Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 165

Văn bản gốc(Tây Tạng)

Trang 17 / 22 (50.000 ký tự/trang)
ྕགས་ལས་གཞན་
མ་ཡིན། གྲིའི་རྒྱུ་ནི་ལྕགས་ལས་བྱ། ཡུ་བ་ཚོན་གྱིས་བྱུགས་པ་རི་མོ་དང་ཉེ་བའི་རི་མོ་ཅན་མ་ཡིན། གྲི་ཡུ་བ་རི་མོ་ཅན་དུ་མི་བྱ། སོར་དྲུག་གི་ཚད་ལས་ལྷག་པ་མ་ཡིན། གྲིའི་ལྕགས་ཉི་ཚེ་བ་ལ་སོར་དྲུག་ལས་རིང་བར་མི་བྱ། བརྒྱད་ཕན་ཆད་ལས་མ་ཡིན་ནོ། །འདུལ་བ་འཛིན་པ་
ཁ་ཅིག་ན་རེ་གྲིའི་ལྕགས་ལས་སོར་བརྒྱད་ཙམ་དུ་བྱའོ་ཞེས་ཟེར་ཏེ་གང་ལྟར་བྱས་ཀྱང་ཉེས་མེད། སོར་བཞི་དང་ཆུང་ན་དགོས་པ་ཡང་མེད། གྲིའི་ལྕགས་སོར་བཞི་མན་ཆད་དུ་བྱས་ན་སྤྱད་དུ་མི་མཁོ་བའི་ཕྱིར་མི་བྱ། བ་ལང་གི་ལྕི་བས་བྱུགས་པར་བཙེམ། ཆོས་གོས་འཚེམ་པའི་ཚེ་
སའི་གཞི་བ་ལང་གི་ལྕི་བས་བྱུགས་པའི་སྟེང་དུ་བྱ། ལྕི་བ་མེད་ན་བཏབ་བྱུགས་ཏེའོ། །ས་སྔ་ནས་བསྐུས་པ་མེད་ན་འཕྲལ་ལ་བྱུགས་ཏེ་བཙེམ། དེ་བཙེམ། ཆོས་གོས་དགེ་སློང་གིས་བཙེམས་ཀྱང་ཉེས་མེད། ཁབ་ཀྱིས་ཀྱང་ངོ་། །ཆོས་གོས་བཙེམ་པ་ནི་ཁབ་ཀྱིས་བྱའོ། །དེ་
བཅང་། ཁབ་བཅངས་ཀྱང་ཉེས་མེད། ར་གན་དང་ཟངས་དང་ཁར་བ་དང་ལྕགས་ཀྱིས་ཏེ་གཞན་མ་ཡིན་ནོ། །ཁབ་བྱ་བའི་རྒྱུ་ནི་འདི་རྣམས་ལས་བྱའོ། །ཟངས་སམ་ལྕགས་རྣོན་པོ་ཞེས་གཞན་ལའོ། །འདུལ་བ་འཛིན་པ་ཁ་ཅིག་ན་རེ་ཟངས་དང་ལྕགས་གཉིས་ལས་ཁབ་བྱ་ཞེས་ཟེར་

ཏེ་གང་ལས་བྱས་ཀྱང་ཉེས་མེད། དེའི་སྣོད་སྦུ་བུ་འམ་ཆང་བ་བཅང་བ། ཁབ་རལ་ནི་ཕྱིང་བུ་དང་རས་མ་དང་སྨྱིག་མ་ལས་བྱ། འདི་གཡེལ་བ་དང་དགེ་སྦྱོང་ལ་དབང་དུ་མི་བྱ། ཁབ་རལ་དང་དགེ་སྦྱོང་དང་དགེ་སློང་ཁྲིམས་ལ་གཡེལ་བ་ལ་ཆུད་ཟ་བར་གྱུར་པའི་
ཕྱིར་མི་གཞག །སྦྲང་རྩིའི་ཚིགས་མས་བྱུགས་ཏེ་ཁབ་ཀྱི་ལྕགས་བཙས་མི་ཁྱེར་བའི་ཕྱིར་རས་མ་བཞག་དབྱར་ར་ད་ལ་སྤྲ་ཚིལ་གྱིས་བསྐུས་ལ་དེའི་ནང་དུ་ཁབ་དྲིལ་ན་མི་སྟོར་ཅིང་བཙའ་མི་འཇུག་གོ། །མི་སྙིལ་བའི་ཕྱིར་ཆོས་གོས་ལ་སྒྲོ་གུ་གདགས། ཆོས་གོས་མི་སྙིལ་བའི་ཕྱིར་
སྒྲོ་གུ། སྒྲོག་མཁར་བཏགས་ཏེའོ། །ཆོས་གོས་སྒྲོག་མཁར་གདབ། མདུད་པ་ཡང་ངོ་། །སྒྲོ་གུ་མདུད་པ་ཅན་དུ་བྱ། བཙོ་བླག་པས་བཙོས་ཀྱང་རུང་མ་བཙོས་ཀྱང་རུང་མི་བཀྲུ། ཆོས་གོས་ཁ་དོག་བསྒྱུར་ཀྱང་རུང་མ་བསྒྱུར་ཀྱང་རུང་དྲག་ཏུ་འདྲུབ་པའི་ཕྱིར་བཙོ་བླག་མཁན་མི་བཅོལ། དེ་བཞིན་
དུ་བདག་གིས་ཀྱང་མ་ཡིན་ནོ། །ཆོས་གོས་བདག་གིས་ཀྱང་མི་བརྡུང་། དེའི་གདིང་བར་མ་ཡིན། །བཙོ་བླག་མཁན་གྱི་རས་བརྡུང་བའི་སྤྱད་ཀྱི་སྟེང་དུ་མི་གཞག །ཤིང་ལེབ་ལ་མ་ཡིན། ཤིང་ལེབ་ཀྱི་སྟེང་དུ་ཡང་ཆོས་གོས་བཀྲུ་ཞིང་མི་བརྡུང་ཚོན་མཁན་གྱི་ཤིང་ལེབ་ལ་བྱ།
རྫ་འཇམ་པོར་བཀྲུས་ཏེ་ཆུ་འདེབས་དལ་གྱིས་སོ། །ཆོས་གོས་བཀྲུ་བ་ནི་ཆུ་འཇམ་ཙམ་གྱི་ནང་དུ་དལ་གྱིས་དགེ་སློང་ཉིད་ཀྱིས་བཀྲུ་ལག་པ་དག་གིས་བཟློག །འཁྲུ་བའི་ཚེ་ལག་པས་དལ་གྱིས་བཀྲུ། མི་ནུས་ན་རྐང་པས་སོ། །ལག་པས་བཀྲུ་མི་ནུས་ན་རྐང་པས་བཀྲུས་ཀྱང་ཉེས་མེད།
དེ་ལྟར་བཀྲུ་ན་ཁྱིམ་བདག་གིས་ཀྱང་བཏགས་སོ། །ལག་པས་བཀྲུས་ན་ཆོས་གོས་ཁྱིམ་པ་འཁྲུར་བཅུག་ཀྱང་ཉེས་མེད། གཞན་དུ་སྤྱོད་ན་དེ་བསྲུང་། ཁྱིམ་པ་ཆོས་གོས་འཁྲུར་གཞུག་པ་ནི་བདག་གིས་སྤྱན་བྱས་ལ་མངོན་སུམ་དུ་འཁྲུར་གཞུག་གི་ལྐོག་ཏུ་འཁྲུར་མ་བཏང་།
རབ་ཏུ་དག་རབ་ཏུ་བཙེམས་རབ་ཏུ་བཙོས་པའི་ཕྱག་དར་ཀུད་པ་བླང་། ཚེམ་བུ་ཕྱག་དར་ཀུད་པ་ལས་སྡུད་ཅིང་གོས་སུ་བྱེད་ན་རབ་ཏུ་བཀྲུས་ཤིང་བཙོས་ལ་བཙེམས་ལ་གོས་བྱ། མི་གཙང་བས་རེག་པའི་གོས་མ་ཡིན། ཚེམ་བུ་བསྡུ་བ་ནི་སྟུ་ཁྲག་དང་གཅིན་རྐྱག་ལ་སོགས་

པས་རེག་པའི་རྫས་བླངས་ཤིང་མི་སྤྱད། སྐབ་པ་མཛེས་པའི་ཕྱིར་བསྐུས་ཏེ་ཁ་དོག་ཉི་གྲིབ་ལའོ། །ཆོས་གོས་འཚེད་པ་ནི་ཚོན་གྱིས་བཙོས་ལ་བར་འགའ་ཉི་མ་ལ་གཞག །བར་འགའ་གྲིབ་མ་ལ་བཞག་ན་ཁ་དོག་བཟང་པོར་འགྱུར་རོ། །མ་བྱས་ཀྱང་ཉེས་མེད། གོས་མེད་
པར་བཙོ། ཚོན་རྩི་སྔར་བཙོས་ལ་དེ་ནས་གོས་བཙོ། །གསུམ་གྱི་བར་དུ་ནི་མཆོག་ཏུའོ། །ཚོན་རྩི་བཙོ་བ་ནི་ལན་གསུམ་གྱི་བར་དུ་བལྡབས་ཏེ་བཙོས་པའི་ཁུ་བ་ནི་མཆོག་གོ། །དེ་བས་ན་མང་པའི་ཕྱིར་ན་གསུམ་བླང་། ལྟག་ཏུ་ལན་གསུམ་དུ་བཙོ་བ་ནི་ཁུ་བ་མང་དུ་བྱ་བའི་
ཕྱིར་ཏེ་བཟང་ངན་རབ་གསུམ་དུ་དབྱུང་ངོ་། །ཕྱིར་ཞིང་འབྲི། ལན་གསུམ་དུ་བཙོས་པ་དང་པོ་ནི་བཟང་པོ་བར་མ་ནི་འབྲིང་པོ་ཐ་མ་ནི་ངན་ཏོ། །དེ་བས་ན་སོ་སོར་གཞག་གོ། །ཚོན་བཟང་ངན་ནི་རྣམ་གསུམ་མི་བསྲེ་བར་སོ་སོར་གཞག་གོ། །དེ་ནི་སྔ་མའོ་ལ་སོགས་པར་བྲི། ཚོན་
བཟང་ངན་རྣམ་གསུམ་ནོར་ཅིང་འཁྲུལ་ཏེ་མི་བདེ་བའི་ཕྱིར་སྣོད་ལ་ཁ་བྱང་བྲི། སྔ་མ་ནི་ཐོག་མར་བསྐོ། །འཚེད་པའི་ཚེ་ན་ཚོན་དང་པོར་ཕྱུང་བའི་ཁུ་བ་ནི་བཟང་པོས་ཐོག་མར་བཙོ། །ཆོས་གོས་དང་བཅག་ཚོན་གྱི་ནང་དུ་ཆོས་གོས་བཅུག་པའི་ཚེ་ར་རི་མ་ཁྱེར་བར་ལེགས་པར་
བཅག །དེ་བས་ན་བླངས་ཏེ་ལེབ་ལེབ་པོ་ལ་དེ་ཙམ་གྱི་ཐང་གིས་སྦྱིན། རས་ཅི་ཙམ་ཡོད་པ་ལས་ཚོན་གྱི་ཁུ་བ་རན་པར་བྱའི་མང་ཉུང་དུ་མི་བྱའོ། །གཤེར་བ་གཟག་གོ། །ཚོན་གྱི་ཁུ་བ་མང་ན་ཟག་པར་འགྱུར། རབ་ཏུ་བསྐམས་ན་འབྲིའོ། །ཚོན་གྱི་ཁུ་བ་ཉུང་ན་ཁ་དོག་མི་
འགྱུར་ཞིང་སྐམ་པོར་འགྱུར་རོ། །དེ་བས་ན་རན་པར་བྱའོ། །མདོ་ལྟག་མ་རྣམས་ལྟར་ཆེས་ན་མི་དགེ་བའི་ཕྱིར་རན་པར་བྱ། དགོན་པའི་ལ་བསྐམས་ན་དགེ་བྲེས་པ་ལའོ། །ཆོས་གོས་བསྐམ་པ་ནི་ཐག་བུ་བྲེས་ལ་བསྐམ་མོ། །མཐའ་བཏགས་ཏེ་གཟུགས་སོ། །ཆོས་གོས་
ཐག་བུ་ལ་བརྒྱངས་པ་ནི་ཤིང་བུ་ཁ་བྲག་འཛིན་དུ་གཞུག་གོ། །མི་ཐུབ་ན་རྩྭ་བཏིང་སྟེའོ། །ཤིང་བུ་ཁ་བྲག་གིས་མི་ཐུབ་ཅིང་འཆོར་ན་རྩྭ་དང་ལོ་མ་བཀྲམ་ལ་དེའི་སྟེང་དུ་སྐམ་དུ་མའི་ཕྱོགས་སུ་ཚོན་འགྲོ་བའི་ཕྱིར་ཡང་ཡང་དུ་བཟློག །ཐག་བུ་བརྒྱངས་ཏེ་སྐམ་པ་དེ་ཚོན་རྩི་ཕྱོགས་

གཅིག་ཏུ་འགྲོ་བའི་ཕྱིར་ཡང་ཐོག་མ་དང་མ་ཐོག་བསྣོར། གསར་པ་ལ་ཚོན་གསར་པས་དེ་བཞིན་དུ་ན་དགེའོ། །ཆོས་གོས་གསར་པ་ཞིག་འཚེད་ན་ཚོན་རྩིས་གསར་དུ་བལྡབས་པས་བཙོས་ན་དགེ །རྙིང་པ་ལ་རྙིང་པས་སོ། །ཆོས་གོས་རྙིང་པ་ན་
ཚོན་རྩི་རྙིང་པས་བཙོ། །གསར་པ་ནི་ཉི་མ་ལ་བསྐམ། གོས་གསར་པ་ཞིག་བཙོས་ན་ཉི་མ་ལ་བསྐམ། རྙིང་པ་ནི་གྲིབ་མ་ལའོ། །ཆོས་གོས་རྙིང་པ་ནི་གྲིབ་མ་ལ་བསྐམ། ཆུ་ཐང་གིས་མི་འབྲི་བའི་ཕྱིར་སྦྱིན། ཆོས་གོས་ཚོན་གྱི་ནང་དུ་ལན་དུ་བཙོས་པ་བཞིན་དུ་ཆུར་བཀྲུ །གཞན་
གྱི་ཉིན་མོ་ལའོ། །བཙོས་ནས་ཆུར་གཞུག་པ་ནི་བར་ཞག་གིས་བཅད་ལ་བཀྲུ། ཕྱིའི་ཁྱམས་སམ་འཆག་སར་བཙོ་བའི་ལས་མི་བྱ། དགེ་འདུན་གྱི་འཆག་ས་དང་ཁྱམས་ལ་སོགས་པར་ཆོས་གོས་བཙོ་བའི་ལས་མི་བྱ། གཙུག་ལག་ཁང་དུ་མ་ཡིན། གཙུག་ལག་
ཁང་གི་ནང་དུ་གོས་བཙོ་བའི་ལས་མི་བྱ། དེའི་སྟེང་དུ་བྱ། གོས་འཚེད་པ་གཙུག་ལག་ཁང་གི་ཡང་ཐོག་ཏུ་ཆོས་གོས་བཙོ་བའི་ལས་བྱས་ཀྱང་རུང་། བཤང་ཁང་གི་འཁོར་དུ་མ་ཡིན། བཤང་གཅིའི་སར་ཆོས་གོས་ཀྱི་ལས་མི་བྱ། དེའི་ཕྱོགས་སུ་བྱུག་པ་སྦྱིན། ཆོས་
གོས་འཚེད་པའི་ལས་གར་བྱེད་པའི་སར་རྡུལ་མི་འགོ་བའི་ཕྱིར་འཇི་བ་དང་ལྕི་བས་བསྐུ་ཞིང་བྱུག །དེ་སྟེ་རྡོ་རྗེས་བྱུགས་པ་ན་བཀྲུ །འོག་གཞི་སྐྱང་ནུལ་བཟང་པོ་འཚེར་བ་ཞིག་ན་ཆུས་བཀྲུ་བས་ཆོག་གོ། །དེ་སྟེ་བརྩམས་པ་ལས་རླུང་ངམ་ཆར་བབ་པ་འོང་ན་ཁྱམས་སུ་བྱ།
ཆོས་གོས་བཙོ་བར་བསམས་ཤིང་མགོ་བཙུགས་པ་ལས་རླུང་དང་ཆར་པ་ལ་སོགས་པ་བྱུང་ན་ཁྱམས་སུ་བཙོ་བླག་བྱས་ཀྱང་རུང་བྱས་ནས་དེའི་ཕྱོགས་སུ་བྱུག་པ་བྱ། ཁྱམས་སུ་བཙོ་བླགས་བྱས་ཟིན་པའི་འོག་ཏུ་མཎྜལ་བྱ། ལྕི་བའམ་སས་སོ། །མཎྜལ་བྱ་བ་ནི་ལྕི་བའམ་
སས་བྱུག་ཅིང་བསྐུ། བརྟག་པ་མ་བྱས་པར་བཅག་པ་དང་བཟླས་པའི་ཆོས་གོས་སྤྱད་པར་མི་བྱ། ཆོས་གོས་བརྡུངས་ཤིང་གནིགས་པ་ཁ་དོག་འཚེར་བ་ནི་མ་བཏགས་པ་ཡིན་ཏེ་སྤྱད་ཅིང་བགོ་བར་མི་བྱ། བྱུག་པ་གོགས་ན་དེ་བཏགས་པའོ། །ཆོས་གོས་ཁ་དོག་འཚེར་

