Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 165

Văn bản gốc(Tây Tạng)

Trang 8 / 22 (50.000 ký tự/trang)
ེ་འདུལ་བ་རྣམ་པར་འབྱེད་པའི་ནང་ནས་འབྱུང་བའི་མདོ།། །།འདི་མན་ཆད་ཞག་དྲུག་གི་སྤང་བ་ལ་འཆད་དེ། བདག་གི་གནས་དང་འདྲ་བའི་གོང་དུ་
འཇིགས་པ་ཡོད་ན་དགོན་པ་པས་ཆོས་གོས་གཅིག་དང་། དགེ་སློང་དགོན་པ་ལ་གནས་པ་མི་རྒོད་ལ་སོགས་པ་ལ་འཇིགས་པའི་རྐྱེན་ཡོད་ན་ཆོས་གོས་གསུམ་གྱི་ནང་ནས་བཟང་པོ་གཅིག་ཁྱིམ་པ་བརྟན་པོའི་ཁྱིམ་དུ་གཞོག་ཏུ་གནང་ངོ་། །བདག་གི་གནས་དང་འདྲ་ཞེས་བྱ་བའི་གྲོང་ན་

རྣམ་པ་གཅིག་ཏུ་ན་མི་སྟོར་བའི་ཁྱིམ་པ་བརྟན་པོ་ལ་བྱ། གཅིག་ཏུ་སངས་རྒྱས་ཀྱིས་ཕན་པར་གསུངས་པས་རྐྱེན་བྱུང་ན་ཁྱིམ་པའི་གནས་དང་དགོན་པ་གཉིས་འདྲའོ་ཞེས་གནང་བ་ལ་བྱ། འགྲོ་བ་དེས་དེ་ཁྱིམ་གྱི་ནང་དུ་བཞག་སྟེ་དགོས་པའི་ཕྱིར་ཞག་དྲུག་
ཏུའོ། །དགེ་སློང་དགོན་པ་ལ་འདུག་པས་མི་རྒོད་ཀྱི་རྐྱེན་ཡོད་ན་ཆོས་གོས་གཅིག་ཁྱིམ་པའི་ཁྱིམ་དུ་བཞག་པ་ཞག་དྲུག་གི་བར་དུ་བདག་དང་བྲལ་ཀྱང་ཉེས་མེད་རྐྱེན་མེད་ན་ཞག་བདུན་གྱི་སྐྱ་རེངས་བྱུང་ན་སྤང་བའི་ལྟུང་བར་འགྱུར། རྟག་ཏུ་རྐྱེན་ཡོད་ན་ཚུལ་ནས་བྱུང་བྱུང་གི་བར་དུ་
བྲལ་ཀྱང་ཉེས་མེད། དགེ་སློང་དགོན་པ་ལས་གུད་དུ་དོན་གཉེར་དུ་འགྲོ་སྟེ་ལམ་ན་མི་རྒོད་ཡོད་དེ་ཕྲོགས་ཀྱིས་དོགས་ན་ཆོས་གོས་གཅིག་ཁྱིམ་པའི་ཁྱིམ་དུ་བཞག་སྟེ་ཞག་དྲུག་གི་བར་དུ་འགྲོར་དབང་ངོ་། །ལམ་ན་མི་རྒོད་གཅིག་གིས་ཆོད་དེ་རྐྱེན་བྱུང་ན་ཞག་དྲུག་འདས་ཀྱང་ཉེས་མེད། འདས་
པར་ནི་མི་དབང་ངོ་། །མདོ་ལྟག་མ་ལྟར་ཞག་དྲུག་ཏུ་སོང་བ་ལས་རྐྱེན་མ་བྱུང་ན་ཞག་དྲུག་ལས་འདས་ན་སྤང་བའི་ལྟུང་བར་འགྱུར། ཉེས་མེད་པ་ནི་བར་ཆད་ཀྱི་དབང་གིས་མ་འོངས་ནའོ། །གོང་མ་ལྟར་ཞག་དྲུག་ཏུ་སོང་བ་ལས་བར་ཆད་ཀྱི་རྐྱེན་མི་རྒོད་དམ་ཟམ་པ་ཆད་པའམ་དགྲས་ཆོད་
པ་ལྟ་བུའི་རྐྱེན་བྱུང་ན་ཞག་དྲུག་འདས་ཀྱང་ཉེས་མེད་དོ། །འདི་ལས་ཕྱི་རོལ་དུ་ཞག་དྲུག་ལས་བརྟགས་ཏེ་འདས་ན་ཡན་ལག་མ་ཡིན་ནོ། །དགེ་སློང་ཚུལ་དུ་ཞུགས་པ་ལས་དོན་གཉེར་དུ་འགྲོ་བ་ནི་ཞག་བདུན་པའི་སྔགས་ཀྱིས་བཏབ་སྟེ་སོང་བ་ལས་ཞག་གཅིག་གཉིས་ཀྱིས་དོན་བསྒྲུབ་
པར་གྱུར་ཀྱང་ཞག་བདུན་དུ་གནང་ཞེས་ཟེར་ཞིང་འཕྱན་དུ་མི་གནང་གིས་དོན་གྲུབ་མ་ཐག་ཏུ་སླར་མ་འོངས་ན་ཚུལ་ཞིག་པར་འགྱུར་ན། དགེ་སློང་དགོན་པ་ལ་ནི་ཆོས་གོས་བཞག་སྟེ་ཞག་དྲུག་གི་བར་དུ་དོན་གཉེར་དུ་འགྲོ་བ་ནི་ཞག་གཅིག་གིས་དོན་གྲུབ་ཀྱང་ཞག་དྲུག་ཏུ་མ་འོངས་ཀྱང་ཉེས་
མེད་དོ། །ཚུལ་ནི་ཚེའང་དོན་གྱི་ཕྱིར་འགྲོ་བ་དང་ལམ་ན་འཇིགས་པའི་དབང་དང་ཡན་ལག་འདི་གསུམ་དང་ལྡན་ན་ཞག་དྲུག་ཏུ་ཆོས་གོས་དང་བྲལ་ཀྱང་ཉེས་མེད་དོ། །ཞག་དྲུག་འབྲལ་བའི་སྤང་བའོ། །ཞག་དྲུག་འབྲལ་བའི་སྤང་བ་སྟེ་འདུལ་བའི་དྲིས་པ་ཞེས་བྱ་བའི་ནང་ནས་

འབྱུང་བའི་མདོ།། །།རས་ཆེན་གྱི་སྤང་བ་ལ་འཆད་དེ། བདག་ཚུལ་དུ་འཇུག་པའི་ཉིན་མོ་ནས་ཟླ་བ་སྔ་མའི་དང་པོ་ཚུན་ཆད་དབྱར་གྱི་རས་ཆེན་བཙལ་ཚུལ་སྔ་ཕྱིར་གང་དུ་འཇུག་ཀྱང་རུང་སྟེ་ཚུལ་དུ་འཇུག་པའི་ཉིན་མོ་ནས་ཟླ་བ་གཅིག་ཚུན་ཆད་དབྱར་གྱི་རས་ཆེན་བཙལ་ཀྱང་ཉེས་
མེད། བདག་གིས་དབྱར་འདས་ནས་ཟླ་བ་ཕྱེད་ཀྱི་བར་དུ་བཅང་། ཚུལ་སྔ་ཕྱི་གང་དུ་ཞུགས་ཀྱང་རུང་སྟེ་ཚུལ་ནས་བྱུང་ནས་ཞག་བཅོ་ལྔའི་བར་དུ་དབྱར་གྱི་རས་ཆེན་བཅངས་ཀྱང་ཉེས་མེད། དེ་ལས་སྔ་མ་དང་ཕྱི་མའི་དུས་སུ་ན་བྱེད་དོ། །ཚུལ་དུ་འཇུག་པའི་ཉིན་མོ་ནས་ཟླ་བ་གཅིག་
གི་སྔ་རོལ་དུ་དབྱར་གྱི་རས་ཆེན་འཚལ་ཏམ་ཚུལ་ནས་བྱུང་ནས་ཟླ་བ་ཕྱེད་ལས་འདས་པར་བཅངས་ན་སྤང་བའི་ལྟུང་བའོ་ཞེས་བྱི་ཤུ་ཏས་བཤད། ཚུལ་དུ་འཇུག་པའི་ཉིན་མོ་ནས་ཟླ་བ་གཅིག་གི་སྔ་རོལ་དུ་རས་ཆེན་བཙལ་ན་ཉེས་བྱས། ཚུལ་ནས་བྱུང་ནས་ཟླ་བ་ཕྱེད་ལས་འདས་
པར་བཅངས་ན་སྤང་བའི་ལྟུང་བའོ་ཞེས་བྱི་ཛ་ཡ་བར་མས་བཤད། གཞན་དུ་ན་བཅས་པའོ། །དབྱར་གྱི་རས་ཆེན་ཚུལ་ནས་བྱུང་སྟེ་ཟླ་བ་ཕྱེད་ཀྱི་བར་བཅད་དུ་གནང་ངོ་། །དེ་ལས་ཞག་གཅིག་འདས་ན་འང་སྤང་བའི་ལྟུང་བར་འགྱུར། སྔར་བཙལ་ན་ཉེས་པའོ། །ཚུལ་དུ་
ཞུགས་པའི་ཉིན་མོ་ནས་ཟླ་བ་གཅིག་གི་སྔོན་ལོགས་སུ་རས་ཆེན་བཙལ་ན་བཙལ་བའི་ཚེ་ཉེས་བྱས། ཡང་བ་དང་ལྕི་བ་ཐ་དད་དུ་མཁན་པོ་གཉིས་བཤད། གྲུབ་ན་ཐ་མའི་འོ། །མདོ་ལྟག་མ་ལྟར་བཙལ་ཏེ་ལག་ཏུ་ཐོབ་ན་ཉེས་བྱས་ལྕི་བར་འགྱུར་བ་དང་། ལྟུང་བར་འགྱུར་
བ་སོ་སོར་བཤད། འབྲི་བ་ནི་ཟད་ནའོ། །ཟླ་བ་གཅིག་གི་སྔོན་ལོགས་སུ་དབྱར་གྱི་རས་ཆེན་བཙལ་ཏེ་རྙིང་པ་ངན་པ་ཞིག་རྙེད་ན་ཉེས་བྱས་ཡང་བའོ། །ཇི་ལྟར་ཚུལ་དུ་ཞུགས་པ་དེའི་རྗེས་སུ་འགྲོའོ། །དགེ་སློང་ཚུལ་རྣམ་གཉིས་གག་ཏུ་ཞུགས་ཀྱང་རུང་སྟེ་ཆོ་ག་གཞན་ནི་འདྲ་
ཆོས་གོས་འདྲུབ་ཅིང་ཡོན་ཏན་བཅུ་ནི་ཚུལ་སྔ་མར་ཞུགས་པས་འཐོབ་བོ། །དབྱར་གྱི་རས་ཆེན་གྱི་སྤང་བའོ། །དབྱར་གྱི་རས་ཆེན་གྱི་སྤང་བ་འདུལ་བ་རྣམ་པར་འབྱེད་པའི་ནང་ནས་འབྱུང་བའི་མདོ།། །།རིང་བའི་སྤང་བ་ལ་འཆད་དེ། དབྱར་གྱི་ཕྱིར་རྙེད་པ་ནི་བྱེད་དོ། །དགེ་

