Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 165

Văn bản gốc(Tây Tạng)

Trang 10 / 22 (50.000 ký tự/trang)
ཐག་ཆད་པ་ལས་འདས་པ་ཡང་སྤགས་པའོ། །དེར་རོ། །ཁ་ཟས་བདག་གིས་བྱིན་ལེན་བྱས་ལ་དྲོ་དང་ཕྱི་དྲོ་ཐུན་འདས་པར་ཤེས་བཞིན་
དུ་ཟོས་པ་ལས་ལྟུང་བར་འགྱུར་རོ། །བཏེག་པ་མི་མིང་། སྔ་དྲོ་བྱིན་ལེན་བྱས་པ་དྲོ་ཁར་བཟའ་བར་བསམས་ལ་དེ་ཁྱིམ་པ་དང་དགེ་སྦྱོང་གིས་བཏེག་ཅིང་རེག་ན་ཡང་ཕྱི་དྲོ་ཟ་ཡང་རུང་སླར་བྱིན་ལེན་མ་བྱས་པར་ཟ་ན་ཉེས་བྱས་སོ། །མཚམས་ཀྱི་ནང་དུ་བཞག་པ་དང་བཙོས་པ་མ་ཡིན། །དགེ་སློང་གིས་
མ་རེག་ཅིང་བྱིན་ལེན་མ་བྱས་པའི་ཟས་མཚམས་གཅིག་གི་ནང་དུ་ཞག་ལོན་པ་དང་མཚམས་ཀྱི་ནང་དུ་ཁྱིམ་པས་བཙོས་ཤིང་གཡོས་བྱས་པ་ཟོས་པ་ཡང་ཉེས་བྱས་པའོ། །མཚམས་ཀྱི་ནང་དུ་བཙོས་ཀྱང་དགེ་འདུན་གྱིས་གསོལ་བ་དང་ཞུ་བའི་ལས་ཀྱིས་བསྔོས་པ་ནི་ཉེས་མེད་དོ། །གསོལ་བས་
བསྔོ་བ་ཡང་རྣམ་གསུམ་སྟེ་ཐོག་མ་རྨང་གདིང་བ་ན་ཚང་མང་དུ་བསྔོས་པ་དང་ཁང་པ་རྙིང་པ་དགེ་འདུན་ཐམས་ཅད་མཚམས་གཅིག་གི་ཕྱིར་རོལ་དུ་ཞག་གཅིག་གནས་ལ་དེ་ནས་གདོད་ཚང་མང་དུ་བསྔོར་རུང་སྟེ་འདི་གསུམ་གྱི་སྐབས་ལྟ་བུར་གསོལ་བ་བྱས་པ་ནི་བསྔོར་རུང་ངོ་། །དགེ་སློང་གིས་
བཙོས་པ་ཡང་ངོ་། །མཚམས་ཀྱི་ཕྱི་རོལ་དུ་དགེ་སློང་གིས་བཙོས་པ་ཡང་ཉེས་བྱས། རྗེན་པ་ལས་ན་དེ་བཙོས་པའོ། །སཱུ་ཏྲ་ལྟག་མ་གཉིས་ཀྱིས་བཙོས་པ་ནི་བཙོས་ཟིན་པ་ལ་སླར་བསྲོས་པ་ལ་ཉེས་མེད་ཀྱིས་མ་བཅོས་ཤིང་རྗེན་པ་ལས་བཙོས་པ་ཡང་བཙོས་པ་ལས་ཟོས་ན་ཉེས་བྱས། སུམ་ཆ་
བཙོས་ལ་མི་འཇམ་པ་ཚུན་ཆད་དེར་རོ། །བཙོས་པའི་ཚད་དུ་ཆུད་པ་ནི་ནས་དང་འབྲས་དང་སྲན་མ་ལ་སོགས་པ་སྲ་བ་གསུམ་གཉིས་ཚོས་ཤིང་འཇམ་པོ་མུལ་མུལ་མོར་གྱུར་པ་ནི་བཙོས་པའི་ཚད་དུ་ཆུད་དོ། །སུམ་ཆ་ཚོས་ཤིང་འཇམ་པོར་མ་གྱུར་པ་ནི་མ་བཙོས་པའོ། །ཁ་དོག་འགྱུར་ལ་འཇམ་

ནའོ། །ཚོད་མ་དང་ག་གོན་ལྟ་བུ་ནི་ཁ་དོག་འགྱུར་ཞིང་འཇམ་པོར་གྱུར་ན་བཙོས་པའོ། །ཁུ་བ་ན་ལྷག་གཉིས་ནའོ། །འོ་མ་ལྟ་བུ་འཚོད་པ་ནི་ལྷག་གཉིས་བཙོས་པས་བཙོས་པར་ཆུད་དོ། །མེས་བརྟགས་པ་བྱས་པའང་མ་བཙོས་པ་མ་ཡིན་ནོ། །བརྟག་པ་རྣམ་བདུན་བྱ་བ་ལ་མེས་བརྟགས་པ་ཡང་
བཙོས་པར་ཆུད་དེ་དགེ་སློང་གིས་མེས་བརྟགས་ན་དགེ་སློང་དེ་ཉིད་ལ་སེམས་བཤིག་པའི་ལྟུང་བ་ཡང་ཡོད་དགེ་སློང་གིས་བརྟགས་པ་དེ་ཟོས་ན་དགེ་སློང་གིས་བཙོས་པ་ཟོས་པའི་ཉེས་བྱས་པར་ཡང་འགྱུར་གཞན་གྱིས་མེས་བརྟགས་པ་ཞིག་བཙོས་ན་ཡང་བཙོས་པའི་ཉེས་བྱས་པར་མི་འགྱུར་རོ། །ཚེས་
བཟུང་བ་ལས་སྤྲུལ་པ་གནས་པའང་གནས་པའོ། །མཚམས་གཅིག་གི་ནང་ན་བཟའ་ཤིང་སྐྱེས་པའི་ཤིང་ཏོག་བླགས་ཏེ་ཟོས་ན་ཡང་མཚམས་གཅིག་གི་ནང་དུ་ཞག་ལོན་པའི་ཁ་ཟས་སུ་ཆུད་དེ་ཉེས་བྱས་སོ། །དེ་བཞིན་དུ་མཚམས་ཀྱི་ནང་དུ་ར་ལུག་དང་བ་བཏགས་པའི་ཞོ་འཐུངས་ནའང་ཉེས་བྱས་སུ་
འགྱུར་རོ། །ཕྱོགས་སུ་སྣོད་གནས་ན་ཡང་དེ་སར་ཚོས་པའོ། །གཙུག་ལག་ཁང་གི་མཚམས་སུ་གཏོགས་པ་དང་མ་གཏོགས་པའི་ཚད་དུ་ལྕགས་སྒྱེད་དམ་སྒྱེད་པུ་ལྟ་བུ་བཙུགས་ཏེ་རྩ་བ་གཉིས་མཚམས་ཀྱི་ཕྱི་རོལ་དུ་ཟུག་ལ་རྩ་བ་གཅིག་མཚམས་ཀྱི་ནང་དུ་ཟུག་པ་ཡང་མཆིས་ཀྱི་ནང་དུ་
བཙོས་པར་ཆུད་དོ། །བཙོས་པ་དེར་གྱུར་པ་མ་ཡིན་ནོ། །མཚམས་ཀྱི་ཕྱི་རོལ་ན་ཟན་འདུག་ལ་མཚམས་ཀྱི་ནང་ན་མི་འདུག་སྟེ་སྐྱ་བ་འམ་གཟར་བུས་དཀྲུགས་ཤིང་འཚེད་པ་ནི་མཚམས་སུ་བཙོས་པར་མི་ཆུད་དོ། །མདག་མ་ཡང་སྣོད་མ་ཡིན་པ་མ་ཡིན་ནོ། །མཚམས་ཀྱི་ནང་དུ་མདག་མ་བླངས་ཏེ་
བསྲེགས་པ་དང་མེ་མཚམས་ཀྱི་ཕྱི་རོལ་དུ་འདུག་ལ་རླུང་གིས་བཏབ་པའི་མེ་ལྕེ་མཚམས་ཀྱི་ནང་དུ་འོངས་པ་ལ་བསྲེགས་པའང་མཚམས་ཀྱི་ནང་དུ་བསྲེགས་པར་ཆུད་དོ། །དེ་ལས་ཕྱུང་ངམ་མ་ཕྱུང་ན་དེར་མ་ཡིན་ནོ། །མཚམས་ཀྱི་ནང་གི་མེ་མདག་མ་ཕྱི་རོལ་དུ་འདྲིལ་བ་ལ་བསྲེགས་པ་དང་། རླུང་
གིས་བཏབ་པའི་མེ་ལྕེ་མཚམས་ཀྱི་ཕྱི་རོལ་དུ་ཕྱུང་བ་ལ་བསྲེགས་པས་ནི་བསྲེགས་པར་མི་ཆུད་དོ། །གནས་བཞིན་དུ་མཚམས་ཀྱང་ངོ་། །གཙུག་ལག་ཁང་གི་ཕྱི་རའི་ཕྱི་རོལ་དུ་འགྲོན་བོར་བའི་ཚུན་ཆད་གཅིག་ཏུ་བཙོས་ན་ཡང་མཚམས་གཅིག་ཏུ་བཙོས་པར་གྱུར་ཏེ་འགྲོན་བོར་བའི་མཚམས་ཇི་

ཙམ་དུ་ཚུན་ཆད་མ་ཡིན་པ་ནི་འོག་ནས་འཆད། འདོམ་མོ། །གཙུག་ལག་ཁང་གི་ཕྱི་རའི་ནས་འདོམ་གང་ཚུན་ཆད་ཀྱི་མཚམས་ཀྱི་ནང་དུ་གཏོགས་སོ། །གྱེན་དུ་ནམ་མཁའ་ལ་འགྲུབ་པས་སོ། །མཚམས་ཀྱི་ནང་གི་ནམ་མཁའ་ལ་བཙོས་ཏེ་བར་ཅི་ཡང་མ་ཆོད་
ནའང་མཚམས་ཀྱི་ནང་དུ་བཙོས་པར་ཆུད་དོ། །ནང་གི་ཡང་ངོ་། །ཁང་པ་མཐོན་པོའི་ནང་ཐོག་བོར་བ་ཡང་ནང་གི་ནམ་མཁའ་ལ་བཙོས་ན་མི་གང་ལྷག་སྟེ་བར་ཅི་ཙམ་ཞུགས་ཀྱང་བཙོས་པར་འགྱུར་རོ། །སྟེང་གི་རིམ་པ་ཡང་དེ་བཞིན་ནོ། །ཁང་པ་རྩེག་མ་རིམ་དུ་ཡོད་ཀྱང་རུང་སྟེ་ཡང་ཏོག་ཏུ་བཙོས་
ཀྱང་རུང་འོག་ཁང་ཏུ་བཙོས་ཀྱང་རུང་མཚམས་གཅིག་གི་ནང་དུ་བཙོས་པར་ཆུད་དོ། །གཞན་གྱིས་བསྔོས་པར་གཞན་གྱི་གནས་མ་ཡིན་ནོ། །དགེ་སློང་གི་གནས་ལ་གཞན་ཁ་དྲག་པོ་ཞིག་གིས་དབང་བྱས་ཏེ་དགེ་སློང་ཁང་བུ་མིག་གཅིག་ཏུ་གཞག་ནས་གཞན་དུ་ཁྱིམ་བདག་དེ་འདུག་ན་ཁྱིམ་བདག་
འདུག་པར་བཙོས་པ་དང་ཁྱིམ་པས་བཙོས་པ་ནི་མཚམས་གཅིག་ཏུ་བཙོས་པར་མི་ཆུད་དོ། །ནམ་འཚོའི་བར་དུ་བ་ནི་བཏེག་པ་པ་དང་ནང་དུ་བཙོས་པ་དང་དགེ་སློང་གིས་བཙོས་པ་དེའི་བགགས་པ་ལ་མ་གནས་ཏེ་དུས་སོ། །ཁ་ཟས་དགེ་སློང་བཏེག་པ་དང་མཚམས་ཀྱི་ནང་དུ་བཙོས་པ་དང་། དགེ་
སློང་གིས་བཙོས་པ་བཟར་མི་གནང་ཞེས་བཤད་པ་ལ་ཚེ་གཅིག་ཏུ་བཅང་བ་དང་ཞག་བདུན་པའི་སྨན་ནི་སྔགས་ཀྱིས་བཏབ་ན་བཏེག་པ་དང་བཙོས་པ་ལ་སོགས་པ་སྤྱད་ཅིང་བཟའ་བ་ལ་སོགས་པ་ཉེས་མེད་དོ། །བཙོ་བ་ནི་ན་བའི་ཕྱིར་བཙོས་ན་ནི་ཉེས་མེད་ཀྱི་མི་ན་བར་ནི་དགེ་སློང་གིས་བཙོས་པ་
དང་མཚམས་གཅིག་ཏུ་བཙོས་པ་ནི་མི་གནང་ངོ་། །འབགས་པ་ནི་ཟས་ཀྱི་ཕྱེད་དོ། །ལྷུང་བཟེད་དང་གཞོང་པ་དང་ལག་པ་ལ་སོགས་པ་ལ་ཁ་ཟས་ཆགས་བཞིན་དུ་ཟོས་ན་ཉེས་བྱས་སོ། །ཁའི་དྲི་མ་དང་བཟའ་བཏུང་བ་ཡང་ངོ་། །ཁའི་དྲི་མ་དང་ཁ་ཟས་ཀྱི་ཚིགས་མཁའི་གསེབ་ཏུ་ཆགས་པ་ཡང་མ་
དག་བཞིན་དུ་ཁ་ཟས་ཟོས་ཤིང་འཐུངས་ན་ཉེས་བྱས་ཏེ་ཐུན་འདས་ན་སྤགས་པར་འགྱུར་བའི་ཕྱིར་རོ། །འདིའི་ཕྱི་རོལ་ལྕི་བའམ་སས་ཕྱིས་ཏེ་ཆུས་བཤལ་ལ་བཀྲུའོ། །ཁ་དག་པར་བྱ་བའི་ཕྱིར་ཁའི་ཕྱི་རོལ་ལྕི་བའམ་སས་བསྐུས་ལ་ཆུས་དག་པར་བཤལ་ཞིང་བཀྲུའོ། །ནང་ཆུས་ལན་

གཉིས་སམ་གསུམ་གྱིས་ལ་མཁུར་ཆུ་དོར་རོ། །ཁའི་ནང་ནི་ནང་པར་དང་དྲོ་ཟོས་པའི་འོག་ཏུ་སོ་ཤིང་ཟོས་ལ་ལན་གསུམ་ཆུས་དག་པར་བཀྲུའོ། །ཕྱི་དྲོ་སྐོམ་འཐུངས་ནའང་ལན་གསུམ་དུ་ཆུས་དག་པར་བཀྲུའོ། །ལྷུང་བཟེད་ལན་གཉིས་གསུམ་བཟླས་ཏེ་གུས་པར་བཀྲུས་ན་སྒྲ་མ་བྱུང་ཡང་
ངོ་། །ཟན་ཟ་བའི་སྔོན་ལོགས་སུ་ལྷུང་བཟེད་བཀྲུ་བ་ཡང་སྔ་དེ་ཉིན་དག་པར་བཀྲུས་སུ་ཟིན་ཀྱང་ལྕི་བའམ་རྩ་བརྡུངས་པའི་ཁུ་བའམ་ས་འཇམ་པོ་སྤྲ་ཚིལ་འདྲ་བས་ལན་གསུམ་དུ་བཀྲུས་ཏེ་དག་པར་བྱས་ལ་ཀྲིག་ཀྲིག་ཟེར་བའི་སྒྲའམ་བརྡབས་པའི་སྒྲ་དང་ཞེས་ཟེར་བ་ནི་དག་པའི་ཚད་དུ་ཆུད་
དོ། །ལན་གསུམ་དུ་བཟླས་ཏེ་བཀྲུས་ནས་སྒྲ་མི་ཟེར་ཡང་དེས་ཆོག་པར་བརྩིའོ། །ཉེས་མེད་པ་ནི་ལངས་པའོ། །སཱུ་ཏྲ་ལྟག་མ་ལྟར་ལན་གསུམ་དུ་བཟླས་ཏེ་དག་པར་བཀྲུས་པ་ལས་སྣུམ་དང་རྩི་ལ་སོགས་པ་ཁ་ཟས་ཀྱིས་ལངས་པར་ཡང་ཉེས་མེད་དོ། །མི་འབགས་པ་ལ་རེག་པ་ཡང་ངོ་། །
ཁ་ཕྱིས་དང་སྣོད་སྤྱད་ལ་སོགས་པ་ཁ་ཟས་ཆགས་ཤིང་མ་བཀྲུས་པ་ཞིག་ལ་རེག་ན་ཉེས་བྱས་སོ། །བུལ་ཏོག་དང་ལྕི་བ་དང་ས་གང་ཡང་རུང་བས་ལན་གསུམ་དུ་བཀྲུས་ན་སྣུམ་ཡང་ངོ་། །གོས་དང་སྣོད་སྤྱད་དང་ལྷུང་བཟེད་ལ་སོགས་པ་བུལ་ཏོག་དང་ལྕི་བ་དང་ས་ལ་སོགས་པས་ལན་
གསུམ་དུ་དག་པར་བཟླས་ཏེ་བཀྲུས་ན་མ་དག་ཅིང་སྣུམ་ཡང་ཉེས་མེད་དོ། །ལངས་པ་གསལ། ལྷུང་བཟེད་ལན་གསུམ་དུ་དག་པར་བཀྲུས་པ་ལས། ཁ་ཟས་ཚན་པོ་ཞིག་བླུགས་ཏེ་ལྷན་པའི་གསེབ་ནས་རྩིའམ་སྣུམ་ལངས་ཏེ་མངོན་པར་གྱུར་ན་དེ་ཉིད་བསལ་ཏེ་དོར་རོ། །
འབགས་པ་དེའི་ཕྱོགས་སུ་བཀྲུ། ལྷུང་བཟེད་དང་སྣོད་སྤྱད་ལ་སོགས་པ་སྣུམ་མམ་ཟས་ཀྱིས་རེག་ན་གར་རེག་པར་དག་པར་བཀྲུས་ལ་གོས་ནི་གཞན་མི་བཀྲུའོ། །སྣོད་སྤྱད་པ་ནི་གཞན་བཤལ་བས་ཆོག་གོ། །མི་སྣུམ་པའི་ཕྱིར་སྣུམ་པའི་རྫ་མ་ལ་སོགས་པ་རྫིང་བུའི་ཆུ་ཟབ་མོར་གཞུག །
རྫ་མ་ལ་སོགས་སྣོད་སྤྱད་མར་གྱི་སྣོད་བྱེད་བྱེད་དེ་སྣུམ་མི་འདག་ན་རྫིང་བུའི་ནང་དུ་གཞུག །ཉ་དང་རུས་སྦལ་དང་སྦལ་པ་དང་སྦལ་པ་དཀར་པོ་དང་སྲིན་བུ་ཨུ་ལུག་ཀས་མ་བལྡག་ཀྱི་བར་དུ་བཞག །སཱུ་ཏྲ་ལྟག་མ་ལྟར་རྫིང་བུའི་ནང་དུ་གཞུག་པ་ནི་མིང་གིས་སྨོས་པའི་སྲིན་བུ་འདི་རྣམས་ཀྱིས་

