Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 165
Văn bản gốc(Tây Tạng)
Trang 5 / 22 (50.000 ký tự/trang)
་གྱིས་བུ་མེད་པར་བྱའོ་ཞེས་བྱས་པ་དང་། ལུས་ཀྱིས་སོད་ཅིག་པའི་བརྡ་བྱས་པ་ལས་བཅས། ཁྱོད་ཀྱི་མིང་གིས་འཆི་བའི་ཡོ་བྱད་སྦྱིན་ནོ་ཞེས་ན་ཡང་ངོ་། །མི་ཞིག་ན་རེ་ཁྱོད་ཀྱི་མིང་ནས་ཕྱུང་སྟེ། ཁྱོད་ན་རེ་དུག་འདི་འཐུང་ ཤིག་ཅེས་ཟེར་རོ་ཞེས་བྱའོ་ཞེས་བྱས་པ་དང་། གསད་པར་དགའ་བའི་ཕྱིར་ཁ་རོག་འདུག་ན་སྦོམ་པོ། གཞན་ཕྱུགས་མ་ཡིན་པ་དང་། མི་དང་བྱོལ་སོང་གི་རྒྱུད་མ་ཡིན་པ་ན་རེག་པ་དང་འདྲེ་དང་ལྷའི་ལམ་དང་གསུམ་གྱི་རྒྱུད་ལ་གང་ཡང་རུང་སྟེ་བསད་ན་སྦོམ་པོ། སྤྲུལ་པ་བསད་ན་ ཡང་ངོ་། །སེམས་ཅན་གྱི་གཟུགས་སུ་སྤྲུལ་ཏེ་སེམས་མེད་པ་ཞིག་བསད་ན་ཉེས་བྱས། སྤྲུལ་པ་སེམས་ཡོད་པ་ཞིག་བསད་ན་སྦོམ་པོ། བྱོལ་སོང་མིར་སྤྲུལ་པ་བསད་ནའང་སྦོམ་པོ། མི་བྱོལ་སོང་དུ་སྤྲུལ་པ་བསད་ན་སྦོམ་པོ་ནི་མེད་དེ་ཕམ་པའོ། །དྲི་བས་མ་བསྒོ་ བར་ནད་པ་ལ་སྨན་མི་སྦྱིན། ནད་པ་སྨན་ཅིག་སྦྱིན་ན་ཤེས་པའི་སྨན་པ་ལ་དྲི་བའི་རིགས་ཏེ་མ་དྲིས་ཤིང་། སྨན་པས་མ་བསྒོ་བར་ནད་པ་ལ་སྨན་མི་སྦྱིན། བྱིན་ན་ཉེས་བྱས་ཅི་ལྟ་བུ་ལ་དྲི་བ་འོག་ནས་བཤད། སྨན་པ་དང་། སྨན་པ་ཉིད་དང་། དེ་ལས་རབ་ཏུ་བྱུང་བ་དང་། སྨན་པ་ལས་རབ་ ཏུ་བྱུང་བ་དང་། དེ་དང་འགྲོགས་པོ་དང་། སྨན་པ་དང་རྟག་ཏུ་འགྲོགས་འགྲོགས་ཏེ་སྨན་དཔྱད་ཤེས་པ་དང་། དེར་དྲིའོ། །འདི་རྣམ་གསུམ་ལྟ་བུ་ལ་དྲིས་ཏེ་སྨན་བྱིན་པ་ནི་ཉེས་མེད་དོ། །ནད་བུ་ཅན་ལ་ཡང་ངོ་། །ནད་བུ་ཅན་ནི་རྟག་ཏུ་ནད་ཀྱིས་གཙེས་ཀྱི་སྨན་དཔྱད་ཤེས་པའི་རིགས་ ཏེ་དེ་ལ་དྲིས་ཏེ་ནད་པ་ལ་སྨན་སྦྱིན་པའང་ཉེས་མེད་དོ། །དགེ་སློང་རྒན་པོ། དགེ་སློང་རྒན་པོ་ནི་ན་རྒན་པ་དང་། རྒན་པོ་ཤེས་རབ་དང་བཅས་པ་རྣམས་ལ་ཡང་ངོ་། །ཁྲིམས་རྒན་པོ་མང་དུ་མྱོང་ཞིང་ཤེས་པ་ལེགས་ཉེས་ཀྱི་བྱེ་བྲག་ཕྱེད་པ་དག་དྲིས་ཏེ། ནད་པ་ལ་སྨན་བྱིན་ཡང་ཉེས་ མེད། གོང་མ་མེད་ན་འོག་མ་ལ་ཡང་ངོ་། །སྨན་པ་མིང་གིས་སྨོས་པ་འདི་རྣམས་ལས་རིམ་བཞིན་དུ་ལྟག་མ་དག་མེད་ན་འོག་མ་དག་ལ་དྲིས་ཏེ་ནད་པ་ལ་སྨན་སྦྱིན། ཤི་བའི་ཕྱིར་ཕན་པར་སྨན་བྱིན་ན་འབྲི་བ་མེད་དོ། །མི་ནད་ཀྱིས་ཉོན་མོངས་ཤིང་འདུག་པ་ལ། ཤི་ ན་བདེ་བར་འགྱུར་ཞེས་བསམས་ཏེ་ཤི་བར་འོང་བའི་སྨན་སྦྱིན་པར་མི་བྱ། མི་དེ་ཤི་ན་ཕམ། དགེ་སློང་མ་གཅིག་ཅིག་གིས་མི་རྒོད་ཀྱི་རྐང་ལག་གཏུབས་ཏེ། ཉོན་མོངས་ཤིང་འདུག་པ་ལ་ཤི་ན་བདེ་ཞིང་སྐྱིད་ཅེས་འབྲས་ཀྱི་ཁུ་བའི་སྨན་ཞེས་བྱ་བ་བྱིན་ཏེ་བསད་པ་ལས་བཅས། ཁུར་མི་ཐག་པ་ལ་གྲོགས་མི་བྱ། མི་བཅུ་ཙམ་གྱིས་བཏེག་དགོས་པའི་ཁུར་ལ། མི་བརྒྱད་ཙམ་གྱིས་བསྐུར་བར་རྩོལ་ན་མི་ཐེག་ཅིང་སྣང་བར་འགྱུར་བའི་ཕྱིར་ནང་དུ་ཞུགས་ཤིང་བཏེག་པའི་གྲོགས་མི་བྱ། བྱས་ན་ཉེས་བྱས། བྱ་བ་ནི་དེ་སྟེ་དེའི་རྐྱེན་གཅིག་ན་ཁྱིམ་པ་དང་སྦྲེལ་ཏེ་ བསྐོས་ལ་མཉམ་དུ་ཐེག་ཅིག །མདོ་ལྟག་མ་ལྟར་མི་བཅུ་ཙམ་གྱིས་བསྐུར་དགོས་པ་ཅིག་ལ་མི་བརྒྱད་ལས་མེད་དེ། མི་བསྐུར་དུ་མི་རུང་བའི་རྐྱེན་གཅིག་བྱུང་ན་ཁྱིམ་པ་དང་། དགེ་སློང་སྤེལ་ལ་སྟོབས་མཉམ་པར་བཏེག་ཅིང་བསྐུར་དེ་ལྟར་མ་བྱས་ན་ཉེས་བྱས། གཞག་པ་ ཡང་མཉམ་དུ་གྱིས་ཤིག །མདོ་ལྟག་མ་ལྟར་མཉམ་དུ་ཐེག་པའི་ཁུར་དེ་སླར་གཞག་པའི་ཚེ་ན་ཡང་སྟོབས་མཉམ་པར་གྱིས་ཏེ་ཕེག་ཏུ་འབྱོར་བར་གྱིས་ཤིག །དེ་ལྟར་མ་བྱས་ན་ཉེས་བྱས། ཕ་གུ་མི་དོར་ཕ་གུ་ལོང་བཏགས་ཤིང་སྐྱེད་པ་ལྟ་བུ་ལ་གཅིག་ལ་གཅིག་མི་དོར་ཕ་རོལ་ པོའི་ལག་གིས་ཟིན་ནས་གཏད། དེ་ལྟར་མ་བྱས་ན་ཉེས་བྱས་གྲུམ་པ་དང་གས་པ་མ་བསྒོ་བར་དེ་མི་གཏད། ཕ་གུ་གྲུམ་མམ་ཆག་སྟེ་གས་པ་ཞིག་ན་ཕ་གུ་ཆག་གོ་ཞེས་བྱ་སྟེ་ཕ་རོལ་གྱི་ལག་ཏུ་སྦྱིན། མ་བྱས་ན་ཉེས་བྱས། རྐུན་པོ་ལ་འཇིགས་པའི་ཕྱིར་བསྡིགས་མོ་བྱོས་ཤིག །གཙུག་ ལག་ཁང་དུ་རྐུན་པོ་འོངས་ན་འདུས་ཏེ་སྒྲ་བསྐྱེད་དེ་ལྷུང་བཟེད་དང་། རྐུན་འདི་དང་ཡི་གེའི་པོ་ཏི་ལ་སོགས་པ་ལོང་ལ་རྒྱོབ་ཅེས་བསྡིགས། གཎྜཱི་ལ་སོགས་པས་མ་ཕོག་པར་འཕོངས་ཤིག །རྐུན་པོ་ལ་མ་ཕོག་པ་ཙམ་དུ་གཎྜཱི་ལ་སོགས་པ་འཕོངས་ལ་བསྡིགས་མོ་གྱིས་ཤིག །རླུང་ཕྱོགས་ སུ་སའམ་ཐལ་བས་གང་བའི་གྱོ་མོས་སོ། །རྐུན་པོ་འོངས་ན་རླུང་ག་ལས་ལངས་པའི་ཕྱོགས་ནས་ཐལ་བ་དང་། ས་ལ་སོགས་པས་གཏོར་ཏེ་མིག་ཏུ་སོང་བར་བྱ། ཆོངས་ཤིག་འུར་རྡོ། །རྐུན་པོ་ལ་བསྡིགས་པའི་ཕྱིར་འུར་རྡོ་བཅངས་ཀྱང་ཉེས་མེད། ངལ་བའི་དགེ་སློང་ལ་མི་ཕུལ། མི་པ་སྤད་གཉིས་ཤིག་ཐར་བར་ཞུགས་པ་ལས་འཇོ་ཏ་བ་ནི་ལྷ་ཁང་ན་གདུགས་ཚོད་ཀྱི་གཎྜཱི་བརྡུང་བ་མི་སླེབ་པའི་ཕྱིར་ཕ་རྒན་པ་འགྲོ་མི་ཕོད་པ་བུས་ཕུལ་ཞིང་ཁྲིད་པ་ལས་བུབ་སྟེ་ཤི་བ་ལས་བཅས་ཏེ་དེ་ལྟར་བྱས་ན་ཉེས་བྱས། མགོན་དང་བཅས་པར་བྱ། དགེ་སློང་ནད་པའམ་རྒན་པོ་ འགྲོ་མ་ཕོད་པ་ཞིག་ཁྲིད་ན་ལུས་ཀྱི་རིམ་གྲོ་ལུས་བསྟི་བ་དང་མཉེ་བ་ལ་སོགས་པ་རིམ་གྲོ་བྱ། ངལ་སོར་གཞུག །དགེ་སློང་ནད་པའམ་རྒན་པོ་དེ་འགྲོ་མི་ཕོད་ན་ངལ་སོར་གཞུག་ཅིང་བཀྲི། སྣོད་དག་བླང་། དགེ་སློང་ནད་པ་འགྲོ་མི་ཕོད་པ་དེའི་ལྷུང་བཟེད་དང་། ཆོས་གོས་དང་ རྫས་ལ་སོགས་པ་བདག་གིས་ཁུར། འོན་ཏེ་ལྷན་ཅིག་ཏུ་གནས་སུ་ཟས་དང་སྐོམ་གྱི་དུས་སུ་འགྲོ་མི་ནུས་ན་ཡང་ངོ་། །ནད་པ་རྒན་པོ་དང་འགྲོགས་ཏེ་གདོང་དུ་ཕ་རོལ་གྱི་གནས་སུ་གདུགས་ཚོད་དག་མི་སླེབས་ན་བདག་སྔར་སོང་ཡང་ཉེས་མེད། ལྷུང་བཟེད་བཀྲུ། བདག་སྔར་ གནས་སུ་འོངས་ནས་ནད་པ་ཕྱིས་འོང་བའི་ལྷུང་བཟེད་དང་སྣོད་སྤྱད་ལ་སོགས་པ་བཀྲུ། གྲལ་ལ་གཞག །རྒན་པོ་ཕྱིས་འོང་པའི་གྲལ་ཐབས་གར་བབ་པ་གཞག །བྱིན་ལེན་བྱ། ཟས་བྲིམས་ན་རྒན་པོ་ཕྱིས་འོང་བའི་ཟན་སྐལ་མནོས་ཏེ་བྱིན་ལེན་བྱ། བརྟག་རྒན་པོ་ཕྱིས་འོང་ བའི་ཟན་སྐལ་ལ་ཤང་ཙེ་ལ་སོགས་པ་བརྟག་དགོས་པ་ཡོད་ནའང་བརྟག །འོན་ཏེ་དུས་སུ་ན་ཁྱེར་ཏེ་བསུ། རྒན་པོ་ཕྱིས་འོང་བས་གདུགས་ཚོད་མི་སླེབས་པ་ཙམ་གྱི་ཚོད་ན་ཟན་སྐལ་མནོས་ལ་གར་ཕྲད་ཕྲད་དུ་བསུ། གསོད་པའི་ཕས་ཕམ་པ་སྟེ་རྣམ་པར་འབྱེད་པའོ། །གསོད་ པའི་ཕས་ཕམ་པ་འདུལ་བ་རྣམ་པར་འབྱེད་པའི་ནང་ནས་འབྱུང་བའི་མདོ།། །།མིའི་རྒྱུད་ཀྱི་ལག་པ་བཅད་ན་སྦོམ་པོའོ། །མིའི་རྒྱུད་དུ་གཏོགས་པའི་སེམས་ཅན་གསོད་སེམས་མེད་པར་ལག་པ་བཅད་ན་སྦོམ་པོའོ། །དེ་བཞིན་དུ་རྐང་པ་དང་ལག་པ་དང་རྐང་ལག་གི་སོར་མོ་ བཅད་ཀྱང་སྦོམ་སྟེ་བྲམ་ཟེ་གཅིག་ཅིག་གིས་དྲུག་སྡེ་ཨུ་པ་ནན་དའི་སླད་དུ་རྒྱུག་པ་གཅིག་བསྣུན་ནས། ཨུ་པ་ནན་དས་རྒྱལ་པོ་ལ་གསོལ་ཏེ་བྲམ་ཟེ་ལ་སྨྲས་པ་དང་བསྙོན་ཏེ་ཁུངས་མ་ཕྱིན་ནས་བྲམ་ཟེ་ལྔ་བརྒྱ་འམ་གཅིག་རིལ་གྱིས་ལག་པ་བཅད་པ་ལས་བཅས། གསོད་སེམས་མེད་ན་ལག་པ་བཅད་པ་ཤི་ཡང་སྦོམ་པོའོ། །སྤན་སྤུན་དུ་མེ་བཏང་ནའོ། །རྩི་ཤིང་ལ་སོགས་པ་སྤན་སྤུན་དུ་མེ་བཏང་སྟེ་སེམས་ཅན་ཡོད་པར་ཤེས་བཞིན་ན་སེམས་ཅན་རེ་རེ་ལྷུང་བ་རེ་རེ་སྤྱིར་སྦོམ་པོ་གཅིག །ལྷ་དང་འདྲེ་ཡོད་པར་ཤེས་ཏེ་བཏང་ན་སྦོམ་པོ་གཉིས་ སུ་འགྱུར་རོ། །མི་ཡོད་པར་ཤེས་ཏེ་བཏང་ན་ཕམ། སྐྲ་ཅན་བཙོངས་ན་ཡང་ངོ་། །མི་བདག་དབང་བ་བཙོང་བར་དགའ་སྟེ་བཙོངས་ནའང་སྦོམ་པོ། གང་གིས་བརྐུས་པ་རྒྱལ་པོའི་འཁོར་དུ་བཏད་ན་ཡང་ངོ་། བདག་གི་རྫས་རྐུན་པོས་ཁྱེར་བ་ལས་རྐུན་པོ་བཟུང་སྟེ་ནོར་སླར་ དགུག་པའི་ཕྱིར་གསད་དམ་མི་གསད་གཏོལ་མེད་པར་རྒྱལ་པོ་ལ་ཕུལ་ན་སྦོམ་པོ། གསོད་པར་ཤེས་བཞིན་དུ་རྒྱལ་པོ་ལ་ཕུལ་ཏེ་བསད་ན་སྦོམ་པོ་དང་ཕམ་པ་གཉིས་ཀ་ཡོད། གསོད་པའི་ཕས་ཕམ་པ་ཕྲན་ཚེགས་སུ་གཏོགས་པའོ། །མི་ལ་གསོད་པའི་ཕས་ཕམ་པ་འདུལ་ བ་ཕྲན་ཚེགས་ཞེས་བྱ་བའི་ནང་ནས་འབྱུང་བའི་མདོ།། །།སྟོན་པར་བསྒོ་བའོ། །གསད་པའི་མི་ཞིག་བྲོས་ཏེ་ཡིབ་པ་དགེ་སློང་གིས་མཐོང་སྟེ། སྙེགས་མ་མི་འོངས་ནས་འདྲི་ན་གསད་པར་ཤེས་ཏེ་བསྙད་ན་སྦོམ་པོ། བསྟན་པ་ལས་བཟུང་སྟེ་བསད་ན་ཕམ་མོ། །དཔེར་མའི་ མངལ་ལོ། །གསོད་པའི་མི་ལྔ་དྲུག་གཅིག་བྲོས་ཏེ་ཡིབ་པ་ལས་སྙགས་མ་མི་འདྲི་སྟེ། བདག་དང་མི་མཛའ་བ་གར་ཡིབ་པ་བསྟན་པ་ལས་གཞན་ཞིག་ཟིན་ཏེ་གསད་ན་སྦོམ་པོ། སྦོམ་པོ་ནི་བདག་གསོད་པའོ། །དགེ་སློང་བདག་གིས་བདག་བསད་ན་སྦོམ་པོ། ལུང་དུ་མ་ བསྟན་པའི་སེམས་ཀྱིས་མི་དགེ་བར་བྱས་ན་ཉེས་བྱས་པའོ། །བསད་པའམ་རྡེག་པའམ་གཞུ་བའི་སེམས་མེད་པར་ཁ་ནས་བྱུང་རྒྱལ་དུ་འུ་ནི་གཞུས་སོད་རྡེགས་ཞེས་བྱས་ན་ཉེས་བྱས། གསོད་སེམས་མེད་པར་རྡོ་བོར་བ་ལ་སོགས་པའི་ཁར་མི་ལ་སོགས་པ་ཤིའང་ཉེས་བྱས། མ་ དམིགས་པའི་ཕྱིར་གྲུབ་པ་མི་བྱ། གསད་སེམས་མེད་པར་རྩེད་མོ་ལ་སོགས་པ་ལྟ་བུ་བྱས་ཏེ་ཤི་ན་ཉེས་བྱས། ཚེ་རབས་སུ་ལས་མི་འབྱུང་ངོ་། །མི་གསད་པའི་མཚོན་ཆ་ལ་སོགས་པས་བཏབ་སྟེ། འཕྲལ་དུ་མ་ཤི་སྟེ་བདག་སྔོན་དུ་ཤི་ལ་མཚོན་གྱིས་བཏབ་པའི་མི་དེ་ཉིད་ཀྱི་ལན་ བོན་གྱིས་ཕྱིས་ཤི་ནའང་ཕམ་པ་མེད་དེ་སྦོམ་པོར་ཟད་དོ། །གསོད་པའི་ཕས་ཕམ་པ་དྲིས་པ་འདིར་གཏོགས་པའོ། །མི་ལ་གསོད་པའི་ཕས་ཕམ་པ་སྟེ་འདུལ་བའི་སྡེ་དྲིས་པ་ཞེས་བྱ་བའི་ནང་ནས་འབྱུང་བའི་མདོ།། །།སྦོམ་པོ་ནི་བདག་འཆི་བ་འདི་ལྟར་འགྱུར་རོ་ཞེས་སྨྲ་བ་ནི་ཡིད་མི་ ཆེས་ཏེ་དེ་ལྟར་གྲུབ་ནའོ། །ནད་པ་ཚབས་པོ་ཆེ་སྨན་དཔྱད་བྱ་བའི་ཕྱིར་ལོངས་ཞེས་བསླངས་པ་ལས་ནད་པ་ན་རེ་ང་བསླང་ན་འཆིའོ་ཞེས་ཟེར་བ་བཞིན་དུ་བསླང་ན་ཤི་ཡང་རུང་མ་ཤི་ཡང་རུང་སྦོམ་པོ། དགེ་སློང་ནད་པ་ཞིག་ཚབས་ཆེ་ཞིང་འདུག་པ་ལ་ནད་གཡོག །དགེ་སློང་ཞིག་གིས་ སྨན་དཔྱད་བྱ་བའི་ཕྱིར་བསླངས་ནས་ནད་པ་ན་རེ་བསླང་ན་ནི་གདོན་མི་ཟ་བར་འཆིས་ཞོག་ཤིག་ཅེས་ཟེར་བ་ལས་མ་གནང་སྟེ། བསླང་བ་དང་ནད་པ་ཤི་ནས་ནད་གཡོག་ཕམ་པར་གྱུར་སྙམ་ཐེ་ཚོམ་ཟོས་ཏེ། སངས་རྒྱས་ལ་གསོལ་པ་དང་། ཕམ་པ་མ་ཡིན་ཏེ་སྦོམ་པོའོ་ཞེས་བཅས། ཤི་ ཤིག་པར་ནད་པ་ལ་གཡོག་མ་བྱས་ནའང་སྦོམ་པོ། དགེ་སློང་ནད་པ་ལ་ནད་གཡོག་སུ་བྱེད་པར་དེ་ལྟར་གསོས་ཀྱང་མ་སོས་ན་ཤིར་ཟད་མོད་ཅེས་བསམས་ཏེ། ནད་གཡོག་མ་བྱས་པར་བོར་ན་ཤིའང་རུང་མ་ཤིའང་རུང་སྦོམ་པོ། མི་འཇུ་བའི་ཟས་བྱིན་ན་ཡང་ངོ་། །མི་ནད་པ་རླུང་ནད་ན་བ་ལ་ རླུང་ནད་ཆེ་བའི་ཁ་ཟས་བྱིན་པ་དང་། ཚ་བ་ལ་དྲོད་ཆེ་བའི་ཁ་ཟས་མི་རུང་བར་ཤེས་བཞིན་དུ་གསོད་སེམས་མེད་པར་བྱིན་ཀྱང་སྦོམ་པོ། དགེ་སློང་ནད་པ་ཞིག་ལ་ནད་གཡོག་གིས་ཟན་ཅི་བསོད་ཅེས་དྲིས་པ་དང་། ནད་པ་ན་རེ་སྔུན་ན་བའི་ཆེ་སྐྱུར་པོའི་ནང་དུ་ལན་ཚྭ་བཏབ་སྟེ་འཐུངས་ན་ཕན་གྱིས་ བྱིན་ཅིག་ཅེས་ཟེར་བ་ལས། ནད་དེ་རླུང་ནད་ཡིན་ཏེ་སྐྱུར་པོ་དང་ལན་ཚྭ་མི་རུང་བར་བྱིན་པ་ལས་ཤི་བའི་ཕྱིར་བཅས། ཕོལ་མིག་མ་སྨིན་པར་བརྟོལ་ན་ཡང་ངོ་། །ཕོལ་མིག་འབྲས་ལྟ་བུ་འོག་མ་བྱུང་ཞིང་མ་སྨིན་པར་བརྟོལ་ན་སྦོམ་པོ། དགེ་སློང་གཅིག་ཅིག་འབྲས་བྱུང་སྟེ་མ་ སྨིན་པ་ལ། དགེ་སློང་གཅིག་གིས་བརྟོལ་ཞེས་བྱས་པ་དང་། མ་སྨིན་གྱིས་མ་བརྟོལ་ཞེས་ཟེར་བཞིན་དུ་མ་གནང་སྟེ། བརྟོལ་ནས་ཤི་བ་ལས་བཅས་ཏེ་མ་བརྟོལ་ཞེས་ཟེར་བ་བརྟོལ་བ་དང་། བདག་གི་ཕོལ་མིག་མ་སྨིན་པ་བརྟོལ་པའང་སྦོམ་པོ། རླུབས་སུ་ འཇུག་པ་དང་སྒོ་ཕྲག་ཏུ་འཚིར་བས་གནོད་པར་བྱེད་པ་ལ་སོགས་པ་ཡང་ངོ་། །གསད་སེམས་མེད་པར་རླུབས་སུ་བཅུག་སྒོ་ཕྲག་ཏུ་བཙིར་བ་ལ་སོགས་པ་རྩེད་མོའི་ཕྱིར་ཉོན་མོངས་པར་བྱས་པ་དང་། ཆེད་གར་ནན་ལ་བོར་བ་མཚུངས་ཏེ་སྦོམ་པོ། གཙུག་ལག་ཁང་གཉིས་ཀྱི་ བར་ན་དགེ་བསྙེན་གཏུམ་པ་ཞིག་འདུག་པ་ལས་གཙུག་ལག་ཁང་གཅིག་གི་དགེ་སློང་ལ་རྟག་ཏུ་ཤིང་ཏོག་འབུལ་འབུལ་བ་ལས་དགེ་འདུན་ལྟ་མཚུངས་མོད་ཅེས། གཙུག་ལག་ཁང་གཅིག་གི་དགེ་འདུན་ལ་ཡང་ཕུལ་ལོ། །དེ་ནས་ཡང་སྔོན་འབུལ་འབུལ་བའི་དགེ་སློང་ལ་འབུལ་ དུ་སོང་སོང་བ་ལས། དགེ་སློང་དེ་དག་གིས་ཁྱོད་ལྟ་ཤིང་ཏོག་གུད་དུ་འབུལ་འབུལ་ཞེས་སྒོ་ཕྲག་ཏུ་བཙིར་བ་ལས་བཅས་ཏེ་སྦོམ་པོ། གཡང་དུ་འདོར་བ་དང་འགེག་པ་ལ་སོགས་ཏེ་འཆི་བའི་ཕྱིར་རྩོལ་བ་ཡང་ངོ་། །བདག་འཆི་བའི་ཕྱིར་གད་ཀ་དང་། བྲག་ཀ་དང་། མཚོན་ཀ་དང་། ཆུའི་ནང་དུ་མཆང་བར་བརྩལ་ཏེ་མ་ཤི་བ་ཡང་སྦོམ་པོ། གཞན་ལའང་དེ་ལྟ་བུ་ཤི་ན་རུང་ངོ་ཞེས་བསྟན་ཏེ་མ་ཤི་ན་སྦོམ་པོ་ཤི་ན་ཕམ། ན་བའི་ཕྱིར་བབ་ཆོལ་དུ་མཚོན་ཏམ་ཐེག་བུ་མི་སྦྱིན། དགེ་སློང་ནད་པའི་དྲུང་དུ་མཚོན་ཆའམ་ཐེག་བུ་ལ་སོགས་པ་འཆི་བའི་ཡོ་བྱད་མི་གཞག ། གསད་སེམས་མེད་ཀྱང་གཞག་ན་ཉེས་བྱས། ཤེས་བཞིན་དུ་གཏོགས་པར་བྱ། ནད་པའི་སྨན་དང་ཟས་ལ་སོགས་པ་ལ་ཚོས་སམ་མ་ཚོས་པ་དང་། སྒ་སྤོད་བྲོའམ་མི་བྲོ་བ་ལ་སོགས་པ་སྔ་ནས་ཤེས་བཞིན་དུ་ཞལ་ཏ་བྱ། བདག་དང་དགེ་འདུན་གྱི་ལས་ཅེ་བྱེད་ཀྱང་རུང་སྟེ་ཉེས་པར་འགྱུར་རམ་མི་ འགྱུར་ཤེས་བཞིན་དུ་བརྟག་སྟེ་བྱ། དེ་ལྟར་མ་བྱས་ན་ཉེས་བྱས་སྔགས་ཀྱི་ཕྱིར་ཐལ་མོས་བསྣུན་ན་ཡང་ངོ་། །ནད་པ་ལ་སྔགས་གདབ་པ་ལ་སོགས་པ་ཐལ་མོས་བཏབ་དགོས་པ་ཞིག་ཡོད་ན་ཡང་མི་དྲག་པར་ཤེས་བཞིན་དུ་བྱ། ཤེས་བཞིན་དུ་མ་བྱས་ན་ཉེས་བྱས། བརྣངས་པ་ལ་ འབྱུང་བའི་ཕྱིར་བརྡེག་པ་ཡང་ངོ་། །ཁ་ཟས་ཀྱིས་བརྣངས་ཏེ་ལྟག་པར་བརྡེག་དགོས་ནའང་མི་དྲག་པར་རན་པར་ཤེས་བཞིན་དུ་བྱ། གསོད་སེམས་མེད་པར་ཤེས་བཞིན་དུ་མི་བྱས་པར་ཤི་ན་ཡང་ཉེས་བྱས། སྦབ་ཏུ་གཏང་ན་དེ་བཞིན་དུ་རབ་ཏུ་བརྟགས་ཏེའོ། །ཤིང་དང་རྡོ་ལ་སོགས་ པ་སྦབ་ཏུ་བཏང་དགོས་ན་ཡང་སེམས་ཅན་ལ་སོགས་པ་ཡོད་དམ་མེད་པ་བརྟགས་ཏེ་བཏང་ངོ་། །མ་བརྟགས་ན་ཉེས་བྱས། ཁུར་ཆེན་པོ་ལ་ཆ་ཉུང་ངུས་བརྩལ་བར་མི་བྱ། བདག་གི་རྫས་ལྟ་བུ་ཁུར་ཆེན་པོ་ལྕི་བ་ལ་མི་ཐེག་བཞིན་དུ་མི་ཉུང་ངུས་མི་བསྐུར་སྤྱི་བོ་བཀུག་སྟེ་མི་འགྲོ། སྤྱི་བོར་ ཐུར་དུ་བཀུག་སྟེ་ལག་འགྲོས་མི་བྱ་དགུ་སྟེ་སྤྱི་བོ་བཀུག་ལའང་མི་འགྲོ་ལག་འགྲོས་ནི་དྲུག་སྡེ་གཅིག་རྐང་པ་བཀྲུས་པ་རྡུལ་གྱིས་མི་རེག་པར་བྱ་བ་དང་རྩལ་ངོམ་པའི་ཕྱིར་ལག་འགྲོས་བྱས་པ་ལས་བཅས། སྤྱི་བོ་བཀུག་པ་ན། དགེ་སློང་གཅིག་སྤྱི་བོ་བཀུག་སྟེ་སོང་སོང་བ་ལས་ལུག་གིས་བརྡུང་ བ་ལས་བཅས། མ་བསླབས་པས་བསླབས་པར་མི་བསྒོའོ། །བདག་གཏར་དཔྱད་ལ་སོགས་པ་མ་བསླབས་ཤིང་མི་ཤེས་པར་གཞན་ལ་འདི་ལྟར་ཐོབ་ཤིག་ཅེས་ཀྱང་མི་བསྒོ་བདག་ཉིད་ཀྱིས་ཀྱང་མི་གདབ། བཏབ་ཅིང་བཅོས་ན་ཉེས་བྱས། གདབ་པ་འཕེན་པར་མི་བསྒོ། མདའ་ དང་མདུང་དང་རྡོ་ལ་སོགས་པ་ལྟད་མོ་ལྟ་བའི་ཕྱིར་ཡང་འཕེན་དུ་མི་གཞུག་ཐབས་བསླབ་པའི་ཕྱིར་ཡང་། འདི་ལྟར་ཕོངས་ཞེས་ཀྱང་མི་བསྒོ། །ནད་པ་མི་ནུས་པ་ལས་མི་བཀྲི། ནད་པ་འགྲོ་མི་ནུས་པ་དང་། མི་ནའང་དལ་ཞིང་ཉལ་ཉལ་བའི་མི་ལམ་དུ་ན་བར་འགྱུར་བ་མི་བཀྲི་ཁྲིད་ན་ ཉེས་བྱས། གསོད་པའི་ཕས་ཕམ་པ་སྟེ་རྣམ་པར་གདོན་མི་ཟའོ། །མི་ལ་གནོད་པའི་ཕས་ཕམ་པ་སྟེ་འདུལ་བའི་སྡེ་རྣམ་པར་གདོན་མི་ཟ་བ་ཞེས་བྱ་བའི་ནང་ནས་འབྱུང་བའི་མདོ། གསོད་པའི་ཕས་ཕམ་པ་རྫོགས་སོ། །མི་ལ་གསོད་པའི་ཕས་ཕམ་པ་འདུལ་བ་སོ་སོའི་ནང་ནས་འབྱུང་ བའི་མདོ་རྫོགས་སོ།། །།བརྫུན་པའི་ཕས་ཕམ་པ་ལ་འཆད་དེ། འདུ་ཤེས་སྦ་སྟེ། བདག་གི་སེམས་ལ་མེད་དེ་མི་ཤེས་བཞིན་པ་དང་། འོག་ནས་ཡན་ལག་བཞི་འབྱུང་བ་དང་ལྔ་ལྡན་ན་བརྫུན་གྱི་ཕས་ཕམ་པའོ། །བླ་མ་མིའི་ཆོས་ཀྱི་དང་། བླ་མ་མིའི་ཆོས་ལ་སྨྲ་བ་དང་། ལྡན་པ་ལྡན་པ་ཞེས་དང་། བདག་ལ་བདག་གི་ཕྱིར་དང་། སྨྲས་ནའོ། །ཕ་རོལ་བརྡ་ཕྲད་པ་ལ་སྨྲས་པ་དང་འདི་ལྔ་དང་ལྡན་ན་ཕམ། མཐོང་ངོ་། །བདག་གིས་ལྷ་དག་མཐོང་ངོ་། །བདག་ཀྱང་མཐོང་ངོ་། །ལྷ་དག་གིས་ཀྱང་བདག་མཐོང་ངོ་། །སྒྲ་ཐོས་ལྷ་དག་གི་སྒྲ་བདག་གིས་ ཐོས་བདག་གི་ཡང་ཐོས། བདག་གི་སྒྲ་ཡང་ལྷ་དག་གིས་ཐོས། ཉེ་བར་འགྲོ །ལྷ་དག་གི་གན་དུ་བདག་ཀྱང་ཉེ་བར་འགྲོ །བདག་གན་ཉེ་བར་འོང་། ལྷ་དག་ཀྱང་བདག་གི་གན་དུ་ཉེ་བར་འོང་། ལྷན་ཅིག་ཏུ་གཏམ་བྱས། ལྷ་དག་དང་བདག་ལྷན་ཅིག་ཏུ་གཏམ་བྱས། གཏམ་ཀུན་བྱས། ལྷ་དག་དང་ ལྷན་ཅིག་གཏམ་ཀུན་ཞིབ་ཏུ་རྒྱུས་ནས་བཤད། ཀུན་མགུ་བ་ལྷ་དག་གིས་ཀྱང་བདག་མགུ་བར་བྱས་བདག་གིས་ཀྱང་ལྷ་དག་མགུ་བར་བྱས། རྟག་ཏུ་ཡང་ལྷན་ཅིག་ཏུ་བདག་དང་སྤྱོད་ཅིང་ཞེས་སྨྲས་ན་དེར་འགྱུར། བདག་དང་ལྷ་དག་རྟག་ཏུ་ལྷན་ཅིག་ཏུ་འགྲོགས་ཤིང་སྤྱོད་དོ་ཞེས་ སྨྲས་པ་དང་ཚིག་གི་རིམ་པ་མིང་གིས་སྨོས་པ་འདི་རྣམས་གང་སྨྲས་ཀྱང་རུང་སྟེ། མདོ་འོག་མ་ལྷ་དང་ཀླུ་ལ་སོགས་པ་མིང་གིས་སྨོས་པ། གང་ལ་ཡང་རུང་། དེ་དང་འདི་ལྟར་སྨྲས་ཤིང་བྱས་སོ་ཞེས་སྨྲས་ན་ཕས་ཕམ་པའོ། །ལྷ་འཕྲུལ་ཞིང་རིམ་པར་གནས་པ་དང་འཕྲུལ་མེད་ཅིང་ ས་ལ་གནས་པ་ཀླུ་ཕྱུགས་ཀྱི་ཁམས་སུ་གཏོགས་མོད་ཀྱི་འཕྲུལ་ཡོད་ཅིང་ཆེ་བ་ལ་བྱ། གནོད་སྦྱིན་འཕགས་སྐྱེས་པོ་ལྟ་བུ་ཆེན་པོ་དང་ཕལ་ལ་བྱ། དྲི་ཟ་ལྔ་ཕུད་པར་མིའི་དྲི་ཟ་དང་ལྷ་ལ་རོལ་མོ་བྱེད་ཅིང་འཁོར་བ། མི་འམ་ཅི་ལུས་མི་ལ་མགོ་རྟ་དང་སྦྲུལ་དུ་འདུག་པ་ལྟོ་འཕྱེ་ཆེན་པོ་ གསུས་པ་ཆེ་ལ་རྐང་ལག་ཐུང་ལ་སྦོམ་པོར་འདག་པའི་གཟུགས་ཤིག་ཡོད་པ། ཡི་དགས་འདྲེ་དང་། ཤ་ཟ་མི་ལ་ཀྱལ་ཀ་བྱེད་པ་དེད་དཔོན་ནམ་ཐེའུ་རང་ལྟ་བུ་རིལ་བུམ་ལུས་གཟུགས་རིལ་རིལ་པོ་འམ་ཟླུམ་པོ་ཞིག་ཡོད་པ། ལུས་སྲུལ་པོ་དག་ལ་དམིགས་པའོ། །ལུས་སྲུལ་པོ་ལ་ སོགས་པ་མིང་གིས་སྨོས་པ་འདི་རྣམས་གང་ཡང་རུང་སྟེ། མདོ་ལྟག་མའི་ནང་ནས་འབྱུང་བ་གཅིག་དང་ལྡན་པར་བྱས་སོ་ཞེས་སྨྲས་ན་ཕམ་པའོ། །མུར་འདུག་གི་རྫུ་འཕྲུལ་ལྔ་ལྟ་བུ་ཤེས་སོ་ཞེས་བྱས་ན་ཡང་ཕམ་པའོ། །སྦོམ་པོར་བྱེད་པ་ནི་ཕྱག་དར་ཁུང་ན་གནས་ཤིང་ཆུབ་མར་ བརྫུ་ནུས་པ་ཞིག་ཡོད་དེ་མཐོང་ཞེས་བྱས་ནའང་སྦོམ་པོ། མི་རྟག་པ་ལ་སོགས་པའི་འདུ་ཤེས་དང་། འདི་མན་ཆད་ནི་བླ་མའི་ཆོས་ལ་འཆད་དེ་མི་རྟག་པ་ནི་ཉི་ཤུ་སྟེ་ཆོས་ཐམས་ཅད་མི་རྟག་པ་དང་། སྡུག་བསྔལ་པ་དང་། ང་མེད་པ་དང་ཟས་ལ་མི་གཙང་བ་དང་རྒྱུད་ལྔ་སྡུག་བསྔལ་ བ་དང་ལྔ་ཕུང་འདུག་པ་དང་མྱ་ངན་སྤངས་པ་དང་། འདོད་ཆགས་དང་བྲལ་བ་དང་འགོག་པས་ཁྱེགས་པ་དང་། ཚེ་ཟད་པའི་དུས་ཤེས་པ་དང་། མི་གཙང་བར་ཤེས་པ་དང་། རྣམ་པར་བསྔོས་པ་དང་། རྣམ་པར་རྣགས་པ་དང་། རྣམ་པར་དམར་བ་དང་། རྣམ་པར་བམ་པ་དང་། རྣམ་ པར་ཞིག་ས་པ་དང་། རྣམ་པར་ཟོས་པ་དང་། རུས་པར་དཀར་བ་དང་། རུས་མིག་འབྲེལ་བ་དང་ཉི་ཤུ་སྟེ། འདི་ཉི་ཤུ་གང་ཡང་རུང་མི་ཤེས་ཤིང་མེད་ལ་ཤེས་ཤིང་ལྡན་ནོ་ཞེས་སྨྲས་ན་བླ་མའི་ཆོས་སྨྲས་པ་ཡིན་ཏེ་ཕམ་མོ། །བསམ་གཏན་དང་། འཇིག་རྟེན་གྱི་བསམ་གཏན་རྟོག་ པ་དང་དགའ་བ་དང་བདེ་བ་དང་བཏང་སྙོམས་བཞི་དང་འཇིག་རྟེན་ལས་འདས་པའི་བསམ་གཏན་གྲུབ་པོ་ཞེས་སྨྲས་པ་དང་། མུར་འདུག་གི་བསམ་གཏན་རྟོག་པ་དང་བདེ་བ་དང་། དགའ་བ་དང་བཏང་སྙོམས་བཞི་གྲུབ་པོ་ཞེས་སྨྲས་ན་ཕམ་མོ། །ཚད་མེད་པ་དང་། ཚད་མེད་པ་བཞི་སྟེ་ བྱམས་པ་དང་། སྙིང་རྗེ་བ་དང་། དགའ་བ་དང་། བཏང་སྙོམས་བཞི་སྤྱོད་ནུས་སོ་ཞེས་སྨྲས་པ་དང་། གཟུགས་མེད་པ་དང་། འཇིག་རྟེན་གྱི་བསམ་གཏན་བཞི་པའི་འབྲས་བུ། ནམ་མཁའ་མཐའ་ཡས་འདུ་མཆེད་སྟེངས་དང་། རྣམ་ཤེས་མཐའ་ཡས་འདུ་མཆེད་སྟེངས་དང་། ཅུང་ཟད་མེད་པའི་འདུ་ མཆེད་དང་། འདུ་མཆེད་མེད་མིན་འདུ་མཆེད་སྟེངས་བཞི་གྲུབ་པོ་ཞེས་སྨྲས་པ་དང་། འབྲས་བུ་དང་། དགྲ་བཅོམ་པའི་རིམ་པ་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་བཞི་གང་ཡང་རུང་ཐོབ་པོ་ཞེས་སྨྲས་པ་དང་། མངོན་པར་ཤེས་པ་དང་། དྲུག་མངོན་ པར་ཤེས་པ་སྟེ་འཕྲུལ་དང་འཕྲུལ་གྱི་རྣ་བ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། ཚེ་སྔ་མ་དྲན་པ་དང་ཕྱི་མ་གར་སྐྱེས་པ་ཤེས་པ་དང་ཟག་པ་ཟད་པ་དང་། དྲུག་གང་ཡང་རུང་སྨྲས་པ་དང་། མུར་འདུག་གི་འཕྲུལ་ལྔ་སྟེ་ཟག་པ་ཟད་པ་མ་གཏོགས་པར་མིང་གོང་དུ་སྨོས་པ་དང་མཐུན་ཏེ་ སྨྲས་པ་དང་། སྩོགས་པ་བླ་མའི་ཆོས་སོ། །ལྟག་ཏུ་མིང་གིས་སྨོས་པ་འདི་རྣམས་གང་ཡང་རུང་སྟེ། གཅིག་དང་ལྡན་ནོ་ཞེས་སྨྲས་ན་ཕམ་མོ། །འདི་རྣམས་ནི་བླ་མའི་ཆོས་ཞེས་བྱ་སྟེ། མུར་འདུག་གི་ཞེས་སྨོས་པ་ཡང་བླ་མའི་ཆོས་ནི་མ་ཡིན་མོད་ཀྱི་ལྡན་ནོ་ཞེས་ སྨྲས་ན་ཕམ་མོ། །སྦོམ་པོར་བྱེད་པ་ནི་ཉིད་ཀྱི་མཚན་འཛིན་པས་མྱ་ངན་སེལ་བ་ཞི་གནས་ཀྱི་མཚན་ཞེས་བྱའོ། །དགོན་པ་བསམ་གཏན་བྱེད་ཅིང་འདུག་འདུག་པ་ལས་སེམས་ཞི་སྟེ་འདོད་ཆགས་བག་ལ་ཉལ་བ་ལ་འདོད་ཆགས་དང་བྲལ་ཏེ་མྱ་ངན་ཟག་པ་ཟད་དོ་སྙམ་བསམས་ན་འདོད་ ཆགས་དང་བྲལ་ལོ་ཞེས་སྨྲས་པའི་འོག་ཏུ་བུད་མེད་མཐོང་བའི་རྐྱེན་གྱིས་འདོད་ཆགས་བྱུང་བ་ནི་སེམས་ལ་དྲང་པོར་འདོད་ཆགས་དང་བྲལ་ལོ་སྙམ་དུ་བསམས་པས་སྦོམ་མོ། །མཉེན་པ་ལྔ་བརྒྱ་ཐར་པར་ཞུགས་པས་མྱ་ངན་འདའ་བའི་ཆོས་མཁན་པོ་ལ་ལུང་ནོས་ཏེ་དབེན་པར་དོང་ ནས་བསམ་གཏན་དུ་བསྒོམས་པས་སེམས་ཞི་སྟེ། འདོད་ཆགས་བག་ལ་ཉལ་བ་གཅིག་ལ་གཅིག་གཏམ་དུ་བྱས་ཏེ། འདོད་ཆགས་དང་བྲལ་ལོ་ཞེས་ནས། སླར་གྲོང་དུ་ཞུགས་པ་དང་བུད་མེད་མཐོང་བ་དང་། འདོད་ཆགས་བག་ལ་ཉལ་བ་བསླངས་ནས་འདོད་ཆགས་དང་བྲལ་ ལོ་ཞེས་སྨྲས་པ་ཕམ་པར་གྱུར་ཏོ་སྙམ་དུ་ཐེ་ཚོམ་ཟོས་པ་ལས་བཅས། དེ་འདྲ་བ་དེ་ལྟ་བུའི་ཆོས་སྨྲས་ན་མ་སྨྲས་པ་མ་ཡིན་ནོ། །བདག་དགྲ་བཅོམ་པ་ཡིན་པར་གོ་བར་བྱ་བའི་ཕྱིར། དགྲ་བཅོམ་པ་དགོན་པ་ལ་གནས་ན་གནོད་སྦྱིན་དང་ཀླུ་ལ་སོགས་པས་མི་གཙེ་ཞིང་། སྲུང་མ་བྱས་པ་བཞིན་ དུ་ང་ལ་ཡང་དེ་ལྟར་བྱས་ཞེས་སྨྲས་པ་དང་། ཡོན་བདག་གིས་དགྲ་བཅོམ་པ་ལ་སྟན་དང་ཁ་ཟས་ཀྱིས་ཇི་ལྟར་མཆོད་པ་བཞིན་དུ་ང་ལ་ཡང་དེ་ལྟར་བྱས་སོ་ཞེས་སྨྲས་ནའང་ཕམ་མོ། །འདི་ཡོད་དོ་ཞེས་ཕ་རོལ་ལ་བསྟན་ཏེ་བདག་གི་ཕྱིར་སྨྲས་ན་ཡང་ངོ་། །བདག་ལ་བྱ་བའི་ཕྱིར་འདི་རྣམས་ཀྱི་ནང་ ན་དགྲ་བཅོམ་པ་ཡོད་དོ་ཞེས་སྨྲས་ནའང་སྦོམ་པོ། དེ་བཞིན་དུ་བླ་མའི་ཆོས་གང་ཡང་རུང་སྟེ་ལྡན་པ་ཡོད་དོ་ཞེས་སྨྲས་ནའང་སྦོམ་པོ། །ཉེ་བར་སྨྲས་ན་མ་ཡིན་ནོ། །མདོ་ལྟག་མ་སྐད་དུ་ཟེར་བ་ལ་གཞན་ཞིག་གིས་དེ་ལྟ་བུར་ལྡན་པ་སུ་ཡིན་ཞེས་དྲིས་ནས། ང་ཡིན་ནོ་ཞེས་སྨྲས་ན་ཕམ། མ་དགོངས་པར་ལུང་མི་བསྟན། མ་རྟོགས་སམ་ཐོག་ཏུ་མ་ཕེབས་པར་འདི་ཡིན་ནོ་ཞེས་ལུང་མི་བསྟན་བསྟན་ན་ཉེས་བྱས། མཽད་གལ་བསོད་སྙོམས་ལེན་པ་བྲམ་ཟེའི་ཆུང་མ་ལ་བུ་ཡོད་པ་ཞིག་གིས་དྲིས་པ། མངལ་ན་བུ་ཡོད་པ་འདི་ཕོ་ཡིན་ནམ་མོ་ཡིན་ཞེས་དྲིས་པ་དང་། མཽད་གལ་ གྱིས་ཕྱིས་ཅིར་འགྱུར་བ་ནི་མ་བརྟགས་ཀྱི་དེ་ཉིད་ཀྱི་ཚེ། མངལ་ན་ཕོར་འདུག་པ་རྟོགས་ཏེ་ཕོ་ཡིན་ནོ་ཞེས་སྨྲས་པ་དང་། བུ་མོར་བྱུང་ནས་དྲུག་སྡེས། མཽད་གལ་གྱིས་བརྫུན་བྱས་སོ་ཞེས་བརྒལ་ནས། བརྫུན་མ་ཡིན་ཏེ་མ་དགོངས་པར་ལུང་མ་སྟོན་ཅིག་ཅེས་བཅས། སྨྲ་བ་སྟེ་རྣམ་པར་ འབྱེད་པའོ། །བརྫུན་གྱི་ཕས་ཕམ་པ་འདུལ་བ་རྣམ་པར་འབྱེད་པའི་ནང་ནས་འབྱུང་བའི་མདོ།། །།ཐོབ་པ་ལས་བྲིའོ་ཞེས་ཟེར་ན་བླ་མའི་མ་སྨྲས་པ་མ་ཡིན་ནོ། །བླ་མའི་ཆོས་ལས་གང་ཡང་རུང་སྟེ། ངས་ཐོབ་པ་ལས་ང་བྲིས་ཏེ་མེད་དོ་ཞེས་སྨྲས་ན། བླ་མའི་ཆོས་ནི་ཐོབ་པ་ལས་ མི་དབྲི་པ་ཡིན་ཏེ། དེ་སྐད་དུ་སྨྲས་པ་ཡང་ཕམ་པའོ། །བླ་མ་འདིར་སྨྲར་འདོད་པས་མིང་གིས་དོན་མཚུངས་པ་སྨྲས་ན་སྦོམ་པོ། བླ་མའི་ཆོས་དང་ལྡན་པའོ་ཞེས་སྨྲ་བར་འདོད་པའི་ཕྱིར་ཤིང་ཏོག་ལག་ན་ཐོགས་ལ། འབྲས་བུ་ཐོབ་ཅེས་ཟེར་བ་དང་། ཆུ་འབབ་པའི་ནང་དུ་ལག་པ་ བཅུག་སྟེ་རྒྱུན་དུ་ཞུགས་སོ་ཞེས་ཟེར་བ་དང་ལེ་ལོ་བྱེད་ཅིང་། མི་སློབ་པ་ལ་དགྲ་བཅོམ་པ་ལོབས་ཟིན་ན་ཏེ། མི་སློབ་པའི་ཚུལ་དུ་མི་སློབ་པོ་ཞེས་ཟེར་བ་དང་གང་ཟག་གི་རིམ་པ་བདུན་སློབ་པ་ལྟ་བུའི་ཚུལ་དུ་བདག་ཡི་གེའམ། ཁ་ཏོན་སློབ་པ་སློབ་དཔོན་སྨྲས་པ་དང་འདི་རྣམས་གང་སྨྲས་ ཀྱང་རུང་སྦོམ་པོ། ལོག་པ་ཡང་ངོ་། །བདག་དགྲ་བཅོམ་པ་ཡིན་ནོ་ཞེས་སྨྲ་བར་བསམས་པ་ལས་རྒྱུན་དུ་ཞུགས་པའོ་ཞེས་སྨྲས་པ་ཡང་སྦོམ་པོ། དེ་བཞིན་དུ་བླ་མའི་ཆོས་གང་ཡང་རུང་ནང་ནོར་བར་སྨྲས་པ་སྦོམ་པོ། ཡིད་འཕྲིག་བསྐུར་བ་ཡང་ངོ་། །ང་དང་འདྲ་ན་རྒྱུན་དུ་ཞུགས་པ་ བསྒྲུབ་ཏུ་རུང་ངོ་ཞེས་བདག་ནོར་རྫས་ཤིག་ཐོབ་པར་བྱ་བའི་ཕྱིར། བླ་མའི་ཆོས་དང་ལྡན་པར་ཟུང་དུ་སྨྲས་ལ་ཐོབ་ནས་ལྡན་པ་མ་ཡིན་ནོ་ཞེས་དྲུང་པོར་བྱ་བར་བསམས་ཏེ་ཁྱོད་ཀྱིས་ང་ཙམ་ཕོད་ན་ནི་རུང་ངོ་ཞེས་སྨྲས་ཏེ་འཕྲིག་ཏུ་བཅུག་ན་སྦོམ་པོ། །ཕྱིས་ཡང་དག་པར་ཡང་དེ་མ་སྐྱེས་པ་ མ་ཡིན་ནོ། །མདོ་ལྟག་མ་ལྟར་སྨྲས་པའི་འོག་ཏུ། ངས་དེ་སྐད་དུ་སྨྲས་པ་ནི་བརྫུན་ཏེ་ཡོན་ཏན་དང་ལྡན་པ་མ་ཡིན་གྱི་མ་འཕྲིག་ཤིག་ཅེས་སྨྲས་ཀྱང་སྦོམ་པོར་མི་འགྱུར་བ་མ་ཡིན་ནོ། །སྨྲ་བ་སྟེ་འབྲི་བར་ཆུད་པའོ། །བརྫུན་གྱི་ཕས་ཕམ་པ་སྟེ་འདུལ་བ་དྲིས་པའི་ ནང་ནས་འབྱུང་བའི་མདོ།། །།སྦོམ་པོ་ནི་བཙུན་པ་དགྲ་བཅོམ་པ་སྟེ་གོས་ལ་སོགས་པ་མཆོག་རིགས་སོ། །བརྫུན་གྱི་སྦོམ་པོར་འགྱུར་བ་ནི་ཁྱོད་བཙུན་པ་དགྲ་བཅོམ་པ་ཡིན་ཏེ་གོས་དང་ཁ་ཟས་ལ་སོགས་པ་མཆོག་དབུལ་བའི་རིགས་སོ་ཞེས་ཟེར་བ་ལ་དགྲ་བཅོམ་པ་ཡིན་པ་ལྟར་ བྱ་བའི་ཕྱིར་མི་སྨྲ་བར་ཁ་རོག་སྟེ་འདུག་ན་སྦོམ་པོ། བྲམ་ཟེ་སྟེ་ཚངས་པར་སྤྱོད་པའི་བཙུན་པའོ་ཞེས་ཟེར་བ་ལ་ཁ་རོག་འདུག་པ་དང་། སྡིག་པའི་ཆོས་སྤངས་པ། སྡིག་པའི་ཆོས་མི་དགེ་བཅུ་སྤངས་པའོ་ཞེས་ཟེར་བ་ལ་ཁ་རོག་སྟེ་འདུག་པ་དང་། བཙུན་པའི་དབང་པོ་དྲུག་རབ་ཏུ་འདུལ་ བ། མི་རྟག་པ་དང་མི་གཙང་བ་ལ་བསྒོམས་དབང་པོ་དྲུག་རབ་ཏུ་དུལ་ཏེ་ཡུལ་ལ་མི་འབྲོས་པའོ་ཞེས་ཟེར་བ་ལ་ཁ་རོག་སྟེ་འདུག་པ་དང་། སྦས་པ་དབང་པོ་དྲུག་ཞི་སྟེ་ཡུལ་དྲུག་ལ་བྱེ་བྲག་མི་འབྱེད་པར་འགོག་པའོ་ཞེས་སྨྲ་བ་ལ་མོས་པ་དང་དྲན་པ་ཉེ་བར་གཞག་པ་བསྲུངས་པའོ་ཞེས་ བསྲུངས་པ་ཉོན་མོངས་པ་དང་སྡིག་པའི་ཆོས་བསྲུངས་པའོ་ཞེས་ཟེར་བ་ལ་མོས་ཏེ་ཁ་རོག་འདུག་པ་དང་། སྒོམ་པ་པོའོ། །བཟོད་པ་བསྒོམས་ཤིང་ཟག་པ་ཟད་པའོ་ཞེས་ཟེར་བ་ལ་མོས་ཏེ་ཁ་རོག་འདུག་པ་དང་ཞེས་བྱས་ན་ཁ་རོག་སྟེ་མོས་ནའོ། །འདི་རྣམས་ཀྱི་མིང་གིས་སྨོས་པ་ལ་གང་ཡང་ རུང་སྟེ་བསྟོད་ཅིང་སྨྲ་བ་ལ་མོས་ཤིང་ཁ་རོག་འདུག་ན་སྦོམ་པོ། སྨྲས་པ་བཞིན་དུ་ཡིན་ནོ་ཞེས་སྨྲས་ན་ནི་ཕམ། དེ་སྟེ་བཙུན་པ་དགྲ་བཅོམ་པ་ན། མིང་གིས་སྨོས་པ་འདི་རྣམས་ལྟ་བུ་ཞིག་ཏུ་སྨྲ་བ་ལ་དེ་བཞིན་དུ་བྱེད་ཅིང་ཁར་སྨྲས་ན་སྦོམ་པོར་འགྱུར་རོ། །བདག་གི་བསོད་སྙོམས་ལོང་། ཁྱོད་དགྲ་བཅོམ་པ་ཡིན་ན་བདག་གི་བསོད་སྙོམས་འདི་ལོང་ཞེས་ཟེར་བ་ལ་ཁ་རོག་སྟེ་བླངས་པ་དང་། ཁྱིམ་དུ་ཞུགས། ཁྱོད་དགྲ་བཅོམ་པ་ཡིན་ན་ངའི་ཁྱིམ་དུ་ཞུགས་ཞེས་ཟེར་བ་ལ་ཁ་རོག་སྟེ་ཁྱིམ་དུ་ཞུགས་པ་དང་། སྟན་ལ་ཞུགས། ཁྱོད་དགྲ་བཅོམ་པ་ཡིན་ན་སྟན་ལ་འདུག་ཅེས་ ཟེར་བ་ལ་ཁ་རོག་སྟེ་སྟན་ལ་འདུག་པ་དང་། ལག་ཆུ་ལོང་། ཁྱོད་དགྲ་བཅོམ་པ་ཡིན་ན་ཆུས་གཏོར་ཏེ། ཕོག་པའི་སེམས་ཅན་ལ་ཡོན་ཡོད་ན་ཆུ་འདི་ལོང་ཞེས་ཟེར་བ་ལ་ཁ་རོག་སྟེ་བླངས་པ་དང་། མཆོད་རྟེན་ལོང་། ཁྱོད་དགྲ་བཅོམ་པ་ཡིན་ན་ངའི་མཆོད་རྟེན་འདི་ལོང་ཞེས་ཟེར་བ་ ལ་ཁ་རོག་སྟེ་བླངས་པ་དང་། ཚོད་མ་དང་བཅའ་བ་ཟོ། །ཁྱོད་དགྲ་བཅོམ་པ་ཡིན་ན་ཚོད་མ་དང་བཅའ་བ་འདི་ཟོ་ཞེས་ཟེར་བ་ལ་ཁ་རོག་སྟེ་ཟོས་པ་དང་། རྗེས་སུ་ཡི་རང་ངོ་། །ཁྱོད་དགྲ་བཅོམ་པ་ཡིན་ན་ང་ལ་རྗེས་སུ་ཡི་རང་ངོ་ཞེས་ཟེར་བ་ལ་ཁར་སྨྲས་པར་ཡི་རང་བ་དང་། བྱུང་ཞེས་པ། ཁྱོད་དགྲ་བཅོམ་པ་ཡིན་ན་ངའི་ཁྱིམ་ནས་བྱུང་ཟེར་བ་ལ་ཁ་རོག་སྟེ་བྱུང་བ་དང་། དེ་དག་བསྒྲུབས་ནའོ། །འདི་རྣམས་ལས་གང་ཡང་རུང་སྟེ་དགྲ་བཅོམ་པ་ཡིན་ན་འདི་ལྟར་བྱོས་ཞེས་ཟེར་བ་ལ་ཁ་རོག་འདུག་ཅིང་ཟེར་བ་བཞིན་དུ་བྱས་ན་སྦོམ་པོའོ། །དགྲ་བཅོམ་པ་བཞིན་དུ་བླ་མའི་ ཆོས་གང་ཡང་རུང་སྟེ་སྦོམ་པོའོ། །སྨྲ་བའི་སྟེ་རྣམ་པར་གདོན་མི་ཟ་བའི་འོ། །བརྫུན་གྱི་ཕས་ཕམ་པ་རྣམ་པར་གདོན་མི་ཟ་བའི་ནང་ནས་འབྱུང་བའི་མདོ་བླ་མར་སྨྲ་བ་རྫོགས་སོ། །བརྫུན་གྱི་ཕས་ཕམ་པ་འདུལ་བ་སྡེ་སོ་སོའི་ནང་ནས་འབྱུང་བ་རྫོགས་སོ། །ཕས་ཕམ་པ་རྫོགས་སོ། ། ཕས་ཕམ་པ་བཞི་བཤད་པ་རྫོགས་སོ།། །།དགེ་འདུན་ལྷག་མའི་ཁུ་བ་ལ་འཆད་དེ། རྨི་ལམ་ནི་མེད་པ་བཞིན་ནོ། །རྨི་ལམ་ན་ཁུ་བ་བྱུང་བ་ནི། བདག་ལ་དབང་མེད་ཅིང་མཐུ་མེད་དེ་བཅོས་སུ་མི་རུང་བའི་སྟེང་དུ་དབྱུང་བར་བསམས་པའི་སེམས་མེད་པས་ཉེས་མེད་དོ། །དེའི་འབྲས་ བུ་ནི་མ་བྱས་པའོ། །རྨི་ལམ་ན་ཁུ་བ་བྱུང་བའི་སྡིག་གི་འབྲས་བུའང་མེད་དོ། །རྨི་ལམ་ན་ལོག་པ་བྱས་པའི་འབྲས་བུའང་མེད། འོག་ནས་མིང་གིས་སྨོས་པ་འདི་བཅུ་དང་ལྡན་ན་ལྷག་མ་ཕྱུང་བ། ཁུ་བ་ཕྱུང་བ་དང་། དེར་འདོད་པ་དང་། དེར་འདོད་པ་ཁུ་བ་འབྱིན་པར་འདོད་པ་དང་། བདག་གི་ཁུ་བ། བདག་ཉིད་ཀྱི་ཁུ་བ་དང་། ཐོག་མ་ཁུ་བ་ལུས་ཐམས་ཅད་ཀྱི་ནང་ན་ཁྱབ་པར་འདུག་སྟེ། དཔེར་ན་བུ་རམ་ཤིང་མངར་བས་ཐམས་ཅད་དུ་ཁྱབ་པ་དང་འདྲ་བར་འདུག་པ་ལས་འདུས་ཏེ། འོང་བར་གཞུངས་པའི་ནང་དུ་འཕགས་པ་དང་འདི་ཡན་ཆད་ཡན་ལག །བདེ་བར་ འདོད་ཆགས་སྐྱེས་པ་ལས། བདེ་བར་བྱ་བའི་ཕྱིར་ཁུ་བ་ཕྱུང་བ་དང་། རིག་སྔགས་བྱ་བའི་ཆོ་གར་དགོས་པའི་ཕྱིར་ཁུ་བ་ཕྱུང་བ་དང་། ས་བོན་མོ་མཚན་གྱི་ནང་དུ་བླུགས་ཏེ། བུའི་ས་བོན་དུ་བྱ་བའི་ཕྱིར་ཁུ་བ་ཕྱུང་བ་དང་། སྨན་བདག་ན་བ་ལ་ཕན་ པའི་ཕྱིར་ཁུ་བ་ཕྱུང་བ་དང་གཞན་ན་བའི་སྨན་དུ་བྱ་བར་ཁུ་བ་ཕྱུང་བ་དང་། བརྟག་པའི་ཕྱིར་དང་། གཞོན་ནུ་དང་རྒན་པོས་ཁུ་བ་ཡོད་དམ་མེད་པ་དང་། ཅི་འདྲ་ཞེས་བརྟག་པའི་ཕྱིར་ཁུ་བ་ཕྱུང་བ་དང་། ཀྱང་བྱེ་བྲག་མེད་དོ། །འདི་རྣམ་ལྔ་ལས་གང་ཡང་རུང་སྟེ། གཅིག་གི་ ཕྱིར་ཕྱུང་ལ་ཡན་ལག་བཅུ་དང་ལྡན་ན་ལྷག་མར་འགྱུར་རོ། །རེག་པ་ཁུ་བ་དབྱེ་བའི་ཕྱིར་ཕོ་མཚན་ལ་རེག་པ་དང་། འབད་པ་ཁུ་བ་དབྱུང་བར་ལས་བྱེད་ཅིང་འབད་པ། ཕོ་མཚན། ཕོ་མཚན་ཡང་ཡིན་པ་དང་། ཕྱི་རོལ་གྱི་ཡང་ངོ་། །བདག་གི་ཁུ་བ་གཞན་འབྱིན་དུ་བཅུག་པ་ དང་བདག་ཉིད་ཀྱིས་ཕྱུང་བ་གང་ཡང་རུང་སྟེ་ཡན་ལག་གཅིག །སེམས་ཅན་དུ་གཏོགས་པ། སེམས་ཅན་དུ་གཏོགས་པའི་ལུས་གསོན་པའང་རུང་ཤི་བའི་རོ་ལའང་རུང་སྟེ་དེར་ཕྱུང་བ། དེ་བཞིན་དུ་འདུག་པ་ལའོ། །སེམས་ཅན་གྱི་གཟུགས་ཡིན་པར་ཤེས་པ་ལ་བྱ་སྟེ། ལུས་ དང་ཡན་ལག་གི་ཤ་དང་རུས་པར་ཤེས་པ་དང་འདི་ཡན་ཆད་གོང་ནས་བཞི་སྨོས་པ་དང་། ཡན་ལག་བཅུར་ལྡན་ཏེ་ཁུ་བ་ཕྱུང་ན་ལྷག་མ། ཤིན་ཏུ་མ་བཙིར། ཤིན་ཏུ་མ་བཅངས་ཀྱང་ངོ་། །ཁུ་བ་དབྱུང་བའི་ཕྱིར་བྱ་སྟེ་ཕོ་མཚན་ལ་དྲག་ཏུ་མ་བཙིར་ཞིང་། མ་བཅངས་པར་དལ་ གྱིས་བྱས་པ་ལས་བྱུང་བ་ཡང་ལྷག་མ། དབེན་དང་སྔོན་མི་ཚངས་པར་སྤྱད་པ་དང་ཁུ་བ་ཕྱུང་བ་ཇི་སྙམ་བྱེད་ལ་དབེན་བཅས་ནས་བསམས་ཏེ། འདི་ལྟ་བུར་འདོད་པའི་ཕྱིར་ཁུ་བ་ཕྱུང་བ་དང་། ཟག་པ་དང་ཁུ་བ་ལ་གནས་ལས་འཕགས་ནས་ཟག་ཅིང་འབྱུང་བའི་ཚེ་ཇི་སྙམ་དུ་བྱེད་སད་ པའི་ཕྱིར་ཕྱུང་བ་དང་། བདོ་བ་མེད་པའི་འདོད་ཆགས་བདོས་ཏེ། མི་བདེ་བ་ལ་ཕྱུང་བདེན་པར་འགྱུར་བར་འདོད་པ་དང་། བདེ་བ་ཇི་སྙམ་བྱེད་སད་པའི་ཕྱུང་བ་དང་། བདེ་བ་མྱོང་བ་ཡང་ངོ་། །འདི་རྣམས་གང་གི་ཕྱིར་ཡང་རུང་ཡན་ལག་བཅུ་དང་ལྡན་ན་ལྷག་མར་གྱུར་ཏོ། །གཅེའུར་ མ་ཞུགས་པ་ལས་སོ། །ཁུ་བ་དབྱུང་བར་བརྩལ་ཏེ་ཕོ་མཚན་གྱི་གཅེའུར་རམ་རྩར་མ་ཞུགས་ཀྱང་ལུས་ཀྱི་གནས་ལས་འཕགས་ན་ལྷག་མར་འགྱུར་རོ། །འཕགས་པའི་ཚེ་བཏང་ན་ཟིན་པར་བྱས་པ་མ་ཡིན་ནོ། །ཁུ་བ་དབྱུང་བར་བརྩལ་ཏེ་ཁུ་བ་ལུས་ཀྱི་གནས་ལས་མ་འཕགས་པར་ བཏང་ན་སྦོམ་པོ། འབྲི་བར་བྱེད་པ་ནི་བྲོ་གར་རྡུང་བ་དང་རབ་ཏུ་གར་རྡུང་བའོ། །ཁུ་བ་དབྱུང་བའི་ཕྱིར་བྲོ་བརྡུང་བ་དང་བྲོ་དྲག་ཏུ་བརྡུང་བ་དང་གང་བྱས་ཀྱང་རུང་སྟེ་ཁུ་བ་ཕྱུང་ན་སྦོམ་པོའོ། །ནམ་མཁའ་ལ་རྐུབ་བསྒུལ་བའོ། །ཁུ་བ་དབྱུང་བའི་ཕྱིར་ནམ་མཁའ་ལ་བཀུད་དེ་ཁུ་བ་ཕྱུང་ ན་སྦོམ་པོ། ཕྱོགས་གུད་དུ་རེག་ནའོ། །ཁུ་བ་དབྱུང་བའི་ཕྱིར་ཕོ་མཚན་མ་ཡིན་པ་ལུས་ཀྱི་ཡན་ལག་གཞན་བྲུད་ཅིང་མཉེས་ཏེ་ཁུ་བ་བྱུང་ན་སྦོམ་པོ། རྒྱུན་བཟློག་པ་ལ་བཟེད་ནའོ། །ཁུ་བ་དབྱུང་བའི་ཕྱིར་ཆུ་འབབ་པའི་ཁར་ཕོ་མཚན་བསྟན་ཏེ་ཁུ་བ་དབྱུང་བ་ཡང་ངོ་། །རླུང་ ཁར་ན་ཡང་ངོ་། །ཁུ་བ་དབྱུང་བའི་ཕྱིར་རླུང་འོང་བའི་ཁར་ཕོ་མཚན་བསྟན་ཏེ་ཁུ་བ་ཕྱུང་ན་སྦོམ་པོ། དབེན་གྱི་དགའ་བ་བདེ་བ་མྱོང་བར་གྲུབ་ནའོ། །ལུས་དང་ངག་གིས་ནི་མ་སྤྱད་ཀྱི་སྔོན་མི་ཚངས་པར་སྤྱད་པའི་ཆུང་མའི་ཤ་མཐང་དང་མོ་མཚན་ཡན་ཆད་བསམས་ཏེ། དེ་ལ་འདི་ ལྟར་སྤྱད་དེ་ཁུ་བ་དབྱུང་ན་ཞེས་དམིགས་ཏེ་ཁུ་བ་བྱུང་བ་ཡང་སྦོམ་པོ། གཅེའུར་ཞུགས་ན་ཡང་ངོ་། །ཁུ་བ་དབྱུང་བའི་ཕྱིར་མ་བྱས་པར་ཁུ་བ་ལུས་ཀྱི་གནས་ལས་འཕགས་ཟིན་པ་ཞིག་ལས་ཕྱུང་ན་སྦོམ་པོ། གཞལ་བའི་ཕྱིར་ཆགས་པའི་སེམས་ཀྱིས་རེག་ན་མི་སྦྱོར་བ་མ་ཡིན་ནོ། ། འདོད་ཆགས་ཀྱི་སེམས་ཀྱིས་ཕོ་མཚན་ཇི་ཙམ་ཡོད་པ་བཅལ་བའི་ཕྱིར་ཁུ་བ་ཕྱུང་ན་སྦོམ་པོ། བལྟས་ན་ཉེས་བྱས་པའོ། །འདོད་ཆགས་ཀྱི་སེམས་ཀྱིས་ཕོ་མཚན་ལ་བལྟས་ན་ཉེས་བྱས། འབབ་རྒྱུན་དང་རླུང་ཕྱོགས་སུ་བཟེད་ན་ཡང་ངོ་། །ཆུ་འབབ་པའི་རྒྱུན་དང་རླུང་ལངས་པའི་ ཕྱོགས་བཞིན་དུ་ཁུ་བ་དབྱུང་བའི་ཕྱིར་བསྡད་ན་ཁུ་བ་བྱུང་ཡང་ཉེས་བྱས་མ་བྱུང་ཡང་ཉེས་བྱས། ལྟུང་བ་མེད་པ་ནི་དེའི་ཕྱིར་མ་ཞུགས་པར་ལུགས་པ། ཉེས་པར་མི་འགྱུར་བ་ནི་ཁུ་བ་དབྱུང་བར་མ་བསམས་ལ་འོག་ནས་མིང་གིས་སྨོས་པ་གང་ཡང་རུང་དེ་ལྟ་བུའི་རྐྱེན་གཅིག་གིས་ཁུ་ བ་བྱུང་བ་ནི་ཉེས་མེད་དོ། །བརླ་དང་བདག་གི་བརླ་ལ་ཕོ་མཚན་དྲུད་དེ་ཁུ་བ་བྱུང་བ་དང་། གོས་དང་གོས་ལ་ཕོ་མཚན་དྲུད་དེ་ཁུ་བ་བྱུང་བ་དང་། གཞན་ལ་རེག་པ་དང་། མི་གཞན་གྱིས་བདག་གི་ལུས་ཀྱི་ཡན་ལག་གི་ཤ་དག་ལ་བཟུང་སྟེ་ཁུ་བ་བྱུང་བ་དང་། ཕྲུགས་པ་ནའོ། །གཡོན་པ་དང་རྔོ་ལ་སོགས་པ་ཕོ་མཚན་དང་ཡན་ལག་ལ་སོགས་པ་ལ་ཕྲུགས་པ་ལས། ཁུ་བ་ཕྱུང་བ་དང་འདི་རྣམས་ཀྱི་ཕྱིར་ཁུ་བ་བྱུང་བ་ནི་ཉེས་མེད་དོ། །རེག་པ་མ་ཡིན་པར་མྱོང་ནའོ། །ཁུ་བ་དབྱུང་བར་མ་བསམས་འདོད་ཆགས་ཀྱི་སེམས་ཀྱང་མེད་པར་ཅུང་ མ་མཐོང་བ་དང་། ཁ་ཟས་ཞིམ་པོ་ཟོས་པ་དྲི་བསུང་ཞིམ་པོ་མྱོང་བའི་ཕྱིར་ཁུ་བ་བྱུང་བ་ནི་ཉེས་མེད་དོ། །དེ་དྲན་པས་ན་དེ་ན་ཡང་ངོ་། །བུད་མེད་སྔོན་མཐོང་བ་ཞིག་དྲན་པ་དང་། ཁ་ཟས་དང་དྲི་བསུང་ཞིམ་པོ་ཞིག་སྔོན་མྱོང་བ་དྲན་པ་ལས་ཁུ་བ་བྱུང་བ་ཡང་ཉེས་མེད་དོ། །འབྱིན་པའི་སྟེ་ རྣམ་པར་འབྱེད་པའི་འོ། །ཁུ་བའི་དགེ་འདུན་གྱི་ལྷག་མ་སྟེ། འདུལ་བ་རྣམ་པར་འབྱེད་པའི་ནང་ནས་འབྱུང་བའི་མདོ།། །།འདི་མན་ཆད་ནི་ལྷག་མ་ལྟར་ཁྲིམས་སུ་བཅས་པ་ལས། ཨུ་པཱ་ལིས་དྲིས་ཏེ་ཅི་ཙམ་ལྷག་མ་དང་སྦོམ་པོར་འགྱུར་བའི་བྱེ་བྲག་ཕྱེ་བ། འབབ་མ་ཁད་པའི་ ཚེ་ནི་འཕགས་པའོ། །ཁུ་བ་དབྱུང་བར་བརྩལ་ཏེ་གཞུངས་པའི་ནང་དུ་མ་ཞུགས་ཀྱི་བར་དུ་ནི་འཕགས་པ་ཞེས་བྱ་སྟེ། སྦོམ་པོའོ། །ལུས་ཀྱི་གནས་ལས་འཕགས་ཏེ་གཞུངས་པར་ཞུགས་ན་ལྷག་མ། བབ་མ་ཐག་པ་ནི་གཅེའུར་ཞུགས་པའོ། །རྨི་ལམ་ལྟ་བུ་ན་ཁུ་བ་དབྱུང་བར་ འཕགས་པ་ནི་ལུས་ཀྱི་གནས་ལས་འཕགས་ཏེ། གཞུངས་པའི་ནང་དུ་སོང་མ་ཐག་ཏུ་གཅེའུར་ཞུགས་པ་ཞེས་བྱ་སྟེ། དེ་ལྟ་བུ་ཞིག་ལས་ཁུ་བ་ཐལ་བྱུང་ཕྱུང་ན་སྦོམ་པོ། རྩོམ་པ་ནི་མི་སྦྱོར་བ་མ་ཡིན་ནོ། །ཁུ་བ་བྱུང་བའི་ཕྱིར་བརྩལ་ཏེ་སྤྱད་ན་ཁུ་བ་ལུས་ཀྱི་གནས་ལས་མ་འཕགས་ ཀྱང་སྦོམ་པོ། མ་བརྩལ་བར་བྱུང་ནས་དགའ་བར་ཚོར་ན་དེ་བཞིན་ནོ། །དང་པོ་ནི་ཁུ་བ་དབྱུང་བའི་ཕྱིར་མ་བྱས་མོད་ཀྱི། རྨི་ལམ་མམ་གོས་ལ་སོགས་པ་ལ་དྲུད་དེ་ཁུ་བ་བྱུང་བ་ལ་ཆེད་ཀར་དབྱུང་བ་ནི་ལྷག་མར་གྱུར་ན་ཁོ་རང་བྱུང་བས་སྟེས་སོ་ཞེས་རྗེས་སུ་ཡི་རང་ཞིང་དགའ་བར་ཚོར་ ན་སྦོམ་པོ། །ཕོ་མཚན་བཙིར་ཀུན་མཉེས་ནའོ། །འདོད་ཆགས་ཀྱི་སེམས་ཀྱིས་ཕོ་མཚན་བཙིར་མཉེས་ན་ཁུ་བ་མ་བྱུང་ཡང་སྦོམ་པོ། སྒྲེན་པ་དེ་ལ་བྱུགས་ན་ཡང་། ཕོ་མཚན་སྒྲེན་པ་ལ་ཁུ་བ་དབྱུང་བའི་ཕྱིར་ལག་པའི་སྟེང་དུ་གཞག་པ་ལྟ་བུ་ལས་ཁུ་བ་བྱུང་ན་སྦོམ་པོ། སྨན་ གྱིས་ཕྱུང་ན་ཡང་ངོ་། །ཁུ་བ་ཆེད་ཀར་ཕྱུང་བ་ལྷག་མ་ཞེས་ཏེ་སྨན་འཐུངས་ཏེ་ཁུ་བ་ཕྱུང་ན་ཡང་སྦོམ་པོ་གཞན་གྱི་ཡང་ངོ་། །གཞན་གྱི་ཁུ་བ་བདག་གིས་ཕྱུང་ན་སྦོམ་པོ། འབྱིན་པའི་སྟེ་དྲིས་པའི་འོ། །ཁུ་བ་འབྱིན་པའི་དགེ་འདུན་གྱི་ལྷག་མ་སྟེ། འདུལ་བ་དྲིས་པ་ཞེས་བྱ་ བའི་ནང་ནས་འབྱུང་བའི་མདོ།། །།འདི་མན་ཆད་ནི་ཕ་རོལ་གྱི་གཞི་ཇི་ལྟ་བུ་ལ་ཁུ་བ་ཕྱུང་ན་ལྷག་མ་དང་སྦོམ་པོར་ཅི་ཙམ་གྱིས་འགྱུར་བ་བཤད་པ། བམ་པ་རོ་ལྟ་བུ་བམ་པ་ལ་སོགས་པ། རྣམ་པར་བསྔོས་པ་དང་རྣགས་པ་དང་ཞིགས་པ་དང་རྣམ་པར་ཟོས་པ་དང་རྣམ་ པར་དམར་བ་དང་རྣམ་པར་འཐོར་བ་དང་རོ་ལས་འདི་རྣམས་ལྟ་བུར་གྱུར་པ་དང་། བྲལ་བ་རུས་པ་དང་ལྷུ་ཚིགས་སོ་སོར་བྲལ་བ་དང་། ཀེང་རུས་རུས་པ་དཀར་པོར་གྱུར་པའི་ཀེང་རུས་དང་། མགོ་མགོ་ལ་ཁུ་བ་བྱུང་བ་དང་། རྣ་བ་རྣ་བའི་བུ་གུར་བཅུག་སྟེ་ཁུ་བ་ཕྱུང་བ་དང་། སྣ་སྣའི་བུ་གུར་བཅུག་སྟེ་ཁུ་བ་ཕྱུང་བ་དང་། མགྲིན་པ་མགྲིན་པར་ཁུ་བ་ཕྱུང་བ་དང་། མགྲིན་པའི་བར་དང་། མགྲིན་པའི་ཤ་ཉེར་བའི་བར་དུ་ཁུ་བ་ཕྱུང་བ་དང་། རྩིབ་ལོགས་རྩིབ་ལོགས་སུ་ཁུ་བ་ཕྱུང་བ་དང་། རྒྱབ་རྒྱབ་ཏུ་ཁུ་བ་ཕྱུང་བ་དང་། བྲང་བྲང་དུ་ཁུ་བ་ཕྱུང་བ་ དང་། རྩ་རྩའི་པགས་པ་དྲངས་པའི་བར་དུ་ཁུ་བ་ཕྱུང་བ་དང་། སྐྲའི་བར་དུ་ལུས་ལ་ཆགས་པའི་སྐྲའི་གསེབ་དང་། ལན་བུའི་བར་དང་། ལག་པ་ལག་པར་ཁུ་བ་ཕྱུང་བ་དང་། ཕྲག་པ་ཕྲག་པར་ཁུ་བ་ཕྱུང་བ་དང་། དཔུང་པ་དཔུང་པར་ཁུ་བ་ཕྱུང་བ་དང་། མཆན་ ཁུང་མཆན་ཁུང་དུ་ཁུ་བ་ཕྱུང་བ་དང་། རྐེད་པ་རྐེད་པར་ཁུ་བ་ཕྱུང་བ་དང་། བརླ་བརླར་ཁུ་བ་ཕྱུང་བ་དང་། རྐང་པ་རྐང་པར་ཁུ་བ་ཕྱུང་བ་དང་། བྱིན་པ་བྱིན་པར་ཁུ་བ་ཕྱུང་བ་དང་། འགབ་ཁུང་དུ་ཕྱུང་ན་འགབ་ཁུང་དུ་ཁུ་བ་ཕྱུང་བ་དང་། རྩ་བའི་མིང་གིས་སྨོས་པ་འདི་ རྣམས་ལྟ་བུ་གང་ཡང་རུང་སྟེ་ཁུ་བ་དབྱུང་བའི་སེམས་ཀྱིས་འདི་གཅིག་ལ་ཕྱུང་ན་ཡང་ལྷག་མར་འགྱུར་རོ། །སྦོམ་པོ་ནི་མིང་གིས་སྨོས་པ་འདི་རྣམས་གང་ཡང་རུང་སྟེ་ཁུ་བ་དབྱུང་བའི་ཕྱིར་འདི་གཅིག་ལ་ཕྱུང་ན་སྦོམ་པོར་འགྱུར། ལ་བ་ལ་བ་ལ་ཁུ་བ་ཕྱུང་ བ་དང་། ཕྱིང་པ་ཕྱིང་པ་ལ་ཁུ་བ་ཕྱུང་བ་དང་། དྲིའུ་རྔོག་དྲིའུ་རྔོག་གི་སྟན་ལ་ཁུ་བ་ཕྱུང་བ་དང་། སྔས་ཁབ་སྔས་ཁབ་ལ་ཁུ་བ་ཕྱུང་བ་དང་། ཁྲི་ཁྲི་ལ་ཁུ་བ་ཕྱུང་བ་དང་། ཁྲིའུ་ཁྲིའུ་ལ་ཁུ་བ་ཕྱུང་བ་དང་། ཁྲེས་རྩྭ་བམ་མམ་ཤིང་བལ་གྱི་སྟན་ལ་ཁུ་བ་ཕྱུང་བ་དང་། ཁྲིའུའི་བར་ ཁྲིའུའི་བར་དུ་ཁུ་བ་ཕྱུང་བ་དང་། བུམ་པ་བུམ་པ་ལ་ཁུ་བ་ཕྱུང་བ་དང་། བུམ་བུ་བུམ་བུ་ལ་ཁུ་བ་ཕྱུང་བ་དང་། བུམ་པའི་ཁ་བུམ་པ་དང་བུམ་པའི་ཁར་ཁུ་བ་ཕྱུང་བ་དང་། བྱ་མ་བུམ་བྱ་མ་བུམ་དུ་ཁུ་བ་ཕྱུང་བ་དང་། ཆོལ་ཟངས་ཆོལ་ཟངས་ལ་ཁུ་བ་ཕྱུང་བ་དང་། རྡོ་རྡོ་ལ་ཁུ་བ་ཕྱུང་ བ་དང་། སྐྱང་ནུལ་སྐྱང་ནུལ་ལ་ཁུ་བ་ཕྱུང་བ་དང་། སྐྱང་ནུལ་གྱི་བར་སྐྱང་ནུལ་གྱི་རྩིག་པ་ལས་འཕགས་པའི་བར་དུ་ཁུ་བ་ཕྱུང་བ་དང་། སྒོ་གཏན་སྒོ་གཏན་ལ་ཁུ་བ་ཕྱུང་བ་དང་། ཤ་སྣ་གུ་ལའོ། །རོའི་ཤ་དུམ་བུར་གྱུར་པ་བརླའམ་ལག་པ་ལས་གང་གི་ཤ་ཡིན་པར་མི་ཤེས་ པར་མིང་གིས་སྨོས་པ་འདི་རྣམས་ལ་མ་གཏོགས་པར། གཞན་ཅི་ཡང་རུང་འདོད་ཆགས་ཀྱི་སེམས་ཀྱིས་ཁུ་བ་ཕྱུང་ན་སྦོམ་པོ། རྨ་བཙིར་ན་ཡང་ངོ་། །མི་ཚངས་པར་སྤྱོད་པ་འདོད་པའི་ཕྱིར། ཕོ་མཚན་དང་། ཁ་དང་། རྐུབ་གསུམ་རྨ་ཡོད་ཀྱང་རུང་། རྨ་མེད་ཀྱང་རུང་འདོད་ཆགས་ཀྱི་ སེམས་ཀྱིས་བཙིར་ཏམ་མཉེས་ན་ཕམ་པའི་སྦོམ་པོ། བུད་མེད་ལ་བྱ་བར་བརྩམས་ཏེ་བཙིར་ན་ཡང་ངོ་། །མི་ཚངས་པར་སྤྱོད་པར་བརྩལ་ཏེ་མོ་མཚན་བཙིར་ཏམ་མཉེས་ཏེ་བཏང་ན་ཕས་ཕམ་པའི་སྦོམ་པོ། ཁ་དང་རྐུབ་གཉིས་ཀྱང་དེ་དང་འདྲ། དེར་མཐེབ་མོ་བཅུག་ན་ཡང་ངོ་། །མི་ ཚངས་པར་སྤྱད་འདོད་པའི་ཕྱིར་མོ་མཚན་དུ་མཐེབ་མོ་བཅུག་ན་ཕས་ཕམ་པའི་སྦོམ་པོ། འགྲོ་བ་ལས་བྱུང་བ་ཡང་ངོ་། །མི་ཚངས་པར་སྤྱོད་དུ་སོང་སོང་བ་ལས་ལམ་དུ་ཁུ་བ་ཕྱུང་ན་ཕས་ཕམ་པའི་སྦོམ་པོ། གནས་ནས་གནས་སུ་སོང་ན་ཡང་ངོ་། །ཁུ་བ་དབྱུང་བའི་ཕྱིར་ཕར་ སོང་ཚུར་སོང་བྱས་ཏེ་ཁུ་བ་ཕྱུང་ནའང་སྦོམ་པོ། ལོག་པ་ཡིད་ལ་བྱས་ན་ཡང་ངོ་། །འདོད་ཆགས་ཀྱི་སེམས་ལངས་ཏེ་ཁུ་བ་དབྱུང་བར་བསམས་པ་ལས་ཁུ་བ་བྱུང་ནའང་སྦོམ་པོ། ཕོ་མཚན་བཟུང་ན་ཡང་ངོ་། །ཁུ་བ་དབྱུང་བའི་འདོད་ཆགས་ཀྱི་སེམས་ཡོད་དེ་ཕོ་མཚན་ལ་ བཟུང་བ་ལས་ཁུ་བ་བྱུང་ན་སྦོམ་པོ། ལྟུང་བ་མེད་པ་ནི་སྒྲེའུས་བྲུད་པ་ནའོ། །ཁུ་བ་མང་དུ་ཟག་པའི་ཕྱིར་སྒྲེའུ་བཏགས་པ་ལས་ཁུ་བ་དབྱུང་བའི་སེམས་མེད་པར་སྒྲེའུ་ནང་དུ་བཅུག་པ་ལས་འདྲུད་དེ་ཁུ་བ་བྱུང་བ་ནི་ཉེས་མེད་དོ། །སྔོན་གྱི་ཆུང་མས་འཁྱུད་དེ་ན་ཡང་ངོ་། །འདོད་ ཆགས་དང་ཁུ་བ་དབྱུང་བའི་སེམས་མེད་པར་སྔོན་གྱི་ཆུང་མས་སྡུག་པའི་ཕྱིར་ལུས་སམ་མགུལ་ནས་འཁྱུད་པ་ལས་ཁུ་བ་བྱུང་བའང་དགའ་བར་ཚོར་བའི་སེམས་མེད་ན་ཉེས་མེད་དོ། །རྐང་པ་དང་བྱིན་པ་དང་བརླ་དང་སོར་མོ་ལ་སོགས་པ་བུད་མེད་ཀྱིས་བཟུང་ན་ཡང་ངོ་། །ལུས་ཀྱི་ཡན་ ལག་མིང་གིས་སྨོས་པ་འདི་རྣམས་ལ་བུད་མེད་ཀྱིས་བཟུང་སྟེ་འདོད་ཆགས་ཀྱི་སེམས་མེད་ཅིང་ཁུ་བ་དབྱུང་བར་མ་བསམས་པར་ཁུ་བ་བྱུང་ན་དགའ་བར་མ་ཚོར་ཞིང་དང་བའི་སེམས་མེད་ན་ཉེས་མེད། འབྱིན་པའི་སྟེ་རྣམ་པར་གདོན་མི་ཟ་བའི་འོ། །དགེ་འདུན་གྱི་ལྷག་མའི་ཁུ་བ་འདུལ་ བ་རྣམ་པར་གདོན་མི་ཟ་བ་ཞེས་བྱ་བའི་ནང་ནས་འབྱུང་བའི་མདོ་འབྱིན་པ་རྫོགས་སོ། །ཁུ་བའི་དགེ་འདུན་གྱི་ལྷག་མ་འདུལ་བའི་སྡེ་སོ་སོ་ནས་འབྱུང་བའི་མདོ་རྫོགས་སོ།། །།འདི་མན་ཆད་དགེ་འདུན་གྱི་ལྷག་མ་འཛིན་པ་ལ་འཆད། འདི་ནི་བུད་མེད་ལས་བྱེད་དོ། །འཛིན་པའི་ ལྷག་མར་འགྱུར་བ་ནི་བུད་མེད་ལས་བཟུང་བ་ལས་འགྱུར་རོ། །དབེན་པའི་འདུག་པ་དང་གནས་པ་ཡང་ངོ་། །དབེན་པ་གཉིས་ཏེ་ས་དབེན་པར་བུད་མེད་དང་འདུག་པ་དང་། དགེ་སློང་མ་དང་། འགྲེང་པའི་ལྟུང་བ་གཉིས་ཀྱང་བུད་མེད་ལས་འགྱུར་རོ། །སྨྱན་གནས་ཀྱང་། སྨྱན་ གནས་སུ་འདུག་པ་དང་གབ་པ་གཉིས་ཀྱི་ལྟུང་བ་ཡང་བུད་མེད་ལས་འགྱུར་རོ། །ལྷན་ཅིག་ཉལ་བ་ཡང་ངོ་། །བུད་མེད་དང་ཁྱིམ་གཅིག་ན་ཉལ་བ་ཡང་བུད་མེད་ལས་འགྱུར་རོ། །ལམ་དུ་རིག་པའི་སྐྱེས་པ་མེད་པར་ལྷན་ཅིག་འགྲོ་བ་ཡང་ངོ་། །ལམ་དུ་རིག་པའི་སྐྱེས་པ་མེད་ པར་བུད་མེད་དང་འགྲོགས་པའི་ལྟུང་བ་ཡང་བུད་མེད་ལས་འགྱུར་རོ། །མདོ་བཞིན་པ་གཉིས་ཀྱང་ངོ་། །འཛིན་པའི་འོག་ནས་སྨྱེ་ཚིག་དང་ཀུན་སྤྱོད་དང་འབྱུང་བ་གཉིས་ཀྱང་བུད་མེད་ལས་ལྷག་མར་འགྱུར་རོ། །ཁྱིམ་མ་ལ་ཆོས་འཆད་པའི་ཚེ་རིག་པའི་སྐྱེས་པ་ དང་ལྷན་མི་ཅིག་པ་ཡང་ངོ་། །ཁྱིམ་མ་ལ་རིག་པའི་སྐྱེས་པ་མེད་པར་ཆོས་བཤད་པའང་བུད་མེད་ལས་ལྟུང་བར་འགྱུར་རོ། །ལྷན་ཅིག་ཀྱང་མ་བརྟགས་པ་ལ་ནའོ། །ཁྱིམ་མ་ལ་ཆོས་འཆད་པའི་ཚེ་རིག་པའི་སྐྱེས་པ་ཡོད་དུ་ཟིན་ཀྱང་། །ཁྱིམ་མ་ཉིད་སླར་སྟེག་པའམ་མི་རྟག་པའམ་ མི་གཙང་བའི་ཆོས་བཤད་པ་ནའང་རྟག་ཅིང་གཙང་ལ་བཟང་ངོ་ཞེས་ཟེར་བ་ལ་ཆོས་མི་བཤད། དེ་ལ་ཉེས་བྱས་པའོ། །མདོ་ལྟག་མ་ལྟར་ཁྱིམ་པ་སྟེག་པ་ལ་ཆོས་བཤད་ན་ཉེས་བྱས། གླིང་གཞན་ནས་སྐྱེས་པ་དང་། ཤར་ཕྱོགས་དང་ནུབ་ཕྱོགས་དང་བྱང་ཕྱོགས་ཀྱི་གླིང་གསུམ་ གྱི་མི་ལམ་དུ་འགྲོགས་པ་དང་ཆོས་བཤད་པའི་མི་རིག་པའི་སྐྱེས་པར་བཞག་ན་བརྡ་ཕྲད་ཀྱང་སྨྱེ་བ་བྱ་བའི་ཆོ་ག་དང་། བརྡ་མི་མཐུན་པའི་ཕྱིར་ཉེས་བྱས་ཟེག་ཟེག་པོ་ཅན་འབྲི་བའོ། །བུད་མེད་དང་ལམ་དུ་འགྲོ་བ་དང་ཆོས་འཆད་པའི་རིག་པའི་སྐྱེས་པ་གླིང་གཞན་གྱི་མི་མ་ཡིན་ཞིང་ བརྡ་ཕྲད་དུ་ཟིན་ཀྱང་། རིག་པའི་སྐྱེས་པ་དེ་ཉིད་སྟེག་པའི་ཆོས་བྱེད་པ་ཞིག་ནའང་ཉེས་བྱས་ཏེ་སྟེག་པ་དེ་ལ་མ་བཤད་དེ་བཏང་ན་ཉེས་མེད། དེ་གོ་བས་སོ། །ཁྱིམ་མ་ལ་འཆད་པའི་རིག་པའི་སྐྱེས་པ་ནི་གོ་ཞིང་བརྡ་ཕྲད་པས་བྱའོ། །རིག་པའི་སྐྱེས་པ་ཡེངས་སམ་གཉིད་ལོག་པ་ལ་ཆོས་ བཤད་དེ་མ་གོ་ན་ཉེས་བྱས། དེ་ལྟ་བུའི་ཚུལ་ན་གཉིས་པོའི་མཚན་མ་དོན་མེད་དོ། །ལྷག་མ་དང་ལྟུང་བ་བུད་མེད་ལས་འགྱུར་བ་བཅུ་ལྟག་ནས་མིང་གིས་སྨོས་པའི་རྣམས། མ་ནིང་མོ་མཚན་ཆེ་བ་ཞིག་ལ་ལྷག་མ་ཞིག་བྱས་ན་ཡང་ལྷག་མ་དང་དངོས་སུ་འགྱུར་རོ། །ལྟུང་བ་ཞིག་བྱས་ན་ ཡང་ལྟུང་བ་དངོས་སུ་འགྱུར་རོ། །མོ་མཚན་ཆེ་བའི་བྱེ་བྲག་ནི། ཕོ་མཚན་དང་མོ་མཚན་ཆེ་ཆུང་དང་སྤྱད་དུ་རུང་མི་རུང་གིས་དབྱེའོ། །ཆེ་ཆུང་མེད་ན་ནུ་མ་དང་ཁ་སྤུས་བྱེ་བྲག་དབྱེའོ། །འདིར་ཕྱེད་དུ་འགྱུར་རོ། །བུད་མེད་དང་ལམ་དུ་འགྲོ་བ་དང་ཆོས་འཆད་པའི་སྐྱེས་པའི་གོར་མ་ནི་ གཞག་ན་མཚན་ཆེ་ཆུང་མཚུངས་ཏེ་ཉེས་བྱས། ཐ་མ་གསུམ་ནི་ལེགས་པར་སྨྲས་པ་དང་ཉེས་པར་སྨྲས་པའི་དོན་ཀུན་ཤེས་པའོ། །ལྟག་ཏུ་ལྷག་མ་དང་ལྟུང་བ་བུད་མེད་ལས་འགྱུར་བ་བཅུའི་ཐ་མ་རྒྱོ་ཚིག་དང་ཀུན་སྤྱོད་དང་། ཁྱིམ་མ་ལ་ཆོས་འཆད་པ་ནི་བུད་མེད་བརྡ་ཕྲད་ཅིང་གོ་ལ་ ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་དོན་ཀུན་ཤེས་པ་ལ་བྱས་ན་ལྷག་མ་དང་ལྟུང་བར་འགྱུར། གཞན་ནི་སྨྱེ་བ་བྱ་བར་བཟོད་པ་ལ་རྩ་བའོ། །ལྷག་མ་དང་ལྟུང་བ་བུད་མེད་ལས་འགྱུར་བ་བཅུ་ལ་མདོ་ལྟག་མའི་ནང་དུ་གསུམ་སྨོས་པ་མ་གཏོགས་པར། གཞན་བདུན་ནི་ བུད་མེད་མི་ཚངས་པར་བྱ་བར་བཟོད་པ་ལ་བྱས་ན་ལྷག་མ་དང་ལྟུང་བར་འགྱུར། གཞན་ནི་མདོ་བཞིན་པའོ། །ལྷག་མ་དང་ལྟུང་བ་བུད་མེད་ལས་འབྱུང་བ་བཅུ་ལ་རྒྱོ་ཚིག་དང་ཀུན་སྤྱོད་དང་། ཁྱིམ་མ་ལ་འཆད་པ་གསུམ་བུད་མེད་བརྡ་མི་ཕྲད་པ་ལ་བྱས་ན་སྦོམ་པོ་དང་ཉེས་བྱས། འཛིན་པ་ལ་སོགས་པ་བདུན་ནི། བུད་མེད་མི་ཚངས་པར་སྤྱད་དུ་མི་བཟོད་པ་ལ་བྱས་ན་ལྷག་མ་ནི་སྦོམ་པོར་འགྱུར། ལྟུང་བ་ནི་ཉེས་བྱས་སུ་འགྱུར་རོ། །མ་ནིང་འདི་ནི་མཚན་གཉིས་ན་མེད་ཀྱི་སོ་སོའམ། མཚན་མ་ཙམ་ཡོད་པ་ལ་བྱ་སྟེ་མི་བཟོད་པ་ལ་བྱ། མ་ནིང་ཕ་དང་མ་ནིང་མ་དང་འཕྲུལ་ བ་འང་དེ་བཞིན་ནོ། །ལྷག་མ་དང་ལྟུང་བ་བུད་མེད་ལས་འགྱུར་བ་རྣམས་མ་ནིང་དང་འཕྲུལ་པའི་བུད་མེད་ལ་བྱས་ན་ལྷག་མའི་སྦོམ་པོ་ལྟུང་བ་ནི་ཉེས་བྱས་སུ་འགྱུར། སྤྱད་དུ་བཟོད་ཅིང་བརྡ་ཕྲད་ཀྱང་དགའ་བའི་ཆ་ཤས་ཆུང་བའི་ཕྱིར་སྦོམ་པོར་འགྱུར་ཏེ་འབྲིའོ། །འདི་གསུམ་ནི་སྐྱེས་ པ་ལ་ཡང་ངོ་། །འཛིན་པ་དང་རྒྱོ་ཚིག་དང་ཀུན་སྤྱོད་གསུམ་འདོད་ཆགས་ཀྱི་སེམས་དང་བཅས་པས་སྐྱེས་པ་ལ་བྱས་ཀྱང་སྦོམ་པོ། དེའི་དགའ་བ་མྱོང་བར་འདོད་པ་ལས། འདོད་ཅིང་ཆགས་པ་དང་། འོན་ཏེ་འདོད་ཆགས་དང་བཅས་ན་ཡང་ངོ་། །བརྟུལ་བ་དང་མདོ་འོག་མ་ལས་ ཡན་ལག་གཉིས་འཆད་པ་དང་བཞིར་ལྡན་ན་ལྷག་མའོ། །དེའི་ཞེས་ཟེར་བ་ནས་ཡང་ངོ་ཞེས་ཟེར་བའི་ཕྱིར་འཆད། ཆགས་ཤིང་བརྟུལ་ཏེ་བཟུང་ནས་དགའ་བར་ཚོར་ན་ལྷག་མ་ཆགས་པ་མེད་ལ་བརྟུལ་ཏེ་བཟུང་ན་ཡང་སྦོམ་པོ། བརྟུལ་བ་མེད་ལ་ཆགས་ཏེ་བཟུང་ན་སྦོམ་པོ། ཆགས་པའང་མེད་བརྟུལ་བའང་མེད་པར་བུད་མེད་ལ་བཟུང་ན་ཉེས་བྱས། ལུས་ལ་རེག་པ། བུད་མེད་ཀྱི་ལུས་ལ་བཟུང་བ། དགའ་བར་ཚོར་ན་ཡང་ངོ་། །བཟུང་ནས་དགའ་བར་ཚོར་བ་ཡན་ལག་འདི་བཞི་དང་ལྡན་ཏེ། བུད་མེད་ལ་བཟུང་ན་འཛིན་པའི་ དགེ་འདུན་གྱི་ལྷག་མར་འགྱུར། ལན་བུ་ཡང་དེ་དང་འདྲ། བུད་མེད་ཀྱི་སྐྲའི་ལན་བུ་ལས་བཟུང་ན་ཡང་འཛིན་པའི་དགེ་འདུན་གྱི་ལྷག་མར་འགྱུར། དེ་ལ་གཏོགས་པའི་གོས་ཀྱང་ངོ་། །སྐྲ་ཆིངས་དང་ཅོད་པན་ལས་བཟུང་ན་ཡང་སྐྲ་དང་འབྲེལ་ཅིང་ཚོར་བ་ཡོད་པའི་སྟེང་དུ་ དགའ་བའི་ཤས་ཆེ་བའི་ཕྱིར་ལྷག་མར་འགྱུར། རེག་པ་དང་ལག་པས་བསྣམས་པ་དང་། ཀུན་དུ་རེག་པ་དང་། ལག་པས་མཉེས་པ་དང་། སྤྲད་པ་དང་བྲང་ངམ་གདོང་ལྟ་བུ་བཅར་ཞིང་སྤྲད་པ་དང་། བཟུང་བ་དང་ལུས་ཀྱི་ཡན་ལག་གང་ཡང་རུང་ལག་གིས་བཟུང་བ་དང་། འདྲེན་པ་དང་བཟུང་ནས་དྲངས་པ་དང་། ཀུན་འདྲེན་པ་དང་བཟུང་ནས་ཡང་དང་ཡང་དྲངས་པ་དང་དྲངས་ནས་བསྐོར་བ་དང་། བཏེག་པ་དང་ཕང་དུ་བླངས་པ་དང་གནམ་དུ་བཏེག་པ་དང་། བཞག་པ་བླངས་ཏེ་སར་བཞག་པ་དང་། བཙིར་བ་དག་ལ་བཙིར་བའམ་བཅུམ་པའམ་ མནན་པ་དང་བྱེ་བྲག་མེད་དོ། །མིང་གིས་སྨོས་པ་འདི་རྣམས་གང་ཡང་རུང་བུད་མེད་ལ་བྱས་ན་ལྷག་མར་འགྱུར་རོ། །རྟེན་གྱིས་ཀྱང་ངོ་། །མདོ་ལྟག་མ་ནས་མིང་གིས་སྨོས་པ་གང་ཡང་རུང་བུད་མེད་ཀྱིས་དགེ་སློང་ལ་བྱ་སྟེ་ཡན་ལག་འདི་བཞི་དང་ལྡན་ན་ལྷག་མར་འགྱུར། གོས་ཀྱིས་དཀྲིས་པ་ལ་ནི་མདོ་བཞིན་པའོ། །བུད་མེད་གོས་གྱོན་པའི་སྟེ། སྟེང་ནས་བཟུང་བ་ནི་སྦོམ་པོ། དར་ལྟ་བུར་སྲབ་མོ་ལས་བཟུང་ན་ལྷག་མར་འགྱུར། ཉེས་བྱས་པ་ནི་བྲི་ཡང་ཐ་མི་དད་དོ། །ཕམ་པ་དང་ལྷག་མ་ལས་བྲི་བ་ནི་སྦོམ་པོ། སྦོམ་པོ་དང་ལྟུང་བ་ལས་ བྲི་བ་ནི་ཉེས་བྱས། ཉེས་བྱས་ལས་བྲི་བ་ནི་ཉེས་བྱས་སུ་ཟད་དོ། །དགེ་སློང་མ་ལ་མི་རེག །འདོད་ཆགས་ཀྱི་སེམས་མེད་པར། དགེ་སློང་མ་ལ་རེག་ན་ཉེས་བྱས་ཡན་ལག་དང་ལྡན་པས། དགེ་སློང་མ་བཟུང་བ་ནི་ལྷག་མར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས། བུད་མེད་ ལ་ཡང་མ་ཡིན། བུད་མེད་ལ་འདོད་ཆགས་ཀྱི་སེམས་མེད་ཀྱང་མི་རེག །རེག་ན་ཉེས་བྱས། རེག་པ་ནི་ཆུས་ཁྱེར་བ་ལས་དབྱུང་བའི་ཕྱིར་དཔུང་པའམ། སྐྲ་ལ་མ་དང་སྲིང་མོ་དང་བུ་མོར་འདུ་ཤེས་བཞག་སྟེའོ། །བུད་མེད་ཆུས་ཁྱེར་བ་ནི་མ་དང་སྲིང་མོ་དང་། བུ་མོར་ འདུ་ཤེས་བཞག་སྟེ། ཆུ་ལས་དབྱུང་བའི་ཕྱིར་རེག་ཀྱང་ཉེས་མེད་དོ། །བཟུང་བ་ནི་རོ་སྨད་ན་མི་བཟུང་གི་དཔུང་པའམ་སྐྲ་ལས་བཟུང་སྟེ་དབྱུང་ངོ་། །བྱེ་ཕུང་ལ་དྲན་པ་ཐོབ་པའི་ཕྱིར་ཁ་སྤུབ་ཏུ་གཞག །མདོ་ལྟག་མ་ལྟར་བུད་མེད་ཆུས་ཁྱེར་བ་དབྱུང་བ་དེ་ལྟོ་ཆུས་གང་སྟེ་ བརྒྱལ་ན་ཆུ་དབྱུང་ཞིང་སོས་པར་བྱ་བའི་ཕྱིར་བྱེ་མའི་སྟེང་དུ་ཁ་སྤུབ་ཏུ་གཞག །ཁྲིའུ་བཞིན་དུ་བསྲུང་ངོ་། །མདོ་ལྟག་མ་ལྟར་བྱེ་མ་ལ་ཁ་སྤུབ་སྟེ་བཞག་པ་དེའི་དྲུང་དུ་བདག་མི་འདུག་པར་མིག་རྒྱང་གིས་ཁྱིམ་པ་ལ། དགེ་འདུན་གྱིས་ཁྲི་སྟན་བརྙར་བྱིན་པ་སྲུང་བ་བཞིན་ དུ་བྱ་ར་བྱའོ། །བ་ལང་རྫི་འམ་ར་ལུག་རྫི་ལ་གཏམས་ཏེ་ཟས་ཀྱི་ཕྱིར་འགྲོའོ། །བདག་ཟས་ཀྱི་དུས་ལ་བབ་སྟེ་འགྲོ་ནའང་བྱེ་ཕུང་ལ་ཁ་སྦུབ་སྟེ་བཞག་པའི་བུད་མེད་ཕྱུགས་རྫི་བའམ། སུ་འདུག་པ་ལ་གཏམས་ཏེ་མ་ཤི་བར་བྱོས་ཤིག་པར་བསྒོ་ལ་འགྲོ། འཚོ་བའམ་ མི་འཚོ་བ་ཡང་བརྟག །ཆུས་ཁྱེར་བའི་བུད་མེད་དེ་མིག་རྒྱང་དུ་བསྲུངས་པ་ལ་འཚོ་འམ་མི་འཚོ་ཡང་ཡང་སྐབས་སྐབས་སུ་བལྟ་ཞིང་བརྟག །ཉེས་མེད་པ་ནི་སྙིང་རྗེའི་ཕྱིར་དག་པའི་སེམས་ཀྱིས་བུད་མེད་ཀྱིས་འཁྱུད་པའོ། །བུད་མེད་ཉིད་སྙིང་རྗེ་ཞིང་དག་པའི་སེམས་ཀྱིས་ བདག་ལ་བཟུང་ཞིང་འཁྱུད་པ་ནི་ཉེས་མེད་དོ། །བུད་མེད་རྒན་པོ་གཙང་ག་ལ་ཞེས་བྱ་བ་ཞིག་གིས་སངས་རྒྱས་འཁོར་དང་བཅས་ཏེ་འཆག་ཏུ་གཤེགས་པ་ལ་སངས་རྒྱས་ཀྱི་སྐུ་ལ་འཁྱུད་ནས་ཨ་ནན་གྱིས་འཁྱུད་དུ་མ་བཅུག་པ་དང་། སངས་རྒྱས་ཀྱི་ཞལ་ནས་ཚེ་རབས་ལྔ་བརྒྱར་ངའི་ མ་བྱས་ཏེ། དེའི་བག་ཆགས་ལས་སྡུག་ཅིང་དགའ་བའི་སེམས་ཀྱིས་འཛིན་པ་ཡིན་ཏེ། འཛིན་དུ་མ་བཅུག་ན་ཁྲག་ཏུ་སྐྱུགས་ཏེ་འཆི་ཡིས་ཞོག་ཤིག་ཅེས་བྱུང་བ་ལས་བཅས། ལུས་ཀྱིས་རེག་པའི་སྟེ་རྣམ་པར་འབྱེད་པའི་འོ། །འཛིན་པའི་དགེ་འདུན་གྱི་ལྷག་མ་འདུལ་བ་ རྣམ་པར་འབྱེད་པའི་ནང་ནས་འབྱུང་པའི་མདོ།། །།འཇམ་མཉེན་དྲོ་བའི་བསམ་པས་སྦོམ་པོའོ། །འདོད་ཆགས་ཀྱི་སེམས་མེད་ལ་བུད་མེད་ཀྱི་ལུས་ལ་འཇམ་པའམ་མཉེན་པའམ་དྲོ་བའི་ཕྱིར་བསམས་ཏེ་སད་པའི་ཕྱིར་བཟུང་བ་ནི་སྦོམ་པོ། ལྟུང་བ་མེད་པ་ནི་ སྙིང་རྗེས་སྡུག་བསྔལ་བ་ལས་བཏང་ནའོ། །བུད་མེད་ལ་རེག་ཀྱང་ཉེས་པར་མི་འགྱུར་བ་ནི་བཅིངས་པ་དང་བཟུང་བ་དང་བཏགས་པ་དང་མེར་སོང་བ་ལ་སོགས་པ་དབྱུང་ཞིང་དགྲོལ་བའི་ཕྱིར་སྙིང་རྗེ་བའི་སེམས་ཀྱིས་རེག་པ་ནི་ཉེས་མེད་དོ། །མ་དང་སྲིང་མོ་དང་བུ་མོ་དེའི་འདུ་ཤེས་ ཀྱིས་ནའོ། །མདོ་ལྟག་མ་ལྟར་བུད་མེད་ཉོན་མོངས་པ་སྙིང་རྗེས་བཏང་བའི་ཕྱིར་རེག་པ་ནི་རྒན་མོ་ལ་ནི་མར་བསམས། དེ་བས་གཞོན་ནུ་ལ་ནི་སྲིང་མོར་བསམས། གཞོན་ནུ་ཆུང་ངུ་ལ་ནི་བུ་མོར་བསམས་ཏེ་རེག་ན་ཉེས་མེད་དོ། །སྔོན་སྤྱོད་པ་ལ་ཀུན་དགའ་བས་ཀྱང་ངོ་། ། སྔོན་གྱི་ཆུང་མ་སྡུག་ཅིང་དགའ་བའི་ཕྱིར་བཟུང་སྟེ། དགེ་སློང་འདོད་ཆགས་ཀྱི་སེམས་མ་ལངས་ན་ཉེས་མེད། ལུས་ཀྱི་རེག་པ་སྟེ་དྲིས་པའི་འོ། །འཛིན་པའི་དགེ་འདུན་གྱི་ལྷག་མ་འདུལ་བ་དྲིས་པ་ཞེས་བྱ་བའི་ནང་ནས་འབྱུང་བའི་མདོ།། །།བསླང་བ་དང་ཟན་དང་སྐོམ་ ལ་སོགས་པས་བུད་མེད་ལ་བྱ། ས་དང་བོང་བ་ལ་སོགས་བུད་མེད་ཀྱི་དབང་པོར་བཅུག་ན་སྦོམ་པོའོ། །བུད་མེད་ཀྱི་མོ་མཚན་དུ་མིང་གིས་སྨོས་པ་འདི་རྣམས་ལས་གང་ཡང་རུང་རེག་པར་འདོད་པའི་ཕྱིར་བཅུག་ན་སྦོམ་པོའོ། །ཆུང་མ་ཞིག་གཉིད་ཀྱིས་ལོག་སྟེ་མོ་མཚན་ སྣང་བ་ལ་དྲུག་སྡེས་ཁ་དང་དེ་བ་སྦིབས་ཤིང་བཞུགས་ན་བཤོས་གསོལ་ཞེས་ཟེར་ཞིང་མོ་མཚན་དུ་ཟན་ལ་སོགས་པ་བཅུག་པ་ལས་བཅས། ཉེས་བྱས་པ་ནི་རྐང་པའམ་ཕྲག་པ་ལ་སོགས་པས་བུད་མེད་ལ་ཕུལ་ནའོ། །འདོད་ཆགས་ཀྱི་སེམས་མེད་ཀྱང་བུད་མེད་ཀྱི་ཁྲོད་ དུ་ལུས་དང་ཕྲག་པ་དང་། རྡོག་པ་ལ་སོགས་པས་ཕུལ་ཅིང་སོང་ན་ཉེས་བྱས། དེ་སྟན་ལ་ཡང་ངོ་། །བུད་མེད་ཀྱི་སྟན་ལ་བུད་མེད་འདུག་ཀྱང་རུང་མི་འདུག་ཀྱང་རུང་འགྲེང་ཡང་རུང་། འདོད་ཆགས་ཀྱི་སེམས་ཀྱིས་ཕུལ་ཏམ་རེག་ན་ཉེས་བྱས། བྲེད་དེ་འགྱེལ་བའི་བུད་མེད་ བསླང་ན་ཡང་ངོ་། །བུད་མེད་སྟེག་འཆོས་པ་ལ་བསླང་ན་འདོད་ཆགས་ཀྱི་སེམས་མེད་ཀྱང་ཉེས་བྱས་སུ་འགྱུར་ཏེ། ཤི་བའམ་ལྡང་མི་ནུས་པ་མ་ཡིན་པས་བསླང་བའི་སྐབས་སུ་མི་འབབ་པས་ཉེས་བྱས། ལྟུང་བ་མེད་པ་ནི་བུད་མེད་ཀྱི་དེ་ལ་དེ་གསུམ་བྱས་པའོ། །མདོ་ ལྟག་མ་གསུམ་བུད་མེད་ཀྱི་བདག་ལ་བྱ་སྟེ་འདོད་ཆགས་ཀྱི་སེམས་མ་ལངས་པ་ནི་ཉེས་མེད། བཟུང་བ་ཡང་ངོ་། །བུད་མེད་ཀྱིས་བདག་གི་ལུས་ཀྱི་ཡན་ལག་ལས་བཟུང་སྟེ་འདོད་ཆགས་མ་གཡོས་ན་ཉེས་མེད། མས་འཁྱུད་ན་ཡང་ངོ་། །བདག་གི་མས་སྡུག་པའི་ ཕྱིར་ལུས་ལ་འཁྱུད་དེ་འདོད་ཆགས་ཀྱི་སེམས་མ་ལངས་ན་ཉེས་མེད། བུ་མོ་པང་དུ་འདུག་ན་ཡང་ངོ་། །བདག་གི་བུ་མོ་སྔོན་འགྲོགས་འགྲོགས་པའི་དབང་གིས་བདག་གི་པང་པར་འདུག་པ་ནི་ཉེས་མེད། འགྱེལ་ཏེ་བུད་མེད་ཀྱི་སྟེང་དུ་ལྟུང་ན་ཡང་ངོ་། །རེངས་པའམ་ འཇིགས་པས་བདག་བུད་མེད་ཀྱི་སྟེང་དུ་འགྱེལ་ཏམ་སྟེག་འཆོས་ཏེ་རེག་ནའང་ཉེས་མེད། ལུས་ཀྱི་རེག་པ་སྟེ་བྱེ་བྲག་ཏུ་གདོན་མི་ཟ་བའི་འོ། །འཛིན་པའི་དགེ་འདུན་གྱི་ལྷག་མ་འདུལ་བ་བྱེ་བྲག་ཏུ་གདོན་མི་ཟ་བའི་ནང་ནས་འབྱུང་བའི་མདོ་ལུས་ཀྱི་རེག་པའོ། །འཛིན་པའི་དགེ་ འདུན་གྱི་ལྷག་མ་འདུལ་བ་སྡེ་སོ་སོའི་ནང་ནས་འབྱུང་བའི་མདོ་རྫོགས་སོ།། །།འདི་མན་ཆད་སྨྱེ་ཚིག་ལ་འཆད། སྨྱེ་ཚིག་ཏུ་སྨྲས། འཛིན་པའི་རྩིས་མགོ་བཞིའི་སྟེང་དུ་སྨྱེ་ཚིག་ཏུ་སྨྲས་པ་འདིས་བསྣན་ཏེ་ལྔར་ལྡན་ན་ལྷག་མའོ། །སྨྱེའི་དོན་ལས་སོ། །སྨྱེ་ཚིག་ནི་ར་རྒྱ་རྣ་རུ་བྱའོ་ཞེས་ བྱས་པ་ལ་བྱ། ཆགས་པ་དང་བརྟུལ་བ་དང་རྒྱོའོ་ཞེས་སྨྲས་པ་དང་དགའ་བར་ཚོར་བ་དང་བུད་མེད་ཡིན་པ་དང་། ཚིག་བརྡ་ཕྲད་པ་དང་ཡན་ལག་འདི་རྣམས་ལྡན་ན་སྨྱེ་ཚིག་གི་ལྷག་མར་འགྱུར་རོ། །ཊཱི་ཀ་འདི་ནི་མདོ་འདི་གཉིས་ལ་སྤྱིར་འཆད། གང་གིས་ཆད་པར་ནུས་ན་ དེས་ནི་བསྒོ་བའི་མཐའོ། །མི་ཚངས་པར་སྤྱོད་དོ་ཞེས་བུད་མེད་ལ་སྨྲ་བའི་ཚེ་མི་ཚངས་པར་ཞེས་ནི་ཁར་བྱུང་གི་སྤྱོད་དོ་ཞེས་བྱ་བ་ཁར་མ་བྱུང་ཡང་སྔ་མ་ཕྱེད་བྱུང་བས་མི་ཚངས་པར་སྤྱོད་པར་བུད་མེད་ཀྱིས་གོ་ན་ལྷག་མར་འགྱུར་རོ། །དེར་ཆུད་པའི་དོན་སྨྲས་ན་སྦྱོར་བ་མ་ཡིན་པ་ མ་ཡིན་ནོ། །མི་ཚངས་པར་སྤྱོད་དོ་ཞེས་ནི་མ་སྨྲས་ཀྱི་སྟེག་སྔགས་སམ་ཟུར་དུ་སྨྲས་ཏེ་བུད་མེད་ཀྱིས་མི་ཚངས་པར་སྤྱད་པར་གོ་ཡང་སྦོམ་པོ། བསྟོད་པ་དང་། བུད་མེད་ཀྱི་ཁ་དང་རྐུབ་དང་མོ་མཚན་གསུམ་བཟང་ངོ་འཇམ་མོ་ཞེས་བསྟོད་པ་དང་། སྨད་པ་དང་སྒོ་གསུམ་ ལ་མནམ་མོ་མི་སྡུག་གོ་བཤུལ་ཞེས་སྨྲས་པ་དང་། གསོལ་བ་དང་བུད་མེད་ཀྱི་སྒོ་གསུམ་ལ་བསླངས་པ་དང་བུད་མེད་ཉིད་སྐོག་ཏུ་འདོང་ཞེས་བསླངས་པ། ཉེ་བར་གསོལ་པ་དང་། བུད་མེད་དང་སྐྱེས་པ་གཉིས་ཡོང་གིས་ལྷན་ཅིག་ཏུ་འདུག་པ་ཡིན་ན་ཕྲད་པའི་དུས་ཀྱང་དཀའ་ནའོ། ། གཉིས་ལྷན་ཅིག་འཁོད་དམ་ཞེས་བྱས་པ་དང་། དྲིས་པ་དང་བུད་མེད་ཀྱི་སྒོ་གས་ལ་ཁྱོད་ཀྱི་སྒོ་རྣམས་ཅི་འདྲ་ཞེས་དྲིས་པ་དང་། ཀུན་དྲིས་པ་དང་བུད་མེད་ལའོ། །བུ་གཉིས་ལྷན་ཅིག་འཁོད་ན་དགའ་འམ་མི་དགའ་ཞེས་དྲིས་པ་དང་། བཤད་པ་དང་བུད་མེད་ལ་ང་ནི་ཁྱོད་ལ་དད་ཅིང་དགའ་ན་ ཁྱོད་ང་ལ་དགའ་འམ་མི་དགའ་ཞེས་བྱས་པ་དང་། མོས་པ་དང་ཁྱོད་དང་ང་གཉིས་ནམ་ལྷན་ཅིག་ཏུ་འགྲོགས་ཤིང་ཕྲད་ཅེས་སྨྲས་པ་དང་། ཁྲོས་པ་དང་མོ་མཚན་ལ་དམར་མོ་སྤུན་མོ་གླེག་མོ་འདིར་མགལ་དུམ་ཆུག་ཅེས་བྱས་པ་དང་། ཕྱིར་སྨྲ་བ་དང་མིང་གིས་སྨོས་པ་འདི་ རྣམས་གང་ཡང་རུང་སྟེ། བུད་མེད་ཀྱིས་བདག་ལ་སླར་སྨྲས་ཏེ་བདག་གིས་སླར་ལན་གླན་པ་དང་། ཚིག་སོ་སོ་ལ་བྱེ་བྲག་མེད་དོ། །འདི་རྣམས་གང་ཡང་རུང་སྟེ་བདག་གིས་སྨྲས་སམ་བུད་མེད་ཀྱིས་དྲིས་ཏེ་ལན་གླན་ཞིང་རྒྱོ་ཚིག་དང་ལྡན་པར་སྨྲས་ན་ལྷག་མར་འགྱུར། རྒྱོ་ཚིག་ མེད་ན་གང་སྨྲས་ཀྱང་སྦོམ་པོ། ལྟུང་བ་མེད་པ་ནི་ཡུལ་གྱི་སྐད་ཀྱི་དབང་གིས་དོན་གྱི་ཕྱིར་བསམས་ནའོ། །བདག་གི་ཡུལ་གྱི་སྐད་དུ་སྨྱེ་ཚིག་ཏུ་སྨྲ་བར་མ་བསམས་པར་དོན་གཞན་གྱི་ཕྱིར་སྨྲས་པ་ལས་ཡུལ་གཞན་གྱི་སྐད་དུ་རྒྱོ་ཚིག་ཏུ་གྱུར་པ་ནི་ཉེས་མེད་དོ། །རྒྱ་གར་ཡུལ་ གྱི་དགེ་སློང་གཅིག་གིས་སྟོད་ཕྱོགས་ཀྱི་ཡུལ་ཀོ་ས་ལར་ཕྱིན་ཏེ་ཀུན་དེ་མེད་ནས་ཁྱིམ་པ་ཁྱོ་ཤུག་གཉིས་ཤིག་ལས་ཀུན་དེ་བསླངས་ཞེས་བྱས་པ་དང་། ཡུལ་ཀོ་ས་ལའི་སྐད་དུ་ཀུན་དེ་ལ་མོ་མཚན་ཞེས་ཟེར་ཏེ་འཕྱས་སུ་བྱས་པ་ལས་བཅས། མིང་འདྲ་བའི་ཆར་གཏོགས་པས་ ཀྱང་ངོ་། །དོན་གཞན་དུ་སྨྲས་པ་ལས་ཚིག་གི་མགོ་འམ་མཇུག་སྨྱེ་ཚིག་འདྲ་བར་འབྱུང་བའང་ཉེས་མེད་དེ། སྨྱེ་ཚིག་ཏུ་སྨྲ་བའི་སྟེ། རྣམ་པར་འབྱེད་པའི་འོ། །སྨྱེ་ཚིག་ཏུ་སྨྲ་བའི་དགེ་འདུན་གྱི་ལྷག་མ་འདུལ་བ་རྣམ་པར་འབྱེད་པའི་ནང་ནས་འབྱུང་བའི་མདོ།། །།སྦོམ་ པོ་ནི་མཛེས་སོ་ཞེས་ཟེར་ན་ཡང་ངོ་། །བུད་མེད་ཀྱི་སྒོ་གསུམ་ལ་མཛེས་སོ་བཟང་ངོ་ཞེས་སྨྲས་ན་སྦོམ་པོ། སྡིག་ཏོ་ཅན་ནོ་ཞེས་ན་ཡང་ངོ་། །ཁ་དང་སྟུ་འདྲ་བའི་སྡིག་ཏོ་ཅན་འདི་ཞེས་སྨྲས་པ་དང་། སྒོ་གསུམ་ལས་བཙོག་པ་སྡིག་ཏོ་ཅན་འདི་ཞེས་སྨྲས་པའམ་སྦོམ་པོ། ཁྱོད་ཀྱི་རྨ་ ཁ་མཛེས་སམ་སྡིག་ཏོ་ཅན་འདི་ཞེས་ན་ཡང་ངོ་། །བུད་མེད་ཀྱི་སྒོ་གསུམ་ལ་མཛེས་སམ། སྡིག་ཏོ་ཅན་འདི་ཞེས་སྨྲས་པ་དང་། སྒོ་གསུམ་ལ་མཛེས་སོ་བཟང་ངོ་ཞེས་སྨྲས་ན་ཡང་ངོ་། །རྒྱོ་ཚིག་དང་མི་ལྡན་ན་སྦོམ་པོ། གོ་ཤིག་ཅེས་ན་ཡང་ངོ་། །ཁྱོད་ཀྱི་མོ་མཚན་ལས་ཤས་ ནུབ་འགའ་ཙམ་ང་ལ་ཡང་བྱིན་ཅིག་ཅེས་སྨྲས་ན་ཡང་སྦོམ་པོ། ཁྱོད་དང་ལྷན་ཅིག་གོ་ཤིག་ཅེས་ན་ཡང་ངོ་། །བུད་མེད་ལ་ཁྱོད་ཀྱི་ཁྱོ་འདི་སྙེད་བདོག་ན་དེ་སྙེད་ཀྱི་ཤས་ལས་ང་འང་མོ་མཚན་གྱི་ཤས་ལས་བྱིན་ཅིག་ཅེས་སྨྲས་ན་ཡང་སྦོམ་པོ། ང་དང་ལྷན་ཅིག་ཏུ་ཉལ་བའམ་ ཙོར་ཅིག་ཅེས་ན་ཡང་ངོ་། །བུད་མེད་ལ་ང་དང་ལྷན་ཅིག་ཏུ་ཉལ་ལོ་ཞེས་བྱས་སམ་ང་ལ་ཅོར་ཅིག་ཅེས་བྱས་ན་སྦོམ་པོར་འགྱུར། སྨྱེ་ཚིག་ཏུ་སྨྲས་པ་སྟེ་དྲིས་པའི་འོ། །རྒྱོ་ཚིག་ཏུ་སྨྲས་པའི་དགེ་འདུན་གྱི་ལྷག་མ་སྟེ་འདུལ་བ་དྲིས་པ་ཞེས་བྱ་བའི་ནང་ནས་འབྱུང་བའི་མདོ།། །། འཕྲུལ་པ་སྤྲུལ་པའི་ཆོས་ཅན་ལ་སྨྲས་ནའང་དེ་ལྟ་བུའོ། །འཕྲུལ་པའི་བུད་མེད་ནམ་མཁའ་ལ་འདུག་པ་ལས། དགེ་སློང་གིས་རྒྱོ་ཚིག་སྨྲས་ན་སྦོམ་པོ། རྒྱོ་བྱིན་ཅིག་ཅེས་ཀྱེ་སྲིང་མོ་ཁོ་བོ་ལ་བྱིན། བུད་མེད་ལ་དགེ་སློང་གི་རྒྱོ་ཚིག་ཅེས་བྱ་བའི་ཚིག་ཉིད་དུ་ནི་མ་སྨྲས་ཀྱི་རྒྱའམ་ རྒྱུ་བྱིན་ཞེས་སྨྲས་ཏེ། རྒྱ་ཚིག་བུད་མེད་ཀྱིས་གོ་ཡང་སྦོམ་པོ། ཀྱེ་སྲིང་མོ་གང་ཁྱོད་ལ་སྣང་བ་དེ་བྱིན། བུད་མེད་ལ་མོ་མཚན་བསླང་བའི་ཕྱིར་ཁྱོད་ལ་སྣང་ཞིང་ཡོད་པ་དེ་ང་ལ་བྱིན་ཞེས་སྨྲས་ནའང་སྦོམ་པོ། ཀྱེ་སྲིང་མོ་གང་ཁྱོད་ཀྱི་མདུན་ན་མོ་དེ་བྱིན། བུད་མེད་ལ་མོ་ མཚན་བསླང་པའི་ཕྱིར་ཁྱོད་ཀྱི་མདུན་ན་ཡོད་པ་དེ་ང་ལ་བྱིན་ཞེས་སྨྲས་ན་ཡང་སྦོམ་པོ། ཀྱེ་སྲིང་མོ་གང་ཁྱོད་ཀྱི་ཡིད་དུ་འོང་བ་དེ་བྱིན། བུད་མེད་ལ་མོ་མཚན་བསླང་བའི་ཕྱིར་ཁྱོད་ཀྱི་ཡིད་དུ་འོང་བ་དེ་ང་ལ་བྱིན་ཞེས་སྨྲས་ནའང་སྦོམ་པོ། ཁྱོད་འདོད་ པ་བྱིན་ཅིག་ཅེས་ང་ལ་བསྒོ་ན་ཁྱོད་ཅི་འདོད་སྨྲོས་ང་ནི་སྲིང་མོ་ཁྱོད་འདོད་དོ། །ཁྱིམ་བདག་མོ་ན་རེ་ཁྱོད་ཅི་འདོད་པ་བྱིན་ཅིག་ཅེས་ངའི་ཁྱིམ་ཐབ་ཟེར་ན་ཁྱོད་ཅི་འདོད་ཅེས་ཟེར་བ་ལ། དགེ་སློང་གིས་ང་ནི་ཁྱོད་འདོད་ཅེས་བྱས་ན་ཡང་སྦོམ་པོ། ཀྱེ་སྲིང་མོ་ཆུ་དང་བཟའ་བ་དང་ ཐུག་པ་དང་མཆོད་སྟོན་བཞིན་དུ་ཁྱོད་ང་ལ་བྱིན་ཞེས་སྨྲས་ན་ཡང་ངོ་། །ཁྱིམ་བདག་མོ་བུད་མེད་ཀྱིས། དགེ་སློང་ལ་ཁ་ཟས་མིང་གིས་སྨོས་པ་འདི་རྣམས་གསོལ་ཞེས་ཟེར་བ་ལ། དགེ་སློང་གིས་ཁ་ཟས་དེ་བཞིན་དུ། ཁྱོད་ལ་ང་བཀྲེས་ཤིང་སྐོམ་གྱིས་ཁྱོད་བདག་འདོད་དོ་ ཞེས་སྨྲས་ནའང་སྦོམ་པོ། བོང་བུ་དང་ཁྱོད་འདི་བྱོས་ཤིག །བུད་མེད་ལ་ཁྲོ་བའི་ཚིག་ཏུ་བོང་བུ་དང་རྒྱོ་ཤིག་ཅེས་བྱ་བའི་ཕྱིར་བོང་བུ་དང་། བུད་མེད་ཁྱོད་འདི་བྱོས་ཤིག་ཅེས་བྱས་ནའང་སྦོམ་པོ། སྲིང་མོ་བསོད་སྙོམས་མ་སྐྱེས་བུ་ལ་འདོད་པ་གླེང་བར་སྤྱད་པ་སྤྱོད་དོ། །དགེ་ སློང་མ་གདོང་འཁྲུ་བའམ་མིག་རྩིས་བསྐུས་པ་ལ་ཁྱོད་སྐྱེས་པ་འདོད་ཆགས་སློང་བའི་ཕྱིར་བྱེད་དོ་ཞེས་བྱས་ནའང་སྦོམ་པོ། མགལ་དུམ་དེར་ཆུག བུད་མེད་ལ་མོ་མཚན་དུ་མགལ་དུ་མ་ཆུག་ཅེས་སྨྲས་ནའང་སྦོམ་པོ། རང་བཞིན་གྱི་སྨྱེ་ཚིག་ཏུ་སྨྲ་བ་ལ་སྨྱེ་ཚིག་ཏུ་སྨྲ་བ། དགེ་སློང་ རྟག་ཏུ་ཁ་ངན་སྨྱེ་ཚིག་ཏུ་སྨྲ་བ་དར་བཞིན་དུ་ཟེར་ཡང་རྒྱོ་ཚིག་སྨྲས་ན་ནི་མི་འབྲི་སྟེ་མདོ་ལྟག་མ་རྣམས་སྨྲས་ན་སྦོམ་པོ། སྨྱེ་ཚིག་སྨྲ་བ་བྱེ་བྲག་ཏུ་གདོན་མི་ཟ་བའི་འོ། །སྨྱེ་ཚིག་ཏུ་སྨྲ་བ་འདུལ་བའི་བྱེ་བྲག་ཏུ་གདོན་མི་ཟ་བ་ཞེས་བྱ་བའི་ནང་ནས་འབྱུང་བའི་མདོ། སྨྱེ་ཚིག་ སྨྲ་བའི་འོ། །སྨྱེ་ཚིག་ཏུ་སྨྲ་བ་དགེ་འདུན་གྱི་ལྷག་མ་འདུལ་བ་སོ་སོ་ནས་འབྱུང་བ་རྫོགས་སོ།། །།ཁུན་སྤྱོད་ལ་འཆད། སྨྱེ་བས་བདག་གི་གཡོག་ཏུ་བརྗོད་ན་ཡང་ངོ་། །བུ་མོ་སྤྱོད་པའི་ནང་ན་གཙོ་བོ་སྟེ་ང་ལྟ་བུ། དགེ་སློང་ཚུལ་ཁྲིམས་དང་ལྡན་ཡོན་ཏན་དང་ལྡན་པ་ཞེས་བདག་ལ་ བསྟོད་པ་དང་རྒྱོ་ཚིག་དང་ལྡན་པར་བུད་མེད་ལ་སྨྲས་ན། དགེ་འདུན་གྱི་ལྷག་མར་འགྱུར་རོ། །ཆགས་པ་དང་བརྟུལ་བ་དང་དགའ་བར་ཚོར་བ་དང་བུད་མེད་བརྡ་ཕྲད་ཅིང་ལེགས་ཉེས་ཤེས་པ་དང་སྤྱིའི་རྩིས་མགོ་འདི་རྣམས་གང་ཡང་རུང་། ཀུན་སྤྱོད་ཀྱི་ལྷག་མའི་ཡན་ལག་ཏུ་ གཏོགས་སོ། །བསྟོད་ནས་རྗེས་སུ་ཡི་རང་བའི་ཚིག་ཀྱང་དེ་བཞིན་ནོ། །བུད་མེད་ཀྱིས་འདི་ནི་སྤྱོད་པའི་ནང་ན་གཙོ་བོ་སྟེ། ཁྱོད་ལྟ་བུ་དགེ་སློང་ཚུལ་ཁྲིམས་དང་ལྡན་ན་ཡོན་ཏན་དང་ལྡན། དགེ་བའི་ཆོས་དང་ཚངས་པར་སྤྱོད་པའོ་ཞེས་བསྟོད་ཅིང་སྨྲ་བ་ལ། དགེ་སློང་དགའ་ནས་ ཁྱོད་ཟེར་བ་བཞིན་དུ་ང་ཡིན་ནོ་ཞེས་སྨྲས་ན། བུད་མེད་དེ་སྐད་ཟེར་བ་རྒྱོ་ཚིག་དང་ལྡན་ན་དགེ་འདུན་གྱི་ལྷག་མའོ། །དེ་ལ་ཟློས་ཤིང་སྨྲ་དེ་ནའོ། །བུད་མེད་དེ་ན་རེ་འདི་ནི་སྤྱོད་པའི་ན་གཙོ་སྟེ་ཁྱོད་ལྟ་བུའོ། །དགེ་སློང་ཚུལ་ཁྲིམས་དང་ལྡན་ཡོན་ཏན་དང་ལྡན། དགེ་བའི་ཆོས་དང་ཚངས་ པར་སྤྱོད་པའོ་ཞེས་བསྟོད་ཅིང་རྒྱོ་ཚིག་དང་ལྡན་པར་སྨྲ་བ་ལ་དགེ་སློང་གིས་དེ་བཞིན་དུ་བཟླས་ཏེ་སྨྲས་ན་ཡང་ལྷག་མའོ། །དེས་སྨྱེ་ཚིག་གམ་མ་བྱུང་ན་སྦྱོར་བའོ། །དགེ་སློང་གིས་སྨྱེ་ཚིག་ཏུའང་སྨྲས། བདག་ཅེས་ཀྱང་བྱས་ན་ལྷག་མ་བདག་གམ་རྒྱོ་ཚིག་གང་ཡང་རུང་གཅིག་མ་ ཕྱུང་ན་སྦོམ་པོ། གཉིས་ཀ་ན་ནི་དེའོ། །སྨྱེ་ཚིག་ཀྱང་མ་ཕྱུང་བདག་ཅེས་ཀྱང་མ་བྱས་པར་དགེ་སློང་ཡོན་ཏན་དང་ལྡན་པའི་གཡོག་བྱས་ན་བསོད་ནམས་ཆེའོ་ཞེས་བྱས་ན་ཉེས་བྱས། ཀུན་སྤྱོད་བསྔགས་པའོ། །ཀུན་སྤྱོད་པ་བསྔགས་པའི་དགེ་འདུན་གྱི་ལྷག་མ་རྣམ་པར་འབྱེད་པའི་ ནང་ནས་འབྱུང་བའི་མདོ།། །།སྨྱན་གྱི་ལྷག་མ་ལ་འཆད་དེ། སྡུད་པ་བུད་མེད་དང་སྐྱེས་པ་གཉིས་བསྡུས་དང་། གཞན་ལའོ་ཕ་རོལ་གཞན་གཉིས་བསྡུས་པ་དང་། གཞན་གྱིས་བདག་དང་གཞན་དུ་འདུ་བ་ལ་མི་བྱའི་གཞན་དང་གཞན་དུ་བསྡུས་པ་དང་། དེའི་ཕྱིར་ བསྡུ་བར་བྱ་བའི་ཕྱིར་དང་། མི་མཐུན་པ་ལ་མཐུན་པར་གྲུབ་པའི་ཕྱིར། ཁྱོ་ཤུག་ལྟ་བུ་སྔོན་འདུས་ཟིན་པ་དང་། སྔར་མི་ཚངས་པར་སྤྱོད་སྤྱོད་པ་མ་ཡིན་པ་མ་འདུས་ཤིང་མ་ཕྲད་པ་ལ་གཉིས་བསྡུས་པ་དང་། ཕོ་ཉར་ཕྲིན་པ་བསྡུ་བའི་ཕྱིར་བདག་གིས་ཕོ་ཉར་ཕྲིན་བྱས་པ་དང་། སྤྲད་པ་ལས་གཉིས་བསྡུ་བའི་ཕྱིར་བུད་མེད་དམ་སྐྱེས་པ་གང་རུང་གཅིག་ལས་སྤྲད་པར་བྱ་བའི་ཆ་མནོས་པ་དང་། ཕ་རོལ་དུ་སྦྲོན་པ་མདོ་ལྟག་མ་ལྟར་ཆ་ནོས་ནས་གང་དང་བསྡུ་བའི་མི་ཕ་རོལ་པོ་དེ་ལ་ཕྲིན་བསྐྱལ་བ་དང་། དེར་སྨྲས་ནས་སྔ་མ་ལ་སྦྲོན་པ། མདོ་ ལྟག་མ་ལྟར་ཕྲིན་བསྐྱལ་ནས་དེ་ལྟར་རུང་ངོ་ཞེས་ཟེར་བའི་ལན་སླར་བསྐྱལ་བ་དང་ཡན་ལག་འདི་རྣམས་ལྡན་ན་སྨྱན་བྱེད་པའི་ལྷག་མར་འགྱུར་རོ། །ཆ་ནོས་ཏེ་སྦྲན་ནས་དེས་ཐོབ་པ། དགེ་སློང་དང་བུད་མེད་དང་སྐྱེས་པ་གསུམ་མངོན་སུམ་དུ་འཁོད་དེ་སྐྱེས་པས། དགེ་སློང་ལ་ བུད་མེད་འོ་ནི་ལ་ང་དང་ཉལ་དུ་རུང་ངམ་མི་རུང་ཞེས་ཕྲིན་ཟེར་དུ་བཅུག་སྟེ་སྐྱེས་པའི་ཚིག་ཀྱང་བུད་མེད་ཀྱིས་ཐོས་བུད་མེད་ལ་ཕྲིན་བྱས་ནས་རུང་ངོ་ཞེས་བྱས་པའང་སྐྱེས་པས་ཐོས་བཞིན་དུ་རུང་བའི་ལན་སླར་བསྐྱལ་བ་དང་། ལྷག་མ་མངོན་སུམ་དུ་ཀུན་ཐོས་ཏེ་ལན་རིང་ནས་མ་ བསྡུས་ཞེས་ལྷག་མར་མི་འགྱུར་དུ་མ་རེ་ཤིག །འདི་དག་བྱེད་པ་ནི་ཐ་དད་དུའོ། །སྨྱན་བྱ་བར་ཆ་མནོས་ཤིང་ཕྲིན་བསྐྱལ་བ་ལན་རེ་རེ་ལ་སྦོམ་པོ་རེ་རེར་འགྱུར་ཏེ། ལན་བརྒྱ་ཞིག་བསྐྱལ་ཏེ་ཕྲིན་བྱས་ན་སྦོམ་པོ་བརྒྱའོ། །ཐ་མར་བྱས་ཀྱང་མི་ན་མི་སྦྱོར་བ་མ་ཡིན། སྨྱན་བྱ་བའི་ ཕྱིར་ཕྲིན་བྱེད་པ་ལས་ཕོ་མོ་གཉིས་མ་འདུས་ཤིང་མ་ཕྲད་དུ་ཟིན་ཀྱང་ཕྲིན་པ་ལན་རེ་རེ་ལ་སྦོམ་པོ་རེ་རེ་ཡོད་དོ། །འབྲས་བུ་གཅིག་ཀྱང་བྱེད་པས་ཟིན་ན་བྱེད་པ་སོ་སོ་ལ་མེད་པར་མི་འགྱུར་རོ། །ཆུང་མའམ་མི་ཚངས་པར་སྤྱོད་དུ་མི་ཁུགས་པའི་ཕྱིར། དགེ་སློང་མང་མོ་ཞིག་ལ་ ཕེའུ་བྱེད་པར་བཅོལ་ཏེ། སྨྱན་བྱེད་དུ་བཅུག་ནས་འདུས་པར་གྱུར་ན་ཡང་དགེ་སློང་ཀུན་ལ་ལྷག་མ་རེ་རེར་འགྱུར་རོ། །ཕན་ཚུན་དུ་ཕྲིན་བྱེད་པའི་ཚེ་ཡང་དགེ་སློང་ཀུན་ལ་སྦོམ་པོ་རེ་རེ་ཡོད་དོ། །དགེ་སློང་མང་ཞིག་ལ་ཕེའུར་བཅོལ་བའི་ནང་ནས་སྨྱན་གྱི་ཕེའུར་པར་མ་བཏུབ་པའི་ རྣམས་ལ་ཉེས་མེད་དོ། །འདིར་བདག་བཞིན་དུ་ཕོ་ཉས་ཀྱང་བདག་སྨྱན་གྱི་ཕྲིན་པ་བྱེད་དུ་བཅུག་པ་ལས། བདག་གི་ཡང་གཞན་ཞིག་ལ་སྨྱན་གྱི་ཕྲིན་པར་བཅུག་སྟེ་སྨྱན་གྱི་དོན་གྲུབ་ན་འདུས་པར་གྱུར་ན་ཡང་ལྷག་མ། སྦྱར་ན་བདག་པོ་ལ་ཡང་ངོ་། །ཇོ་བོའམ་ཕ་མའམ་དཔོན་ པོ་ལྟ་བུ་ཁྱོ་ཤུག་སྡུད་ཅིག་འཚེམ་པའི་དབང་ཡོད་པ་ཞིག་ལ། སྡུས་ཤིག་ཅེས་བྱས་ཏེ་འདུས་ནའང་ལྷག་མར་འགྱུར། ཉེས་བྱས་པ་ནི་གཞན་ལའོ། །སྡུད་ཅིང་འཚེམ་པའི་དབང་མེད་པ་ཞིག་ལ་དེ་གཉིས་སྡུས་ཤིག་ཅེས་བྱས་ན་བསྡུ་བའི་དབང་མེད་པས་ཉེས་བྱས། ངག་ བཞིན་དུ་སྨྱན་བྱ་བའི་ཕྲིན་བྱེད་པ་བཞིན་མིང་གིས་སྨོས་པ་འདི་རྣམས་ཀྱི་དོན་གྲུབ་པར་གྱུར་ན་ལྷག་མ། ཡི་གེ་དང་ཡི་གེ་སྤྲིང་སྟེ་བསྡུས་པ་དང་ས་ལ་བྲིས་ཏེ་བརྡ་ཕྲད་ནས་བསྡུས་པ་དང་། ལག་བརྡ་དང་ལག་པས་བརྡ་བྱས་ཏེ་བསྡུས་པ་དང་། བཏུས་པ་དང་ཤིང་ངམ་རྡོ་འམ་ས་ ཚིགས་འདིར་ཤོག་ཤིག་ཅེས་བཏུས་ཏེ་བསྡུས་པ་དང་། དུས་དང་། ཉི་ཚོད་འདི་ཙམ་ན་ཤོག་ཤིག་ཅེས་བྱས་ཏེ་བསྡུས་པ་དང་། མཚན་མ་དག་ཀྱང་ངོ་། །གོས་འདི་འདྲ་བ་ཞིག་བསྒྱུར་ཏེ་གྱོན་ན་འདིར་ཤོག་ཤིག་ཅེས་བྱས་ཏེ་བསྡུས་པ་དང་འདི་རྣམས་གང་ཡང་རུང་འདུས་པར་ གྱུར་ན་ལྷག་མ། སྟུ་འཚོང་མ་ལ་ཡང་མཐུན་པ་མ་ཡིན། སྟུ་འཚོང་མ་དང་མི་ཚངས་པར་སྤྱོད་པའི་སྨྱན་བྱས་ཏེ་བསྡུས་ན་ཡང་ལྷག་མ་སྟེ་ཡོང་གིས། སྟུ་འཚོང་མ་ལྟ་ཀུན་དབང་གིས་སྙམ་སྟེ་སྐད་ཅིག་སྤྲད་པས་ལྷག་མར་མི་འགྱུར་སྙམ་མ་རེ་ཤིག །བཞི་ཚུན་ཆད་བདག་གི་ མ་ཡིན་པ་སྦྱར་ན་ཡང་ངོ་། །སྐྱེས་པ་དང་བུད་མེད་སྔོན་མི་ཚངས་པར་སྤྱོད་པ་ལན་གསུམ་མན་ཆད་ཅིག་ཕྲད་ཟིན་པ་ལས་བསྡུས་ཏེ་དགེ་སློང་གིས་སྨྱན་བྱས་ན་ལྷག་མར་འགྱུར། ལན་གསུམ་ན་སྔར་ཕྲད་དུ་ཟིན་ཀྱང་ལན་བཞིའི་ཚེ་དགེ་སློང་སྨྱན་བྱས་ཏེ་བསྡུས་པ་ནི་སྦོམ་པོའོ། ། ལན་བཞི་ཡན་ཆད་སྔར་ཕྲད་ཟིན་པ་ལས་བསྡུས་ནའང་སྦོམ་པོ། འཐབས་ན་ཞིག་པའོ། །ཁྱིམ་པ་ཁྱོ་ཤུག་འཐབས་ཏེ་བྱེ་བ་ལས་དགེ་སློང་གིས་བཅུག་སྟེ་སླར་བསྡུམས་ན་ལྷག་མར་འགྱུར་རོ། །ཆུང་མ་ཇི་ལྟ་བུ་ལས་བྱེ་སྟེ་བསྡུམས་ན་ལྷག་མར་འགྱུར་བ་འོག་ནས་བཤད། དེ་སྟེ་ དེའི་དབང་གིས་ཆུང་མ་མ་ཡིན་པར་བསྒོ་བ་ཡང་ངོ་། །ཆུང་མ་དང་བྱེ་བ་ནི་ཆུང་མ་ལ་རྣམ་པ་བདུན་ཡོད་དེ་ལག་ཏུ་ཆུ་བྱིན་པ་དང་རིན་གྱིས་ཉོས་པ་དང་གནངས་སུ་ཐོབ་པ་དང་གསུམ་ནི་ཁྱོ་ལ་དབང་ཡོད་པ་སྟེ། ཁྱོས་བཏང་བ་ལ་ལས་བསྡུམས་ན་ལྷག་མར་འགྱུར། བདག་དང་ དེ་གནས་པ་དང་འཚོ་བའི་ཕྱིར་གནས་པ་དང་འཚོ་བ་སྤྱིར་བསྡུས་ཏེ་གནས་པ་དང་། སྐད་ཅིག་འཁོད་པ་དང་བཞི་ནི་འཐབས་མ་ཐག་ཏུ་བྱེ་བ་པ་ཡིན་ཏེ་དེ་ལས་བསྡུམས་ན་ལྷག་མར་འགྱུར་རོ། །འཐབས་པའི་ཚད་ཇི་ཙམ་གྱིས་ན་བྱེ་བ་ཡིན་པ་དང་། ཇི་ ཙམ་འཐབས་པ་ལས་བསྡུམས་ན་ལྷག་མར་འགྱུར་བ་དང་། སྦོམ་པོར་འགྱུར་བ་དང་ཉེས་བྱས་སུ་འགྱུར་བ་འོག་ནས་བཤད། སྲོག་ཆགས་བཞིན་དུ་བུད་མེད་དང་སྐྱེས་པ་གཉིས་ཤིང་བསྡུས་པ་དུའི་སྨྱན་བྱས་པ་བཞིན་དུ་མིང་གིས་སྨོས་པ་འདི་རྣམས་གང་ཡང་རུང་སྟེ་རེ་རེ་ལ་ལྷག་ མར་འགྱུར། དེའི་ཚེ་དང་དེ་གནས་པ་ལ་སོགས་པ་ཆུང་མ་བཞི་ནི་ཁྱོ་ཤུགས་འཐབས་པའི་ཚེ་བསྡུམས་ན་ལྷག་མ། ཁྱོ་ལ་དབང་ཡོད་པའི་ཆུང་མ་གསུམ་གང་ཡང་རུང་བ་འཐབས་པའི་ཚེ་བསྡུམས་ན་ཉེས་བྱས་གཅིག །དེ་མ་ཐག་མ་དང་དད་དེ་གནས་པ་ལ་སོགས་པ་ཆུང་མ་ བཞི་འཐབས་ནི་ཟིན་གྱི་དང་མ་ལས་ཤིང་སོ་སོ་ནས་འཁོད་པ་ལ་བསྡུམས་ན་ལྷག་མ། ཁྱོ་ལ་དབང་ཡོད་པའི་བུད་མེད་གསུམ་གང་ཡང་རུང་ཁྱོ་ཤུག་འཐབས་ཏེ་དང་མ་ལས་པ་ལས་བསྡུས་ན་ཉེས་བྱས་གཉིས། འཐབས་པ་རྩ་བཅད་པ་དང་། དད་དེ་གནས་པ་ལ་སོགས་པའི་བུད་མེད་ བཞི་གང་ཡང་རུང་ཁྱོ་ཤུག་འཐབས་ནས་རྩ་བཅད་དེ་བོར་བ་འཕྲོ་སླར་མི་འབྱོར་བ་བཞིན་དུ་དེང་གཉིས་ཀྱང་མི་འདུམ་སྟེ་བྱེའོ་ཞེས་ཟེར་བ་ལ་བསྡུམས་ན་ལྷག་མ། ཁྱོ་ལ་དབང་ཡོད་པའི་བུད་མེད་གང་ཡང་རུང་གསུམ་ཁྱོ་ཤུག་འཐབས་ཏེ་རྩ་བཅད་བཞིན་དུ་མི་འདུམ་མོ་ཞེས་ཟེར་ བ་ལས་བསྡུམས་ན་ཉེས་བྱས་གསུམ། རྡོ་གསུམ་བོར་བ་དང་། དེ་གནས་པ་ལ་སོགས་པའི་བུད་མེད་བཞི་གང་ཡང་རུང་ཁྱོ་ཤུག་འཐབས་ཏེ་རྡོ་གསུམ་ཕྱོགས་བཞིར་བོར་བ་བཞིན་དུ་ངེད་གཉིས་ཀྱང་སླར་མི་འདུམ་སྟེ་བྱེའོ་ཞེས་ཟེར་བ་ལ་བསྡུམས་ན་ལྷག་མའོ། །ཁྱོ་ལ་དབང་ཡོད་པའི་ ཆུང་མ་གསུམ་གང་ཡང་རུང་སྟེ་ཁྱོ་ཤུག་འཐབས་ཏེ་ཕྱོགས་བཞིར་རྡོ་བོར་བ་བཞིན་ང་དང་གཉིས་མི་འདུམ་ཞེས་ཟེར་བ་ལ་བསྡུམས་ན་ཉེས་བྱས་གསུམ་སྦོམ་པོ་གཅིག །སྤྱོད་པ་བཏང་བ་དང་། དང་དེ་གནས་པ་ལ་སོགས་པ་ཆུང་མ་བཞི་གང་ཡང་རུང་སྟེ་ཁྱོ་ཤུག་འཐབས་ནས་སོ་ནམ་ དང་སྤྱོད་པ་བཏང་སྟེ་སོ་སོ་ན་འཁོད་པ་ལས་བསྡུམས་ན་ལྷག་མ། ཁྱོ་ལ་དབང་ཡོད་པའི་ཆུང་མ་གས