སློང་དབྱར་ཚུལ་ན་འདུག་པའི་ཚེ་ཡོན་བདག་ཡོན་ནར་མར་འབུལ་བ་ལས་སྤང་བའི་ལྟུང་བར་འགྱུར་ཏེ་ཇི་ལྟར་འགྱུར་བ་ནི་འོག་ནས་འཆད་དེ། ཚུལ་གྱི་ཚེ་ལས་ཉེས་པར་འགྱུར་རོ། །དབྱར་གྱི་བར་དུ་བདག་གིར་བྱས་པའོ། །དགེ་སློང་དབྱར་ཚུལ་དུ་ཞུགས་པའི་
ཚེ་ཡོན་བདག་གིས་ཡོན་ནར་མར་འབུལ་བ་བླངས་པ་ལས་སྤང་བར་འགྱུར་ཏེ། རིང་བའི་དབང་གིས་ནི་ཐ་མའི་ཞག་བཅུ་ན་རྙེད་པ་མ་གཏོགས་སོ། །དགེ་སློང་དབྱར་ཚུལ་ན་འདུག་པའི་ཚེ་ཡོན་བདག་གིས་ཡོན་ནར་མར་འབུལ་བ་ལེན་དུ་མི་དབང་བ་ལམ་མིང་གིས་སྨོས་པའི་རྐྱེན་
རྣམས་གང་ཡོད་ཀྱང་རུང་སྟེ་བླངས་ཀྱང་ཉེས་མེད་དེ་ནད་པ་བདག་གིས་ཕུལ་བ་དང་ཤི་ལ་ཐུག་པ་ཞིག་རང་གི་ལག་ནས་འབུལ་བ་ཤི་བའི་འོག་ཏུ་གཉེན་གྱིས་ཕུལ་བ་དང་དམག་གམ་ལམ་རིང་པོར་འགྲོ་བས་ཕུལ་ནའོ། །དེ་འགོད་པ་ལས་ཀྱང་ངོ་། །མདོ་སྟེང་མ་ལྟར་ཡོན་ཕུལ་བ་ལས་ཚུལ་
ནས་མ་བྱུང་བར་སོ་སོར་བགོས་ན་སྤང་བའི་ལྟུང་བར་འགྱུར། མ་བགོས་པ་ལས་ཀྱང་ངོ་། །མདོ་ལྟག་མ་ཡང་ལྟག་མ་ལྟར་ཡོན་ཕུལ་བ་ལས་ཚུལ་ནས་བྱུང་བའི་ཉིན་མོ་མ་བགོས་པར་ཕྱི་དེ་ཉིན་སྐྱ་རེངས་བྱུང་ན་སྤང་བར་འགྱུར། མེད་པར་སྦྱིན་བདག་གིས་སྨྲས་པའི་དབང་ནའོ། །མདོ་
ལྟག་མ་ལྟར་ཚུལ་ནས་བྱུང་མ་ཐག་ཏུ་བགོ་བའི་རིགས་པ་ལས་ཡོན་བདག་ཡོན་འབུལ་བ་ན་རེ་ཁོ་བོ་གང་ཞིག་ཏུ་དོན་གཉེར་དུ་འགྲོ་སྟེ་མ་འོངས་ཀྱི་བར་དུ་མ་བགོ་ཤིག་ཅེས་ཟེར་ན་ཡོན་བདག་གི་ཚིག་བཞིན་དུ་མ་བགོས་ཀྱང་ཉེས་མེད། བྱུང་ནས་དེ་མ་ཐག་གི་ནུབ་མོ་རུབ་མ་པ་མ་བསྔོས་
ན་ཡང་ངོ་། །དགེ་འདུན་ཚུལ་ནས་བྱུང་ནས་གོང་མ་ལྟར་ཡོན་ཕུལ་བ་བགོ་བའི་རིགས་པ་ལས་ཡོན་བདག་གི་ཚིག་བཞིན་དུ་བཞག་པ་ལ་རུབ་མ་པ་གཅིག་མ་བསྐོས་པར་བཞག་ན་སྤང་བའི་ལྟུང་བར་འགྱུར། འདི་མི་བསྐོ་བ་མ་ཡིན། ཡོན་བདག་གིས་གོང་མ་ལྟར་ནོར་ཕུལ་བའི་རུབ་མ་པ་
དགེ་འདུན་གྱིས་ཀྱང་མ་བསྐོས་ན་དགེ་འདུན་ཀུན་ཉེས་བྱས། རིང་པའི་སྤང་བའོ། །རིང་པའི་སྤང་བ་སྟེ་འདུལ་བ་རྣམ་པར་འབྱེད་པའི་ནང་ནས་འབྱུང་བའི་མདོ།། །།བསྔོས་པའི་སྤང་བ་ལ་འཆད་དེ། དགེ་འདུན་ནམ་གང་ཟག་གཞན་གྱིས་བརྟགས་པའི་གོས་ཤེས་པ་ལས་བདག་

གིས་བསྔོས་ཏེ་ཐོབ་ནའོ། །ཡོན་བདག་གཅིག་གིས་དགེ་འདུན་ནམ་གང་ཟག་ལ་གོས་ཤིག་སྦྱིན་པར་བརྟགས་ཏེ་འབུལ་དུ་འོངས་པ་ལ་དགེ་སློང་གཅིག་གིས་བདག་གི་ཡོན་ཏན་བསྔགས་ཏེ་ཁྱེར་ན་སྤང་བའི་ལྟུང་བར་འགྱུར་ཏེ་ཡན་ལག་ལྔ་སྟེ་དགེ་འདུན་ནམ་གང་ཟག་དག་དེ་ལ་སྦྱིན་
པར་བརྟགས་པ་དང་དེ་ལ་སྦྱིན་པར་བདག་གིས་ཤེས་པ་དང་དངོས་པོ་གང་ཡིན་པ་དང་བདག་གིས་བསྔོས་ཏེ་ཐོབ་པ་དང་ཡན་ལག་འདི་ལྔ་དང་ལྡན་པར་བྱས་ན་སྤང་བའི་ལྟུང་བར་འགྱུར་རོ། །བསྔོས་པ་ནི་ཉེས་བྱས་པའོ། །ཡོན་བདག་གིས་དགེ་འདུན་ནམ་གང་ཟག་ལ་སྦྱིན་པར་བསྔོས་
པར་ཤེས་བཞིན་དུ་བདག་གིར་བསྔར་བའི་ཚེ་ཉེས་བྱས་གཞན་ཡང་འདིར་རོ། །ཡོན་བདག་གིས་དགེ་འདུན་ནམ་གང་ཟག་ལ་བསྔོས་པའི་གོས་དགེ་སློང་གཅིག་གིས་དེ་ལ་མ་སྦྱིན་པར་དགེ་འདུན་ནམ་གང་ཟག་འདི་ལ་བྱིན་ཅིག་ཅེས་བསྒོ་བའི་ཚེ་ཉེས་བྱས་ཡང་པ། དེའི་འབྲས་བུ་ཡང་ངོ་། །
མདོ་ལྟག་མ་ལྟར་གཞན་ལ་བྱིན་ཅིག་ཅེས་བསྒོ་བ་དེའི་ལག་ཏུ་གོས་ཐོབ་ན་ཉེས་བྱས་ལྕི་བའོ། །གཞན་ཡང་ངོ་། །ཡོན་བདག་གིས་དགེ་འདུན་ནམ་གང་ཟག་ལ་ཁ་ཟས་ཞིག་འབུལ་བར་བསྔོས་པ་ལས་གཞན་གྱི་དགེ་འདུན་ནམ་གང་ཟག་ལ་བྱིན་ཅེས་བསྒོ་ན་ཉེས་བྱས་མི་མ་ཡིན་གྱི་ཁང་
པ་ཉིད་ལ་བསྔོས་པའི་རྫས་ལ་བྱ། སེམས་ཅན་དུ་མི་བགྲང་བ་ཡང་ངོ་། །ཁང་བུ་གཅིག་གི་རྐྱེན་གཅིག་ཏུ་བཅུག་པ་ལ་བྱ། ཕྲལ་ཞིང་སྤྲད་པས་སོ། །ཡོན་བདག་གིས་ཁང་བུ་བརྩིགས་ཏེ་ཁང་བུ་སོ་སོའི་ནང་དུ་རྐྱེན་མལ་སྟན་ལ་སོགས་པ་བཤམས་ཏེ་བསྔོས་པ་ལས་ཁང་བུ་
གཞན་གྱི་རྐྱེན་དུ་བསྣོར་ན་ཚུས་འབྱིན་ཚེ་ཉེས་བྱས་གཅིག །ཕ་རོལ་ཏུ་བཅུག་པའི་ཚེའང་ཉེས་བྱས་གཅིག་གོ། །ཕྱོགས་གཅིག་གི་ཡང་ངོ་། །ཡོན་བདག་གཅིག་གིས་གཙུག་ལག་ཁང་ངམ་མཆོད་རྟེན་གྱི་ངོས་གཅིག་ལ་ཚོན་གྱིས་བྱུགས་པའམ་བཅོས་པའི་རྒྱུ་ཞིག་ཏུ་རྫས་
བསྔོས་པ་ཕྱོགས་བསྣོར་ན་ཚུས་པོའི་ཚེ་ཉེས་བྱས། ཕ་རོལ་ཏུ་སྤྱོད་པའི་ཚེའང་ཉེས་བྱས་སོ། །ལྟུང་བ་མེད་པ་ནི་བཙལ་ནས་མ་རྙེད་ན་ལྷག་མ་ཟ་བ་ཕྱུགས་ལ་སོགས་པའི་འོ། །དགེ་སློང་ཁ་ཟས་བཟའ་བའི་ཚེ་སྒོ་ན་མི་འམ་ཕྱུགས་ལ་སྦྱིན་པར་བསྔོས་པ་ལས་མ་བཙལ་བར་