བལྡགས་ན་སྣུམ་མེད་ཅིང་དག་པར་འགྱུར་ཏེ་ནམ་བལྡགས་ཤིང་དག་གི་བར་དུ་ཞག་གཉིས་གསུམ་དུ་གཞག་གོ། །བསྲེགས་ཏེ་ཡང་སྣུམ་མེད་པར་གྲུབ་ནའོ། །རྫ་མ་སྣུམ་མེད་པར་བྱ་བའི་ཕྱིར་མེས་བསྲེགས་ན་ཡང་སྣུམ་མེད་ཅིང་དག་པར་འགྱུར་རོ། །སྣུམ་མེད་
ནས་ཀྱང་དགེ་སློང་དེ་གོ་འདུན་ནམ་ལྕི་བས་དག་པར་བཀྲུ །སཱུ་ཏྲ་ལྟག་མ་ལྟར་མེའམ་རྫིང་བུར་བཀྲུས་པའི་སྣོད་སྤྱད་དེ་ཕྱི་ནས་ཀྱང་གོ་འདུན་ནམ་ལྕི་བས་ཀྱང་ལན་གཅིག་དག་པར་བཀྲུའོ། །ལན་ཚྭ་དང་བ་ཚ་དང་རྙོག་མ་ཅན་གྱི་ཆུ་ལན་ཚྭ་ལ་སོགས་པ་ཕྱེད་དོ། །ལན་ཚྭ་ཅན་གྱི་ཆུ་དང་
བ་ཚྭ་ཅན་གྱི་ཆུ་དང་རྙོག་མ་ཅན་གྱི་ཆུ་སྔ་དྲོ་བྱིན་ལེན་མ་བྱས་པར་འཐུངས་ན་ཉེས་བྱས་ཕྱི་དྲོ་ནི་བྱིན་ལེན་བྱས་ཏེ་འཐུངས་ཀྱང་ཉེས་བྱས་སོ། །བརྟགས་པ་སྟེ་དུས་མ་ཡིན་པ་དང་ཐམས་ཅད་དུའོ། །ལན་ཚྭ་ཅན་དང་བ་ཚ་ཅན་གྱི་ཆུ་ནི་བཙགས་པའམ་དངས་པར་བྱས་ཏེ་བརྟགས་ན་དུས་མ་ཡིན་པ་དང་བྱིན་
ལེན་མ་བྱས་པར་བཏུད་དུ་རུང་སྟེ་ནད་པ་དང་དགེ་སློང་མིན་པ་ཐམས་ཅད་འཐུང་དུ་དབང་སྟེ་ཉེས་མེད་དོ། །བདག་གིས་དགོས་པར་བྱེད་པ་མི་བྱེད་པ་ལན་ཚྭ་དང་བ་ཚ་མེད་པའོ། །ལན་ཚྭའི་ཆུའི་ཚད་དུ་ཆུད་པ་ནི་ཆུ་དེ་ཉིད་ཀྱི་ནང་དུ་ཚོད་མའམ་ཐུག་པ་བཙོས་ཏེ་ལན་ཚྭ་གུད་ནས་གད་པ་མི་དགོས་ན་ལན་
ཚ་ཅན་གྱི་ཆུར་བརྩིའོ། །བ་ཚྭ་ཅན་གྱི་ཆུ་ནི་གོས་ཀྱི་སྣུམ་ལ་སོགས་པ་བཀྲུས་ན་དག་པར་ནུས་པ་ནི་བ་ཚ་ཅན་གྱི་ཆུར་བརྩི་སྟེ། ཚད་འདིར་མ་ཕྱིན་པ་ཕྱི་དྲོ་དང་སྔ་དྲོ་བྱིན་ལེན་མ་བྱས་པར་འཐུངས་ཀྱང་ཉེས་མེད་དོ། །གཟུགས་བརྙན་སྐྱེས་ན་ཕྱི་མའོ། །ཆུ་རྙོག་མ་ཅན་ནི་བཙགས་སམ་
དངས་ཏེ་ནང་དུ་བཞིན་གྱི་གཟུགས་བརྙན་སྣང་ན་རྙོག་མ་ཅན་མ་ཡིན་པའི་ཚད་དུ་བརྩི་སྟེ་ཕྱི་དྲོ་བཏུང་དུ་རུང་ངོ་། །ཤིང་ཏོག་ཀ་ཏ་ཀའི་འབྲས་བུས་ཆུ་དང་པར་འགྱུར་རོ། །ཆུ་རྙོག་མ་ཅན་གྱི་ནང་དུ་ཤིང་ཏོག་ཀ་ཏ་ཀ་ཞེས་བྱ་བའི་འབྲས་བུ་བཅུག་ན་རྙོག་མ་ཞབས་སུ་རྙིགས་ཏེ་དང་བར་འགྱུར་རོ། །བ་
ལང་གི་ཆུ་དང་བར་བྱ་བའི་ཕྱིར་ཤིང་ལོ་བཅུག་པ་ལྟ་བུ། ཐལ་བའམ་ཟན་བཅངས་པས་ཀྱང་ངོ་། །ཆུ་རྙོག་མ་ཅན་གྱི་ནང་དུ་ཐལ་བ་བཏབ་བམ་ཟན་གྱི་ཆང་པ་བཅུག་ནའང་རྙོག་མ་དང་བར་འགྱུར་རོ། །མི་གྱེས་པའི་ཕྱིར་སྣུམ་མོ། །ཟན་གྱི་ཆང་བ་ཆུར་བཅུག་པ་དེ་མི་གྱེས་པར་བྱ་བའི་ཕྱིར་

སྣུམ་གྱི་ཕྱེ་མར་དུ་བྱའོ། །ཆུའི་འབྱུང་གནས་སུ་ཞུགས་ནས་མི་མངོན་ན་ཡོད་པའི་མི་གྲངས་སོ། །རྫིང་བུའམ་ཁྲོན་པའི་ནང་ན་ཁ་ཟས་ཡོད་ལ་ཆུ་ལ་ཁ་ཟས་ཀྱི་བག་ཆགས་ཡོད་པར་མི་མངོན་ན་ཆུ་དངས་པའི་ནང་དུ་བརྩི་སྟེ་ཉེས་མེད་དོ། །རེག་པའི་ཕྱོགས་དེ་ཉི་ཚེ་བསལ། སྣོད་ཀྱི་ནང་གི་སྣུམ་
ལངས་ཏེ་ཁ་ཞག་གིས་ཆོད་དམ་རྫིང་བུའམ་ཁྲོན་པའི་ཆུ་ལ་ཁ་ཟས་དང་ཞག་གི་སྤྲིས་མས་ཡོག་ཅིང་འདུག་ན་ཉི་ཚེ་གུད་དུ་བསལ་ཏེ་བོར་རམ་ཕན་ཚུན་བཤུགས་ཏེ་དངས་པ་ལས་བཅུས་པ་ནི་ཉེས་མེད། བྱ་རོག་གི་མཆུས་རེག་ན་ཐན་ཁོར་ཀྱང་ངོ་། །བདག་གི་ཟས་ལ་བྱ་རོག་གི་མཆུས་རེག་ན་གར་རེག་
པ་ཉི་ཚེ་བཅད་དེ་དོར། བྱིན་ལེན་བྱས་ཟིན་པ་ཞིག་ནའང་གདོད་བྱིན་ལེན་བྱས་ཏེ་བཟའོ། །དེ་དང་ལྡན་པའི་རྒྱུན་གྱིས་རེག་པ་ནི་མ་རེག་པའོ། །ཀུན་དེའི་ནང་ནས་ཆུ་ཏོ་ར་ར་འོང་བ་རྒྱུན་མ་ཆད་པས་ཁ་ཟས་དང་མི་གཙང་བ་ལ་རེག་པ་ནི་ཀུན་དེའི་ནང་ན་འདུག་པ་རེག་པ་མ་ཡིན་ཏེ་མི་གཙང་བ་མེད་པར་མི་བརྩིའོ། །
ནོར་ཏམ་དྲན་པ་ཉམས་ཏེ་ན་མ་ཡིན། རྫས་གཞན་ཞིག་བཟུང་བའི་ཕྱིར་ནོར་ཏམ་བརྗེད་ཀྱང་རུང་སྟེ་ཁ་ཟས་ཡོད་པའི་སྣོད་ལ་བཟུང་ཞིང་རེག་པ་ནི་སྤགས་པར་མི་འགྱུར་ཏེ་ཉེས་མེད་དོ། །དེ་དག་གིས་བསྐྱོང་ནས་གཞག་པ་མ་ཡིན་ནོ། །སཱུ་ཏྲ་ལྟག་མ་ལྟར་ཁ་ཟས་ཀྱི་སྣོད་ལ་ནོར་ཏེ་བཟུང་བ་དེ་བཏེག་ཅིང་
གུད་དུ་སྤོས་ཏེ་གནས་བསྐྱེད་ཀྱང་སྤགས་པ་མ་ཡིན་ཏེ་ཉེས་མེད་དོ། །རབ་ཏུ་ཆུང་ངུའི་གནས་སུ་བསྐྱལ་བའོ། །སཱུ་ཏྲ་ལྟག་མ་ལྟར་ནོར་ཏམ་གནས་བསྣོར་ནས་ཁྱེར་ཁྱེར་བ་ལས་ལམ་དུ་ཚོར་ན་ཐལ་བྱུང་དོར་བ་མ་ཡིན་གྱི་གནས་གང་ཉེ་བ་ཅིག་ཏུ་སྐྱལ་ནའང་སྤགས་པ་མ་ཡིན་ཏེ་ཉེས་མེད་དོ། །ལྷོད་
པས་བཏེག་པའམ་བྱིན་ལེན་བྱས་ཀྱང་མ་ཡིན་ནོ། །དགེ་སློང་ཕས་ཕམ་པ་མ་བྱུང་དུ་ཟིན་ཀྱང་དགེ་འདུན་གྱི་ལྷག་མ་དང་ལྟུང་བ་ལ་སོགས་པ་ལ་ལྷོང་ཅིང་མི་བསྲུང་བས་ནི་བྱིན་ལེན་བྱས་ཀྱང་བཟར་མི་རུང་ངོ་། །བཏེག་པ་དང་བཙོས་པ་ཡང་མ་བརྟགས་པ་མ་ཡིན་ཏེ་བཟར་རུང་ངོ་། །དེས་ཟས་
བྱིན་པ་བླངས་ནའང་བྱིན་ལེན་དུ་ཆུད་དོ། །བྱིན་ལེན་དུ་རིགས་པའི་གཏོགས་པ་མེད་པར་མ་གྱུར་ན་བླངས་པ་མ་ཡིན་ནོ། །ཁ་ཟས་འདྲིམ་ཞིང་འོངས་པ་ལ་བདག་གི་ལག་པས་ཚུས་བསུས་ཏེ་སྔར་བླངས་པ་ནི་བྱིན་ལེན་དུ་མི་ཆུད་དོ། །དགེ་སྦྱོང་དང་ཁྱིམ་པ་ཟས་ཀྱི་སྣོད་ལ་འཛིན་པ་བཞིན་དུ་དགེ་སློང་

གིས་རེག་པ་ནི་སྤགས་པར་མི་འགྱུར་རོ། །གཏོགས་པ་དེ་དག་ཐག་བུ་ལ་སོགས་པས་སྦྲེལ་བའོ། །ཟས་དང་ཚོད་མ་ལ་སོགས་པ་ཕྱི་དྲོ་རྟོག་ཅིང་སེལ་ན་ཁྱིམ་པའམ་དགེ་སྦྱོང་གིས་ཐག་བུའི་ཐོག་མ་ནས་བཟུང་ལ་དགེ་སློང་གིས་ཐོག་མ་གཅིག་ལས་བཟུང་སྟེ་ཁ་ཟས་
ཐག་བུ་གཉིས་སོ་སོར་མ་བྲལ་ཞིང་རེག་བཞིན་དུ་བསལ་ཅིང་བརྟགས་པ་ནི་སྤགས་པར་མི་འགྱུར་ཏེ་ཉེས་མེད་དོ། །སྡོམ་པ་མཚུངས་ལྟ་བ་ཐ་མི་དད་ན་སྤགས་པ་དང་བླངས་པ་དང་བྱིན་ལེན་དུ་གཅིག་གོ། །དགེ་སློང་དུ་མཚུངས་ཤིང་སངས་རྒྱས་ཀྱི་ཆོས་ལ་ལྟ་བ་འདྲ་ན་དགེ་སློང་གིས་
སྤགས་ཀྱང་རུང་བཟར་མི་རུང་། བྱིན་ལེན་མ་བྱས་པར་ཐུག་ཐུབ་ཏུ་བྱིན་ཏེ་བླངས་པ་དང་བྱིན་ལེན་དུ་མི་ཆུད་དེ་བཟར་མི་རུང་། གཅིག་གིས་ཟན་ལ་བྱིན་ལེན་བྱས་ན་ཀུན་གྱིས་བཟར་རུང་ངོ་། །དམ་པ་ཡིས་དམ་པ་མ་ཡིན་པའི་འོ། །སཱུ་ཏྲ་ལྟག་མའི་ནང་ནས་བཤད་པ་རྣམ་གསུམ་དགེ་སློང་མས་
བྱས་པ་ནི་དགེ་སློང་མས་ཀྱང་བསྲུངས་ཏེ་སྤགས་པ་དང་བླངས་པའང་བཟར་མི་རུང་བྱིན་ལེན་བྱས་པ་ཡང་གདོད་བྱིན་ལེན་བྱ་མི་དགོས་ཏེ་བཟར་རུང་ངོ་། །འདི་གསུམ་དགེ་སློབ་མས་བྱས་པ་ནི་དགེ་སློང་མས་མི་བསྲུང་ངོ་། །ཁྱིམ་པ་བཞིན་དུ་བུད་མེད་དང་སྐྱེས་པ་ཕན་ཚུན་དུའོ། །སཱུ་ཏྲ་ལྟག་མའི་ནང་
ནས་སྨོས་པའི་རྣམ་གསུམ་ལ་བཏེག་པ་དང་བླངས་པ་དང་བྱིན་ལེན་དགེ་སློང་མས་དགེ་སློང་ཕ་ལ་བྱས་ན་བྱིན་ལེན་དུ་འགྱུར་རོ། །བླང་བ་དང་བཏེག་པ་དང་དགེ་སློང་པས་བཟར་རུང་ངོ་། །དགེ་སློང་ཕས་བྱས་པའམ་དགེ་སློང་མ་ལ་རུང་ངོ་། །དགེ་སྦྱོང་གི་སྦ་བ་ཚུན་ཆད་ལའང་རེག་པའང་དེ་
བཞིན་དུ་ཉེས་བྱས་པའོ། །དགེ་སྦྱོང་གིས་དགེ་སྦྱོང་དང་དགེ་སློང་གི་ཟས་ལ་རེག་པ་ལ་ཉེས་མེད་པ་བཞིན་དུ་དགེ་སློང་གིས་དགེ་སྦྱོང་གི་ཟས་ལ་རེག་པའང་ཉེས་མེད་དོ། །དགེ་སློང་གིས་དགེ་སློང་ཉིད་ཀྱི་ཟས་ལ་རེག་པ་ནི་ཉེས་པར་འགྱུར་རོ། །རེ་བ་ཡོད་པས་བྱིན་པ་ནི་བཏང་བ་ཡིན་ནོ། །ཁྱིམ་པ་ཁ་
ཟས་ལ་ཆགས་བཞིན་དུ་བྱིན་ཏེ་ཆགས་པར་ཤེས་བཞིན་དུ་ཟོས་ན་ལྟུང་བ་སྟེ་བི་ཛ་ཡ་བར་མས་བཤད། བདག་གིས་སྤགས་པའི་ཁ་ཟས་དེ་ལ་ཆགས་བཞིན་དུ་གཞན་ཞིག་བྱིན་ཏེ་སླར་བདག་བྱིན་ཏེ་ཟོས་ན་ལྟུང་བའོ། །མེ་རེ་བར་བཏང་ནས་རེ་བར་གྱུར་ན་ཕྱེད་དོ། །ཁྱིམ་པས་སྔར་ནི་ཆགས་པའི་

སེམས་མེད་ལ་ཕྱིས་ཆགས་པའི་སེམས་བྱུང་བའི་ཟན་ཅིག་བྱིན་ཏེ་དེ་ལྟར་ཤེས་བཞིན་དུ་ཟོས་ན་ཉེས་བྱས་ཞེས་བི་ཛ་ཡ་བར་མས་བཤད། བདག་གིས་སྤགས་པར་འགྱུར་བའི་ཁ་ཟས་ཆགས་པའི་སེམས་མེད་པར་གཞན་ཞིག་བྱིན་ལ་ཕྱིས་ཆགས་ཤིང་འདོད་དེ་ཐབས་ཅིག་གིས་སྦྱིན་དུ་བཅུག་ནས་
ཟོས་ན་ཉེས་བྱས། དེ་བས་ན་དེ་ལ་མི་བསླང་ངོ་། །ཁྱིམ་པ་ཟན་ལ་ཆགས་ཏེ་བྱིན་པར་ཤེས་བཞིན་དུ་ཟས་རིམས་ཤིག་ཞེས་བྱ་བ་ལ་སོགས་པས་མི་བསླང་ངོ་ཞེས་བི་ཛ་ཡ་བར་མས་བཤད། སཱུ་ཏྲ་ལྟག་མ་ལྟར་སྤགས་པའི་ཁ་ཟས་གཞན་བྱིན་པ་སླར་ཟོས་ན་ཉེས་པར་འགྱུར་བའི་ཕྱིར་མི་བསླང་
ངོ་། །ཤེས་ནས་མི་བླང་། ཁྱིམ་པ་ཟན་ལ་ཆགས་བཞིན་དུ་བྱིན་པར་ཤེས་པ་ཟོས་ན་ལྟུང་བར་འགྱུར་བའི་ཕྱིར་མི་བླང་ངོ་ཞེས་བི་ཛ་ཡ་བར་མས་བཤད། བདག་གིས་སྤགས་པར་གྱུར་པའི་ཟས་གཞན་བྱིན་པ་སླར་བྱིན་ཏེ་ངོ་ཤེས་ན་མི་བླང་ངོ་། །མ་བརྟགས་པ་མ་ཡིན་པའི་སྐལ་པ་བསྐུར་བར་རེག་
པ་དང་ཁྱེར་བ་གཞུག་པ་དང་དེ་ལྟ་བུའི་རྐྱེན་ཅིག་ནའོ། །ཁ་ཟས་ལ་རེག་ཀྱང་ཉེས་མེད་པ་ནི་དགེ་འདུན་གྱི་ཞིང་ཤས་སུ་བཏང་བའི་སྐལ་བ་བསྐུར་བ་དང་ནས་ཀྱི་སྐལ་བ་ཤས་སུ་བཏང་བའི་མིས་བསྐྱལ་ཏེ་ནང་དུ་འཇུག་པའམ་སྣོད་དུ་ལྡུགས་སུ་མ་བཏུབ་སྟེ་སོང་བ་ནི་ཁྱིམ་པ་དང་དགེ་སྦྱོང་མེ་ལ་རེག་
ཏུ་མི་རུང་བའི་རྐྱེན་བྱུང་ན་བསྐྱབ་དང་གཞུག་པའི་ཕྱིར་རེག་པ་ནི་ཉེས་མེད་དོ། །ཤིང་རྟ་འདྲེན་པའི་སྟན་མ་གཏོགས་ཏེའོ། །ཟས་ཤིག་ཤིང་རྟའི་ནང་དུ་བསྐྱེད་ན་རྐྱེན་ཅིག་གིས་ཤིང་རྟ་ལ་རག་དགོས་ནའང་ཤིང་རྟའི་ཁ་ལོ་སྒྱུར་བ་འདུག་པའི་ས་ལ་མ་རེག་ན་གཞན་ལ་རེག་པ་ནི་ཉེས་མེད་དོ། །གད་པ་
ཡང་ངོ་། །ཤིང་རྟའི་ནང་དུ་ཁ་ཟས་དགང་པའི་ཚེ་རྐྱེན་ཅིག་བྱུང་ན་ཁ་ལོ་བསྒྱུར་བ་འདུག་པའི་ས་ལ་མ་རེག་པར་བདག་གིས་བཀང་ཡང་ཉེས་མེད། སླར་དབྱུང་བའི་ཚེའང་དེ་བཞིན་བྱའོ་ཞེས་བི་ཛ་ཡ་བར་མས་བཤད། ཤིང་རྟ་ན་ཁ་ཟས་འདུག་པའི་ཚེ་གང་པ་ཉིད་དུ་མི་བྱའི་དགེ་སློང་མི་རེག་པར་
འདུག་པའི་ས་ཙམ་བཞག་ལ་ཁ་ཟས་གཞུག་གོ། །ནད་བཞོན་པ་ཡང་ངོ་། །ཁ་ཟས་བཅུག་པའི་ཤིང་རྟའི་ནང་དུ་དགེ་སློང་ནད་པ་ཞིག་འདུག་པ་ན་ཡང་ནད་པ་དེས་ཤིང་རྟའི་ཁ་ལོ་སྒྱུར་བ་འདུག་པའི་ས་ལ་མི་རེག་པར་བྱའོ་ཞེས་བི་ཛ་ཡ་བར་མས་བཤད། ཁ་ཟས་བཅུག་པའི་ཤིང་རྟ་ལ་ནད་པ་