བ་བྱེད་ཅིང་མེད་པར་བྱས་ན་བཏགས་པ་ཡིན་ཏེ་བགོས་ཀྱང་ཉེས་མེད་དོ། །ཆུས་བརླན་ནའོ། །ཁ་དོག་འཚེར་བར་བྱས་ན་ཆུས་བརླན་པར་བྱས་ན་ཉེས་པར་འགྱུར་རོ། །བ་མོ་ལ་སྦགས་པ་སླ་བའི་ས་ལག་པས་མཉེས་ཏེ་གོགས་ནའོ། །ཁ་དོག་འཚེར་བ་བ་མོའམ་ཟིལ་བ་ལ་
གོར་ལ་བསྲུབས་ན་མེད་པར་འགྱུར་རོ། །ཤམ་ཐབས་བགོས་ནས་སྟེང་དུ་ལུས་བཅིང་། ལུས་ལ་ཤམ་ཐབས་བགོ་བ་ལ་སྟེང་དུ་སྐ་རགས་ཀྱིས་བཅིང་། ཤུར་བུའམ་རྒྱ་ཅང་ངམ་ལྕག་པོད་དམ་དྲ་བས་བཅིང་། ཤམ་ཐབས་ཀྱི་སྐ་རགས་ཀྱི་རྒྱུ་ནི་འདི་རྣམས་སོ། །མི་བརྒྱན་
པ་མ་ཡིན་པ་ནི་ཕོ་སུམ་པ་དང་ནང་དུ་རུབ་པ་དང་ཟུར་གསུམ་དང་གསེར་གྱི་སྲད་བུའོ། །མིང་གིས་སྨོས་པ་འདི་རྣམས་ཀྱི་སྐ་རགས་མི་བཅིང་། རི་མོ་ཡང་དེ་བཞིན་ནོ། །སྐ་རགས་རི་མོ་ཅན་གྱིས་མི་བཅིང་མི་བཏིང་པའི་ས་ལ་མི་གཞག །ཆོས་གོས་གྱོན་ལ་སྟན་མེད་པར་ས་ལ་
མི་འདུག །གདིང་བ་མེད་པར་གཞག་པར་ཡང་མི་བྱ། མི་གཙང་བའི་ཕྱོགས་སུ་མ་ཡིན། ས་མི་གཙང་བར་ཆོས་གོས་གཞག་པར་མི་བྱ་སྟན་མི་གཙང་བ་ལའང་མི་གཞག་མི་འདུག །ཐབས་ཡོད་ན་ཁུར་ལྕི་བ་མི་བསྐྱ་ཆོས་གོས་གཟན་དུ་བོར་ཞིང་མི་བསྐྱ། གཞན་
སྤྱད་པར་མི་སྤྱད། ཆོས་གོས་དང་ཤམ་ཐབས་ལ་སོགས་པ་གོ་བསྣོར་ཅིང་མི་བགོ །བཤང་གཅི་བྱ་བ་དང་མི་གཙང་བ་ཕྱག་པའི་ལས་སུ་བླ་གོས་བགོས་ཏེ་མི་བྱ། བཤང་གཅི་བྱེད་པ་དང་ས་ཕྱག་པ་ལ་སོགས་པའི་ལས་བྱེད་པར་ཆོས་གོས་སྣམ་བདུན་པ་གྱོན་ཏེ་མི་
སྤྱད། འདི་ལ་མི་ཉལ། ཆོས་གོས་སྣམ་བདུན་པའི་འོག་ཏུ་ཡང་མི་གདིང་གྱོན་བཞིན་དུ་ཡང་མི་ཉལ། བསོད་སྙོམས་ལེན་པ་སྤྱོད་པ་དང་མཆོད་རྟེན་ལ་ཕྱག་འཚལ་བ་དང་དགེ་འདུན་ལ་འདུ་བ་དང་ཆོས་མཉན་པའི་ཆ་མནོད་པ་མྱོང་བ་ལས་གཞན་བྱེད་པ་ལ་སྦྱར་མས་མ་ཡིན། མིང་
གིས་སྨོས་པ་འདི་རྣམས་བྱེད་པར་ཆོས་གོས་ཆེན་པོ་བགོ་བའི་ལས་གཞན་བྱེད་པར་མི་བགོ །འདི་རྣམས་ལ་གྲོང་བར་དུ་མ་གྱོན་ན་ཉེས་མེད་དོ། །འདིའི་སྟེང་དུ་འདུག་གམ་འདུག་ཏུ་མི་གཞུག་ཆོས་གོས་ཆེན་པོ་འདིའི་སྟེང་དུ་བདག་ཀྱང་མི་འདུག་གཞན་ཀྱང་མི་གཞག །འདི་

ལ་མི་གནད། ཆོས་གོས་ཆེན་པོ་བལྟ་བ་སྟེ་ལུས་སམ་ལག་པས་མནན་པར་མི་བྱ། བཅུག་སྟེ་སུ་ལ་ཡང་མི་བསྐོ། །ཆོས་གོས་ཆེན་པོའི་ནང་དུ་ལན་ཚྭ་དང་མེ་ཏོག་ལ་སོགས་པ་ཅིའང་རུང་སྟེ་བདག་གིས་ཀྱང་མི་བླུགས་གཞན་བླུགས་སུ་ཡང་མི་གཞུག །
ལུས་ཀྱི་རེག་པར་ཡང་མི་སྤྱད་ལག་པ་མ་གཏོགས་པར་ལུས་ཀྱིས་རེག་པར་མི་བྱ། མཆན་ཁུང་གཡས་པའི་དུགས་ཀྱིས་འདི་མ་རུང་བར་འགྱུར་རོ། །ཆོས་གོས་ལག་པ་གཡས་པའི་མཆན་ཁུང་དང་དུགས་དང་རྔུལ་གྱིས་མ་རུང་བར་བྱེད་དེ་ཐབས་འོག་ནས་འཆད། དེ་
མི་འགྱུར་བར་དེའི་ཕྱོགས་སུ་དེ་ལ་གོས་སྦྱིན། མཆན་ཁུང་གཡས་པའི་ཐད་ཀར་དུགས་ཀྱིས་མ་རུང་བར་འགྱུར་བའི་ཕྱིར་དུགས་གཟན་གུད་ནས་གླན། ཁྲུ་ཕྱེད་དང་དོ་དང་མཐོ་གང་ངོ་། །རྔུལ་གཟན་གུད་ནས་གླན་པའི་ཚད་ནི་ཞེང་དུ་མཐོ་གང་ཆུར་ཁྲུ་ཕྱེད་དང་ངོ་། །
ངོས་གཉིས་སུ་ནན་བུས་མནན། རྔུལ་གཟན་གླན་པའི་དུས་སུ་ནན་བུས་མནན། དུས་དུས་སུ་འདི་བཀྲུ། རྔུལ་གཟན་གླན་པ་དེ་དུས་དུས་སུ་བཀྲུ། བཙོ་བ་ཡང་ངོ་། །རྔུལ་གཟན་དེ་བཀྲུས་ནས་བཙོ། །གླང་བཙག་གིས་དེ་དེ་བཞིན་དུའོ། །བཙོ་བ་ནི་གླང་བཙག་གིས་བཙོས་ཀྱང་
རུང་ངོ་། །གདོང་ཕྱིས་བཅང་། གདོང་ཕྱིས་བཅངས་ཀྱང་ཉེས་མེད། ལུས་ཟག་ན་ལུས་ལ་ཕྱི་བ་ཡང་ངོ་། །དགེ་སློང་སྡིག་པོ་ཆེ་དུགས་དང་རྔུལ་ཆེ་བ་ལུས་ཀྱི་ཕྱི་བ་བཅངས་ཀྱང་ཉེས་མེད། ཆོས་གོས་དེའི་ནང་དུ་དེ་བགོའོ། །རྔུལ་ཆེ་བ་དང་ཤུ་བ་དང་རྣག་ཁྲག་ཡོད་ན་ཆོས་
གོས་ཀྱི་འོག་ཏུ་རྣག་གཟན་བགོ །ཆགས་ན་གྲོའི་ཆུའམ་ཚིག་པ་ཆུ་དང་བསྲེས་ཏེ་བྱུགས་ལ་དལ་བུ་དལ་བུས་དགོག །རྣག་གཟན་དང་ལུས་སུ་འབྱར་ན་ནས་ཀྱི་ཕྱེ་དང་སོ་ཕག་བཏགས་པའི་ཕྱེ་ཆུ་དང་སྦྱར་ཏེ་བཀྲུས་ལ་དལ་བུས་དགོག་གོ། །རྣག་དང་ཁྲག་ལ་ཡང་ངོ་། །རྣག་དང་ཁྲག་ལ་
རྣག་གཟན་འབྱར་ན་དགོག་པའི་ཐབས་གོང་མ་ལྟར་བྱ། དུས་དུས་སུ་གདིང་བཀྲུ་བསྐམ་བཙོ། དེ་གླང་བཙག་གིས་ན་དགེ །རྣག་གཟན་བཅོ་བ་ན་ཤུ་བ་ལ་ཕན་པའི་ཕྱིར་གླང་བཙག་གིས་བསྐུས་ན་དགེ །གར་བབ་བབ་ཏུ་གོས་མི་གཞག །གོས་ལྷག་མ་ལ་སོགས་

པ་གར་བབ་བབ་ཏུ་མི་གཞག་གི་བལྟབ་ཅིང་ནན་ཏན་བྱ། དེའི་ཕྱིར་གདང་བཅའ། གོས་དགལ་བའི་ཕྱིར་གདང་བཅའ། ལུང་བུ་ཡང་དེའི་ཕྱིར་རོ། །གདང་ཤིང་གཞུག་པའི་གནས་རྩིག་པ་ལ་བུ་གུ་གཏོད་དེ་ཤིང་སྦུ་བུ་ཅན་གཞུག །གཙུག་ལག་ཁང་བྱེད་པ་ནའོ། །
གདང་ཤིང་བུ་གུ་གདོད་པ་ཐོག་མ་གཙུག་ལག་ཁང་བརྩིག་པ་ནས་བྱ། བུ་གུ་མི་བྱ། གདང་ཤིང་གིས་འཕྲལ་བུ་གུ་མི་གདོད། གཙུག་ལག་ཁང་ནི་དཔེ་སྟེ་ཁང་བུ་ཡང་དེ་བཞིན་ནོ། །གདང་ཤིང་གི་བྱ་བ་དང་བུ་གུ་མི་བརྐོ་གཙུག་ལག་ཁང་བཞིན་དུ་གང་ཟག་གི་ཁྱིམ་བུ་
ཡང་མི་བརྐོ་ཞིང་ཐོག་མ་ནས་གདོད། ལྕུག་མ་དང་ཐག་བུས་འདི་འགྲུབ་བོ། །གདང་ཤིང་གི་སྐྱིན་པར་ལྕུག་མའམ་ཐག་བུ་བཏགས་ཀྱང་རུང་ངོ་། །ཚང་ཐུར་གྱིས་གོས་བླངས་ན་དགེའོ། །ཆོས་གོས་ཀྱི་སྣོད་ཚང་ཐུར་གྱི་ནང་དུ་བཅུག་ན་དགེ །འདི་བྱ། ཚང་ཐུར་བྱས་
ཀྱང་ཉེས་མེད། གསུམ་དང་ཕྱེད་དང་དོར་སྦྱར་ཏེ་བཙེམ། ཚང་ཐུར་གྱི་ཚད་ནི་ཆུར་ཁྲུ་གསུམ་ཞེང་ཁྲུ་ཕྱེད་དང་དོ་བྱ། ཁ་དབུས་སུ་གདོད། སྒྲོག་བུ་སྦྱིན། ཚང་ཐུར་གྱི་ཁ་མི་བྱ་བའི་ཕྱིར་སྒྲོག་བུ་བྱ་སྲད་བུས་སོ། །སྒྲོག་པའི་རྒྱུ་སྲད་བུ་ལས་བྱ། གཞན་གྱིས་བཅིང་། ཚང་
ཐུར་གྱི་ཁ་གཅད་པའི་ཕྱིར་སྒྲོ་གུ་གཅིག་གི་མིག་ཏུ་གཅིག་བཅུག་སྟེ་ལུ་གུ་རྒྱུད་དུ་བཙེམ། བཅད་པ་ནི་སྟེང་དུ་བཅའ། ཆོས་གོས་རྟག་ཏུ་དབྱུང་། དགོས་ན་ཚང་ཐུར་གྱི་ཁ་ལོགས་སུ་གཞུག །སང་འགྲོ་ན་བླ་མ་ལ་གསོལ་ཏེ་གནང་ན་འགྲོ། །དགེ་སློང་གནས་བཅའ་
བ་ཞིག་གུད་དུ་འགྲོ་ན་གནས་བརྟན་ལ་སང་འགྲོའོ་ཞེས་ཞུ། གནས་མི་བཅའ་བ་ཞིག་ནའང་གྲོགས་ལ་འགྲོའོ་ཞེས་ཤེས་པར་བྱ། བདག་གི་གནས་སུ་ཆག་ཆག་ལ་སོགས་པ་བྱས་ཏེའོ། །དགེ་སློང་གུད་དུ་འགྲོ་ན་བདག་འདུག་འདུག་པའི་གནས་ཕྱག་དར་དང་ཆག་ཆག་
ལ་སོགས་པ་བྱས་ཏེ་འགྲོ། ལམ་དུ་འགྲོ་བས་ཆོས་ཀྱི་གཏམ་མམ་བསྲིངས་པའི་མི་སྨྲ་བས་སོ། །ལམ་དུ་ཞུགས་ནས་འགྲོ་བའི་ཚེ་གཏམ་ཅལ་ཅོལ་མི་སྨྲ་བའི་ཆོས་ཀྱི་གཏམ་མམ་ཆོས་ཀྱི་དོན་ལ་བསམ། ངལ་བསོ་བའི་གནས་ནས་ཞལ་ནས་གསུངས་པའི་ཚིགས་སུ་བཅད་པ་

བཀླགས་ཏེའོ། །ལམ་ན་ངལ་བསོ་བ་ལས་ལངས་པའི་ཚེ་ཞལ་ནས་གསུངས་པའི་ཚིགས་སུ་བཅད་པ་བཀླགས་ཏེ་འགྲོ། །ཆུ་བཅུ་བ་ན་ཡང་ངོ་། །ཆུ་བཅུ་བའི་ཚེའང་ཞལ་ནས་གསུངས་པའི་ཚིགས་སུ་བཅད་པ་བཤད། དེའི་ཆུ་གང་གི་བ་དེའི་ཕྱིར་རོ། །ཆུ་བཅུ་བའི་ཚེ་
ཚིགས་སུ་བཅད་པ་བཀླགས་པ་ནི་ཁྲོན་པའམ་ཡུར་བ་འདྲེན་འདྲེན་པའི་མི་དེ་ཉིད་ཀྱི་ཕྱིར་བསྔོ། །འབབ་ཆུའི་རྒྱལ་པོ་ལ་བསྔོ། གཞན་ལྷ་ལ་ཡང་ངོ་། །ཆུའི་ལྷ་ལ་ཚིགས་སུ་བཅད་པ་གཅིག་བཀླགས། གནས་སུ་གསུམ་རྒྱུད་དོ། །ལམ་དུ་ཞག་ལོན་ན་ནང་པར་གསུམ་རྒྱུད་བཀླགས་
ཏེ་འགྲོ། དགོན་པ་པའི་བཅང་། དགོན་པ་བས་ཆུ་བཅུ་བའི་སྲད་བུ་བཅངས་ཀྱང་ཉེས་མེད། དེའི་ཚད་ནི་ཁྲུ་བརྒྱ་ལྔ་བཅུ་ནས་བརྒྱ་ཡན་ཆད་དོ། །ཆུ་བཅུ་བའི་ཐག་བུའི་ཚད་ནི་ཁྲུ་བརྒྱ་ལྔ་བཅུ་མན་ཆད་བརྒྱ་ཡན་ཆད་དུ་བྱའོ། །ཡུལ་གྱི་རྣམས་ལས་སོ་ཞེས་གཞན་ལས་སོ། །འདུལ་
བ་འཛིན་པ་ཁ་ཅིག་ན་རེ་ཆུ་བཅུ་བའི་ཐག་བུ་ཁྲོན་པ་རིང་ཐུང་ཚད་བཞིན་དུ་བཅངས་པས་ཆོག་གོ་ཞེས་ཀྱང་བཤད། ཁྲོན་པ་མ་ཡིན་པའི་ཆུ་དཀོན་ན་འདི་མེད་པར་ཡུལ་རྒྱུ་བ་མི་སྤྱད། འབབ་ཆུ་མེད་དེ་ཁྲོན་པ་འབའ་ཞིག་ཡོད་ན་ཐག་བུ་བཅང་དགོས་ཀྱི་ཁྲོན་པ་མེད་ཀྱི་འབབ་ཆུ་ཡོད་པའི་
ཡུལ་དུ་ནི་ཐག་བུ་བཅངས་ཀྱང་ཉེས་མེད། ལམ་པས་ཆོས་གོས་སྤྲུགས་ལ་ཁྲུས་བྱས་པའམ་རྐང་ལག་བཀྲུ་བ་དང་ཆུ་བླངས་ནས། ལམ་དུ་ཞུགས་ཏེ་སོང་སོང་བ་ལས་གཙུག་ལག་ཁང་ཞིག་ཏུ་འགྲོ་ན་ཆོས་གོས་ལ་སོགས་པ་སྤྲུགས་ལུས་ཀྱི་དྲི་མ་ཡོད་ན་ཁྲུས་བྱས་ལ་ཁྲུས་མ་ནུས་
ནའང་ཡན་ལག་ལྔ་བཀྲུས་ཏེ་མཎྜལ་བྱ་བའི་ཆུ་དག་བླངས་ཏེ་བཏགས་ལ་ལྷམ་ཕྱི་སྟེ་ལྷམ་ལ་རྡུལ་མེད་པར་ཆུས་ཕྱིས་སྟེ། ཆོས་གོས་གསུམ་བགོ་སྟེ། གཙུག་ལག་ཁང་དུ་འགྲོ་བའི་ཚེ་ཆོས་གོས་གསུམ་བགོ་སྟེ། ཞི་བའི་སྤྱོད་ཡུལ་གྱིས་གཙུག་ལག་ཁང་དུ་འཇུག །མགོ་སྒྱུར་
དང་ལག་བརྒྱངས་མི་བྱ་བར་གཙུག་ལག་ཁང་དུ་འགྲོ། རྒན་པོ་བཞི་ལ་ཕྱག་འཚལ་ཏེ་འགྲེང་། གཙུག་ལག་ཁང་དུ་འོངས་ནས་ལོ་གྲངས་མ་དྲིས་ཀྱི་བར་དུ་དགེ་སློང་པའི་དགེ་འདུན་དུ་ལངས་པ་ལ་ཕྱག་བྱས་ཏེ་འགྲེང་ལ་བསྡད། གསང་བའི་ཕྱོགས་སུ་སྒྲ་བསྐྱུངས་ཏེ་མཛེས་ཤིང་

རབ་ཏུ་བསྡམ་པའི་སྤྱོད་པས་སོ། །འགྲེངས་ཏེ་འདུག་པ་ནི་ཀུན་གྱིས་མཐོང་ཞིང་གསལ་བའི་ཕྱོགས་སུ་སྒྲ་བསྐྱུངས་ལ་མཛེས་ཤིང་ཚུལ་བསྡམས་ཏེ་གཏོགས་འདོད་དང་ཤེས་འདོད་མི་བྱ་བར་འདུག་གོ། །རྒྱུས་དང་བཅས་པས་ངལ་བསོ། །མི་ཤེས་པར་ངལ་མི་བསོ། གུད་ནས་
དགེ་སློང་ཞིག་འོངས་ན་འདུག་པས་མཁན་པོ་དང་སློབ་དཔོན་ལ་སོགས་པའི་རྒྱུས་ཤེས་ཤིང་ངོ་ཤེས་ན་ངལ་སོར་གཞུག །རྒྱུས་དང་ངོ་མི་ཤེས་ན་ངལ་སོར་མི་གཞུག །མུ་གཅིག་པ་ཡང་ངོ་། །མུར་འདུག་ངོ་ཤེས་ཤིང་གཡོ་མི་བྱེད་པ་ཞིག་འོངས་ནའང་ངལ་སོར་གཞུག །སྒོ་གཅད།
སློང་ན་མི་སྦྱིན། དགེ་སློང་ངོ་མི་ཤེས་པ་ཞིག་གུད་ནས་འོངས་པ་ཞིག་ཡོད་ན་ཐུག་ཐུབ་བྱེད་པའི་ཕྱི་སྒོ་ཆོད་ཅིག་ཅེས་གདམས། གུད་ནས་འོངས་པ་ཁ་སུའང་སྲིད་ཀྱིས་ང་ན་རེ་བྱིན་ཅིག་ཅེས་ཟེར་ཞིང་འོངས་ནའང་མ་སྦྱིན་ཅིག་ཅེས་བསྒོ། །བླངས་ནས་ཟོ་ཅིག་ཅེས་བསྒོ་ནས། གུད་ནས་
འོངས་པའི་དགེ་སློང་དེ་རྫས་དག་ལས་ཐུག་ཐུབ་ཏུ་སྤྱོད་ན་མ་སྤྱོད་པར་ཞོག་ཤིག་ཅེས་བསྒོ། །ཁས་བླངས་ཏེ་ཡལ་བར་བཏང་ནས་སྟོར་ན། གྲོགས་ལ་སྒོ་ཆོད་ཅིག་རྫས་དག་སློང་ན་མ་སྦྱིན་ཅིག་ཅེས་གཏམས་ཏེ་བཞག་ནས་ཁས་བླངས་པ་ལས་སྟོར་བར་གྱུར་ན་དགེ་སློང་ཁས་ལེན་
པ་ལ་སྐྱིན་པ་དབབ་པོ། །ཡིད་བརྟན་པའི་གནས་བརྟན་འདི་དག་གི་གྲོགས་པོ་ཞེས་པ་ལ་སོགས་པ་བསྟན་ནས་སྦྱིན་དུ་གཞུག །ཚིག་ལྷག་མ་སྐད་དུ་གྲོགས་ལ་གཏམས་ཏེ་གུད་ནས་འོངས་པ་ཐུག་ཐུབ་བྱེད་ཅིང་རྐུ་ཡང་སྲིད་ཀྱིས་སྒོ་ཆོད་ཅིག །རྫས་དག་ལེན་དུ་མ་གཞུག་ཅིག་ཅེས་བསྒོ་བ་
ལས་གྲོགས་དེ་ན་རེ་མི་འདིའི་རྒྱུས་ངས་ཤེས་ཏེ་ཐུག་ཐུབ་ལ་སོགས་པ་མི་བྱེད་ཀྱི་ཡིད་རྟོན་ཅིག་ཅེས་ཟེར་ཏེ། བདག་གུད་དུ་སོང་བའི་འོག་ཏུ་རྫས་ཤིག་སྟོར་ན་དགེ་སློང་གྲོགས་དེ་ལ་སྐྱིན་པ་དབབ་པོ། །མངོན་རྟགས་ཀྱི་གནས་གཞན་གྱིས་མི་རིག་པའི་བྱེ་བྲག་གི་ཐབས་ཀྱིས་སོ། །
དགེ་སློང་གུད་ནས་འོངས་ཤིང་རྒྱུས་མི་ཤེས་པ་བདག་གི་གྲོགས་པོས་ནོར་འདི་བྱིན་གྱིས་ལོང་ཞིག་ཅེས་ཟེར་ཞིང་དན་རྟགས་ཀྱི་ཚིག་ཁྱེར་ཞིང་ལེན་དུ་འོངས་ན་བདག་དང་གཉིས་སུ་འཁོད་པའི་དན་རྟགས་ཤིག །ཁྱེར་ཏེ་འོངས་ན་ནི་བྱིན་ཀྱང་ཉེས་མེད། གཞན་ཞིག་དང་གསུམ་