གཞན་ལ་བྱིན་ན་ཉེས་བྱས་བཙལ་ཏེ་མ་རྙེད་ན་གཞན་ལ་སྦྱིན་པ་ནི་ཉེས་མེད་དོ། །བརྟགས་པ་ནི་བདེ་བར་གཤེགས་པའི་གཟུགས་བརྙན་དག་བསླངས་ནས་བྱིན་པའོ། །སངས་རྒྱས་ཀྱི་སྐུ་གཟུགས་གཅིག་ལ་རྒྱན་མང་དུ་མངའ་བ་ལས། གཙུག་ལག་ཁང་
དེའམ་གཞན་གྱིས་སངས་རྒྱས་ཀྱི་སྐུ་གཟུགས་ལ་ཡ་ཏེ་བྱེད་པའི་ཚེ་བརྒྱན་པ་བརྙར་བྱིན་པ་ལ་ཉེས་མེད། ཉེས་བྱས་པ་ནི་བསྔོས་ནས་མ་བྱིན་པའོ། །གསེར་དངུལ་དང་གོས་ལྟ་བུ་གཞན་སྦྱིན་པར་བསྔོས་པ་ལས་ཕྱིས་མ་བྱིན་ན་ཉེས་བྱས། ཕྱིའི་མཚམས་སུ་སོང་སྟེ་དགེ་འདུན་ཕྱིར་
བསྔོས་པ་ལའོ། །དགེ་འདུན་གྱི་སྤྱིར་དབང་བའི་ནོར་ལྟ་བུ་ལས་དགེ་སློང་བཞི་ཡན་ཆད་ཀྱིས་ཁ་བརྔམ་བྱ་སྟེ་མཚམས་ཀྱི་ཕྱི་རོལ་དུ་ངེད་ཀྱང་དགེ་འདུན་གྱིས་བགོས་ཀྱང་ཉེས་པར་མི་འགྱུར་ཞེས་བགོས་ན་ཉེས་བྱས། སོ་སོར་ལག་ཏུ་ཐོབ་ན་སྤང་བའི་ལྟུང་བར་འགྱུར་ཞེས་བྱི་ཤུ་
ཏས་བཤད། དགེ་སློང་ཤི་བའི་ནོར་རྫས་ཞིག་དགེ་འདུན་དབང་བ་ལས་སྔགས་ཀྱིས་མ་བཏབ་པར་བགོས་ན་ཉེས་བྱས། མཚམས་ཀྱི་ཕྱི་རོལ་ཏུ་སྔགས་ཀྱིས་བཏབ་ནའང་ཉེས་བྱས། ཕྱི་རོལ་དུ་བགོས་པ་རེ་རེ་ཉེས་བྱས་རེ་རེ། དགེ་འདུན་གྱིས་གང་ཟག་མཚམས་ཀྱི་ཕྱི་རོལ་དུ་
བགོར་བཏང་ན་དགེ་འདུན་ཐམས་ཅད་ཉེས་བྱས་ཞེས་བྱི་ཛ་ཡ་བར་མས་བཤད། བྲེལ་བས་འགོད་པ་ཡང་ངོ་། །ཡོན་བདག་གཅིག་གིས་དགེ་འདུན་སྤྱིར་ཡོན་ཕུལ་བ་ལ་དེའི་ནང་ནས་དགེ་སློང་གཉིས་གསུམ་ཞིག་གུད་དུ་དོན་གཉེར་དུ་སོང་སྟེ་དེའི་འོག་ཏུ་བགོས་ན་ཉེས་བྱས་གུད་དུ་སོང་
བའི་དགེ་སློང་ན་རེ་ཅི་བདེར་གོས་ལ་ངའི་སྐལ་བ་བྱིན་ཅེས་བསྒོ་སྟེ་བགོས་པ་ན་ཉེས་མེད། མ་བསྔོས་པ་ཡང་ངོ་། །དགེ་སློང་ཤི་བའི་ནོར་འགོད་པའི་ཚེ་སྔར་སྔགས་ཀྱིས་མ་བཏབ་པར་བགོས་ན་ཉེས་བྱས་ཞེས་བྱི་ཛ་ཡ་བར་མས་བཤད། ཤི་བའི་ནོར་འགོད་པའི་ཚེ་གནས་བརྟན་
དང་ཚེ་ལུ་ཐ་མ་ལ་ནོར་སྣ་རེ་ཞིག་མ་བྱིན་པར་བགོས་ན་ཉེས་བྱས་ཞེས་བྱི་ཤུ་ཏས་བཤད། དགེ་འདུན་ལས་གཅིག་གམ་གཉིས་སམ་གསུམ་འཐོབ་པ་ཐོབ་ནས་བླངས་པའོ། །གཙུག་ལག་ཁང་གཅིག་ཏུ་ཡོན་བདག་གིས་དགེ་འདུན་ལ་ཡོན་ཕུལ་བ་གཙུག་ལག་ཁང་དེ་ན་དགེ་

སློང་གཉིས་སམ་གསུམ་ཞིག་འདུག་སྟེ་དགེ་འདུན་དུ་མ་ཚང་ན་ཡོན་དེ་གང་ཟག་དེ་རྣམས་དབང་སྟེ་སྔར་མ་བསྔོས་པར་ནོར་རྫས་དེ་བགོས་ན་ཉེས་བྱས། རྣམ་པ་གཅིག་ཏུ་ན་དགེ་འདུན་ཉི་ཤུ་ཙམ་ཞིག་འདུག་པ་ལས་གཞན་ཡན་མན་དུ་དོན་གཉེར་དུ་སོང་བའི་འོག་ཏུ་ཡོན་བདག་གིས་སྤྱིར་
ཕུལ་བ་གང་ཟག་གཉིས་སམ་གསུམ་འདུག་པས་བགོས་ན་ཉེས་བྱས། དེ་ཕམ་པར་མི་འགྱུར་བ་ནི་ཡོན་བདག་གི་སེམས་ཀྱིས་ཀྱང་བཏང་དགེ་སློང་གྲོགས་ཀྱིས་ཀྱང་མི་ཤེས་པའི་ཕྱིར་རོ། །འདི་ལས་གཞན་ཡང་སྐལ་བ་མི་གཅོད་དོ། །མདོ་ལྟག་མ་ལྟར་དགེ་འདུན་གྱིས་སྤྱིར་ཕུལ་
བས་དགེ་འདུན་ཡན་མན་དུ་སོང་བས་སྐལ་བ་དབང་ངོ་ཞེས་བྱི་ཛ་ཡ་བར་མས་བཤད། ཤི་བའི་ནོར་སྔགས་ཀྱིས་མ་བཏབ་ན་ཕྱོགས་བཅུའི་དགེ་འདུན་དབང་། སྔགས་ཀྱིས་བཏབ་ན་མཚམས་གཅིག་གི་དགེ་འདུན་དབང་སྟེ་མཚམས་གཅིག་གི་དགེ་སློང་ནི་ཡང་སྐལ་བ་མི་གཅོད་དོ་
ཞེས་བྱི་ཤུ་ཏས་བཤད། རྐུ་སེམས་ཀྱིས་ན་བརྐུས་པ་བཞིན་ནོ། །མདོ་ལྟག་མ་ལྟར་དགེ་འདུན་ལ་ཡོན་ཕུལ་བ་གང་ཟག་ལ་འགོད་པའི་ཚེ་དགེ་འདུན་གྲོགས་འོང་བར་དོགས་པའི་ཕྱིར། རྐུ་སེམས་ཀྱིས་བགོས་ན་རིན་ཐང་ལས་ཕམ་པར་འགྱུར། རྐུ་སེམས་ཀྱིས་འགོད་པའི་ཚེ་
ནོར་འོངས་པར་དགེ་སློང་ཕ་རོལ་པོས་མི་ཤེས་ན་སྦོམ་པོ། བྱུང་བྱུང་དུ་དགྲ་འམ་གནོན་པ་སྲོག་ལ་དམན་པའམ་བྱི་ཤུའི་ཚུལ་སྟོར་བ་མ་བྱུང་གི་བར་དུ་གཙུག་ལག་ཁང་མི་དོར། གཙུག་ལག་ཁང་མི་གནས་པར་མི་བྱ། རྒྱལ་པོའམ་མི་རྒོད་ལྟ་བུས་ཆུང་ཟད་གཙེས་པའི་ཕྱིར།
གཙུག་ལག་ཁང་བོར་ཏེ་སོང་ན་ཉེས་བྱས། དེ་ལ་འདོད་པ་དང་བཅས་པ་སྦྱིན་པ་ན་བཅོལ། གཙུག་ལག་ཁང་གཅིག་ན་དགེ་འདུན་མང་ཞིག་ཡོན་བདག་གི་འཚོ་བ་སྦྱར་བ་ལས་ཡོན་བདག་སྤྱུགས་སམ་ལམ་རིང་བོར་སོང་སྟེ་དགེ་འདུན་གྱི་འཚོ་བ་མེད་ན་གང་ཟག་གང་དད་པ་གཅིག་
གམ་གཉིས་ལ་གཙུག་ལག་ཁང་གི་ཡོ་བྱད་གཏད་དེ་གཞག །མ་འོངས་ན་ལོ་བཅུར་གནས། མདོ་ལྟག་མ་ལྟར་གཙུག་ལག་ཁང་སྲུང་བའི་དགེ་སློང་ཡོན་བདག་མ་འོངས་ན་ལོ་བཅུར་གནས་ཤིང་འདུག་ཤིག །སྔར་ནི་བསོད་སྙོམས་བླང་ངོ་། །མདོ་ལྟག་མ་ལྟར་ལོ་བཅུར་