ཞིག་བཞག་དགོས་ནའང་ནད་པས་ཁ་ཟས་ལ་མི་རེག་པ་ཙམ་གྱིས་བཞག །གྲུའི་དངོ་ནའོ། །གྲུའི་ནང་དུ་ཁ་ཟས་བཅུག་སྟེ་འགྲོ་ནའང་དངོར་འཛིན་འདུག་པའི་སར་རེག་ནའང་ལྟུང་བ་ཞེས་བི་ཛ་ཡ་བར་མས་བཤད། ནས་དང་ནད་པ་ལྟ་བུ་གྲུའི་ནང་དུ་བསྐྱེད་ནས་སྐམ་པའི་ཕྱིར་
དངོར་བཞག་གོ། །འཛིན་པའི་ཕྱིར་སྟན་ཡང་ངོ་། །ནད་པའི་ནང་ནའང་དངོར་འཛིན་འདུག་པའི་ས་ལ་མ་རེག་པར་འདུག་གོ་ཞེས་བི་ཛ་ཡ་བར་མས་བཤད། ཁ་ཟས་དང་དགེ་སློང་ནད་པ་ལ་སོགས་པ་གྲུར་ཞུགས་ནའང་དངོར་འཛིན་དང་སྐྱ་བ་འདེབས་པའི་ས་བཞག །དགེ་འདུན་གྱི་དང་སྨན་ལྡུད་
པ་གཡོགས་པ་དབོག་པ་དང་གཟར་བུའི་ལས་ཀུན་དང་དབྱུང་བ་ཡང་ངོ་། །དགེ་འདུན་གྱི་ཁ་ཟས་དང་སྨན་འཆེད་ཅིང་གཡོས་བྱེད་པ་ལ་ཁྱིམ་པ་དང་དགེ་སྦྱོང་ལ་སོགས་པ་མེད་ན་ལུད་པ་ལ་དགེ་སློང་གི་གཟར་བུ་དང་སྐྱ་བས་དཀྲུགས་པ་དང་། དབྱུང་ཞིང་དབོག་པའི་ཕྱིར་རེག་པ་ཉེས་པ་མེད་དོ། །
དགེ་སློང་གང་ཟག་གིས་ཁ་ཟས་དང་སྨན་བཙོ་བ་ལ་ལུད་པ་ལ་སོགས་པའི་རྐྱེན་བྱུང་ན་དེ་བཞིན་ཀྱང་རུང་ངོ་། །ཤིང་དབྱུང་མེ་བསད་པ་གོས་ཀྱི་གྲཱ་ལ་སོགས་པས་རླུང་བརླབ་པས་ཀྱང་ཐོག་མར་ནན་ཏན་བྱ། ཁ་ཟས་དང་སྨན་འཚེད་པ་ལུད་པ་ལ་ཐོག་མར་ཤིང་ཕྲི་ཤིང་དབྱུང་མེ་གསད་གོས་ཀྱི་གྲྭས་
རླུང་བརླབ་ཆུས་དགབ་པ་ལ་སོགས་པ་སྡུད་པ་ཞི་བའི་ཐབས་འདི་རྣམས་ཀྱི་ཐབས་ཀྱིས་བྱ་སྟེ་མ་ནུས་ན་གདོད་སཱུ་ཏྲ་ལྟག་མ་ལྟར་བྱ། རྟག་པར་ཆོ་ག་མི་འགྲུབ་ན་ཆུ་བོ་ལས་བསྒྲལ་བའི་ཕྱིར་ཁྱེར་བ་སླེབས་པའི་ཕྱིར་ཡང་ངོ་། །ཆུ་བརྒལ་ཞིང་གྲུར་འཇུག་པ་ལ་ཁ་ཟས་གྲུར་སྐྱེལ་བའི་མི་མེད་དེ་གྲུ་
སྤགས་ཏེ་སོང་དུ་ཉེ་སྟེ་མི་སླེབས་ན་ཁ་ཟས་བདག་གིས་གྲུའི་ནང་དུ་བསྐྱས་པའང་ཉེས་མེད་དོ་ཞེས་བི་ཛ་ཡ་བར་མས་བཤད། དགེ་སློང་གིས་རྒྱགས་ཁུར་ཙ་ཅིག་ལ་བསྐུར་ཏེ་ཆུ་རྒལ་བ་ལས་ཆུ་ཆེ་སྟེ་ཁུར་ཙས་མི་ནུས་ན་ཁུར་ཙ་དང་གཉིས་ཐག་བུས་སྦྲེལ་ལ་བདག་གིས་རྒྱགས་ཁྱེར་ཡང་ཉེས་མེད།
ཐག་བུས་སྦྲེལ་མ་ནུས་ན་ཡང་ཆུ་བརྒལ་གྱི་བར་དུ་བདག་གིས་ཁྱེར་ཡང་ཉེས་མེད། ཆུ་བརྒལ་བ་ལ་ཁུར་ཙ་སྔོན་དུ་སོང་སྟེ་རྒྱགས་ཕྱི་ན་ལུས་ན་ཁུར་ཙ་ནམ་སླེབས་པའི་ཕྱིར་ཁྱེར་ཡང་ཉེས་མེད། གཞན་མེད་ན་བླངས་པའང་རྒྱགས་སུའོ། །སཱུ་ཏྲ་ལྟག་མའི་ལྟག་མ་ལྟར་རྒྱགས་བདག་གིས་ཁྱེར་

བའི་རྣམས་གཡོག་གམ་ཁྱིམ་པ་གཞན་ལ་ཡང་བསྐུར་དུ་མེད་ལ་རྒྱགས་གཞན་ཡང་མེད་ན་བདག་གིས་ཁྱེར་ཞིང་བྱེད་ན་ཡང་ཉེས་མེད། ཁུར་ཙ་བ་མེད་ན་སྦྱིན་བདག་ལ་དད་པ་བྱ། ལམ་དུ་ཞུགས་ཏེ་འགྲོ་བ་ལ་རྒྱགས་ཁྱེར་བའི་ཁུར་ཙ་མེད་ན་ལམ་འགྲོགས་པ་ལ་བདག་གི་ཁུར་ཙ་ཡང་མེད་
ཟས་ལ་ཡང་རེག་ཏུ་མི་རུང་ན་ཁྱོད་ཀྱིས་བསྐུར་དུ་ཅི་གནང་ཞེས་གསོལ། མ་གྲུབ་ན་བདག་གིས་བསྐུར། ལྟག་མ་ལྟར་གསོལ་ཏེའང་མ་གནང་བདག་འགྲོ་བའི་དོན་སྡེ་སྣོད་གསུམ་ཐོས་པར་འགྱུར་བ་ལྟ་བུ་ཞིག་སྟེ་མི་འགྲོར་མི་རུང་ན་བདག་གི་རྒྱགས་བདག་ཉིད་ཀྱིས་ཁྱེར་ཡང་ཉེས་མེད་དོ། །
དེ་ཉིད་བྱིན་ལ་བརྗེ་ཞིང་བླང་པར་བསྒྲུབ། བདག་ཉིད་ཁྱེར་བའི་ཟས་དེ་བཟར་མི་རུང་བའི་ཕྱིར་འགྲོན་པོ་གཞན་ལ་ཟས་ཉི་རིམ་གྱིས་ཀྱང་བརྗེས་ཏེ་བཟའ། དེ་མ་གྲུབ་ན་དེ་བཟའ། སཱུ་ཏྲ་ལྟག་མ་ལྟར་ཉི་རིམ་གྱིས་བརྗེས་ཀྱང་མ་གྲུབ་ན་བདག་ཉིད་ཀྱིས་ཁྱེར་བའི་ཟན་བཟའོ། །བྱིན་ལེན་
བྱེད་པ་མེད་ན་བྱིན་ལེན་མ་བྱས་པར་གཞན་གྱིའམ་བདག་གིའོ། །སཱུ་ཏྲ་ལྟག་མ་ལྟར་བདག་ཉིད་ཀྱི་ཟན་ཟ་བ་ལ་བྱིན་ལེན་བྱེད་པའི་མི་མེད་ན་འདུ་ཤེས་བྱང་གི་སྒྲ་མི་སྙན་གྱི་བདག་པོ་མེད་པར་བསམས་ལ་བཟར་རུང་སྟེ་འོག་ནས་འཆད། ཟས་བཅད་པ་བྱས་ཏེའོ། །སཱུ་ཏྲ་ལྟག་མ་ལྟར་བཟར་
རུང་པ་ཡང་ཟས་བརྗེ་བ་དང་བྱིན་ལེན་བྱེད་པའི་མི་མེད་ན་ཞག་གཅིག་གི་བར་དུ་ནི་ཟན་མི་བཟའོ། །ཐོག་མའི་ཉི་མ་སྟག་གི་སྤར་བའོ། །ཕྱི་དེ་ཉིད་ཀྱང་ཟན་བརྗེ་བ་དང་བྱིན་ལེན་བྱེད་པ་མེད་ན་སྟག་གི་སྤར་བ་སྟེ་བདག་གིས་ལག་གི་ཡ་བཙུམས་གང་བཟའོ། །གཉིས་ལ་གཉིས་སོ། །དེའི་ཕྱིར་
དེ་ཉིན་པར་ཀྱང་ཟས་བརྗེ་བ་དང་བྱིན་ལེན་བྱེད་པ་མ་རྙེད་ན་སྟག་གི་སྤར་པ་དོ་བཟའོ། །གསུམ་ལ་ཅི་ཆོག་ཏུའོ། །ཉི་མ་གསུམ་ཕན་ཆད་ནི་ཅི་ཆོག་ཏུ་འགྲངས་འགྲངས་སུ་བཟར་དབང་ངོ་། །འབྲས་བུ་དུས་མ་ཡིན་པར་བརྟག་པ་མ་བྱས་པ་དང་བྱིན་ལེན་མ་བྱས་པར་བླངས་པའང་བཟའོ། །བདག་
གི་ཟས་ཟད་དམ་མེད་དམ་སྦྱིན་བདག་གིས་མ་སྦྱར་ལ་བསླབ་དུ་མ་སྙེད་ན་འབྲས་བུ་ལ་སོགས་པ་མ་བརྟགས་པ་དང་བྱིན་ལེན་མ་བྱས་པ་བཟར་རུང་ངོ་། །ཕྱི་དྲོ་བཟར་ཡང་རུང་ངོ་། །ཟས་མེད་པས་སོ། །སཱུ་ཏྲ་ལྟག་མ་ལྟར་བཟར་རུང་བ་ཡང་ཟས་མེད་ཅིང་ཕོངས་ན་བཟའོ། །བཀྲེས་ཏེ་མི་བཟོད་

ནའོ། །སཱུ་ཏྲ་ལྟག་མ་ལྟར་ཕོངས་ཏེ་བཟའ་བ་ཡང་མི་བཀྲེས་ཤིང་བཟོད་ན་མི་བཟའི་བཀྲེས་ཏེ་མི་བཟོད་ན་བཟའོ། །རྩ་བ་ཡང་ངོ་། །བཀྲེས་ཏེ་མི་བཟོད་ན་གྲོ་མ་ལ་སོགས་པའི་རྩ་བ་བརྐོ་མི་དགོས་པར་འདུག་པ་ཡང་བཟར་རུང་ངོ་། །བདག་གིས་ཕྲགས་ཤིང་ཕྱུང་ནས་
བཙོས་ཏེའོ། །སཱུ་ཏྲ་ལྟག་མ་ལྟར་རྩ་བ་བརྐོ་མི་དགོས་པ་དང་ཤིང་ཏོག་བླགས་ཟིན་པ་མ་རྙེད་ན་ཤིང་ཏོག་བླགས་ཤིང་རྩ་བ་བརྐོས་ཏེ་བཟར་ཡང་དབང་ངོ་། །བཙོར་ཡང་དབང་ངོ་། །བྱང་གི་སྒྲ་མི་སྙན་གྱི་གྲགས་པ་ཐམས་ཅད་དུ་བྱིན་ལེན་མ་བྱས་པར་ཟ་བ་ལ་སོགས་པ་རྩམ་པར་འདོད་པ་
ཡིད་ལ་བྱའོ། །སཱུ་ཏྲ་ལྟག་མ་རྣམས་ལྟར་བཟའ་བ་ཡང་བྱང་གི་སྒྲ་མི་སྙན་གྱི་ཁ་ཟས་བདག་པོ་མེད་པ་ཡིན་པར་བསམས་ལ་བྱིན་ལེན་བྱེད་པ་མེད་པའི་ཕྱིར་བ་དང་ཡུལ་ཆོས་ཀྱིས་བཙོག་པའི་ཕྱིར་གཅིག་ལ་གཅིག་རེག་ཏུ་མི་རུང་བས་བདག་ཉིད་ཀྱིས་བླངས་ཏེ་བཟའོ་སྙམ་དུ་བསམས་ལ་བཟའོ། །
སྣོད་ཀྱི་ནང་ནས་ཁ་བླུགས་མི་བྱ། ཆུ་དང་སྐོམ་ལ་སོགས་པ་འཐུངས་པའི་ཚེ་ཁ་བླུགས་མི་བྱ། ཡོད་ན་ལག་པ་བཀྲུས་པའམ་ལོ་མར་རོ། །ཆུའམ་སྐོམ་འཐུངས་དགོས་ཏེ་སྣོད་གཞན་མེད་ན་ལག་པའམ་ལོ་མ་བཀྲུས་ལ་དེའི་ནང་དུ་བཏུང་ངོ་། །མ་གྲུབ་ན་དབེན་པར་རོ། །ཆུ་དཀོན་ཏེ་ལོ་
མའམ་ལག་པ་བཀྲུར་མི་ཆོག་ན་མི་གཞན་གྱིས་མ་མཐོང་བར་དབེན་པར་ཁ་བླུགས་མི་བྱའོ། །ཆུ་དང་བཅས་པ་འདི་ལ་དགབ་པ་མེད་པར་མི་སྤྱད། ཀུན་དེ་དང་ཆུ་སྣོད་ལ་སོགས་པ་ཁ་གབ་ཀྱིས་མ་བཀབ་པར་གཞག་པའམ་སྤྱད་པར་མི་བྱའོ། །དགབ་པ་ནི་རྣམ་པ་གསུམ་སྟེ་ཤིང་གི་དང་རྡོའི་
དང་སའི་འོ། །སཱུ་ཏྲ་ལྟག་མ་ལྟར་སྣོད་ཀྱི་ཁ་དགབ་བྱ་བའི་རྒྱུ་ནི་ས་དང་རྡོ་དང་ཤིང་ལས་བྱའོ། །ལྕགས་དང་ཟངས་དང་ར་གན་དང་ཁར་བ་ལ་སོགས་པ་རང་ཆས་འདུག་པའང་ཉེས་མེད་དོ། །སྣོད་ཀྱི་གཞི་བཅངས་ཏེ་ཤིང་ལའམ་རྡོ་ལའོ། །སྣོད་ཀྱི་གཞི་ཤིང་དང་རྡོ་ལ་སོགས་པ་ལ་བཞག་
ཀྱང་ཉེས་མེད་དོ། །མ་བཞག་ཀྱང་ཉེས་མེད་དོ། །ཉེས་མེད་པ་ནི་སྣོད་ཀྱི་དགོས་པར་ལོ་མ་མ་བྱིན་པར་བླངས་ཀྱང་ངོ་། །སྣོད་སྤྱད་མེད་པའི་ཕྱིར་ཟན་ཟ་བའི་ཕྱིར་གཞིར་རྩི་ཤིང་གི་ལོ་མ་བྱིན་ལེན་མ་བྱས་པར་བླངས་ཏེ་བྱས་ཀྱང་ཉེས་མེད་དོ། །དེ་བཏང་བ་དང་མ་བཏང་བ་བྱེ་བྲག་མེད་དོ། །ཟན་

ཟ་བའི་གཞི་ལོ་མས་བྱ་བ་སྔ་ན་ཆད་ཅིང་བྲལ་ཟིན་པ་ལ་ཡང་རུང་རྩ་བ་ལས་མ་ཆད་ཅིང་ཆགས་བཞིན་པའི་ལོ་མའི་སྟེང་དུ་ཟོས་ཀྱང་རུང་ངོ་། །དགོས་པར་གཞན་མེད་ན་མ་བཏང་བ་ལའོ། །སཱུ་ཏྲ་ལྟག་མ་ལྟར་རྩ་བ་ལས་མ་ཆད་པའི་ལོ་མའི་སྟེང་དུ་ཟན་ཟ་བ་ནི་རྩ་བ་དང་སོ་སོར་བྲལ་བའི་ལོ་མ་
མེད་ན་གདོད་བཟའ་སྟེ་ལོ་མ་དེ་ལ་སྣོད་ཅིང་ཆུང་ཟད་རལ་བ་ནི་ཉེས་མེད་དོ། །སྤགས་པ་སྤངས་པའོ། །སྤགས་པའི་ཟས་ཟོས་པའི་ལྟུང་བ་སྟེ་རྫོགས་སོ།། །།ཁ་ནས་མིད་པའི་ལྟུང་བ་ལ་འཆད་དེ། སྦྱིན་བདག་གིས་སེམས་ཀྱིས་བཏང་བ་ལ་གཞན་དང་བྱིན་ལེན་བྱེད་པ་མེད་ན་བླངས་ཏེ་བཟའ།
སྦྱིན་བདག་གིས་སྤྱན་དྲངས་ཤིང་ཁ་ཟས་བྱིན་ཏེ་མངོན་པར་འདུག་ལ་སྦྱིན་བདག་ཆུའམ་མེ་ལ་སོགས་པའི་རྐྱེན་བྱུང་སྟེ་མི་ཁོམ་ནས་ཁ་ཟས་འདྲིམ་པའི་མི་མེད་ལ་གདུགས་ཚོད་ཀྱིས་ཀྱང་མི་ཐུབ་ན་ཁ་ཟས་མངོན་པར་བྱིན་པ་དེ་བྱིན་ལེན་མ་བྱས་པར་བྲིམས་ཏེ་ཟོས་ཀྱང་ཉེས་མེད་དོ། །མངོན་སུམ་
དུ། དགེ་སློང་ཁ་ཟས་བྱིན་པའི་མི་ཐད་ཀར་མངོན་སུམ་དུ་འདུག་ལ་བྱིན་ལེན་བྱ་བ་དང་། མཚམས་ཀྱི་ནང་དུ། བར་དུ་ཆུ་དང་རྩིག་པ་མཐོན་པོས་མ་ཆོད་པ་དང་། མངོན་པར་འགྲུབ་པའི་ཕྱོགས་སུ་འདུག་སྟེ། རྒྱབ་བམ་ཟུར་ནས་མ་ཡིན་གྱི་མདུན་དུ་ཕན་ཚུན་དྲང་པོར་བྱས་ཏེ་ནམ་མཁའ་འམ་
རྩིག་པའམ་ཤིང་གི་ཁ་ལྟ་བུ་ན་གཅིག་འདུག་པ་ལྟ་བུ་མ་ཡིན་པ་དང་། གན་རྐྱལ་གྱི་ལག་པ་ལུས་ཀྱིས་སམ་བདག་གི་ལུས་ཀྱི་ལག་པ་ཁས་སྦུབ་ཏུ་མི་བྱ་བར་བཀན་ཏེ་བླང་བ་དང་། དེ་ལ་གཏོགས་པ་དང་། ལྷུང་བཟེད་དམ་གཞོང་པ་ལ་སོགས་པ་མན་ཅི་སྟེང་དུ་འདུག་པ་ལ་འོག་ནས་ལག་པས་
བཀན་ཏེ་བཟུང་ལ་སྣོད་ཀྱི་ནང་དུ་ཁ་ཟས་བླུགས་པ་ཡང་རུང་། ཐེག་ནུས་པ། འདྲིམ་པའི་མི་ནད་པ་དང་རྒན་པོ་དང་བྱིས་པ་ལྟ་བུ་ཁ་ཟས་མི་ཐེགས་པ་དང་། སྦྱིན་མི་ནུས་པ་མ་ཡིན་པ་དང་། རབ་ཏུ་མ་རྫོགས་པ། དགེ་སློང་ཁྲིམས་རྫོགས་པ་མ་ཡིན་པར་དགེ་སློང་མ་དང་དགེ་སློབ་མ་དང་དགེ་
སྦྱོང་ཕོ་མོ་དང་ཁྱིམ་པ་ཡང་ཡིན་པས་བྲིམས་པ་དང་། མི་མ་ཡིན་པས་ཀྱང་བལ་གླང་དང་རྟ་དང་སྤྲེའུ་ལ་སོགས་པ་ཞིག་གིས་སྦྱིན་པར་བསམས་ཏེ་བྱིན་པ་འང་རུང་། ཡན་ལག་གིས་སམ། འདྲིམ་ཞིང་བྱིན་པའི་ལུས་ཀྱི་ཡན་ལག་ལག་པའམ་སྣའམ་སོས་བཟུང་སྟེ་བྱིན་པ་དང་། དེ་ལ་གཏོགས་