འཁོད་པའི་དན་རྟགས་ཤིག་ཁྱེར་ཏེ་འོངས་པ་ནི་མི་སྦྱིན་ནོ། །བྱིན་པ་ལས་ལྷུང་ན་ཡང་ངོ་། །རྫས་ཤིག་ཕར་བྱིན་པ་ལས་ཟིན་ཏམ་ཞེས་མ་དྲིས་པར་བར་དུ་ལྷུང་སྟེ་ཆག་ན་སྐྱིན་པ་བདག་ལ་འབབ་པོ། །དེ་སྟེ་མ་བཟུང་བར་གཏམས་ནའོ། །རྫས་ཕར་བྱིན་ཏེ་ཟིན་ཏམ་
ཞེས་དྲིས་པ་ལས་ཟིན་ཏོ་ཞེས་ཟེར་བའི་འོག་ཏུ་ཤོར་ཏེ་ཆག་ན་སྐྱིན་པ་ཕ་རོལ་པོ་ལ་འབབ་པོ། །འདི་ལ་བག་མེད་པར་མ་གྱུར་ཏམ་ཞེས་འདྲི་བ་ལ་བྱ། སྣོད་སྤྱད་དམ་རྫས་མི་གཞན་གྱི་ལག་ཏུ་སྦྱིན་ན་ཟིན་ཏམ་མ་ཟིན་ཅེས་དྲིས་ལ་སྦྱིན་མ་དྲིས་པར་བྱིན་ཏེ་བཏང་ན་ཉེས་བྱས། བརྙས་པ་ལ་
སོགས་པ་དག་གིས་མ་རུང་བར་གྱུར་ན་བཀྲུ་བ་ལ་སོགས་པས་སེམས་མི་རངས་ན་རིན་སྦྱིན། ནོར་ཞིག་བརྙས་ཏེ་སྤྱོད་སྤྱོད་པ་ལས་སླར་བྱིན་ན་ངན་སྐྱུགས་ཀྱིས་རེག་གམ་ཁ་དོག་ལ་སོགས་པ་ཉམས་ཏེ། མ་འདོད་ན་བཅོས་ཤིང་བྱི་དོར་བྱས་ལ་སྦྱིན་ནོ། །བཅོས་ཏེ་བྱིན་ཀྱང་མ་འདོད་ན་ནོར་
དེ་ཅི་རི་བ་རིན་དུ་བྱས་ཏེ་སྦྱིན་ནོ། །ལྷུང་བཟེད་དང་ཆོས་གོས་བླངས། དགེ་སློང་ངོ་ཤེས་པ་ཡོན་ཏན་དང་ལྡན་པ་ཞིག་འོངས་ན་བསུ་ཞིང་ལྷུང་བཟེད་དང་ཆོས་གོས་བདག་གིས་བླང་། སྟན་གདིང་། བསུ་ནས་སྟན་བཏིང་སྟེ་གཞག །རྐང་པ་བཀྲུ་བར་སྤྱན་དྲངས། གུད་ནས་འོངས་པའི་དགེ་
སློང་རྐང་པ་བཀྲུ་ཞིང་མདོངས་གསོལ་བྱ། ཆུས་སོ། །མི་སྐོམ་མམ་ཞེས་དྲིས་ལ་ཆུ་བླུགས། ཕྱག་བྱ། ལོ་གྲངས་དྲིས་ཏེ་རྒན་ན་ཕྱག་བྱ། བདེ་བར་སྤྱད་དམ་ཞེས་དྲི། ལམ་ན་ཉོན་མོངས་པ་མེད་དམ་ཞེས་ནད་དྲི་ཅི་ནུས་པར་མགུ་བར་བྱ། གུད་ནས་འོངས་པ་ལ་ལུས་མཉེ་བ་དང་མར་གྱིས་བསྐུ་
བ་ལ་སོགས་པས་མགུ་བར་བྱ། མལ་སྟན་ཚུལ་བཞིན་དུ་བྱིན། གུད་ནས་འོངས་པ་རིམ་པ་ཇི་ཙམ་དུ་ཆུད་པ་བཞིན་མལ་སྟན་ཡང་སྦྱིན། དགེ་འདུན་གྱི་གནས་བརྟན་གྱི་གན་དུ་འགྲོ །གུད་ནས་འོངས་པའི་དགེ་སློང་དེ་གནས་བརྟན་གྱི་གན་དུ་སོང་ལ་ཕྱག་བྱའོ། །དེས་དེ་ལ་གནས་ལོང་
ཤིག་ཅེས་བསྒོ། གནས་བརྟན་གྱིས་ཀྱང་ཕ་རོལ་པོ་འོངས་པ་གནས་བཙལ་དགོས་པ་ཞིག་ན་གནས་བརྟན་གྱིས་ཡོན་ཏན་ལྡན་པ་འདི་ལ་གནས་ཆོས་ཤིག་ཅེས་བསྒོ། དེ་སྟེ་རྒན་ན་མལ་སྟན་འདི་ལ་བྱིན་གཅིག་ཅེས་བསྒོ། གུད་ནས་འོངས་པ་གནས་བཅའ་མི་དགོས་པ་ཞིག་

ནའང་མལ་སྟན་ཚུལ་བཞིན་བྱིན་ཅིག་ཅེས་བསྒོ། །མ་བརྟགས་པར་མལ་སྟན་མི་བརྙ་གུད་ནས་འོངས་པའི་དགེ་སློང་གིས་ཀྱང་གཞི་ལ་མལ་སྟན་ཡོད་དམ་མེད་དམ་མ་བརྟགས་པར་མལ་སྟན་མི་བརྙ་ཡོད་ན་གདོད་བརྙ། ཆོས་གོས་ཀྱི་ཐ་མ་མ་རུང་བར་གྱུར་ན་མཐའ་བསྐོར་བའི་ཐབས།
ཆོས་གོས་ཀྱི་ཐ་མ་ཟེགས་སམ་མ་རུང་བར་གྱུར་ན་མཐའ་བསྐོར་གྱིས་གླན། དེ་སྨྱུང་ཁམ་གྱིས་སྦྱར། མཐའ་བསྐོར་གྱིས་སྦྱར་བ་ནི་བཙོ་ཞིང་བཀྲུ་བ་ལ་བདེ་བའི་ཕྱིར་སྐབས་སུ་གཟུངས་གདབ་པ་ཙམ་དུ་བཙེམ། རོའི་གོས་འཆད་ན་བླ་གབ་མེད་པ་དང་ཤིང་གི་སྟེང་དུ་ཞག་བདུན་
བརྒྱད་དམ་ལྔ་དྲུག་ཏུའང་གཞན་ལས་དེ་བཀྲུས་ནས་ཀུན་དགེ་སློང་དུར་ཁྲོད་པའི་རོའི་རྫས་ཀྱི་བདག་པོ་ཡོད་དམ་མེད་བརྟགས་ལ་མེད་ན་བླངས་ཏེ་ཤིང་ངམ་རྩིག་པའི་ཁར་ཞག་བདུན་ནམ་བརྒྱད་དུ་གཞག་ལ་རོའི་དྲི་མི་ཞིམ་པ་མེད་པར་གྱུར་ན་བཀྲུས་ཏེ་གོས་སུ་བྱའོ། །དུར་ཁྲོད་
པ་མ་ཡིན་པར་རོའི་རྫས་བླངས་པ་ནི་ལེན་དུ་མི་དབང་སྟེ་བླངས་ན་ཉེས་བྱས་སོ། །གཙུག་ལག་ཁང་དང་གྲོང་དུ་འཇུག་པར་སྤྱན་དྲངས་པ་ལས་བདག་དུར་ཁྲོད་པའོ་ཞེས་སྨྲ་བ་ནི་མ་བཏང་བར་སྤྱོད་ཅིག་ཅེ་ན་བདག་དུར་ཁྲོད་པའོ་ཞེས་ནས་སྤྱད། དགེ་སློང་དུར་ཁྲོད་པ་གཙུག་
ལག་ཁང་དང་ཁྱིམ་དུ་མི་འགྲོའོ། །འགྲོ་ནའང་སྒོ་ན་བསྡད་དོ། །བསྡད་པ་ལས་སྤྱན་འདྲེན་ཅིང་འབོད་པ་ནའང་དུར་ཁྲོད་པ་ཡིན་ནོ་ཞེས་སྨྲོས་ཤིག །དེ་སྐད་སྨྲས་པ་དང་ཡོན་ཏན་དང་ལྡན་པ་བཙུན་པ་ཁྲོད་བཙོག་པ་མེད་ནང་དུ་བཞུད་སྟན་ལ་བཞུགས་ཞེས་ཟེར་ན་ནང་དུ་སོང་ཞིང་
སྟན་ལ་འདུག་ཀྱང་ཉེས་མེད་དོ། །དེ་སྐད་མི་ཟེར་བར་ནང་དུ་འགྲོ་ཞིང་སྟན་ལ་འདུག་པར་མི་བྱ། དགེ་འདུན་གྱི་མལ་སྟན་ལ་མི་སྤྱད། དུར་ཁྲོད་པའི་དགེ་འདུན་གྱི་སྟན་ལ་གཞག་ཅིང་སྤྱོད་དུ་བཅུག་ནའང་མི་སྤྱད། མཆོད་རྟེན་ལས་འདོམ་གྱིས་མཐའ་སྤང་། དགེ་སློང་དུར་
ཁྲོད་པས་མཆོད་རྟེན་ལ་མ་རེག་ཅིང་འདོམ་གང་ཙམ་ནས་བསྐོར། སྦྲང་ཡབ་བཅང་། སྦྲང་མ་ཟ་ན་དགེ་སློང་གིས་སྦྲང་ཡབ་བཅངས་ཀྱང་ཉེས་པ་མེད་དོ། །བལ་དང་ཤ་ན་དང་ཤིང་བལ་དང་རས་མ་དང་ལོ་མ་ལྷབ་ལྷུབ་པའོ། །སྦྲང་ཡབ་བཙང་བའི་རྒྱུ་བལ་ལས་སྐུད་པར་བཀལ་བ་

དང་ཤིང་གི་ལོ་མ་གཡག་རྔ་འདྲ་བ་དང་ཤིང་བལ་ལས་སྐུད་པར་བཀལ་བ་དང་རས་དང་སྣམ་བུའི་རས་མ་དང་ཤིང་གི་ལོ་མ་ཤད་ཤད་པོར་འདུག་པ་དང་། འདི་རྣམས་ཀྱིས་བྱའོ། །བ་ལང་དང་རྟ་དང་བ་ལང་གི་སྤུའི་མ་ཡིན། སྦྲང་ཡབ་རྟ་དང་གཡག་རྔ་ལ་
སོགས་པ་སྤུ་བྱས་པའི་སྦྲང་ཡབ་མི་བྱ། གང་ཟག་གིས་ཡུ་བ་ཐམས་ཅད་ཚོན་རྩིས་མ་ཡིན། སྦྲང་ཡབ་དང་སེག་ཅང་གི་ཡུ་བ་རི་མོ་ཅན་མི་བྱ། རི་མོ་མེད་ཀྱང་ཁ་དོག་འཚེར་བ་ལའང་མི་བྱ། རི་མོ་དང་རི་མོ་ཉེས་པས་མ་ཡིན། ཅིའང་རུང་སྟེ་རི་མོ་ཅན་གྱི་རྫས་མི་སྤྱད།
སྦྲང་བུའི་ཁང་བུ་ཡང་ངོ་། །སྦྲང་མ་ཟ་ན་རས་ཀྱི་ཁང་བུ་དབུབ། སྟེང་བུ་རས་བཏིང་སྟེའོ། །ཁང་བུའི་སྟེང་དུ་རས་གདིང་། རྒྱུག་པ་ལ་བཅིངས་ཏེའོ། །ཁང་བུའི་རས་རྒྱུག་པ་ལ་བཅིང་། ཁྲུ་བཞི་དང་གཉིས་སོ། །རས་ཁང་གི་ཚད་ནི་ཞེང་ཁྲུ་བཞིར་བྱ། མཐའ་སྣམ་
བུས་བསྐོར། རས་ཀྱི་ཁང་པའི་གློའང་རས་ཀྱིས་བསྐོར་ཅིང་གཡོགས་སོ། །ཁྲུ་བཅུ་གཉིས་ཀྱིས་སོ། །ཁང་བུའི་གློ་རས་ཀྱིས་བསྐོར་བ་ནི་ཆུར་ཁྲུ་བཅུ་གཉིས་སུ་བྱའོ། །མནན་པ་དང་བཅས་སོ། །དེ་མལ་སྟན་གྱི་འོག་ཏུ་མནན། ཁང་བུ་གློར་བསྐོར་བའི་རས་ཀྱི་མཐའ་མ་མལ་
འོག་ཏུ་ཆུད་པར་མནན། སྒོའི་སྒོ་ཡོལ་བྱ། རས་ཁང་གི་སྒོ་བཅད་པའི་ཕྱིར་རས་སྣེ་སྣོལ་དུ་གཏང་བར་བྱ། ཚ་ན་རྔུལ་ཡབ་ཀྱིས་ཐབས་སོ། །ཡུལ་ཚ་ན་བསིལ་ཡབ་ཀྱིས་གཡབས་ཀྱང་ཉེས་མེད། རྔུལ་ཡབ་བཅང་། བསིལ་ཡབ་བཅངས་ཀྱང་ཉེས་མེད། རེ་ལྡེ་མཁན་གྱིས་བྱས་
པ་ལའང་ཏ་ལའི་འདབ་མ་ལྟ་བུའོ། །བསིལ་ཡབ་ནི་ཏ་ལའི་འདབ་མའམ་སྨྱུག་མ་ལ་གདགས་པར་བྱ། རི་མོ་དང་རི་མོ་ཉེས་པས་མ་ཡིན། བསིལ་ཡབ་རི་མོ་ཅན་མི་བྱ། དགེ་འདུན་གྱིས་ན་གཞན་ཡང་ངོ་། །དགེ་འདུན་གྱིས་ནི་རི་མོ་ཅན་སྤྱད་ཅིང་བཅངས་ན་ཉེས་མེད་དོ། །རྩིད་
པའི་རྔུལ་ཡབ་ནོར་བུ་ཅན་བྱུང་ན་མཆོད་རྟེན་ལ་དབུལ། རྩིད་པའི་རྔུལ་ཡབ་ནོར་བུ་དང་གསེར་དངུལ་གྱིས་བརྒྱན་པ་ཞིག་རྙེད་ན་མཆོད་རྟེན་ལ་དབུལ་ལོ། །ཉན་ཐོས་ཀྱི་ཡང་ངོ་། །སྦྲང་ཡབ་རྒྱན་ཅན་ཉན་ཐོས་ཀྱི་མཆོད་རྟེན་ལ་ཕུལ་ནའང་ཉེས་མེད། ཆོངས་ཤིག །བེའུ་རས་

དང་སྔས་གྲུ་བཞི་ཡང་ངོ་། །བེའུ་རས་དང་སྔས་བར་ཚངས་ཅན་གང་ཟག་གིས་བཅངས་ཀྱང་ཉེས་མེད་དོ། །བུ་དང་ཆུང་མ་རྙེད་ན་སྦྱིན་བདག་གི་དབང་གིས་ནན་ཏན་བྱ། ཡོན་བདག་བསོད་ནམས་འདོད་པའི་ཕྱིར་བུ་དང་ཆུང་མ་དགེ་འདུན་ལ་ཡོན་དུ་ཕུལ་ན་ཁོས་ཅི་ལྟར་བསྔོས་
ཏེ་ཕུལ་བ་བཞིན་དུ་ནན་ཏན་དུ་སྤྱད། དེ་སྟེ་སླུ་བར་གྱུར་ན་དེ་ཅི་ཙམ་དུ་འདོད་པའི་རིན་གྱིས་སོ། །མདོ་ལྟག་མ་ལྟར་བུ་དང་ཆུང་མ་ཕུལ་བ་ལས་སླར་སླུ་ཞེས་ཟེར་ན་དགེ་འདུན་གྱིས་རིན་ཐང་མི་བཅད་ཀྱི་ཁོ་བོ་ཁ་ཐབས་བཞིན་དུ་སླུ་སྦྱིན། ཡང་ཕུལ་ཡང་བརྟགས་པའོ། །ཡོན་དུ་ཕུལ་
ཟིན་པ་ལས་བསོད་ནམས་སུ་འགྱུར་བའི་ཕྱིར་སླར་མ་བསླུས་ཀྱང་ལན་དུ་མར་བསླུས་ཤིང་འབུལ་ལོ་ཞེས་ཟེར་ཞིང་འབུལ་ནའང་མི་རུང་བ་མེད་དོ། །དེ་སྟེ་ཤིང་ཕུལ་བའི་རྒྱན་དུས་མཆོད་ཀྱི་ཚེ་བརྒྱན་པའི་ཕྱིར་གཞག །བཟའ་ཤིང་དང་གྲིབ་ཤིང་ལ་དགེ་འདུན་འདུ་ཞིང་སྤྱོད་པའི་
ཕྱིར་བརྒྱན་པ་རྒྱན་དུ་ཕུལ་ནའང་ཕྱིས་འདུ་བའི་ཚེ་བརྒྱན་པའི་ཕྱིར་གཞན་དུ་མི་སྤྱད་དོ། །དེ་སྟེང་ཁང་བུ་བརྩིག་པ་ལ་ནི་འབྲི་བའི་ཕྱིར་རོ། །ཁང་བུའི་རྒྱན་དང་རྩིག་པའི་རི་མོ་བྲི་བའི་ཕྱིར་བསྔོས་ཏེ་ཕུལ་ནའང་གཞན་དུ་མི་སྤྱད་པ་དེ་ཉིད་དུ་སྤྱད་དོ། །དེ་སྟེ་མ་ཡིན་ཏེ་ཀ་བ་ན་ལས་སར་པར་
རོ། །ཀ་བ་ལ་བསྔོས་ཏེ་ཕུལ་ནའང་ཀ་བའི་རི་མོ་དང་རྙིང་པ་བརྗེ་བའི་ཕྱིར་སྤྱད་དོ། །ས་ལའོ། །ས་ལ་བསྔོས་ཏེ་ཕུལ་ནའང་གཞན་དུ་མི་སྤྱད་དེ་འོག་ནས་འཆད་དོ། །མེའི་གནས་སུ་ན་འབུད་པ་བྱ། མེ་བུད་པའི་ཕྱིར་ཕུལ་ན་ཤིང་དང་མེ་མར་ལ་སོགས་པར་སྤྱད་དོ། །སྣུམ་འཐོབ་པ་ཡང་ངོ་། །
མེ་བུད་པའི་ཕྱིར་ཕུལ་བ་ལས་མི་དགོས་སམ་ལྷག་ན་ཁུར་བ་ལ་སོགས་པར་ཡང་བྱའོ། །ལུས་བསྐུ་བར་ཡང་བྱ། ནད་པའི་གནས་སུ་བརྟགས་པར་སྨན་དང་ཡོ་བྱད་དོ། །ནད་པ་རྣམས་ལ་བསྔོས་ཏེ་ཕུལ་ནའང་རྩི་སྨན་དུ་སྦྱར་ཏེ་སྦྱིན་ནོ། །ཟས་ཀྱི་གནས་སུ་ཟས་བྱའོ། །ཚང་མང་གི་
གནས་སུ་ཕུལ་བའི་རྣམས་ནི་ཟས་སུ་བྱ་ཞིང་སྤྱད་དོ། །སྐོམ་གྱིར་སྐོམ་གྱི་གནས་སུའོ། །གྲུང་ཚད་དུ་ཕུལ་བའི་རྣམས་ནི་སྐོམ་དུ་བཏུང་ཞིང་སྤྱད་དོ། །བསྲོ་གང་གི་གནས་སུ་བསྲོ་གང་ངོ་། །བསྲོ་གང་དུ་ཕུལ་བའི་རྣམས་ནི་བསྲོ་གང་མེ་བུད་པ་ལ་སོགས་པ་སྨན་དཔྱད་དུ་སྤྱད་