གཙུག་ལག་ཁང་དུ་བཞག་པའི་དགེ་སློང་དེ་འཚོ་བ་མེད་ན་ལོ་ལྔར་ནི་བསོད་སྙོམས་བསླང་ངོ་། །དེའི་དུས་ན་སྦྱིན་བདག་མ་བྱུང་ན་གཞན་གཙུག་ལག་ཁང་གི་འཁོར་དང་ལྷན་ཅིག་ཏུའོ། །ལོ་ལྔར་བསྡད་དེ་ཡོན་བདག་མ་འོངས་ནས་འཚོ་བས་མི་སྦྱོར་ན་གཙུག་ལག་
ཁང་གང་དང་ཉེ་བའི་དགེ་འདུན་དང་ཡོན་ཐུན་མོང་དུ་བྱ་སྟེ་ལོ་ལྔའི་བར་དུ་དེ་ལས་འཚོ་བར་བྱའོ། །རྙེད་པ་གཅིག་ལ་གསོ་སྦྱིན་ཐ་དད་པའི་ལས་བྱའོ། །ལོ་བཅུར་གནས་པའི་དགེ་སློང་ལོ་ལྔར་དགེ་འདུན་གཞན་གྱི་གཙུག་ལག་ཁང་དང་འཚོ་བ་ཐུན་མོང་དུ་སྦྱོར་བའི་ཚེ་འཚོ་བ་ནི་
དགེ་འདུན་དང་ཐུན་མོང་དུ་བྱ། མཆོད་པ་དང་གསོ་སྦྱིན་ནི་བདག་གི་གཙུག་ལག་ཁང་དུ་བྱས་ཏེ་རས་ཀྱིས་འཚོ་བ་དང་ཆོས་ཀྱིས་འཚོ་བ་སྟེ་ཆོས་ཀྱིས་འཚོ་བ་ནི་གསོ་སྦྱིན་བྱེད་པའོ། །གཏོང་ན་གཙུག་ལག་ཁང་གི་འཁོར་དུ་དངོས་པོ་རྣམས་ཞོག་ཤིག །མདོ་ལྟག་མ་ལྟར་དགེ་སློང་
ལོ་བཅུར་གནས་ཏེ་ཡོན་བདག་མ་འོངས་ཏེ་གུད་དུ་འགྲོ་ན་གཙུག་ལག་ཁང་དང་ཉེ་བའི་དགེ་འདུན་ལ་སྐུ་གཟུགས་དང་ཡོ་བྱད་ཐམས་ཅད་བརྩིས་ཏེ་གནས་ན་བྱིན་ཅིག །མདོ་ལྟག་མ་ལྟར་གཙུག་ལག་ཁང་བོར་བ་ལས་དགེ་འདུན་སླར་འདུས་ན་ཡོ་བྱད་གཏམས་པའི་རྣམས་དགེ་འདུན་གྱི་
ཡོ་བྱད་ཚང་བར་སླར་བྱིན་ཅིག །གནས་དག་གི་ནོར་གནས་དག་ཏུ་མ་བྱིན་ཅིག །གཙུག་ལག་ཁང་གཅིག་གི་རྐྱེན་ཡུལ་གྲུའམ་ནོར་རྫས་གཙུག་ལག་ཁང་དེའི་རྐྱེན་དུ་བསྔོས་པ་གཙུག་ལག་ཁང་གཞན་གྱི་རྐྱེན་དུ་མི་བསྔོའོ་ཞེས་བྱི་ཛ་ཡ་བར་མ་བཤད། གཙུག་ལག་ཁང་སྟོང་པའི་
རྫས་ཉེ་འཁོར་གྱི་གཙུག་ལག་ཁང་དུ་གཏམས་པ་དགེ་སློང་སླར་འདུས་ན་སྔོན་ཅི་གཏམས་པ་དེ་ཉིད་སླར་སྦྱིན་གྱི་བསྣོར་ཅིང་མི་སྦྱིན་ནོ་ཞེས་བྱི་ཤུ་ཏས་བཤད། དེ་མ་རྙེད་ན་བྱིན་དུ་ཆུགས་ཤིག །ཡོན་བདག་དང་དགེ་འདུན་སླར་འདུས་ཏེ་གཙུག་ལག་ཁང་གི་ཡོ་བྱད་གཏམས་པ་
སླར་མ་བསྐྱལ་ན་ཐོག་མར་གདམས་པའི་དགེ་སློང་གིས་སློང་ལ་སླར་ཕུལ་ཅིག །ཁྱིམ་བདག་གིས་བསྒོས་པ་དེ་ལས་མི་འགལ། ཡོན་བདག་གིས་གཙུག་ལག་ཁང་སོ་སོར་རྐྱེན་ཕུལ་བ་ལས་ནང་མི་བསྣོར་སྟོན་མོས་འདྲེས་པ་ཙམ་ནི་མ་གཏོགས་སོ། །བསྣོར་ན་ཉེས་བྱས། མ་བྱིན་

ན་མཐུས་བླང་གཙུག་ལག་ཁང་གཞན་དུ་ནོར་གཏམས་པ་ལྟག་མ་ལྟར་བསླངས་ཏེ་མ་སྟེར་ན་མ་ཐུས་ཕྲོགས་ཏེ་བླངས་ཀྱང་ཉེས་མེད། རྙེད་ན་སྦྱིན་གཙུག་ལག་ཁང་ནང་མལ་སྟན་ནམ་སྣོད་སྤྱད་ལྟ་བུ་གཅིག་ལ་གཅིག་བརྟེན་པ་ལ་བྱིན་ན་ཉེས་མེད། ཉེས་མེད་པ་ནི་མཆོད་རྟེན་དག་
གིར་བསྔོས་པ་མ་གྲུབ་ནས་བསྔོས་པའོ། །བདག་གིས་གདུགས་སམ་འཕན་ལྟ་བུ་མཆོད་རྟེན་འདི་ལ་འབུལ་ལོ་ཞེས་བསྔོས་པ་ལས་རྐྱེན་ཅིག་འབྱུང་སྟེ་ཉེ་འཁོར་གྱི་མཆོད་རྟེན་གཞན་ལ་ཕུལ་ཀྱང་ཉེས་མེད། བྱང་ཆུབ་ཆེན་པོ་དང་ཆོས་ཀྱི་འཁོར་ལོ་དང་ཆོ་འཕྲུལ་ཆེན་པོ་དང་ལྷ་
ལས་བབ་པ་མ་གཏོགས་ཏེ་གཞན་ནོ། །མཆོད་རྟེན་འདི་བཞི་ལ་ཡོན་འབུལ་བར་བསྔོས་པ་ཞིག་ལས་མཆོད་རྟེན་གཞན་ལ་ཕུལ་ན་ཉེས་བྱས། མཆོད་རྟེན་བཞི་ནང་བསྣོར་ཏེ་ཕུལ་བ་ནི་ཉེས་མེད། བསྔོས་པའི་སྤོང་བའོ། །བསྔོས་པའི་སྤོང་བ་སྟེ་འདུལ་བ་རྣམ་པར་འབྱེད་པའི་
ནང་ནས་འབྱུང་བའི་མདོ།། །།འཇོག་པའི་སྤང་བ་ལ་འཆད་དེ། ཞག་བདུན་དུ་བསྔོས་པ་ལས་འདས་ན་དགེ་སློང་ལ་བསྒོ་ཤིག །སྨན་ཞག་བདུན་དུ་བཏགས་ཏེ་བཟའ་བའི་ཚེ་ཞག་རེ་རེ་ལོན་ཞིང་དགེ་སློང་གྲོགས་པོ་ལ་དབང་གཟུགས། མ་བཙུགས་ན་ཉེས་བྱས་ཏེ་ཞག་བདུན་
པའི་སྔགས་ཀྱིས་བཏབ་པས་ཡན་ལག་གཅིག །བཟའ་བའི་ཕྱིར་བཅངས་ནའོ། །སྔགས་བཏབ་སྟེ་བདག་གིས་བཟའ་བའི་ཕྱིར་བཅངས་པ་དང་ཡན་ལག་གཉིས། འདིའོ། །དངོས་པོ་ཁ་ཟས་རྣམ་བཞི་གང་ཡང་རུང་ཡིན་པ་དང་ཡན་ལག་གསུམ། བརྒྱད་ཀྱི་སྐྱ་རེངས་བྱུང་ནའོ། །
ཁ་ཟས་རྣམ་བཞི་དེ་ཞག་བརྒྱད་ཀྱི་སྐྱ་རེངས་བྱུང་བ་དང་ཡན་ལག་བཞི་སྟེ། ཡན་ལག་འདི་བཞི་དང་ལྡན་ན་སྤང་བའི་ལྟུང་བར་འགྱུར། ཞག་འདས་པའི་ཟས་མ་བརྟགས་པ་ཟོས་པ་བཞིན་དུ་འདིར་འདི་དག་ཀྱང་གདགས་སོ། །སྤགས་པའི་ཁ་ཟས་མ་བརྟགས་པ་ཟོས་ན་ལྟུང་བར་
འགྱུར་བ་བཞིན་དུ་སྨན་ཞག་བདུན་པ་ཡང་ཞག་འདས་ན་ཡང་སྤང་བར་འགྱུར། གང་དུ་འདིའི་ཕྱིར་བརྟགས་པ་དེ་ལ་ལྟུང་བ་མེད་དོ། །མར་དང་ཤིང་མར་དང་སྦྲང་རྩི་དང་ཁཎྜ་བརྟགས་པ་ལས། ཞག་བདུན་འདས་ན་སྤང་བའི་ལྟུང་བར་འགྱུར་བ་ལ་སྦྲང་རྩི་དང་ཁཎྜ་ནི་ཞག་འདས་ན་

སྤང་ངོ་། །མར་དང་ཤིང་མར་གཉིས་ནི་རྐ་ལག་བསྐུ་བའི་ཕྱིར་བསྔོས་ཏེ་བཞག་ན་སྤང་མི་དགོས་ཏེ་ལྟུང་བ་མཐོལ་བས་ཚངས་སོ། །བརྟགས་པ་ནི་སྣའི་དང་བསྐུ་བ་བསྔོས་པའོ། །ཡོན་བདག་གཅིག་གིས་མར་དང་ཤིང་མར་ཞིག་ཅི་བདེར་སྤྱོད་ཅིག་ཅེས་དགེ་སློང་
ལ་ཡོན་དུ་ཕུལ་བ་ལས་སྣར་བླུགས་པ་དང་རྐང་ལག་བསྐུ་བའི་ཕྱིར་བརྟགས་ཏེ་བཞག་པ་ཞག་འདས་པའམ་ལྷན་ཅིག་འགྲོགས་ཀྱང་ཉེས་མེད་དེ། ཞག་བདུན་གྱི་སྤང་བའོ། །ཞག་བདུན་པའི་སྤང་བའི་ལྟུང་བ་སྟེ་འདུལ་བ་རྣམ་པར་འབྱེད་པའི་ནང་ནས་འབྱུང་བའི་མདོ།། །།
སྤང་བ་རྫོགས་སོ། །འདི་ཡན་ཆད་སུམ་ཅུ་སྤང་བའི་ལྟུང་བ་རྫོགས་སོ།། །།འདི་མན་ཆད་དགུ་བཅུ་ལྟུང་བ་ལ་འཆད་དེ། ཆོས་དང་སངས་རྒྱས་ཀྱི་ཆོས་ལ་བྱ། ཆོས་མ་ཡིན་པར་སངས་རྒྱས་ཀྱི་ཆོས་མ་ཡིན་པ་རྣམས་ལ་བྱ། ཤེས་ཀྱང་དགེ་འདུན་དང་མངོན་སུམ་དུ་ཆོས་མ་
ཡིན་པར་བརྗོད་ན་སྦོམ་པོའི་ཉེས་པའོ། །དགེ་སློང་གིས་ཆོས་ཡིན་པ་དང་ཆོས་མ་ཡིན་པར་ཤེས་བཞིན་དུ་དགེ་འདུན་གྱི་ནང་དུ་མ་ཡིན་པ་ལ་ཡིན་ནོ་ཞེས་སྨྲས་པ་དང་ཡིན་པ་ལ་མ་ཡིན་ཞེས་སྨྲས་ན་དགེ་འདུན་གྱི་ལྷག་མའི་དབྱེན་གྱི་སྦོམ་པོར་འགྱུར། བརྫུན་ལ་རྣམ་པ་ལྔ་སྟེ། ཕས་ཕམ་
པའི་བརྫུན་དང་དགེ་འདུན་གྱི་ལྷག་མའི་བརྫུན་དང་སྦོམ་པོའི་བརྫུན་དང་བཏུང་བའི་བརྫུན་དང་ཉེས་བྱས་ཀྱི་བརྫུན་ཏེ། སྦོམ་པོའི་བརྫུན་ནི་མདོ་འདི་ཉིད་ཡིན་ནོ། །གཞན་ནི་འོག་ནས་འཆད། གསོ་སྦྱིན་གྱི་ཚེ་མི་ཁྱོད་འདི་ན་ཀུན་གཙང་ངམ་ཞེས་ལན་གསུམ་གྱི་བར་དུ་དྲིས་ན་མི་གཙང་དུ་
འདུ་ཤེས་ཀྱང་མི་སྨྲ་བར་འདས་ན་ཉེས་བྱས་པའོ། །གསོ་སྦྱིན་གྱི་ཚེ་སོ་སོར་ཐར་པ་ཀློག་པས་གུད་དུ་ལྟུང་བ་མེད་དམ་ཞེས་ལན་གསུམ་དུ་དྲིས་ན་ལྷག་མ་མན་ཆད་ཉེས་བྱས་ཡན་ཆད་ཀྱི་ལྟུང་བ་ཡོད་བཞིན་དུ་མ་མཐོལ་བར་བཅབས་ཏེ་སོ་སོར་ཐར་པ་བཀླགས་ན་ཉེས་བྱས། འདི་དག་
ཀྱང་མདོ་གོང་མ་གཉིས་ལ་བྱ། ཕས་ཕམ་པའི་ཕས་ཕམ་པའི་བརྫུན་ལ་བྱ། དགེ་འདུན་གྱི་ལྷག་མ་དགེ་འདུན་གྱི་ལྷག་མ་ཤ་བ་དང་སྐུར་བའི་བརྫུན་ལ་བྱ། ལས་གཞན་པ་བརྫུན་གྱི་རྣམས་ནིའོ། །བརྫུན་གོང་མ་བཞི་མ་གཏོགས་པར་གཞན་ཤེས་བཞིན་དུ་བརྫུན་བྱས་སོ་ཅོག་གང་