པས། འདྲིམ་པའི་ལག་པ་ན་གཟར་བུའམ་སྣོད་སྤྱད་ཀྱིས་བྲིམས་ཀྱང་རུང་ངོ་། །འདོད་ཅིང་བཏང་ལ། འདྲིམ་པའི་མི་དེས་ཀྱང་བདག་ལ་བྱིན་པར་སེམས་ཤིང་བྱིན་པ་དང་། བླངས་ན་བྱིན་ལེན་ནོ། །མིང་གིས་སྨོས་པ་འདི་རྣམ་ལྟར་བྱིན་ལེན་བྱས་པ་འདི་རྣམས་སུ་
ཆུད་དོ། །བཟར་རུང་ངོ་། །སྨོད་པའི་ཡུལ་ན་དཀྱིལ་འཁོར་ལ་ཞོག་ཤིག་ཅེས་བསྟན་པ་ཡང་ངོ་། །ཡུལ་ལ་ལ་ཞིག་ན་ཡུལ་ཆོས་ཀྱིས་གཅིག་ལ་གཅིག་བཙོག་པར་འཛིན་ཅིང་རེག་ཏུ་མི་འདོད་དེ་བྱིན་ལེན་བྱེད་དུ་མི་བཏུབ་པ་ནི་འདྲིམ་པས་མཎྜལ་གྱི་སྟེང་དུ་སྤུངས་ཏེ་བཞག་པ་ལ་བྱིན་ལེན་ལྟག་
མ་ལྟར་བྱས་པར་ཟོས་ཀྱང་ཉེས་མེད་དོ། །ལྷུང་བཟེད་དང་དེའི་གཞི་ཡང་གཅིག་གོ། །ལྷུང་བཟེད་ཀྱི་གཞི་རྩི་ཤིང་གི་ལོ་མའམ་གཞོང་པ་ལྟ་བུས་བྱ་སྟེ། དེའི་འོག་ནས་ལག་པས་བཟུང་ན་ཁ་ཟས་ལྷུང་བཟེད་ཀྱི་ནང་དུ་བླུགས་ཀྱང་རུང་གཞིའི་སྟེང་དུ་བླུགས་ཀྱང་རུང་བྱིན་ལེན་རུང་ངོ་། །
ཡལ་ག་ནི་སྤྲེའུའི་ཡུལ་ཏེ་དེ་ལས་དེ་ནས་མི་འགྲུབ་པ་མ་ཡིན་ནོ། །སྤྲེའུས་ཤིང་ཏོག་ལྟ་བུ་བྱིན་ན་དྲུང་དུ་འོང་དུ་ནི་འཇིགས་ཀྱི་ཤིང་གི་ཁ་ནས་སྦྱིན་པའི་ཕྱིར་བོར་བ་ལ་བདག་གི་སྣོད་དམ་ལག་པ་བཟེད་དེ་བླངས་པའང་བྱིན་ལེན་དུ་ཆུད་དེ་རུང་ངོ་། །འབྲས་བུ་ཁྲི་དང་ཁྲིའུ་དང་ཐུ་བ་དང་
ལྷུང་བཟེད་ཀྱི་གཞིས་བྱིན་ལེན་བཟེད་ན་མི་རིགས་པ་མ་ཡིན་ནོ། །འབྲས་བུ་དང་ཚོད་མ་རྟོག་ཅིང་སེལ་བ་ལྟ་བུ་ལ་ཁྲིའུ་དང་ཁྲི་དང་ཐུ་བ་དང་ལྷུང་བཟེད་ཀྱི་གཞི་ཤིང་གི་ལོ་མའམ་གཞོང་པ་ལྟ་བུའི་འོག་ནས་བཟུང་སྟེ་བྱིན་ལེན་དུ་བྱས་པའང་། བྱིན་ལེན་དུ་ཆུད་དེ་རུང་ངོ་། །གནས་པས་དེ་ལ་བརྟག་
པ་ན་མི་སྨྲ་བས་ནའོ། །གནས་བཅའ་བའི་དགེ་སློང་གཞོན་ནུ་རྣམས་ཀྱིས་ཁ་ཟས་དང་ཚོད་མ་རྟོག་ཅིང་སེལ་བའི་ཚེ་མཆིལ་མའི་ཟེར་མས་མི་རེག་པ་དང་སེམས་མི་འཕྱར་ཅིང་གཅིག་ཏུ་བསྡུ་བའི་ཕྱིར་གཏམ་ལ་སོགས་པ་མི་བྱ་བར་ལས་བྱའོ། །སྙོམས་པར་རིམས་ཤིག་ཅེས་འདྲིམ་པ་ལ་བསྒོ། །
ཁ་ཟས་འདྲིམ་པའི་ཚེ་ཀུན་ལ་ཆེ་ཆུང་མ་ཁྱེར་ཞིང་མཉམ་པར་ཐོབ་པར་བྱ་བའི་ཕྱིར་གྲལ་དཔོན་དང་ཐོ་ངན་གྱིས་འདྲིམ་པ་ལ་སྙོམས་པར་བྲིམས་ཤིག་ཅེས་བསྒོ། །དགེ་སློང་གིས་བྱིན་བླངས་ཏེ་བླིམས་ན་རིགས་སོ། །དགེ་སློང་གིས་ཟན་འདྲིམ་ན་ཡང་དགེ་སློང་འདྲིམ་པ་དེ་ཉིད་ཀྱིས་ཚལ་བཞིན་

དུ་བྱིན་ལེན་བྱས་ཏེ་བྲིམས་ན་དགེ་སློང་ཀུན་གྱིས་བྱིན་ལེན་བྱ་མི་དགོས་ཀྱི་དེས་བྱིན་ལེན་བྱས་པས་ཆོག་སྟེ་བྲིམ་དུ་རུང་ངོ་། །མར་དང་ཡུངས་མར་དང་སྦྲང་རྩི་དང་བུ་རམ་རྫ་མར་འདྲིམ་ན་རྩ་དང་འདབ་མ་ལ་སྩོགས་པས་གོས་བཅའ་བའི་ཕྱིར་གླན། མིང་གིས་སྨོས་པ་འདི་རྣམས་ལྟ་བུ་ཞིག་དགེ་
སློང་གིས་བྱིན་ལེན་བྱས་ཏེ་བྲིམ་ན་ཁ་ཟས་ཀྱི་ཟེར་མ་དང་སྣོད་སྤྱད་གོས་ལ་མི་རེག་པར་བྱ་བའི་ཕྱིར་བདག་གི་གོས་ལ་ཕྱར་བའམ་ལོ་མ་ལ་སོགས་པས་གཟན་བྱ་བའམ་སྣོད་ཀྱི་ཞབས་ལ་ལོ་མས་གཟན་བྱ་སྟེ་བྲིམ་མོ། །འདྲིམ་ན་ཐུ་བོ་དང་ཐ་ཆུངས་སོ་སོར་བྱ་སྟེའོ། །ཤིང་ཏོག་ལ་སོགས་པ་
ཞིམ་པ་དང་ཆེ་ཆུང་ཞིག་འདྲེས་པར་འདྲིམ་ན་སྙོམས་པར་བྱ་བའི་ཕྱིར་ཆེ་ཆུང་སོ་སོར་ཕྱེ་ལ་ཆེན་པོས་བཟང་པོ་ལས་ཀྱང་མཉམ་པར་བྲིམ་ཆུང་ངུ་དང་ངན་པ་ལས་ཀྱང་མཉམ་པར་བྲིམ་མོ། །སྐྱུར་རྩི་ཞིམ་པོ་སོ་སོར་བྱས་ཏེ་བྲིམ། སྐྱུར་རྩི་ལྟ་བུ་ལ་ཞིམ་པོ་ཡོད་ན་སོ་སོར་ཕྱེ་སྟེ་ཞིམ་པོ་ལས་ཀྱང་མཉམ་པར་བྲིམ། མི་ཞིམ་པ་ལས་
ཀྱང་མཉམ་པར་བྲིམ། དེ་བཞིན་དུ་ཁ་ཟས་ཞིམ་པ་འདྲིམ་པའི་ཀུན་ལ་བྱའོ། །འདྲིམ་པའི་སློབ་དཔོན་དང་མཁན་པོས་ལོངས་ཤིག །དགེ་འདུན་ལ་ཁ་ཟས་འདྲིམ་པའི་དགེ་སློང་དེའི་ཟན་སྐལ་མཁན་པོའམ་སློབ་དཔོན་གྱིས་བྱིན་ལེན་བྱས་ཏེ་མནོད་དོ། །མི་འཐོབ་པ་ཐོབ་པ་དེ་མ་ཐག་པའི་གནས་སོ། །སཱུ་
ཏྲ་ལྟག་མ་ལྟར་མཁན་པོ་དང་སློབ་དཔོན་མེད་དམ་གྲལ་མཐོན་དམན་ཁྱེར་ཏེ་བླང་དུ་མི་བདེ་ན་འདྲིམ་པའི་གྲལ་གར་བབ་པའི་ལྟག་འོག་ན་དགེ་སློང་སུ་འདུག་པས་བྱིན་ལེན་བྱས་ཏེ་ཟན་མནོད་དོ། །དུ་མའི་ཅི་ཙམ་སྟན་མ་བཏང་བར་ལེན་ནུས་པའོ། །བདག་གི་གྲལ་ལྟག་འོག་ནས་དགེ་སློང་མང་
ཞིག་ཟན་འདྲིམ་དུ་དོང་ངམ་མ་ཚང་སྟེ་ཟན་སྐལ་ནོད་ན་སྟན་ལས་ལྡང་མི་དགོས་ཤིང་ཅི་ཙམ་ནུས་པའི་ཟན་སྐལ་མནོད་དོ། །བདག་གིས་མནོད་པར་ལག་གིས་མི་ཁྱབ་པ་ནི་མ་མནོས་ཀྱང་ཉེས་མེད་དོ། །འདྲིལ་བ་གནས་མ་བཏང་བར་རང་གིས་བླང་ནུས་ན་བྱིན་ལེན་མི་ཞིག་གོ། །ཁ་ཟས་ཤིག་
བྲིམས་ཏེ། བདག་གི་ལག་ཏུ་འོངས་ཏེ་ཤོར་བའམ་སྣོད་ཀྱི་སྟེང་ནས་འདྲིལ་བ་ནི། བདག་སྟན་ལས་འཕགས་མི་དགོས་པར་ལག་གིས་སླེབས་ཚུན་ཆད་དུ་སོང་སྟེ་བླངས་ནས་ཟོས་པ་ནི་བྱིན་ལེན་མི་ཞིག་གོ། །སྟན་ལས་འཕགས་ཏེ་བླངས་པ་ཞིག་ཟོས་ན་ཉེས་བྱས་སོ། །སྦྲང་མ་དང་གྲོག་སྦུར་

གྱིས་རེག་ན་ཡང་ངོ་། །བདག་གི་ཁ་ཟས་བྱིན་ལེན་བྱས་ཟིན་པ་ལས་གྲོག་སྦུར་གྱིས་རེག་པའང་བྱིན་ལེན་ཞིག་པར་མི་འགྱུར་རོ། །དགེ་སློང་གིས་མ་བཏང་བར་གཞན་གྱིས་ཀྱང་ངོ་། །བདག་གི་ཁ་ཟས་བྱིན་ལེན་བྱས་ཟིན་ནས་ལག་པས་བཟུང་ཞིང་འདུག་པ་ལ་གཞན་གྱིས་
རེག་ནའང་བྱིན་ལེན་ཞིག་པར་མི་འགྱུར་རོ། །བྱི་བས་ན་ཞིག་པར་བྱེད། བྱིན་ལེན་བྱས་ཟིན་པའི་ཟས་ལ་བདག་གིས་ཀྱང་མ་བཟུང་ལ། སེམས་ཅན་བྱི་བ་ཙམ་ཡན་ཆད་ཀྱིས་རེག་ན་བྱིན་ལེན་ཞིག་གོ། །དེ་ལས་ཟོས་ན་ཉེས་བྱས། བྱིན་བླངས་ནས་བྱིན་བླངས་པའང་རིགས་པ་མ་ཡིན་
ནོ། །བྱིན་ལེན་བྱས་ཟིན་པ་ལས་སྟན་ལས་འཕགས་སམ། གཞན་གྱིས་རེག་གམ། བྱིན་ལེན་བྱས་སམ་མ་བྱས་ཐེ་ཚོམ་ཟ་བ་སླར་གདོད་ཡང་། བྱིན་ལེན་བྱས་ཏེ་ཟོས་པའང་བྱིན་ལེན་བྱེད་དུ་ཆུད་དོ། །འབྷྲིད། ཟས་བྱིན་ལེན་མ་བྱས་པར་ཤེས་བཞིན་དུ་ཟོས་པ་ལས་ལྟུང་བར་འགྱུར་ཏེ་ཡན་
ལག་གཅིག་མ་བླངས་པ་ལས་སོ། །ཟས་བྱིན་ལེན་མ་བྱས་པ་ལས་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག་ཆུ་དང་སོ་ཤིང་མ་གཏོགས་པ་ཏེ་བཟའ་བའོ། །ཆུ་དང་སོ་ཤིང་མ་གཏོགས་ཏེ་བཟའ་བ་རྣམ་ལྔ་དང་། བཅའ་བ་རྣམ་ལྔ་ལ་སོགས་པ་ཁ་ཟས་ཅི་ཡང་རུང་ཟས་ལས་ལྟུང་བར་འགྱུར་ཏེ།
ཡན་ལག་གཅིག་ཁར་བཟའ་བའོ། །ལུས་ལ་བྱུག་པ་དང་སྣར་བླུགས་པ་མ་ཡིན་གྱི། ཁར་བཟའ་བ་ལས་ལྟུང་སྟེ། ཡན་ལག་གཅིག་བྱང་གི་སྒྲ་མི་སྙན་གྱི་མ་ཡིན་ནོ། །པའོ། །བྱང་གི་སྒྲ་མི་སྙན་གྱི་ཟས་ནི་བདག་གི་དང་འདྲ་བས་བྱིན་ལན་བྱ་མི་དགོས་ཏེ། བྱང་གི་སྒྲ་མི་སྙན་གྱི་ཟས་ཀྱང་མ་
ཡིན་པ་ལས་ལྟུང་སྟེ་ཡན་ལག་གཅིག །ཡན་ལག་འདི་རྣམས་དང་ལྡན་ན་ལྟུང་བའོ། །ནད་པ་རབ་ཏུ་མ་རྫོགས་པས་བསྙོད་ན་ལོང་ཤིག །ནད་པ་བྱིན་ལེན་བྱེད་མི་ཕོད་པ་ནི་ཁྱིམ་པ་དང་དགེ་སྦྱོང་ལྟ་བུས་ཟན་བསྙོད་དེ། ཟོས་པ་ནི་ཉེས་པར་མི་འགྱུར་གྱིས། ལོང་ཤིག་རབ་ཏུ་རྫོགས་པ་མེད་
ནའོ། །སཱུ་ཏྲ་ལྟག་མ་ལྟར་ཁྱིམ་པ་དང་དགེ་སྦྱོང་གིས་བསྙོད་པ་ཉེས་མེད་པ་ནི་དགེ་སློང་མེད་པ་ན་བླངས་ཏེ་ཟོས་ཀྱང་ཉེས་པ་མེད་དོ། །རབ་ཏུ་མ་རྫོགས་པས་ཀྱང་བསྙོད་ཅིག །ནད་པ་ལ་ཟན་བསྙོད་པ་དགེ་སློང་མེད་ན་དགེ་སྦྱོང་གིས་ཀྱང་སྟོབས་ཤིག་བསྙོད་ཅིག་ཉེས་མེད་དོ། །བྱིན་པ་མ་བླངས་པ་