དོ། །སྣུམ་འཐོབ་པ་ཡང་ངོ་། །གོང་མ་ལྟར་བསྲོ་གང་ལ་ཡོན་ཕུལ་བ་མེ་འབུད་པར་མི་དགོས་ན་དགེ་འདུན་གྱི་སྣུམ་དང་ཁ་ཟས་བསོད་པའི་རྒྱུར་བྱ། སྣུམ་འཐོབ་པའི་གནས་སུ་ཟླུམ་པོར་ཡོ་བྱད་ཀྱི་གནས་སོ། །དགུན་མེ་འབུད་པའི་ཁྱིམ་ཁང་ཟླུམ་དུ་
ཡོན་ཕུལ་བ་ནི་ཤིང་དང་ལུས་དང་རྐང་པ་བསྐུ་བའི་སྣུམ་དུ་བྱ། དབྱར་ཡོན་དུ་ཕུལ་ཏེ་མེ་འབུད་མི་དགོས་ན་ལུས་ལ་བྱུག་པ་དང་བཤོས་ཀྱི་རྒྱུར་བྱ། སྐྱེས་པའི་རབས་བྲི་བ་ཡང་ངོ་། །དགེ་འདུན་གྱི་བཀད་སར་ཡོན་ཕུལ་ཏེ་བཀད་པའི་ཡོ་བྱད་དུ་སྤྱད་ཅིང་དགོས་པ་སྤྱད་ཀྱང་
ལྷག་ཡོད་ན་སངས་རྒྱས་འཇིག་རྟེན་དུ་བྱུང་བ་དང་བདུད་བཏུལ་བ་ལ་སོགས་པའི་གཏམ་རྒྱུད་བྲི། ཕྱི་ཁྱམས་དང་འཆག་ས་དང་སྒོ་ཕུགས་དང་ཁྱམས་སུ་བགོ །ཕྱི་རོལ་གྱི་ཁྱམས་དང་སྒོ་ཕུགས་དང་འཆགས་ས་ལ་སོགས་པ་ལ་བསྔོས་ཏེ་ཕུལ་བ་ནི་དགེ་འདུན་སྤྱིའི་བགོ །
དབུས་ཀྱང་ངོ་། །གཙུག་ལག་ཁང་གི་དབུས་ཀྱི་མཐོངས་སུ་ཕུལ་བ་ཡང་སྤྱིར་བགོ །ཕྱོགས་བཞིའི་དགེ་འདུན་གྱིར་འདི་གཞག་གོ་ཞེས་ཀྱང་གཞན་ལས་སོ། །སྒོ་ཕུགས་དང་དབུས་ཀྱི་མཐོངས་སུ་ཕུལ་བ་ལ་སོགས་པ་འདུལ་བ་འཛིན་པ་ཁ་ཅིག་ན་རེ་ཕྱོགས་བཞིའི་དགེ་འདུན་ལ་
བསྔོས་ཏེ་ཞོག་ཤིག་ཅེས་ཀྱང་བཤད་དོ། །དཀོན་མཆོག་གི་ཕྱིར་སློང་བ་ནི་བརྟགས་པའོ། །སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་ཕྱིར་སློང་བ་ནི་ཉེས་མེད་དོ། །བརྗོད་པ་ཡང་ངོ་། །དཀོན་མཆོག་གསུམ་པོ་ལ་ཡོན་བདག་ཡོན་འབུལ་བའི་ཚེ། ཡོན་བདག་སེམས་བསྐྱེད་པའི་ཕྱི་སྟོད་
ཏྲ་བསྐྱེད་ཀྱང་ཉེས་མེད། བླངས་ཏེའོ། །སྟོད་ཏྲ་བྱ་བ་ནི་སྔར་མི་བྱའི་ལེན་པའི་ཚེ་བྱ། མཐོང་བའི་ཕྱིར་འཁོར་ལོ་བྱ། སྟོད་ཏྲ་བྱ་བ་ནི་དགའ་བར་བྱ་བའི་ཕྱིར་ཀུན་གྱིས་མཐོང་བར་ས་མཐོན་པོར་འདུག་སྟེ་བྱའོ། །ཚའམ་རླུང་ངམ་ཆར་པའི་གནོད་པས་མི་རེག་པའི་ཕྱིར་ཁང་བུ་
བརྩེགས་པ་སྒོ་བཞི་པ་བྱ། སྟོད་ཏྲ་ཀློག་པས་མཐོན་པོར་བྱ་བ་ནི་ཤིང་རྟའི་སྟེང་དུ་ཁང་བུ་ཤིང་ཁང་ཕུབ་ལ་སྒོ་བཞིར་བཏོད་དེ་དེའི་ནང་ནས་བཀླག །མཆོད་པ་ཟིན་ནས་འཁོར་ལོ་དབྱུང་། སྟོད་ཏྲའི་ཁ་དོན་ལ་སོགས་པ་ཟིན་ནས་ཁང་བུ་སོ་སོར་བཤིག་སྟེ་སྦས་ལ་གཞག །སྣོད་དུ་

སྦེད་པས་འཐོབ་པ་སྦ། སྟོད་ཏྲ་ཀློག་པས་ཁང་བུ་ནས་བྱེད་པའི་ཚེ་ཡོན་ཕལ་ཆེར་ཕུལ་ན་དེ་རྣམས་བསྡུ་ཞིང་བརྟུལ་བ་སྡུད་པའི་དགེ་སློང་ནི་གཞན་གཅིག་བསྐོ། །སྟོན་པ་མཆོད་པ་ནི་གཉིས་སུ་མ་དགོས་པར་སྦྱིན་པར་དགེ་སློང་མའི་དགེ་འདུན་མ་གཏོགས་སོ། །ལྟག་མ་ལྟར་
སྟོད་ཏྲ་བྱེད་ཅིང་མཆོད་པའི་ཚེ་ན་ཡོན་བདག་གིས་དགེ་སློང་ཕོ་མོའི་སྤྱིར་ཕུལ་བ་ནི་བགོ །དགེ་སློང་འབའ་ཞིག་ལ་བསྔོས་ཏེ་ཕུལ་བ་ནི་དགེ་སློང་མ་མི་དབང་ངོ་། །འདིར་གཅིག་པ་ལས་འཁོར་ལོ་སོ་སོར་བཙུགས་པ་ན་སྦོམ་པོར་ཉེས་པའོ། །ལྟག་མ་ལྟར་དགེ་སློང་གིས་འཁོར་
ལོའི་གནོད་པ་དང་བརྗེད་པར་བྱ་བ་དང་ཡོན་བདག་གིས་ཡོན་མང་དུ་ཕུལ་ཏེ་དགེ་སློང་མས་ཡོན་སྐལ་བླངས་ཏེ་མ་སྟེར་བ་དང་བསྡུ་ལ་ནན་དས་དེའི་ཉིན་མོ་དགེ་སློང་གིས་མཆོད་པ་འདྲ་བ་ཅིག་ཕྱུང་སྟེ་ཡོན་ཏན་ཐོབ་པ་ལས་དགེ་སློང་ལ་སྙོམས་པ་ལྟར་གྱུར་ཏེ་དེ་ལྟར་བྱེད་ན་
དགེ་སློང་མ་དབྱེན་གྱི་སྦོམ་པོར་འགྱུར། སྣོད་འགྱེད་པས་བགོ །སྟོད་ཏྲ་བྱས་པའི་ཕྱིར་ཡོན་ཕུལ་བའི་རྣམས་སོ་སོར་བགོ་བ་ནི་ཡོན་ཕུལ་བ་སྡུད་པར་བསྐོས་པའི་དགེ་སློང་དེས་བྱའོ། །འདི་བསྐོའོ། །སྟོད་ཏྲ་ཀློག་པའི་ཚེ་ཡོན་འབུལ་བ་སྡུད་པ་དང་སོ་སོར་འགོད་པའི་དགེ་
སློང་གཅིག་བསྐོ། །བཙོང་བའི་རིགས་པ་བཙོང་གཡུ་དང་རྟ་ལྟ་བུ་ཞིག་ཕུལ་ཏེ་བགོར་མི་བདེ་བ་ནི་བཙོངས་ཏེ་རིན་བགོ །དགེ་འདུན་གནས་པར་རོ། །བཙོང་བ་ནི་དགེ་འདུན་གྱི་ནང་དུ་རིན་ཐང་དྲིས་ཏེ་གང་གིས་རིན་ཆེར་བཏབ་པ་དེ་ལ་བཙོང་བསྐྱེད། དགེ་འདུན་ལ་མཐར་
གྱིས་དྲིས་ཏེ་གང་གིས་ཆེར་བཏབ་པ་ལ་བཙོང་། དེས་འདི་ལ་གདུག་པར་གཏོགས་པའི་ནན་ཏན་བྱ། ནོར་འགོད་པར་བསྐོས་པའི་དགེ་སློང་དེས་ནོར་འགོད་ཅིང་དགེ་འདུན་འདུ་བའི་སར་ཆག་ཆག་ཕྱག་དར་ལ་སོགས་པ་བྱ། དགེ་འདུན་གྱི་གནས་བརྟན་གྱིས་རིན་བྱ། ནོར་
རིན་གཅོད་པའི་ཕྱིར་དགེ་འདུན་ལ་སྟོན་པའི་ཚེ་ཐོག་མར་གནས་བརྟན་གྱིས་རིན་ཐང་གཅད་དོ། །རན་པར་རོ། །གནས་བརྟན་གྱིས་ནོར་རིན་ཐང་བཅད་པ་ན་སྲང་གཅིག་རི་བ་ཞོ་དྲུག་རི་བ་ཙམ་དུ་གདབ་པོ། །དེའི་ཕྱིར་དེ་ལ་མི་བསྟབས་གནས་བརྟན་གྱིས་རིན་བཅད་པ་ལས་ཆེར་

འབེབས་པ་གཞན་མ་བྱུང་ན་གནས་བརྟན་མི་ཉོར་མི་གནོང་བར་ནི་མི་བྱའོ། །ཆད་པར་བྱ་སྟེ་སླར་འཕེལ་བར་མི་འགྱུར་ན་དབྱུང་ནོར་བཙོང་བ་ནི་རིན་འདེབས་པའི་ཕྱིར་བརྟན་པ་ལས་རིན་གང་གིས་ཆེར་བཏབ་པ་དེ་ལས་བཟླས་ཏེ་དྲིས་ཀྱང་གཞན་ཆེར་འདེབས་པ་
མེད་ན་དེ་ཉིད་ལ་ཉོར་གཞུག་གོ། །མི་བཙོང་མི་སྤེལ། བདག་ཉོར་མི་འདོད་པ་ལས་རིན་བསྐྱེད་པའི་ཕྱིར་རིན་ཐང་ཆེར་མི་གདབ། བུད་མེད་ལ་མ་ཡིན། བུད་མེད་ནི་སྤྱད་བྲིམ་ཞིང་རིན་ཐང་མི་གཅད། རིན་མ་བླངས་པར་མི་སྤྱད། དགེ་འདུན་ལས་ནོར་ཉོ་བར་བླངས་པ་
ལས་རིན་མ་ཕུལ་གྱི་བར་དུ་སྤྱད་པར་མི་བྱ། བཅོས་པར་ཡང་ངོ་། །དགེ་འདུན་ལ་ནོར་ཉོ་བའི་ཕྱིར་བླངས་པ་ལས་རིན་མ་ཕུལ་གྱི་བར་དུ་མི་སྤྱད། ཁ་དོག་བསྒྱུར་བའམ་བཅོས་ལེགས་མི་བྱ། ལེན་པ་མང་ན་དུ་ལ་སོགས་པའི་སྡེར་བགོ །ཡོན་བདག་གིས་ཡོན་མང་མོ་ཞིག་ཕུལ་
ཏེ་འགོད་ན་བགོ་སླ་བའི་ཕྱིར་དགེ་སློང་ཡོད་པ་ལས་བཅུ་ཕུང་དུ་བཅད་དེ་སོ་སོར་བཅུ་སྡེར་བྱིན་ལ་འགོད་དུ་གཞུག་སྡེར་བྱིན་པ་ལས་མ་བགོས་པར་འགའ་ཞིག་ཤི་ན་དེའི་ཚེ་ཆ་སྡེར་གཏོགས་སོ། །མདོ་ལྟག་མ་ལྟར་བཅུ་ཞིག་བགོ་གཅིག་ཏུ་ནོར་སྐལ་བྱིན་པ་ལ་བཅུ་སྡེ་དེའི་ནང་ནས་
འགའ་ཞིག་ཤི་ན་དེའི་སྐལ་བ་བཅུ་སྡེ་དེར་གཏོགས་པའི་རྣམས་ཀྱིས་བགོས་ཀྱང་ཉེས་མེད། རིགས་པ་ནི་མྱ་ངན་ལས་འདའ་བའི་བསམ་པས་རབ་ཏུ་བྱུང་བ་ཚུལ་ཁྲིམས་དང་ལྡན་པ་ལ་གོས་སྟོང་ཕྲག་བརྒྱ་དང་ཁང་ཕ་བརྩེགས་མ་ལྔ་བརྒྱའོ། །མྱ་ངན་ལས་འདའ་བའི་ཕྱིར་དད་ཅིང་མོས་ཏེ་
རབ་ཏུ་བྱུང་བའི་དགེ་སློང་ཡོན་ཏན་དང་ཚུལ་ཁྲིམས་དང་ལྡན་པས་ནི་གོས་བཟང་པོ་སྣ་གྲངས་སྟོང་ཕྲག་བརྒྱ་དང་ཟས་ཞིམ་བཟང་པ་རོ་སྣ་བརྒྱ་དང་ཁང་པ་བརྩེགས་མ་ལྔ་བརྒྱ་ལ་སོགས་པ་བཟང་པོ་དང་མང་པོ་ཅི་སྤྱད་ཀྱང་རུང་སྟེ་ཡོན་ཏན་དང་ལྡན་པས་ཞུ་བར་འགྱུར་བས་སྤྱོད་དུ་དབང་སྟེ་
བརྟགས་པའོ། །དགེ་འདུན་གྱི་ནོར་ཀྱང་ངོ་། །མདོ་ལྟག་མ་ལྟར་ཡོན་ཏན་དང་ལྡན་པས་ནི་དགེ་འདུན་གྱི་ནོར་དང་ཟས་ལ་སྤྱད་ཀྱང་བརྟགས་པའོ། །མི་སློབ་པའི་བར་དུའོ། །མྱ་ངན་ལས་འདས་པར་སེམས་བསྐྱེད་ཅིང་ཚུལ་ཁྲིམས་དང་ལྡན་པས་ནི་དགྲ་བཅོམ་པ་མན་ཆད་གང་

ཟག་རིམ་པ་བདུན་གྱིས་ནོར་ལས་སྤྱད་ཀྱང་བརྟགས་པའོ། །མ་རབས་ཀྱང་ངོ་། །མདོ་ལྟག་མ་ལྟར་སྤྱད་ཀྱང་བརྟགས་པ་ནི་གང་ཟག་མ་རབས་ཡིན་ཀྱང་ཚུལ་ཁྲིམས་དང་ལྡན་ཞིང་མྱ་ངན་ལས་འདའ་བར་སེམས་བསྐྱེད་པ་ནི་སྤྱོད་པར་བརྟགས་པའོ། །ཚུལ་ཁྲིམས་ལོག་པ་
ལས་ནི་མ་ཡིན་ནོ། །དགེ་འདུན་གྱི་ཟས་དང་གོས་ཀྱི་ཤས་ཀྱི་སྐལ་བ་ལ་ཕས་ཕམ་པ་བཞི་བྱུང་བ་ནི་མི་དབང་ངོ་། །ཕས་ཕམ་པ་བཞིའི་ཚུལ་ཁྲིམས་ཕྲ་མོ་ཉམས་ཀྱང་ཤས་ཀྱི་སྐལ་བ་ནི་དབང་ངོ་། །ཕས་ཕམ་པ་དང་ཁྱིམ་པ་དགེ་འདུན་ལ་འཁོར་ཞིང་ཡོན་ཕུལ་བ་ནི་དགེ་འདུན་གྱིས་ཟ་
ཞིང་སྤྱོད་དུ་བཅུག་པ་ནི་དབང་ངོ་། །བུ་ལོན་དུ་འགྱུར་བ་ནི་ལེ་ལོ་ཅན་གྱི་བླངས་ཏེ་བཙོ་བའོ། །ཚུལ་ཁྲིམས་མ་ཉམས་སུ་ཟིན་ཀྱང་ལེ་ལོ་ཆེ་ཞིང་དགེ་བ་སྤྱོད་པའི་ཤས་ཆུང་ན་ཡོན་བདག་གི་ནོར་རྫས་ལ་སྤྱད་པ་མི་ཞུ་སྟེ་བུ་ལོན་དུ་འགྱུར་རོ། །དགེ་འདུན་གྱི་རྙེད་པ་ལས་རིགས་པ་
ནི་མཚམས་གཅིག་པའི་གང་ཟག་གི་གཙུག་ལག་ཁང་ན་སྡེ་པ་དེའི་རྙེད་པ་ལ་སྤྱོད་པ་ཡང་ངོ་། །ཚུལ་ཁྲིམས་དང་ལྡན་པས་ནི་དགེ་འདུན་གྱི་ཟན་སྐལ་ཡང་ཟོས་ལ་ཡོན་བདག་གཞན་ཞིག་གིས་ཟན་ཁྱེར་ཏེ་འོངས་ཏེ་བྱིན་ན་ཡང་ཟོས་ཀྱང་ཉེས་མེད་དོ། །གཅིག་ཟོས་ན་གཅིག་
བསགས་སུ་ནི་མི་དབང་ངོ་། །ཁང་བུ་བསྔོས་པ་ཡང་ངོ་། །ཡོན་བདག་གིས་ཁང་བུའི་རྐྱེན་དུ་ཁང་བུ་དེ་ན་སུ་འདུག་པ་ལོ་གཅིག་ཅིང་རྟག་ཏུ་གསེར་ལྟ་བུ་འབུལ་བ་ཞིག་ཡོད་ནའང་དེའང་བླངས་ལ་དགེ་འདུན་སྤྱིའི་ཡོན་སྐལ་བླངས་ཀྱང་ཉེས་མེད་དོ། །འདི་ལ་རེས་ཀྱིས་བསྒོ། །ཁང་
བུའི་རྐྱེན་རྟག་ཏུ་སྲང་གྲངས་འབུལ་བ་ཞིག་ཡོད་ན་ཁང་བུ་དེ་རྟག་ཏུ་དགེ་སློང་གཅིག་པུ་མི་གཞག་གི་རེས་ཀྱིས་དགེ་འདུན་ཀུན་འཁོད་དོ། །དགེ་སློང་གཅིག་གིས་མངན་རྣོགས་སུ་ཐེག་སྟེ་རྐུ་སེམས་དང་ལྡན་ན་ཕམ། ལྷུང་བཟེད་དང་། ལྷུང་བཟེད་ཆུང་ངུ་དང་ཕུར་བུ་དང་བུམ་
པ་དང་ཀྱོ་བ་ཏང་དང་གྲི་དང་ཁབ་དང་སེན་རེག་དང་གཟར་བ་དང་སོལ་བ་བསྡུ་བ་དང་སྟ་རེ་དང་སླ་ང་དང་ཁ་ཕྱིས་དང་། ལྕགས་ཀྱི་སྣོད་བགོ །ཡོན་བདག་གིས་མིང་གིས་སྨོས་པ་འདི་རྣམས་དགེ་འདུན་ལ་ཕུལ་ན་དགེ་འདུན་སོ་སོར་བགོ །སའི་སྣོད་དག་ཏུ་ལྷུང་བཟེད་ཆུང་