བྱས་ཀྱང་ལྟུང་བར་འགྱུར། སྨྲ་བཞིན་ན་ཡང་འདུ་ཤེས་རྙེད་ན་ལྡང་ངོ་། །བརྫུན་བྱ་བར་བསམས་ཏེ་དངོས་པོ་མ་ཡིན་པ་ལ་ཡིན་པར་ཚིག་མགོ་བརྩམས་པ་ལས་རྐེད་བཅད་དུ་བོར་ཏེ་མ་སྨྲས་ཀྱང་ལྟུང་བར་འགྱུར་ཏེ་དཔེར་ན་ཀུན་འདི་ལ་གསེར་གྱི་ཞེས་བྱ་བ་ལྟ་བུ། མནའ་མི་དོར། དགེ་
སློང་གིས་མནའ་བོར་བ་འབའ་ཞིག་གི་ཚིག་ནི་བདེན་གྱི་གཞན་སྨྲས་པ་ལ་ཡིད་མི་ཆེས་པའི་ཕྱིར་ཉེས་བྱས། བརྫུན་སྨྲ་བའི་ལྟུང་བའོ། །བརྫུན་སྨྲ་བའི་ལྟུང་བ་སྟེ་འདུལ་བ་རྣམ་པར་འབྱེད་པའི་ནང་ནས་འབྱུང་བའི་མདོ།། །།སྐྱོན་དུ་སྨྲ་བའི་ལྟུང་བ་ལ་འཆད་དེ། དགེ་སློང་ངོ་། །དགེ་
སློང་ལ་སོགས་པ་ནི་མ་ཡིན་གྱི་དགེ་སློང་ལ་སྐྱོན་ནས་བོས་ན་ལྟུང་བ་སྟེ་ཡན་ལག་གཅིག །དེ་མ་ཐེག་པའི་ཡང་ངོ་། །འོག་ནས་འབྱུང་བ་ཕྲ་མ་ཡང་དགེ་སློང་ལ་བྱས་པས་ལྟུང་བར་འགྱུར་ཏེ་དགེ་སྦྱོང་དང་སྐྱེ་བོས་སྨྲས་པ་ནི་མི་ལྟུང་ངོ་། །སྐྱོན་ནས་སྐྱོན་ཀྱང་ཡིན་པ་དང་ཡན་ལག་
གཉིས། འབོད་པར་འདོད་པ། སྐྱོན་ནས་ཀྱང་བོས་པ་དང་ཡན་ལག་གསུམ་སྟེ་འདི་གསུམ་དང་ལྡན་པར་དགེ་སློང་ལ་སྨྲས་ཤིང་བོས་ན་ལྟུང་། འཇམ་པའམ། ཚིག་འཇམ་པོས་ཉོན་མོངས་སྐྱོན་འདི་ལྟ་བུ་ཡོད་ཅེས་སྨྲས་ནའང་ལྟུང་། རྩུབ་པོ་གཤེ་བའི་ཚིག་ཏུ་དྲག་པོར་སྐྱོན་ནས་
བོས་ནའང་ལྟུང་། གང་ཅི་ལ་ཡང་དམ་པ་མ་ཡིན་པར་བསམས་ཤིང་སྨྲ་ན། དགེ་སློང་གིས་ཕ་རོལ་ལ་ལུས་ཀྱི་སྐྱོན་ཞར་བའམ་མཛེ་ཅན་ལ་སོགས་པའམ་ཡིད་ཀྱི་སྐྱོན་མེའམ་སྦྲུལ་གདུག་དང་འདྲ་ཞེས་བྱས་པ་དང་རིགས་ཀྱི་སྐྱོན་ཕྱག་དར་བ་ལ་སོགས་པ་འདི་ལྟ་བུ་ཡིན་ནོ་ཞེས་སྨྲས་
ན་ལྟུང་། མིང་མ་ཡིན་པ་དང་མིང་སྐྱོན་དུ་འགྱུར་བ་ལས་བོས་ན་ལྟུང་། མི་དགའ་བ་མ་སྐྱེས་ཀྱང་ངོ་། །དགེ་སློང་གི་དགེ་འདུན་ལ་མདོ་ལྟག་མ་ལྟར་སྐྱོན་ནས་བོས་ན་ཁྲོས་ཀྱང་རུང་ལྟུང་བར་འགྱུར། གཞན་དགེ་སློང་དང་ཁྱིམ་པ་ལ་སྐྱོན་ལྟག་པའི་ལྟར་སྨྲས་ན་ཉེས་བྱས། རྒྱལ་
རིགས་དང་བྲམ་ཟེ་ལ་སོགས་པ་ན་ཉེས་བྱས་པའོ། །དགེ་སློང་ལ་རྒྱལ་རིགས་ལྟ་བུ་རིགས་བཙུན་པ་མ་ཡིན་པ་ལ་གནེང་གཙོང་གི་ཚུལ་དུ་ཡིན་ནོ་ཞེས་སྨྲས་ན་ཉེས་བྱས་ཞེས་བྱི་ཤུ་ཏས་བཤད། ཁྱོད་རྒྱལ་རིགས་ལ་སོགས་པ་བཙུན་པའི་ཚུལ་བོར་ཏེ་ཅིའི་ཕྱིར་ན་ཐར་པར་ཞུགས་ཞེས་

སྨྲས་ན་ཉེས་བྱས་ཞེས་བྱི་ཛ་ཡ་བར་མས་བཤད་སྐྱོན་ནས་འབོད་པའོ། །སྐྱོན་ནས་འབོད་པའི་ལྟུང་བ་སྟེ་འདུལ་བ་རྣམ་པར་འབྱེད་པའི་ནང་ནས་འབྱུང་བའི་མདོ།། །།ཕྲ་མའི་ལྟུང་བ་ལ་འཆད་དེ། ཕྲ་མ་འདོད་པས་ཆེ་གེ་མོ་ཞིག་སྨྲའོ་ཞེས་སྨྲ་ནའོ། །ཕ་
རོལ་དགེ་སློང་གཉིས་འཐབ་པ་འམ་དབྱེ་བར་བྱ་བའི་ཕྱིར་ཁྱོད་ལ་འདི་སྐད་ཟེར་རོ་ཞེས་ཟེར་ཞིང་ཕན་ཚུན་དུ་ཚིག་བསྐྱལ་ན་ལྟུང་བར་འགྱུར་ཏེ་དངོས་ཕྲ་མ་ཡིན་པ་དང་ཕ་རོལ་ལ་སྨྲས་པ་དང་ཡན་ལག་གཉིས་དགེ་སྦྱོང་དང་ཁྱིམ་པ་གཉིས་ལ་ཕྲ་མ་བྱས་ན་ཉེས་བྱས། འོན་ཏེ་མིང་
ནས་ན་ཡང་ངོ་། །དགེ་སྦྱོང་དང་ཁྱིམ་པའི་མིང་ནི་མ་ཡིན་གྱི་དགེ་སློང་འདི་ཁྱོད་ལ་འདི་སྐད་ཟེར་རོ་ཞེས་སྨྲས་ན་ལྟུང་བར་འགྱུར་ཏེ་ཡན་ལག་གསུམ། དེ་དགེ་སློང་ནའོ། །ཕ་རོལ་དུ་གནས་པའི་དགེ་སློང་དེ་ཉིད་ཚུལ་ཁྲིམས་མ་ཉམས་པ་ལ་སྨྲས་ཏེ་ཡན་ལག་འདི་བཞི་དང་ལྡན་ན་
ལྟུང་། ཚུལ་དང་མི་ལྡན་པ་ལ་ལྡན་པར་བསམས་ཏེ་སྨྲས་ནའང་ལྟུང་གཞན་ལ་ན་ཉེས་བྱས་པའོ། །ཡན་ལག་འདི་བཞི་དང་མི་ལྡན་པར་སྨྲས་ན་ཉེས་བྱས་ཞེས་བྱི་ཛ་ཡ་བར་མས་བཤད། དགེ་སློང་འདི་འདི་སྐད་ཟེར་རོ་ཞེས་མིང་ནས་མ་ཕྱུང་བར་སྨྲས་ན་ཉེས་བྱས་ཞེས་བྱི་ཤུ་ཏས་
བཤད། ཕྲ་མའོ། །ཕྲ་མའི་ལྟུང་བ་སྟེ་འདུལ་བ་རྣམ་པར་འབྱེད་པའི་ནང་ནས་འབྱུང་བའི་མདོ།། །།སྤྱོས་པ་ལ་འཆད་དེ། འབྷིད། ཤེས་བཞིན་དུ་བྱས་ན་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །དགེ་འདུན་གྱི་ཡང་དག་པར་ཞི་བའོ། །དགེ་སློང་གཉིས་ཤིག་འཐབ་པ་ལས་དགེ་འདུན་
གྱིས་ཞི་བར་བྱས་པ་ལས་དགེ་སློང་གཅིག་གིས་སླར་འཐབ་པའི་རིགས་སོ་ཞེས་འཐབ་ཏུ་བཅུག་པ་ལས་བརྒྱ་རྩ་གཅིག་གང་ཡང་རུང་སྟེ་དགེ་འདུན་གྱིས་ལས་བྱས་ཏེ་ཞི་བ་ལས་ཉེས་པར་འགྱུར་ཏེ་ཡན་ལག་གཉིས། དགེ་སློང་དག་གིས་གླེངས་པའོ། །དགེ་སློང་གཉིས་ཆོས་ཀྱི་ཕྱིར་རྩོད་པ་
ལས་བདག་གིས་གླེངས་པ་ལས་འགྱུར་ཏེ་ཡན་ལག་གསུམ། སྤྱོས་ནའོ། །མདོ་ལྟག་མའི་ལྟག་མ་ལྟར་དགེ་འདུན་གྱིས་ཞི་བར་བྱས་པ་ལས་ཞི་བའི་མི་རིགས་ཀྱིས་ད་རུང་རྩོད་པའི་རིགས་སོ་ཞེས་དགེ་འདུན་གྱི་ལས་སྤྱོས་ཏེ་ཡན་ལག་འདི་བཞི་དང་ལྡན་ན་ལྟུང་བའོ། །འཁོད་པས་དགེ་འདུན་