ཟོས་པའི་འོ། །བྱིན་ལེན་མ་བྱས་པར་ཟོས་པའི་ལྟུང་བ་རྫོགས་སོ།། །།བཟང་པོའི་ལྟུང་བ་ལ་འཆད་དེ། འོ་མ་ཞོ་མར་གསར་པ་ཉ་ཤ་ཤ་སྐམ་འདི་དག་ནི་ཟས་བསོད་པའོ། །འོ་མ་དང་ཞོ་དང་མར་སར་པ་དང་། ཉ་ལ་སོགས་པ་ཆུའི་ནང་ན་གནས་པ་བཟར་རུང་ངོ་ཅོག་དང་འདི་རྣམས་ནི་
ཟས་སོ་ཅོག་གི་ནང་དུ་བསོད་ཅིང་བཟའ་བའི་མཆོག་ཡིན་ནོ་ཞེས་གསུངས་སོ། །དེ་ལས་བྱེད་དོ། །སཱུ་ཏྲ་ལྟག་མའི་ནང་ན་སྨོས་པའི་ཁ་ཟས་བཟང་པོ་དེ་རྣམས་ལས་གག་ཀྱང་རུང་། བསླངས་པ་ལས་ལྟུང་སྟེ། ཡན་ལག་གཅིག་གཉེན་མ་ཡིན་པ་དང་། ཁྱིམ་པ་སྦྱིན་བདག་ནའོ། །སྦྱིན་བདག་
གཉེན་མ་ཡིན་ན་ཁྱིམ་པ་ལས་ལྟུང་སྟེ། ཡན་ལག་གཅིག་བདག་གིས་བླངས་ཏེ་ཟོས་ནའོ། །བདག་གིས་བླངས་ཤིང་ཟོས་པ་ལས་ལྟུང་སྟེ། ཡན་ལག་གཅིག་གསོལ་བ་དང་བཅུག་པ་དེ་ནི་ཉེས་བྱས་པའོ། །ཁ་ཟས་བཟང་པོ་ལས་བདག་གིས་བླངས་ཏེ་ཟོས་པ་ནི་ལྟུང་། གཞན་སློང་དུ་བཅུག་སྟེ་
ཟོས་ན་ཉེས་བྱས། སློང་བའི་ཚེ་ནི་གཉིས་ཀའང་ཉེས་བྱས་སུ་འདྲའོ། །མིན་ནའོ། །ཁ་ཟས་བཟང་པོ་ན་བའི་ཕྱིར་བླངས་པ་ནི་མ་གཏོགས་ཀྱི་མི་ན་བར་བླངས་པ་ལས་ལྟུང་སྟེ། ཡན་ལག་གཅིག་ཅི་བདེར་སྤྱན་དྲངས་པ་མ་བྱས་ན། ཡོན་བདག་གིས་ཁྱེད་ཅི་འདོད་པ་ང་ལས་རྟག་པར་ལོང་ཤིག་
ཅེས་ཟེར་བའང་རུང་། ཟན་སློང་བ་ཁྱོད་ཅི་འདོད་ཟེར་ཡང་རུང་སྟེ་བཟང་པོའི་ནང་ནས་མིང་གིས་སྨོས་ཏེ་འདི་འདོད་དོ་ཞེས་བྱས་ཀྱང་མི་ལྟུང་གི་ཅི་འདོད་པ་ལོངས་ཤིག་གམ། ཅི་འདོད་པ་ཞེས་མི་འདྲི་བར་བླངས་པ་ལས་ལྟུང་བར་འགྱུར་ཏེ་ཡན་ལག་འདི་རྣམས་དང་ལྡན་ན་ལྟུང་བར་འགྱུར་རོ། །དེའི་
ཕྱིར་ཐོབ་པའི་ཚེ་ཡང་དེ་སྟེ་གཞན་ངན་པའམ་བཟང་པོའམ་མཉམ་པའམ་རབ་ཏུ་བཟང་པོ་ཡང་བླངས་ནའོ། །ཟན་སློང་བའི་ཚེ་ཁ་ཟས་བསོད་པའི་ནང་ནས་བཟང་པོ་ཞིག་སྣ་གཅིག་ཅིག་བྱིན་པ་ལས་དེ་དང་འདྲ་ཞིང་མཉམ་པ་ཞིག་བྱིན་ཞེས་བླངས་ཏེ་ཐོབ་ན་ལྟུང་། ངན་པ་བྱིན་པ་ལས་བཟང་པོ་
བྱིན་ཞེས་བླངས་ཏེ། བྱིན་ན་ཡང་ལྟུང་། བཟང་པོ་ཞིག་བྱིན་པ་ལ་འདིས་ཀྱང་བཟང་པོ་ཞིག་བྱིན་ཞེས་བྱས་ཏེ། ཐོབ་ན་ལྟུང་། ཁ་ཟས་ངན་པ་ཞིག་བླངས་པ་ལས། བཟང་པོ་བྱིན་ཏེ། བླངས་ཏེ་ཟོས་ན་ལྟུང་། དེ་དག་ལས་ངན་པ་ནི་ཕྱེད་དོ། །ཁ་ཟས་ངན་པ་ཞིག་བླངས་ཏེ་བཟང་པོ་ཞིག་ཐོབ་བམ་བཟང་པོ་

ཞིག་བླངས་པ་ལས་ངན་པ་ཞིག་བྱིན་ཏེ་ཟོས་ན་ཉེས་བྱས། ཅི་བདེར་སྤྱན་དྲངས་པ་བཞིན་དུ་སློང་བ་ཁྱེར་ཏེ་འོངས་ན་ཁ་རོག་ཅིང་འདུག་ལ་བཀྱིག་པ་ལས་ཁྱོད་ཅི་སློང་ཞེས་འདྲི་ནའོ། །ཅི་འདོད་ཅེས་ཟེར་ཏེ་འདི་འདོད་ཅེས་བྱས་ཀྱང་ཉེས་མེད་པ་བཞིན་དུ་ཟན་ཁྱེར་ཏེ་འོང་བ་
ལ་དེ་མི་འདོད་ཅེས་བྱས་སམ། མི་འདོད་པའི་ཕྱིར་ལྷུང་བཟེད་ཁ་བཀབ་སྟེ་བསྡད་ཅིང་བཀྱིག་པ་ལས་ཅི་འདོད་ཅེས་ཟེར་བ་ལས་འདི་འདོད་ཅེས་བྱས་ཏེ་དེ་བཞིན་དུ་ཐོབ་པའང་ཉེས་མེད་དོ། །བསོད་པ་བསླངས་པའོ། །ཁ་ཟས་བཟང་པོ་བསླངས་པའི་ལྟུང་བ་རྫོགས་སོ།། །།སྲོག་ཆགས་
དང་བཅས་པའི་ལྟུང་བ་ལ་འཆད་དེ། རང་སྤྱོད་པའི་ཕྱིར་ཞུགས་སམ་འཇུག་ནའོ། །བདག་གི་ལུས་ཀྱི་ཕྱིར་བྱ་བ་ལ་སེམས་ཅན་ཡོད་བཞིན་དུ་བདག་གིས་སྤྱད་དམ། གཞན་སྤྱོད་དུ་བཅུག་པ་ལས་ལྟུང་སྟེ་ཡན་ལག་གཅིག །འབྷྲིད། སེམས་ཅན་ཡོད་པར་ཤེས་བཞིན་དུ་སྤྱད་པ་ལས་
ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །སྲོག་ཆགས་ཅན་ནའོ། །སེམས་ཅན་ཀྱང་ཡོད་པ་ལས་ལྟུང་སྟེ་ཡན་ལག་གཅིག །ཆུ་དང་མར་དང་ཉུངས་མར་དང་སྦྲང་རྩི་དང་བུ་རམ་དང་འོ་མ་དང་ཞོ་དང་མར་སར་དང་ཚྭ་དང་རྒུན་གྱི་ཚྭ་དང་ཞོ་ཁུ་དང་རྩབ་མོ་དང་འབྲས་བུ་དང་བཅའ་བ་ལ་སོགས་
པ་དགོས་པ་ལའོ། །མིང་གིས་སྨོས་པ་འདི་རྣམས་གག་ཀྱང་རུང་བདག་གི་ལུས་ཀྱི་ཕྱིར་སྤྱོད་པ་ལས་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །མཐོང་བ་སེམས་ཅན་མཐོང་ཞིང་ལྟར་སྣང་བ་ལས་ལྟུང་སྟེ་ཡན་ལག་གཅིག །ཤི་ནའོ། །སྲོག་ཆགས་ཤི་བ་ལས་ལྟུང་སྟེ་ཡན་ལག་འདི་རྣམས་
དང་ལྡན་ན་ལྟུང་བར་འགྱུར་རོ། །སྲོག་ཆགས་སོ་སོ་སེམས་ཅན་ཡོད་བཞིན་དུ་སྤྱད་དེ་ཤིན་ཏུ་ཤི་བ་བཞིན་དུ་ལྟུང་བར་འགྱུར་རོ། །ལུས་ལ་དགོས་པ་ནི་སྤྱད་པའོ། །བདག་གི་ལུས་ཀྱི་ཡོ་བྱད་དུ་དགོས་ཏེ་སྤྱད་པ་ལ་སེམས་ཅན་ཡོད་ནའང་ལྟུང་བར་འགྱུར་ཏེ་ལུས་ཀྱི་ཕྱིར་གང་གང་དགོས་
པ་ནི་སཱུ་ཏྲ་འོག་མ་ལས་འཆད་པ་བཞིན་ནོ། །འདི་ལྟ་སྟེ་ཁྲུས་དང་སྐོམ་དང་སོ་ཤིང་བཅའ་བ་དང་རྐང་ལག་བཀྲུ་བའོ། །ལུས་ཀྱི་ཕྱིར་དགོས་པ་ནི་ཁྲུས་ཀྱི་ཡོ་བྱད་དང་སྐོམ་དུ་བཏུང་བ་དང་སོ་ཤིང་དང་རྐང་ལག་བཀྲུ་བའི་ཡོ་བྱད་ལ་སེམས་ཅན་ཡོད་བཞིན་དུ་སྤྱད་ན་ཡང་ལྟུང་བར་འགྱུར་རོ། །

དགོས་པ་ལ་དགོས་པའི་ཡོ་བྱད་དོ། །ལུས་ལ་དགོས་པའི་ཡོ་བྱད་གོས་དང་སྣོད་སྤྱད་ལ་སོགས་པ་ལས་བཀྲུ་ཞིང་སྤྱད་པར་དགོས་པ་ལ་སེམས་ཅན་ཡོད་ན་ལྟུང་བར་འགྱུར་ཏེ་གང་གང་ཡིན་པ་སཱུ་ཏྲ་འོག་མའི་ནང་ནས་འཆད་པ་ཡིན་ནོ། །བཟའ་བ་དང་། ཟས་ཉིད་དང་། ཟས་བཙོ་བའི་ཡོ་བྱད་ལ་
སེམས་ཅན་ཡོད་པ་དང་། ལྷུང་བཟེད་དང་། ལྷུང་བཟེད་བཀྲུ་བའི་ཡོ་བྱད་ཆུ་དང་ལྕི་བ་ལ་སོགས་པ་ལ་སེམས་ཅན་ཡོད་པ་དང་། གོས་དང་གོས་བཀྲུ་བ་དང་འཚོད་པའི་ཆུ་དང་ཚོན་ལ་སེམས་ཅན་ཡོད་པ་དང་། གནས་དང་ཁང་པའི་སྐྱང་ནུལ་འཇི་བ་དང་ལྕི་བ་ལ་སེམས་ཅན་ཡོད་པ་དང་།
སྭོ་བཀྲུ་བ་དང་། བདག་གི་སྭོ་དང་སྭོ་ལས་གཟུགས་བྱས་པ་བཀྲུ་བ་ལ་སེམས་ཅན་ཡོད་པ་དང་། མེ་ལ་སོགས་པ་ལུས་ཀྱི་ཡོ་བྱད་རྣམས་སོ། །མེ་བུད་པའི་ཡོ་བྱད་ཤིང་ལ་སོགས་པ་ལ་སེམས་ཅན་ཡོད་བཞིན་དུ་སྤྱད་ནའང་ལྟུང་བར་འགྱུར་རོ། །དེ་དག་དང་ས་ལྕི་བ་དང་ཚོན་དང་རྩྭ་དང་ཤིང་ལ་
སོགས་པའོ། །སཱུ་ཏྲ་ལྟག་མའི་ནང་ནས་མིང་གིས་སྨོས་པའི་ཡོ་བྱད་དུ་འགྲོ་བ་ནི། འདི་རྣམས་ལ་སེམས་ཅན་ཡོད་པར་སྤྱད་ནའང་ལྟུང་བར་འགྱུར་རོ། །དེ་དག་ཏུ་དགོས་པ་ནི་འདི་ལྟ་སྟེ་བཀྲུ་བ་དང་བཤལ་བ་དང་བཙོ་བ་དང་གདབ་པ་དང་ཕྱགས་པ་དང་བྱུག་པའོ། །སཱུ་ཏྲ་ལྟག་མའི་
ཡང་ལྟག་མའི་ནང་ནས་མིང་གིས་སྨོས་པའི་ཡོ་བྱད་དུ་དགོས་པ་འདི་རྣམས་ལ་སེམས་ཅན་ཡོད་ཅིང་ཤི་ན་ཡང་ལྟུང་བར་འགྱུར་རོ། །བཅུད་དང་ཆན་ཁུ་དང་ཐུག་པ་དག་བྱེད་པའོ། །ནད་པའི་བཅུད་དང་ཆན་ཁུ་དང་ཐུག་པ་ལ་སོགས་བྱེད་པའི་རྒྱུ་ལས་སེམས་ཅན་ཡོད་ནའང་ལྟུང་བར་འགྱུར་
རོ། །ཆུའི་ལམ་བཅད་དམ་བཏང་བའོ། །ཆུ་བཅད་དེ་ཆུ་བཅད་པའི་ལམ་ན་ཡོད་པའི་སེམས་ཅན་དུ་ཡོད་པ་ཤི་བ་བཞིན་དུ་ལྟུང་བར་འགྱུར་རོ། །ཆུ་གུད་དུ་བཏང་བའི་འདྲོགས་ལ་སྒམ་ལ་འདུག་པའི་སེམས་ཅན་དུ་ཤི་བ་བཞིན་དུ་ལྟུང་བར་འགྱུར་རོ། །ཤིང་དང་གཟིངས་བཅུག་པ་དང་
དྲངས་པ་དང་ཕྱུང་བའོ། །ཆུའི་ནང་དུ་ཤིང་དང་གཟིངས་བཅུག་གམ་ཕྱུང་བ་སེམས་ཅན་ཡོད་ཅིང་ཤི་བར་ཤེས་བཞིན་དུ་བྱས་ནའང་ལྟུང་བར་འགྱུར་རོ། །རིམ་གཅིག་པ་ལས་གཞན་དུ་སྤུ་ཡོད་པ་ལ་སོགས་པས་ཁྲུས་བྱེད་ནའོ། །རྫིང་བུ་དང་མཚེའུའི་ནང་ན་སེམས་ཅན་ཡོད་བཞིན་དུ་

ཁྲུས་རས་ཉིས་རིམ་དང་བེའུ་རས་དང་ལྭ་བ་ལྟ་བུ་སྤུ་ཅན་གྱི་ཁྲུས་རས་ཀྱིས་ཁྲུས་མི་བྱ། ཁྲུས་བྱས་ཏེ་སེམས་ཅན་ཤིན་དུ་ཤི་བ་བཞིན་དུ་ལྟུང་བར་འགྱུར་རོ། །དེས་ཀྱང་སེམས་ཅན་ཐམས་ཅད་ལྷག་པའི་ཁམས་ཀྱི་ཆུ་དེ་དག་ཀྱང་སྦྱོར་བའོ། །མཚེའུ་དང་རྫིང་བུ་ལྟ་བུ་སེམས་ཅན་ཕྲ་མོ་
རབ་ཏུ་མང་བར་ཡོད་ན་ཁྲུས་རས་གཅིག་རིམ་གྱིས་ཀྱང་ཁྲུས་མི་བྱ། གཅིག་རིམ་གྱིས་ཁྲུས་བྱས་ཏེ་སེམས་ཅན་ཤི་བར་གྱུར་ན་ཡང་ལྟུང་བ། སྲོག་ཆགས་དང་བཅས་པའི་དགོས་པའོ། །སྲོག་ཆགས་དང་བཅས་པའི་ལྟུང་བ་འདུལ་བ་རྣམ་པར་འབྱེད་པའི་ནང་ནས་འབྱུང་བའི་མདོ་
སྲོག་ཆགས་དང་བཅས་པའི་ཆུ་སྤྱོད་པའི་ལྟུང་བ་ལ་འཆད་དོ། །ཆོངས་ཤིག་ཤིང་སྤྱི་སྤྲོད་ཀྱི་ཚགས་ཆུ་བཙགས་པའི་ཚགས་ཤིང་སྤྱི་སྤྲོད་ལ་བྱས་ཀྱང་ཉེས་མེད། སྦྱིན་པ་ཟག་སྣོད་ཀྱི་སྟེང་ནམ་མཁའ་ལ་གནས་པ་བཙགས་པའི་ཆུ་གཏོར་བའི་སྣོད་ཚགས་སྦྱར་བའི་ཕྱིར་ལྟང་ལྟང་པོ་
གསུམ་ལ་ལྕགས་ཀྱི་གཟེར་བུ་བ་དེ་ལྟར་གསུངས་སོ། །ཤིང་སྤྱི་སྤྲོད་ཀྱི་ཆགས་ནི་ཆུ་སྣོད་འོག་ཏུ་བཞག་ལ་དེའི་སྟེང་ནམ་མཁའ་ལ་ཆུ་ཚགས་དཔྱོངས་ཏེ་ཆུ་ཚགས་ཁ་ལས་སྲད་བུས་བཏགས་ཏེ་སྲད་བུའི་ཐོག་མ་ཤིང་ལྟང་ལྟང་པོ་གསུམ་གྱི་རྐེད་པ་ཙམ་དུ་ཡང་མིག་བྱས་ལ་ཡང་
མིག་ལས་གདགས་ཤིང་ལྟང་ལྟང་པོ་གསུམ་སྤྱི་སྤྲོད་དུ་བྱས་ཏེ་ལྕགས་སྒྱེད་ལྟར་བཙུགས་ལ་ཆུ་བཙག་གོ། །ཆུ་ཚགས་ལ་ཆུ་གནས་པའི་ཕྱིར་གདིང་བ་བྱ། ཆུ་ཚགས་ཀྱི་ཞབས་སུ་ཆུ་འཆགས་ཤིང་སེམས་ཅན་མི་འཆི་བར་བྱ་བའི་ཕྱིར་ནང་དུ་མིག་ཚགས་བླུགས། བྱེ་མའམ་ལྕི་
བས་སོ། །ཆུ་ཚགས་ཀྱི་ནང་དུ་བླུགས་པ་ནི་བྱེ་མའམ་ལྕི་བ་ཕུར་ཏེ་བླུགས། འཛིན་པའི་ལྷུང་བཟེད་ཀྱིས་ཀྱང་ངོ་། །སེམས་ཅན་མི་འཆི་བར་བྱ་བའི་ཕྱིར་ཆུ་ཚགས་ཀྱི་ཞབས་སུ་ཆུ་ཚགས་པར་བྱ་བའི་ཕྱིར་ཆུ་ཆགས་ཀྱི་ཞབས་སྣོད་གཅིག་གི་ནང་དུ་གཞུག་ཏུའང་རུང་ངོ་། །ཁམ་
པའམ་ཟངས་གག་ཀྱང་རུང་བས་སོ། །སྣོད་ནི་ཁམ་ལའམ་ཟངས་གག་ཀྱང་རུང་བས་སོ། །ལས་བྱས་ཏེ་ཆུ་ཚགས་ཀྱི་ཞབས་དེ་ནང་དུ་གཞུག་གོ། །ལྟང་ལྟང་པོ་གསུམ་གྱི་ཡུལ་དེ་བཅིངས། ཆུ་ཚགས་ཀྱི་ཞབས་གཞུག་པའི་སྣོད་དེ་ཡང་ཤིང་སྤྱི་སྤྲོད་གསུམ་གྱི་རྐེད་པ་ལ་བཏགས་ཏེ་