ངུ་དང་བུམ་བུ་དང་བླུགས་མ་དང་ཆབ་སྟོང་དང་རིལ་བ་སྤྱི་བླུགས་དང་ཆུ་སྣོད་དག་ཀྱང་ངོ་། །མིང་གིས་སྨོས་པ་འདི་རྣམས་ལྟ་བུ་ཞིག་ཡོན་བདག་གིས་ཕུལ་ནའང་དགེ་འདུན་སོ་སོར་བགོ །རིན་པོ་ཆེའི་ཁྲི་ལ་སོགས་པ་མཐར་ལྕགས་ཀྱང་ངོ་། །རིན་པོ་ཆེའི་ཁྲི་
མན་ཆད་ལྕགས་ཀྱི་ཁྲི་ཡན་ཆད་གཅིག་ཕུལ་ན་བཙོངས་ལ་རིན་ལ་བགོ །བརྗེ། མདོ་ལྟག་མ་ལྟར་ཁྲི་ཡོན་དུ་ཕུལ་བ་རིན་དུ་བརྗེས་ལ་བགོ །ཤིང་གི་ནི་མ་ཡིན་ནོ། །ཤིང་གི་ཁྲི་ཆེ་སྲ་ཤིག་ཕུལ་ན་མི་བགོ་བར་སྤྱི་ལ་གཞག །ཚོན་སྣ་ལྔ་ལས་གཞན་དག་ཀྱང་ངོ་། །ཚོན་
ཆེན་པོ་སྣ་བདུན་ཕུལ་ན་མཚལ་དང་ལི་གྲུ་དང་ནུ་མེད་གསུམ་ནི་བགོའི་གཞན་སྣ་ལྔའི་རི་མོ་བྲི་བའི་ཕྱིར་བཞག་གོ། །མ་བཅོས་པ་ཡང་ངོ་། །ཚོན་ཆེན་པོ་སྣ་བདུན་ལས་བཙོས་པ་ཞིག་ན་མི་བགོ །མ་བཅོས་པ་ནི་བགོ །བཅོས་པ་བཙོར་རུང་བ་ནི་བགོ །བཙོས་པའི་ཁུ་བ་དགེ་འདུན་
གྱི་གོས་བཙོར་རུང་བ་ཡོད་ན་ཕྱིར་གཞག་གོ། །གཞན་དགེ་འདུན་གྱིའོ། །ལྟག་མ་ལྟར་སྤྱིའི་བཙོ་བར་བཞག་པ་ནི་དགེ་འདུན་གྱི་སྤྱིའི་ཕྱིར་བཞག་གོ། །མི་བཙོ། །མིང་གིས་སྨོས་པ་འདི་རྣམས་ལྟ་བུ་ཞིག་ཡོན་ཕུལ་བ་ནི་བགོ་ཞིང་བཙོ་བར་མི་བྱ། ཀུན་དགའ་དང་། སྐྱེད་ཤིང་
དང་ལྡུམ་ར་ཕུལ་བ་དང་། གཙུག་ལག་ཁང་དང་། གཙུག་ལག་ཁང་གི་ཁང་པ་ཕུལ་བ་དང་། དེའི་དངོས་པོ་དང་། གཙུག་ལག་ཁང་གི་འཁོར་གྱི་ས་དང་། མལ་སྟན་དག་གོ། །ཁྲི་དང་ཁྲིའུ་དང་མལ་སྟན་དང་འདི་རྣམས་བགོ་བར་མི་བྱ། དབང་དུ་མི་བྱ། མདོ་ལྟག་མ་ལྟར་མིང་གིས་
སྨོས་པ་འདི་རྣམས་སྤྱིར་བཞག་པ་ལས་བུ་ལོན་ཆགས་པ་ལ་སོགས་པའི་གཏའ་འོག་ཏུ་མི་བཞག །མི་བསྔོ་བ་ཡང་ངོ་། །གཙུག་ལག་ཁང་ལ་སོགས་པ་སྤྱིར་བཞག་པ་ལས་དགེ་སློང་གང་ཟག་བདག་གི་ནོར་དུ་མི་བསྔོ་མི་བསྐུར་པ་དག་ལ་ཟས་དང་གོས་བསྟན་པར་བྱ། མ་དག་ལ་གོས་དང་
ཟས་ལས་སྦྱིན། དེ་སྟེ་གོས་དང་ལྷུང་བཟེད་ལྷག་པ་མེད་ན་བསླང་། ཕ་མ་ལ་སྦྱིན་དུ་ཆོས་གོས་དང་ལྷུང་བཟེད་ཙམ་ལས་མི་བདོག་ན་གཞན་ལས་བསླངས་ཏེ་བྱིན་ཀྱང་ཉེས་མེད། མ་གྲུབ་ན་ཟས་ཐོབ་པ་དེ་ལས་ཕྱེད་སྦྱིན་ཕ་མ་ལ་སྦྱིན་པར་བསླང་དུའང་མ་རྙེད་ན་བདག་གི་ཟས་དང་གོས་ཀྱི་

སྐལ་བ་ཅི་ཐོབ་པ་ལས་ཕྱེད་ཕ་མ་ལ་སྦྱིན་པར་བྱ། ཕྲ་མོ་ལ་སོགས་པར་ཆུད་པ་སྟེ་གོས་ཀྱི་དངོས་པོའོ།། །།བྱེ་བྲག་དབྱེ་བར་ཤེས་པའི་ཕྱིར་གོས་ལ་གདབ་གོས་ལ་མཚན་མ་མངོན་པར་གདབ། སངས་རྒྱས་དང་ནན་ད་འདྲ་ཞིང་བོང་མཉམ་སྟེ་ངོ་མི་ཤེས་པར་གྱུར་ཏེ་སངས་རྒྱས་སུ་
འཛིན་པའི་ཕྱིར་བཅས། དེ་ལ་གདབ་པ་སྦྱིན་སྣག་ཚའི་ཐིག་ལེ་ཞེས་སོ། །གོས་ངོ་མི་ཤེས་ཤིང་ནོར་གྱིས་དོགས་པའི་ཕྱིར་སྣག་ཚའི་ཐིག་ལེ་ཆོས་གོས་ཀྱི་གྲྭར་སྣག་ཚའི་ཐིག་ལེ་གདབ། སྤྱད་པ་ཡང་ངོ་། །ཆོས་གོས་སྐམ་ལ་ལྕི་སྟེ་ཐག་བུ་ལ་མི་འཆགས་ཏེ་ཐག་བུས་མཐའ་ལ་
བརྒྱུས་ཏེ་སྲད་བུ་ལ་གདགས། ཚར་ཚར་གྱི་ཁ་ཆག་བྱ། རས་ཁ་ཚར་བཅད་ལ་ཆག་བྱ་སྟེ་བགོ་ཞིང་སྤྱད་དོ། །སྦྱར་མ་མ་ཡིན་པ་དག་ཞིག་གཅད་པར་མ་ཆད་དོ། །ཆོས་གོས་ཆེན་པོ་མ་གཏོགས་པར་སྣམ་བུ་བདུན་པ་དང་ལྔ་པ་གཉིས་ནི་སྣམ་བུར་མ་དྲས་ཤིང་མ་བཙེམས་པ་ལ་
བསྔོས་ཀྱང་འཆགས་སོ། །དེ་ལྟ་བུའི་རྐྱེན་མེད་ན་མ་བཅད་པར་གྲོང་དང་ཁྱིམ་དུ་འཇུག་པ་དང་འདུག་པ་མ་ཡིན། ཆར་པ་ལ་སོགས་པ་བབ་པའི་རྐྱེན་མ་བྱུང་བར་གྲོང་ཁྱེར་དུ་ཆོས་གོས་ཆེན་པོ་མེད་པར་འདུག་པར་མི་བྱ། དེ་བཞིན་དུ་མུར་འདུག་གི་གནས་སུའོ། །ཆོས་གོས་
ཆེན་པོ་མེད་པར་མུར་འདུག་གི་གནས་སུ་མི་འགྲོ། །ཡོད་ན་འདུག་པར་མ་ཡིན། རྐྱེན་བྱུང་ཡང་ཆོས་གོས་ཆེན་པོ་མེད་པར་མུར་འདུག་དང་བཅས་པའི་གནས་སུ་འགྲོ་བའམ་འདུག་པར་མི་བྱ། སྤུ་ཅན་ཆོས་གོས་གསུམ་དུ་མི་བསྔོ། ལ་བ་དང་བེའུ་རས་ལ་སོགས་པ་སྤུ་ཅན་
ལ་ཆོས་གོས་གསུམ་གྱི་རྒྱུས་མི་བསྔོ། །དེ་བགོས་ཏེ་མཆོད་སྟོན་དུ་མི་སྤྱད། ཟན་ཟ་བ་དང་མཆོད་སྟོན་བྱེད་པའི་ཚེ་ལ་བ་དང་པགས་པ་ལ་སོགས་པ་སྤུ་ཅན་མི་བགོ །སྲབ་མོ་ནི་བདག་གིར་བྱ། སྡེ་རས་སམ་རས་སྲབ་མོ་ནི་ཆོས་གོས་སུ་བསྔོར་མི་རུང་གི་གོས་ལྷག་པར་སྤྱད་ཅིང་
བགོས་ཀྱང་ཉེས་མེད་སྲབ་མོ་ནི་རྒྱུ་འོག་ནས་འབྱུང་། འདི་ནི་རྣམ་པ་བཞི་སྟེ་བལ་གྱི་དང་ཟར་མའི་དང་དུ་གུ་ལའི་དང་ཤིང་བལ་གྱིའོ། །མིང་གིས་སྨོས་པ་འདི་རྣམས་གོས་ལྷག་ཏུ་བསྔོས་ཤིང་སྤྱད་ཀྱང་ཉེས་མེད་དེ་སེང་རས་དང་སྲབ་མོར་བྱས་པ་ལ་བྱ། གཞན་ཡང་སྣམ་བུའི་

རྣམ་པ་ཡང་བ་སྤུ་ཐུང་བ་ལ་སོགས་པ་དག་གོ། །གཞན་སྣམ་བུ་ལ་སྤུ་ཐུང་ངུར་བྱས་པའི་རྣམས་ནི་ཆོས་གོས་སུ་མི་རུང་གི་གོས་ལྷག་གི་སྔགས་ཀྱིས་བཏབ་པ་ལ་སྤྱད་དོ། །བ་ལ་ཡང་ངོ་། །ལ་བ་ཡང་གོས་ལྷག་གི་སྔགས་ཀྱིས་བཏབ་སྟེ་སྤྱད་ཀྱང་རུང་ངོ་། །
འཚོ་ལས་གཞན་དུ་ན་དེའི་ཕྱིར་ལོག་ཏུ་བགོ་བར་མི་སྤྱད། ཕྲུག་དང་བེའུ་རས་ལ་སོགས་པ་ལུས་ལ་རྩུབ་ཅིང་གཡའ་དང་ཤིག་ཟ་ན་བཟློག་སྟེ་བགོས་ཀྱང་ཉེས་མེད་དེ། དེ་བགོས་ཏེ་མི་བཅག །མདོ་ལྟག་མ་ལྟར་ཤིག་ཟ་བ་ལ་སོགས་པའི་རྐྱེན་བྱུང་ཡང་བཅག་པའི་ཚེ་བཟློག་ཏེ་མི་
བགོ །བསྲིངས་པའི་ལ་བ་དང་མེ་ཏོག་ཅན་གྱི་སྣམ་བུ་དང་དྲེའུ་རྔོག་ཁྲ་ཁྲ་བོ་གང་ཟག་གིས་བདག་གིར་བྱས་ཏེ་མི་སྤྱད། མིང་གིས་སྨོས་པ་འདི་རྣམས་དགེ་སློང་གང་ཟག་གིས་སྤྱད་ཅིང་བཅང་བར་མི་བྱ། འཆགས་སར་དྲེའུ་རྔོག་བཏིང་ན་ཁས་བླངས། ཁྱིམ་པ་བསོད་ནམས་
འདོད་པས་འཆགས་སར་དྲིའུ་རྔོག་བཏིང་ན་དེའི་སྟེང་དུ་བཅག་ཀྱང་ཉེས་མེད། རྟག་ཏུ་རྒྱུན་གཅིག་ཏུ་མི་བཅག །དྲེའུ་རྔོག་དེའི་སྟེང་དུ་འཆགས་པའི་རྒྱུན་གཅིག་ཏུ་མི་བཅག །ནུས་ན་བཅོས། དྲེའུ་རྔོག་དེ་རྡོལ་ལམ་རལ་ན་བཅོས། བཙེམ་པ་གཞུང་བུ་གླན་པ་སྦྱིན། དྲེའུ་རྔོག་
རལ་ན་གཞུང་བུ་གཞུག་ཅིང་གླན། མི་ནུས་ན་བ་ལང་གི་ལྕི་བ་དང་འཇི་བས་སྦྱར་ཏེ་འཆག་པར་བྱུག །དྲེའུ་རྔོག་རྙིངས་ཏེ་འདྲུབ་ཅིང་བཙེམ་དུ་མི་རུང་ན་འཇི་བ་དང་ལྕི་བ་བསྲེས་ཏེ་འཆག་སའི་སྐྱང་ནུལ་དུ་བྱས་ཀྱང་རུང་འཆག་སར་དྲེའུ་རྔོག་བཏིང་ལ་དེའི་སྟེང་དུ་འཇི་བས་
གཡོགས་ལ་བཅགས་ན་ཡོན་བདག་ལ་བསོད་ནམས་སུ་འགྱུར་བའི་ཕྱིར་སྤྱད་དུ་རུང་། དེ་བཞིན་དུ་བཅངས་ཏེ་སྦྱིན་བདག་ལ་བརྟེན་ཏེའོ། །དགེ་སློང་གི་གོས་སུ་མ་བཏགས་པ་དྲེའུ་རྔོག་དང་ཁྲ་བོ་ལ་སོགས་པ་ནི་སྦྱིན་བདག་ཁྱིམ་པ་ལ་བསྔོས་ཏེ་བཅངས་ཀྱང་ཉེས་མེད་དོ། །ཤམ་
ཐབས་ནང་ལོགས་མ་དང་རྔུལ་ཟན་དང་འཐེབ་བཅང་། མིང་གིས་སྨོས་པ་འདི་རྣམས་ཀྱིས་འཐེབ་རེ་རེ་བཅངས་ཀྱང་ཉེས་མེད། ཡོ་བྱད་ཀྱིས་ཀྱང་ངོ་། །སྨན་ཟོང་དུ་ཟས་སམ་གོས་བཅངས་ཀྱང་ཉེས་མེད། འདི་ནི་དཀར་པོའམ་ཁ་ཚར་དང་བཅས་ཀྱང་མ་ཉེས་སོ། །སྨན་ཟོང་གི་རྫས་

བཅང་བ་ནི་རས་དཀར་པོ་དང་ཁ་ཚར་མ་བཅད་ཀྱང་ཉེས་མེད། རིན་གྱི་ཚད་ནི་སྲང་འགའ་ཙམ་ཅི་རིན་པར་བཅང་། དགེ་འདུན་གྱི་ཡང་མ་ཡིན། དགེ་འདུན་སྤྱིའི་གོས་ལྷག་ན་ཁ་ཚར་མ་བཅད་དམ་ཁ་དོག་མ་བསྒྱུར་བར་བཅངས་ཀྱང་ཉེས་མེད་དོ། །གནང་བའི་གོས་དེར་བསྔོས་
ཏེ་བཅངས། ཡོ་བྱད་བཅུ་གསུམ་འཆང་དུ་གནང་བ་ནི་བདག་འཆང་བའི་སྔགས་ཀྱིས་བསྔོས་ལ་བཅང་། གཞན་བརྟགས་ཏེ་དུ་མའང་བཅང་། ཡོ་བྱད་བཅུ་གསུམ་ལ་མ་གཏོགས་པར་གོས་ལྷག་ཅིང་འཆང་ན་ལྷག་པའི་སྔགས་ཀྱིས་བརྟགས་ཏེ་བཅངས་ཀྱང་ཉེས་མེད།
སེམས་མི་བརྟན་པ་ལ་མི་བརྟག །གོས་ལྷག་མ་བརྟག་པ་ནི་མཁན་པོ་དང་སློབ་དཔོན་ཀླ་ཀློ་ཅན་ཚུལ་ཁྲིམས་ལ་དམ་ཞིང་ཀླ་ཀློ་མེད་ཅིང་བརྟན་པ་ལ་བརྟག །རབ་ཏུ་མ་རྫོགས་པ་ལ་མ་ཡིན། གོས་བརྟག་པའི་སྔགས་བྱ་བ་ནི་ཁྱིམ་པ་དང་དགེ་སློང་ལ་མི་བརྟག་གོ། །མངོན་
སུམ་དུ་མ་ཡིན། མཁན་པོ་དང་སློབ་དཔོན་ལ་གོས་བརྟག་པ་ཡང་མཐོང་ཞིང་ཤེས་པ་དང་ཐོས་པར་མི་བྱའི་ལྐོག་ཏུ་གྲོགས་གཅིག་གི་གམ་དུ་བརྟག །མཐོང་བ་དང་ཐོས་པར་སྔགས་བཏབ་ན་ཉེས་བྱས། ཡུལ་གཞན་དུ་འདུག་པ་ལ་བརྟགས་ན་མི་འཇིག །མཁན་པོའམ་
སློབ་དཔོན་ནམ་གོས་སུ་བརྟགས་པའི་མི་དེ་གུད་ན་འདུག་གམ་ཡུལ་གཞན་དུ་སོང་ནའང་ཞིག་པར་མི་འགྱུར། ཞིག་པ་ནི་འཕོས་ནའོ། །གོས་བརྟགས་པའི་མི་དེ་ཤིའམ་ཁྲིམས་ཕུལ་ན་བརྟགས་པའི་སྔགས་མེད་པར་འགྱུར་རོ། །ཤེས་ནའོ། །ཁྲིམ་ཕུལ་ལམ་ཤི་བར་མ་
ཤེས་ཀྱི་བར་དུ་སྔགས་འཆགས་སོ། །འདིའི་བདག་པོ་ནི་བརྟགས་པའོ། །གོས་སྔགས་ཀྱིས་འདེབས་པའི་ཚེ་ཕ་རོལ་གྱི་ཡིན་པར་བསམས་ཤིང་བརྟགས་མོད་ཀྱི་བདག་སྤྱོད་ཅིང་འཆང་དུ་དབང་ངོ་། །བཏང་བ་བདག་གིར་མི་བྱ། གོས་སྤང་བ་ལྷུག་པ་བྱིན་པ་ལས་ཕ་རོལ་པོས་ཐལ་
བྱུང་མི་བསྐུར། དགེ་སློང་ལ་གཏད། གོས་སྤང་ལ་ལྟུང་བ་བྱུང་བ་དགེ་སློང་ཚུལ་ཤེས་པ་གཅིག་ལ་སྦྱིན། དགེ་འདུན་གྱི་ལ་མ་ཡིན། གོས་སྤངས་པ་ནི་དགེ་འདུན་ལ་མི་སྦྱིན་གྱི་དགེ་སློང་གང་ཟག་གཅིག་ལ་སྦྱིན། བླུན་པོ་ལ་མ་ཡིན། དགེ་སློང་གང་ལ་སྤང་བའང་བླུན་