ལས་བྱེད་པའི་ནང་ན་བདག་འདུག་ཏེ་རྒྱུས་ཤེས་པ་དང་། ལས་བྱས་པ་དང་བདག་གིས་གསོལ་བ་དང་ཞུ་བའི་ལས་བྱེད་བྱེད་དེ་རྒྱུས་ཤེས་པ་དང་། དད་པ་བྱིན་པ་ལ་རྩ་བའོ། །བདག་གིས་དད་པ་བྱིན་པ་དང་རྩིས་མགོ་འདི་རྣམས་དང་ལྡན་པར་གང་བྱས་ཀྱང་རུང་སྟེ་ལྟུང་བར་འགྱུར།
ཉེས་བྱས་པ་ནི་འོངས་པ་དང་། དགེ་འདུན་གྱིས་ལས་བྱས་པ་ལ་དགེ་སློང་ཞིག་ཕྱིས་འོངས་ཏེ་ལས་འདི་བྱས་པ་མ་ལེགས་སོ་ཞེས་སྨྲས་ན་ཉེས་བྱས། ལྟ་བ་ལ་བརྗོད་པ་ཡང་ངོ་། །དགེ་སློང་གྲལ་ན་འདུག་པས་དགེ་འདུན་གྱི་ལས་བྱས་པ་ལ་མི་རུང་པ་སྐད་དུ་ཚིག་འཇོང་རྙོལ་དུ་སྨྲས་ནའང་
ཉེས་བྱས། དེ་བཞིན་དུ་གླེང་བར་འདུ་ཤེས་ན་གླེང་བ་དག་ཀྱང་ངོ་། །དགེ་སློང་གཉིས་ཤིག་རྩོད་དེ་ལྟག་ཏུ་དགེ་འདུན་གྱིས་ཞི་བར་བྱས་པ་ལས་ཞི་བར་བྱས་པའི་གླེང་དེ་ནི་མ་བསླང་གི་གླེང་གཞན་ཞིག་གིས་འཐབ་པར་འགྱུར་བའི་གཅུགས་ཤིག་ལས་གླེང་བསླང་སྟེ་རྩོད་དུ་བཅུག་པའང་
ལྟུང་། དགེ་འདུན་གྱིས་ལས་བརྒྱ་རྩ་གཅིག་ལྟ་བུ་གང་ཡང་རུང་བ་ཞི་བའམ་ཆད་པར་བྱས་པ་ལས་དེ་ཉིད་སྤྱོས་ཀྱང་རུང་གཞན་དུ་སྤྱོས་ཏེ་བསྣོར་ཀྱང་རུང་ལྟུང་ངོ་། །ལས་ཀྱི་འབྲས་བུར་གྱུར་པ་ལ་དེ་མ་ཡིན་ཞེས་བརྗོད་ན་ཕྱེད་དོ། །དགེ་འདུན་གྱིས་དགེ་སློང་ལྷག་མར་གྱུར་པ་ཞིག་
ཆད་པར་བྱེད་དུ་བཅུག་པ་ཞག་བཅུ་ཙམ་བྱས་པ་ལ་དགེ་སློང་ཅིག་ན་རེ་ཆད་པ་བྱེད་པ་དེ་ལ་ཁྱོད་ཀྱིས་ཆད་པའི་ལས་བྱས་པ་འདི་མ་ཡིན་གྱིས་གཞན་བྱེད་དུ་བཅུག་གོ་ཞེས་སྤྱོས་པའི་ཚེ་ཉེས་བྱས། ལས་བརྒྱ་རྩ་གཅིག་ཀུན་དེ་དང་འདྲ། སྤྱོས་པའོ། །སྤྱོས་པའི་ལྟུང་བ་སྟེ་འདུལ་བ་རྣམ་པར་
འབྱེད་པའི་ནང་ནས་འབྱུང་བའི་མདོ།། །།བུད་མེད་ལ་ཆོས་འཆད་པའི་ལྟུང་བ་ལ་འཆད་དེ། ཆོས་འཆད་པའོ། །བུད་མེད་བརྡ་ཕྲད་པ་ལ་ཆོས་བཤད་པ་ལས་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །ཚིག་དྲུག་ལས་ལྷག་པར་རོ། །སྒོ་དྲུག་ལས་ལྷག་པར་བཤད་ན་ལྟུང་བར་འགྱུར་
ཏེ་ཡན་ལག་གཉིས། ལྷག་པར་ཤེས་ནའོ། །བདག་གི་ཚིག་ལྔའམ་དྲུག་ལས་ལྷག་པར་སྨྲས་པར་ཤེས་ན་ལྟུང་བར་འགྱུར་ཏེ་ཡན་ལག་གསུམ་དང་ལྡན་ན་ལྟུང་བའོ། །ལྔ་པོ་ཚིག་ལྔ་ལས་བརྩམས་པའོ། །ཕུང་པོ་ལྔ་བཤད་པ་ལས་དྲུག་ཏུ་རྩོམ་པའི་ཚེ་ཉེས་བྱས། དྲུག་ཏུ་

སྨྲས་ན་ལྟུང་། སྒོ་དྲུག་མི་རྟག་གོ་ཞེས་བཤད་པ་ལས་ཚིག་བདུན་དུ་རྩོམ་པའི་ཚེ་ཉེས་བྱས་ཚིག་བདུན་དུ་སྨྲས་ན་ལྟུང་བའོ། །མཁས་པས་མ་བྱས་པ་ནི་ལན་ཀུན་དྲིས་པ་དང་། མདོ་ལྟག་མ་ལྟར་ཕུང་པོ་དང་སྐྱེ་མཆེད་བཤད་པ་ལས་བུད་མེད་མཁས་པས་འདི་
ཡན་ལག་ཐབས་ཇི་ལྟ་བུ་ཡིན་ཞེས་དེས་བྱེ་བྲག་ཏུ་དྲིས་པ་ལས་ཡན་ལག་ཞིབ་ཏུ་བཤད་ཀྱང་ཉེས་མེད་ཁ་དོན་དང་བུད་མེད་ཁ་དོན་འབུལ་བ་ལ་ཁ་དོན་མནོད་པ་དང་དབོག་པའི་ཚིག་དྲུག་ལས་ལྷག་པར་སྨྲས་ཀྱང་ཉེས་མེད། ཀུན་དྲི་བ་དང་། སྔོན་ཆད་ཆོས་བཤད་དེ་བུད་མེད་ཀྱིས་བརྗེད་པ་སླར་
འདྲི་ན་ཚིག་དྲུག་ལས་ལྷག་པར་སྨྲས་ཏེ་བསྟན་པའང་ཉེས་མེད། ཉེ་བར་གནས་པ་བྱིན་པ་དང་། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་ཁྲིམས་པའང་ཚིག་དྲུག་ལས་ལྷག་པར་སྨྲས་ཀྱང་ཉེས་མེད། ཀུན་དྲི་བ་དང་བྱིན་པའི་ཆགས་པའོ། །ཡོན་བདག་གི་དགེ་སློང་བཤོས་
གསོལ་བའི་ཚེ་ཚིག་དྲུག་ལས་ལྷག་པར་ཚིགས་བཅད་སྨྲས་ཀྱང་ཉེས་མེད། གནས་སྤངས་ནས་སྔ་མའི་མ་ཡིན་ནོ། །བུད་མེད་ལ་ཆོས་འཆད་པ་ཚིག་བཞིའམ་ལྔ་ཙམ་མན་ཆད་སྨྲས་ཏེ་ས་སྤོས་ཤིང་བཤད་པ་ནི་ཉེས་མེད། ཚིག་གྲངས་ལས་འདས་པར་སྨྲས་ཏེ་ས་སྤོས་པ་ནི་ལྟུང་བར་
འགྱུར། འཆད་པའོ། །འཆད་པའི་ལྟུང་བ་སྟེ་འདུལ་བ་རྣམ་པར་འབྱེད་པའི་ནང་ནས་འབྱུང་བའི་མདོ།། །།ཀློག་པའི་ལྟུང་བ་ལ་འཆད་དེ། རབ་ཏུ་མ་རྫོགས་པ་དང་མཉམ་པའམ། འབྲང་བར་འཐོབ་པར་འགྱུར་བའི་སྟེ། སྨྲས་པ་ཆོས་སམ་ཡི་གེ་ནའོ། །དགེ་སློང་གཉིས་མགྲིན་པ་
བསྒྲིལ་ཞིང་སྨྲས་པ་ནི་མ་གཏོགས་ཏེ་དགེ་སྦྱོང་ངམ་ཁྱིམ་པ་ལྟ་བུ་ཞིག་དང་རྣམ་པ་འདི་རྣམས་གང་དང་ཡང་རུང་སྟེ་ཤ་ལོ་ཀ་གཅིག་ཡན་ཆད་མིད་པ་བསྒྲིལ་ཞིང་སྨྲ་ན་ལྟུང་བར་འགྱུར། མི་འདོད་པར་འགྲུབ་པ་མ་གཏོགས་སོ། །ཁ་ཐོན་ཞུ་བ་ལ་སོགས་པ་དགེ་སློང་གིས་སྨྲས་པའི་རྗེས་
བཞིན་དགེ་སྦྱོང་ངམ་ཁྱིམ་པ་ཞིག་ལྕེ་བདེ་ཞིང་ཚིག་མྱུར་བས་བདག་སྨྲས་པའི་ཚིག་ནོན་ཏེ་བསྒྲིལ་ཞིང་སྨྲས་ཀྱང་ལྷན་ཅིག་སྨྲ་བར་མ་དད་ན་ཉེས་མེད། མཉན་དུ་ཡོད་པ་ན་ཨུ་དའི་ཡི་གེ་ཕལ་མོ་ཆེ་དང་ལྷན་ཅིག་ཏུ་ཀླག་ཅོར་ཆེར་ཟེར་ཞིང་མིད་པ་བསྒྲིལ་པ་ལས་བཅས། ལྷོགས་ཤིག་པ་