ཆུ་ཚགས་ཀྱི་ཞབས་དེའི་ནང་དུ་བཅུག་ལ་འཆང་དུ་གཞུག །བུ་གུ་ལས་བཟུང་། སྣོད་འཕྱང་དུ་གཞུག་པ་དེ་ཁ་ལ་བུ་གུ་ཕུག་སྟེ་བུ་གུ་ལས་གདགས་སོ། །སྔ་མ་ན་སྐུད་པས་སོ། །སྣོད་དེ་ཁམ་པ་ལས་བྱས་ན་བུ་གུ་ལས་གདགས་པ་ཐག་བུ་ལས་བྱ། ཕྱི་མ་ནས་ལྕགས་ཐག་ཕྲ་མོས་
སོ། །སྣོད་དེ་ཟངས་ལ་བྱས་ན་བུ་གུ་ལས་གདགས་པ་ལྕགས་ཐག་ཕྲེའུས་བྱའོ། །དེ་བཅང་། ཁམ་པ་དང་ཟངས་ལས་བྱས་པའི་སྣོད་དེ་བཅངས་ཀྱང་ཉེས་མེད་དེ། ཆུ་མི་སྟེར་ན་ལེབ་ལེབ་པོས་ཡང་ཡང་དུའོ། །ཆུ་ཚགས་ཐགས་བཟང་སྟེ་ཆུ་ཡོང་དུ་མི་བཏུབ་ན་ཤིང་ལེབ་ལེབ་པོས་
ཆུམ་ཐོར་བ་ཙམ་དུ་མི་དྲག་པར་ངོས་ལ་བརྡབ། ཆུ་ཚགས་ལ་བརྡེག །གོང་མ་ལྟར་ཆུ་ཚགས་ཟག་ཏུ་མ་བཏུབ་ན་ཚགས་ཀྱི་ཁ་ལའང་བརྡེག་ཅིང་བསིག །གཅེ་ཚགས་ན་གྲོན་ཆུང་ངོ་། །ཆུ་བཙགས་པའི་ཕྱིར་ཟངས་ཀྱི་ཞབས་བུ་གུ་སེང་སེང་པོར་འདུག་པ་བྱས་ཤིང་བཅངས་ན་ལས་
ཆུང་ཞིང་གྲོན་ཆུང་སྟེ་སླའོ། །དེ་བཅང་ཆུ་བཙགས་པའི་ཚགས་ཟངས་གཅེ་ཚགས་བཅངས་ཀྱང་ཉེས་མེད། ཁམ་པའང་ཟངས་ལས་སོ། །གཅེ་ཚགས་ཞེས་བྱས་པ་ནི་ཁམ་པའམ་ཟངས་གག་ལས་བྱས་ཀྱང་རུང་ངོ་། །དེ་རྫ་མ་འདྲ་བའི་ཞབས་སུ་སྡུ་བུ་ཅན་ནང་དུ་པད་མོ་འདྲ། བུ་གུ་
ཅན་ནོ། །གཅེ་ཚགས་བྱ་བ་ནི་རྫ་མའམ་ཟངས་འདྲ་བར་བྱས་ལ་ཞབས་ཀྱི་ནང་དུ་འབུར་འབུར་པོ་པད་མོའི་སྙིང་པོ་འདྲ་བར་བྱས་ལ་དེའི་འོག་གི་ནང་ཁོང་སྟོང་སྤུ་བུ་ཅན་བྱ་སྟེ་དེ་ལ་སྦུ་བུ་སེང་སེང་པོར་བྱས་ལ་གདོད། རས་མས་དེ་དག་གོ། །འབུར་འབུར་པོར་བུ་གུ་གདོད་པ་དེ་ལ་རས་མས་
གཡོགས་ཏེ་འབུར་འབུར་པོའི་དྲུང་སྲ་མོར་ཐག་བུས་བཅིངས་ལ་སྣོད་དེའི་ནང་དུ་ཆུ་བླུགས་ལ་བཙགས་ན་སེམས་ཅན་མི་ཤོར། ཆུ་ཚགས་ཞོག་ཤིག །ལྟག་ཏུ་ཆུ་ཚགས་རྣམས་གཉིས་སྨོས་པ་མ་གཏོགས་པར་ཆུ་ཚགས་གཞན་བཅངས་ཀྱང་ཉེས་མེད་དེ་འོག་ནས་འཆད། ཚགས་
སམ། ཆུ་ཚགས་ཐ་མལ་པ་དྲུག་པ་དང་ཆོས་ཀྱི་སྣོད་པའམ། ཀུན་དེ་དང་འདྲ་བ་ལ་ཁར་ཡང་བུ་གུ་གདོད་ཞབས་སུ་ཡང་ཆེར་གདོད་དེ་ཞབས་ཀྱི་བུ་གུ་ཆེན་པོར་ཆུ་ཚགས་ཀྱིས་གླན་པ་དང་། གཏང་བའི་ལེབ་ལེབ་པོ། རས་ལེབ་ལེབ་པོ་ཆུའི་ནང་དུ་བཅུག་སྟེ་བཀྲམ་ལ་སླར་བསྡུས་ཏེ་

སྣོད་ཀྱི་ནང་དུ་བཙིར་ན་ཡང་སེམས་ཅན་མི་ཆགས་སྟེ་འདི་གསུམ་གང་བཅངས་ཀྱང་རུང་། བརྟགས་པ་ཆུ་ཁྱེར་རམ་འགྲུབ་བམ་སྣོད་དང་སྤྱི་ལུགས་དེ་དག་ཏུའོ། །གུད་དུ་འགྲོ་སྟེ་ཆུ་ཚགས་མེད་ཀྱང་སླ་བ་ནི་ཆུ་བཙགས་ཤིང་བརྟགས་ཟིན་པ་རིལ་བའམ་སྣོད་
དུ་བླུགས་ཏེ་ཁྱེར་བས་ལྕོགས་པ་ཙམ་གྱི་ཚོད་ན་ཉེས་མེད། དེ་དག་མེད་པར་ཡུལ་རྒྱུ་བར་མི་སྤྱད། ཆུ་ཚགས་དང་ཀུན་དེ་མེད་པར་ཡུལ་རྒྱུ་བར་མི་སྤྱད། འཁོན་པ་དང་ལྷན་ཅིག་ཏུ་མ་ཡིན། བདག་ལ་ཆུ་ཚགས་མེད་ལ་འཁོན་ཡོད་པ་ལ་ཆུ་ཚགས་ཡོད་ན་ལྷན་ཅིག་ཏུ་ཡུལ་རྒྱུ་བར་མི་སྤྱད་དེ་
བརྙར་མི་སྟེར་བའི་ཕྱིར་རོ། །འོན་ཏེ་དེ་འདྲ་བའི་རྐྱེན་གཅིག་ན་བཟོད་ནས་སོ། །འཁོན་ཡོད་པ་དང་མི་འགྲོགས་སུ་མི་རུང་བའི་རྐྱེན་གཅིག་ཡོད་ན་བཟོད་པར་གསོལ་ཏེ་ཆུ་ཚགས་ལ་སོགས་པ་བརྙ་བར་སྔ་ནས་དམ་བཅས་ལ་འགྲོའོ། །བྱ་བར་ཡོད་ན་ཡོད་པའོ། །བདག་ལ་ཆུ་ཚགས་ཡོད་
པ་ནི་གུད་ན་ཡོད་པ་ལ་མི་བྱའི་ལག་ན་སྤྱད་དུ་ཡོད་པ་དང་བདག་ཉིད་ཀྱི་ལག་ན་སྤྱད་དུ་མེད་ཀྱང་བརྙས་སམ། ཐུན་མོང་དུ་སྤྱད་དུ་ཡོད་ན་བདག་ལ་ཡོད་པ་དང་འདྲ་སྟེ་ཉེས་མེད། དེ་བས་ན་གཞན་གྱིས་སྦྱིན་པར་ཁས་བླངས་ན་དེ་བཞིན། གུད་དུ་འགྲོ་སྟེ་གྲོགས་ཆུ་ཚགས་ཡོད་པ་ལ་ལམ་
ན་ཐུན་མོང་དུ་སྤྱད་ཅིང་བརྙ་བར་ཐམས་ཏེ་སྦྱིན་པར་ཁས་བླངས་ན་བདག་ལ་ཡོད་པ་དང་འདྲ་སྟེ་ཉེས་མེད། འབྲལ་ཏེ་སྦྱིན་པར་ཁས་མ་བླངས་ན་ཡུལ་རྒྱུར་སྤྱད་ཅིང་མི་བརྟེན། གུད་དུ་འགྲོ་བའི་གྲོགས་ཆུ་ཚགས་ཡོད་པ་དེ་ལམ་ནས་སོ་སོར་བྲལ་ལམ་བརྙར་མི་སྟེར་ན་ཆུ་ཚགས་མེད་པ་
ཡིན་ཏེ་སོང་ན་ཉེས་བྱས་སོ། །མི་འཕངས་པར་བྱེད་ཅིང་རབ་ཏུ་སྤྱོད་པ་ནི་སྤྱོད་པའོ། །གུད་དུ་འགྲོ་སྟེ་ཕ་རོལ་གྱི་གནས་སུ་ཕྱིན་ཚུན་ཆད་ཆུ་སྤྱད་མི་དགོས་པར་འགྲོ་བའི་ལམ་དུ་སོང་བ་ནི་ཆུ་ཚགས་མེད་ཀྱང་ཉེས་མེད་དོ། །རྒྱང་གྲགས་ལྔར་ནི་དེ་བཞིན་ནོ། །རྒྱང་གྲགས་ལྔའི་བར་དུ་ཆུ་
སྤྱད་མི་དགོས་ན་ཡང་ཆུ་ཚགས་མེད་པར་སོང་ཡང་ཉེས་མེད་དོ། །བཞག་སྟེ་གནས་སུ་སོང་བ་ལ་དེར་དེ་མེད་ན་རང་ཉམས་མ་ཡིན་པ་མ་ཡིན་ནོ། །གུད་དུ་འགྲོ་སྟེ་ཕ་རོལ་གྱི་གནས་སུ་ཆུ་ཚགས་རྙེད་པའི་གདེང་མེད་པར་བཞག་སྟེ་སོང་བ་ནི་ཉམས་རངས་དང་ལེ་ལོ་ཡིན་ཏེ་ཉེས་བྱས་སོ། །

གནས་དེར་ཆུ་ཚགས་བརྙར་རྙེད་དམ་ཡོན་ཏན་དང་ལྡན་པ་དག་གཅིག་སྟེ་ཆུ་བཙགས་ཤིང་རྟོག་པ་ཞིག་སྟེ་ཆུ་ཚགས་བསྐུར་མི་དགོས་པའི་གདེད་ཡོད་ན་མ་ཁྱེར་ཡང་ཉེས་མེད། གཅིག་ཅིག་གི་དུ་མ་ལ་དེ་བཞིན་དུ་འགྲུབ་སྟེ་དགེ་འདུན་གྱི་བར་དུའོ། །གུད་དུ་འདོང་སྟེ་གཅིག་ལ་ཆུ་
ཚགས་ཡོད་དེ་བརྙར་རྙེད་ཅིང་ཀུན་གྱིས་སྤྱད་དུ་ཡོད་ན་ནི་དགེ་འདུན་ལངས་ཤིང་མི་དུ་ཡོད་ཀྱང་རུང་གཞན་མ་ཁྱེར་ཡང་ཉེས་མེད། རྒྱུན་མགྱོགས་པ་ནི་མི་འཕངས་པར་བྱེད་པ་མ་ཡིན་ནོ། །ཕུ་ཆུ་དྲག་པོར་འབབ་པ་ལ་སྲིན་བུ་མེད་ཅེས་ཏེ་ཆུ་ཚགས་བཞག་པའམ་མེད་པར་བྱ་བ་མ་ཡིན་གྱི་
བསྐུར་དགོས་སོ། །བརྟགས་པ་དེ་དང་འབབ་རྒྱུན་དུ་ལྷན་ཅིག་ཏུ་འགྲོགས་ན་རྒྱང་གྲགས་ཀྱི་བར་དུ་འཇུག་པར་གྱིས་ཤིག །ཆུ་བང་བ་མགྱོགས་བུལ་བདག་དང་མཉམ་ན་གང་དུ་བཅུས་སྟེ་ཆུ་བརྟགས་པ་དེར་རྩི་ཤིང་ངམ་གཅིག་བོར་ཏེ་མཚན་མ་བཙུགས་ལ་རྒྱང་གྲགས་གཅིག་
ཚུན་ཆད་དུ་མཚན་མ་དེའི་འཁོར་དུ་བཅུས་པ་ནི་བརྟགས་མི་དགོས་ཏེ་སྤྱད་དུ་རུང་ངོ་། །ཆུ་དེའི་བར་དུ་འདྲེས་ན་དེ་ཚུན་ཆད་དོ། །སཱུ་ཏྲ་ལྟག་མ་ལྟར་མཚན་མ་བཙུགས་ཏེ་རྒྱང་གྲགས་གཅིག་ཚུན་ཆད་དུ་བརྟགས་མི་དགོས་པ་ཀུན་ནས་ཆུ་གཞན་ཞིག་བྱུང་སྟེ་འདྲེས་ན་རྒྱང་གྲགས་གཅིག་
གི་ཚད་དུ་མི་བྱའི། གང་དུ་འདྲེས་པ་དེ་ཚུན་ཆད་བརྟགས་མི་དགོས་སོ། །འདོམ་གང་གི་འཁོར་བརྟགས་པ་བཞིན་ནོ། །ཁྲོན་པ་དང་མཚེའུ་ལ་གང་ནས་བཅུས་ཏེ་བརྟགས་པའི་འདོམ་གང་ཚུན་ཆོད་བརྟགས་མི་དགོས་སོ། །མིག་གིས་དག་ན་ཆུའང་དག་གོ། །མིག་གིས་བལྟས་ཏེ་
སེམས་ཅན་མ་མཐོང་ཞིང་མི་སྣང་ན་སེམས་ཅན་གཟུགས་ཕྲ་མོ་བལྟར་མི་སྣང་བ་མི་བརྩིའི་ཆུ་དེ་སེམས་ཅན་མེད་ཅིང་དག་པའི་ཚད་དུ་བརྩིའོ། །ཐ་མལ་པས་སོ། །མིག་དག་པ་ནི་འཕྲུལ་གྱི་མིག་ཅན་ལ་མི་བྱའི་ཐ་མལ་པ་ཤའི་མིག་ཅན་ནོ། །དག་པའི་ཚད་དུ་བརྩི་སྟེ་དགྲ་བཅོམ་པ་
དང་འཕྲུལ་ཅན་གྱི་ཆུ་ཡང་ཤའི་མིག་གིས་བརྟགས་པའི་ཚད་དུ་བརྩི་སྟེ་སྤྱད་དོ། །མི་གཡོ་རྡུལ་མེད་པར་བརྟགས། །ཆུ་བལྟབ་ནི་རྡུལ་མེད་ཅིང་མི་གཡོ་བར་འདུག་པ་ལ་བལྟ། རྫ་མ་གང་བ་ཡང་ངོ་། །རྫ་མ་གང་ཞིག་འདུག་པ་ལ་རིལ་གྱིས་བརྟགས་ཀྱང་རུང་སྣོད་ཆུང་ངུས་ལོགས་ཤིག་

ཏུ་བཅུས་ཏེ་བརྟགས་ལ་དེ་ནས་སེམས་ཅན་མེད་ན་ཀུན་བརྟགས་པར་ཆུད། འདས་པར་བྱ་བར་གཏོགས་པ་འདིར་སྤྱད་པར་མི་བྱ། ཆུ་བལྟ་བའི་ཚད་ནི་ཤིང་རྟ་བ་ལང་དྲུག་གིས་དྲངས་པ་གཅིག་འཇུག་མལ་གཅིག་ན་བཞག་སྟེ་མགོ་བསྐོར་ལ་
ཐོག་མ་བསྐོར་བའི་སར་སླར་འཁོད་པ་ཙམ་གྱི་ཡུན་གྱི་སྲིད་དུ་བལྟ། སྲོག་ཆགས་འཕྲོ་བ་རྩྭས་བདེ་བར་བསྟན། ཆུའི་ནང་ན་སྲིན་བུ་ཡོད་པ་རྡུལ་དང་ངོ་མི་ཤེས་པའི་ཕྱིར་རྩྭ་མཆོག་གིས་བསྐུལ་ཞིང་བརྟག །གཞན་ལ་ཡང་རྩྭ་མཆོག་གིས་བསྟན། དེ་དག་མྱོས་པའི་ལམ་དུ་མི་དོར། ཆུའི་
ནང་ན་སེམས་ཅན་ཡོད་དེ་སླར་བསྐྱལ་བའི་ཚེ་ཆུ་དྲག་ཏུ་དབོ་བ་ལ་སོགས་པས་སྔངས་པ་དང་སྣད་པ་དང་མྱོས་པར་མི་བྱ་བར་དལ་གྱིས་དོར། གཞན་ལ་ཡང་མ་ཡིན། ཤིག་དང་འཇི་བ་ལ་སོགས་པ་སེམས་ཅན་ཅི་དོར་ཡང་སྔངས་ཤིང་སྣད་པར་མི་བྱ་བར་དལ་གྱིས་དོར། དེ་སྟེ་མེ་མར་
བྱེད་པའི་དེར་སྲོག་ཆགས་ལྟུང་ན་དེ་གཡོགས། མེ་མར་གྱི་ནང་དུ་སེམས་ཅན་མི་འཆི་བར་བྱ་བའི་ཕྱིར་གྱོ་མོ་ལ་སོགས་པ་ལེབ་ལེབ་པོ་དབུས་སུ་བུ་གུ་ཕུག་ལ་དེ་དགབ། སྨྱིག་མའི་ཚལ་བུའི་དྲ་བ་ལ་གོས་དཀར་པོའམ་ལྷང་ཚེར་གྱིས་དཀྲི་བར་དེ་ལྟར་གསུངས་སོ། །མེ་མར་དགབ་པ་སྨྱིག་
མའི་ཚལ་བ་དྲ་བ་འདྲ་བར་བྲེས་ལ་རས་ཕྲན་ནམ་ཤོག་ཤོག་གམ་ལྷང་ཚེར་གྱིས་གཡོགས་པའི་ཁང་བུ་ཕུབ་ཀྱང་རུང་། མིག་བརྒྱ་བ་ཡང་ངོ་། །མེ་མར་གྱི་སྟེང་དུ་གཡོགས་པ་ཁམ་པ་ལ་མིག་མང་དུ་གཙགས་པའི་ཁང་བུ་ཕུབ་ཀྱང་རུང་། ཐོག་མ་ནས་བྱས་པའམ་རྫ་མ་ལ་སོགས་པའི་
གྱོ་མོ་བུ་གུ་ཅན་ནོ། །སཱུ་ཏྲ་ལྟག་མ་ལྟར་ཁམ་པའི་ཁང་བུ་བྱ་བ་ནི་ཐོག་མ་ནས་ཆེད་ཀར་བྱས་པའང་རུང་ཕྱིས་བུ་ལ་འཕྲལ་དུ་བྱས་པའང་རུང་། སྐྲའི་ཞགས་པས་སྦྲུལ་མི་བཅིང་། བདག་གིས་གནས་ན་སྦྲུལ་གདུག་པ་འདུག་ན་རྩྭ་དང་རྩིད་པའི་ཞགས་པས་བཅིངས་ཤིང་མི་དོར།
སེ་གོལ་གྱི་སྒྲ་བྱས་ལ་བཟང་པོའི་བཞིན་མི་སྣང་བའི་ལམ་དུ་འདུག་ཤིག་ཅེས་བྱ། སྦྲུལ་གནས་སམ་ལམ་ཀཾ་ན་འདུག་ན་སེ་གོལ་བརྡབ་སྟེ་བཞིན་བཟང་མི་སྣང་བར་གུད་དུ་སོང་ཞེས་བྱ། མི་འདུག་ན་ར་རྐང་གི་དབྱིག་པས་དལ་གྱིས་བུམ་པའམ་རྫ་མའི་ནང་དུ་བཅུག་ལ་བུ་གུ་བྱས་ཏེ་ཁ་

