Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 165
Văn bản gốc(Tây Tạng)
Trang 2 / 22 (50.000 ký tự/trang)
ིང་བ། ཤིན་ཏུ་ཐུང་ངུ་། ལུས་དང་རྐང་ལག་ཐམས་ཅད་ཐུང་ངུ་། སྐེམ་པོ་ཞན་ཏེ་མ་ཡང་ངོ་། །པགས་པའི་ཁ་དོག་རྣམ་བཞི་པ། དམར་པོ་དང་སེར་པོ་དང་དཀར་པོ་སྔོན་པོ་བཞི་ཁྲ་བོར་ འདུག་ཀྱང་རུང་འདི་བཞི་སོ་སོའི་ཁ་དོག་ཏུ་འདུག་ཀྱང་རུང་རབ་ཏུ་མི་དབྱུང་། གྱོལ་པོ་གལ་པོའང་དེ་བཞིན་ནོ། །འདི་ལྟར་འདུག་པ་ཡང་རབ་ཏུ་མི་དབྱུང་། རྣམ་པ་འདི་རྣམས་ལྟ་བུ་དག་ཀྱང་སྤངས་པར་དེར་རྟོགས་ཤིག །ལྟག་ཏུ་སྨོས་པ་འདི་རྣམས་ལྟ་བུ་དབྱུང་བ་དང་བསྙེན་ པར་རྫོགས་པར་མི་རུང་བར་སྤང་སྟེ་ལྟག་ནས་ལག་རྡུམ་མི་གནང་བ་བཞིན་དུ་རིག་པར་བྱའོ། །རིགས་དང་ལུས་ངན་པ་ལས་རབ་ཏུ་བྱུང་བ་མ་འཆང་ཤིག །རིགས་ངན་པ་ནི་སྨེ་ཤ་ཅན་དང་ཕྱག་དར་པ་དང་མཉེད་པ་ལ་སོགས་པ་ལ་བྱ། ལུས་ངན་པ་ ནི་ལག་རྡུམ་ལ་སོགས་པའི་ཆ་ན་ཡོད་པ་ལ་བྱ་སྟེ། འདི་ལྟ་བུ་ལས་རབ་ཏུ་ཕྱུང་བ་དང་བསྙེན་པར་རྫོགས་པ་ཞིག་ཡོད་ན་མཁན་པོས་ཀྱང་མི་བཅང་དགེ་འདུན་གྱིས་ཀྱང་སྤོང་ངོ་། །གཅིག་མ་ཡིན་པ་མཁན་པོ་གཅིག་དང་ཚིག་གཅིག་གིས་གསུམ་མན་ཆད་བསྙེན་པར་རྫོགས་ པར་རུང་ངོ་། །བསྙེན་པར་རྫོགས་པར་བྱ་བ་ནི་གསོལ་བ་དང་ཁྲིམས་དབོག་པའི་ཚིག་མཁན་པོ་གཅིག་གིས་སྨྲ་ལ་ནོད་པ་གསུམ་གྱིས་ཅིག་ཅར་སྨྲ་སྟེ་བཟླས་ཀྱང་ཁྲིམས་མི་འཆགས་པ་མ་ཡིན་ཏེ་དེ་ལྟར་དབོག་ཏུ་ཡང་རུང་ངོ་། །དུས་མཉམ་པ་རྣམས་ཕན་ཚུན་དུ་ཕྱག་བྱ་བ་མེད་ དོ། །སཱུ་ཏྲ་ལྟག་མ་ལྟར་མིག་གསུམ་དུས་མཉམ་པར་ཁྲིམས་ནོས་པ་ཁྲིམས་སོ་སོར་ནོས་ཀྱང་དུས་སྔ་ཕྱི་མེད་པ་རྣམས་གཅིག་ལ་གཅིག་ཕྱག་མི་བྱའོ། །ཐོབ་པ་ནི་སྔ་མས་སོ། །སཱུ་ཏྲ་ལྟག་མ་ལྟར་དུས་མཉམ་པ་གྲལ་དང་ཡོན་ལེན་པ་ན་གང་སྔར་འོངས་པ་དང་གང་བྱིན་ པར་ཟད་དོ། །ལས་ནི་གང་འཕྱི་བར་འོངས་པས་བྱའོ། །སོར་གཉིས་ལས་རིང་བར་དགོན་པ་ལས་སྐྲ་མི་གཞག །དགེ་སློང་དགོན་པ་ན་གནས་པ་སྐྲ་སོར་གཉིས་ལས་རིང་དུ་མི་གཞག་པར་བྲེག་འབྲེག་མཁན་དཀོན་པའི་ཕྱིར་རོ། །དེ་ཙམ་དུའང་གྲོང་པ་ལ་མི་གནང་། དགོན་ པའི་དགེ་སློང་གི་སྐྲ་ཙམ་དུ་གྲོང་གི་གཙུག་ལག་ཁང་ན་གནས་པའི་དགེ་སློང་གིས་སྐྲ་མི་བཞག་སྟེ་སོར་ཕྱེད་དང་གཉིས་མན་ཆད་ལ་བྲེག་སྟེ་འབྲེག་མཁན་བཙལ་སླ་བའི་ཕྱིར་རོ། །ཆན་པས་སྐྲ་བྲེག་ཏུ་མི་རུང་། སྐྲ་བྲེག་པ་ནི་སྤུ་གྲིས་བྲེག་སྟེ་ཆན་པས་བྲེག་ཏུ་མི་རུང་། རྨའི་ ཐན་ཀོར་ནི་མ་གཏོགས། མགོ་ལ་རྨ་ཡོད་དེ་སྤུ་གྲིས་བྲེག་ཏུ་མི་བདེ་ན་རྨའི་ཐན་ཀོར་ཆན་པས་བྲེག་ཀྱང་ཉེས་མེད་དོ། །ཕུད་མི་བྱ། སྐྲ་འབྲེག་པ་ལ་ཕུད་མི་གཞག །གསང་བའི་ཕྱོགས་ཀྱི་སྤུ་མི་བྲེག །ལག་པའི་མཆན་ཁུང་སྤུ་དང་རྨོངས་ལ་སོགས་པ་མི་བྲེག །རྨའི་ཕྱིར་ བྱ་སྟེ་གཞན་གྱིས་མི་འཚོ་ན་ཤེས་པའི་གནས་བརྟན་གནས་བརྟན་དག་ལ་ཞུ། རྨོངས་དང་མཆན་ཁུང་ལྟ་བུར་རྨ་ཡོད་དེ་ཐབས་དང་སྨན་གཞན་གྱིས་མི་འཚོའི། སྤུ་བྲེག་ན་འཚོ་ན་སོ་སོའི་གནས་བརྟན་ལ་དྲི་སྟེ་བྲེག །དེའི་ཕྱིར་མ་ཡིན་ན་རྐང་པའི་ཡང་མི་བྲེག །རྨ་ཡོད་པའི་ ཕྱིར་བྲེག་པ་མ་ཡིན་ན་རྐང་པའི་སྤུ་ཡང་མི་བྲེག་གོ། །ལུས་གཞན་ཡང་མི་བྱའོ། །ལུས་ཀྱི་སྤུའང་སཱུ་ཏྲ་ལྟག་མ་དང་འདྲའོ། །སེན་མོ་བཅད་པ་སྤུ་གྲིའི་ཁའམ་སྟེའུའི་ཁ་ལྟར་རོ། །སེན་མོ་བཅད་པའི་ཐབས་ནི་དེ་ལྟར་བཅད་དོ། །སེན་མོའི་ཁ་དོག་མི་བསྒྱུར། སེན་མོའི་ ཁ་དོག་རྩིས་དམར་པོ་འམ་སྔོན་པོར་མི་བསྒྱུར། དྲི་མ་ཕྱི་བར་ནི་བྲུད་ཅིང་སྤྱོད་ཅིག །སེན་མོའི་བར་ན་དྲི་མ་ཡོད་པ་བྲུད་ཅིང་འཕྱིར་དབང་ངོ་། །གོས་དང་སྐྲ་ཁ་སྤུ་མི་བྲེག །ལུས་ལ་ཆོས་གོས་གྱོན་བཞིན་དུ་སྐྲ་དང་ཁ་སྤུ་མི་བྲེག །འཆོང་ཤིག་སྐྲ་བཟེད་པ། སྒྲིམ་པོར་ བྲེག་ཏུ་མི་རུང་སྟེ་སྐྲ་བཟེད་པས་ལུས་གཡོགས་ཏེ་བྲེག །མེད་ན་རྔུལ་གཟན་དང་ངོ་། །སྐྲ་བཟེད་པ་མེད་ན་རྔུལ་གཟན་གྱོན་ཏེ་བྲེག་ཀྱང་ཉེས་མེད། བཏིང་བ་ལ་མི་བྱ། ཙྭ་སྟན་ཡན་ཆད་རྐོན་ལ་སོགས་པ་སྟན་བཏིང་བའི་སྟེང་དུ་སྐྲ་མི་བྲེག །གག་ཏུ་དགེ་འདུན་གྱིས་ས་ ཕྱག་པར་མི་བྱ། དགེ་འདུན་འདུ་བ་དང་སྤྱོད་ཅིང་ལས་བྱེད་པའི་ས་གང་དུ་ཡང་སྐྲ་མི་བྲེག །ཁྱམས་ལ་སོགས་པར་རྒན་ནམ་ནའམ་རླུང་ཆེའམ་ཚའམ་ཆར་པ་བབ་ན་འབྲེག་པར་རོ། །རྐྱེན་འདི་རྣམས་ལྟ་བུ་ཞིག་བྱུང་ན་ཁྱིམས་ལ་སོགས་པར་བྲེག་ཀྱང་ཉེས་མེད། དེའི་ ཕྱོགས་སུ་ལས་བྱ། རྐྱེན་བྱུང་སྟེ་ཁང་པ་དང་ཁྱམས་སུ་སྐྲ་བྲེག་པའི་སར་ཕྱག་དར་དང་ཆག་ཆག་དང་མཎྜལ་ལ་སོགས་པའི་ལས་བྱའོ། །སྐྲ་ལུང་ཁུང་དུ་དོར། བྲེག་པའི་སྐྲ་ནི་ལུང་ཁུང་དུ་དོར་རོ། །དེ་བཞིན་དུ་སེན་མོ་བཅད་པའོ། །སྐྲ་བྲེག་པའི་ཆོ་ག་བཞིན་དུ་སེན་མོ་བཅད་པ་ ཡང་དེ་ལྟར་བྱའོ། །དགེ་སློང་མ་འདི་ལྟར་མ་བསྲུངས་པར་སྐྱེས་པས་འདོད་ཆགས་དང་བྲལ་བ་མ་ཡིན་པའི་སྐྲ་མི་བྲེག །དགེ་སློང་མ་དགྲ་བཅོམ་པ་མ་ཡིན་ཏེ་འདོད་ཆགས་དང་མ་བྲལ་བ་ལ་འབྲེག་མཁན་སྐྱེས་པ་ཞིག་བྱེད་ན་སྲུང་མ་དགེ་སློང་མ་གྲོགས་མོ་ཞིག་ཞོག་ཤིག ། འབྲེག་མཁན་འདོད་ཆགས་ཆེ་བ་ཞིག་ན་སྲུང་མ་བཞག་ཀྱང་མི་གནང་ངོ་། །ཆགས་པ་ལྟ་ན་སྲུང་མས་འདི་སྐད་བསྒོ་ཤིག །འབྲེག་མཁན་དང་དགེ་སློང་མ་ཉིད་འདོད་ཆགས་ལངས་ཏེ་ཆགས་པ་ལྟར་བྱེད་ན་སྲུང་མ་གྲོགས་མོས་ཚིག་སཱུ་ཏྲ་འོག་མ་ལས་འབྱུང་ བ་སྐད་བསྒོ་ཤིག །དྲན་པར་མངོན་པར་ཞོག་ཤིག །དགེ་སློང་མ་སྐྲ་འབྲེག་པ་ལ་སྲུང་མས་དྲན་པ་ཉེ་བར་ཞོག་ཤིག་ཅེས་བསྒོ། དྲན་པ་ཇི་ལྟར་གཞག་པ་ནི་སཱུ་ཏྲ་འོག་མ་ནས་འཆད། ཅི་འདི་རྣག་གི་ལུས་འདི་ལ་སྙིང་པོ་ཡོད་དམ་ཞེས་སོ། །སྐྲ་འབྲེག་མཁན་གྱི་ལུས་མི་གཙང་ བ་དང་མི་རྟག་པ་ལ་སོགས་པ་སྙིང་པོ་མེད་པ་འདི་ལ་ཆགས་སུ་ཅི་ཡོད་རྣག་དང་འདྲ་བར་ལྟོས་ཤིག་ཅེས་སྲུང་མས་བསྒོ། འབྲེག་མཁན་ཆགས་པ་ལྟར་བྱེད་ན་ཡང་ཚིག་འདི་བཞིན་དུ་བཟློག་སྟེ་ཞིབ་ཏུ་བསྒོ་བར་བྱོས་ཤིག །མ་དང་སྲིང་མོ་དང་བུ་མོར་འདུ་ཤེས་ཤིག་ཅེས་འབྲེག་ པ་ལའོ། །འབྲེག་མཁན་ཆགས་པ་ལྟར་བྱེད་ན་མ་དང་སྲིང་མོ་དང་བུ་མོ་ཡིན་པར་སོམས་ཤིག་ཅེས་སྲུང་མས་བསྒོ། དགེ་སློང་མ་ཆགས་པ་ལྟར་བྱེད་ན་ཕ་དང་མིང་པོ་དང་བུར་སོམས་ཤིག་བསྒོ། །དེ་བྱས་ནས་ཁྲུས་བྱ། མགོ་བྲེགས་ཟིན་ནས་གཙང་བའི་ཕྱིར་ཁྲུས་བྱའོ། །ཟླ་ བ་ཕྱེད་ཅིང་བཀྲུ་བ་དང་དུས་རྣམ་ལྔ་ལ་ཡང་མ་གཏོགས་པར་འཁྲུར་གནང་ངོ་། །ཡན་ལག་ལྔ་བཀྲུ། གྲང་བའི་རྐྱེན་བྱུང་ན་ཡན་ལག་ལྔ་བཀྲུས་ཀྱང་ཉེས་མེད་ལྔ་ནི་མགོ་དང་རྐང་ལག་བཞི་སྟེ་ལྔའོ། །སྒྲེན་མོར་མི་བཀྲུ། ཁྲུས་བྱེད་པའི་ཚེ་སྒྲེན་མོར་མི་བཀྲུའོ། །དགེ་སློང་ མ་སྐྱེས་པའི་ངོགས་སུ་མ་ཡིན། སྐྱེས་པའི་ཁྲུས་ས་མི་མང་པོར་འདུ་བར་དགེ་སློང་མས་ཁྲུས་མི་བྱ། བུད་མེད་ཀྱི་ངོགས་སུ་ཕྱེ་མས་མ་ཡིན། བུད་མེད་ཀྱི་ཁྲུས་སར་ཁྲུར་ནི་དབང་སྟེ་ཕྱེ་མ་བུལ་ཏོག་དང་སྲན་ཕྱེ་ལ་སོགས་པས་འཁྲུར་མི་དབང་སྟེ་དྲིལ་ཅིང་མཉེས་ན་འདོད་ཆགས་ ལྡང་བའི་ཕྱིར་རོ། །སྲན་ཕྱེ་ལ་སོགས་པར་བསུང་གིས་སྤགས་པའང་བརྟགས་པའོ། །དགེ་སློང་ཕ་ཁྲུས་བྱེད་པ་ལ་ནི་སྲན་ཕྱེ་བུལ་ཏོག་ལ་སོགས་པ་བསུང་གིས་སྦགས་པའི་ཡང་དབང་ངོ་། །བསུང་གིས་སྤགས་པ་བདག་ཉིད་འདོད་པའི་ཕྱིར་སྦྱར་རོ། །དེ་ལེན་པ་ ཡང་ངོ་། །ཕྱེ་མ་དང་ཕྱེ་མ་བསུང་གིས་སྤགས་པ་གཞན་གྱིས་བྱིན་ན་ལེན་དུ་དབང་ངོ་། །སྨན་གྱིས་སྤགས་པ་ནི་ནད་པ་ལའོ། །ཕྱེ་མ་སྨན་དང་བསྲེས་པ་ནི་བདག་གིས་སྦྱར་ཀྱང་རུང་གཞན་གྱིས་བྱིན་ཀྱང་རུང་། སྤྱོད་པ་དང་། ལེན་པ་པར་ནད་པ་དབང་ ངོ་། །དགེ་སློང་མས་བུད་མེད་ལ་ཕྱེས་མི་གཏོར། དགེ་སློང་མ་སྦོམ་མོ་མཐའ་ཡས་ཀྱིས་བུད་མེད་སྐྲ་བཟང་མོ་ཞིག་ལ་མགོ་ལ་ཕྱེས་གཏོར་བ་ལས་མོ་མི་དགའ་བར་གྱུར་ཏེ་ཁ་ཕྱར་བཏང་བ་ལས་བཅས། ཤམ་ཐབས་ཀྱི་ཁ་མདུད་རྒྱབ་མ་མདུད་པར་སྐས་ལ་མི་འཛེག་ ཤམ་ཐབས་ཀྱི་ཁ་མདུད་པ་མ་བོར་བར་སྐས་འོག་ནས་བལྟར་སྣང་བ་ལ་མི་འཛེག་སྐས་དང་ས་སྐས་དང་གྲུ་སྐས་འོག་ནས་བལྟར་མི་སྣང་བ་ལ་འཛེག་ཀྱང་ཉེས་མེད། ཤིང་མི་གང་ཙམ་ལ་འཛེག་ཅིང་འབབ་པའི་ཚེའང་མདུད་པ་དོར་རོ། །གཞན་དུ་དེ་ལྟ་མ་ཡིན་ནོ། །སྐས་ལ་མི་ འཛེག་པའི་སྤྱོད་ལམ་གཞན་དུ་ནི་ཤམ་ཐབས་ཀྱི་ཁ་མདུད་པ་དོར་མི་དགོས་སོ། །ཁམ་བཀབ་པར་མི་གླལ། གླལ་བྱུང་ན་ཁ་དགབ། སྦྲིད་པའམ་འབོད་པ་ལ་སོགས་པའི་ཚེ་ཡང་དགབ། ཆོང་ཤིག་ཁྲུས་རས། སྒྲེན་མོར་མི་བཀྲུ་བའི་ཕྱིར་ཁྲུས་རས་བཅངས་ཀྱང་ཉེས་ མེད། ཉི་རིམ་ལ་སྲོག་ཆགས་འཆགས་སོ། །ཁྲུས་རས་ལྷན་པ་ཅན་དང་ཉི་རིམ་ལ་སྲོག་ཆགས་འཆགས་པའི་ཕྱིར་མི་བྱ། ཆོས་གོས་གསུམ་པས་ཀྱང་ངོ་། །སྦྱངས་པའི་ཡོན་ཏན་པས་ཁྲུས་རས་བཅངས་ཀྱང་ཉེས་མེད། མེད་ན་ལོ་མས་མདུན་དང་རྒྱབ་གཉིས་གཡོགས་ ལ་དབེན་པར་ཁྲུས་ཤིག་ཁྲུས་རས་མེད་ན་ཤིང་ལོ་ལ་སོགས་པ་བཏོགས་ཟིན་པ་ཙམ་སྟེ། མདུན་དང་རྒྱབ་གཡོགས་ལ་དབེན་པར་ཁྲུས་ཤིག །སྲོག་ཆགས་ཆགས་པ་བསལ་བའི་ཕྱིར་བཤལ་ལོ། །ཁྲུས་རས་ལ་སྲོག་ཆགས་ཆགས་པ་མི་ཤི་བར་བྱ་བའི་ཕྱིར་ཆུར་བཤལ། གཙུག་ལག་ཁང་དུ་ནི་སྟོར་ཁུང་དུའོ། །གཙུག་ལག་ཁང་དུ་ཁྲུས་བྱེད་ན་སྟོར་ཁུང་དུའོ། །ཁུ་བ་དག་ཀྱང་དོར་རོ། །སྣོད་སྤྱད་བཀྲུས་པ་ལ་སོགས་པའི་ཁུ་བའང་སྟོར་ཁུང་དུ་དོར་རོ། །ཁྲུས་བྱ་ཁྲུས་བྱ་བའི་ཕྱིར། གཙུག་ལག་ཁང་གི་འཁོར་དུ་ཁྲུས་བྱས་ཀྱང་ཉེས་མེད། ཕ་གུ་ཡང་གདིང་། ཁྲུས་སའི་གཞིར་ཕ་གུ་གདིང་བ་ནི་འདམ་མི་ལྡང་བའི་ཕྱིར་རོ། །སྟོར་ཁུང་གདོང་། ཁྲུས་སྟོར་ཆུ་མི་འཁྱིལ་བའི་ཕྱིར་སྟོར་ཁུང་གདོད། འབགས་པ་ཡང་བཀྲུ། སྣོད་སྤྱད་དང་ཁྲུས་སའི་གཞི་དྲི་མ་དག་གིས་འབགས་པ་ཡང་བཀྲུ་ སྟོར་ཁུང་དུ་བཀྲུས་ན་མི་འཆགས་སོ། །སྟོར་ཁུང་གི་ཁར་བཀྲུས་ན་གཟར་ཞིང་དྲི་མ་མི་འཆགས་པའི་ཕྱིར་སྟོར་ཁུང་དུ་བཀྲུ་བར་བཤད། ཕ་གུས་རྐང་པ་ལས་གཞན་ལུས་ངག་ལ་མི་བྲུད་མི་ཕྱི། ལོང་བུ་མན་ཆད་རྐང་པའི་དྲི་མ་ཕྱི་ཞིང་བཀྲུ་བར་ནི་སོ་ཕག་གིས་བྲུད་ཀྱང་ཉེས་མེད། གཞན་ལུས་དག་ལ་སོ་ཕག་གིས་མི་བྲུད་མི་ཕྱིའོ། །དེ་ནི་དཔེ་སྟེ་རྣོན་པོ་ལ་སོགས་པ་ཟེས་པ་ཡང་ངོ་། །ཕག་དུམ་གྱིས་ལུས་མི་བྲུད་པ་མི་ཕྱི་བ་བཞིན་དུ་ས་མུ་ཏྲའི་དབུ་བ་ལ་སོགས་པ་གཞན་རྩུབ་ཅིང་རྣོན་པོ་ཅི་ཡང་རུང་སྟེ། ད་སྐྱེ་བ་དང་ཤ་སྣད་པ་དང་སེམས་དྲོག་དྲོག་པོར་འགྱུར་ བའི་ཕྱིར་མི་བྲུད་དོ། །ཉ་ཕྱིས་བཀྲུ་བ་ནི་མེས་སོ། །ཉ་ཕྱིས་ཀྱིས་ལུས་བྲུད་པ་ནི་ཉེས་མེད་དོ། །ཉ་ཕྱིས་ཀྱིས་ལུས་ཀྱི་དྲི་མ་དང་གཞན་སྣུམ་ཆགས་པ་ལ་སོགས་པ་བཀྲུ་བ་ནི་མེ་ལ་བསྲོས་ཏེ་ཕྱིས་ན་དག་པར་འགྱུར་རོ། །དགེ་སློང་མ་ནི་གང་དུའང་ཁུ་ཚུར་དང་གོས་དྲིལ་བ་ལ་སོགས་ པ་ཅིས་ཀྱང་མི་བྲུད། དགེ་སློང་མ་ནི་འདོད་ཆགས་སྐྱེ་བའི་ཕྱིར་འདི་ལྟར་མིང་གིས་སྨོས་པ་ལ་སོགས་པ་ཅིས་ཀྱང་མི་བྲུད་མི་ཕྱི་བ་ནི་ལུས་ཀྱི་ཡན་ལག་ལའོ། །འགྱུར་བའི་ཆུ་མེད་པར་མ་གྱུར་པར་གོས་མི་བགོ །ཁྲུས་བྱས་ནས་ལུས་ལ་ཆུ་ཕྲུམ་ཕྲུམ་པོ་གོས་མ་རུང་བར་འགྱུར་ བ་མེད་པར་མ་གྱུར་གྱི་བར་དུ་གོས་མི་བགོ །ཆོངས་ཤིག་ལུས་ཕྱི་བ་སཱུ་ཏྲ་ལྟག་མ་ལྟ་བུ་ལུས་ཀྱི་ཆུ་བྱེད་པར་བྱ་བའི་ཕྱིར་ལུས་ཕྱི་བ་བཅངས་ཀྱང་ཉེས་མེད། མེད་ན་སྐད་ཅིག་ཙོག་ཙོག་པོར་འདུག་པ་ལ་ཁྲུས་རས་ཀྱིས་ཕྱི། ལུས་ཕྱི་བ་མེད་ན་སྐད་ཅིག་ཙོག་ཙོག་པོར་འདུག་སྟེ། ཁྲུས་ རས་ཕྱེད་གཅུ་སྟེ་ལུས་ཕྱི་ཕྱེད་ཀྱིས་མདོམས་ཀྱང་གཡོགས་དགོས་བྱའོ། །བསྲོ་གང་ནང་གི་ཆོ་ག་བྱ་བའི་ཕྱིར་གཙུག་ལག་ཁང་གི་འཁོར་དུ་བསྲོ་གང་བྱས་ཀྱང་ཉེས་མེད་དེ་ཇི་ལྟར་བྱ་བ་འོག་ནས་འཆད། ཁང་ཟླུམ་བྱ་བ་སྐམ་སར་དགེ། །བསྲོ་གང་ནི་ཁང་ཟླུམ་ལ་སྐམ་སར་ བརྩིགས་ན་དགེའོ། །ཕྱི་རུབ་ནང་ཡངས་རྒྱ་མཚོ་འདྲ་བའི་སྐར་ཁུང་དབུས་སུ་གདོད་བསྲོ་གང་གི་སྐར་ཁུང་ནི་ཕྱི་རོལ་རུབ་ལ་ནང་ཁ་ཡངས་སུ་བྱ་སྟེ་ནང་ཡངས་པ་གཞོལ་པོར་བྱ་བ་ནི་མཚོའི་མུ་དང་འདྲ་བར་བྱའོ། །སྐར་ཁུང་ཤར་དུ་སྒོ་འཕར་ཅན་ལ། ཟུང་དང་གཟེར་ གཏན་དང་རྐེད་གཏན་ལས་དེར་གཞུག །སྐར་ཁུང་གི་རྐྱེན་འདི་རྣམས་བཅའ་བ་ནི་བསྲོ་གང་གིའོ། །ར་རྐང་ཅན་གྱི་དབྱིག་པ་བཅང་། །སྐར་ཁུང་གི་སྒོ་དབྱེ་བ་དང་གཅད་པའི་ཕྱིར་དབྱིག་པའི་མགོ་རའི་རྐང་པ་འདྲ་བར་བྱས་བཅངས་ཀྱང་ཉེས་མེད། སྒོ་རེ་བཞི་དང་སྒོ་ལེབ་དང་ ཡང་མིག་དང་ལག་ཟུངས་བཅའ། བསྲོ་གང་གི་སྒོའི་རྐྱེན་འདི་རྣམས་ཀྱང་བཅང་བར་བྱ། ཆུ་དྲོན་གཞག་པའི་ཕྱིར་ནང་རིམ་སྟེགས་བུའི་ཕྲེང་བ་བྱ། བསྲོ་གང་གི་ནང་དུ་ཆུ་དང་སྣོད་སྤྱད་ལ་སོགས་པ་གཞག་པའི་ཕྱིར་སྟེགས་བུ་རྩིག་དྲུང་ཐོག་དག་ཏུ་བར་ཆད་ཅན་དུ་བྱ། མེ་བུད་ པའི་གནས་ཀྱི་སར་ཕ་གུ་གདིང་། བསྲོ་གང་གི་ནང་དུ་མེ་བུད་པའི་གཞིར་ཕ་གུ་ཡང་གདིང་། མེ་མི་འཆི་བར་གཡོགས་བསྲོ་གང་གི་མེ་བསྲོར་འོང་བའི་ཕྱིར་མེ་མི་འཆི་བར་གཡོགས། དེའི་ཕྱིར་ལྕགས་ཀྱི་ཐལ་ཕྱགས་བཅང་། མེ་གཡོགས་པའི་ཕྱིར་ལྕགས་ཀྱི་ཐལ་ཕྱགས་ བཅངས་ཀྱང་ཉེས་མེད་དོ། །མེ་འབར་བཞིན་དུ་འཇུག་པ་མྱོས་པའི་ཕྱིར་སྤང་། བསྲོ་གང་དུ་མེ་བུས་པའི་མེ་དབལ་གྱིས་མྱོས་པར་འགྱུར་བའི་ཕྱིར་འབར་བ་མ་ཞི་བའི་བར་དུ་ནང་དུ་མི་འཇུག །མེ་དབལ་མི་འབྱུང་བའི་ཕྱིར་ཕྱེ་དང་ཡུངས་མར་ཚ་བ་གཉིས་བསྲེས་ཏེ་མེར་གདབ། མེ་ དབལ་མེད་པར་བྱ་བའི་ཐབས་ནི་འདི་ལྟར་བྱའོ། །དྲི་མི་ཞིམ་པ་མེད་པར་བྱ་བའི་ཕྱིར་པོག་བླུགས། སཱུ་ཏྲ་ལྟག་མ་ལྟར་བྱས་ན་དྲི་མི་ཞིམ་པ་མེད་པར་བྱ་བའི་ཕྱིར་སྤོས་བླུགས་ཏེ་ཞིམ་པར་བྱ། ངར་ཟན་བཅང་བས་མིག་ཟག་པར་བརྟག །བསྲོ་བའི་ཚེ་རྡུལ་དང་སྣུམ་ལ་སོགས་པ་མིག་ ཏུ་ཟག་ན་ངར་ཟན་གྱིས་མི་བརྟག །སྐྱུ་རུ་རའི་འབྲས་བུས་ཀྱང་ངོ་། །མིག་ཟག་པ་བརྟག་པ་ཤིང་ཏོག་ཨ་མ་ལའི་ཆང་བུས་བརྟག་ཀྱང་རུང་ངོ་། །དེར་རྩྭ་བམ་གྱི་སྟན་ཏོ། །བསྲོ་གང་གི་ནང་དུ་རྩྭ་བམ་གྱི་སྟན་གདིང་། ས་ལ་རྩྭ་གཤེར་པ་གདིང་སྟེ་རློན་པའམ་སྤངས་པས་སོ། ། བསྲོ་གང་གི་ནང་གི་འོག་གཞིར་རྩྭ་གདིང་སྟེ་མེ་མི་མཆེད་པ་དང་ལུས་ལ་མི་འཇུག་པའི་ཕྱིར་རྩྭ་གཤེར་བ་སྐམས་ན་སྤངས་ཏེ་གདིང་། གཡའ་བའི་ཕྱིར་ལྕགས་ཀྱི་གཡའ་ཕྲུག་བྱ། བསྲོ་གང་ན་སྨན་གྱི་ཆོ་ག་བྱེད་པའི་ཚེ། ལུས་ལ་གཡའ་བ་ཕྲུག་ པའི་ཕྱིར་ལྕགས་ཀྱི་གཡའ་ཕྲུག་བྱ་སྟེ་བཅངས་ཀྱང་ཉེས་མེད་དོ། །མི་གུར་ཐ་གུས་ཐོགས་ཤིག །ལྕགས་ཀྱི་གཡའ་ཕྲུག་གི་ཡུ་བའི་སྦུ་གུར་ལ་གཟུངས་ཀྱི་ཐ་གུ་གདགས། གཙུག་ལག་ཁང་སྐྱོང་གིས་དབེན་པར་ཞོག་ཤིག །ལྕགས་ཀྱི་གཡའ་ཕྲུག་གཙུག་ལག་ཁང་སྐྱོང་ གིས་མ་སྟོར་བར་དབེན་པར་གཞག །བཀྲུ་བ་སྦྱོར་བའི་ཕྱིར་འདི་མེར་བརྟག་པར་གྱིས་ཤིག །ལྕགས་ཀྱི་གཡའ་ཕྲུག་སྣུམ་དང་རྡུལ་དང་དྲི་མ་ལ་སོགས་པ་བཀྲུ་བའི་ཕྱིར་མེར་བསྲེག །དེར་མི་བཀྲུའོ། །བསྲོ་གང་དུ་ཁྲུས་མི་བྱ། གནས་དེའི་ཕྱིར་བྱའོ། །བསྲོ་གང་དུ་ཁྲུས་ མི་བྱ་བས་ན་ཁྲུས་ས་གུད་དུ་བྱ་སྟེ་ཅི་ལྟར་བྱ་བའི་ཐབས་འོག་ནས་འཆད། འཁྲུ་བའི་གོས་མ་རུང་བར་མི་འགྱུར་བའི་ཕྱིར་ཕ་གུས་བསྐོར་བའི་ཤོང་བུ་བྱ། འཁྲུ་བའི་ཆུ་ལྡུགས་པའི་གོས་མི་གཤེར་བའི་ཕྱིར་ཕ་གུས་བསྐོར་བའི་ཤོང་བུ་བྱ་སྟེ་དབུས་སུ་མི་འདུག་ཏུ་རུང་བར་བྱ། དེར་སྟོར་ཁུང་གདོད། ཕ་གུས་བསྐོར་བའི་ཤོང་བུ་བྱས་པ་ལ་ཆུ་མི་འཁྱིལ་བའི་ཕྱིར་སྟོང་ཁུང་གདོད། ཆུ་ཚ་ན་ཕྱི་མ་རྣམས་ལ་སྦྲོན་ཅིག །ཁྲུས་ཁང་སྔར་བྱེད་པས་ཆུ་གྲང་དྲོ་ཇི་ཙམ་པ་ཕྱི་མ་ཁྲུས་བྱེད་པ་རྣམས་ལ་བསྒོའོ། །གྲང་མོས་བསྲེས་ཤིང་ཆུ་ཚ་ན་གྲང་མོས་ བསྲེས་ཏེ་རན་པར་བྱ། འདེབས་པ་ལ་སོགས་པ་ཡང་ངོ་། །ཆག་ཆག་དང་མཎྜལ་ལ་སོགས་པའི་ཆུ་ཡང་ལྟག་ཏུ་བཤད་པ་བཞིན་དུ་བྱ། ལྕི་བ་དང་ལྕི་སྐམ་དང་སོ་ཤིང་གྱོ་མོ་གང་བར་བཞག །བསྲོ་གང་དུ་ལྕི་བ་གཤེར་བ་དང་ལྕི་སྐམ་དང་ས་འཇམ་པོ་དང་སོ་ཤིང་སོ་སོར་ གྱོ་མོ་གང་བར་བཞག །བཀྲུ་བ་ལུས་ཀྱི་ཡོ་བྱད་དུ་སྤྱད་པའི་ཕྱིར་གཞག་གོ། །འོན་ཏེ་རྨྱ་ན་སྔ་དྲོའི་ཟས་བྱ། བསྲོ་གང་དུ་ནད་པའི་ཆོ་ག་བྱས་པའི་ནད་པ་དང་ལས་བྱེད་བྱེད་པ་རྣམས་བཀྲེས་ཤིང་རྨྱ་ན་གཡར་ཚུས་ཟོས་ཀྱང་ཉེས་མེད། དབུས་སུ་འཇུག་པར་ཤོམ་གྱིས་དེར་ཞུགས་ པས་མི་ཤེས་པ་ངོ་ཤེས་པའི་ཕྱིར་དྲི། བསྲོ་གང་དུ་འཇུག་པའི་ཚེ་མུར་འདུག་ལ་སོགས་པ་མ་དད་པ། བསྲོ་གང་འཇུག་གིས་ངོ་མི་ཤེས་པ་རྣམས་ལ་མཁན་པོ་གང་ཡིན་པ་དང་ཅི་ལ་ཞུགས་པ་ཞིབ་ཏུ་དྲི། དེའི་ཕྱིར་མི་གཞུག་པའི་ཕྱིར་དགེ་སློང་སྒོ་བ་གཞག །བསྲོ་གང་དུ་ མུར་འདུག་འཇུག་ཏུ་འོང་བ་མི་གཞུག་པའི་ཕྱིར་དགེ་སློང་ཚུལ་ཤེས་སྒྲིན་པོ་ཅིག་སྒོ་བར་གཞག །མ་དད་པ་དེར་འཇུག་ཏུ་མི་གནང་ངོ་། །དགེ་སྦྱོང་མན་ཆད་མུར་འདུག་ཡན་ཆད་ལས་མ་དད་པ་བསྲོ་གང་དུ་མི་གཞུག་སྟེ་དད་པ་ནི་ཆོས་དང་ལུས་ལ་དད་པ་དང་སྐད་ཅིག་དད་པ་ ཙམ་མ་ཡིན་གྱི་རིགས་ཀྱི་ཡེ་ནས་དད་པ་ལ་བྱའོ། །ལྷན་ཅིག་ཏུ་སྤྱོད་པ་དང་ཉེ་གནས་ཀྱིས་དེའི་ལས་བྱའོ། །བསྲོ་གང་དུ་ནད་པའི་ཆོ་ག་བྱེད་པའི་གཡོག་ལས་བྱེད་པ་ནི་ལྷན་ཅིག་ཏུ་སྤྱོད་པ་དང་ཉེ་གནས་ཀྱིས་བྱའོ། །ལྷན་ཅིག་ཏུ་ཡོད་པ་ནི་མཁན་པོ་དང་སློབ་དཔོན་ལ་བྱ་ ཉེ་གནས་ནི་མཁན་པོ་དང་གཞན་གྱི་སློབ་མ་བདག་ལ་གནས་པ་ལ་བྱ། གཞོན་ནུས་ཞེས་གཞན་དག་གིས་སོ། །ལྷན་ཅིག་ཏུ་སྤྱོད་པ་དང་ཉེ་གནས་མེད་ན་བསྲོ་གང་དུ་ཆོ་ག་བྱེད་པའི་ཚེ་དགེ་སློང་ཚངས་པ་མཚུངས་པར་སྤྱོད་པ་གང་གཞོན་པ་རྣམས་ཀྱིས་གཡོག་ལས་བྱའོ། ། གནས་བརྟན་ཤ་སྟག་ཚོགས་ན་དེའི་ནང་ནས་གང་གཞོན་པས་བྱའོ། །བུད་པ་དང་། མེ་དང་མེ་མར། ཟངས་དང་། ཆུ་བསྐོལ་བ་དང་མེ་མར་གྱི་ཟངས་བུ། ཡུངས་མར་དང་། ལུས་བསྐུ་བ་དང་མེ་མར་གྱི་མར། སོ་ཤིང་དང་ལྕི་སྐམ་དང་ས་དང་། སོ་དང་ལག་པ་བཀྲུ་ བར་དགོས་པ། ཕྱེ་མ་དང་། བུལ་ཏོག་གམ་སྲན་ཕྱེ་ལ་སོགས་པ། ཆུ་ལ་སོགས་པ་གཞག །སཱུ་ཏྲ་འདི་ལས་འབྱུང་བ་དང་འོག་ནས་འབྱུང་བ་རྣམས་བསྲོ་གང་དུ་ནད་གཡོག་དང་ལས་བྱེད་པ་རྣམས་ཀྱིས་སྤོག་ཅིང་ལས་བྱའོ། །ཤིང་བརྟག་པ་དང་། བུད་པའི་ཤིང་དང་སོ་ ཤིང་བརྟག །དྲིལ་བ་དང་། ལུས་ལ་འདེ་གུས་དྲིལ་བ། སྣུམ་དང་། ལུས་ལ་སྣུམ་གྱིས་བསྐུ། བཀྲུ་བ་དང་། ལུས་དང་སྣོད་སྤྱད་བཀྲུ་བ། ཕྱག་པ་དང་ཕྱག་དར། ཉལ་ཉིལ་དོར་བ་ལ་སོགས་པའོ། །ཐལ་བ་དང་ས་ཕྱགས་ལ་སོགས་པ་དོར་བ་ཡང་གཞོན་ནུ་ གཡོག་བྱེད་པས་བྱ། དེ་དག་ཕན་ཚུན་དུའོ། །མཁན་པོ་སློབ་དཔོན་དང་རྒན་རབས་རྣམས་བསྲོ་གང་དུ་ཆོ་ག་བྱས་ཟིན་ནས་གཞོན་ནུ་གཡོག་བྱེད་བྱེད་པའི་ནང་ནས་ཆོ་ག་བྱེད་པ་ཡོད་ན་གཅིག་ལ་གཅིག་ཕན་ཚུན་དུ་བྱའོ། །ཁྲིའུ་དང་། རྩྭ་བམ་ཀྱི་སྟན་དང་ ཁྲིའུ་དག་ལ་བྱ། ཉ་ཕྱིས་བཀྲུས་ཏེ་ཇི་ལྟ་བུའི་གནས་སུ་གཞག །འདི་རྣམས་བསྲོ་གང་དུ་ཆོ་ག་བྱས་ཟིན་ནས་སོ་སོའི་གནས། གནས་གར་རིགས་པར་གཞག་གོ། །སྣོད་ཐམས་ཅད་ཀྱང་ཚུལ་དེ་བཞིན་ནོ། །ཡོ་བྱད་དང་སྣོད་སྤྱད་ལ་སོགས་པ་ཡང་བསྲོ་གང་གི་ཆོ་ག་ཟིན་ནས་སཱུ་ཏྲ་ ལྟག་མ་བཞིན་དུ་སོ་སོའི་གནས་གནས་སུ་གཞག་གོ། །ཡོ་བྱད་ཐམས་ཅད་རབ་ཏུ་དབེན་པ་དང་བྱི་བདར་བྱའོ། །སྣོད་སྤྱད་དང་ཡོ་བྱད་ཐམས་ཅད་མི་གཏོར་བའི་ཚུལ་དུ་བྱ་ཞིང་དབེན་པར་གཞག་པ་དང་བྱི་བདར་བཀྲུ་བ་དང་བཙེམ་པ་དང་གླན་པ་ལ་སོགས་པ་གར་རིགས་པར་གྱིས་ ཤིག །དེར་སྒྲ་བསྐྱུང་ཞིང་འཇུག །ལུས་ཀྱི་སྒྲ་དང་ཁའི་སྒྲ་ལ་སོགས་པ་གཅོམ་བསྐྱུངས་ཏེ་བསྲོ་གང་དུ་འཇུག །མཛེས་པར་རོ། །སྔོན་སྐྱོན་ཡོད་པ་ལ་མཛེས་པར་བྱར་མི་རུང་གི་འཕྲལ་དུ་སྒོ་གསུམ་བསྡམས་ཏེ་འཇུག་པ་ལ་བྱ། རབ་ཏུ་བསྡམས་པའི་སྤྱོད་ལམ་མོ། །སྤྱོད་ ལམ་བཞིའི་ཚུལ་བཞིན་དུ་བསྡམས་ཏེ་ཟོན་དང་བཅས་པར་བསྲོ་གང་དུ་འཇུག །ཤེས་བཞིན་དུ་བྱའོ། །མེ་ལ་ས་མ་ཡང་བྱ་བ་དང་སྒོ་ལ་མི་རེག་པར་བྱ་བ་ལ་སོགས་པ་དང་མིང་གིས་སྨོས་པ་འདི་རྣམས་མ་བརྗེད་པར་དྲན་པ་སྔོན་དུ་བཏང་བ་ལ་བྱ། སྲོ་བའི་མདུན་དུ་མི་འདུག །བསྲོ་ གང་ན་སྔ་ན་མེ་བསྲོ་བའི་མདུན་དུ་མི་འདུག །བླག་ཆེར་གཏང་། ཁྱིམ་པ་དང་ལོག་པར་སྤྱོད་པའི་གཏམ་ཕྱལ་པ་མི་བྱ་བ་དང་སྨྲ་དགོས་པའི་རྣམས་ཀྱང་སྒྲ་བསྐྱུང་བ་དང་དལ་བུས་སྨྲ། བསྲིངས་པའི་མི་སྨྲ་བ་ལ་དམིགས། བསྲོ་གང་ན་འདུག་པའི་ཚེ་དགེ་བའི་ཆོས་དང་བསྲིངས་པའི་ རང་བཞིན་ཞི་བའི་དོན་ལ་དམིགས་ཤིང་བསམ། མཇུག་ཏུ་གསུམ་བརྒྱུད་མར་བཀླག །བསྲོ་གང་གི་ཆོ་ག་ཟིན་པའི་མཇུག་ཏུ་ཞལ་ནས་གསུངས་པའི་ཚིགས་སུ་བཅད་པ་གཅིག་དང་། ཡོན་བདག་དང་ལྷ་ཁང་གི་སྲུང་མ་དང་སེམས་ཅན་ཀུན་དགེ་བར་གྱུར་ཅིག་པ་དང་དཀོན་མཆོག་ལ་བསྟོད་ པའི་བསྟོད་པ་གཅིག་དང་གསུམ་བརྒྱུད་མར་བཀླགས་ཤིང་འགྲོ་བའོ། །གོས་གཅིག་དང་ལས་ཀུན་མི་བྱ། ལས་ཅི་བྱེད་ཀྱང་རུང་བ་ཆར་ལྟ་བུ་གཅིག་བུ་གྱོན་ཏེ་ལས་མི་བྱའོ། །བསྲོ་གང་བྱ་བ་མན་ཆད་འདི་ཡན་ཆད་བསྲོ་གང་གི་སྐབས་སུ་བྱ་དགོས་པར་བཤད་མོད་ཀྱི། གཞན་གང་ དུའང་འདི་བཞིན་དུ་སྤྱད་ཅིང་བྱ་དགོས་སོ། །མ་དད་པས་ལུས་ལ་དེ་དག་མ་བྱས་ཤིག །ལུས་ལ་མཉེ་བ་དང་བྱུག་པ་དྲིལ་བ་ལ་སོགས་པ་ཆོས་དང་ལུས་ལ་མ་དད་པའི་མི་བྱེད་དུ་མི་གཞུག་འདི་དང་སྔ་མ་ལའང་དད་པ་བརྟན་པ་ལ་གསུངས་སོ། །སཱུ་ཏྲ་ལྟག་མ་འདི་དང་གོང་ནས་མ་དད་པ་བསྲོ་ གང་དུ་མི་གཞུག་ཟེར་བ་གཉིས་མ་དད་པ་བྱེད་དུ་མི་གནང་གི་དད་པ་དང་བརྟན་པས་གཡོག་གྱིས་ཤིག་ཅེས་སངས་རྒྱས་ཀྱི་ཞལ་ནས་གསུངས། སེང་གེ་ལྟ་བུས་ཝ་དང་འདྲ་བ་ལྟ་བུ་ལ་གཡོག་མི་བྱ། ཚུལ་ཁྲིམས་དང་ཡོན་ཏན་དང་ལྡན་པ་སེང་གེ་ལྟ་བུས་ཚུལ་ཁྲིམས་རལ་ཅིང་ཡོན་ཏན་མེད་ པ་ཝ་ལྟ་བུ་ལ་གཡོག་མི་བྱ། ཤིན་ཏུ་ཚུལ་ཁྲིམས་ངན་ཀྱང་མཁན་པོ་དང་སློབ་དཔོན་ལ་ནི་གཡོག་བྱའོ། །མཁན་པོ་དང་སློབ་དཔོན་ནི་ཚུལ་ཁྲིམས་ངན་དུ་ཟིན་ཀྱང་བདག་ཚུལ་ཁྲིམས་ཐོབ་པར་བྱེད་པ་དང་དགེ་བའི་བཤེས་གཉེན་ཡིན་པས་ན་གཡོག་བྱ་དགོས་སོ། །གནས་ནི་མི་བཅའོ་ མ་དང་ཕ་དང་ཁྱིམ་མི་ནད་པ་ལ་ཡང་ངོ་། །ཕ་མ་དང་ཁྱིམ་མི་ནད་པ་ལའང་གཡོག་བྱའོ། །ཕ་མ་ནི་བདག་གི་ལུས་གསོས་ཤིང་བསྐྱེད་པའི་དྲིན་དང་དེ་ལྟར་བསྐྱེད་པས་བདག་དགེ་བའི་ལུས་ཐོབ་པའི་ཕྱིར་བྱ་ཁྱིམ་མི་ནད་པ་ལ་ནི་སྙིང་རྗེ་བའི་ཕྱིར་རོ། །ཁྲུས་གྱིར་བསོགས་པ་ནི་བཀྲུ་བར་རོ། ། བཀྲུ་བའི་ཕྱིར་ཁྲུས་ཀྱི་ཡོ་བྱད་དུ་བསོགས་པ་དང་ན་བའི་ཕྱིར་བཀྲུ་བའི་སྨན་དུ་བསོགས་པ་ནི་བཀྲུ་བར་བརྟག་པ་ཡིན་ཏེ་ཉེས་མེད་དེ། འོག་ནས་ཀྱང་འཆད་དོ། །རླུང་འབྱིན་པ་རྩ་བ་དང་ལོ་མ་དང་སྡོང་པོ་དང་མེ་ཏོག་དང་འབྲས་བུ་བསྐོལ་བ་དེས་བཀྲུ་བར་བཤད་དོ། །རླུང་ནད་ལ་སོགས་པ་ འབྱིན་པའི་སྨན་ནི་རྩ་བའི་ཆོ་ག་ལས་སྨན་དུ་འགྱུར་བ་དང་ལོ་མ་དང་འབྲས་བུ་ལས་སྨན་དུ་འགྱུར་རོ་ཅོག་བསྐོལ་བས་བཀྲུར་རུང་ངོ་། །མི་འཁོངས་པའི་ཕྱིར་བསྐུས་ཏེའོ། །སྨན་གྱི་ཁུ་བས་བཀྲུས་ན་ཤ་འཁོངས་ཤིང་རྙེད་པར་མི་འགྱུར་བའི་ཕྱིར་མར་གྱིས་སྔར་བསྐུ། འདེ་གུས་དེ་མེད་པར་བྱ། མར་གྱིས་བསྐུས་པའི་འོག་ཏུ་འདེ་གུས་བསྐུས་ཏེ་དྲིལ། སྔ་མའི་ཕྱིར་ཐ་མའི་ཆུར་སྣུམ་ཐིགས་པ་གཉིས་སམ་གསུམ་ལུགས་ཤིག །མར་དང་ལྡེ་གུས་བསྐུས་ནས་སྨན་གྱི་ཆུས་འཁྲུ་བའི་ཚེ་སྨན་གྱི་ཆུ་ཐ་མ་ནས་ལྡུགས་པའི་ནང་དུ་ཤ་མི་འཁོངས་པའི་སྣུམ་ ཐིགས་པ་གཉིས་སམ་གསུམ་ལུགས་ཤིག །བཀྲུའོ་ལྕགས་ཀྱི་གཞོང་ཁུང་དུ། ནད་པས་ལུས་ལྕགས་ཀྱི་གཞོང་ཁུང་དུ་ཁྲུས་བྱས་ཀྱང་ཉེས་མེད་དོ། །ཆོངས་ཤིག་དེ་ནད་པས་སོ། །ལྕགས་ཀྱི་གཞོང་ཁུང་ནད་པས་བཅངས་ཀྱང་ཉེས་མེད། བླ་གབ་བྱ། དྲོད་མི་ཤོར་བའི་ ཕྱིར་གཞོང་ཁུང་གི་ཁ་གབ་བྱ། དེར་མཇིང་པར་སྔས་གཞུག །ལྕགས་ཀྱི་གཞོང་ཁུང་དུ་ལུམས་བྱེད་པར་ཉལ་བའི་ཚེ་བདེ་བའི་ཕྱིར་སྔས་གཞུག །གར་བབ་བབ་ཏུ་རྐང་པ་མི་བཀྲུ། ཕྱི་རོལ་མ་གཏོགས་པར་གཙུག་ལག་ཁང་ངོ་ཅོག་གི་འཁོར་དུ་རྐང་པ་མི་བཀྲུའོ། །གར་བཀྲུ་བ་ དང་བཀྲུ་བའི་ས་བྱ་བ་འོག་ནས་འཆད་པ་ཡིན་ནོ། །དེའི་གནས་ནི་ཝ་ཁར་རོ། །རྐང་པ་བཀྲུ་བའི་ས་ནི་ཁང་ཐོག་གི་ཝ་ཁར་ཀྱང་བཀྲུར་རུང་ངོ་། །རྐང་པ་བཀྲུ་བའི་བྱ། ཝའི་ཁར་ཆུ་མི་འགྲོ་བའི་ཕྱིར་སྐྱོ་ར་ལ་སོགས་པ་བྱ། གཙུག་ལག་ཁང་གི་སྟེང་ཤར་དང་ལྷོའི་གྲར་རོ། །ཁང་ཐོག་ གི་ཝའི་ཁ་ནི་ཉི་མ་དེས་པའི་ཕྱིར་ཤར་དང་ལྷོའི་མཚམས་ཀྱི་གྲར་བྱ། རུས་སྦལ་ལྟ་བུ་རྩུབ་པོ། །ཝའི་ཁ་རྐང་པ་གཞག་པའི་གཞི་རྡོ་བ་རྩུབ་པོ་རུས་སྦལ་གྱི་རྒྱབ་འདྲ་བ་བྱ་སྟེ་གཞག །གཞག་གོ་ཁམ་པའི་ཆོལ་ཟངས། །རྐང་པ་བཀྲུ་བའི་རྐང་པའི་ཆོལ་ཟངས་ཀྱང་བྱ། བལ་གླང་གི་རྨིག་ པའི་མཐིལ་ལྟ་བུ་ལྦོག་ལྦོག་པོ་ཅན། ཁམ་པའི་ཆོལ་ཟངས་ཀྱི་ཞབས་ས་ལ་འཆགས་པའི་ཕྱིར་བལ་གླང་གི་རྨིག་པ་དང་འདྲ་བ་གོར་གོར་བུ་བྱ། དབུས་སུ་གཟུགས་པ་ནི་ཀ་དམ་པའི་མེ་ཏོག་ལྟ་བུ་ལ་རྩུབ་པོར་རོ། །ཁམ་པའི་ཆོལ་ཟངས་ཀྱི་ནང་རྐང་པ་གཞག་པའི་གཞིའི་སྙིང་པོ་ཀ་དམ་པའི་ མེ་ཏོག་འདྲ་བ་རྐང་པ་འཆགས་ཤིང་འདག་པའི་ཕྱིར་རྩུབ་པོར་བྱ། བཀྲུས་ཏེ་ཁ་སྦུབ་ལ་གཞག །རྐང་པ་བཀྲུས་ནས་རྐང་པའི་ཆོལ་ཟངས་ཉིད་ཀྱང་བཀྲུས་ཏེ། ཁས་སྦུབ་ལ་གཞག་དགེ་འདུན་གྱི་ན་སྟེང་དུའོ། །ཁམ་པའི་ཆོལ་ཟངས་དགེ་འདུན་གྱི་ཡིན་ན་གཞན་འཁྲུ་བ་འོང་བའི་ཕྱིར་ ཁང་ཐོག་ཏུ་གཞག །གང་ཟག་གི་ན་གནས་ཀྱི་སྒོ་རྒྱབ་ཏུའོ། །ཁམ་པའི་ཆོལ་ཟངས་གང་ཟག་གི་ཡིན་ན་བདག་གི་གནས་ཀྱི་སྒོ་རྒྱབ་ཏུ་གཞག །ལྷུང་བཟེད་བཀྲུ་བ་ལ་སོགས་པ། གཙུག་ལག་ཁང་གི་ཕྱོགས་གང་དུ་བྱས་པ་དེས་ཆུས་བསྐུ་བའམ་བྱུག །གཙུག་ལག་ཁང་གི་ཕྱོགས་ སུ་ལྷུང་བཟེད་དང་སྣོད་སྤྱད་ལ་སོགས་པ་བཀྲུས་པའི་སར་མཎྜལ་བྱ། མདུང་རྩེའམ་ཕྱི་བར་ལྟ་བུར་རོ། །བཀྲུ་བཤལ་བྱས་པའི་སར་མཎྜལ་བྱ་བ་ནི་དཀོན་མཆོག་གི་ཕྱིར་བྱས་པ་མ་ཡིན་པར་མངོན་པར་བྱ་བའི་ཕྱིར་མདུང་རྩེའི་ཕྱི་བར་འདྲ་བར་བྱའོ། །ལྕི་བས་སམ་འཇིམ་པས་ སོ། །མཎྜལ་ནི་ལྕི་བའམ་འཇི་བའི་སྐྱང་ནུལ་དུ་བྱ། དཀོན་མཆོག་གི་ཕྱིར་བྱུག་པ་ནི་འདྲ་བར་ཆད་པ་མེད་དོ། །དཀོན་མཆོག་གི་ཕྱིར་མཆོད་པའི་མཎྜལ་དུ་བྱ་བ་ནི་གཅིག་ཏུ་ཆད་པ་མེད་དོ། །ཅིར་དགའ་བར་བྱར་རུང་ངོ་། །ལྷུང་བཟེད་མེད་པར་རབ་ཏུ་འབྱུང་བའམ་བསྙེན་པར་ རྫོགས་པར་མི་བྱ། རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་པའི་ཚེ་ལྷུང་བཟེད་མེད་པར་བྱར་མི་རུང་། ཆུང་ན་མ་ཡིན་ཆེ་ན་མ་ཡིན་དཀར་ན་མ་ཡིན། ལྷུང་བཟེད་ནི་ཚད་ལས་ཆེ་བ་དང་ཆུང་བ་དང་ཚོན་གྱིས་མ་བསྐུས་སམ་བྱིད་པ་མི་རུང་ཆེ་ཆུང་གི་ཚད་དང་ཁ་དོག་བཙོ་བའི་ ཐབས་ནི་འོག་ནས་འཆད། ཁའི་མཐའི་ཆ་ནས་མཐེབ་མོའི་སོར་གཅིག་གི་ལྷག་མར་འབྲས་བཙོས་པ་ཡང་ཡུལ་དབུས་སུ་གྱུར་འཆང་གི་སྤྱོད་པའི་པྲ་ཏ་གཉིས་མན་ཆད་ཚོད་མ་དང་སྔོར་དུ་བཅས་པར་ཤོང་བ་དེ་ནི་ཚད་མའོ། །ལྷུང་བཟེད་ཀྱི་ཁ་ནས་མཚོན་གང་མན་ཆད་དུ་འབྲས་ བཙོས་པ་རྒྱ་གར་གྱི་ཡུལ་གྱི་དབུས་མ་ག་དྷའི་སྤྱོད་པའི་པྲ་ཏ་གཉིས་ཚོད་མ་དང་སྔོར་དུ་བཅས་པར་ཤོང་བ་ན་ལྷུང་བཟེད་ཆེན་པོའོ། །པྲ་ཏ་གཅིག་ཚོད་མ་དང་སྔོར་དུ་བཅས་པ་ཤོང་བ་ནི་ཆུང་ངུའོ། །ལྷུང་བཟེད་འབྲིང་པོ་པྲ་ཏ་གཉིས་མན་ཆད་གཅིག་ཡན་ཆད་ཅི་ཙམ་ཤོང་ཡང་བླ། གྱུར་ འཆང་ཞེས་བྱ་བ་ནི་ཡུལ་ན་སྦྱར་ཞིང་སྤྱོད་པའི་བྲེ་ཕུལ་ལྟ་བུ་སྟེ་པྲ་ཏ་ལ་བྱ། པྲ་ཏ་ནི་རྒྱ་གར་གྱི་སྲང་བཅུ་དྲུག་གི་ལྕིད་ཀྱི་འབྲས་སྐམ་ཤོང་བ་པྲ་ཏ་གཅིག་གི་ཚད་དོ། །རྒྱ་གར་ཡུལ་གྱི་སྲང་གཅིག་ལ་བོད་ཀྱི་སྲང་གཅིག་དང་ཞོ་དྲུག་ཡོད་དེ་རྒྱ་གར་ཡུལ་གྱི་སྲང་བཅུ་དྲུག་ལ་པྲ་ཏ་གཅིག་སྲང་སུམ་ཅུ་རྩ་ གཉིས་ལ་པྲ་ཏ་དོ་སྟེ་ལྷུང་བཟེད་ཆེན་པོའི་ཚད་བོད་སྲང་ཉི་ཤུ་རྩ་བརྒྱད་ལ་པྲ་ཏ་གང་གི་ཚད་དེ་བདུན་ཕུལ་དོ་དང་སྲང་གཅིག་དང་ཞོ་ཕྱེད་དང་དྲུག་ཤོང་པ་ནི་པྲ་ཏ་ཆུང་ངུའི་ཚད་དེ་ཆེན་པོ་ནི་ཆུང་ངུ་དོའི་ཚད་དོ། །དགེ་སློང་མས་དགེ་སློང་ཕའི་ཆུང་ངུ་ལས་མི་བཅང་དགེ་སློང་ ཕའི་ལྷུང་བཟེད་ཆུང་ངུའི་ཚད་ལས་ཆེ་བའི་ལྷུང་བཟེད་དགེ་སློང་མས་བཅང་དུ་མི་དབང་། །རོ་ཉེའི་དཀྱིལ་འཁོར་དེས་དེ་གཞག་པར་གདིང་། དགེ་སློང་མའི་ལྷུང་བཟེད་ཀྱི་གཞི་ནི་རོ་ཉེ་ལ་གླེབ་སྟེ་ཟླུམ་པོར་བྱས་ཏེ་ལྷུང་བཟེད་ཞབས་ཉིད་ལ་ཐལ་བྱུང་གླན། བྱང་ཆུབ་ཀྱི་ཤིང་བེའི་ཏའི་ལོ་ མའམ་ལག་མཐིལ་འདྲ་བའོ། །རོ་ཉེ་གླེབས་པའི་གཟུགས་ནི་ཤིང་བོ་དེའི་ལོ་མ་འདྲ་བའམ་ལག་མཐིལ་འདྲ་བར་བྱའོ། །འདི་འདྲི་བར་བྱ་བ་ནི་དགེ་སློང་མ་སུ་ལ་ནན་དས་ལྷུང་བཟེད་ཀྱི་གཞི་གདུ་བུ་ལག་སྐོར་བྱས་པ་ལས་བཅས་ཚད་ཀྱང་དེའོ། །ཆེ་ཆུང་གི་ཚད་ཀྱང་ལག་མཐིལ་ལམ་ ཤིང་བོ་དེའི་འདབ་མ་འདྲ་བར་བྱ། དེ་བས་བརྙས་ནའང་དེར་འགྱུར་རོ། །རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པའི་ཚེ། ལྷུང་བཟེད་མེད་ན་གཞན་གྱི་བརྙས་ཀྱང་རུང་ངོ་། །དེ་བཞིན་ལྔ་པོ་ཡོང་ངོ་། །ཆོས་གོས་གསུམ་དང་ཆུ་ཚགས་དང་གདིང་བ་ལྟ་བུ་བརྗེ་བ་བཞིན་དུ་བརྙས་ཀྱང་ ཉེས་མེད། དབྱར་ལྷུང་བཟེད་མེད་པར་མི་བྱ། དབྱར་ཚུལ་དུ་ཞུགས་པའི་ཚེ་ཡུལ་རྒྱུ་བ་མི་སྤྱོད་ཅེས་ཏེ་ལྷུང་བཟེད་མེད་པར་ཀྱང་མི་རུང་ལྷུང་བཟེད་དང་འབྲལ་དུའང་མི་རུང་ངོ་། །ཡུལ་རྒྱུ་བར་ཡང་མི་སྤྱོད། ལྷུང་བཟེད་མེད་པར་ཡུལ་རྒྱུ་བ་མི་སྤྱད། འཇིགས་པ་དང་བཅས་ན་ལྷུང་བཟེད་ཆུང་ངུ་ དང་སྤྱོད་ཅིག །འཇིགས་པའི་རྐྱེན་ཅིག་འབྱུང་ངམ་ཡོད་ན་ལྷུང་བཟེད་ཆེན་པོ་གུད་དུ་གཏམས་ལ་ཆུང་ངུ་སྤྱད་ཀྱང་ཉེས་མེད། མེད་ཀྱང་རབ་ཏུ་དབྱུང་། རབ་ཏུ་འབྱུང་བའི་ཚེ་ལྷུང་བཟེད་མེད་དམ་མ་རྙེད་ན་མེད་པར་རབ་ཏུ་དབྱུང་དུ་རུང་ངོ་། །ལངས་ཏེ་ལྷུང་བཟེད་འབྱུང་བའམ་གཞུག་ པའམ་སྐམ་པ་མི་བྱ། ལྷུང་བཟེད་སྤྱད་པའི་ཐབས་ནི་སཱུ་ཏྲའི་འདི་མན་ཆད་འོག་ནས་འབྱུང་བ་ལྟར་བྱའོ། །ཚོད་རན་པར་ཀུན་དུ་སྤྱོད། ལྷུང་བཟེད་སློང་མོའི་ཚེ་དང་ཁ་ཟས་བཟའ་བར་སྤྱད་པ་ནི་རན་པ་ཞེས་བྱ། གཅིག་ཏུ་འོག་ནས་བཤད་པ་བཞིན་དུ་སྤྱད་པ་ལ་རན་པ་ཞེས་བྱའོ། །འདིར་ གཞན་འདོར་བ་དག་མི་གཞུག །ཐལ་བ་དང་ཉལ་ཉིལ་ལ་སོགས་པ་ལྷུང་བཟེད་ཀྱི་ནང་དུ་བཅུག་སྟེ་མི་དོར། འདིས་ཕྱག་དར་མི་དོར། ས་ཕྱགས་པ་ལྷུང་བཟེད་དུ་བླུགས་ཏེ་མི་འདོར། ལྷག་རོལ་ཡང་མི་བྱ། ཤིང་ཏོག་ལ་སོགས་པའི་ཁམ་ནས་དང་ཚིགས་མ་མི་བླུགས། ལག་ པ་དང་གདོང་གི་ཆུ་མི་བླུགས། ཁ་གདོང་ལ་སོགས་པ་བཀྲུ་བའི་ཆུ་ལྷུང་བཟེད་དུ་བླུགས་ཏེ་མི་སྤྱད། དགེ་སྦྱོང་བག་མེད་པའི་ཆོས་ཅན་ལ་འདི་མི་བཀྲུ། དགེ་སྦྱོང་བག་མེད་པ་ལ་ལྷུང་བཟེད་མི་གཞག་མི་བཀྲུའོ། །བ་ལང་གི་ལྕི་བ་བྱེ་མ་ཅན་གྱིས་མ་ཡིན། ལྷུང་བཟེད་ཀྱི་རྩི་ལག་ གནོད་པའི་ཕྱིར་བ་ལང་གི་ལྕི་བ་བྱེ་མ་དང་འདྲེས་པས་མི་བཀྲུ། །ཏེ་པོར་གཤེར་བཞིན་དུ་མི་གཞག །ལྷུང་བཟེད་བཀྲུས་ནས་ཆུ་མ་སྐམས་པར་གཤེར་བཞིན་དུ་སྣོད་དུ་མི་གཞུག །ཕྱལ་བར་ཤིན་ཏུ་བསྐམ་པར་མི་བྱ། ཉི་མའམ་མེའི་འོད་ལ་བརྗོད་དེ་ཤིན་ཏུ་སྐམས་པར་མི་ གཞག། །རྡོའི་སྟེང་དུ་མི་གཞག །ལྷུང་བཟེད་མི་གཙང་བའི་ཕྱོགས་སུའང་མི་གཞག །ལྷུང་བཟེད་གར་བབ་ཏུ་མི་གཞག །ལྷུང་བཟེད་དེ་དག་ཏུ་རིང་དུའང་མི་གཞག །གོང་མ་ལྟ་བུ་ཞིག་ཏུ་གཞག་ཏུ་ཟིན་ནའང་རིང་དུ་མི་གཞག་པར་མྱུར་དུ་བླངས། དེའི་ཕྱིར་གློ་ཕུག་བྱ། ལྷུང་བཟེད་གཞག་པའི་ས་གནས་ཀྱི་ཁང་བུ་ལ་གློ་ཕུག་བྱ། གཙུག་ལག་ཁང་སློང་བ་ན་ཁང་བུར་རོ། །གློ་ཕུག་བྱ་བ་ནི་གཙུག་ལག་ཁང་སློང་བའི་ཚེ་ནས་གློ་ཕུག་བྱའོ། །རྩིག་པ་མི་བརྐོ། སྔར་གློ་ཕུག་མ་བྱས་པའི་ཁང་བུ་ལ་ཕྱིས་རྩིག་པ་མི་བརྐོ། དགོན་པ་པས་གཟེབ་ཏུའོ། ། དགོན་པ་ན་གནས་པའི་ལྷུང་བཟེད་ཀྱི་གནས་ནི་གཟེབ་ཏུའོ། །ལྕུག་མའམ་ཐ་གུ་ལས་བྱའོ། །གཟེབ་བུ་རྒྱུ་ལྕུག་མ་ལས་བྱས་ལ། སྤུན་ཐ་གུས་བྱས་ཏེ་བཏགས། ལྕི་བའམ་འཇི་བས་བསྐུ་གཟེབ་བུ་ལ་ལྕི་བའི་སྐྱང་ནུལ་གྱིས་བསྐུ། ཁ་གབ་ཀྱང་དེའི་ཚུལ་དུའོ། །ཁ་གབ་ཀྱང་ ལྟག་ཏུ་བཤད་པ་བཞིན་ནོ། །ཐ་གུས་ཤིང་ལ་དཔྱངས་ན་དགེའོ། །གཟེབ་བུ་ཐ་གུས་ཤིང་ལ་གདགས་ཏེ་ས་ལ་མི་གཞག །གཟེབ་བུ་ས་ལ་མི་གཞག་པ་ནི་སེམས་ཅན་འོང་བའི་ཕྱིར་རོ། །འདི་གཞན་དུ་མི་བསྐུར། གུད་དུ་འགྲོ་ན་ལྷུང་བཟེད་ཀྱི་གཞི་གཟེབ་བུ་ཁྱེར་ཏེ་མི་འགྲོ། སྣོད་དུ་བཅུག་སྟེ་བསྐུར། །འགྲོ་བའི་ཚེ་ལྷུང་བཟེད་ཉིད་ཀྱི་སྣོད་དུ་བཅུག་སྟེ་བསྐུར། ལག་པས་མ་ཡིན། སྣོད་དུ་བཅུག་ཀྱང་ལག་ན་ཐོགས་ཤིང་མི་བསྐུར། ཕྲག་པ་ལ་བཏགས་ཏེ་མཆན་འོག་ཏུ་བཅུག་ལ་བསྐུར། ལྷུང་བཟེད་སྣོད་དུ་བཅུག་ལ་ཕྲག་པ་ལ་ གདགས་ཀྱང་རུང་སེ་རལ་ཀར་བཏགས་ཀྱང་རུང་མཆན་འོག་ཏུ་བཅུག་སྟེ་བསྐུར། ལྷུང་བཟེད་དང་སྨན་དང་བར་བུར་སྣོད་སོ་སོར་གཞག །ལྷུང་བཟེད་ཀྱི་སྣོད་དང་སྨན་གྱི་སྣོད་དང་བར་བུར་གྱི་སྣོད་སོ་སོར་བྱ། བར་བུར་ནི་ཁབ་དང་སྙུང་དང་གྲི་དང་རྒྱུས་པ་དང་སྐུད་པ་དང་ལྷན་ པ་ལ་སོགས་པའོ། །བཅང་ངོ་དེ་དག་སྨན་དང་བར་བུར་གྱི་སྣོད་བཅངས་ཀྱང་ཉེས་མེད། མཉམ་པར་ཕྲག་པ་ལ་འཕྱང་ཞིང་གཞག་པར་མི་བྱ། ལྷུང་བཟེད་དང་སྨན་དང་བར་བུར་གྱི་སྣོད་ཐག་པ་མཉམ་པར་གཅིག་གི་སྟེང་དུ་གཅིག་རྔོས་པར་མི་བྱ་སྟེ། རིང་ཐུང་སོ་རྙིལ་དུ་བྱའོ། ། སྡུག་བསྔལ་མི་འདོད་ན་ཡངས་པར་མ་ཡིན། ལྷུང་བཟེད་ཀྱི་ཐག་པ་བདེ་བར་འདོད་ན་ཆེ་བའམ་ཆུང་ངུ་མ་ཡིན་གྱི་རན་པར་བྱ། འཁུམ་དུ་འོང་གིས་བར་ཕྱིང་བུ་གཞུག །ལྷུང་བཟེད་ཀྱི་ཐག་པ་མི་འཁུམ་པའི་ཕྱིར་བར་ཕྱིང་བུ་གཞག །གནས་པའི་ཕྱིར་སྐབས་སྐབས་སུ་བྱ་ རོག་གི་རྗེས་འདྲ་བར་བྱ། ཕྱིང་བུ་ཕན་ཚུན་དུ་མི་འཆུག་པའི་ཕྱིར་བྱ་རོག་གི་རྗེས་འདྲ་བར་སྐུད་པའི་ནན་དུ་བྱ། ལྷུང་བཟེད་མིག་བཞིན་དུ་བསྲུང་། ལྷུང་བཟེད་ཀྱི་རིམ་གྲོ་བྱ་བ་ནི་བདག་གི་མིག་དང་འདྲ་བར་བྱའོ། །པགས་པ་བཞིན་དུ་སྦྱར་མའོ། །ཆོས་གསུམ་ལ་རིམ་གྲོ་བྱ་ བ་ནི་པགས་པ་བཞིན་དུ་བྱའོ། །གོས་ལྷག་མ་རྣམས་ཀྱང་ངོ་། །གོས་ལྷག་མ་རྣམས་ལ་ཡང་རིམ་གྲོ་བྱ་བ་ཆོས་གོས་གསུམ་ལ་བྱ་བ་བཞིན་ནོ། །བཅོས་པ་ལ་གཡེམ་པར་མི་བྱ། གོས་དང་ལྷུང་བཟེད་ལ་སོགས་པ་ཡོ་བྱད་ཐམས་ཅད་བཙོ་བ་དང་། བཙེམ་པ་ལ་ སོགས་པ་ནན་ཏན་མྱུར་དུ་བསྒྲུབ། ལྷུང་བཟེད་ཀྱི་ལྷན་པའང་ནན་ཏན་དུ་ཕྱོགས་དབེན་པའོ། །ལྷུང་བཟེད་ལྷན་པ་གླན་དགོས་ན་ཡང་ནན་ཏན་དུ་དབེན་པར་གྱིས་ཤིག །ཆོངས་ཤིག་དགེ་འདུན་གྱི་ལས་བྱ་བའི་ཆ་བྱད། ལྷུང་བཟེད་ཀྱི་ལྷན་པ་གདབ་པའི་ཆ་བྱད་དགེ་འདུན་ གྱིས་བཅངས་ཀྱང་ཉེས་མེད། བུ་ག་ལ་འདི་དག་མི་དགེ་སྟེ་བུ་རམ་རྒྱ་སྐྱེགས་སྤྲ་ཚིལ་ཞོ་ཉེ་ཚོན་མོ་སྟེང་ངོ་། །ལྷུང་བཟེད་ཀྱི་ལྷན་པའི་རྒྱུ་ནི་མིང་གིས་སྨོས་པ་འདི་རྣམས་ལས་བྱར་མི་རུང་ངོ་། །དགེ་བ་ནི་ཤུར་ཤུར་པོ་དང་གཟེར་བུ་དང་ལེབ་ལེབ་པོ་དང་ཆུ་སྲིན་གྱི་སོ་ལྟ་བུ་དག་ གོ། །ལྷན་པར་རུང་བ་ནི་ལྕགས་འདི་རྣམས་ལྟ་བུ་ལས་གང་འོས་པར་གླན་ཆུ་སྲིན་གྱི་སོ་ནི་འདི་འདྲ་བའོ། །ཆུ་སྲིན་གྱི་སོ་གཅིག་ཏུ་ན་ལྷུང་བཟེད་ལྕགས་ཀྱི་སྐུད་པས་བཙེམས་ལ་ཐོ་བས་སྟེང་ནས་གླེབས་ཏེ་བཞག་པ་ལ་བྱ། ལྕགས་སམ་རྡོ་ཕྱེ་ཡང་ངོ་། །ལྕགས་ཀྱི་ཕྱེའམ་རྡོ་ ཕྱེས་བུ་གུ་ཆུང་ངུ་འམ་ལྷན་པའི་མིག་མཚམས་སུ་གླན། ཡུངས་མར་རམས་དང་བསྣལ་སྤྲ་ཚིལ་འདྲ་བར་ལྕགས་སམ་རྡོ་ཀུ་རུ་བིན་དས་སོ། །ལྕགས་ཕྱེའམ་རྡོ་ཕྱེ་ཇེ་ཟེར་ཡུངས་མར་བསྲེས་ཏེ་བསྣལ་ཏེ་སྤྲ་ཚིལ་འདྲ་བར་འགྱུར་བའི་ཕྱིར་ལྕགས་ཀྱི་གར་བུ་དང་རྡོ་ཀུ་རུ་བིན་དས་ བཏབ་ཅིང་བསྣལ། དྲོན་པོ་ལ་གླན། དེ་ནས་སྤྲ་ཚིལ་འདྲ་བ་དེས་ལྷུང་བཟེད་དྲོན་པོ་ལ་གླན། གྲོ་བས་གཡོགས་ལ་འཇི་བས་བསྐུས་ཏེ་རན་པར་བསྲེག་གླན་ནས་སྟེང་དུ་དྲོ་བས་གཡོགས་ལ་འཇི་བས་བསྐུས་ཏེ་སྐམས་པའི་ཚད་དུ་རན་པར་བསྲེག །ཡུངས་མར་གྱིས་བདར། སྐམས་ནས་ཡུངས་མར་གྱིས་བསྐུས་ལ་འཇམ་པོར་བྱ་བའི་ཕྱིར་ལྕགས་སམ་རྡོ་ཀུ་རུ་བིན་དས་བདར། བུ་རམ་དང་འཇི་བས་ནི་ཁམ་པའི་ལའོ། །ཁམ་པའི་ལྷུང་བཟེད་ལ་ནི་ལྷན་པ་བུ་རམ་དང་འཇི་བས་བསྲེ་སྟེ་གླན། སྤྱོད་བཞིན་ན་ནི་ཟླ་བ་དྲུག་གི་མཐར་བསྲེག །ལྷུང་བཟེད་ སློང་བ་ཁ་ཟས་ཟ་བར་སྤྱོད་ན་ཟླ་བ་དྲུག་ཅིང་བསྲེག་གོ། །མི་སྤྱོད་ཅིང་ཁ་དོག་མ་བྱིད་ན་མ་བསྲེགས་ཀྱང་ཉེས་མེད་དོ། །ཁམ་པའི་ན་ནི་ཟླ་བ་ཕྱེད་ཅིང་ངོ་། །ཁམ་པའི་ལྷུང་བཟེད་སྤྱོད་བཞིན་ན་ཟླ་བ་ཕྱེད་ཅིང་བསྲེག་འོན་ཏེ་དབྱར་ན་བཀྲུ་ཞིང་དགོས་པའི་སྐབས་སྐབས་སུ་བསྐུ་བར་སྦྱར། དབྱར་ལྷུང་བཟེད་བཙའ་མི་ཞུགས་པའི་ཕྱིར་སྤྱོད་པའི་སྐབས་སུ་སྣུམ་གྱིས་ཉིན་རེ་ཞིང་བསྐུ་མི་སྤྱོད་ནའང་བཙའ་འཇུག་ཏུ་བྱེད་ན་བཀྲུ་ཞིང་སྣུམ་གྱིས་བསྐུ། བསྲེག་པ་འདི་ལྟར་རོ། །ལྷུང་བཟེད་བསྲེག་པའི་ཐབས་ནི་འོག་ནས་འབྱུང་བ་ལྟར་བྱའོ། །དེའི་ཕྱིར་སྒྲོ་མོ་ཆོངས་ཤིག །ལྷུང་བཟེད་ བསྲེག་པའི་ཕྱིར་རྫ་མ་བཅག་པའི་ཆ་སྤྱད་དང་རྫ་མ་བཅངས་ཀྱང་ཉེས་མེད། དེར་གྲུབ་པའམ། རྫ་མ་ནི་ལྷུང་བཟེད་བསྲེག་པར་ཕྱེད་ཀར་བྱས་ཀྱང་རུང་། གྱོ་མོ་ལས་སོ། །རྫ་མ་ཉིད་ལས་འཕྲལ་ལ་བརྟོལ་ཏེ་བྱས་ཀྱང་རུང་ངོ་། །རྫ་མ་བཅག་པ་ནི་ ཐལ་བས་བཀང་སྟེ་བཅག་ན་དགེའོ། །རྫ་མ་ཉིད་ལས་འཕྲལ་ལ་བཅག་པ་ནི་ཐལ་བས་བཀང་སྟེ་བཅག་ན་རུང་ངོ་། །བཅང་ངོ་དེ་རྫ་མ་བཅག་པའི་ཆ་སྤྱད་དང་རྫ་མ་བཅངས་ཀྱང་ཉེས་མེད། དུ་བ་མི་འབྲོས་པར་དེས་གཡོགས། ལྷུང་བཟེད་བསྲེག་པའི་དུ་བ་མི་འབྲོས་པར་བྱ་ བའི་ཕྱིར་རྫ་མས་སྟེང་ནས་དགབ། ཕུབ་མ་དང་འཇི་བའི་སྐྱང་ནུལ་གྱིས་བསྐུ། རྫ་མའི་ཕྱི་རོལ་ཕུབ་མ་དང་འཇི་བས་བསྲེས་ཏེ་སྐྱང་ནུལ་བྱུག །ཡུངས་མར་གྱི་ཚིགས་མ་འམ་བ་ལང་གི་ལྕི་བས་ནང་བསྐུ། རྫ་མའི་ནང་ཡུངས་མར་གྱི་ཚིགས་མ་འམ་བ་ལང་གི་ལྕི་བ་གང་ འབྱོར་པས་བསྐུ། སྐམས་པར་གྱུར་ནའོ། །རྫ་མ་ལ་སྐྱང་ནུལ་དུ་བསྐུས་པ་སྐམས་པར་གྱུར་ནས་ཁས་དབུབ། །སའི་ལས་ཀུན་བྱས་ནས་ཕུབ་མ་བཏིང་སྟེ་དུ་བ་བཟང་པོར་འབྱུང་བའི་ཡུངས་མར་གྱི་ཚིགས་མ་ལ་སོགས་པའི་རྫས་ཀྱིས་བཀྲམ་ལ་ཁ་སྦུབས་སྟེ་གཞག ། ས་རྐོ་བ་ལ་སོགས་པ་བྱས་ཟིན་ནས་གཞིར་ཕུབ་མ་བཏིང་སྟེ་དུ་བ་བཟང་བར་བྱ་བའི་ཕྱིར་ཡུངས་མར་གྱི་ཚིགས་མའམ་ར་རུ་དང་། ཏར་ག་དང་ཁབ་ཙེག་དང་བེའུ་ཞོ་འཐུང་བའི་རྟུག་པ་ལ་སོགས་པས་ཕུབ་མའི་སྟེང་དུ་དགྲམ། ལྕི་བའམ་སོག་མས་གཡོགས་ཏེ་སྤར། རྫ་ མའི་ཕྱི་རོལ་དུ་ལྕི་བྲུལ་དང་སོག་ཕུབ་དང་ཤིང་ལོ་ལ་སོགས་པས་གཡོགས་ཏེ་མེ་བུད། ཏེ་པོར་གྲངས་ནས་བླངས། མེ་ཤི་ནས་ཏེ་པོར་གྲངས་ནས་ལྷུང་བཟེད་དབྱུང་། ཁ་དོག་མ་གྲུབ་ཀྱི་བར་དུ་བཟླས། ལྟག་མ་ལྟར་ལན་གཅིག་བསྲེགས་པས་ཁ་དོག་མ་ཞེན་ནམ་ཁ་དོག་ཞེན་ ཞེན་གྱི་བར་དུ་བསྲེག །བཀྲུས་ཤིང་བཀྲུས་ཤིང་གཞག །ཁ་དོག་མ་གྲུབ་སྟེ་བསླས་པའི་ཚེ་ལྷུང་བཟེད་བཀྲུས་ཤིང་བཀྲུས་ཤིང་གཞག །ཐན་ཀོར་དུ་སྲོག་ཆགས་ལ་སྙིང་རྗེ་བའི་ཕྱིར་བྱུག་ཅིང་དགབ། ལྷུང་བཟེད་བསྲེགས་པའི་ཐན་ཀོར་ཟང་ཟིང་དང་སྲོག་ཆགས་ལ་འཁྲི་ ཞིང་འང་སྙིང་རྗེ་བའི་ཕྱིར་ཕྱག་དར་དང་ཆག་ཆག་བྱ། མཚན་གྱི་འཁོར་དུ་སྐྱེས་ན་ལོ་གྲངས་མི་ཤེས་ཀྱང་བསྙེན་པར་རྫོགས་པར་ཆད་པར་བྱ། བསྙེན་པར་རྫོགས་པར་འདོད་པ་ཆུང་ངུར་ཕ་མས་བོར་བ་ལྟ་བུ་ལོ་གྲངས་མི་ཤེས་ན་ཕོ་མཚན་མོ་མཚན་ཁོ་ར་ཁོར་ཡུག་ཏུ་སྤུ་ སྐྱེས་ན་ལོ་ཉི་ཤུ་ལོ་ལོན་པའི་ཐང་དུ་བསྙེན་པར་རྫོགས་པར་བྱས་རུང་བུད་མེད་བག་མ་བྱས་པ་ནི་སྤུའི་ཚད་དུ་མི་བྱའི་ལོ་བཅུ་གཉིས་ལོན་པ་ཡན་ཆད་བསྙེན་པར་རྫོགས་པར་རུང་ངོ་། །སྒྱུས་བརྟག །གསང་བའི་སྤུ་བལྟ་བ་ནི་མི་སྐྱེངས་པའི་ཕྱིར་སྒྱུ་དང་ཐབས་ཀྱིས་བརྟག་ཅིང་ བལྟ་ཐབས་ནི་འོག་ནས་འཆད། བ་ལང་སོའམ་གོས་གདང་མཐོན་པོ་ལ་སོགས་པ་ལས་ནོར་དག་དབོག་པར་རོ། །མཚན་གྱི་སྤུ་སྒྱུས་བརྟག་པ་ནི་གོས་གདང་སྐས་ལ་སོགས་པ་ལ་གོས་དག་སྐྱེལ་ཅིང་དབོག་པར་བཅུག་ལ་འོག་ནས་བལྟའོ། །བསྙེན་པར་རྫོགས་པར་ འདོད་པ་ཤིང་ལ་འཛེག་ཏུ་མི་གཞུག །དགེ་སྦྱོང་ཞག་ལྔ་དྲུག་ཚུན་ཆད་དུ་བསྙེན་པར་རྫོགས་པར་བྱེད་པ་ཞིག་ན་ཤིང་ལ་འཛེག་ཏུ་མི་གཞུག །དགེ་སྦྱོང་བསྙེན་པར་རྫོགས་པར་འདོད་པ་ཞིག་དྲུག་སྡེས་ཤིང་ལ་མེ་ཏོག་ཐུར་བཅུག་པ་ལས་ཤིང་ལས་ལྷུང་སྟེ་རྐང་པ་ཆག་པ་ ལས་བཅས། མཚམས་ཀྱི་ཕྱི་རོལ་དུ་མི་མངག །དགེ་སྦྱོང་བསྙེན་པར་རྫོགས་པའི་ཁར་འབྲོས་པའི་ཕྱིར་མཚམས་ཀྱི་ཕྱི་རོལ་དང་ལམ་རིང་པོར་མི་མངག །མིག་རྒྱང་བསྐྱེད་དེ་མངོན་པར་ཐལ་མོ་སྦྱར་ལ་གཞག །ཁྲིམས་རྫོགས་པར་བྱེད་པའི་ཚེ། མིག་རྒྱང་དུ་མི་སྣང་ བར་མི་གཞག་གི་དགེ་འདུན་ལས་བྱེད་པ་སྣང་ཞིང་སྒྲ་མི་ཐོས་པ་ཙམ་དུ་མངོན་པར་གཞག །ཁྱིམ་མི་ལ་གནས་མི་བསྒོ། །ཁྱིམ་པ་ལ་སྔངས་ཤིང་འདྲོགས་པའི་ཕྱིར་ཤིང་དྲུང་བ་དང་སློང་མོ་པ་དང་ཚེམ་བུ་བ་དང་། སྨན་བསྐུས་པ་བཞི་མི་བསྟན། བསྙེན་པར་རྫོགས་ མ་ཐག་ཏུ་མི་བསྒོ་བར་མི་བྱ། བསྙེན་པར་རྫོགས་མ་ཐག་ཏུ་སཱུ་ཏྲ་ལྟག་མའི་གནས་བཞི་བསྒོ་ཞིང་བསྟན་པར་བྱ། གང་དུ་ཡང་གནས་མེད་པར་དེར་གསོ་སྦྱིན་གྱི་བར་དུ་བསྡད་པ་དང་ཚུལ་འཇུག་པར་མི་བྱ། གནས་བརྟན་ཤིའམ་གུད་དུ་སོང་ངམ་ཁྱིམ་པར་བབ་ན་ གནས་མེད་པར་བསྡད་དུ་མི་རུང་སྟེ་གསོ་སྦྱིན་དང་ཚུལ་ནས་འབྱུང་བ་དང་། ཚུལ་དུ་འཇུག་པ་ལའང་མི་བསྡད་པར་གནས་བརྟན་ཚོལ་དུ་འགྲོའོ། །ཚུལ་སྔ་མར་ན་ནི་མི་བསྲུང་། ཚུལ་སྔ་མར་ཞུགས་ཟིན་ལ་གནས་བརྟན་མེད་པར་གྱུར་ན་ཡང་ ཚུལ་དྲལ་ཏེ་གནས་བརྟན་ཚོལ་དུ་འགྲོའོ། །ཕྱི་མ་ཟླ་བ་གཉིས་ལས་ལྷག་པར་རོ། །ཚུལ་ཕྱི་མར་ཞུགས་པ་ལས་གནས་བརྟན་མེད་པར་གྱུར་ན་ཟླ་བ་གཉིས་ཀྱི་བར་དུ་ཚུལ་བསྲུངས་ལ་གནས་བརྟན་ཚོལ་དུ་འགྲོའོ། །དངོས་པོ་དང་ལས་དང་གཡོག་དག་སྤང་བར་ དེ་ལ་ཁས་བླངས། དངོས་པོ་དང་ཞེས་པ་ནི་གནས་བརྟན་རྙེད་དེ་སྤྱན་འདྲེན་པའི་ཚེ་ཁང་བུ་བཟང་བ་སྟེ་དབུལ་བར་ཁས་བླངས་ལས་དང་ཞེས་པ་ནི་གནས་བརྟན་དག་གི་ལས་སུ་མི་གཞུག་པའོ། །དགེ་འདུན་ཕལ་མོ་ཆེ་ཞིག་གནས་གནས་པ་ལས་གནས་བརྟན་མེད་པར་གྱུར་ ན་ཟད་པར་འདོང་མི་དགོས་ཀྱི། གཅིག་གམ་གཉིས་ཀྱིས་བཙལ་ཏེ་རྙེད་ན་འདི་རྣམས་ཁས་བླངས་ལ་སྤྱན་དྲང་། གཡོག་དག་སྤང་བར་དེ་ལ་ཁས་བླངས་ཞེས་པ་ནི་གནས་བརྟན་གྱི་གཡོག་ཅིག་འོངས་ན་དེ་ཡང་ལས་སུ་མི་གཞུག་པ་དང་ཁྱིམ་པ་ལ་གནས་བརྟན་གྱི་གཡོག་སྦྱིན་ པ་དང་། དགེ་སློང་གི་ནང་ནས་གཅིག་བསྐོ་བར་ཁས་བླངས། མེད་ན་རྒན་རབས་ཀྱི་ལྟར་ལའང་དྲི། གནས་བརྟན་མེད་ན་ཚུལ་སྔ་མ་དྲལ་ཏེ་བཙལ་ན་མ་རྙེད་པ་ལ། ཚུལ་ཕྱི་མར་ཞུགས་ནས་ཡང་མེད་པར་གྱུར་པ་དང་ཚུལ་སྔ་མ་དྲལ་ཏེ་སོང་སོང་བ་ལས་གནས་བརྟན་མ་རྙེད་དེ་ཚུལ་ ཕྱི་མར་ཞུགས་ནས་ཟླ་བ་གཉིས་ཀྱི་བར་དུ་འདུག་པའི་ཚེ་ནི་བདག་ཅག་འཁོད་པའི་ནང་ནས་རྒན་པ་མཁས་པ་ལ་དྲི། ཡོད་ཀྱང་ཉེ་གནས་སུ་ནིའོ། །གནས་བརྟན་ཡོད་དུ་ཟིན་ཀྱང་གནས་བརྟན་ཉིད་ལ་ཆད་པ་བྱུང་བའི་ཚེ་དང་དགེ་སྦྱོང་མང་དུ་ཡོད་ན་དེ་གནས་སུ་བཅོལ་ཏེ་དབྱེ། མ་དྲིས་ཀྱི་བར་དུ་དེ་ལྟ་བུའི་རིགས་ལ་ལས་མི་བྱ་དེས་སམ་བདག་གིས་སོ། །དགེ་སྦྱོང་ངོ་མི་ཤེས་པའམ་གསར་དུ་འོངས་པ་ལྟ་བུ་ལ་བདག་གི་མཁན་པོ་ལ་མ་དྲིས་ཀྱི་བར་དུ་བདག་གིས་ཀྱང་ཁོ་བོའི་ལས་མི་བྱ། བདག་ལའང་ལས་བྱེད་དུ་མི་གཞུག་གོ། །མཁན་པོ་ལ་དྲི་དགོས་ པ་ནི་རྒྱུས་མི་ཤེས་པ་དེ་ཡོན་ཏན་དང་ལྡན་ནམ་མི་ལྡན་པ་དང་ཡོན་ཏན་དང་མི་ལྡན་ཡང་བདག་ལ་གནོད་པར་འགྱུར་བ་ལྟ་བུ་ཡོད་ན་གཡོག་བྱ་དགོས་པའི་སྐབས་ལྟ་བུ་མཁན་པོ་ཤེས་པའི་ཕྱིར་དྲིའོ། །ཉེས་མེད་པ་ནི་མེད་དེ་ཚོལ་བར་ཞུགས་པར་གནས་པར་རིགས་པར་ གནས་མེད་པར་གནས་ཀྱང་ངོ་། །གནས་བརྟན་མེད་པའི་བར་དུ་ནི་གནས་བཅའ་བའི་རིགས་པའི་དགེ་སློང་རྣམས་གནས་བརྟན་ཚོལ་གྱི་བར་དུ་མ་དྲིས་ཀྱང་ཉེས་མེད་དོ། །ཅི་སྲིད་པ་བར་དུ་མ་དྲིས་ཀྱང་ཉེས་པ་མེད་པ་ནི་འོག་ནས་འཆད་དོ། །ཞག་ལྔ་ཟད་ཀྱི་བར་དུའོ། །གནས་ བརྟན་མེད་དེ་ཚོལ་བར་ཞུགས་པའི་ཚེ། མ་དྲིས་ཀྱང་ཉེས་མེད་པ་ནི་ཞག་ལྔའི་བར་དུ་ནི་གནང་ངོ་། །དེ་ཕན་ཆད་ཀྱང་རྙེད་ཀྱང་ཉེས་པར་འགྱུར་རོ། །རྙེད་པའམ་རིགས་སོ། །ཞག་ལྔའི་བར་དུ་ནི་ཁ་ཟས་དང་ནོར་ཟས་དག་རྙེད་དེ་བླངས་ཀྱང་ཉེས་མེད་དེ་བརྟགས་པའོ། །འོངས་པའི་ཉི་ མ་གཉིས་སམ་གསུམ་ངལ་བསོས་ཏེ་གནས་ཟུང་ཤིག །གནས་བརྟན་སྤྱན་དྲངས་པ་ནི་མ་ཡིན་གྱི་གུད་ནས་གསར་དུ་འོངས་པ་ཞིག་ནས་བརྟག་པའི་ཕྱིར་ཞག་གསུམ་གྱི་བར་དུ་ངལ་བསོ་ཞིང་ཚུལ་བལྟ་སྟེ་གནས་བརྟན་དུ་རུང་ན་གནས་བཅའ། བདག་གནས་བརྟན་ཚོལ་དུ་སོང་ སོང་སྟེ་རྙེད་པའི་གནས་བརྟན་རྒྱུས་མི་ཤེས་པ་ཞིག་ནའང་ཞག་གསུམ་གྱི་བར་དུ་བརྟག་སྟེ་གནས་གཟུང་། ཞག་གཅིག་གི་ཕྱིར་ཡང་མ་ཡིན། གང་དུ་ཡང་རུང་སྟེ་བདག་ཀྱང་རུང་གནས་བརྟན་ཀྱང་རུང་ཞག་གཅིག་ལས་རིང་དུ་མི་འདུག་པ་ཞིག་ན་གནས་མི་གཟུང་མི་རིགས་པའི་ ཕྱིར་རོ། །གནས་བཅས་པ་མ་རྙེད་ན་གཞན་ལའང་དྲི། བདག་གི་གནས་བརྟན་དྲོའི་ལམ་ཕན་ཆད་གཅིག་ཏུ་སོང་སྟེ་སླར་འོངས་པ་ཞིག་ན་དེའི་བར་དུ་གནས་བརྟན་གཞན་སུ་ཡོད་པ་ལ་དྲི། གནས་བརྟན་མེད་ན་བདག་ཅག་གི་ནང་ན་རྒན་ཞིང་ཆོས་མཁས་པ་ལ་དྲིའོ། །ཉེས་མེད་ པ་ནི་ལས་བླངས་པ་ལས་གཞན་དེར་འོངས་ན་མ་དྲིས་ཀྱང་ངོ་། །ལས་ཤིག་བྱ་བར་མཁན་པོ་ལ་དྲིས་ཏེ་སོང་སོང་བ་ལས་ཚུལ་གྱིས་ལས་བྱ་དགོས་པ་ཞིག་འཕྲལ་ལ་འབྱུང་བ་དང་། དགེ་འདུན་དང་གསར་པོ་རྒན་པོས་འཕྲལ་ལ་བསྒོ་བ་ནི་མཁན་པོ་ལ་མ་དྲིས་པར་བྱས་ཀྱང་ཉེས་མེད་དོ། ། གར་བབ་བབ་ཀྱི་གན་དུ་མ་ཡིན། གནས་བརྟན་དུ་བཟུང་ཞིང་བཙལ་བ་ནི་ལོ་གྲངས་ཀྱི་གནས་བརྟན་དུ་ཆུད་ཀྱང་བབ་བབ་ཏུ་མི་བཟུང་ངོ་། །ཅི་ལྟ་བུ་ལས་གཟུང་བ་འོག་ནས་འཆད། ཁྲིམས་དང་། གནས་བརྟན་བརྟག་པ་ནི་ཚུལ་ཁྲིམས་དང་ལྡན་ནམ་མི་ལྡན་ པ་དང་། ཤེས་པ་དང་། ཆོས་ལྔ་དང་ལྡན་ནམ་མི་ལྡན་པ་དང་། འཁོར་དང་། གནས་བརྟན་གྱི་འཁོར་སྔ་ན་ཡོད་པ་སྲུན་ནམ་མི་སྲུན་པ་དང་། སྐྱོན་ཡོད་དམ་མེད་པ་དང་། སྐྱོང་བ་དག །གནས་བརྟན་ཉིད་སློབ་མ་ལ་སྟོན་ཅིང་སྐྱོང་ངམ་མི་སྐྱོང་བ་དང་། ཡོ་བྱད་སྦྱོར་རམ་མི་ སྦྱོར་གཞན་གནོད་པ་བྱེད་སྐྱབས་བྱེད་དམ་མི་བྱེད་པ་དང་། དྲི་བ་ལ་སོགས་པས་ཤེས་པར་བྱ་སྟེ། འདི་རྣམས་ལྟ་བུ་དང་ལྡན་ནམ་མི་ལྡན་གཞན་དག་ལ་དྲིས་ཤིང་བརྟག་སྟེ། རྟོགས་ཤིང་ཤེས་པར་བྱས་ནས་རུང་བར་རྟོགས་ན། སྡོམ་པ་བཞིན་དུ་གཟུང་། གནས་བཅའ་བ་ ནི་སྡོམ་པ་བཞིན་དུ་གནས་བཅའ་བ་སྔགས་ལན་གསུམ་དུ་བཟླས་ཏེ་གཟུང་། རྐང་པ་གཉིས་ཀྱིས་ལག་པ་གཉིས་ཀྱི་སྟེང་དུ་མནན་ལའོ། །གནས་བཅས་པའི་སྔགས་འདེབས་པའི་ཚེ་གནས་བརྟན་གྱི་རྐང་པ་གཉིས་ཀྱི་འོག་ནས་ལག་པ་གཉིས་ཀྱིས་བཟུང་སྟེ། སྔགས་བྱ། བརྟགས་ཏེ་སྦྱིན། གནས་བརྟན་གྱིས་ཀྱང་སློབ་མ་གནས་འཆར་འཇུག་པ་ནི་གཡོ་སྐྱོན་དང་ཚུལ་ལ་སོགས་པ་ལྡན་ནམ་མི་ལྡན་པ་ལྟག་ཏུ་གནས་བརྟན་ལ་བརྟག་པ་བཞིན་དུ་བརྟག་སྟེ་གནས་འཆར་གཞུག །ཕ་དང་བུར་འདུ་ཤེས་གཞག །གནས་བཅའ་ནས་གནས་བརྟན་ནི་ཕའི་ གཟུགས་བརྙན་དུ་བལྟ་སློབ་མ་ནི་བུའི་གཟུགས་བརྙན་ཡིན་པར་འདུ་ཤེས་གཞག །དེར་ན་མཁན་པོ་བས་གནས་པ་སྟེ་དེ་བས་ན་དེར་མི་གཟུང་། བདག་གི་མཁན་པོ་ལ་ནི་ཐོག་མར་མཁན་པོར་གསོལ་ཏེ་མཁན་པོར་གྱུར་པའི་ཚེ་གནས་བཅས་པ་ཡིན་པས་ན་ཕྱིས་གནས་བཅའ་ མི་དགོས་སོ། །བླངས་པའི་གནས་གཞིག་པའི་ཕྱིར་གཉིས་ཀས་ཕྱལ་བར་གྱུར་ནའོ། །གནས་བཅས་པ་ལས་གནས་ཞིག་པར་འགྱུར་བ་ནི་གནས་བརྟན་གྱིས་ཀྱང་བདག་གི་སློབ་མ་གནས་འཆར་མི་གཞུག་ཅིང་ཡོངས་བཏང་བར་བསམས་སློབ་མས་ཀྱང་ཡོངས་བཏང་བར་བསམས་ ན་གནས་ཞིག་སྟེ་མེད་པར་གྱུར། གཅིག་གིས་བཏང་སྟེ་གཅིག་གིས་མ་བཏང་ན་ཞིག་པར་མི་འགྱུར་རོ། །མཁན་པོ་མེད་པར་འདུས་ན་གར་དགའ་བར་ཚོར་ཅིག །བདག་གིས་མཁན་པོ་མེད་ལ་གནས་བཅས་པའི་སློབ་དཔོན་མང་པོ་ཞིག་ཅིག་ཅར་འདུས་ན་གང་དགའ་བ་ལ་ གཞར་ཞིང་དྲི་སྔ་དྲོ་དང་ཕྱི་དྲོ་རེ་རེ་ལ་དྲིས་ཀྱང་ཉེས་མེད་དོ། །དེ་ཉིད་ན་དེ་ལའོ། །མཁན་པོ་དང་གནས་བཅས་པའི་སློབ་དཔོན་ཀུན་འདུས་ན་མཁན་པོ་ལ་དྲིའོ། །དགེ་སྦྱོང་དང་རྫོགས་པའི་མཁན་པོ་གཉིས་ཚོགས་ན་རྫོགས་པའི་མཁན་པོ་ལ་དྲིའོ། །མཁན་པོ་མཐོང་མ་ཐག་ཏུ་སྟན་ ལས་འཕགས། མཁན་པོ་ལམ་ཉེ་རིང་གང་ནས་འོང་ཡང་རུང་ལན་མང་དུ་འགྲོ་ཞིང་འདུག་ཀྱང་རུང་སྟེ་བདག་དགེ་བ་སྤྱོད་ཀྱང་རུང་སྟན་ལས་འཕགས་དགེ་བ་སྤྱོད་པ་ལ་ནི་མཁན་པོས་ཀྱང་འདུག་ཅེས་ཟེར་བའི་རིགས་ཏེ་ཟེར་ན་འདུག་ཀྱང་ཉེས་མེད་མཁན་པོ་བཞིན་དུ་སློབ་དཔོན་ལྔ་ལ་ཡང་ བྱའོ། །ཉིན་གཅིག་ལ་ལན་གསུམ་གནས་པའི་གན་དུ་གཙུག་ལག་ཁང་དེ་ན་གནས་ན་འགྲོའོ། །གཙུག་ལག་ཁང་མཚམས་གཅིག་གི་ནང་ན་མཁན་པོ་དང་ལྷན་ཅིག་ཏུ་གནས་ན་ཉིན་གཅིག་ལ་ལན་གསུམ་དུ་ཞུ་ཞིང་དྲི། ལམ་རིང་ངམ་མཚམས་ཐ་དད་ན་གནས་པ་ཅི་ལྟར་དྲི་བ་ནི་ འོག་ནས་འཆད། དགོན་པ་ལ་གནས་ཏེ་རྒྱང་གྲགས་ཙམ་ན་ཉིན་རེ། མཁན་པོ་དང་སློབ་མ་གཉིས་ཀ་དགོན་པ་ན་གནས་ཏེ་བར་རྒྱང་གྲགས་ཙམ་གྱིས་ཆོད་ལ་དགོན་པ་ཉིད་ཀྱི་མཚམས་བཅད་པའི་ནང་ཡིན་ན་ཉིན་རེ་ཞིང་ལན་རེ་ཞུས་ཀྱང་ཉེས་མེད། དེ་བཞིན་དུ་གཙུག་ལག་ཁང་གི་ མཚམས་ནང་རྒྱང་གྲགས་ཙམ་ལ་ཡང་ཉིན་རེ་ཞིང་ཞུ་དགོན་པ་དང་གཙུག་ལག་ཁང་གི་མཚམས་བཅད་པ་ནི་གཙུག་ལག་ཁང་གི་རང་མཚམས་ཀྱིས་བརྩི། རྒྱང་གྲགས་སུ་མི་གནང་གཅིག་དགོན་པ་ལ་གནས་ལ་གཅིག་མཚམས་ཀྱི་ནང་ན་གནས་ན་བར་མཚམས་ཀྱིས་ཆོད་པས་མི་ གནང་། རྒྱང་གྲགས་ལྔ་ཙམ་ན་ཞག་ལྔ་དྲུག་ནའོ། །གཙུག་ལག་ཁང་ངམ་དགོན་པའི་མཚམས་གཅིག་གི་ནང་ཡིན་ན་མཁན་པོ་དང་སློབ་མའི་བར་རྒྱང་གྲགས་ལྔ་ཙམ་གྱིས་ཆོད་ཀྱང་ཞག་ལྔ་དྲུག་ཅིང་ཞུས་ཀྱང་ཉེས་མེད། དགོན་པ་དང་གཙུག་ལག་ཁང་གི་མཚམས་ཐ་དད་དམ། མཚམས་མེད་པ་ནི་མི་གནང་ངོ་། །དཔག་ཚད་ཕྱེད་དང་གསུམ་ན་ནི་གསོ་སྦྱིན་གྱི་ཚེའོ། །དགོན་པའམ་གཙུག་ལག་ཁང་གི་མཚམས་གང་ཡང་རུང་སྟེ་མཚམས་གཅིག་གི་ནང་ན་ཡིན་ན་མཁན་པོ་དང་སློབ་མའི་བར་རྒྱང་གྲགས་ཕྱེད་དང་གསུམ་ཙམ་གྱིས་ ཆོད་ཀྱང་ཟླ་བ་ཕྱེད་ཅིང་དྲིས་ཀྱང་ཉེས་མེད། གནས་བཅས་པ་ཆད་པས་བཅད་པར་རིགས་ན་ཡང་ཆད་པས་མི་བཅད་པར་མི་བྱ། གནས་བརྟན་གྱིས་བདག་ལ་གནས་པའི་སློབ་མ་རྣམས་ཉེས་པ་ཞིག་སྤྱོད་དེ་ཆད་པས་བཅད་པའི་རིགས་ནའང་ཆད་པས་བཅད་པར་བྱའོ། །ཉེས་པ་ བྱེད་པ་ལ་ཆད་པས་ཅིས་བཅད་པ་ནི་འོག་ནས་འཆད། ཆད་པ་ནི་ལྔ་སྟེ། ཆད་པས་བཅད་པ་རྣམ་ལྔ་ཡོད་དེ་ལྔ་ནི་དམིགས་ཀྱིས་འོག་ནས་འཆད་པ་ཡིན། མི་སྨྲ་བ་དང་མི་བསྟན་པ་དང་གཡོག་དང་ཆོས་དང་ཁ་ཟས་མི་སྤྱད། མི་སྨྲ་ཞེས་པ་ནས་གཡོག་དང་ཞེས་པའི་བར་དུ་ནི་མི་སྨྲ་ བ་དུས་གསུམ་དུ་ཞུ་བ་ལ་བག་ཡོད་པར་གྱིས་ཤིག་ཅེས་ལན་མི་སྦྱིན་པ་དང་མི་བསྟན་པ་ནི་ཆོས་དང་ཁ་དོག་དང་བསམ་གཏན་ལྟ་བུ་མི་བསྟན་ཏེ། འདི་གཉིས་ལ་ཆད་པ་གཅིག་རྐང་པ་འཁྲུ་བ་དང་ལུས་ཉེད་པ་ལ་སོགས་པ་གཡོག་བྱེད་དུ་མི་གཞུག་པ་དང་ཆོས་དང་ཞེས་པ་ནི་ལས་བརྒྱ་ རྩ་གཅིག་ལྟ་བུ་གང་བྱེད་ཀྱང་རུང་ལས་སུ་མི་གཞུག་པར་དབྱུང་། ཁ་ཟས་མི་སྤྱད་ཅེས་པ་ནི་ཁ་ཟས་དང་གོས་བདག་གིས་ཀྱང་མི་སྦྱིན་སློབ་མ་འབུལ་ནའང་མི་བླང་བ་དང་འདི་གཉིས་ལ་ཆད་པ་གཅིག །དགེ་བའི་སྐྱབས་བརྩམས་པ་བཅད་པ་དང་གནས་དགག་པའོ། །དགེ་བའི་ སྐྱབས་བརྩམས་པ་བཅད་པ་ཞེས་པ་ནི་སློབ་མ་ཅེ་ཏི་རྩིག་པ་དང་ཡི་གེ་ཀློག་པ་ལ་སོགས་པ་དགེ་བ་སྤྱོད་པ་ལ་མ་སྤྱོད་ཅིག་ཅེས་ཀུན་དུ་བཅད་དེ་སྤྱོད་དུ་མི་གཞུག་པ་དང་གནས་དགག་པའོ་ཞེས་པ་ནི་དེ་ལ་མ་གནས་པར་གུད་དུ་སོང་ཤིག་ཅེས་བསྐྲད་པ་དང་ཆད་པ་འདི་རྣམ་ལྔ་རིམ་བཞིན་དུ་ གཅིག་གིས་མ་འགྱུར་ན་གཅིག་གིས་བཅད་དོ། །རིགས་པ་ནི་མ་དད་པ་དང་ལེ་ལོ་ཅན་དང་ངག་དཀའ་བ་དང་བསྟི་སྟང་མེད་པ་དང་སྡིག་པའི་གྲོགས་པོ་ཅན་ནོ། །རིགས་པ་ནི་ཞེས་པ་ནི་ཆད་པ་རྣམ་ལྔས་རིམ་པས་བཅད་པར་རིགས་པ་ནི་མིང་གིས་སྨོས་པ་འདི་ལྔའོ། །མ་དད་པ་དང་ ཞེས་པ་ནི་དཀོན་མཆོག་གསུམ་ལ་དད་པ་ཁོང་ནས་མེད་པའོ། །ལེ་ལོ་ཅན་དང་ཞེས་པ་ནི་དགེ་བ་ལ་མི་སྤྱོད་ཅིང་མི་དགེ་བ་ལ་སྤྱོད་པ་དང་ཟ་ཞིང་ཉལ་ལ་ཕྱི་རོལ་སྐྱེལ་དུ་འགྲོ་བའོ། །ངག་དཀའ་བ་དང་ཞེས་པ་ནི་དགེ་བ་དང་ལས་བསྐོས་པ་ལ་སླར་འཁྱིལ་ཞིང་མང་དུ་བཟློག་པ་དང་དམོད་ མོ་དང་ཚིག་རྩུབ་པོར་སྨྲ་བའོ། །བསྟི་སྟང་མེད་པ་དང་ཞེས་པ་ནི་དཀོན་མཆོག་གསུམ་དང་མཁན་པོ་དང་བླ་མ་ལ་བསྟི་སྟང་མེད་ཅིང་འགྱིང་བ་དང་ཚུལ་ཁྲིམས་སྦོམ་པོ་བསྲུངས་པས་ཆོག་གི་ཕྲ་མོ་ལ་བསྲུངས་ཅི་དགོས་ཞེས་མ་གུས་པ་དང་། སྡིག་པའི་གྲོགས་པོ་ཅན་ནོ་ཞེས་བྱ་བ་ནི་སྲོག་ གཅོད་པ་དང་རོལ་མོ་མཁན་དང་ཆང་འཚོང་བ་དང་། རྐུན་མ་དང་འཕྱོན་མ་ཅན་དང་བསྟེན་པ་དང་འདི་རྣམས་ལྔ་སྟེ་རིམ་བཞིན་དུ་ཆད་པ་ལྔས་བཅད་དོ། །ཆད་པས་གཅོད་པ་གཞན་གྱིས་བསྡུས་ན་སྦོམ་པོར་འགལ། སློབ་མ་ཆད་པ་རྣམ་པ་ལྔ་གང་གིས་བཅད་ཀྱང་རུང་སྟེ་ཆད་ པས་བཅད་པ་ལ་དགེ་སློང་གཞན་ཞིག་གིས་ཁ་དྲངས་ན་ཁ་འདྲེན་འདྲེན་པ་དབྱེན་གྱི་སྦོམ་པོར་འགྱུར། བསྟི་སྟང་མེད་བཞིན་ན་བསྒྱུར་བའི་ཕྱིར་དགེ་སློང་ཤེས་པ་ལ་ཆོལ་ཅིག །ཆད་པ་རྣམ་ལྔས་བཅད་པ་ལས་ཉེས་པ་འཆགས་ཤིང་བཟོད་པ་གསོལ་དུའང་མི་འོང་གུད་དུའང་མ་སོང་ སྟེ་བར་མ་དོར་འདུག་པ་ན་དགེ་སློང་ཚུལ་ཁྲིམས་དང་ཆོས་མཁས་ཤིང་འདྲིད་ཅིང་སྙིང་འཇི་མཁས་པ་གཅིག་ལ་གནས་བརྟན་གྱིས་ཆོལ་ཏེ། སྔོན་གྱི་ཉེས་པ་འོར་ལ་མཁན་པོ་ལ་བཟོད་པར་གསོལ་ཏེ། ཤོགས་ལ་སླར་ཆོར་ཅིག་ཅེས་གྲོས་འདེབས་སུ་གཞུག །མཚན་མ་བཏང་སྟེ་ འཆགས་ན་བཟོད་ཅིག །སློབ་མ་ཆད་པས་བཅད་པ་དེ་སྔོན་གྱི་ཉེས་པ་གཏོང་ངོ་ཞེས་ཟེར་ཞིང་བཟོད་པ་གསོལ་ཏེ་འཆགས་ཤིང་འོང་ན་གནས་བརྟན་དེས་བཟོད་པ་བྱིན་ཅིག །ཆད་པས་བཅད་པའི་མི་རིགས་ན་མི་བྱའོ། །སློབ་མ་རྟག་ཏུ་ཚུལ་ཁྲིམས་བསྡོམ་ཞིང་བརྩོན་འགྲུས་ཆེ་ ལ་བར་འགའ་ཙམ་ཞུ་བ་འཕྱིས་པ་ལྟ་བུ་ཆད་པས་བཅད་པ་མི་རིགས་པ་ལ་གནས་བརྟན་གྱིས་ཆད་པས་མི་བཅད། རིགས་ན་མི་བཟོད་པར་མི་བྱ། སློབ་མ་ཆད་པས་བཅད་པ་ལ་དེ་སྔོན་གྱི་ཉེས་པ་གཏོང་ཞིང་འཆགས་སུ་འོང་སྟེ་བཟོད་པར་བྱ་བའི་རིགས་པ་ལ་བཟོད་པར་མ་བྱས་ན་ཉེས་ བྱས། མི་རིགས་ན་བཟོད་པར་མི་བྱ། སློབ་མ་ཆད་པས་བཅད་པ་ལ་སྔོན་གྱི་ཉེས་པ་མི་གཏོང་ཞིང་འཆགས་སུ་མི་འོང་ན་བདག་གིས་བཀུག་སྟེ་བཟོད་པ་གསོལ་དུ་མི་གཞུག །མ་བཏུབ་ན་ཁང་བུ་ནས་དབྱུང་། ཆད་པ་རྣམ་ལྔ་ལ་སོགས་པའི་ཐབས་ བྱ་སྟེ་ཅིས་ཀྱང་མ་གྱུར་ན་སློབ་མ་དེ་ཁང་བུ་ནས་བསྐྲད་ཕྱུང་སྟེའོ། །ཚགས་དང་རིལ་བ་སྤྱི་བླུགས་དང་ཆོག་པ་ཙམ་བྱིན་ཏེ་དགེ་སྦྱོང་ལའོ། །སློབ་མ་བསྐྲད་པ་དེ་དགེ་སྦྱོང་ཞིག་ན་ཚགས་དང་རིལ་བ་དང་གོས་ཆོག་པ་ཙམ་བྱིན་ཏེ་བཏང་ངོ་། །དགེ་སྦྱོང་ཉིད་ལ་རྫས་མང་པོ་ཞིག་ ཡོད་དུ་ཟིན་ཀྱང་མི་བྱིན་པར་སླར་འོང་བའི་ཕྱིར་གཏར་གཞག་གོ། །ཕྱིར་མ་འོངས་ཏེ་ཐལ་བྱུང་གཞག་ཀྱང་རྐུ་སེམས་མེད་ཀྱི་འོང་བའི་ཕྱིར་གཏར་གཞག་པས་ཉེས་མེད་དོ། །འོན་ཏེ་བསྙེན་པར་རྫོགས་པར་འདོད་པ་ན་ཡོ་བྱད་ལྔ་དང་ངོ་། །སློབ་མ་བསྐྲད་པ་དེ་ཉི་ཤུར་ལོན་དུ་ཉེ་ སྟེ་བསྙེན་པར་རྫོགས་པར་འདོད་པ་ཞིག་ན་ལྟག་ཏུ་དགེ་སྦྱོང་ལ་བརྫངས་པའི་སྟེང་དུ་ཆོས་གོས་གསུམ་དང་། གདིང་བ་དང་ལྷུང་བཟེད་ལྔས་བསྣན་ཏེ་སྦྱིན་ནོ། །བསྙེན་པར་རྫོགས་པ་ཡང་ངོ་། །སློབ་མ་བསྐྲད་པའི་དེ་ཁྲིམས་རྫོགས་པ་ཞིག་ཡིན་ན་སཱུ་ཏྲ་ལྟག་མ་བསྙེན་པར་ རྫོགས་པར་འདོད་པའི་ཐད་དུ་བརྫངས་ཏེ་བསྐྲད་དོ། །སེང་གེ་བཞིན་དུ་མི་རེ་བར་མི་བྱ། སློབ་མ་བསྐྲད་པ་ལ་ཕྱིས་ཡང་སློབ་མར་མི་བྱའོ་ཞེས་རེ་བ་མི་བཅད་སེང་གེ་ནི་རི་དགས་བསད་ནས་ཟོས་པའི་ལྷག་མ་ཕྱིས་བཟའ་བའི་སེམས་མེད་དོ་ཡོད་མི་ཟ་བ་དང་སེང་གེས་ཐལ་མོས་ བསྣུན་པ་ལ་འཆོར་རེ་བའི་སེམས་མེད་པ་བཞིན་དུ་མི་བྱ། ཕངས་པར་འགྱུར་བའི་བྱ་བ་བཅའ་བར་མི་བྱ། དགེ་འདུན་གྱི་འོག་ཁྲིམས་བཅའ་བ་ལ། ཐམས་ཅད་ཞལ་ཚུས་བཅད་པ་ལྟ་བུ་ཁ་ཅིག་ནང་དུ་འགྱུར་བ་དང་གནས་འདིར་དགེ་སློང་སུའང་ཞིག་ཏུ་མི་གཞག་པ་ལྟ་བུ་རྒན་ པོ་དང་ནད་པ་ཤི་བར་འགྱུར་བ་མི་བཅའ། ལོན་པས་ཁ་སུ་བར་འགྱུར། ཞག་ལོན་པས་ཁ་སུ་བར་འགྱུར་ཏེ། ཁ་མ་བཀྲུས་པར་བདག་ལའང་ཕྱག་འཚལ་དུ་མི་གཞུག་བདག་གིས་ཀྱང་གཞན་ལ་ཕྱག་མི་བྱ། བཅའོ་སོ་ཤིང་། ཁ་སུ་བར་གྱུར་པ་སོ་ཤིང་འཆོས་ལ་བཀྲུ། དབེན་ པར་རོ། །ཁ་ལག་བཀྲུ་བ་ནི་དབེན་པར་བཀྲུའོ། །བཤང་གཅི་བྱ་བ་ཡང་ངོ་། །བཤང་བ་ཡང་དབེན་པར་བྱ། སྤྱོད་པའི་ཤིང་དྲུང་ངམ་རྩིག་དྲུང་དུ་མི་བྱ། མི་མང་པོ་སྤྱོད་པའི་ས་ཤིང་དྲུང་ངམ་རྩིག་དྲུང་ལྟ་བུར་བཤང་གཅི་དང་སོ་ཤིང་མི་བཅའ། དེའི་ཆད་ནི་སོར་བཅུ་གཉིས་ ཙམ་ནས་བརྒྱད་ཡན་ཆད་དོ། །སོ་ཤིང་གི་ཚད་ནི་སོར་བཅུ་གཉིས་མན་ཆད་བརྒྱད་ཡན་ཆད་ལ་བྱ་སྟེ་ཐུང་ངུ་མི་སྣང་བ་ནི་དགེ་སློང་གཅིག་ཅིག་སོ་ཤིང་ཐུང་ངུ་བཅའ་བཅའ་བ་ལས་སངས་རྒྱས་བྱོན་ནས་བོར་དུ་མ་སྤོབས་ཏེ་ཐལ་བྱུང་མིད་པ་ལས་ལྐོག་མར་ཟུག་སྟེ་ཤི་བ་ལས་བཅས། རིང་བ་ནི་དྲུག་སྡེས་སོ་ཤིང་རིང་པོ་བཅའ་བཅའ་བ་ལས་མི་སྡུག་ཅིང་གཞན་ལ་རྒྱ་ལྕག་གི་ཐབས་སུ་བརྡེག་པ་ལས་བཅས། མཆིལ་མ་མང་པོ་ལ་མེད་ན་བཞི་ལས་ལྷག་པ་ཡན་ཆད་ཀྱིས་སོ། །བད་ཀན་རྒྱས་ཤིང་མཆིལ་མ་མང་ལ་སོ་ཤིང་དཀོན་ཏེ་མེད་ན་སོར་བཞི་ཡན་ཆད་ལ་ བྱས་ཀྱང་ཉེས་མེད་དོ། །གནས་སུ་ན་ཆོལ་ཟངས་ཀྱི་སྟེང་དུ་དོར་བར་མི་རིགས་པ་མ་ཡིན་ནོ། །སོ་ཤིང་བཅའ་བ་དང་ཁ་བཀྲུ་བ་གནས་ཀྱི་ནང་དུ་བྱེད་ན་ཆོལ་ཟངས་ཀྱི་ནང་དུ་བཀྲུས་ཀྱང་ཉེས་མེད་དོ། །ཝའི་ཁར་ནའང་དབེན་པར་མི་འགྱུར་བ་མ་ཡིན་ནོ། །སོ་ཤིང་བཅའ་བ་དང་ཁ་ གདོང་བཀྲུ་བ་ཁང་ཐོག་གི་ཝ་ཁར་བྱས་ནའང་དབེན་པར་ཆུད་དེ་ཉེས་མེད་དོ། །ཁྲུ་གང་འཁོར་བ་དེར་འདི་ལྟ་བུ་དག་ཀྱང་གཏོགས་སོ། །ཝའི་ཁ་ཁྲུ་གང་འཁོར་བ་ཚུན་ཆད་ཝ་ཁར་ཆུད་དོ། །དེ་ཚུན་ཆད་དུ་སོ་ཤིང་དང་ཁ་གདོང་བཀྲུས་ཀྱང་ཉེས་མེད་དོ། །དེའི་རྗེས་སུ་ལྕེ་བཞར་ཁ་ བཀྲུས་པའི་རྗེས་སུ་ལྕེ་བཞར་བཅང་ངོ་། །ལྕེ་བཞར་བ་ནི་ཁབ་ཀྱི་རྒྱུ་ལས་སོ། །ལྕེ་བཞར་བའི་རྒྱུ་ནི་ཁབ་ཀྱི་རྒྱུ་སྟེ། ལྕགས་དང་ཟངས་དང་ཁར་བ་དང་ར་གན་ལས་བྱས་ཏེ་བཅངས་ཀྱང་ཉེས་མེད་དོ། །དེའི་ཕྱིར་སོ་ཤིང་གཤགས་པའང་བརྟགས་པའོ། །ལྕེ་བཞར་བ་སཱུ་ཏྲ་ལྟག་ མ་ལྟར་མ་བཅངས་ན་སོ་ཤིང་གཤགས་པས་བཞར་ཀྱང་རུང་ངོ་། །ཕན་ཚུན་དུ་དེ་མི་རྣོ་བར་བྲུད་སོ་ཤིང་གཤགས་པ་གཅིག་ལ་གཅིག་བྲུད་དེ་ཟུར་རྣོན་པོས་ལྕེ་མི་གཅོད་པའི་ཕྱིར་མི་རྣོ་བས་བྲུད་ཅིང་དལ་བུས་བྱ། རྣོན་པོས་ལྕེ་དང་སོ་དང་རྣ་བ་མི་བྲུད། སོ་དང་ལྕེ་དང་རྣ་བ་ལ་ཅི་ཡང་ རུང་སྟེ་རྣོན་པོས་ཟུག་ཅིང་སྣད་པའི་ཕྱིར་མི་བྲུད། མི་དལ་བར་མ་ཡིན་པར་དེའི་ཤ་ལ་མི་ན་བར་བྱའོ། །སོ་དང་རྣ་བ་དང་ལྕེ་ལ་བྲུད་པའི་ཚེ་སྣད་ཅིང་ཁྲག་མི་འབྱུང་བའི་ཕྱིར་དལ་བུས་རན་པར་བྲུད། ཁའི་དྲི་མས་འབགས་པའི་ཕྱོགས་མ་བཀྲུས་སམ་ སས་མ་ཕྱིས་པར་ལྕེ་དང་སོ་བཀྲུས་པ་མི་དོར། སོ་ཤིང་འཆའ་འཆའ་བ་དེ་ལ་ཁའི་དྲི་མ་དང་མཆིལ་མས་འབགས་པ་ཆུས་མ་བཀྲུས་སམ་སས་མ་ཕྱིས་པར་མི་དོར། སྒྲ་མ་བྱས་པར་མི་དོར། སོ་ཤིང་དོར་བ་ལ་སེ་གོལ་ལམ་ལུད་པའི་སྒྲ་མ་ཕྱུང་བར་མི་དོར་རོ། །འདི་ནི་དཔེ་སྟེ་ བཤང་གཅི་དང་མཆིལ་མ་དང་། སྣབས་དང་སྐྱུགས་པ་དང་ཚད་པ་དང་གཞན་ཡང་ངོ་། །སོ་ཤིང་དོར་བ་ལ་སྒྲ་བྱ་བ་ནི་དཔེ་སྟེ་དེ་བཞིན་དུ་འདི་རྣམས་དོར་ནའང་སེ་གོལ་དང་ལུད་པའི་སྒྲ་དབྱུང་། མིང་གིས་དོར་བ་འདི་རྣམས་དོར་བ་མ་ཡིན་པ་བོང་རྡོག་ལ་སོགས་པ་ཅི་དོར་ཀྱང་ སྒྲ་དབྱུང་ངོ་། །བཀྲུ་བ་ལ་འདི་དག་གིས་ཀྱང་འགྲུབ་སྟེ་གོ་འདུན་པའམ་ལྕི་སྐམ་གྱིས་ཀྱང་ངོ་། །ཁ་འཁྲུ་བ་ལ་སོ་ཤིང་མེད་ན་འདི་རྣམས་ཀྱིས་བཀྲུར་ཀྱང་རུང་སྟེ་གོ་འདུན་ནི་གླས་གང་དང་རྩྭ་ཀུ་ཤུ་རི་དང་སྤོས་ལ་སོགས་པ་བཏགས་པའི་ཕྱེ་མ་ལ་བྱའོ། །ལུས་ཀྱི་བྱ་བ་འདི་དག་ བྱས་མ་ཐག་ཏུ་མཆོད་རྟེན་ལ་ཕྱག་བྱ། ལྟག་ཏུ་སྨོས་པ་ཁ་ལག་བཀྲུ་བ་ལ་སོགས་པ་ལུས་ཀྱི་ཕྱི་བདར་བྱས་ཟིན་ནས་མཆོད་རྟེན་ལ་ཕྱག་བྱ་མཆོད་རྟེན་མེད་ཀྱང་ཡིད་ཀྱིས་དམིགས་ཏེ་ཕྱག་བྱ། གཏོགས་པ་ན་གནས་པས་ནན་ཏན་དུ་བྱའོ། །ལོ་བཅུར་མ་ལོན་ལ་ཆོས་ལྔ་དང་མི་ལྡན་ གྱི་བར་དུ་བདག་གི་ལས་སུ་བྱ་བར་གཏོགས་པ་ནི་མཁན་པོ་དང་གནས་བརྟན་ལ་གཡོག་དང་རིམ་གྲོ་བྱ་བ་འོག་ནས་འབྱུང་བའི་ལས་རྣམས་ནན་ཏན་དུ་བྱའོ། །དེ་མ་ཐག་ཏུ་ནང་པར་སོང་སྟེ་ཕྱག་བྱ། ནང་པར་ཁ་བཀྲུས་ནས་མཆོད་རྟེན་ལ་ཕྱག་བྱས་མ་ཐག་ཏུ་མཁན་པོ་ལ་ཕྱག་བྱ། ཁ་མ་བཀྲུས་ན་ཡར་ལུས་སྨད་གསུམ་གྱིས་ཕྱག་བྱ། སྙུན་གསོལ། མཁན་པོ་ཐུགས་བདེའམ་མི་བདེ་སྙུན་གསོལ། གོ་འདུན་ཆུ་དང་སོ་ཤིང་བསྙེན། མཁན་པོ་ཁ་གདོང་འཁྲུ་བ་ལ་སོགས་པའི་ཡོ་བྱད་འདི་རྣམས་བསྙེན་ཅིང་སྟ་གོན་བྱ། ཚང་མང་དུ་བལྟ་སྟེ་བསྙད། མཁན་པོའི་ བཤོས་རྒྱུ་ཅི་དང་ཅི་ཡོད་པ་ལས་ཚང་མང་དུ་སྦྱོར་དུ་བཅུག་ལ་ཞལ་ཏ་བྱ་སྟེ། འདི་དང་འདི་སྦྱར་རོ་ཞེས་མཁན་པོ་ལ་བསྙད། སྲེས་པ་དབུལ་བར་ཡིད་ལ་བྱ་ཟན་ཟ་བའི་ཚེ་མཁན་པོ་གང་ལ་སྲེས་པ་མང་དུ་བྲིམ་ཞིང་བདག་གི་སྐལ་བའང་མཁན་པོ་ལ་དབུལ་བར་ཤེས་པར་བྱ། ལྷུང་ བཟེད་བཀྲུ། ཟན་ཟ་བའི་མདུན་ལོགས་སུ་མཁན་པོའི་ལྷུང་བཟེད་དང་། ཕོར་གཞོང་ལ་སོགས་བཀྲུ་བཤལ་བྱ། འོན་ཏེ་བསོད་སྙོམས་པ་ཞིག་ན་གསིལ་བ་ཡང་ངོ་། །མཁན་པོ་བསོད་སྙོམས་པ་ཞིག་ཡིན་ཏེ་འཁར་གསིལ་ཁ་ཟས་དང་དྲི་མས་འབགས་ནའང་བཀྲུ། དེ་ལ་དེ་སྟེ་ དགོས་ན་ཚགས་ཀྱང་ངོ་། །མཁན་པོ་བསོད་སྙོམས་ལ་འགྲོ་སྟེ་ཟན་སླར་གནས་སུ་མི་ཟ་འམ། སླར་གནས་སུ་མི་འཁོར་བ་ལྟ་བུ་ལ་ཆུ་ཆགས་དགོས་ནའང་བཀྲུ་སྟེ་བརྫངས། དེའང་དེ་སྟེ་ན་དྲི། སློབ་མའང་སློང་མོ་ལ་འགྲོ་འདོད་ན་བདག་ཀྱང་བསོད་སྙོམས་ལ་མཆི་སྟེ་ལྷན་ཅིག་ འགྲོགས་ཤིང་མཆིར་རུང་ངམ་མི་རུང་ཞེས་དྲི། འོན་ཏེ་ལྷན་ཅིག་ཏུ་འདོད་ན་དེ་ཉིད་དང་ལྷན་ཅིག་ཏུ་འཇུག །བསོད་སྙོམས་ལ་ལྷན་ཅིག་འགྲོགས་སུ་གནང་ངམ་མི་གནང་དྲི་ནས། འགྲོགས་སུ་རུང་ངོ་ཞེ་ན་མཁན་པོ་དང་ལྷན་ཅིག་ཏུ་འཇུག །ཉམ་ང་བ་ལ་སོགས་པ་ལ་མདུན་དུ་འགྲོའོ། ། བསོད་སྙོམས་ལ་ཞུགས་པའི་ལམ་ཉམ་ང་བའམ་ཁྱི་ཟ་བའམ་ཕྱུགས་རྡུང་བ་ལ་སོགས་པ་ཡོད་པ་ལྟ་བུ་ལ་བསེལ་བྱ་བའི་ཕྱིར་སློབ་མས་བག་བྱ་སྟེ་མདུན་དུ་འགྲོའོ། །བསོད་པ་ཞིག་ན་དེ་ལ་བསྔོ། །བསོད་སྙོམས་ལེན་པའི་ཚེ་ཁྱིམ་པས་བདག་ལ་ཁ་ཟས་བཟང་པོ་བསོད་ཅིང་ཞིམ་པ་ བྱིན་ན་མཁན་པོ་ལ་ཕུལ་ཅིག་ཅེས་བསྔོ། །མ་འགྲོགས་ན་འཁོར་ནས་བསྟན། མ་འགྲོགས་ཏེ་སོ་སོར་དོང་ནས་སླར་འཁོར་ན་སློབ་མས་བདག་ཁ་ཟས་ཅི་རྙེད་པ་མཁན་པོའི་སྤྱན་སྔར་བྲིམ་པར་བསྟན། རབ་ཏུ་བཟང་པོ་བཏུ་སྟེ་བསྟབ། སློབ་མས་བདག་གིས་ཁ་ཟས་ཀྱི་ནང་ནས་ བཟང་པོ་བསོད་ཅིང་ཞིམ་པའི་རྣམས་མཁན་པོ་ལ་བདར། དེས་ཀྱང་ཐམས་ཅད་ལ་ཚོད་བཟུང་། མཁན་པོས་ཀྱང་ཟས་བཟང་པོ་བདར་བ་ལ་ཚད་བཟུང་སྟེ་ཅི་རན་པར་བླང་དེ་བཞིན་དུ་བདག་གི་ཕྱིར་སློབ་མ་ལས་ཅི་བྱེད་དོ་ཅོག་ལའང་ཚོད་བཟུང་སྟེ་རན་པར་བྱེད་དུ་གཞུག །ཆུ་སྣོད་དགང་། ཟན་མ་ཟོས་པའི་མདུན་དུ་སློབ་མས་བརྟགས་ཆུ་དང་བཏུང་ཆུ་དང་ཕྱི་རོལ་གྱི་ཆུ་སྣོད་གསུམ་སོ་སོར་དགང་། དུས་བསྙད་བསོད་སྙོམས་ལ་འགྲོ་རན་པའི་ཉི་ཚོད་དང་གདུགས་ཚོད་བབ་བམ་མ་བབ་པའི་ཉི་ཚོད་ལ་སོགས་པ་མཁན་པོ་ལ་བསྙད། ཟོས་ནས་ལྷུང་ བཟེད་ལ་སོགས་པ་བཀྲུ། ཟན་ཟོས་ཟིན་ནས་ལྷུང་བཟེད་དང་གཞི་དང་ཕོར་གཞོང་ལ་སོགས་པ་བཀྲུ། འདི་དག་གཞག །སྣོད་སྤྱད་ལ་སོགས་པ་བཀྲུས་ནས་སོ་སོའི་གནས་གནས་སུ་གཞག་པ་ལ་འང་བྱ། མཆོད་རྟེན་ལ་ཕྱག་བྱ་བའི་ཕྱིར་གོ་འདུན་དང་ཆུ་ལ་སོགས་པ་བསྙེན། མཁན་པོ་མཆོད་རྟེན་ལ་ཕྱག་བྱེད་ཅིང་མཆོད་པའི་ཡོ་བྱད་མེ་ཏོག་དང་ཆུ་དང་སྤོས་དང་གོ་འདུན་ལ་སོགས་པ་བསྙེན་ཅིང་སྟ་གོན་བྱ། རྐང་པ་བཀྲུ་བར་གཏོགས་པ་ལ་ནན་ཏན་དུའོ། །ནུབ་མོ་མཁན་པོ་རྐང་པ་བཀྲུ་བའི་ཡོ་བྱད་ཅི་དགོས་པ་ཀུན་ནན་ཏན་དུ་བསགས། མལ་སྟན་ བཅའ། མཁན་པོའི་མལ་སྟན་ལ་སོགས་པ་སྤྲུག་སྟེ་མལ་བྱ། སྨད་དཀྲིས་ཀྱང་དབུལ། མཁན་པོ་ཉལ་ཁར་སྨད་དཀྲིས་དབུལ་ཤམ་ཐབས་བླང་། སྨད་དཀྲིས་ཕུལ་ནས་ཤམ་ཐབས་བདག་གིས་བླང་། རྐང་པའི་ཆུ་དང་རྟེན་མ་དང་ཆོལ་ཟངས་བསྙེན། རྐང་པ་བཀྲུ་བའི་ཆུ་དང་ རྐང་རྟེན་གྱི་ཤིང་དང་ཟངས་ལ་སོགས་པ་བསྙེན་ཏེ་བཀྲུ། ལྷམ་ཕྱི་མཁན་པོའི་ལྷམ་ལ་རྡུལ་དང་དྲི་མ་ཡོད་པ་ཕྱི། སློང་བའི་བྱེད་པར་མ་བསྐོ་བར་ཕྱགས་མ་ཐོགས་པ་མཐོང་ན་རྟོགས་པ་ཉུང་ངུར་རོ་ཞེས་བྱ། དགེ་འདུན་གྱིས་མཁན་པོས་ཕྱགས་པ་ལ་སོགས་པར་མ་བསྐོས་པར་ མཁན་པོ་ཉིད་ས་ཕྱགས་ཤིང་འདུག་ན་མཁན་པོས་བགྱི་བ་མི་རིགས་ཀྱི་བདག་གིས་བགྱིའོ་ཞེས་བྱ་སྟེ་ལས་བྱ། མཁན་པོ་ན་རེ་ངའི་བསོད་ནམས་ཀྱིས་བླའོ་ཞེས་ཟེར་ན་གཞག་ཀྱང་ཉེས་མེད། གོས་འདྲུབ་པར་མ་བསྐོས་པར་ཁབ་ཐོགས་ཏེ་འཚེམ་ན་ཡང་ངོ་། །ལྟག་མ་བཞིན་ དུ་དགེ་འདུན་གྱིས་ལས་བྱེད་པར་མ་བསྐོས་པར་གོས་འཚེམ་པ་ལ་སོགས་པའི་ལས་བྱེད་ནའང་བདག་གིས་བྱའོ་ཞེས་ལས་དེ་བླང་། བརྟག་པ་བྱ་བ་དང་སྤན་སྤུན་བཏོགས་པ་དང་མེ་ཏོག་དང་འབྲས་བུ་བཏོགས་པ་དང་སོ་ཤིང་ལ་སོགས་པ་ཡང་དགེ་སྦྱོང་གིས་སོ། །ཁ་ར་ལ་སོགས་ པའི་གཟུགས་སེམས་ཅན་དུ་འདུག་པ་ལ་སོགས་པ་ཞིག་པ་དང་སྤན་སྤུན་ནི་གཙུག་ལག་ཁང་གི་འཁོར་ན་ལྡམ་ལྡུམ་སྐྱེས་པ་ལྟ་བུ་དང་མེ་ཏོག་དང་ཤིང་ཏོག་བཏོགས་པ་ལ་སོགས་པ་དང་། སོ་ཤིང་རྔ་བ་ལ་སོགས་པ་ནི་སློབ་མ་དགེ་སྦྱོང་གིས་བྱ་བར་གཏོགས་སོ། །སྒོ་བརྡབ་ཅིང་ ནང་ན་གནས་པ་ལ་གོ་བར་བྱ། མཁན་པོ་ལ་སོགས་པ་སུའང་རུང་སྟེ་དེའི་དྲུང་དུ་འགྲོ་ལ་སྒོ་བཅད་ན་ནང་ན་འདུག་པ་ལ་གོ་བར་བྱ་བའི་ཕྱིར་སྒོ་བརྡབ། དེ་དལ་བུས་བྱ། སྒོ་བརྡབ་པ་ལ་དལ་བུས་བརྡབས། རྒྱུན་མི་བསྲིང་། སྒོ་བརྡབ་པའི་རྒྱུན་མི་བསྲིང་། དྲག་ཏུ་མི་ཕུལ། སྒོ་དབྱེ་ བའི་ཕྱིར་དྲག་ཏུ་མི་ཕུལ། འཆང་བ་ཡང་ངོ་། །སྒོ་བཅད་པ་ཡང་དག་ཏུ་མི་བཅད། དལ་བུས་ཤེས་བཞིན་དུ་འབྱུང་བ་དང་འཇུག་པ་སྒོ་སྐྱེས་ལ་མི་རེག་པར་རོ། །ཕྱི་ནང་དུ་འགྲོ་བ་ལ་ཤེས་བཞིན་དུ་དལ་བུས་བྱ་སྟེ་སྒོའོ་ཅོག་གི་སྒོ་སྐྱེས་ལ་མི་རེག་པར་བྱ། དེ་ལ་རིམ་གྲོ་བྱའོ། །མཁན་པོ་ ལ་རིམ་གྲོ་བཀུར་སྟི་ཆེར་བྱ། གཞར། མཁན་པོ་ལ་དུས་གསུམ་ཕྲད་པ་ཙམ་གྱིས་མི་ཆོག་གི་བསྙེན་ཅིང་གཞར། དེ་དང་མི་མཛའ་བ་ལ་མ་ཡིན། མཁན་པོ་དང་མི་མཛའ་བ་ལ་མི་གཞར་བ་ནི་མཁན་པོ་མི་དགའ་བར་འགྱུར་བའི་ཕྱིར་རོ། །དེ་ལ་འཛེམ་པར་བྱ། མཁན་པོ་དང་ སློབ་དཔོན་ལ། དེའི་བྱ་བ་ལ་བརྩོན། མཁན་པོ་དང་སློབ་དཔོན་གྱི་ཕྱིར་ལས་བྱ་བ་ལ་རིང་དུ་མི་གཞག་པར་མྱུར་དུ་བརྩོན་འགྲུས་སུ་བྱ། བརྩམས་པ་གུས་ཤིང་གསོང་བོར་བྱ། མཁན་པོ་དང་སློབ་དཔོན་གྱིས་བསྒོ་བའི་ལས་བྱེད་པ་ལ་ནན་ཏན་དུ་བཟང་པོར་བྱ་བ་དང་བཀྲུ་བཤལ་ལ་སོགས་ པ་དག་པར་བྱ་ལྟ་བུ་དང་ལུས་གུས་པའི་ཚུལ་དུ་གསོང་པོར་བྱ། ཟོན་དང་བླ་མར་བཅས་པས། མཁན་པོ་དང་སློབ་དཔོན་ལ་བག་ཡོད་པའི་ཟོན་དང་བཙུན་ཞིང་བླ་མར་བྱ་བ་དང་བཅས་པར་བྱ། རྗེ་བོ་ལྟ་བུ་དམའ་བའི་སེམས་ཀྱིས་སོ། །རྗེ་བོ་ཙམ་དུ་བསམས་ལ་བདག་དམའ་བའི་ཚུལ་ དུ་བྱའོ། །བླ་མ་དང་རྗེ་བོ་ནི་དབང་ཆེ་ཞིང་རག་ལུས་པ་ཡིན་ཏེ་བདག་གི་ཁྲིམས་དང་ཆོས་ལ་སོགས་པའི་རག་མཁན་པོ་ལ་ལུས་པས་མཁན་པོ་དང་སློབ་དཔོན་ལ། ཇོ་བོ་ཙམ་དུ་བསམ་མོ། །ཤེས་བཞིན་དུ་བདག་གི་དོན་ཀྱང་མི་གཅད། ཤེས་བཞིན་དུ་ཞེས་པ་ནི་མཁན་པོ་དང་སློབ་དཔོན་ ལ་བྱ་བ་ལྟག་ཏུ་བཤད་པ་རྣམས་ལེ་ལོ་དང་བརྗེད་པར་མི་བཏང་ཞིང་རྟག་ཏུ་ཤེས་བཞིན་དུ་དྲན་པར་བྱ། བདག་གི་དོན་ཀྱང་མི་གཅད་ཅེས་པ་ནི་མཁན་པོ་དང་སློབ་དཔོན་ལ་གཡོག་བྱས་པས་ཆོག་པ་ཙམ་དུ་མི་བྱའི་བསླབ་པ་དང་བསྒོམ་པའི་དོན་ཀྱང་མི་གཅད་པར་བྱ། དགེ་བ་ཚོལ་བ་ཅི་འགྱུར། ཅི་ཡོད་ཀྱང་རུང་སྟེ་བདག་དགེ་བ་ཅི་ལྟར་སྤྱོད་ཅེས་བསམ་ཞིང་དགྲ་བཅོམ་པའི་རིམ་པ་བརྒྱད་ཅི་ཐོབ་ཏུ་སྤྱད་ཅིང་བསྒོམ་པར་བསམས། ལོག་བྱེད་འབྱུང་བའི་ཚེ་བཟློག །བདག་གི་མཁན་པོ་དང་སློབ་དཔོན་ལོག་པ་ལ་བལྟས་པའམ། ཁྲིམས་དག་འདྲལ་ བར་གྱུར་ན་སློབ་མས་མང་པོའི་ཁྲོད་དུ་མི་བྱ་བར་སྐོག་ཏུ་ཁྱོད་ལ་གསོལ་བའི་སྐབས་ཡོད་ན་ཞེས་སྔར་བྱས་ལ་ལོག་པ་ལས་བཟློག་པར་གྲོས་གདབ། དགེ་བ་མི་འཕེལ་ན་གཞན་ལ་དེ་བྱ་བར་གཏོད་ཅིག་ཅེས་གསོལ། སློབ་མ་དེ་བདག་གི་མཁན་པོ་འམ་སློབ་དཔོན་གྱི་འཁོར་ན་དགེ་འདུན་ གྱི་ལས་ཆེ་བ་ལ་སོགས་པ་དང་དགེ་བ་སྤྱོད་དུ་མི་ཁོམ་སྟེ་མི་ལྡོག་སྟེ་གུད་དུ་སོང་ན་ལྡོག་པ་གང་ཡོད་ན་གཞན་ལ་སློབས་ཤིག་པར་གཏད་དུ་ཅི་གནང་ཞེས་བདག་གི་མཁན་པོ་ལ་གསོལ། ཆད་པར་ཤེས་ནས་གནས་སུ་འོངས་ན་གཏད། སཱུ་ཏྲ་ལྟག་མ་ལྟར་སློབ་མ་གསོལ་ན་མཁན་ པོས་ཀྱང་གུད་དུ་བཏང་ནས་ལོབས་པ་ཙམ་གྱི་ཚེ་སློབ་ཏུ་བཏང་བའི་རིགས་ན་གསོལ་བ་བཞིན་དུ་གཏང་། སྡིག་པའི་གྲོགས་པོ་དང་བཟློག །སློབ་མ་གུད་དུ་འགྲོ་བར་གསོལ་བ་དེ་སྡིག་པའི་གྲོགས་པོ་དང་བསྟེན་པར་འགྲོ་བ་ཞིག་ཡིན་ན་མི་བཏང་བར་གཞག །དགེ་བ་འཕེལ་བའི་ ཕྱིར་གཏད་དུ་ཟིན་ནའང་སྡིག་པའི་གྲོགས་པོ་དང་མ་བསྟེན་ཅིག་ཅེས་གདམས་ཏེ་གཏད། དགེ་བར་བསྐོ་བར་དེ་བཏབ། མཁན་པོ་སློབ་མ་ལ་བསོད་ནམས་སུ་འགྱུར་བ་དགེ་བ་སྤྱོད་དུ་གཞུག་པ་དང་། གླེགས་བམ་ལ་སོགས་པ་བྱིན། ལྟུང་བ་ལས་འབྱུང་བའི་ཕྱིར་དང་། སློབ་མ་ལ་ ལྷག་མ་མན་ཆད་ཉེས་པ་ཞིག་བྱུང་ན་ཆད་པ་དང་འཆགས་སུ་གཞུག་ཅིང་དབྱུང་བ་མཁན་པོས་བྱ་བ་དང་། མཐུན་པར་འཚོ་བའི་ཡོ་བྱད་འགྲུབ་པར་ནན་ཏན་དུའོ། །དགེ་སློང་གི་འཚོ་བའི་ཡོ་བྱད་ཆོས་གོས་དང་རིལ་པ་ལ་སོགས་པ་སློབ་མ་ལ་མེད་ན་མཁན་པོས་སྦྱར་ཞིང་བྱའོ། །ལྷན་ ཅིག་ཏུ་སྤྱོད་པ་དང་། བདག་གི་སློབ་མ་ལ་བྱ། ཉེ་གནས་དང་། བདག་གི་གན་དུ་ཉེ་གནས་སུ་བཅོལ་ཞིང་འདུག་པ་ལ་བྱ། མཁན་པོ་དང་། བདག་གི་མཁན་པོ་ལ་བྱ། སློབ་དཔོན་དང་། བདག་གི་སློབ་དཔོན་བཞི་ལ་བྱ། མཁན་པོ་གཅིག་པ་དང་། བདག་དང་མཁན་པོ་གཅིག་པ་ ལ། སློབ་དཔོན་གཅིག་པ་དང་། བདག་གི་གྲོགས་པོ་བདག་དང་སློབ་དཔོན་གཅིག་པ་ལ་བྱ། འཐམས་པ་དང་། བདག་དང་མཛའ་བ་གཏམ་ཟླར་ཆུད་པ་ལ་བྱ། བརྟན་པ་དང་། བདག་དང་མཛའ་བ་གྲོས་ཀྱི་ཟླར་ཆུད་པ་ལ་བྱ། འདྲིས་པ་དང་། བདག་དང་མཛའ་བའི་ཕྱིར་བདག་གི་ ཡོན་ཏན་བརྗོད་པ་ལ་བྱ། འཐད་པས་བདག་དང་ཡིད་དུ་འོང་བའི་ཕྱིར་ཁོ་བོ་ནོར་ཐུག་ཐུབ་ཏུ་ཁྱེར་ཀྱང་དགའ་བར་འགྱུར་བའོ། །ནད་པའི་གཡོག་བྱ། ན་བ་ཞིག་ཏུ་གྱུར་ན་མིང་གིས་སྨོས་པ་འདི་རྣམས་ཀྱི་གཡོག་བྱ། སྔ་མ་བྱེད་པ་མེད་ན་རིམ་གྱིས་སོ། །སཱུ་ཏྲ་ལྟག་མ་ལྟར་མིང་གིས་ སྨོས་པ་རྣམས་ལས་རིམ་བཞིན་དུ་སྔ་མ་དག་མེད་ན་ཕྱི་མ་རིམ་གྱིས་ནད་གཡོག་བྱ། ལྷོགས་ཤིག་པའི་སློབ་དཔོན་ཡང་འདིར་འདུས་སོ། །སློབ་དཔོན་ལྔ་ལ་ལྷོགས་ཤིག་པའི་སློབ་དཔོན་རིང་མོད་ཀྱི་སློབ་དཔོན་བཞི་དང་འདྲ་བར་ནད་གཡོག་བྱ་བར་གཏོགས་སོ། །ཅིག་ཅར་དེ་མི་ནུས་ན་ གནས་པ་གང་ལ་བཅར་བ་ལའོ། །མཁན་པོ་དང་སློབ་དཔོན་ཀུན་འདུས་ཏེ་ཅིག་ཅར་ན་ལ་ཀུན་གྱི་ནད་གཡོག་ནུས་ན་ཀུན་བྱའོ། །མི་ནུས་ན་མཁན་པོའི་ནད་གཡོག་བྱའོ། །མཁན་པོ་མེད་ན་སློབ་དཔོན་གནས་གང་ལ་བཅར་བ་ལ་བྱ། འདིའི་ཚུལ་དུ་བརྩམས་པ་ལའང་རབ་ཏུ་བྱུང་བ་ བཞིན། དགེ་བསྙེན་རབ་ཏུ་འབྱུང་བར་འདོད་པ་ལའང་རུང་རབ་ཏུ་འབྱུང་བར་སྐྲ་བྲེགས་ཆོས་གོས་བསྐོན་ལ་ཁྲིམས་མ་ཕོག་གི་བར་དུ་ནད་ཀྱིས་བཏབ་པ་ལྟ་བུ་ཡང་དེ་དགེ་སློང་ཚངས་པ་མཚུངས་པར་སྤྱོད་པ་ན་བ་བཞིན་དུ་ནད་གཡོག་བྱ་ཞིང་གསོའོ། །ནད་པ་ཚངས་པ་མཚུངས་པར་ སྤྱོད་པ་ལ་མ་གཡེལ་ཅིག་ནད་གཡོག་གོང་དུ་སྨོས་པ་རྣམས་ལས་བྱེད་པ་མེད་པ་ཞིག་ན་ཡང་དགེ་སློང་ཚངས་པ་མཚུངས་པར་སྤྱོད་པ་ཡིན་པས་དགེ་སློང་ཀུན་གྱིས་གཡོག་བྱའོ། །གཡོག་ཇི་ལྟར་བྱ་བའི་ཐབས་ནི་འོག་ནས་འཆད། དེ་ལ་གཡོག་མེད་ན་མཐའི་བར་དུ་སྦྱིན་ནད་པ་མཚུངས་པར་ སྤྱོད་པ་ལ་ནད་གཡོག་མེད་ན་དགེ་སློང་གང་ཁྲིམས་གཞོན་པས་ནད་གཡོག་བྱའོ། །དེས་མི་ཆོག་ཅིང་མི་ནུས་ན་གྲལ་རིམ་བཞིན་ན་གང་རྒན་པའི་མཐར་ཐུག་གི་བར་དུ་དགེ་འདུན་ཐམས་ཅད་ཀྱིས་ནད་གཡོག་བྱའོ། །ནད་པ་ནམ་འཆི་བ་འམ་སོས་པའི་མཐར་ དགེ་བ་གཞན་བཏང་སྟེ་གཡོག་བྱའོ། །སངས་རྒྱས