ཞིང་ཚུལ་མི་ཤེས་པ་མི་སྦྱིན་གྱི་ཟིན་པོ་ཚུལ་ཤེས་པ་ལ་སྤང་། མི་སྟེར་བསླང་། གོས་སྤངས་པ་ལས་ཕ་རོལ་པོ་དེས་མ་བྱིན་ན་མཐོལ་བ་གསོས་ཀྱི་འོག་ཏུ་བདག་གོས་ཀྱིས་བྲེལ་ཏོ་ཞེས་བསླང་། མཐུ་ཡིས་བླང་། གོས་སྤངས་པ་བདག་གིས་བསླངས་ཀྱང་མ་
སྟེར་ན་གྲོགས་པོ་བཟློག་ལ་དབྲོག་གོ། །གོས་ལ་བསུང་གིས་རེག་ན་བཀྲུས་ཏེ་སྤྱད། བདག་གི་གོས་ལ་སོགས་པ་བསུང་གིས་རེག་ན་མ་བརྟགས་པའི་ཕྱིར་སྤུ་བཀྲུ། ཕྱེ་མ་ན་སྤྲུག །བསུང་གི་ཕྱེ་མས་རེག་ན་སྤྲུག །སྣུམ་གྱིས་ན་དག་པར་རོ། །གོས་ལ་སྣུམ་གྱིས་རེག་ན་བཀྲུ།
ཆར་པ་བབ་ན་བླ་གབ་མེད་པ་ལ་དགེ་འདུན་གྱི་མ་ཡིན། ཆར་པ་བབ་པའི་ཁྲོད་དུ་དགེ་འདུན་གྱི་གོས་གྱོན་ཏེ་མི་འགྲོ། བཀྲུ་བ་དང་འཚེད་པ་དང་ལྷུང་བཟེད་ཀྱི་ལས་དང་ཤིང་གཤགས་པ་ལ་སོགས་པའི་བྱེད་པར་མ་ཡིན། མིང་གིས་སྨོས་པ་འདི་རྣམས་ལས་བྱེད་པའི་ཚེ་དགེ་འདུན་
གྱི་གོས་གྱོན་ཏེ་མི་བྱ། བཞག་པ་ལས་ལྷན་ཅིག་ནའོ་ཞེས་མ་སྨྲས་ན་གཞན་མེད་ཀྱང་སྦྱིན་ཏེ་ཡང་དག་པར་བགྲང་། མི་གསུམ་གྱིས་བདག་ལ་རྫས་ཞིག་གཏམས་ཏེ་ངེད་གསུམ་མ་ཚོགས་ཀྱི་བར་དུ་མ་སྦྱིན་ཅིག་ཅེས་ཟེར་བ་ལས་གཅིག་གམ་གཉིས་ལེན་དུ་འོངས་ནའང་མི་
སྦྱིན་ནོ། །ངེད་གསུམ་མ་ཚོགས་ཀྱི་བར་དུ་མ་སྦྱིན་ཅིག་ཅེས་མི་ཟེར་བར་གཏམས་པ་ནི་གཅིག་གམ་གཉིས་ལེན་དུ་འོངས་ཏེ་སྦྱིན་ཀྱང་ཉེས་མེད། གཞོག་པ་དང་མ་འགྲོགས་པར་མ་ཡིན། ནོར་གཞོག་པའི་ཚེ་ནོར་བདག་དང་འགྲོགས་པ་མ་ཡིན་པ་ཞིག་ལེན་དུ་འོངས་ཏེ་དན་རྟགས་
ཡོད་ཀྱང་མི་སྦྱིན། གཉེན་དང་བདག་གི་ཁྱིམ་མ་ཡིན་པ་སྨྱོན་པ་ལས་མི་བླང་། མི་སྨྱོན་པ་ཞིག་གིས་ཁོ་བདག་གི་ཁྱིམ་དང་ཕ་མའི་ཁྱིམ་ནས་བླངས་ཏེ་བདག་ལ་བྱིན་ན་བླངས་ཀྱང་ཉེས་མེད། བུ་བསྐྲད་པ་ལས་བླངས། ཕ་མས་བུ་བསྐྲད་པ་ལས་བུ་དེས་ཕ་མའི་ཁྱིམ་ནས་ནོར་ཞིག་
བླངས་ཏེ་བྱིན་ནའང་བླངས་ཀྱང་ཉེས་མེད། དུར་ཁྲོད་ནས་སླར་བཟློག་པ་ལས་ཡང་ངོ་། །དུར་ཁྲོད་ཀྱི་རོའི་རྫས་ཞིག་བླངས་ཏེ་བདག་ལ་བྱིན་ན་བླངས་ཀྱང་ཉེས་མེད། དེ་སླར་སློང་ན་སྦྱིན། མདོ་ལྟག་མ་ལྟར་རོའི་རྫས་བྱིན་པ་སླར་འདོད་ཅེས་ཟེར་ནའང་བྱིན་ཅིག །སླར་འཐོམ་ན་འང་

བླངས། མདོ་ལྟག་མ་ལྟར་སླར་སློང་སྟེ་བྱིན་པ་ལས་ཡང་སླར་འབུལ་ན་མ་ཁྲོ་བར་ལོང་ཞིག །མཆོད་རྟེན་གྱི་དཀོར། མཆོད་རྟེན་ལ་ཕུལ་བའི་དཀོར་རྣམས་ནི་དགེ་འདུན་གྱིས་བགོ་ཞིང་སྤྱད་པར་མི་བྱའོ། །རྩྭ་དང་བུ་རམ་ཤིང་དག་ལས། རྩྭ་བ་དང་འབྲས་བུ་ལ་སོགས་པ་བཅད་
པ་ཞིག་དགེ་འདུན་ལ་ཕུལ་ན་བགོས་ཤིང་སོ་སོར་སྦྱིན་ནོ། །གཞན་ཟས་ཀྱི་ཕྱིར་བསྔོས་པ། བཅའ་བ་ལ་མ་གཏོགས་པ་མར་དང་བག་ཕྱེ་ལ་སོགས་པ་ཕུལ་བ་ནི་མི་བགོ་བར་གཡོས་སུ་བྱས་ཏེ་སྤྱིར་བྲིམ་མོ། །ཉེ་བར་འཚོ་བ་དང་ནད་པ་ལ་བརྟགས་པ་བདག་གིར་བྱ་བའི་ཕྱིར་བགོ། །
མལ་ཆ་དང་ཁྲི་སྟན་ལ་སོགས་པ་དང་སྨན་ལ་སོགས་པ་ཕུལ་བ་ནི་སྤྱིས་སྤྱད་དགོས་པའི་ཕྱིར་མི་བགོ་བར་གཞག་གོ། །དབྱར་གྱི་མཚམས་རྙེད་ན་འཇུག །དབྱར་ཚུལ་དུ་ཞུགས་པས་ནི་ཚུལ་གྱི་ཡོན་སྐལ་གྱི་ནང་དུ་འཇུག་ཅིང་བླང་། མ་ཞུགས་ན་མི་བླང་། དབྱར་ཆད་པ་ལ་ཡང་
མི་རིགས་པ་མ་ཡིན། དབྱར་ཚུལ་དྲལ་བ་ནི་ཞག་བཞི་བཅུ་རྩ་དགུའི་བར་དུ་ཚུལ་བསྲུངས་པ་ནི་ཡོན་སྐལ་དབང་ངོ་། །བཞི་བཅུ་རྩ་ལྔ་བསྲུངས་པ་ནི་ཕྱེད་དབང་ངོ་། །བཞི་བཅུ་རྩ་བཞི་བསྲུངས་པ་ནི་མི་དབང་ངོ་། །བསྐྲད་པ་ནི་མ་ཡིན། དགེ་སློང་ཆད་པས་བཅད་དེ་བསྐྲད་པ་ནི་
ཚུལ་གྱིས་ཡོན་སྐལ་མི་དབང་ངོ་། །རྫས་ཀྱིས་ནོན་པར་དབྱར་གནས་པ་ལ་ཆ་གཅིག་གོ། །གཙུག་ལག་ཁང་མང་པོ་ཞིག་ཀུན་གྱི་མཚམས་སུ་རེ་ལྡེ་ལྟ་བུས་མནན་ཏེ་ཚུལ་དུ་ཞུགས་པ་ནི་གཙུག་ལག་ཁང་ཀུན་གྱི་ཡོན་སྐལ་མི་དབང་གི་གཙུག་ལག་ཁང་རེ་རེ་ནས་ཀྱང་ཆ་རེ་རེ་དབང་སྟེ་
ཅི་ལྟར་དབང་བ་འོག་ནས་འཆད་དེར་བདག་གིས་བགྲངས་ཏེ་མ་ནོན་པའི་སྐལ་བའོ། །གཙུག་ལག་ཁང་གཅིག་ནས་ཆ་རེ་རེ་དབང་བ་ནི་གཙུག་ལག་ཁང་དུ་ཡོད་པའི་གྲངས་ལས་གཙུག་ལག་ཁང་དེ་གཅིག་གི་དགེ་སློང་མི་གཅིག་གི་སྐལ་བ་ཅི་ཐོབ་པ་ལས་ལྷ་ཁང་ལྔ་ཡོད་ན་ནི་མི་གཅིག་
གི་སྐལ་བའི་ལྔ་ཆ་གཅིག་སྦྱིན་ནོ། །དྲུག་ཡོད་ནའང་དྲུག་ཆ་རེ་རེ་སྦྱིན་ནོ། །གཞན་དུ་དུ་མར་ཚུལ་དུ་ཞུགས་ན་རིང་དུ་གནས་པ་དེར་ཆོས་སོ། །ལྟག་མ་ལྟར་གཙུག་ལག་ཁང་དུ་མ་ཞིག་གི་མཚམས་སུ་མནན་ཏེ་ཚུལ་དུ་ཞུགས་པ་ལས་གཙུག་ལག་ཁང་དུ་ཟན་ཟ་བ་གཅིག་ཏུ་ཟན་གྱི་

ཕྱིར་ཡང་འདུག་རྙེད་པའི་ཡོན་ཆེ་བ་གཅིག་ཏུ་ཡང་ཡོན་འདོད་པའི་ཕྱིར་གནས་པ་ན་གང་དུ་རིང་དུ་གནས་པའི་གཙུག་ལག་ཁང་དེའི་ཡོན་སྐལ་ལ་དབང་ངོ་། །དགེ་སྦྱོང་ཕ་དང་དགེ་སྦྱོང་མའི་རྙེད་པ་ནི་སུམ་ཆ་མ་གཏོགས་པ་ལས་སོ། །གཙུག་ལག་ཁང་དུ་
རྟག་པར་ནར་མར་ཡོན་འབུལ་བ་ཞིག་ལས་འགོད་པ་ནི་དགེ་སློང་ཕ་དང་དགེ་སློང་མས་གསུམ་ཐོབ་ན་དགེ་སྦྱོང་ཕ་དང་དགེ་སྦྱོང་མ་གཉིས་སྦྱིན་ནོ། །ཡོན་བདག་གིས་འཕྲལ་དུ་ཕུལ་བ་ནི་དགེ་སློང་དང་མཉམ་པར་སྦྱིན་ནོ། །ཟས་ནི་མཉམ་མོ། །དགེ་འདུན་སྦྱིན་སྤྱིར་ཟས་ལྟ་བུ་
ཞིག་ཡོན་དུ་ཕུལ་བ་ལས་འགོད་པ་ནི་དགེ་སློང་དང་དགེ་སྦྱོང་མཉམ་པར་བགོ །བསྙེན་པར་རྫོགས་པར་འདོད་པ་དང་དགེ་སློང་མ་ཡང་ངོ་། །དགེ་སྦྱོང་ལོ་ཉི་ཤུ་ཚང་བ་དང་དགེ་སློང་ལོ་གཉིས་སྤྱད་ཟིན་ཏེ། བསྙེན་པར་རྫོགས་པ་རུང་བ་ཞིག་ན་ཡོན་ལ་སོགས་པ་བགོའོ། །ཅོག་མཉམ་
པར་བྱ། དགེ་སློང་དང་དགེ་སློང་མར་ན་ཆ་བླང་བ་ནི་དགེ་འདུན་གྱིས་མ་ཡིན་ཏེ་གང་ཟག་ཏུའོ། །དགེ་སློང་མའི་དགེ་འདུན་སྤྱིར་ཡོན་ཞིག་ཕུལ་བ་ལས་འགོད་པ་ནི་དགེ་འདུན་སྡེ་མཉམ་པར་མི་བགོའི་གྲངས་སུ་བགོ། །མ་བསྔོས་པར་མཆོད་སྟོན་གྱི་རྗེས་སུ་རྙེད་པ་ལ་དགེ་སློང་མས་
ཀྱང་ཟོས་ན་མ་གཏོགས་པ་མ་ཡིན་ནོ། །དགེ་འདུན་སྤྱན་དྲངས་ཏེ་དགེ་སློང་བཤོས་གསོལ་ཟིན་པའི་རྗེས་ལ་དགེ་སློང་མས་སླེབས་ན་དགེ་སློང་ཕྱིས་ཤོས་མི་དབང་བ་མ་ཡིན་ཏེ་དགེ་སློང་དང་མཉམ་པར་དབང་ངོ་། །སྟན་དང་ཆུ་དང་བསོད་སྙོམས་ལ་དགེ་སློང་དགེ་སློང་མ་བས་ཐུ་བོ་མ་
ཡིན་པ་མ་ཡིན་ནོ། །དགེ་སློང་གསར་དུ་ཁྲིམས་རྫོགས་ན་དགེ་སློང་མ་རྫོགས་ནས་ལོ་ཉི་ཤུ་ལོན་ཀྱང་སྟན་དང་ལག་ཆུ་འདྲིམ་པ་དགེ་སློང་ལས་སྔར་བྲིམ་མོ། །དགེ་སློང་མ་འཁོད་ན་རྒན་རིམས་ནས་སྟན་དོར། །དགེ་སློང་མ་འབའ་ཞིག་སྤྱན་དྲངས་ཏེ་བཤོས་གསོལ་བའི་ཚེ་ཕྱིས་
དགེ་སློང་ཕ་འོང་གིས་དོགས་པའི་ཕྱིར་དགེ་སློང་ཕའི་སྟན་གོང་དུ་གཉིས་གསུམ་ཙམ་གཞག་དགེ་སློང་ཕ་དེ་དག་གིས་སྦྱིན་པ་ལས་འཆགས་པ་བྱེད་མི་ནུས་ན་དགེ་སློང་མ་དག་གིས་སོ། །གཙུག་ལག་ཁང་དུ་ཡོན་བདག་གིས་དགེ་སློང་ཕ་དང་དགེ་སློང་མ་བཤོས་གསོལ་བའི་འོག་ཏུ་

ཚིགས་བཅད་དགེ་སློང་ཕས་ཀློག་མི་ནུས་ན་དགེ་སློང་མ་མཁས་པས་ཀྱང་རུང་། ཟས་འདྲིམ་པ་མངོན་པར་འདུག་ན་ཟས་སྙོམས་པར་བྲིམས་ཤིག་ཅེས་དགེ་འདུན་གྱི་གནས་བརྟན་གྱིས་ཐོག་མར་བསྒོ། །དགེ་འདུན་བཤོས་གསོལ་བའི་ཚེ་ཕྱག་ཚང་དང་ཐོང་ངན་གྱིས་འབྱོར་
ཚོགས་ཞེས་སྨྲས་ན་གནས་བརྟན་གྱིས་སྙོམས་པར་བྲིམས་ཤིག་ཅེས་བསྒོ། །འཁོར་དུ་བལྟས་ཏེ་མང་ལ་ཟས་ཉུང་ན་ཅི་འབྱོར་དུའོ་ཞེས་ཐོག་མར་རོ། །གཙུག་ལག་ཁང་ངམ་ཡོན་བདག་གི་གནས་སུ་དགེ་འདུན་བཤོས་གསོལ་བའི་ཚེ་གནས་བརྟན་གྱིས་དགེ་སློང་གྲངས་
ལས་ལྷག་པར་འོངས་ན་ཡོན་བདག་ལ་སྦྲན་ནས་དགེ་སློང་བཤོས་བཤུགས་ཏེ་ཐམས་ཅད་ཐོབ་པར་བྱ་བའི་ཕྱིར་བྲིམས་ཤིག་ཅེས་བསྒོ། །གཞན་དུ་ན་ཅི་ནུས་པས་སོ། །དགེ་སློང་གྲངས་བཅད་དེ་བཤོས་སྦྱར་བ་ལས་དེའི་ནང་ནས་ཁ་ཅིག་གུད་དུ་སྤྱན་དྲངས་ཏེ་དོང་ནས་ཟས་
ལྷག་པར་གྱུར་ན་དགེ་འདུན་ཁོང་རྟག་ཏུ་བཅིང་བ་དེར་བྲིམས་ཞེས་གནས་བརྟན་གྱིས་བསྒོ། །སམ་པྲ་ཏ་ཞེས་རྒན་རིམས་ལ་མ་བརྗོད་པའི་སྔོན་རོལ་དུ་མི་བླང་། བཤོས་འདྲིམ་པའི་ཚེ་ཐོང་ངན་གྱི་འབྱོར་ཚོགས་ཞེས་མ་སྨྲས་པར་བཤོས་བླངས་ན་གནས་བརྟན་ལ་འབྱོར་ཉེས་
བྱས་པའི་ཕྱིར་གནས་བརྟན་གྱིས་ཐོད་ངན་ལས་འབྱོར་ཚོགས་ཞེས་སྨྲོས་ཤིག་ཅེས་བསྒོ། །ཟས་སྟ་གོན་བྱས་ཏེ་སྤྱན་དྲངས་པ་ལས་གཞན་འོངས་ཏེ་དེ་ལ་སྦྲན། ཡོན་བདག་གཅིག་གིས་གྲངས་བཅད་དེ་སྤྱན་དྲངས་པ་ལས་ཡན་མན་ནས་དགེ་སློང་ལྷག་མ་ཞིག་འོངས་ན། ཡོན་
བདག་ལ་དགེ་སློང་འདི་སྙེད་ཅིག་འོངས་སོ་ཞེས་གནས་བརྟན་གྱིས་བསྒོ། ཆོས་གོས་གསུམ་བྱིན་ཅིག་ཅེས་དགེ་སློང་ལ་མི་བསྐྱུར། དགེ་སློང་ན་བ་ལ་དགེ་སློང་གྲོགས་ཀྱིས་ཆོས་གོས་གསུམ་བསྔོས་པ་ཁྱོད་སང་ངམ་ནམ་ཤི་ཏོལ་མེད་ན་ཆོས་གོས་དགེ་འདུན་ལ་དབུལ་བའི་
རིགས་སོ་ཞེས་མི་བསྒོ། བདག་མ་ཤི་ན་ཞག་རེ་ཉེས་བྱས་རེ་རེར་འགྱུར་བའི་ཕྱིར་རོ། །དགེ་འདུན་གྱིས་བླངས་ན་འདི་སོས་ན་སླར་སྦྱིན་ནོ་ཞེས་ཡིད་དེ་དག་ལས་གཞན་དུ་མ་ཡིན། མདོ་ལྟག་མ་ལྟར་དགེ་སློང་ནད་པས་ཆོས་གོས་བསྔོས་པ་དགེ་འདུན་ལ་ཡོན་དུ་ཕུལ་བ་དགེ་འདུན་གྱིས་