ཡང་བསྟན་ཏེའོ། །མདོ་ལྟག་མ་ལྟར་དགེ་སྦྱོང་ངམ་ཁྱིམ་པའི་ཚིག་མྱུར་བར་སྨྲ་བ་ལ་ངའི་ཚིག་སྨྲ་བ་མ་ཟིན་པར་མ་སྨྲ་ཤིག་ཅེས་ལན་གཉིས་གསུམ་དུ་བསྟན་ཅིང་བསྒོ་འང་རང་བཞིན་དུ་གྱུར་ཏེ་ཚིག་མྱུར་ནས་མཉམ་དུ་སྨྲས་པའང་ཉེས་མེད། ཁ་དོན་དང་ཁ་དོན་སློས་པའི་སྐབས་སྐབས་
སུ་ཚིག་བསྒྲིལ་ཞིང་སྨྲས་པའང་ཉེས་མེད། སློས་པ་དང་ཁ་དོན་འབུལ་བའི་ཚེ་བརྗེད་དམ་ནོར་ཏེ་བསྟན་པར་སློས་པ་ལ་བསྒྲིལ་ཏེ་སྨྲས་པ་ཉེས་མེད། ཀུན་འདྲི་བའོ། །དགེ་སྦྱོང་གིས་དྲིས་པ་ལ་ལེའུ་དང་དོན་འདི་ལྟ་བུ་ཡིན་ནོ་ཞེས་བསྒོ་བ་ལ་མཉམ་དུ་སློས་ཤིང་སྨྲ་བ་ནི་ཉེས་མེད། ཀློག་
པའོ། །ཀློག་པའི་ལྟུང་བ་སྟེ་འདུལ་བ་རྣམ་པར་འབྱེད་པའི་ནང་ནས་འབྱུང་བའི་མདོ།། །།ཉེས་སྨོས་ལ་འཆད་དེ་བསྐོའོ། །སྡིག་པའི་དགེ་སློང་ཕ་དང་དགེ་སློང་མ་རིགས་སུ་བསྐོའོ། །མཉན་དུ་ཡོད་པ་ན་དགེ་སློང་ཨ་རི་ཤྟ་དང་དགེ་སློང་མ་ས་ར་ལ་གཉིས་ཤུག་ཏུ་འདུས་ནས་རིགས་སུན་པ་སྤྱོད་
པ་ལ་ཡུལ་དེའི་གྲོང་མི་ན་རེ་ཤ་ར་མ་ན་དེའི་སློབ་མ་འདི་ལྟར་རིགས་སུན་ཅིང་མི་ཚངས་པར་སྤྱོད་པ་ལ་ངེད་དང་མི་འདྲ་བ་མེད་ཀྱིས་འདི་དག་ལ་བསྟི་སྟང་དང་བསོད་སྙོམས་ལ་སོགས་པའང་མི་སྦྱིན་ནོ་ཞེས་དམ་བཅས་ཏེ། དགེ་སློང་ཡོན་ཏན་དང་ལྡན་པ་ཁ་ཅིག་སློང་བ་ལའང་བསོད་སྙོམས་
མ་སྟེར་བ་གཏམ་རིམ་པ་ནས་སངས་རྒྱས་ཀྱིས་གསན་ཏེ་དགེ་སློང་གཅིག་གསོལ་བ་དང་ཞུ་བའི་ལས་གཉིས་ཀྱིས་དགེ་སློང་ཕ་དང་དགེ་སློང་མ་འདི་གཉིས་དང་དགེ་འདུན་ཕལ་ཆེར་ཕྱོགས་མི་སྟེ་འདྲའོ་ཞེས་རིགས་སུ་བསྒོ་ཤིག་པར་བསྒོ་བ་ལ་བྱ། ཉོན་ཅིག་ཚེ་དང་ལྡན་པ། བསྐོས་
པའི་དགེ་སློང་གིས་ཁྱིམ་པ་ཕོ་སྨོས་ལ་རིགས་སུན་པའི་མིང་ནས་སྨོས་ཏེ་འོག་མའི་ཚིག་བསྒོ་བ་ལ་བྱ། འགྱུར་བ་ནི་རིགས་སུ་རིགས་སུན་པ་དང་རབ་འབྱུང་གནས་སུ་རབ་འབྱུང་གནས་སུན་པ་འདི་ལྟ་སྟེ་འགྲུབ་པའི་འབྲས་ཀྱི་ཞིང་དུ་སེར་བ་དྲག་པོའི་འཁོར་ལོ་བབ་པ་དེའི་ཕྱིར་འབྲས་
དེ་ཁ་བཏགས་པའི་ཕྱིར་མ་རུང་པར་བྱ་བའི་ཕྱིར་མི་རིགས་པར་ཆུད་གཟན་པ་དང་འགྲུབ་པའི་བུ་རམ་ཤིང་གི་ཞིང་བཙོད་འདྲ་བ་ཞེས་བྱ་བའི་ནད་ཀྱི་རིགས་བྱུང་ནས་དེའི་ཕྱིར་བུ་རམ་ཤིང་དེ་ཉིད་ཁ་གདགས་པའི་ཕྱིར་མ་རུང་བར་བྱ་བའི་ཕྱིར་མི་རིགས་པར་ཆུད་གཟན་པའི་ཕྱིར་ཚེ་དང་ལྡན་པ་

ཁྱེད་དགེ་སློང་འདི་དང་དགེ་སློང་མ་འདིས་བསྟན་པ་མ་གཞལ་ཅིག །དགེ་སློང་ཕ་འདི་དང་དགེ་སློང་མ་འདི་དག་ནི་འབྲུ་ཚིག་པ་བཞིན་མི་སྐྱེ་བ་ནི་ཆོས་ཏེ་འདིའི་འདུལ་བའོ། །ལྟོ་ཤིག་བཅོམ་ལྡན་འདས་དང་གནས་བརྟན་གནས་བརྟན་རྣམས་ཀྱིས་དགེ་སློང་ལའོ་ཞེས་
རིགས་སུ་རིགས་ལ་བསྒོ་བ་སྨོས་ཤིག །མི་མོས་ན་ཞུ་བ་བྱོས་ཤིག །དགེ་སློང་བསྐོས་པ་གོང་དུ་བསྐོར་སོང་སོང་བ་ལ་དགེ་སློང་ཨ་རི་ཤྟས་ཁྱོད་སྒོར་འགྲོ་ན་གསད་དོ་ཞེས་བསྡིགས་པ་དང་གྲོང་དུ་འགྲོ་མ་ནུས་ནས་བདག་གིས་རྔོ་མི་ཐོགས་སོ་ཞེས་དད་པ་སླར་ཕུལ་བ་དང་སངས་རྒྱས་ཀྱིས་དགེ་
འདུན་སྟེ་ལྔ་ལ་ཞུ་བ་བྱས་ཏེ་ཁྱེད་རྣམས་ཐམས་ཅད་ཀྱིས་དགེ་སློང་ཨ་རི་ཤྟས་ཕོ་མོ་འདི་གཉིས་དང་གཞན་དང་ཐ་དད་པར་ལྟོས་ཤིག་པར་བསྒོ་བ་ལ་བྱ་འབྷིད་ཤེས་བཞིན་པ་ལ་བྱ། མི་ཤེས་པའི་བསྙེན་པར་མ་རྫོགས་པ་ཉན་ནའོ། །དགེ་སློང་གིས་དགེ་སྦྱོང་དང་ཁྱིམ་པ་གཏམ་མཐོས་ཤིང་
མི་ཤེས་པ་ལས། དགེ་སློང་འདིས་ཕམ་པའམ་དགེ་འདུན་གྱི་ལྷག་མས་བྱས་སོ་ཞེས་བྱས་ན་ལྟུང་བ་སྟེ་དགེ་སྦྱོང་ངམ་ཁྱིམ་པ་དེ་ཕས་ཕམ་པ་བྱུང་བར་མི་ཤེས་པར་སྨྲས་པས་ཡན་ལག་གཅིག་བསྙེན་པར་མ་རྫོགས་པ་དང་ཡན་ལག་གཉིས་མཉན་ཏེ་ཐོས་པ་དང་ཡན་ལག་གསུམ། བསྒོ་
ནའོ། །ཉེས་པ་ཉིད་ཕ་རོལ་ལ་བསྟན་པ་དང་ཡན་ལག་བཞི། ཕས་ཕམ་པ་དང་དགེ་འདུན་གྱི་ལྷག་མའོ། །མདོ་ལྟག་ཏུ་བསྒོ་ཞེས་བྱ་བ་ནི་ཕས་ཕམ་པ་དང་དགེ་འདུན་གྱི་ལྷག་མ་བསྒོ་བ་ལ་བྱ་སྟེ་ཡན་ལག་འདི་ལྔ་དང་ལྡན་ན་ལྟུང་བར་འགྱུར། བསྐོ་བ་མ་བྱས་པའོ། །དགེ་འདུན་གྱིས་
གྲོང་དུ་ཉེས་པ་སྦོམ་པོ་སྨོས་ཤིག་པར་བསྒོས་པ་ནི་མ་གཏོགས་ཏེ་བདག་གིས་ཉེས་པ་སྦོམ་པོ་གཞན་ལ་སྨྲས་ན་ལྟུང་། དགེ་འདུན་ལ་མ་གསོལ་ནའོ། །དགེ་འདུན་སྡེ་ལྔ་ལ་གསོལ་བ་དང་ཞུ་བའི་ལས་ཀྱིས་གྲོང་དུ་བསྒོ་ཤིག་པར་བསྐོས་པ་ནི་ཉེས་མེད། དེ་ལྟར་མ་བསྒོ་བར་སྨྲས་པ་ནི་ལྟུང་
བར་འགྱུར། སྡུག་བསྔལ་སྦྱིན་པར་སྨྲ་བའོ། །ཉེས་སྨོས་ཀྱི་ལྟུང་བ་སྟེ་འདུལ་བ་བདུན་གྱི་གཙུག་ལག་ཁང་ངམ་སངས་རྒྱས་ཀྱི་དྲི་གཙང་ཁང་ངམ་ཙེ་ཏི་ཞིག་བརྩིག་ན་གང་གིས་བརྩིག་ཅིང་ལས་བྱེད་པའི་དགེ་སློང་དེས་ཤིང་གཅོད་ཅིང་རྔ་བའི་ཞལ་ཏ་བྱེད་ཅིང་གཅོད་དུ་གཞུག་པར་