བཅད་ལ་དབྱུང་། སཱུ་ཏྲ་ལྟག་མ་ལྟར་བྱས་ཏེ་མ་བཏུབ་ན་དབྱུག་པའི་མགོ་ཁ་བྲག་ཏུ་འདུག་པས་གཉའ་བར་མ་སྣང་པར་མནན་ལ་རྫ་མའི་ནང་དུ་མི་སུབ་པར་བྱ་བའི་ཕྱིར་རྫ་མའི་ཁ་ཁབ་ལ་བུ་གུ་གཏོད་དེ་སྦྲུལ་ག་ལ་འདུག་པའི་གནས་སུ་བསྐྱལ། མི་འགྲུབ་ན་རྒྱ་ཅང་ངམ་ལྕག་
པོད་དམ་དྲ་བའམ་ཐག་པའི་ཞགས་པར་དས་དཀྲིས་པས་མགྲིན་པར་བཅིང་། དེ་དག་གིས་གཞུག་པར་བསྒོ། །སཱུ་ཏྲ་ལྟག་མ་ལྟར་རྫ་མར་གཞུག་མ་ནུས་ན་མིང་གིས་སྨོས་པ་འདི་རྣམས་ལ་ར་ད་འཇམ་པོས་དཀྲིས་ཏེ་བཏང་སླ་བར་བྱ་བའི་ཕྱིར་འགྲོལ་མིག་ཏུ་མགྲིན་པར་མ་སྣད་པར་
བཏགས་ལ་སྦྲུལ་གྱི་གནས་སུ་བལ་གྱིས་དཀྲི་ཞིང་བཏང་ངོ་། །མིང་གིས་སྨོས་པ་འདི་རྣམས་ཀྱི་མགྲིན་པར་བཅིངས་ལ་རྫ་མའི་ནང་དུ་གཞུག་ཅིང་བསྐྱལ་དུ་ཡང་རུང་ངོ་། །སྤན་སྤུན་ནི་མི་དོར། སྦྲུལ་བསྐྱལ་བ་ཡང་གནས་མ་ཡིན་པ་དང་སྤན་སྤུན་སྦྲུལ་ལ་གནོད་པའི་སར་མི་
གཞག །ཚང་དུ་ཞུགས་ཀྱི་བར་དུ་བསྡད། སྦྲུལ་ཚང་དུ་བསྐྱལ་ནས་ཀྱང་སེམས་ཅན་གཞན་ཞིག་གིས་མི་ཟོས་པར་བྱ་བའི་ཕྱིར་ཚང་དུ་སོང་གི་བར་དུ་བསྡད། ཤིག་ར་དའི་ནང་དུ་གཞུག །ཤིག་ཐང་ལ་བབ་ཅོལ་དུ་མི་དོར་བར་ར་དའི་ནང་དུ་གཞུག །དེའི་གསེབ་ཏུའོ། །ཤིག་
བཅུག་པའི་ར་ད་ཡང་བབ་ཅོལ་དུ་མི་དོར་བར་རྩིག་པའི་གསེབ་ཏུ་གཞུག་སྲིན་བུ་མང་ཀུ་ལ་སྔོན་པོ་ལ་དོར། སྲིན་བུ་མང་ཀུ་ན་མི་ལ་ཟ་བ་ཞིག་ཡོད་དེ་དེ་ཡང་བབ་ཅོལ་དུ་མི་དོར་བར་རྩྭ་སྔོན་པོའི་ནང་དུ་དོར་རོ། །གྲང་མོ་ལ་ཡང་ངོ་། །སྲིན་བུ་མང་ཀུ་ན་ཚ་ཞིང་དྲོ་བའི་གནས་སུ་མི་
གཞག་གི་གྲང་ཞིང་བསིལ་བ་དང་གྲིབ་མར་གཞག་གོ། །བཏང་བའི་བུམ་བུ་སྔ་མ་རྣམས་དབབ་པའི་ཕྱིར་བཅང་། ཆུ་བཙགས་པའི་སྲིན་བུ་སླར་ཆུའི་ནང་དུ་གཏང་བའི་ཕྱིར་བཏང་བའི་སྣོད་བཅངས་ཀྱང་ཉེས་མེད་དོ། །ཁ་ནས་ཀྱང་ཐག་བུས་གདགས་སུ་རུང་། ཞབས་སུ་ཡང་
ཐག་བུས་གདགས་སུ་རུང་བར་བྱས་ལ་ཐུར་དུ་བཏང་བའི་ཚེ་ཁའི་ཐག་བུ་ཐང་པར་བྱས་ལ་སླར་དབྱུང་བའི་ཚེ་ཞབས་ཀྱི་ཐག་བུ་ལ་གཟེང་སྟེ་དྲང་ངོ་། །ཆུ་ཚགས་དེ་ཉིད་ཀྱིས་ཀྱང་དབབ། ཆུ་ཚགས་ཀྱིས་ཀྱང་སླར་སེམས་ཅན་བཏང་དུ་རུང་སྟེ་ཞབས་ནས་ཀྱང་ཐག་བུས་བཏགས་ཁ་ནས་ཀྱང་ཐག་

བུས་བཏགས། ས་ལ་བཏང་བའི་ཚེ་ཞབས་ཀྱི་ཐག་བུས་དྲངས་ཏེ་བཏང་ངོ་། །ཚགས་བཤལ་བས་སྲོག་ཆགས་ཆགས་པ་དབོག་པའི་ཐབས། ཆུ་ཚགས་ལ་སྲིན་བུ་ཆགས་པ་བསལ་ཞིང་མེད་པར་བྱ་བའི་ཕྱིར་ཆུའི་ནང་དུ་མི་དྲག་པར་བཤལ་ཞིང་བཀྲུའོ། །དྲི་མ་བཀྲུ།
སྐབས་སྐབས་སུ་ཆུ་ཚགས་ཀྱི་དྲི་མ་ཡང་དག་པར་བཀྲུ། རུལ་བ་མེད་པར་བསྐམ། ཆུ་ཚགས་མི་རུལ་བར་བྱ་བའི་ཕྱིར་བསྐམ། དེ་བཙིར་ན་གཉིས་ཀ་ལ་ཡང་ཕན་ནོ། །ཆུ་ཚགས་བཙིར་ན་དྲི་མ་དག་པ་དང་བསྐམ་པ་ལ་ཕན་ཏེ་གཅུ་ཞིང་ནི་མི་བཙིར། ཁ་ན་མ་ཐོ་བའི་ཡིད་
ཅེས་པ་རྙེད་པར་དགེ་འདུན་ནམ་གང་ཟག་གམ་ཆུ་ཚགས་དང་ཟད་པ་ཡིན་ཅེས་པ་ལ་ཞུགས་ན་ཡང་ངོ་། །ཆུ་བདག་གིས་མ་བརྟགས་པར་སྤྱད་ཀྱང་ཉེས་མེད་པ་ནི་དགེ་འདུན་ནམ་གང་ཟག་གམ་ཚུལ་ཁྲིམས་དང་ལྡན་ཏེ་རྟག་ཏུ་ཆུ་འཚག་ཅིང་རྟོག་པ་དང་གང་ཟག་ཚུལ་ཁྲིམས་དང་ལྡན་པ་
རྟག་ཏུ་ཆུ་འཚག་ཅིང་རྟོག་པ་དང་གསང་ཆུ་སའི་འོག་ནས་འོང་བ་སྔོན་ཆད་སྲིན་བུ་ཡོད་མེད་དེ་མ་བྱུང་སྟེ་སེམས་ཅན་མེད་པར་ཡིད་ཆེས་པ་དང་ཆུ་ཚགས་བཟང་པོ་སྲིན་བུ་ཡོད་མི་འཆོར་ཞིང་སྔོན་ཆད་ཀྱང་སྲིན་བུ་བྱུང་མ་མྱོང་བ་དང་འདི་རྣམས་ནི་རྐྱེན་ཅིག་བྱུང་ནས་མ་བརྟགས་ཤིང་མཚན་མོ་
འཐུངས་ཤིང་སྤྱད་ཀྱང་ཉེས་མེད། ཉི་མ་ཤར་གྱི་བར་དུ་བླངས་པའི་དང་ཁྲོན་པ་བརྟགས་པ་བཞིན་དུ་ཞུགས་ཤིང་། ཆུ་བཅུས་ནས་བརྟགས་ཏེ་སྣོད་ཀྱི་ནང་དུ་བཞག་པ་དང་ཁྲོན་པ་སྲིན་ཡོད་དམ་མེད་བརྟགས་ཏེ་བཞག་པ་ནི་དི་རིང་ཉི་མ་ཤར་ནས་སང་ཉི་མ་ཤར་གྱི་བར་དུ་ཉིན་ཞག་
གཅིག་ཏུ་བརྟག་མི་དགོས་ཏེ་ཕན་ཆད་ནི་བརྟགས་སོ། །རྐང་པ་བཀྲུས་པ་ཕོས་ཏེ་སྟོང་པར་དགང་། བཤང་གཅིའི་སར་རྐང་པ་དང་ཕྱི་རོལ་བཀྲུ་བའི་ཆུ་ཚགས་བྱས་ལ་སྲིན་བུ་མི་འཇུག་པའི་ཕྱིར་སྔ་མ་ཕོ་ཞིང་སྟོང་པར་མི་བཞག་པར་ཕྱི་མ་ཆུ་སར་པས་དགང་། ཞོག་ཤིག་ཆུ་
སྣོད་དང་གཞན་ཡང་ངོ་། །ཆུ་སྣོད་གཞན་དང་སྣོད་སྤྱད་ལ་སོགས་པ་ཡང་ཁ་ཟས་དྲི་མས་འབགས་པ་ལ་སོགས་པ་བཀྲུ་བཤལ་བྱ་སྟེ་བཞག །ཆུ་སྣོད་ནི་ཆུས་དགང་ཞིང་བཞག་རུབ་མ་པ་ལ་དེར་གཏོགས་པ་དགེ་འདུན་གྱི་ན་དེ་ལ་གཏོགས། བཤང་སར་བཞག་པའི་ཆུ་སྣོད་དང་

སྣོད་སྤྱད་ལ་སོགས་པ་དགེ་འདུན་གྱི་རུབ་མ་པ་སུ་བྱེད་པའི་ལས་སུ་གཏོགས་ཏེ་རུབ་མ་པས་བསྲུངས་ཤིང་ཞལ་ཏ་བྱ། སྦྱིན་པ་དང་སྡུད་པའང་དེར་མི་གཏོགས་པ་མ་ཡིན་ནོ། །དགེ་འདུན་གྱི་སྣོད་སྤྱད་ལས་པ་བརྙན་པོར་བཏང་བ་དང་མི་དགོས་ཤིང་ལྷག་པ་སྡུད་ཅིང་སྦེད་པ་དང་
བྱན་པོ་ལ་སྣོད་སྤྱད་དཔོག་པ་ཡང་རུབ་མ་པའི་ལས་སུ་བྱའོ། །ཁྱིམ་པ་བརྙ་ན་སྦྱིན། དགེ་འདུན་གྱི་སྣོད་སྤྱད་ལ་ཁྱིམ་པ་བརྙ་ན་སྦྱིན། དེ་ཡོད་ན་སྤྱད་པ་ལས་སོ། །ཁྱིམ་པ་སྣོད་སྤྱད་བརྙར་སྦྱིན་པ་ནི་རྙིང་པ་ལས་སྦྱིན། རྙིང་པ་མེད་ན་སར་པ་ལས་ཀྱང་སྦྱིན། འདིར་སྦྱིན་བདག་གཙུག་
ལག་ཁང་དུ་སྦྱིན་པའམ་སྨྲས་པ་མ་ཡིན་ནོ། །ཁྱིམ་པས་གཙུག་ལག་ཁང་དུ་མཆོད་སྟོན་བྱེད་ཅིང་དེའི་རྗེས་ལ་ཁྱིམ་པའི་གཉེན་བཤེས་ཀྱང་ཅིག་ཅར་གཙུག་ལག་ཁང་དུ་བསྡུས་ཏེ་མགྲོན་བྱེད་པའི་ཕྱིར་སྣོད་སྤྱད་བརྙ་ན་སྦྱིན། དགེ་སློང་ལ་སར་པ་ཐལ་བྱུང་སྦྱིན། དགེ་སློང་རྙིང་
དང་གསར་དུ་ཞུགས་པ་ལ་སྣོད་སྤྱད་དང་ཁ་ཕྱིས་མེད་པ་ཞིག་ཡོད་ན་ཕྱོགས་བཅུའི་དགེ་འདུན་གྱི་དཀོར་ཡང་རུང་སྣོད་སྤྱད་ལས་ཅི་མི་བདོག་པ་ཐལ་བྱུང་སྦྱིན་ནོ། །སྣོད་ཀྱི་ཕྱིར་གནས་བསྐོ་རུབ་མ་པའི་སྣོད་སྤྱད་དང་། དཀོར་ལ་སོགས་པ་འབྲུབ་པའི་མཛོད་ཁང་བསྔོས་ཤིང་སྦྱིན། ཟངས་
དང་ཁམ་པའི་སྣོད་སོ་སོར་གཞུག །མཛོད་དུ་རུབ་མ་པས་སྦ་བརྟུལ་བྱ་བ་ནི་ཟངས་དང་ཁམ་པའི་སྣོད་སྤྱད་སྡེ་སྡེ་སོ་སོར་བཞག །ཆུ་ཞོག་ཤིག །དགེ་འདུན་གྱི་སྤྱིར་བཏུང་བ་དང་སྤྱད་པ་ལ་སོགས་པའི་ཆུ་བཞག །བབ་ཆོལ་དུ་མི་བཞག །ཆུ་དང་ཆུ་སྣོད་ལ་སོགས་པ་བབ་ཆོལ་དུ་མི་
བཞག་ཁང་པ་དེའི་ཕྱིར་བྱ། ཆུ་བབ་ཆོལ་དུ་མི་གཞག་པའི་ཕྱིར་ཆུ་བཞག་པའི་གནས་ཀྱི་ཁང་པ་བྱའོ། །གཙུག་ལག་ཁང་གི་ལྷོ་ནུབ་ཀྱི་ངོས་ཀྱི་ནང་དུའོ། །ཆུ་བཞག་པའི་ཁང་པ་བྱ་བ་ནི་གཙུག་ལག་ཁང་གི་ནང་ལྷོ་ནུབ་ཀྱི་མཚམས་ཀྱི་གྲ་ནས་ཁང་པ་མིག་གཅིག་བསྔོ། སྐར་ཁུང་
གདོད་ཕ་གུ་གདིང་ཆུ་ཁུང་གདོད་སྒོ་བྱ་སྒོ་ལེབ་དང་ཡང་མིག་གཞུག །ཆུ་བཞག་པའི་ཁང་པ་དེ་ཐོག་མ་བརྩིགས་པའི་ཚེ་ནས་སྐར་ཁུང་གདོད། འོག་ཏུ་སོ་ཕག་གདིང་ཆུ་ཁུང་གདོད་སྒོའི་རེ་བཞི་བྱ་སྒོ་ལེབ་གཞུག་སྒོ་ལེབ་ལ་ཡང་མིག་དང་ལག་གཟུངས་བཅའ། ཚགས་བཞག་པའི་ཕྱིར་

གདང་ཡང་ངོ་། །ཆུ་བཞག་པའི་ཁང་པའི་ནང་དུ་ཚགས་བསྐམས་ཞིང་བཞག་པའི་གདང་བྱ། ཤིང་ཁྲི་གཞག །ཁང་བུའི་ནང་དུ་ཆུ་སྣོད་ཀྱི་གཞི་ཤིང་ཁྲི་གཞག་ཕག་བུའི་སྟེགས་བུ་ཡང་ངོ་། །ཆུ་བཞག་པའི་གཞི་ཕག་བུ་ལ་སྟེགས་བུར་བྱས་ཀྱང་རུང་ངོ་། །ཤོང་
ཤོང་བོར་རོ། །སྟེགས་བུ་ལ་ཆུ་སྣོད་འཆགས་པར་བྱ་བའི་ཕྱིར་སོ་སོར་ཤོང་བུར་བྱ། སྤྱད་པའི་ཆུ་སྣོད་ཡན་ཆད་དག་པར་བྱ། ཆུས་སྣོད་དང་སྤྱད་པའི་སྣོད་སྤྱད་ལ་སོགས་པ་ཁ་ཟས་དང་དྲི་མས་འབགས་པ་དག་པར་བཀྲུ་ཞིང་བྱི་བདར་བྱ། གཙང་སྦྲར་རོ། །སྤྱད་པའི་སྣོད་སྤྱད་ཀུན་དྲི་མ་
དང་ཁ་ཟས་དང་མི་གཙང་བ་ལ་སོགས་པས་མ་འབགས་པར་གཙང་སྦྲ་བྱ། བཏུང་བའི་ཆུ་ཡང་ངོ་། །བཏུང་བའི་ཆུ་ཡང་རྡུལ་དང་དྲི་མ་དང་། ཁ་ཟས་ཀྱིས་མ་འབགས་པར་གཙང་སྦྲ་བྱ། མ་བརྟགས་པའི་གོས་དང་ལག་པས་མི་བྲིམ། གོས་དང་ལག་པ་ཁ་ཟས་དང་དྲི་མས་འབགས་
ཤིང་མ་བརྟགས་པས་ཁ་ཟས་དང་ཆུ་མི་བྲིམ། དུས་དུས་སུ་ཆུ་སྣོད་ཡང་བཀྲུ། །ཆུ་སྣོད་དང་ཀུན་དེ་ལ་སོགས་པ་དུས་དུས་སུ་ནང་བཀྲུ། ཟབ་ན་རྩྭ་ཨུ་ཤི་རའམ་ཅུ་ཚེའི་སོག་མའམ་ཤིང་ཤུན་ནམ་ར་དས་ཤིང་བུའམ་ཤིང་ཤུན་ནམ་ར་དས་ཤིང་བུ་ལ་བཅིངས་ཏེའོ། །ཀུན་དེ་ལྟ་བུ་ཁ་ཆུང་
ཞིང་མགྲིན་པ་རིང་བ་བཀྲུ་བ་དང་རྫ་མ་ཆེན་པོའི་ལག་གིས་ཕྱིས་མི་སླེབ་པ་ལ་མིང་གིས་སྨོས་པ་འདི་རྣམས་ཤིང་གིས་ཏོར་ཏོ་ལ་བཅིངས་ཏེ་བསྔོགས་ཤིང་བཀྲུའོ། །དེ་དེ་དག་ཏུ་ཁ་ཟས་ཀྱིས་རེག་པ་མི་བསྲུང་བར་མི་བྱ། ཆུ་སྣོད་དང་ཆུ་སྣོད་བཀྲུ་བའི་རྫས་དེ་རྣམས་ལ་ཐོག་མ་ནས་ཁ་ཟས་
ཀྱིས་མ་རེག་པར་བསྲུང་། བསྐམ་པ་ཡང་ངོ་། །སྣོད་སྤྱད་དང་ཆུ་སྣོད་དུས་དུས་སུ་བཀྲུ་ཞིང་བསྐམ་མོ། །དེར་མི་འཕོངས་པའི་ཕྱིར་ལྷན་ཅིག་ཏུ་མ་ཡིན་ནོ། །སྣོད་སྤྱད་སྐེམ་པའི་ཚེ་བྲེལ་བར་མི་འགྱུར་བའི་ཕྱིར་ཁ་ཅིག་སྤྱད་དུ་ཡོད་པར་བྱས་ལ་ཁ་ཅིག་བསྐམ་མོ། །ཆུ་ཡིར་གཏོགས་
པ་ནི་གནས་བྱེད་པ་ལ་གཏོགས་སོ། །ཆུའི་ལས་སུ་བྱ་དགོས་པ་འདི་རྣམས་གནས་བརྟན་དང་མཁན་པོས་མི་བྱའི་སློབ་མ་དང་གནས་འཆའ་བའི་དགེ་སློང་གཞོན་ནུས་བྱའོ། །སྲོག་ཆགས་དང་བཅས་པའི་ཕྲ་མོ་ལ་སོགས་པར་ཆུད་པའོ། །སྲོག་ཆགས་དང་བཅས་པའི་ཆུ་སྤྱོད་པའི་