ཀྱང་ཁོ་སོས་ན་གོས་འདི་སླར་སྦྱིན་ནོ་སྙམ་དུ་བསམས་ཏེ་བླངས་ན་གོས་སླར་སྦྱིན། ཤི་ནས་བླ་འོག་ཏུ་བཅའ་བར་རོ། །དགེ་སློང་ཤི་ན་འོག་ཏུ་གདིང་བའི་རས་ཡུག་གཅིག་དང་སྟེང་དུ་གཡོགས་པའི་རས་ཡུག་གཅིག་གིས་གཡོགས་ལ་དོར། འབྲིང་པོ་ལྟག་མ་
ལྟར་རོ་ལ་གཡོགས་པའི་གོས་ནི་བཟང་པོ་ཡང་མ་ཡིན་ཏེ་འབྲིང་པོ་གཡོག །ལྟག་མ་ནི་མ་ཡིན་ནོ། །དགེ་སློང་ཕྱུག་པོ་ཤི་ན་དགེ་སློང་གྲོགས་ཀྱིས་གོས་བཟང་པོ་མང་པོ་ཞིག་གིས་གཡོགས་ཏེ་དོར་ཞེས་ཟེར་ནའང་ཅི་རན་པར་དཀྲིས་ཏེ་དོར་རོ། །དྲི་བ་དང་བཅས་པ་ཕྲན་ཚེགས་
ལ་སོགས་པར་ཆུད་པ་སྟེ་གོས་ཀྱི་དངོས་པོའོ། །དྲིས་པ་དང་ཕྲན་ཚེགས་ལ་སོགས་པའི་ནང་ནས་འབྱུང་བ་སྟེ་གོས་ཀྱི་དངོས་པོ་རྫོགས་སོ།། །།གོས་ཀྱི་དངོས་པོའོ། །འདི་མན་ཆད་པགས་པའི་དངོས་པོ་ལ་འཆད་དེ། ཡུལ་དབུས་མའི་མཚམས་ནི། ཡུལ་གྱི་དབུས་ནི་སངས་རྒྱས་སྔ་
རབས་ཀྱང་གནས་དེ་ནས་འདས་ཕྱིས་འདའ་བར་འགྱུར་བའང་མ་ཧཱ་བོ་དེ་ནས་འདས་པས་ན་རྡོ་རྗེའི་གདན་བཞུགས་ཏེ་ཡུལ་གྱི་དབུས་བྱ་སྟེ། གང་ཚུན་ཆད་དབུས་སུ་བརྩི་བ་འོག་ནས་འཆད། ཤར་ཕྱོགས་ཀྱི་མཚམས་ནས་པུན་ཏྲ་བརྟ་ནའི་མདུན་གྱི་ཚལ་བུ་འདའ་ཀ་ཞེས་བྱའོ། །པུན་
ཏྲ་བརྟན་ཞེས་བྱ་བའི་མཚམས་ཚུན་ཆད་དབུས་སུ་བརྩི། པུན་ཏྲ་བརྟ་ན་ཞེས་བྱ་བ་ཉིད་ནི་མཐའ་འཁོབ་ཏུ་བརྩི། དེའི་མདུན་ན་ཚལ་བུ་འདའ་ཀ་ཞེས་བྱ་བ་ཚུན་ཆད་ཡུལ་གྱི་དབུས་སུ་བརྩི་སྟེ། ལྷོ་ཕྱོགས་ཀྱི་ནི་ཤ་ར་བ་ཏི་ཞེས་བྱ་བའི་ཆུ་བོ་དེའོ། །ལྷོ་ཕྱོགས་ཀྱི་མཚམས་ནི་ཤ་ར་བ་ཏི་གཙང་
པོ་ཆེན་པོ་ཚུན་ཆད་ཡུལ་གྱི་དབུས་སུ་བརྩི། ནུབ་ཕྱོགས་ཀྱི་ནི་བྲམ་ཟེའི་གྲོང་ཏུ་ན་དང་ཨུ་པ་ཏུ་ནའོ། །ནུབ་ཕྱོགས་ཀྱི་བྲམ་ཟེ་སྤུན་གཉིས་ཏུ་ན་དང་ཨུ་པ་ཏུ་ན་དང་གཉིས་ཀྱི་གྲོང་ཁྱེར་ཚུན་ཆད་ཡུལ་གྱི་དབུས་སུ་བརྩི། བྱང་ཕྱོགས་ཀྱི་ནི་ཨུ་ཤི་རའི་རིའོ། །བྱང་ཕྱོགས་ཀྱི་ནི་ཨུ་ཤི་ར་
ཞེས་བྱ་བའི་ཡུལ་དེ་ན་རྩ་མན་མ་ཞིམ་པོ་ཞིག་སྐྱེ་བའི་ཡུལ་དེ་ཚུན་ཆད་དབུས་སུ་བརྩི། མཐའ་འཁོབ་ཏུ་ལྷམ་བོལ་མེད་བཅང་། ལྷག་མའི་ཕྱོགས་བཞིའི་མཚམས་ཕན་ཆད་ནི་ལྷམ་བོལ་མེད་གྱོན་དུ་དབང་། མལ་སྟན་སྦ་བའི་ཕྱིར་ཡང་ངོ་། །ཡུལ་གྱི་དབུས་ན་མལ་སྟན་ལ་རྡུལ་

མི་གོས་པར་བྱ་བའི་ཕྱིར་ལྷམ་བོལ་མེད་བཅངས་ཀྱང་ཉེས་མེད། ཚིག་རིམ་མོ། །ལྟག་མ་ལྟར་དབུས་སུ་ལྷམ་གྱོན་དུ་དབང་བ་ནི་ཆིག་རིམ་དུ་བྱ། ལྷན་པ་སྦྱིན་པས་བཅོས་ལྷམ་རྡོལ་ན་ལྷན་པ་གླན། རིམ་པ་གཞན་དུ་མི་བྱ། རྟིང་པའམ་བྲང་བ་གང་དུ་རྡོལ་བར་གླན་གྱི་ཆེར་ནི་མི་གླན་
ནོ། །ཁྱིམ་པས་གོམ་པ་བདུན་ཙམ་དུ་སྤྱོད་སྤྱོད་ན་རིམ་མང་པོ་ཡང་ངོ་། །ལྷམ་མཐིལ་རིམ་པ་བདུན་ཙམ་དུ་སྟུག་པོའང་ཁྱིམ་པས་གོམ་པ་དྲུག་བདུན་ཙམ་བགོས་པས་རྙིངས་པར་ཆུད་དེ་གྱོན་དུ་དབང་། བརྟགས་པ་ཙམ་གྱི་ཕྱིར་དེའི་དབང་གིས་སྦྱར་བར་བླངས་ནི་མ་བརྟགས་
པར་བླངས་པ་མ་ཡིན་ནོ། །བདག་ལ་ལྷམ་སར་པ་ཀོ་བ་རིམ་པ་མང་པོ་ཅན་ཡོད་ན་རིམ་པ་གཅིག་གཏོགས་པས་བརྟགས་པར་ཆུད་ཡང་གཅིག་ཏུ་ན་ཁྱིམ་པ་ལ་གོམ་པ་དྲུག་བདུན་ཙམ་གྱོན་དུ་འང་བརྟགས་པར་ཆུད་དེ་གྱོན་དུ་དབང་། རི་མོ་དང་ཉེ་བའི་རི་མོ་མ་ཡིན་པ། ལྷམ་
མདའ་ཚོན་གྱིས་བྲིས་པའི་རི་མོ་ཅན་གྱོན་དུ་མི་དབང་། ལུག་རུ་ལྟ་བུར་མ་ཡིན། ལྷམ་གྱི་བོལ་ལ་སྟེ་འཛོམ་གྱི་གོང་རས་འདྲ་བས་བརྒྱན་པའི་ལྷམ་མི་དབང་། ཤུ་བ་ཏ་དང་ཀ་རི་བྱའི་ལོ་མ་ལྟ་བུ་མ་ཡིན། ལྷམ་གྱི་བོལ་ལ་ཤིང་བོ་དེའི་ལོ་མ་དང་འདྲ་བ་དང་གོང་ནན་ཏན་གྱི་རི་
མོ་འདྲ་བ་རྟ་བག་ཏུ་འདུག་པས་བརྒྱན་པའི་ལྷམ་མི་བགོ །གསེར་དངུལ་གྱིས་སྤྲས་པ་མ་ཡིན། གསེར་དངུལ་དང་རིན་པོ་ཆེས་བརྒྱན་པའི་ལྷམ་མི་བགོ །ཙི་གི་ཙི་ཀི་མ་ཡིན། འདི་སྐད་ཅེས་ཟེར་བའི་ལྷམ་མི་བགོ །ཀི་ནི་ཀི་ནིར་མ་ཡིན། འདི་སྐད་སྒྲ་འབྱུང་བའི་ལྷམ་མི་
བགོ །ཁི་ནི་ཁི་ནིར་མ་ཡིན། འདི་སྐད་དུ་ཟེར་བའི་ལྷམ་མི་བགོ །ཛི་ནི་ཛི་ནིར་མ་ཡིན། དེ་སྐད་ཟེར་བ་ལ་སོགས་པའི་ལྷམ་གྱོན་ན་ཉེས་བྱས། གཞན་ཡན་ཏྲོག་ཏྲོག་པོར་སྐྱེ་བ་མ་ཡིན། ལྷམ་སྒྲོག་པོར་འགྱུར་བའི་ལྷམ་མི་བགོ །ཞིང་དུ་བྲེས་པ་མ་བརྟགས་པ་མ་ཡིན། ལྷམ་
གྱི་བོལ་འབྲིང་བུས་ཆུ་ཞེང་དུ་བྲེས་པ་བགོ་དབང་དེ་མདུན་དང་རྟིང་བར་རིམ་པ་ཅན་བཅང་། ལྷམ་སོར་མོའི་སྟེང་གཡོགས་པ་དང་རྟིང་པ་ཀོ་བ་འཁྱུད་པ་ནི་བྱ་རྒོད་ཀྱི་ཕུང་པོ་ལ་འཛེག་པའི་ཚེ་གྱེན་བུ་ལ་འགྲོ་བའི་ཚེ་མི་འབྱིན་པ་དང་ཐུར་བུ་ལ་མི་སྣད་པའི་ཕྱིར་བཅངས་ཀྱང་ཉེས་མེད།

ལ་ལའི་ཆུ་ལས་སྐྱེས་པའི་ཡང་ངོ་། །སྦྲུལ་ཡན་མན་དུ་སོང་བའི་མཆིལ་མ་དང་ཁ་ཆུས་སམ་རྩྭ་ལ་རེག་པ་ལ་རྐང་པ་ལ་རེག་ན་གདུག་པར་འགྱུར་བའི་ཕྱིར་བོལ་ཅན་གྱི་ལྷམ་བཅངས་ཀྱང་ཉེས་མེད་དོ། །ལྷམ་ཡུ་རྡུམ་ཡང་ངོ་། །ལྷམ་ཡུ་རྡུམ་གྱོན་དུ་དབང་
ངོ་། །ཆབ་བྲོམ་དུ་འགྱུར་བའི་ཡུལ་དུ་ཞྭ་དང་ཡུ་རིངས་ཀྱང་ངོ་། །ཡུལ་ལྷག་པ་ཆེ་སྟེ་ཆབ་བྲོམ་ཡོད་པའི་ཡུལ་དུ་ཞྭ་དང་ལྷམ་ཡུ་རིངས་བགོར་གནང་ངོ་། །དགེ་སློང་མ་ཡུལ་གྱི་དབུས་སུ་ན་ན་ཞྭ་དང་ལྷམ་དབང་ངོ་། །མཐའ་འཁོབ་ཆབ་བྲོམ་ཡོད་པའི་ཡུལ་དུ་ནི་ཞྭ་དང་ལྷམ་གྱོན་དུ་དབང་།
མཆོད་པའི་དྲུང་དུ་ལྷམ་བགོས་ཏེ་མི་སྤྱད། དཀོན་མཆོག་གསུམ་དང་མཁན་པོ་དང་སློབ་དཔོན་ལྔ་ལ་ཕྱག་འཚལ་ཞིང་མཆོད་པའི་ཚེ་གན་དུ་ལྷམ་གྱོན་ཏེ་མི་འགྲོ །སེང་གེ་དང་སྟག་དང་གཟིག་དང་བ་གླང་ཅང་ཤེས་ཀྱི་ཡན་ལག་ལས་ཅུང་ཟད་ཀྱང་ལུས་ལ་མི་ཐོགས། མིང་
གིས་སྨོས་པ་འདི་རྣམས་ཀྱི་པགས་པ་དང་སོ་དང་རུས་པ་དང་སྡེར་མོ་ལ་སོགས་པ་ལུས་ལ་བགོ་བའམ་ལྷམ་ལ་བརྒྱན་པར་མི་བྱ། བ་གླང་ཕལ་དང་རྟ་མ་རུང་བ་དང་དེ་ལས་གཞན་རི་དགས་ཁྲ་བོ་དག་ཀྱང་ཆུད་དོ། །མིང་གིས་སྨོས་པ་འདི་རྣམས་ཀྱང་མདོ་སྟེང་མ་དང་འདྲ་བར་བགོ་བ་དང་སྤྱད་
ཅིང་གདགས་པར་མི་བྱ། ལྷམ་མི་སྤྲུག །ལྷམ་རྡུལ་ཅན་ལ་ལ་བརྡབས་པའམ་ནང་མི་དྲུད་མི་བརྡབ། རས་མ་ལ་ཆུས་བརླན་ཏེ་འདི་ལ་རྡུལ་དབྱུང་བའི་ཕྱིར་བཅངས་ལྟག་མ་ལྟར་རྡུལ་ཅན་མི་བརྡེབ་པར་རས་མ་ལ་ཆུས་བརླན་ཏེ་ལྷམ་ཕྱི་ཞིང་འདར་བའི་ཕྱིར་རས་མ་དེས་ཕྱིས་ཀྱང་
དགོས་པའི་ཕྱིར་སྦས་ཏེ་གཞག །དེ་བཙེམ། ལྷམ་རལ་ན་བཙེམ་སྟེ་ཐབས་འོག་ནས་འཆད། མི་མཛེས་པའི་དངོས་པོ་བྱེད་ན་ཕྱོགས་དབེན་པར་རོ། །ལྷམ་བཙེམ་པ་མི་མང་པོས་མི་མཐོང་བའི་ཕྱིར་ལྐོག་དབེན་པར་རོ། །དེའི་ཕྱིར་བསྙུང་བུ་དང་གླ་རྒྱུན་བཅངས་ཡན་མན་ཡུལ་
རྒྱུ་བའམ་གནས་ན་འདུག་པའང་རུང་ལྷམ་རལ་ན་བཙེམ་པའི་ཕྱིར་གླ་རྒྱུན་དང་བསྙུང་བུ་བཅང་བཟོ་གྲི་མ་ཡིན། བཟོ་གྲི་ལྟག་དགྱེ་དགེ་སློང་གིས་མི་བཅང་། ཤིང་ལྷམ་མི་གོན། དགེ་སློང་ཤིང་ལྷམ་གྱོན་དུ་མི་གནང་སྟེ་གནང་བའི་སྐབས་འོག་ནས་འཆད། གྲོང་མི་གཙང་བའི་

གནས་ལས་གཞན་དུའོ། །གྲོང་བར་དུ་འདམ་ཡོད་པར་གྲོང་དུ་ཞག་ལོན་པ་ལ་ཁྱིམ་པས་མལ་སྟན་བསྲུང་བའི་ཕྱིར་ལྷམ་གྱོན་ཅིག་ཅེས་བགོ་བ་དང་། བཤང་ས་ཆེ་ཆུང་དུ་འགྲོ་བའི་ཚེ་གྱོན་དུ་དབང་། སྨྱིག་མའི་ལོ་མ་དང་མུན་ཛ་དང་སི་རི་དང་འདར་བ་ལས་མ་ཡིན། མིང་གིས་སྨོས་པ་འདི་
རྣམས་ཀྱི་རྒྱུ་ལས་ལྷམ་བྱས་ཏེ་མི་བགོ །སྐུད་པའི་ཡང་ངོ་། །རྩྭ་ལས་སྐུད་པར་བཀལ་བའི་ལྟམ་མི་བགོ །ཏྲག་ཡོད་ན་མ་ཡིན་ནོ། །ཏྲག་ཅན་གྱིས་གོང་མ་མིང་གིས་སྨོས་པ་རྣམས་ཀྱིས་རྩྭ་ལས་ལྷམ་བྱས་ཏེ་གྱོན་དུ་གནང་བ་ནི་ཏྲག་ཅན་གྱི་ཆོ་ག་བྱ་བའི་ཕྱིར་དྲོ་བར་རྐང་པ་དང་བཅས་ཏེ་གཞུག་པའི་ཕྱིར་
གནང་ངོ་། །གྲོང་དུ་གཞན་མེད་ན་པགས་པ་ལ་འདུག །གྲོང་དུ་སྤྱན་དྲངས་ཏེ་པགས་པ་སྟན་དུ་བཏིང་ན་སྟན་གཞན་མེད་དམ་ཞེས་སྨྲོས་ཏེ་སྟན་གཞན་མེད་ཅེས་ཟེར་ན་པགས་སྟན་ལ་འདུག་ཀྱང་ཉེས་མེད་དོ། །དེར་ཡང་དེ་ལ་འདི་ལྟ་བུའི་རྐྱེན་ཡང་མི་འདུག་གཙུག་ལག་ཁང་ན་ནི་རྐྱེན་ཡོད་ཀྱང་པགས་སྟན་
ལ་འདུག་པའམ་ཉལ་དུ་དབང་། མིག་གི་ཕྱིར་དོམ་ལྤགས་བཅང་། མིག་ལ་ཕན་པའི་ཕྱིར་དོམ་ལྤགས་བཅངས་ཀྱང་ཉེས་མེད། རྐང་པའི་གནས་སུ་གདིང་། ལྟག་མ་ལྟར་བཅང་བ་ནི་སྟན་དང་རྐང་པ་ཕྱི་བར་བྱ། སངས་རྒྱས་ཀྱི་ནི་དྲི་གཙང་ཁང་གི་སྒོར་རོ། །སངས་རྒྱས་ལ་དོམ་
ལྤགས་ཡོན་དུ་ཕུལ་ན་དྲི་གཙང་ཁང་གི་སྒོར་བཞག་སྟེ་ཡན་མན་དུ་དོང་བའི་མིག་ལ་ཕན་པའི་རྐང་པ་ཕྱིས་ཏེ་འགྲོ །ལྷམ་བོལ་མེད་བགོ །དོམ་ལྤགས་ཀྱི་ལྷམ་མིག་ལ་ཕན་པའི་ཕྱིར་བགོས་ཀྱང་ཉེས་མེད། རླུང་གིས་ནི་འདུག་ཅིང་ཉལ། རླུང་ནད་ཅན་དོམ་ལྤགས་ཀྱི་སྟེང་ཉལ་ལམ་
འདུག་ཀྱང་ཕན་པའི་ཕྱིར་དབང་ངོ་། །མཁྱེན་པས་བརྟགས་པ་ཐམས་ཅད་ལ་འདི་མཁོ། དོམ་ལྤགས་ཀྱི་སྟེང་ན་འདུག་ན་མཁྱེན་པས་བརྟགས་པ་བད་ཀན་བྱུང་བར་ཕན་པའི་ཕྱིར་བཅང་། སྤུས་རེག་ན་ཕན་པར་ཤེས་པར་བྱ། ལྟག་མ་ལྟར་དོམ་ལྤགས་བཅངས་པ་ནི་ཤ་ལ་རེག་པ་
ནི་མ་ཡིན་གྱི་སྤུ་ལ་རེག་པ་ནི་ཕན། ལྷམ་བོལ་མེད་རིམ་པ་མང་པོ་ན་ཡང་ངོ་། །ལྷམ་བོལ་མེད་ཀོ་བ་རིམ་པ་མང་དུ་བྱས་ཀྱང་རྐང་པ་འབྱར་བའི་རིམ་གཅིག །དོམ་ལྤགས་སྤུ་ཡང་བསྟན་ཏེ་བྱས་ན་རིམ་པ་མང་ཡང་ཉེས་མེད། མདོ་འོག་མའི་ཏི་ཀའོ། །དུ་མའི་སྟེང་དུ་གཅིག་བཞག་

