པ་ཡིན་པར་བསྟན་པ་ཞེས་བྱ་བར་ཡང་མི་རིགས་སོ། །བྱ་བ་ལ་སྦྱོར་བཞིན་པའི་འདོད་ཆགས་ཅན་ནི་བསྙེན་བཀུར་དང་འདོད་པ་ལ་སོགས་པའི་སྡུག་བསྔལ་ཁོ་ནར་རིག་པ་ཡིན་ཡང་བདེ་བའི་རྒྱུ་ཉིད་དུ་ལེན་པ་ཡིན་ལ། དེ་ལ་ཉེ་བར་སྟོན་ པར་བྱེད་ན་དེས་བསམས་པའི་བདེ་བ་ལ་སྡུག་བསྔལ་དུ་སྟོན་པར་བྱེད་པ་ཡིན་ཏེ། གཞན་དུ་ན་མི་མཐུན་པའི་ཕྱིར་ལ། དེ་ལྟ་ཡིན་ན་ནི་དེ་མ་ཡིན་པ་ལ་དེ་འདི་ཞེས་ཉེ་བར་བསྟན་པ་ཡང་བརྫུན་པར་འགྱུར་རོ། །བརྫུན་ནི་མའི་མིང་བཞིན་དུ་ཡུལ་སུན་ཕྱུང་བས་བྱང་གྲོལ་དང་རྗེས་སུ་མཐུན་པ་ཡིན་པའི་ཕྱིར་གཞན་ནི་ མ་ཡིན་ནོ། །དེ་ལྟ་ཡིན་ན་དེ་སུན་ཕྱུང་བ་འདྲ་བའི་ཡོན་ཏན་ནི་བྱང་གྲོལ་དུ་རིགས་པས་སམ། གཞན་དུ་ཡང་རྗེས་སུ་གནང་བར་བྱ་བ་ཡིན་གྱི་གཞན་ནི་དེས་བྱེད་པ་ཙམ་གྱིས་གསལ་བར་བྱ་བ་མ་ཡིན་ནོ། །དེའི་ཕྱིར་ཕུང་པོ་ཙམ་འདི་ནི་འཁོར་བ་ཅན་ཡིན་ལ། དེས་ན་སྡུག་བསྔལ་ལོ་ཞེས་བསྒོམ་པ་བསྟན་པ་ནི། ལེགས་པ་ཡིན་ ཏེ། འཁོར་བའི་རྩ་བ་ནས་འདོན་པ་ཡིན་པའི་ཕྱིར། ཕ་རོལ་པོའི་ནི་མ་ཡིན་ནོ། །དེའི་ཕྱིར་ཡན་ལག་དང་ཡན་ལག་ཅན་དང་། ཡོན་ཏན་དང་ཡོན་ཏན་ཅན་དང་། སྐད་ཅིག་མ་དྲུག་གནས་པ་དང་། རྟག་པ་དང་། སྤྱི་དང་། ཁྱད་པར་དང་། འདུ་བ་ལ་སོགས་པ་དགོས་པ་མེད་པ་ཅན་དམ་པ་མ་ཡིན་ པའི་རྟོགས་པས་སྦྱར་བའི་འཁྲུགས་པ་ནི་ཅི་ནས་ཀྱང་རྗེས་སུ་གནང་བ་ཐོབ་པ་མ་ཡིན་ནོ། །གཉིད་ལོག་པ་ན་འདི་ཡང་འདི་མཐོང་ངོ་ཞེས་སྤྱད་པ་ན་མཚམས་སྦྱོར་བར་བྱེད་པ་མ་ཡིན་ནམ། འདི་ནི་བདག་མེད་པ་ཅན་གྱི་ཕུང་པོ་རྣམས་ལ་འཐད་པ་མ་ཡིན་ནོ། །དེའི་ཕྱིར་གཉིད་དང་སད་པའི་དུས་ཀྱི་རྗེས་ སུ་འཇུག་པ་ཡིན་པར་རྟོགས་པ་ཡིན་ནོ། །དེ་ཡང་སྒྲུབ་བྱེད་ཀྱི་ཤེས་པས་རྟོགས་པར་བྱེད་པ་མ་ཡིན་ནམ། མཚམས་སྦྱོར་བའི་ཤེས་པ་རྣམས་ཀྱང་སྔ་མའི་ཤེས་པའི་བག་ཆགས་ནི་ཤེས་པ་ཕྱི་མ་ལ་མཚམས་སྦྱོར་བར་བྱེད་པ་ཡིན་ནོ། །བསྡུས་པ་ཅན་མལ་ཆ་ལ་སོགས་པ་ནི་གཞན་གྱི་དོན་མཐོང་བར་ བྱེད་པ་ཡིན་ལ། ལུས་དང་དབང་པོ་ལ་སོགས་པ་ཡང་འདུས་པ་ཅན་ཡིན་པའི་ཕྱིར། གཞན་གྱི་དོན་བྱེད་པ་ཡིན་ན་འདུས་པ་ཅན་མ་ཡིན་པར་འགྱུར་ཏེ། འདུས་པ་ཅན་ཉིད་ཡིན་ན་དེ་ཡང་གཞན་གྱི་དོན་བྱེད་པ་ཉིད་ཡིན་པའི་ཕྱིར་ཐུག་པ་མེད་པ་ཡིན་ཞིང་སྒྲུབ་བྱེད་མ་ཡིན་པར་འགྱུར་བའི་ཕྱིར་འདུས་པ་ ཅན་མ་ཡིན་པ་ནི་བདག་ཡིན་ཏེ་རྣམ་པར་དབྱེ་བ་མེད་པའི་ཕྱིར། འཇིག་པ་མ་ཡིན་པ་དང་ཆགས་པ་ལ་ཡུལ་ཡིན་པའི་དོར་བྱ་མ་ཡིན་ཏེ། དོན་དམ་པ་ལས་བདེ་བ་ཁོ་ན་ཡིན་ནོ་སྙམ་དུ་སེམས་པ་ལ་བདེ་བ་ཡང་དེ་ལས་བཟློག་པས་ཞེས་བྱ་བ་སྟེ། འདུ་བྱེད་པ་དང་ལྡན་པ་ནི་ཤེས་པ་སྔ་མ་དྲན་པ་ཁོ་ན་ཡིན་ན། ཇི་ལྟར་མཚམས་སྦྱོར་བར་བྱེད་པ་མ་ཡིན། ཤེས་པ་སྔ་མའི་འདུ་བྱེད་པ་དང་ལྡན་པ་ཁོ་ན་ལས་ཤེས་པ་ཕྱི་མ་ཞེས་མཚམས་སྦྱོར་བར་བྱེད་པ་ནི་མ་ཡིན་ཏེ། དེ་ཉིད་དེའི་ངོ་བོ་ཉིད་དུ་ཐལ་བའི་ཕྱིར་རོ། །ཕྱི་མ་དེ་ཉིད་དུ་འདུ་བྱེད་པ་དང་ལྡན་པའི་ཕྱིར་མཚམས་སྦྱོར་བའི་རྒྱུ་མཚན་ཡིན་ན། ད་ལྟར་དེའི་རྒྱུ་མཚན་ གཞན་གྱིས་ཅི་ཞིག་བྱ། འདུས་པ་ཅན་རྣམ་པར་གཞག་པ་མ་ཡིན་ན་ཇི་ལྟར་འདུས་པ་ཅན་ཡིན་ཞེས་དེ་ཡང་རྟོག་པ་ཙམ་ཡིན་ཏེ། གང་གི་ཕྱིར་འབྲས་བུ་ལ་རྒྱུ་འབྲས་བུ་མ་ཡིན་པ་ཉིད་དུ་རྟོགས་པ་མ་ཡིན་ལ། དེ་ཡང་འབྲས་བུ་ཉིད་ཀྱིས་རྒྱུ་གཞན་དུ་རྟོགས་པ་ཡིན་ན་ཡང་ཐུག་པ་མེད་པའི་སྐྱོན་ མ་ཡིན་ཞིང་། བདག་གོ་ཞེས་བྱ་བ་ནི་ལུས་དང་དབང་པོ་དང་བློའི་རིག་པ་ལས་ཐ་དད་པ་ཡང་མ་ཡིན། བསྟན་བཅོས་ལ་མི་རྟེན་པའི་འཇིག་རྟེན་པའི་ངེས་པའི་ཡུལ་ཡང་མ་ཡིན་ནོ། །དེའི་ཕྱིར་འདི་ནི་ལུས་དང་དབང་པོ་ལ་སོགས་པའི་འདུས་པ་ལ་བདག་གོ་ཞེས་གོམས་པའི་ཕྱིར་ ངེས་པར་བྱེད་ལ། འདུས་པ་མ་ཡིན་པ་གཞན་དམིགས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་མ་ལུས་པ་ལ་ཁྱབ་པར་བྱེད་པ་ལ་དོན་དམ་པའི་བདག་ལ་སོགས་པ་དམིགས་པ་མེད་བཞིན་པ་ནི་དེའི་རྟོགས་པས་བདག་ཉིད་ཇི་ལྟར་འཁྲུགས་པར་བྱེད་པར་འགྱུར། རླུང་ལ་སོགས་པའི་སྐྱོན་ལས་བྱུང་བའི་རྨོངས་ པ་ལ་སོགས་པ་རྣམས་ཁོ་ན་གོམས་པ་ལས་གསལ་བ་ཙམ་ཡིན་གྱི་རང་གི་ངོ་བོ་ནི་མ་ཡིན་པ་མ་ཡིན་ནམ། རླུང་ལ་སོགས་པ་མེད་ན་བོང་བ་ལ་སོགས་པ་ལ་རྨོངས་པ་ལ་སོགས་པ་རྣམས་མ་ཡིན་ནོ་སྙམ་དུ་སེམས་པ་ནི། འོན་ཏེ་ཡང་འདོད་ཆགས་ལ་སོགས་པ་གོམས་པ་ལས་སྐྱེས་པ་ཞེས་བྱ་བའོ། །ལུས་དང་ བདག་ཡོངས་སུ་གྱུར་པ་རྣམས་སམ། གཞན་རྣམས་ཀྱིའམ། འབྱུང་བ་རྣམས་ཀྱི་ནི་འདོད་ཆགས་ལ་སོགས་པ་རྣམས་ཡོན་ཏན་མ་ཡིན་པར་བསྟན་ཟིན་ནས། ད་ནི་རླུང་དང་མཁྲིས་པ་དང་བད་ཀན་གྱི་བདག་ཉིད་ཀྱི་ཁྱད་པར་ཡོངས་སུ་གྱུར་པའི་ལུས་ཀྱི་རང་བཞིན་འདོད་ཆགས་ལ་སོགས་པའི་རྒྱུ་རྣམ་པ་གཞན་གྱིས་ བཀག་པ་ཡིན་པའི་ཕྱིར་ཟློས་པ་མ་ཡིན་ནོ། །དུས་མིན་སྐྲ་དཀར་ཤེ་སེར་དང་། །བློ་གསལ་རྡུལ་མང་བློ་འཁྲུག་དང་། །རྨི་ལམ་དུ་ནི་འོད་འབར་མཐོང་། །མཁྲིས་པའི་རང་བཞིན་ཅན་གྱི་མིའོ། །ཞེས་མཁྲིས་པའི་རང་བཞིན་ཞེ་སྡང་ཡིན་པ་ནི་འཁྲུལ་པ་ཡིན་པ་སྟེ། རླུང་ལ་སོགས་པའི་རང་བཞིན་ཅན་ལ་ཡང་ཡོད་པའི་ཕྱིར་ རོ་ཞེས་ལྡོག་པ་མེད་པར་བསྟན་པ་ནི། འཁྲུལ་ཕྱིར་ཞེས་བྱ་བའོ། །འབྲས་བུ་མཐོང་བ་ལས་རླུང་གི་རང་བཞིན་ཅན་ལ་མཁྲིས་པའི་རང་བཞིན་ཡང་ཡོད་པའི་ཕྱིར་འཁྲུལ་པ་མ་ཡིན་སྙམ་དུ་སེམས་པ་ནི་རང་བཞིན་འདྲེས་པ་ཞེས་བྱ་བའོ། །མཁྲིས་པ་ནི་ངོ་བོ་གང་ཁོ་ནས་ཞེ་སྡང་སྐྱེད་པར་བྱེད་པ་དེ་ཁོ་ནས་དུས་མ་ཡིན་པའི་སྐྲ་ དཀར་ལ་སོགས་པའི་ཆོས་ཀྱང་སྐྱེད་པར་བྱེད་པའི་ཕྱིར་ཚོགས་པ་གཅིག་ལས་བྱུང་བའི་གཟུགས་ལ་རོ་བཞིན་དུ་དེ་ཡང་འགྱུར་བ་ཞིག་ན། མི་འགྱུར་ཏེ། འབྲས་བུ་མེད་པ་ལས་ཀྱང་མཁྲིས་པའི་རང་བཞིན་ནི་ཞེ་སྡང་གི་ཚོགས་པ་མ་ཡིན་པར་གོ་བ་ཡིན་པར་བསྟན་པ་ནི། དེ་ལས་གཞན་ཡང་ཞེས་བྱ་བའོ། །དེ་ནི་ཞེས་ བྱ་བ་ནི་འབྲས་བུའོ། །དེ་ལ་ནི་རྒྱུ་ལའོ། །འཁྲུལ་པ་ཞེས་བྱ་བ་ནི་རླུང་ལ་སོགས་པའི་ཆོས་མ་ཡིན་པའོ། །ཐལ་འགྱུར་ལས་ལྡོག་པར་བསྟན་པ་ནི། དེའི་འབྲས་བུ་མེད་ན་ཞི། །ཞེས་བྱ་བ་སྟེ། རྒྱུ་ཞེས་བྱ་བ་ནི་ཚོགས་པའིའོ། །གཞན་ཞེས་བྱ་བ་ནི་དུས་མ་ཡིན་པའི་སྐྲ་དཀར་ལ་སོགས་པའོ། །འདིར་ཞེས་བྱ་བ་ ནི་ཞེ་སྡང་ལས་དཔག་པའི་མཁྲིས་པ་ལའོ། །བདེན་ཏེ་འབྲས་བུས་དུས་མ་ཡིན་པའི་སྐྲ་དཀར་ལ་སོགས་པ་མེད་པའི་ཕྱིར་མཁྲིས་པའི་རང་བཞིན་མེད་པ་ཡིན་ནོ། །དེ་ལ་ཞེ་སྡང་ནི་དེ་མེད་ཀྱང་འབྱུང་བ་འཁྲུལ་པ་ཅན་ཡིན་པར་བསྟན་པ་ལ། གལ་ཏེ་འབྲས་བུ་དེ་ཞེས་བྱ་བ་ནི་ཞེ་སྡང་ངོ་། །ཇི་ལྟར་འབྲས་བུ་ལས་ ཞེས་བྱ་བ་ནི་དེ་བཞིན་དུ་བརྟགས་པའི་རྒྱུ་ཚོགས་པ་ཉིད་ནི་འབྲས་བུ་མ་རྟོགས་པར་བསྟན་པ་ནི། དེ་བཞིན་དུ་འབྲས་བུས་ཡང་རྒྱུ་ནུས་པ་ཐོགས་པ་མེད་པ་ཞེས་བྱ་བའོ། །འབྲས་བུ་ལས་བད་ཀན་གྱི་རང་བཞིན་ཅན་དུ་དཔག་པ་ལས་འབྲས་བུ་ཞེ་སྡང་མཐོང་བའི་ཕྱིར། མཁྲིས་པ་ནི་རང་བཞིན་གཞན་དུ་བརྟག་ པར་མི་ནུས་ཏེ། ཐལ་ཆེས་པའི་ཕྱིར་རོ་ཞེས་བསྟན་པ་ནི། གལ་ཏེ་མཐོང་བའི་རྒྱུ་སྤངས་ནས། །ཞེས་བྱ་བའོ། །རླུང་ལ་སོགས་པ་རྣམས་ཀྱང་ཇི་ལྟར་ཡོད་པ་བཞིན་དུ་འདོད་ཆགས་ལ་སོགས་པའི་རྒྱུ་མ་ཡིན་ནོ། །ཡིན་ན་ནི་གང་ཁོ་ནའི་ཚེ་འདོད་ཆགས་ཡིན་པ་དེ་ཁོ་ནའི་ཚེ་ཞེ་སྡང་ལ་སོགས་པ་རྣམས་སུ་འགྱུར་རོ། ། དེ་བསྟན་པ་ནི། ཐམས་ཅད་འདོད་ཆགས་མཚུངས་པར་ནི། །ཐལ་ཕྱིར་ཀུན་གྱི་ཆོས་མ་ཡིན། །ཞེ་སྡང་ལ་སོགས་པའི་དུས་སུ་ཡང་དུས་མཚུངས་པར་འདོད་ཆགས་མཚུངས་པར་ཐལ་བར་འགྱུར་རོ། །དེ་བཞིན་དུ་ཞེ་སྡང་མཚུངས་པར་ཐལ་བར་འགྱུར་བ་ལ་སོགས་པར་བརྗོད་པར་བྱ་བ་ཡིན་ནོ། །རྒྱུ་ནི་འབྲས་བུ་ སྐྱེད་པར་བྱེད་པ་དེ་ཉིད་གཞན་ཡང་བྱེད་པའི་ཕྱིར་འབྲས་བུ་རྣམས་ལྷན་ཅིག་པར་འགྱུར་བའམ། འདོད་ཆགས་ལ་སོགས་པ་ཡང་མཚུངས་པར་ཐལ་བར་འགྱུར་བ་ཡིན་ཏེ། རྒྱུ་མཚུངས་པའི་ཕྱིར་འདོད་ཆགས་ཅན་དང་། འདོད་ཆགས་ཤས་ཆེ་བ་ལ་སོགས་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འབྱུང་བ་ཙམ་ གྱི་བསྐྱེད་བྱ་ཉིད་ཡིན་པ་ཡང་དྲི་ལ་སོགས་པ་རེག་བྱའི་མཐར་ཐུག་པ་ནི་སའི་ནི་དྲི་དང་རེག་བྱ་དག་གོ། །ཆུའི་ནི་རོ་དང་རེག་བྱ་དག་གོ། །མེའི་ནི་གཟུགས་དང་རེག་བྱ་དག་གོ། །རླུང་གི་ནི་རེག་བྱའོ་ཞེས་བྱ་བར་ངེས་པ་མ་ཡིན་ནམ། དཀར་པོ་དང་སེར་པོ་ལ་སོགས་པའི་ངེས་པ་བཞིན་དུ་འམ། འདོད་ཆགས་ལ་སོགས་ པའི་ངེས་པར་འགྱུར་རོ་སྙམ་དུ་སེམས་པ་ནི། གཟུགས་སོགས་བཞིན་ཞེས་བྱ་བའོ། །འབྱུང་བ་ལ་ཁྱད་པར་མེད་ཀྱང་ཁྱད་པར་དང་ལྡན་པའི་གཟུགས་ལ་སོགས་པ་ནི་ཁྱད་པར་ཅན་གྱི་རྒྱུ་གཞན་དུ་རྟོགས་པར་བྱེད་པར་བསྟན་པ་ནི། དེར་ཡང་བརྩད་པ་མཚུངས་པ་ཡིན། །ཞེས་བྱ་བའོ། །དེ་ ཁས་མི་ལེན་ན་ནི་སྐྱོན་ཡིན་ནོ། །ནུས་མེད་རང་བཞིན་མེད་པས་ན། །ཞེས་བྱ་བ་ནི་འགྲིབ་པ་དང་ཕུལ་དུ་བྱུང་བ་དག་ཀྱང་ཁྱད་པར་དུ་བྱེད་པ་མ་ཡིན་ཏེ། གང་གི་ཕྱིར་ཁྱད་པར་ཐམས་ཅད་ཁོ་ན་ཐམས་ཅད་ལ་འབྱུང་བ་ཡིན་ཞེས་བྱ་བའི་དོན་ཏོ། །ཁྱད་པར་གཞན་ཡོད་པའི་ཕྱིར་ཞེས་བྱ་བ་ནི་སྐྱེས་བུ་རེ་རེ་ལ་རླུང་ལ་སོགས་པའི་རང་བཞིན་ལས་འབྱུང་ བའི་ཁྱད་པར་ཡོད་པའི་ཕྱིར་རོ། །ཐམས་ཅད་ནི་རླུང་ལ་སོགས་པའོ། །རྒྱུ་གང་གི་ཡིན་པའི་ཁྱད་པར་དེ་དེ་ལྟ་བུ་ཡིན་གྱི་སྐྱེས་བུ་ཐམས་ཅད་ཀྱི་ནི་ཐམས་ཅད་ཀྱི་ཆོས་མ་ཡིན་ནོ། །ཐམས་ཅད་འདོད་ཆགས་ལ་སོགས་པ་ཤིན་ཏུ་ཤས་ཆེ་བ་དང་ལྡན་པར་འགྱུར་བ་ཞིག་ན་འགྱུར་བ་ནི་མ་ཡིན་ནོ། །ཇི་ལྟར་ཞེས་བྱ་བ་ནི་འདོད་ ཆགས་སྐྱེད་པར་བྱེད་པའམ། གཞན་ཡང་རུང་བའི་ཁྱད་པར་རོ། །དེ་ལ་ཡང་ཞེས་བྱ་བ་ནི་ཁྱད་པར་འཁྲུལ་པ་ཉིད་ཡིན་ཏེ། འབྲས་བུ་འདོད་ཆགས་ལ་སོགས་པ་ནི་ཞེ་སྡང་ལ་ཡོད་པའོ། །ཡང་དག་པར་ནི་བསྟན་པ་ཡིན། །ཞེས་བྱ་བ་ནི་བཞད་གད་ཡིན་ཏེ། ཡང་དག་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །གཏན་ ཚིགས་གང་ལས་ཞེས་བྱ་བ་ནི་གོ་བྱེད་ལས་སོ། །ཐམས་ཅད་ཀྱི་ཆོས་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་སྟེ། ཐམས་ཅད་ཀྱི་རང་བཞིན་ཡིན་ན་དེ་ལ་ཡོད་པའི་ཁྱད་པར་ཡང་ཐམས་ཅད་ཀྱི་རང་བཞིན་ཁོ་ནར་འགྱུར་ཏེ། འཁྲུལ་པར་མཚུངས་པའི་ཕྱིར་རོ། །གལ་ཏེ་རླུང་ལ་སོགས་པ་གང་ཡང་རུང་རྒྱུ་ཉིད་ཡིན་ཡང་ ཐམས་ཅད་འདོད་ཆགས་ལ་སོགས་པ་ཐམས་ཅད་དང་ལྡན་པ་མ་ཡིན་ཏེ། ཐམས་ཅད་དུ་ངེས་པ་མཐོང་བ་པས་རྗེས་སུ་དཔག་པའི་ངེས་པའི་ཁྱད་པར་ལྷན་ཅིག་བྱེད་པའི་ཕྱིར་རོ་སྙམ་དུ་སེམས་པ་ནི། འོན་ཏེ་འབྲས་བུའི་ཁྱད་པར་གྱིས། །ཞེས་བྱ་བའོ། །དེ་ལྟ་ཡིན་ན་ལྷན་ཅིག་བྱེད་པའི་ཁྱད་པར་དེ་ངེས་པའི་རྒྱུ་གོམས་ པ་ཡིན་ཏེ། དེའི་དབྱེ་བས་འདོད་ཆགས་ལ་སོགས་པའི་དབྱེ་བ་མཐོང་བའི་ཕྱིར། རྟོག་པ་གཞན་ཡིན་ན་དུ་བ་ཡང་མེའི་རྒྱུ་ཅན་དུ་མི་འགྲུབ་པར་བསྟན་པ་ནི། མེ་མ་མཐོང་བའི་དུ་བ་གང་ཞེས་བྱ་བའོ། །མེ་དང་ལྡན་པའི་ཡུལ་ནི་མེའི་ཡུལ་ཏེ་དེ་ལའོ། །གཞན་ལས་ཞེས་བྱ་བ་ནི་མེ་དང་བྲལ་བའོ། །རྒྱུའི་ཁྱད་པར་ གྱིས་ཁྱད་པར་དུ་བྱེད་པ་ཉིད་ཀྱིས་འབྲས་བུ་ཉིད་ལ་ཁྱབ་པར་བྱེད་པ་ཡིན་ནོ། །བད་ཀན་གྱི་ཁྱད་པར་ལ་ཡང་ཁྱད་པར་ཅན་དུ་མི་འགྱུར་བའི་འདོད་ཆགས་ནི་ཁྱད་པར་བྱེད་པ་མེད་པའི་ཕྱིར་མི་འགྱུར་བར་བསྟན་པ་ནི། ཁྱད་པར་དང་བྲལ་བས་ཞེས་བྱ་བའོ། །མཁྲིས་པའི་ཁྱད་པར་ཡིན་ན་ཞེ་སྡང་གི་ཁྱད་པར་མཐོང་བའི་ ཕྱིར། ཁྱབ་པར་བྱེད་པ་མེད་པར་མ་གྲུབ་པ་ཡིན་ཞེས་ཟེར་བ་ནི། མ་གྲུབ་པ་ཉིད་ཅེས་བྱ་བའོ། །མ་ཡིན་ཞེས་བྱ་བ་ནི་མ་གྲུབ་པ་ཉིད་དགག་པའོ། །ཅི་ལས་ཤེ་ན། འགྱུར་བ་ཡིས་ཞེས་བྱ་བ་ནི་ཁྱད་པར་གྱིས་སོ། །ཐམས་ཅད་ནི་རླུང་ལ་སོགས་པ་རྣམས་ཀྱིའོ། །འགྱུར་བ་ཡིས་ཞེས་བྱ་བ་ནི་ཞེ་སྡང་གི་ ཞེས་བྱ་བར་སྦྱར་རོ། །ཐམས་ཅད་ཀྱི་འགྱུར་བས་འགྱུར་བ་ཅན་ནི་གང་ཁོ་ནའི་ཡང་མ་ཡིན་ནོ། །ཐམས་ཅད་ཀྱི་འབྲས་བུ་ཉིད་ཀྱང་ཀུན་གྱི་ཆོས་མ་ཡིན་ཞེས་བྱ་བར་བཀག་པར་བསྟན་པ་ནི། ཀུན་ལས་སྐྱེ་བའང་ཞེས་བསྟན་པའོ། །གལ་ཏེ་ཡང་རྒྱུ་ལ་ཁྱད་པར་ཡོད་ཀྱང་འབྲས་བུ་ཁྱད་པར་ཅན་དུ་མི་འགྱུར་ཏེ། དེ་ལྟ་ན་ཡང་རང་གི་ངོ་བོས་འགྲུབ་སྟེ། འདི་མེད་པར་མི་འཐད་པ་ཁོ་ན་ཡིན་པར་བསྟན་པ་ནི། རྒྱུ་ནི་ཞེས་བྱ་བ་སྟེ། སླར་ཡང་འཕེལ་བ་ཁོ་ནས་མཁྲིས་པ་འཕེལ་བ་ལ་ཚ་བ་ལ་སོགས་པ་འཕེལ་བ་ལྟ་བུའོ་ཞེས་བསྟན་པ་ནི་ཚ་བ་ལ་སོགས་པ་བཞིན་ཞེས་བསྟན་པའོ། །བཅུད་ཀྱིས་ལེན་པ་ལ་སོགས་པས་ཆགས་ པ་འཕེལ་བ་ལ་དགོས་པ་དག་གིས་བད་ཀན་འཕེལ་ན་འདོད་ཆགས་འཕེལ་བ་མ་ཡིན་ནམ། དེའི་ཚེ་བདེ་བའི་ཁྱད་པར་འབྱུང་བས་རང་གི་བག་ཆགས་ཡོངས་སུ་སྨིན་པ་ལས་བྱུང་བ་ཡིན་པར་བསྟན་པ་ནི། ཆགས་སོགས་ཞེས་བྱ་བའོ། །རྒྱུ་གཞན་ཡོད་ན་ཡང་ཞེས་བྱ་བ་ནི་བད་ཀན་ཡོད་ན་ཡང་ངོ་། །འབྲས་ པུ་གཞན་ནི་ཞེ་སྡང་མཐོང་བ་ཡིན་ལ། དེ་ནི་ཞེས་བྱ་བ་ནི་འབྲས་བུ་གཞན་ཏེ། མ་མཐོང་བའི་ཁྱད་པར་ནི་རྒྱུ་ལ་ཡོད་པའོ། །ཁྱད་པར་གཞན་ནི་དེར་ཞེས་བྱ་བ་སྟེ། རྒྱུ་ལའོ། །དེའི་འབྲས་བུ་གཞན་ཞེས་བྱ་བ་དང་སྦྱར་རོ། །ཇི་ལྟར་འདོད་ཆགས་ཀྱི་རང་བཞིན་ལས་ཞེ་སྡང་གི་རྒྱུ་གཞན་དང་ལྡན་པ་ཡིན་པའི་ ཕྱིར། ཁྱད་པར་གཞན་དུ་རྟོགས་པ་དེ་བཞིན་དུ་འདོད་ཆགས་ཀྱི་ཁྱད་པར་ཡང་དེ་ལས་གཞན་པའི་ཁྱད་པར་གྱི་རྒྱུ་ཅན་ཡིན་སྙམ་དུ་སེམས་པ་ནི། དེར་ཡང་དེ་ལས་གཞན་པའི་ཞེས་བྱ་བའོ། །ཁྱད་པར་དེ་ཞེས་བྱ་བ་ནི་འདོད་ཆགས་ཀྱི་རང་བཞིན་ལ་ཡོད་པའོ། །སྣང་བ་ཞེས་བྱ་བ་ནི་སྣང་བའི་ཁྱད་པར་གྱི་བསྐྱེད་ བྱའོ། །མ་མཐོང་བའི་ཁྱད་པར་རྒྱུ་གང་གིས་ཡིན་པ་དེའི་མ་མཐོང་བའི་ཁྱད་པར་ཉིད་དོ། །ཐལ་འགྱུར་དང་དེ་ལས་བཟློག་པ་དག་བདེ་བའི་ཁྱད་པར་ལས་ཞེས་བྱ་བའོ། །འདོད་ཆགས་ཀྱི་རང་བཞིན་གྱི་ཁྱད་པར་ཡིན་ན་འདོད་ཆགས་ཀྱི་ཁྱད་པར་ལ་ཁྱད་པར་གཞན་མེད་པའི་ཕྱིར་རོ། ། མ་ཡིན་དུ་ཟིན་ཀྱང་རང་གི་ངོ་བོ་ཇི་ལྟར་མི་འགྱུར། གལ་ཏེ་ཁྱད་པར་ཞེས་བྱ་བའོ། །འགྲིབ་པ་ཞེས་བྱ་བ་ནི་མེད་པའོ། །གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པས་ཐུན་མོང་གི་རིགས་པས་བསྟན་པ་ཡིན་ནོ། །དེ་ལྟར་རྒྱུ་ནི་འཕེལ་བར་གྱུར་པ་ན་ཞེས་བྱ་བ་དང་། སྐྱོན་རྣམས་ཡོད་ན་ཡང་ཞེས་བྱ་བ་འདིས་ཟློས་པ་མ་ཡིན་ ཞིང་། རྣམ་པར་འགྲེལ་པ་ཉིད་ཀྱང་མ་ཡིན་ཞེས་བྱ་བའི་དོན་ཏོ། །བད་ཀན་གྱི་ཁྱད་པར་ཡིན་ཡང་ཁྱད་པར་མེད་པ་ལས་སམ། མེད་པ་ལས་རྒྱུ་འདོད་ཆགས་ཀྱི་འབྲས་བུ་ཉིད་མ་ཡིན་ཏེ། ཁྱབ་པར་བྱེད་པ་མེད་པའི་ཕྱིར་མི་རིགས་ཏེ། ཁམས་མཉམ་པ་ལས་བྱུང་བ་བདེ་བ་ལྷན་ཅིག་བྱེད་པ་ནི་རྒྱུ་ཉིད་དུ་ཁས་བླངས་པའི་ ཕྱིར་རོ། །དེ་དང་ལྷན་ཅིག་པའི་བད་ཀན་ནི་འདོད་ཆགས་ལ་འཁྲུལ་པ་མ་ཡིན་ནོ་སྙམ་དུ་སེམས་པ་ནི། གལ་ཏེ་བད་ཀན་འཕེལ་ན་ཞེས་བྱ་བའོ། །གཞན་གྱིས་གེགས་བྱས་ནས་ཞེས་བྱ་བ་ནི། ལྷན་ཅིག་བྱེད་པ་མ་ཚང་ནའོ། །ཆ་མཉམ་ལས་ཞེས་བྱ་བ་ནི་མཉམ་པ་ལས་བྱུང་བའི་ལྷན་ཅིག་པའི་བདེ་བ་ལས་སོ། །བདེ་ བ་ཡང་རང་སྐྱེས་པ་ཙམ་གྱིས་སྐྱེད་བྱེད་མ་ཡིན་གྱི། འོན་ཀྱང་ཁུ་བ་འཕེལ་བའི་རིམ་གྱིས་ཡིན་པར་བསྟན་པ་ནི། ཁུ་བ་འཕེལ་ཞེས་བྱ་བ་སྟེ། དེ་ལས་ནི་འདོད་ཆགས་སོ། །ཁྱད་པར་ཡོད་ན་ཡང་ཞེས་བྱ་བས་བད་ཀན་ནི་འདོད་ཆགས་ལ་འཁྲུལ་པར་བསྟན་ནས། ཐུན་མོང་བ་བརྗོད་པ་ནི། ཆ་མི་མཉམ་པ་ལའང་ ཞེས་བྱ་བ་སྟེ། དེ་མེད་ཀྱང་ཡོད་པ་ཡིན་ནོ། །གཞན་ནི་ཞེས་བྱ་བ་ནི་ཡོན་ནའང་མེད་པའོ། །གཞན་ནི་མི་གཙང་བ་བསྒོམ་པ་ལ་མངོན་པར་དགའ་བའོ། །ཟད་ནས་ཞེས་བྱ་བ་ནི་ཞུ་བའོ། །དེ་མེད་ཀྱང་ཡོད་པའི་ཕྱིར་ལྡོག་པ་མེད་པ་ཡིན་ནོ། །རྗེས་སུ་འགྲོ་བ་མེད་པར་བསྟན་པར་འདོད་ནས་རང་གི་ངོ་བོ་བསྟན་པ་ནི། བུད་མེད་ གཅིག་ལ་ཞེས་བྱ་བའོ། །དེ་མེད་པ་བསྟན་པ་ནི། དེ་གཅིག་ལ་ཞེས་བྱ་བའོ། །ཁུ་བ་འབའ་ཞིག་རྒྱུ་མ་ཡིན་ཏེ། གང་གིས་ཐམས་ཅད་དུ་འདོད་ཆགས་ཡིན་པའི་ཕྱིར་རྗེས་སུ་འགྲོ་བར་འགྱུར་རོ། །འོན་ཀྱང་གཟུགས་དང་སྤྱོད་ཚུལ་ལ་སོགས་པའི་ལྷན་ཅིག་བྱེད་པ་ཡིན་ལ། བུད་མེད་གཅིག་ལ་རྗེས་སུ་འགྲོ་བ་ ངེས་པ་ཁོ་ན་མ་ཡིན་ནོ་སྙམ་དུ་སེམས་པ་ནི། གལ་ཏེ་གཟུགས་སོགས་ཀྱང་ཡན་ལག །ཅེས་བྱ་བའོ། །ངེས་པ་མེད་པར་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ཡང་འདོད་ཆགས་ལ་འཁྲུལ་པ་ཡིན་པའི་ཕྱིར་རྗེས་སུ་འགྲོ་བ་མེད་པ་ཡིན་ནོ། །གཟུགས་ལ་སོགས་པ་མེད་ཀྱང་ཁུ་བ་ཡོད་ན་ཡོད་པའི་ཕྱིར་ལྡོག་པ་ མེད་པར་བསྟན་པ་ནི། ངེས་པ་མེད་པར་འབྱུང་བའང་མིན། །ཞེས་བྱ་བའོ། །གཟུགས་ལ་སོགས་པའི་ལྷན་ཅིག་བྱེད་པའི་ཁུ་བ་ནི་འདོད་ཆགས་ལ་སོགས་པ་མེད་པར་བསྟན་པས་རྗེས་སུ་འགྲོ་བ་ལ་སོགས་པ་མེད་པ་ཁོ་ནར་བསྟན་པར་བྱེད་པ་ནི། ཡོན་ཏན་མ་བཟུང་ཞེས་བྱ་བ་སྟེ། མི་གཙང་བ་བསྒོམ་པ་ ལ་སོགས་པས་མི་གཙང་བ་ལ་སོགས་པར་འཛིན་པ་ཡིན་ནོ། །གཟུགས་ལ་སོགས་པ་ཙམ་འཛིན་པ་ནི་ལྷན་ཅིག་བྱེད་པ་མ་ཡིན་ཏེ། འོན་ཀྱང་གཙང་བ་ལ་སོགས་པར་འཛིན་པ་ཡིན་པར་བསྟན་པ་ནི། དེའང་ཡན་ལག་ཡིན་ན་ཞེས་བྱ་བའོ། །ཡོན་ཏན་འཛིན་པ་ནི་མི་གཙང་བ་ལ་སོགས་པ་བསྒོམ་པ་མེད་ པའི་ཕྱིར་བག་ཆགས་གཞན་ཡོད་པ་ཡིན་ནོ། །དེ་ཉིད་རེ་ཞིག་ཡོན་ཏན་འཛིན་པའི་ལྷན་ཅིག་བྱེད་པ་ཅི་ལས་ཡིན་ཞེ་ན། གཟུགས་ལ་སོགས་པའི་ལྷན་ཅིག་བྱེད་པ་ཐམས་ཅད་ནི་མི་གཙང་བ་བསྒོམ་པ་ལྡན་པ་ཡང་ཅིག་ཤོས་བཞིན་དུ་དེ་དང་ལྡན་པར་འགྱུར་བའི་ཕྱིར་དེ་ཡང་འདོད་ཆགས་ཅན་དུ་འགྱུར་རོ། །ཅི་ལས་ ཡིན་ཞེ་ན། རྒྱུ་ལས་ཏེ་འདོད་ཆགས་ཀྱི་རྒྱུ་མི་གཙང་བར་མཐོང་བ་ལས་བཟློག་པ་བཞིན་དུ་ཁྱད་པར་མེད་པ་ལས་སོ། །སོ་སོར་ངེས་པའི་རང་གི་རྒྱུ་ལས་བྱུང་བའི་ཡོན་ཏན་འཛིན་པའི་བག་ཆགས་ནི་འཇིག་རྟེན་ཕ་རོལ་འགྲུབ་པའི་འཇིགས་པས་ཁས་མི་ལེན་པའི་ཕྱིར་རོ། །འདིས་ཡོན་ཏན་མི་འཛིན་པ་ཡང་ཡོན་ ཏན་འཛིན་པར་འགྱུར་རོ་ཞེས་བྱ་བའི་ཐལ་འགྱུར་འདི་ཉིད་བསྟན་པར་བྱས་ནས། ད་ནི་གྲང་བ་དང་དྲོ་བའི་རེག་པ་བཞིན་དུ་འགལ་བ་དག་ནི་འདོད་ཆགས་དང་ཞེ་སྡང་དག་གམ། བདེ་བ་དང་སྡུག་བསྔལ་དག་ལ་མཚུངས་པའི་ཚོགས་པའི་བསྐྱེད་བྱ་ཉིད་དུ་མི་རིགས་པས་བད་ཀན་གྱི་རང་བཞིན་ལ་འདོད་ཆགས་ ཡིན་པ་བཞིན་དུ་ཞེ་སྡང་ཡང་ཡིན་པར་བསྟན་པ་ནི། གནས་སྐབས་གང་ཞེས་བྱ་བའོ། །འབྲས་བུ་བཞིན་དུ་དེའི་རང་བཞིན་དག་ཀྱང་འགལ་བ་ཁོ་ན་ཡིན་ལ་འགལ་བ་མ་ཡིན་ན། འབྲས་བུ་ལ་ཡང་དེར་མི་འགྱུར་བར་བསྟན་པ་ནི། དེ་གཉིས་ཞེས་བྱ་བའོ། །འདོད་ཆགས་ལ་སོགས་པ་རྣམས་བད་ཀན་ལ་ སོགས་པའི་རང་བཞིན་ལས་ངེས་པ་མ་ཡིན་ན་གང་གིས་འགལ་བ་མེད་པར་འགྱུར་ཞེས་བསྟན་པ་ནི། འདི་ལ་ངེས་པ་ཞེས་བྱ་བའོ། །དེ་འདི་རྣམ་འགྲེལ་གྱི་རྣམ་པར་དབྱེ་བའི་ཁྱད་པར་ནི་འགྲེལ་པར་ཡང་སྦྱར་བར་བྱ་བ་ཡིན་ནོ། །གཟུགས་ལ་སོགས་པ་ཡང་ཁུ་བ་བཞིན་དུ་ ནུས་པ་ཅན་ཡིན་ནོ་ཞེས་ཟེར་བ་ནི། ཁྱད་པར་ཅན་གཟུགས་ཞགས་པ་ཡིས། །ཞེས་བྱ་བ་སྟེ། འདོད་པ་ཡིན་ཞེས་བྱ་བ་དང་སྦྱར་རོ། །གཟུགས་ནི་སྐྱེད་བྱེད་མ་ཡིན་ཞེས་བྱ་བར་བལྟ་བར་བྱའོ། །ཐམས་ཅད་རྒྱུ་མ་ཡིན་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ནི་ཡོད་པ་ཇི་ལྟ་བ་བཞིན་དུ་རྒྱུ་ཉིད་ཡིན་པ་བཀག་པ་ཡིན་ ནོ། །རྒྱུ་ངེས་པ་མེད་པ་ཉིད་ཅེས་བྱ་བ་ནི་ལྡོག་པ་ཅན་མ་ཡིན་ནའོ། །གཟུགས་ལ་སོགས་པའི་ཡོན་ཏན་འཁྲུལ་པ་ཉིད་ཡིན་པར་བསྟན་པ་ནི། གཅིག་ལ་ངེས་པ་ཞེས་བྱ་བ་སྟེ། གཟུགས་དང་འདོད་ཆགས་དང་ལྡན་པ་ལ་ཡང་ངོ་། །ཡུལ་མེད་པར་ནི་ཡུལ་མེད་ནའོ་ཞེས་བྱ་བ་འདིར་མཚམས་བཅད་དོ། ། འོན་ཏེ་མི་འབྱུང་ན་ཁོ་ན་ཞེས་རང་བཞིན་ངེས་པ་ཡིན་ན་རང་བཞིན་གཅིག་ཉིད་ལ་ཡང་ཅིག་ཅར་འབྲས་བུ་མི་འབྱུང་ངོ་སྙམ་དུ་སེམས་པ་ནི། འོན་ཏེ་མཁྲིས་པ་ཡིས་ཞེས་བྱ་བའོ། །མེ་ཞེས་བྱ་བ་ནི་ཕྱི་རོལ་གྱི་མེའོ། །ཆགས་སོགས་ལ་ནི་ཞེས་བྱ་བ་ནི་ཕྱི་རོལ་ལ་ལྟོས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། །དེ་བཞིན་དུ་རླུང་ ལ་སོགས་པ་དང་གཟུགས་ལ་སོགས་པ་ནི་འདོད་ཆགས་ལ་སོགས་པ་ལ་ངེས་པར་བྱེད་པ་མ་ཡིན་ན་ངེས་པར་བྱེད་པ་གཞན་དུ་རྟོགས་པ་ན་མཐོང་བའི་ཕྱིར་ནང་གི་ནི་རང་གི་རྒྱུད་ལ་བྱུང་བ་ཡིན་ལ།། དེ་ཡང་རང་ལ་ཕན་འདོགས་པས་བྱེད་པའི་བག་ཆགས་གང་ཡིན་པ་དེ་ནི་ཕན་འདོགས་པའི་བག་ཆགས་སོ། །བག་ ཆགས་དང་འབྲེལ་པ་ལས་ཏེ་སད་པ་ལས་སོ། །ངེས་པ་ལས་བཟློག་པ་ནི་མ་ངེས་པ་སྟེ། འདོད་ཆགས་ལ་སོགས་པའིའོ། །དེ་བཞིན་དུ་གནོད་པ་བྱེད་པའི་བག་ཆགས་ལ་ཡང་བརྗོད་པར་བྱའོ་ཞེས་བསྟན་པ་ནི། འོན་ཏེ་ནང་གི་ཞེས་བྱ་བ་སྟེ། བག་ཆགས་ཉིད་ཅེས་བྱ་བ་ནི་ཕན་འདོགས་པའི་བག་ཆགས་ཉིད་ དོ། །བག་ཆགས་ཀྱི་ཁྱད་པར་གྱི་རྒྱུ་ཡང་གཟུགས་ལ་སོགས་པ་སད་པར་བྱེད་པ་ལ་ལྟོས་པ་ཡིན་པའི་ཕྱིར་མ་ངེས་པ་མ་ཡིན་ནམ་སྙམ་དུ་སེམས་པ་ནི། འོན་ཏེ་ཡང་གང་ཞིག་ཅེས་བྱ་བའོ། །འདོད་ཆགས་ལ་སོགས་པ་ལ་ངེས་པ་མེད་པ་འདི་ཡང་རྣམ་པ་འགའ་ཞིག་ཅེས་བྱ་བ་ནི་རྟུལ་པོ་དང་འབྲིང་པོ་ལ་སོགས་ པའི་དབྱེ་བས་སོ། །འགའ་ཞིག་གི་ཚེ་ཞེས་བྱ་བ་ནི་ལང་ཚོ་ལ་སོགས་པའི་དུས་ཀྱི་ངེས་པས་སོ། །འགའ་ཞིག་གི་ཞེས་བྱ་བ་ནི་ཕྱི་རོལ་གྱི་གཟུགས་ལ་སོགས་པའམ། ནང་གི་སེམས་ལ་སོགས་པ་མ་མཚོན་པ་ཁྱད་པར་འབྲས་བུའི་ངེས་པ་གཅིག་པུ་ལ་ངེས་པས་སོ། །གཟུགས་ལ་སོགས་པ་ལ་ལྟོས་ པ་མེད་པའི་ཕྱིར་ཞེས་བྱ་བ་འདི་ནི་ངེས་པར་ལྡོག་པ་མེད་པས་ཞེས་བྱ་བ་ལ་ལྟོས་པ་ཡིན་ནོ། །དེ་བཞིན་དུ་འབྱུང་བ་ལ་ཡོངས་སུ་གྱུར་པ་ནི་བད་ཀན་དང་རླུང་ལ་སོགས་པ་འདོད་ཆགས་ལ་སོགས་པའི་རང་བཞིན་བསལ་ནས་གཞན་གྱིས་ཁས་བླངས་པའི་འབྱུང་པ་ཉིད་བསལ་བར་བྱེད་པ་ནི་རླུང་ལ་སོགས་པའི་ ཆོས་འདོད་ཆགས་མ་ཡིན་མོད་ཅེས་བྱ་བ་སྟེ། འདིས་ནི་ཞེས་བྱ་བ་ནི་རླུང་ལ་སོགས་པ་རྗེས་སུ་བྱེད་པ་མ་ཡིན་པས་བག་ཆགས་ཀྱི་རྗེས་སུ་བྱེད་པས་སོ། །བློ་ནི་ལུས་ལ་བརྟེན་པའི་ཕྱིར། །གོམས་པས་གྲུབ་པ་མེད་ཅེ་ན། །ཞེས་བྱ་བ་ལ་སོགས་པས་བཀག་པ་ཡང་གཞན་ལོག་པར་རྟོགས་པ་སྲིད་པ་ འགེགས་པར་འགྱུར་བ་ཡིན་ལ། དེ་མཐོང་བ་ཡང་ཡིན་པར་བསྟན་པ་ནི། འདི་དག་ནི་ཞེས་བྱ་བའོ། །གཟུགས་ལ་སོགས་པ་འབྱུང་བ་དག་ལས་ཐ་དད་པར་ཁས་བླངས་པས་ཞེས་བྱ་བ་ནི་བརྟེན་པ་ཉིད་ཐ་དད་པས་བྱིན་གྱིས་བརླབས་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །འབྱུང་བ་དང་གཟུགས་ལ་སོགས་པ་དག་ གི་རྟེན་དང་བརྟེན་པ་ཉིད་བཀག་པས་ཁས་བླངས་པ་དང་འགལ་བ་ཡང་མེད་པར་བསྟན་པ་ནི། དེ་རྟེན་ཞེས་བྱ་བ་སྟེ། རྒྱུའི་དོན་གྱི་རྟེན་གྱི་སྒྲ་ཡིན་པས་རྟེན་དང་བརྟེན་པ་ཉིད་མ་ཡིན་ཏེ། དུས་ཐ་དད་པའི་ཕྱིར་རོ། །གྲུབ་པའི་ངོ་བོ་ལ་དེ་ནུས་པ་མེད་པའི་ཕྱིར། ལྷན་ཅིག་པར་གྲུབ་ཀྱང་དགོས་པ་མེད་པ་ཡིན་ཏེ། ལྷན་ཅིག་ པའི་དོན་ལ་ལྟོས་པ་མེད་པའི་དོན་ཡིན་པའི་ཕྱིར་རོ། །འབྱུང་བའི་ངོ་བོ་ནི་རང་བྱུང་བའི་དོན་དུ་ལྟོས་པ་ཡིན་ན་ཇི་སྲིད་དུ་ཡོད་པ་ལ་ལྟོས་པ་དེ་ཉིད་འདི་སྔ་ན་མེད་པ་ཡིན་ཇི་སྲིད་ལྷན་ཅིག་གནས་པ་དེ་སྲིད་དུ་ལྟོས་པ་མེད་པར་བསྟན་པ་ནི། རང་གི་རྐྱེན་དག་དང་ཞེས་བྱ་བ་སྟེ། དབྱེར་མེད་པ་ནི་གནས་པའི་ཕྱིར་ནི་ལྷན་ཅིག་གནས་པའི་ཕྱིར། འདི་ཁོ་ན་རྒྱུའི་དོན་དང་རྐྱེན་གྱི་དོན་དག་ལ་དུས་ཐ་དད་པ་དང་ཐ་མི་དད་པའི་ཡུལ་ཉིད་ཁོ་ན་གསལ་བར་བྱེད་པ་ནི། རྒྱུ་ནི་འབྲས་དང་ལྷན་ཅིག་ཏུ། །ཞེས་བྱ་བའོ།