ལྟུང་བ་འདུལ་བ་ཕྲ་མོའི་ནང་ནས་འབྱུང་བའི་མདོ།། །།སྨྱེན་གནས་ཀྱི་ལྟུང་བ་ལ་འཆད་དེ། འབྷྲིད། ཤེས་བཞིན་པ་ལས་ལྟུང་སྟེ་ཡན་ལག་གཅིག །མངོན་སུམ་དུ། ཁྱོ་དང་ཆུང་མ་ལྷན་ཅིག་འཁོད་པའི་གན་དུ་སོང་བ་ལས་ལྟུང་སྟེ་ཡན་ལག་གཅིག །རྩོམ་འདོད་པའོ། །
ཁྱོ་ཤུག་གཉིས་ཉལ་པོ་བྱེད་པར་ཆས་ཤིང་རྩོམ་པ་ལས་ལྟུང་སྟེ་ཡན་ལག་གཅིག །འདུས་པའོ། །ཁྱོ་ཤུག་གཉིས་ཉལ་པོ་བྱེད་པའི་ཕྱིར་འདུས་ཏེ་ལྷན་ཅིག་འཁོད་པ་ལས་ལྟུང་སྟེ་ཡན་ལག་གཅིག །ཕོ་དང་མོའོ། །ལྷན་ཅིག་ཏུ་འདུས་ཏེ་འཁོད་པ་ཕོ་གཉིས་འདུས་ཏེ། འཁོད་
པ་ལ་ནི་མི་ལྟུང་གི་ཕོ་གཅིག་མོ་གཅིག་འཁོད་པ་ལས་ལྟུང་སྟེ་ཡན་ལག་གཅིག །ཁྱིམ་པ་ལའོ། །ཕོ་དང་མོ་ལྷན་ཅིག་འཁོད་པ་དེ་དགེ་སློང་དང་མུར་འདུག་གི་རབ་ཏུ་བྱུང་བ་མ་ཡིན་གྱི་ཁྱིམ་པ་ལས་ལྟུང་སྟེ་ཡན་ལག་གཅིག །གཞན་གྱི་གནས་ན། དགེ་སློང་གི་གནས་
དང་གཙུག་ལག་ཁང་ལ་མི་བྱའི་ཁྱིམ་པའི་གནས་ན་མི་ཚངས་པར་སྤྱད་པ་བལྟས་པ་ལས་ལྟུང་སྟེ་ཡན་ལག་གཅིག །རུང་ཞིང་། རྩིག་པའམ་སབ་མོས་ཆོད་དམ་ཁང་པའི་ནང་ངམ་ས་སྲོས་ཏེ་དབེན་ཞིང་སྤྱད་དུ་རུང་བ་དང་། གཞན་མེད་དེ་སྦྱོར་བ་ནའོ། །ཁྱོ་ཤུག་གཉིས་སུ་འཁོད་
ཅིང་མི་གཞན་མེད་པ་དང་གཞན་ཀྱང་ཡོད་ཀུན་མི་ཚངས་སྤྱོད་པ་དང་འདི་རྣམས་ལ་ཡན་ལག་གཅིག །མངོན་པར་བརྟག་པར་འདུག་ནའོ། །མི་མི་ཚངས་པར་སྤྱོད་པའི་གན་དུ་ཁོང་གིས་ཀྱང་མཐོང་བདག་གིས་ཀྱང་མཐོང་བར་མངོན་པར་སོང་ཞིང་བརྟག་པ་ལྟུང་བར་འགྱུར་ཏེ་
ཡན་ལག་གཅིག་ཡན་ལག་འདི་རྣམས་དང་ལྡན་ན་སྨྱེན་གནས་ཀྱི་ལྟུང་བའོ། །སྨྱེན་གནས་སུ་འདུག་པའོ། །སྨྱེན་གནས་སུ་འདུག་པའི་ལྟུང་བ་རྫོགས་སོ།། །།གབ་པའི་ལྟུང་བ་ལ་འཆད་དེ། དབེན་པར་རྟོག་ཅིང་འདུག་པ། ཁྱོ་ཞིག་མི་ཚངས་པར་སྤྱོད་པ་ལ་འཇབ་
ཅིང་འགྲེངས་ཏེ་ཉན་པ་ན་ལྟུང་སྟེ་ཡན་ལག་གཅིག །གཡོགས་པ་དང་བཅས་པ། རྩིག་པའམ་སབ་མོས་བསྐོར་བའམ་ཁང་པའམ་ས་སྲོས་པའི་ནང་ན་མི་ཚངས་པར་སྤྱོད་པ་ལས་དྲུང་ནས་མ་མཐོང་བར་བལྟ་ཞིང་ཉན་པ་ལས་ལྟུང་སྟེ་ཡན་ལག་གཅིག །འཇིག་པའི་དབང་

ཡང་མ་ཡིན། གཅན་གཟན་ནམ་ཆོམ་པོ་ལ་སོགས་པའི་རྐྱེན་བྱུང་སྟེ་མི་ཚངས་པར་སྤྱོད་པའི་གན་དུ་སོང་བ་མ་གཏོགས་ཀྱི་ཆེད་ཀར་ལྟར་སོང་བ་ལས་ལྟུང་སྟེ་ཡན་ལག་གཅིག །ལྟག་མ་སྨྱེན་གནས་ཀྱི་ཡན་ལག་ཀུན་ཀྱང་འདིར་གཏོགས་ཏེ་ཡན་ལག་འདི་
ཀུན་དང་ལྡན་ན་གབ་པའི་ལྟུང་བའོ། །མཐོང་བ་མ་མཐོང་ན་ཉེས་བྱས་པའོ། །ཉལ་པོ་བྱེད་པ་ལ་འཇབ་ཅིང་ལྟ་བ་མིག་གིས་ཀྱང་མ་མཐོང་སྒྲ་ཡང་མ་ཐོས་པར་ཉན་པ་ནི་ཉེས་བྱས་སུ་འགྱུར་རོ། །གནས་གཞན་ནས་རྟོག་ནའོ། །རྒྱང་རིང་པོ་ཞིག་ནས་བཞབས་ཏེ་ལྟ་ཞིང་ཉན་ནའང་
ཉེས་བྱས་སུ་འགྱུར་ཏེ་འོག་ནས་འཆད། ལྟ་བའི་སྤྱོད་ཡུལ་ནི་གནས་ཀྱི་མཐའོ། །མི་ཚངས་པར་སྤྱོད་པ་དང་བར་དུ་རྩིག་པས་ཆོད་དམ་རྩིག་པས་མ་ཆོད་ཀྱང་བར་རྒྱང་རིང་པོ་ན་མི་ཚངས་པར་སྤྱོད་པ་མིག་གིས་མཐོང་བ་དང་སྒྲ་ཐོས་པ་ཙམ་ན་ཉན་ཅིང་བལྟ་ན་ཉེས་བྱས། མཛོད་
ཀྱང་ནང་དུ་ཆུད་དོ། །མཛོད་ཀྱི་ནང་ན་མི་ཚངས་པར་སྤྱོད་པ་ལ་ཉལ་ཁང་ངམ་བཀད་ས་ནས་ཉན་ཅིང་བལྟས་ན་ཡང་ལྟུང་བའོ། །གྲོང་བར་ནི་ཐ་དད་པའོ། །ཁྱིམ་ཁྱེར་གཅིག་གི་ནང་ན་མི་མང་པོ་ཞིག་མི་ཚངས་པར་སྤྱོད་པ་ནོར་དང་ལྟ་བ་བྱེ་བ་ཞིག་ན་མི་ཚངས་པར་དུ་སྤྱོད་པ་བཞིན་དུ་
ལྟུང་བ་རེ་རེར་འགྱུར་རོ། །སྨྱེན་གནས་སུ་འདུག་པའོ། །གབ་པའི་ལྟུང་བ་རྫོགས་སོ།། །།གཅེར་བུའི་ལྟུང་བ་ལ་འཆད་དེ། བུད་མེད་དམ་སྐྱེས་པ་ལས་སོ། །མུར་འདུག་གཅེར་བུ་ཕོ་ཡང་རུང་མོ་ཡང་རུང་ཟན་བྱིན་པ་ལས་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །མ་གཏོགས་
པ་ན་གཉེན་དང་རབ་ཏུ་འབྱུང་བར་འདོད་པ་དང་ནད་པའོ། །བདག་གི་གཉེན་མུར་འདུག་གཅེར་བུར་འདུག་པ་དང་མུར་འདུག་གཅེར་བུ་ལས་ཁོའི་ཆས་བོར་ཏེ་རབ་ཏུ་འབྱུང་བར་འོངས་པ་དང་མུར་འདུག་གཅེར་བུ་ནད་པ་དང་འདི་རྣམས་ལ་ཟས་བྱིན་པ་ནི་མི་ལྟུང་གི་འདི་རྣམས་མ་ཡིན་
པ་ལས་ལྟུང་སྟེ་ཡན་ལག་གཅིག །འདིའི་ཚུལ་དུ་མ་ཡིན་པ་རབ་ཏུ་འབྱུང་བ་གོས་མེད་པ་ལས་སོ། །སངས་རྒྱས་ཀྱི་ཆོས་ལ་རབ་ཏུ་འབྱུང་བ་མ་ཡིན་པ་མུར་འདུག་པའི་ཆོས་ལ་རབ་ཏུ་འབྱུང་བའི་གཅེར་བུ་གོས་མེད་པ་ལ་བྱིན་པ་ལས་ལྟུང་སྟེ་ཡན་ལག་གཅིག །ལུས་སམ་ལུས་

ཀྱིར་གཏོགས་པའོ། །བདག་གི་ལུས་ཀྱི་ཡན་ལག་ལག་པས་བྱིན་ཀྱང་རུང་ལུས་ལ་གཏོགས་པ་གཟར་བུའམ་སྣོད་སྤྱད་ཀྱིས་བྱིན་ཀྱང་རུང་བ་ལས་ལྟུང་སྟེ་ཡན་ལག་གཅིག །བཟའ་བ་དང་བཅའ་བ་ལས་སོ། །བཟའ་བ་དང་བཅའ་བ་བྱིན་པ་ལས་ལྟུང་བར་འགྱུར་ཏེ་ཡན་ལག་
གཅིག །བརྟག་པ་ལས་སོ། །དགེ་སློང་གི་ཁ་ཟས་སུ་བརྟག་པ་སྒོག་པའམ་ཆང་ལ་སོགས་པ་མ་ཡིན་པ་བྱིན་པ་ལས་ལྟུང་སྟེ་ཡན་ལག་གཅིག །བདག་དང་དེ་ལ་ཡང་ངོ་། །དགེ་སློང་ཡང་བཟར་རུང་བ་ལས་ལྟུང་སྟེ་མུར་འདུག་ཀྱང་བཟར་རུང་བ་ལས་ལྟུང་སྟེ་ཡན་ལག་
གཅིག །གཅིག་བཟར་རུང་གཅིག་བཟར་མི་རུང་བ་བྱིན་པ་ཡང་ལྟུང་། གཉིས་ཀ་བཟར་མི་རུང་བ་བྱིན་པ་ནི་ཉེས་བྱས་སོ། །སྡིག་པར་བལྟས་པ་བཟློག་པའི་ཕྱིར་བྱིན་པ་མ་གཏོགས། དེར་རིག་གིས་ཆོས་ལས་བཟློག་སྟེ་སངས་རྒྱས་ཀྱི་ཆོས་ལ་དབྱུང་བར་བྱ་བའི་ཕྱིར་ཟན་བྱིན་
པ་ནི་ཉེས་མེད་དོ། །བདག་གིས་བྱིན་ནའོ། །བདག་ཉིད་ཀྱི་ལག་ནས་བྱིན་པ་ལས་ལྟུང་སྟེ་ཡན་ལག་གཅིག །མ་བརྟགས་པ་ནི་ཉེས་བྱས་པའོ། །མུར་འདུག་དང་དགེ་སློང་གཉིས་ཀ་བཟར་མི་རུང་བ་མ་བརྟགས་པའི་ཟས་ཤིག་བྱིན་པ་ནི་ཉེས་བྱས། སྦྱིན་དུ་བཅུག་ན་ཡང་ངོ་། །
གཞན་ཞིག་ལ་བསྐུར་ཏེ་མུར་འདུག་ལ་སྦྱིན་དུ་བཅུག་པའང་ཉེས་བྱས། བགོས་ན་ཡང་ངོ་། །བདག་ཅག་ཟན་ཟ་བའི་དྲུང་ན་མུར་འདུག་ཟན་འདོད་པའི་ཕྱིར་འཁོད་དེ་ཁྲེལ་བལྟས་ཀྱི་ཕྱིར་བདག་གི་ཟན་ལ་བཅད་དེ་བྱིན་ནའང་ཉེས་བྱས། གོས་མེད་པ་ལ་སྦྱིན་པའོ། །གཅེར་
བུ་ལ་ཟས་བྱིན་པའི་ལྟུང་བ་རྫོགས་སོ།། །།གཡུལ་གྱི་ལྟུང་བ་ལ་འཆད་དེ། དམག་འདོད་ཅིང་། དམག་འདོད་པ་ལས་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །གཡུལ་བལྟ་བའི་ཕྱིར་རོ། །དམག་འདོད་པའི་ཕྱིར་གཡུལ་བལྟར་འདོད་དེ་ལྟར་སོང་བ་ལས་ལྟུང་སྟེ་ཡན་
ལག་གཅིག །མ་གཏོགས་པ་ནི་རྒྱལ་པོ་དང་རྒྱལ་མོ་དང་གཞོན་ནུ་དང་བློན་པོ་དང་ཞང་བློན་དང་སྟོབས་ཀྱི་མཆོག་དང་གྲོང་འདབ་དང་སྐྱེ་དགུས་སྨྲས་པ་དང་བར་ཆད་བྱུང་བའི་དབང་གིས་ནའོ། །ལྟུང་བར་མི་འགྱུར་བ་མིང་གིས་སྨོས་པ་འདི་རྣམས་ཀྱིས་མི་འགྲོར་མི་རུང་སྟེ་སང་

བ་ནི་ཉེས་མེད་དེ་འདི་རྣམས་ཀྱི་རྐྱེན་མེད་པར་ལྟར་སོང་བ་ལས་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །ཞུགས་པ་ལས་སོ། །གཡུལ་ལྟར་འགྲོ་བའི་ཕྱིར་ཆེད་དུ་སོང་བ་ལས་ལྟུང་སྟེ་ཡན་ལག་གཅིག །མཚམས་ཀྱི་མཐའ་འངས་ཏེ་མཐོང་ནའོ། །བལྟར་
འགྲོ་བའི་ཕྱིར་བདག་གི་གནས་ལས་ཀྱང་འཕགས་གཡུལ་ཡང་མཐོང་བ་ལས་ལྟུང་སྟེ་ཡན་ལག་གཅིག །ཡན་ལག་འདི་རྣམས་དང་ལྡན་ན་གཡུལ་ལྟ་བའི་ལྟུང་བར་འགྱུར། གཡུལ་ལྟ་བའོ། །གཡུལ་ལྟ་བའི་ལྟུང་བ་རྫོགས་སོ།། །།ཞག་གཉིས་ཀྱི་ལྟུང་བ་ལ་
འཆད་དེ། དེ་དག་མེད་པར་དེར་ཉིན་མཚན་གཉིས་རངས་པས་ལྷག་པར་གནས་པའོ། །རྐྱེན་གོང་ནས་སྨོས་པ་རྣམས་ལྟ་བུ་ཞིག་གིས་བཀུག་སྟེ་གཡུལ་གྱི་ཁྲོད་དུ་འོངས་ནས་རྐྱེན་དེ་རྣམས་ཀྱིས་མ་བཏང་བ་ནི་མ་གཏོགས་ཏེ་རྐྱེན་དེ་རྣམས་མ་གཏོགས་ཤིང་མེད་པར་
གཡུལ་ལྟ་བའི་ཕྱིར་ཞག་གཉིས་ལས་རིང་དུ་འདུག་སྟེ་ཞག་གསུམ་གྱི་སྐྱ་རེངས་བྱུང་ན་ལྟུང་བའོ། །དེ་ཕྱིན་ཆད་ཞག་རེ་ལྟུང་བ་རེ་རེར་འགྱུར་རོ། །མཚན་མ་མེད་ན་སྔ་མ་ཡང་ངོ་། །ལྟག་མ་གཡུལ་ལྟ་བའི་ལྟུང་བ་ཡང་རྐྱེན་མིང་གིས་སྨོས་པ་རྣམས་ཀྱིས་མ་བཀུག་པར་
ཞག་ལོན་ན་ལྟུང་བར་འགྱུར་རོ། །གཡུལ་དུ་གནས་པའོ། །ཞག་གཉིས་ཀྱི་ལྟུང་བ་རྫོགས་སོ།། །།ཤོམ་པ་ལ་འཆད་དེ། དམིག་ཡན་ལག་ལ་བྱེད་དོ། །རྟ་དང་མི་དང་བལ་གླང་དང་ཤིང་རྟའི་དམག་རྣམ་བཞི་ལས་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །བར་ཆད་
ཀྱི་དབང་མ་ཡིན་པས་སོང་བའོ། །བདག་ལ་འཇིགས་པའི་རྐྱེན་མ་བྱུང་བ་དང་ལྟག་ནས་རྒྱལ་པོ་ལ་སོགས་པས་བོས་པའི་རྐྱེན་མེད་པར་སོང་བ་ལས་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །འདུས་པའམ་བྲལ་བ་ཡང་ངོ་། །དམག་རྣམས་བཞི་ཀུན་འདུས་པའང་རུང་བཞི་ལས་
གག་ཀྱང་རུང་སྣ་གཅིག་གིས་རྒོལ་བར་ཤོམ་པ་ལ་བལྟས་ནའང་ལྟུང་བར་འགྱུར་རོ། །བཤམས་པ་ལས་སོ། །དམག་རྒོལ་བར་གོ་ཆ་དང་རྒྱན་དང་མཚོན་ཆ་ལ་སོགས་པ་ཐོགས་ཏེ་བཤམས་པའི་ནང་དུ་ཞུགས་པ་ལས་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །རྩ་བས་ན་རྩ་བའོ། །

དམག་རྒོལ་བར་བཤམས་ཟིན་ནས་འཐབ་མོ་འགྱེད་པ་ལ་བལྟས་ན་ལྟུང་། སྦྱོར་བ་ནི་ཉེས་བྱས་པའོ། །དམག་ལྟ་བར་འགྲོ་བར་སེམས་ཤིང་སྦྱོར་བ་ནི་ཉེས་བྱས་སོ། །མ་བཤམས་པ་དང་གཉིས་ཀ་ཡང་ཉེས་བྱས་པའོ། །དམག་རྒོལ་དུ་འདོང་བར་དམག་མི་གཞི་ནས་ཆས་
ཏེ་འདོང་བ་ལ་བལྟས་ནའང་ཉེས་བྱས། གཞི་ནས་ནི་འཕགས་ཟིན་གྱི་ཁྲོམ་གྱི་གཞིར་ཚོགས་བྱེད་ཅིང་ཕོག་པ་ལ་བལྟས་ནའང་ཉེས་བྱས་རེག་བཤམས་ལྟ་བའི་ཕྱིར་ཞུགས་མཚམས་ཀྱི་མཐའ་འདས་མཐོང་ན་རྩ་བའོ། །དམག་རྒོལ་ཞིང་འཐབ་པ་ལས་མ་བལྟས་སུ་ཟིན་ཀྱང་
དམག་མི་རྒལ་བར་བཤམས་ཤིང་ཆས་ཏེ་འདོད་པ་ལ་ཕྱུགས་ལ་ཀུ་རེ་བྱེད་ཅིང་ཀླན་ཀ་བཙལ་བའི་ཕྱིར་རེག་པས་ཀྱང་ལྟུང་། གཡུལ་སྤྲད་དེ་འཐབ་པ་ལ་བདག་གི་གནས་ནས་མཐོང་བར་བལྟས་པས་ཀྱང་ལྟུང་ངོ་། །མ་ཞུགས་པར་ན་འབྲི་བའོ། །དམག་མི་འཐབ་ཏུ་འདོང་སྟེ་གོ་
ཆ་དང་མཚོན་ཆ་ལ་སོགས་པ་ཐོགས་ཤིང་མ་བཤམས་པ་ཞིག་མ་བལྟས་ན་ཉེས་བྱས། བལ་གླང་དང་རྟ་དང་བྱ་གག་དང་འུར་པ་དང་ཐི་བ་དང་བུད་མེད་སྐྱེས་པ་འཐབ་པ་ལ་སོགས་པ་མི་བྱ་བ་བྱེད་དུ་མི་གཞུག་མི་བལྟ། མིང་གིས་སྨོས་པ་འདི་རྣམས་བདག་གིས་འཐབ་ཏུ་བཅུག་
སྟེ་བལྟས་ཀྱང་རུང་གཞན་ལ་འཐབ་ཏུ་བཅུག་སྟེ་བལྟས་ཀྱང་རུང་སྟེ་ཉེས་བྱས། །འདི་རྣམས་མ་གཏོགས་པར་གཞན་འཐབ་པ་ལ་བལྟས