ན་ཡང་ངོ་། །དོམ་ལྤགས་འབའ་ཞིག་ལས་ལྷམ་རིམ་པ་མང་པོ་ཞིག་བྱས་ཏེ་གྱོན་ཀྱང་ཉེས་མེད་དོ། །མདོ་སྟེང་མའི་ཏི་ཀའོ། །ཨ་སྨ་བ་རནྡ་ཀ་ལས་གཞན་དུ་མི་བཅང་། ཡུལ་ཨ་སྨ་བ་རནྡ་ཀ་ཞེས་བྱ་བ་ནི་སྟག་གཟིག་ལ་སོགས་པ་མ་གཏོགས་པར་གཞན་ཐམས་
ཅད་པགས་པ་བཅང་དུ་དབང་ངོ་། །སེང་གེ་ལ་སོགས་པའི་ཡང་མ་ཡིན། ཡུལ་ཨ་སྨ་པ་རནྡ་ཀ་ན་སེང་གེ་དང་སྟག་དང་གཟིག་གི་པགས་པ་གྱོན་དུ་མི་དབང་། རྒྱུས་པ་དང་རུས་པ་དང་སོ་དང་ཤ་དང་ཚིལ་དག་ཀྱང་གང་གི་པགས་པ་མ་བརྟགས་པ་དེའི་འོ། །ལྟག་མ་ལྟར་པགས་པ་
བཅད་དུ་མི་གནང་བ་རྣམས་ཀྱི་མིང་གིས་སྨོས་པ་འདི་རྣམས་མི་བཅང་། རྐྱལ་པ་བཅང་། རྐྱལ་པ་བཅངས་ཀྱང་ཉེས་མེད། ངུར་སྨྲིག་གམ་སྔོན་པོར་ཡང་ངོ་། །རྐྱལ་པའི་ཁ་དོག་འདི་འདྲ་བར་བྱ། རི་མོ་དང་རི་མོར་ཉེ་བ་མ་ཡིན། རྐྱལ་པ་རི་མོ་ཅན་མི་བཅང་། རྐྱལ་མི་ཤེས་པ་ཐམས་
ཅད་མ་སྦྱངས་པར་ཆུ་ཟབ་མོར་མི་འཇུག །བདག་རྐྱལ་མི་ཤེས་པར་གྲུའམ་གཟིངས་སམ་ཤིང་ལེབ་ལྟ་བུའི་ཐབས་མ་སྦྱར་བར་ཆུ་ཆེན་པོར་མི་འཇུག །དབེན་པའི་ཕྱོགས་སུ་རྐྱལ་བསླབ། དགེ་སློང་དབེན་པར་རྐྱལ་སློབས་ཤིག །གཏིང་ཟབ་ལ་གླང་པོ་མ་གཏོགས་ཏེ་བ་ལས་མི་
འཇུག་ཆུ་ཆེན་པོ་ལ་བའམ་གླང་བུ་མ་གཏོགས་པར་གླང་པོ་ཆེན་པོའི་མཇུག་མ་ལ་འཇུས་ཏེ་འགྲོ་བའི་མཇུག་མ་ལ་འཇུས་ན་ཉེས་བྱས། གླང་བུ་ལ་འཇུས་ན་སྟོབས་ཆུང་བའི་ཕྱིར། འཇུ་བ་ནི་བ་གླང་དང་རྟ་དང་མ་ཧེ་དང་གཡག་ལས་སོ། །མིང་གིས་སྨོས་པ་འདི་རྣམས་མ་ཡིན་པའི་
མཇུག་མ་ལ་མི་འཇུ། པགས་པའི་དངོས་པོའོ།། །།འདི་མན་ཆད་སྨན་དཔྱད་ལ་འཆད་དེ། སྨན་སྤྱད། དགེ་སློང་ནད་པས་སྨན་བཟའ་བར་སྤྱད་པ་དང་དགེ་བའི་བར་ཆད་དུ་མི་འགྱུར་བའི་ཕྱིར་སྤྱད་དོ། །འདི་ལ་རྣམ་པ་བཞི་སྟེ། ཟས་ཀྱི་སྨན་རྣམ་པ་བཞི་ལ་སྐད་ཅིག་པ་དང་ཕྱི་
དྲོ་བ་དང་ཞག་བདུན་པ་དང་ཚེ་གཅིག་པའོ། །སྐད་ཅིག་པ་ནི་སྐྱ་རེངས་བྱུང་ནས་དྲོའི་བར་དུའོ། །ཐུན་གྱི་སྐྱ་རེངས་བྱུང་ནས་ཉི་མ་ནུབ་ཀྱི་བར་དུའོ། །ཞག་བདུན་པ་དང་ཚེ་གཅིག་པ་ནི་དངོས་སུ་ཟད་དོ། །ནད་པ་ལ་དང་པོ་མ་ཡིན་པའོ། །སྐད་ཅིག་པའི་ཟས་ནི་ན་བ་དང་མི་ན་བ་དང་

མི་ན་བ་འདྲ་སྟེ་བཟར་རུང་སྟེ་ནད་པས་ཟས་ཞག་ཏུ་བཞག་ནི་མི་དབང་། གཞན་གསུམ་ནི་ནད་པས་བཅངས་ཀྱང་ཉེས་མེད། ཚོ་ཙ་དང་མོ་ཙ་ཏ་ཀོ་ལ་དང་ཀ་ཤུད་ཏའི་དང་ཨུ་དུམ་བཱ་ར་དང་པ་རུ་ཤ་ཀ་དང་རྒུན་འབྲུམ་དང་ཁ་ཟུ་རའི་ཆུ་ནི་ཐམས་ཅད་ལའོ། །མིང་གིས་སྨོས་པ་འདི་རྣམས་
ཀྱི་འབྲས་བུའི་ཁུ་བ་བཙགས་ཏེ་ན་བའང་རུང་མི་ནའང་རུང་བཙགས་ཏེ་འཐུང་ངུ་དབང་ངོ་། །སྔ་དྲོའང་འཐུང་ངུ་དབང་ངོ་། །དེ་བཞིན་དུ་འབྲས་བུའི་ཚ་དང་། ཚྭ་དང་ཞོ་ཁུ་དང་ཚུར་ཁུ་དང་རྩྭ་བ་མོ་དག་གོ། །མིང་གིས་སྨོས་པ་འདི་རྣམས་བཙགས་ཏེ་ནའང་རུང་མི་ནའང་རུང་ཕྱི་དྲོའང་འཐུང་ངུ་
དབང་ངོ་། །འདི་རྣམས་ཆུས་བརྟགས་དགོས་སོ། །ཆུ་དབྱེ་སྣམ་བུར་བཙགས་ཏེ་དང་བ་བཞིན་སྣང་བ་ཤར་བ་དེའི་ཁ་དོག་ལྟ་བུའོ། །མདོ་ལྟག་མའི་བཏུང་བ་རྣམས་ཚགས་སུ་བཙགས་ཏེ་དད་པར་བྱས་ལ་བཞིན་སྣང་ལ་ཆུས་བརྟགས་ལ་བཏུང་དུ་དབང་ངོ་། །དེའི་ཕྱིར་
སྔོན་དུ་བསྙེན་པར་རྫོགས་པར་རེག་པ་མི་རིགས་ཏེ་མཚན་མཚུངས་པས་ནའོ། །མདོ་ལྟག་མ་ལྟར་བཏུང་བ་རྣམ་པ་བཅུ་གསུམ་སྔ་དྲོ་དགེ་སློང་བདག་གིས་བཙིར་ཞིང་བཙགས་ན་བཏུང་དུ་རུང་། ཕྱི་དྲོ་ནི་བྱིན་ལེན་བྱས་ཀྱང་དགེ་སློང་གིས་བཙིར་ཞིང་བཙགས་ཀྱང་འཐུང་ངུ་
མི་དབང་གི །དགེ་སྦྱོང་ངམ་ཁྱིམ་པ་ཞིག་གིས་བཙིར་བཙགས་ལ་ཆུས་བརྟགས་ཏེ་བྱིན་ལེན་བྱས་ནས་འཐུངས་པ་ནི་ཉེས་མེད། ཨ་རུ་ར་ལ་སོགས་པ་ལྔ་ཡང་ངོ་། །ཨ་རུ་ར་དང་རེའུ་ར་དང་ཨ་མ་ལི་དང་། པི་པི་ལིང་དང་ན་ལེ་ཤམ་དང་ལྔ་ནི་དགེ་སློང་ནའང་རུང་སྔ་དྲོའང་རུང་
ཟར་དབང་ངོ་། །བུ་རམ་ཡང་ངོ་། །བུ་རམ་དང་ཁ་ར་ཕྱི་དྲོའང་བཟར་རུང་། བུ་རམ་དང་ཁ་ར་ཆུས་བྱས་ཏེ་བཏུང་དུའང་དབང་། འདི་བསྔོས་པ་ལས་བཟའ་བ་ནད་པ་བཞིན་པ་ནི་ལམ་པ་དང་རྫས་འཚོ་དང་ལས་སར་པ་པ་ཡང་ངོ་། །སྨན་ཞག་བདུན་དུ་བསྔོས་ཏེ་བཞག་པ་ནད་པ་བདག་
ཀྱང་བཟའ་གྲོགས་པོ་གཞན་ཡང་བཟར་རུང་བ་བཞིན་དུ་ལམ་རིང་པོ་ནས་ངལ་ཆད་དེ་འོངས་པ་དང་། དགེ་འདུན་གྱི་མལ་སྟན་རྫི་ལ་སོགས་པ་དང་གཙུག་ལག་ཁང་གསར་དུ་བརྩིག་པར་བསྐོ་བའི་དགེ་སློང་དང་འདི་རྣམས་བཟར་དབང་ངོ་། །ཟན་བཅད་པས་དུས་མ་ཡིན་པའི་འདི་

བཟའ། དགེ་སློང་དྲོ་ཡོལ་ཏེ་ཟན་མ་ཟོས་པའང་། སྨན་ཞག་བདུན་པ་བཟར་རུང་། སྐོམ་ནི་ཐུན་དུའོ། །ཕྱི་དྲོ་བཏུང་དུ་དབང་བ་རྣམས་ནང་པར་ནས་ཉི་མ་ནུབ་ཀྱི་བར་དུ་བཏུང་དུ་རུང་བ་ལས་བྱ། དང་པོའོ། །ཐུན་བཏུང་བའི་སྐོམ་དེ་རྙོག་མ་ཅན་མ་ཡིན་པ་
དང་བ་ལ་བྱ། དེར་མ་རེག་པའི་རྫས་ཏེ་འོ་ན་ཏེ་དུས་ཀྱི་ནི་བསྙེན་པར་མ་རྫོགས་པས་མཉེ་ཞིང་སྣམ་བུར་བཙག །ལྟག་ཏུ་ཕྱི་དྲོ་བཏུང་བ་རྣམ་པ་བརྒྱད་སྔ་དྲོ་དགེ་སློང་གིས་བྱིན་ལེན་བླངས་ཏེ་སྔ་དྲོ་བདག་གིས་མཉེས་ཏེ་བཏུང་དུ་རུང་བ་དང་ཕྱི་དྲོ་དགེ་སློང་གིས་མཉེ་ཞིང་བཙག་ཏུ་མི་རུང་ཞིང་
དགེ་སློང་གིས་བཙགས་ཤིང་བྱིན་ལེན་བྱ་བ་དེ་བཞིན་དུ་རྣམ་པ་བརྒྱད་པོ་འདི་ལ་མ་གཏོགས་པར་ཤོ་གམ་ལ་སོགས་པ་གཞན་ཡང་བརྩི། འོག་འདི་དང་འདྲ། བལ་པོ་སེའུ་དང་པི་ཟང་སུ་ར་ག་ལ་སོགས་པའི་རྫས་གཞན་ཡང་འདིར་རོ། །འདི་རྣམས་ཀྱང་ལྟག་ཏུ་བརྒྱད་མིང་གིས་
སྨོས་པའི་བརྩི་འོག་དང་འདྲ་སྟེ། ཕྱི་དྲོ་དགེ་སློང་གིས་བཙག་ཅིང་ལས་བྱར་མི་རུང་སྟེ་དགེ་སྦྱོང་གིས་བྱ། དུས་ཀྱིར་ན་ཐུན་གྱི་མཐར་རོ། །ལག་ཏུ་རྣམ་བརྒྱད་དང་བལ་པོ་སེའུ་ལ་སོགས་པ་དྲོ་ཟོས་ནས་དམར་ཐག་མ་ཆད་ཚུན་ཆད་དུ་དགེ་སྦྱོང་གིས་མཉེས་བཙགས་ཏེ་ངོ་སྣད་ན་དགེ་
སློང་འཐུང་དུ་དབང་ངོ་། །དམར་ཐག་གི་མཚམས་འདས་ཏེ་འཐུང་དུ་མི་དབང་ངོ་། །གཞན་ཡང་དེའོ། །ཞག་བདུན་པ་དང་ཚེ་གཅིག་གི་སྔགས་ཀྱིས་བརྟགས་པ་ལས་སྐོམ་དུ་བྱས་ནའང་དམར་ཐག་མ་ཆད་ཚུན་ཆད་འཐུང་དུ་རུང་། དེ་མ་གྱུར་ན་སྟེང་གང་དུ་གྱུར་ནའང་དེར་རོ་ཞེས་
འགའ་ལས་སོ། །སྐོམ་དུ་བཏུང་བ་ཉུག་པོར་སྦྱར་བ་ལས་སྐྱུར་པོར་གྱུར་པ་དང་། དང་བར་བྱས་པ་ལས་རྙོག་མ་ཅན་དུ་འགྱུར་བ་ཐུན་མ་འདས་ཀྱང་བཏུང་དུ་རུང་ངོ་ཞེས་འོག་ནས་འཆད། འདུལ་བ་འཛིན་པ་ཁ་ཅིག་ན་རེ་སྐོམ་བཏུང་བའི་རྣམས་ལ་ད་ལྟར་ར་མི་རོའང་དེའུ་རེ་ར་རོ་བར་
འགྱུར་བ་དང་ད་ལྟར་དང་ཡང་དེའུ་རེ་རྙོག་མ་ཅན་དུ་འགྱུར་བ་དང་། ད་ལྟར་མངར་ཀྱང་དེའུ་རེ་སྐྱུར་པོར་འགྱུར་བས་བཏུང་དུ་མི་རུང་ཞེས་བཤད། དེ་མི་བཟང་སྟེ་དུས་ལས་འདས་པར་གནས་ན་ནི་མི་སྐྱེ་བ་ཐོབ་དེ་ཡང་འོང་བ་ན་ཕལ་གྱིས་མི་ཆུད་པའི་ཕྱིར་མི་བསྔོས་པར་འཐོབ་

པས་སོ། །ལྟག་ཏུ་མངར་པོ་ལས་སྐྱུར་པོར་གྱུར་པ་དྭངས་པ་ལས་རྙོག་པོར་འགྱུར་བ་དང་ར་མི་རོ་བ་ལས་ར་རོ་བར་གྱུར་ན་ཐུན་པ་འདས་ཀྱང་བཏུང་དུ་མི་རུང་ངོ་ཞེས་འབྱུང་བ་དེའི་གཞུང་བཙན་པར་བྱས་ཏེ་གཟུང་གི་ལྟག་ཏུ་མཁན་པོའི་ཚིག་ཕྱིས་འགྱུར་ཞེས་ཟེར་བ་མི་བཙན་ཏེ་དེའི་
ཚིག་མི་གཟུང་ངོ་། །འདིར་རོ་ཞུགས་པའི་ཕྱིར་ཕྱེ་བའི་སྐོམ་བུ་རམ་ཤིང་དང་རྒུན་འབྲུམ་ལ་སོགས་པ་ཆུ་མ་བླུགས་ཀྱང་ཁུ་བ་རང་འབྱུང་བས་ཐུན་མ་འདས་ཚུན་ཆད་བཙགས་ཏེ་འཐུང་དུ་རུང་ཕྱེ་མའི་སྐོམ་ཡང་བཏུང་དུ་རུང་སྟེ་གང་ཡིན་པ་ནི་སྒ་དང་པི་པི་ལིང་ལ་སོགས་པ་བུར་མར་བྱས་ཏེ་
གླུམ་གྱི་རླངས་པ་ལ་བདུགས་ཏེ་རོ་ཡོད་པ་དང་ཆུ་དང་བསྲེས་ཏེ་ཐུན་གྱི་བར་དུ་བཏུང་དུ་དབང་། སོ་བི་རའི་ཡང་དང་ངོ་། །སོ་བི་ར་གང་ཡིན་པ་ནི་འོག་ནས་འཆད་དེ། སོ་བི་རས་བརླན་པའི་ཁུ་བའང་བཏུང་དུ་རུང་། འདི་ནི་འབྲས་བུ་ལ་སོགས་པའི་སྨན་བརྙན་ནས་སྐྱུར་ནའོ། །སོ་བི་
ར་ཞེས་བྱ་བ་ནི་ཆུ་བ་ཏི་ད་མ་ཏི་ལ་སོགས་པ་འབྲས་བུ་དང་མེ་ཏོག་ལས་སྐྱུར་བ་གང་ཡང་རུང་སྟེ་ཆུ་བར་སྦྱར་ན་ཐུན་གྱི་བར་དུ་བཏུང་དུ་རུང་ངོ་། །འདི་མན་ཆད་ནི་སྐད་ཅིག་མ་དང་ཐུན་གྱི་བར་དུ་ཆུ་ལས་བཤད། མར་དང་ཡུངས་མར་དང་སྦྲང་རྩི་དང་བུ་རམ་ནི་ཞག་བདུན་པའི། མིང་
གིས་སྨོས་པ་འདི་རྣམས་ནི་ཞག་བདུན་པའི་སྨན་ནོ། །ཁཎྜ་དང་བུ་རམ་དང