གནང་ངོ་། །ཇི་ལྟ་བྱ་བའི་ཐབས་འོག་ནས་འཆད་པ་ཡིན་ནོ། །ཞག་བདུན་བརྒྱད་ཀྱི་སྔོན་ལོགས་སུ་འོག་ཏུ་དཀྱིལ་འཁོར་དང་དྲི་བསུང་དང་མེ་ཏོག་དང་པོག་དང་མེ་མར་དང་གཏོར་མ་བྱིན་ལ་གསུམ་བརྒྱུད་བླངས་ནས་སྦྱིན་པའི་བཤགས་པ་བྱ་སྟེ་གང་ལྷ་ཤིང་འདི་ལ་གནས་པ་དེ་གནས་གཞན་
དུ་ཚོལ་ཅིག་ཤིང་འདི་མཆོད་རྟེན་གྱིའམ་དགེ་འདུན་གྱི་བྱ་བར་འགྱུར་རོ་ཞེས་ཤིག་པའི་ཚིག་གིས་སོ། །ཤིང་གང་ནས་རྔ་བའི་ས་དེར་ཞག་བདུན་ནམ་བརྒྱད་ཀྱི་སྔོན་ལོགས་ནས་ཤིང་དྲུང་དུ་དཀྱིལ་འཁོར་དང་དྲི་བསུང་དང་མེ་ཏོག་དང་མེ་མར་དང་པོག་སྤོས་དང་མཆོད་པ་མེ་མར་དང་
གཏོར་མ་ལ་སོགས་པས་མཆོད་ཅིང་སྦྱིན་ནོ། །དེ་ནས་དཀོན་མཆོག་གསུམ་ལ་བསྟོད་པའི་སྟོཏྟྲ་དང་ཞལ་ནས་གསུངས་པའི་ཚིགས་སུ་བཅད་པ་དང་ཞི་བར་བྱ་བའི་སྨོན་ལམ་དང་གསུམ་བརྒྱུད་མར་བཀླག་གོ། །དེ་ནས་ཤིང་དེ་ལ་གནས་པའི་ལྷ་དེ་ལ་ཤིང་བྱིན་ཅིག་ཅེས་པའི་ཕྱིར་སྦྱིན་
པའི་ཚིགས་སུ་བཅད་པ་ཡང་བྱ་སྟེ་ལྷ་ལ་ཁྱོད་གནས་གུད་དུ་སོང་ཤིག་ཤིང་འདི་ནི་དགེ་འདུན་གྱི་མཆོད་རྟེན་ནམ་གཙུག་ལག་ཁང་གི་ཤིང་དུ་བྱ་དགོས་སོ་ཞེས་བསྒོ་ལ་ཤིང་གཅོད་པའི་ལས་མི་ལ་ཤིང་འདི་རྣམས་ཆོད་ཅིག་ཅེས་མི་བསྒོ་བར་ལྷ་ཁང་གི་ཤིང་དུ་དགོས་པ་ན་འདི་ཡིན་ནོ་ཞེས་རིག་པ་ཙམ་
དུ་བྱ། ཤིང་འཁོར་གཅིག་ནས་མང་དུ་རྔ་ན་མཆོད་པ་སྤྱིར་ཁ་གསུམ་ཙམ་དུ་བྱ་སོ་སོར་ཐོར་བུར་རྔ་ན་མཆོད་པ་དེ་བཞིན་དུ་ཁ་རེ་རེར་བྱ། སྔོན་ཤིང་མཁན་བྱེད་བྱེད་པ་ལས་རབ་ཏུ་བྱུང་བ་ལ་གནང་ཞེས་བྱ་བས་ཤིང་བཅད་པ་དང་ཤིང་ལ་གནས་པའི་ལྷས་དགེ་སློང་གིས་ངའི་གནས་ཕྲོགས་
སོ་ཞེས་སངས་རྒྱས་ལ་གསོལ་ནས་སངས་རྒྱས་ཀྱི་འཕྲུལ་གྱིས་ཤིང་གི་ལྷ་གཞན་ཞིག་བཀུག་སྟེ་ལྷ་འདི་གནས་མ་རྙེད་ཀྱི་བར་དུ་ཁྱོད་དང་ལྷན་ཅིག་ཏུ་འདུག་ཤིག་ཅེས་བསྒོ་སྟེ། དེ་ནས་དགེ་སློང་རྣམས་བསྡུས་ཏེ། ད་ཕྱིན་ཆད་གཙུག་ལག་ཁང་ངམ་མཆོད་རྟེན་གྱི་ཤིང་གཅོད་ན་གོང་མ་
ལྟར་མ་བྱས་པར་མ་གཅོད་ཅིག་ཅེས་བཅས། དེ་སྟེ་འགྱུར་བ་མེ་འབྱུང་ངམ་ཁྲག་ཟག་གམ་ཡན་ལག་འགུལ་ལམ་ལོ་མ་ལྷགས་པ་ལ་སོགས་པ་མཐོང་ན་ཞིང་དང་བཅས་པའི་སྦྱིན་པ་དང་སེར་སྣའི་མི་བསྔགས་པ་དང་བསྔགས་པ་བཅས་པ་བྱ། ཤིང་བཅད་པའི་ཕྱིར་མདོ་ལྟག་མ་ལྟར་ཆོ་

ག་བྱ་བའི་འོག་ཏུ་བཅད་པར་བརྩལ་བ་དང་ཤིང་དེ་ལ་མེ་འབྱུང་ངམ་ཁྲག་ཟག་གམ་ཡལ་ག་འགུལ་ལམ་སྒྲ་འབྱུང་བ་ལ་སོགས་པ་མཚན་མ་ཞིག་ཏུ་གྱུར་ན་ཤིང་དེ་ལ་གནས་པའི་ལྷ་གུད་དུ་མ་སོང་བ་ཡིན་གྱིས་ཤིང་འདི་དགེ་འདུན་གྱི་འམ་གཙུག་ལག་ཁང་ངམ་མཆོད་རྟེན་
གྱི་རྒྱུར་ཕུལ་ན་བསོད་ནམས་ཀྱི་ཞིང་ཡིན་ཏེ་ཡོན་ཆེའོ་ཞེས་ཆོས་ཤོད་ཅིག །སྦྱིན་གཏོང་མ་བྱས་ཏེ་སེར་སྣ་བྱས་ན་སྡིག་ཆེ་བའང་བཤད། སྦྱིན་གཏོང་བྱས་ན་བསོད་ནམས་ཆེ་བའི་ཆོས་ཀྱང་བཤད་དེ་ཤིང་བཅད་དམ། མ་ཞི་མི་གཏོང་ན་མི་བཅད། མདོ་ལྟག་མ་ལྟར་ཆོས་བཤད་པ་ལ་
སོགས་པ་བྱས་ཏེ་བཅད་ན་མེ་འབྱུང་བ་ལ་སོགས་པ་འབྱུང་ཞིང་མ་ཞི་ན་ཅི་མི་གཅོད་དོ། །འབྲིང་སེམས་ཅན་གྱི་གྲོང་དང་ས་བོན་རྣམ་ལྔ་མ་རུང་བར་མ་གྱུར་པར་ཀྱང་ཤེས་བཞིན་པ་ལས་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །མ་རུང་བར་མ་གྱུར་ན་ས་བོན་རྣམ་ལྔ་སྟེ་ས་བོན་དང་སྡོང་བུའི་ས་བོན་དང་
ཚིགས་པའི་ས་བོན་དང་མེ་ཏོག་གི་ས་བོན་དང་འབྲས་བུའི་ས་བོན་དང་རྣམ་ལྔ་ལ་གག་ཀྱང་རུང་སྟེ་རུལ་ཞིང་སྣང་བ་མ་ཡིན་པ་དང་མེ་དང་མཚོན་ལ་སོགས་པས་མ་བརྟགས་པ་ལ་མ་རུང་བ་བྱས་ན་ལྟུང་བར་འགྱུར། བརྟགས་པ་མ་བྱས་པའི་ས་བོན་དང་སྐྱེ་བ་ཐ་དད་པ། མ་བརྟགས་པའི་ས་
བོན་དང་རྩི་ཤིང་ཐ་དད་ནས་སྐྱེ་བ་ཞིག་ལས་བཅད་དམ་བཤིག་ན་ལྟུང་བར་འགྱུར་རོ། །རྩ་བྲན་མ་རུང་བར་ན་ཡང་ངོ་། །ཤིང་གི་རྩ་བའི་ཡལ་ག་ཕྲེའུ་དང་ལོ་མའི་ཡལ་ག་ཕྲེའུ་བཅད་ན་ཡང་ལྟུང་བར་འགྱུར་རོ། །ཅི་ལྟ་ཅི་ལྟ་བུར་རྩི་ཤིང་དང་ས་བོན་ཅི་ལྟ་བུའི་ཐབས་ཀྱིས་བཅད་ཅིང་
མ་རུང་བར་བྱས་ན་ལྟུང་བར་འགྱུར། བསྒུལ་བས་ཀྱང་ངོ་། །ཤིང་དྲུང་པ་བསྒུལ་ཅིང་འབྲས་བུ་ལྷགས་ནའང་ལྟུང་བ་རེ་རེ་ཞིང་ལྟུང་བ་རེ་རེའོ། །མནན་པ་རྩྭ་དང་འཇི་བ་དང་ཉལ་ཉིལ་ལ་སོགས་པས་ཀྱང་ངོ་། །ས་བོན་དང་རྩི་ཤིང་ལ་སོགས་པ་མ་རུང་བར་བྱ་བའི་ཕྱིར་རྡོ་ཤིང་གིས་
མནན་ཏས་འཇི་བ་དང་ཉལ་ཉིལ་ལ་སོགས་པས་མནན་ཅིང་མ་རུང་བར་བྱས་ན་ལྟུང་བར་འགྱུར་རོ། །རྣམ་པར་འབྱེད་པའི་ནང་ནས་འབྱུང་བའི་མདོ།། །།བླ་མ་མིའི་ཆོས་ཀྱི་ལྟུང་བ་འཆད་དེ། བདེན་པའོ། །མིའི་བླ་མའི་ཆོས་བདག་དང་ལྡན་དུ་ཟིན་ཀྱང་གཞན་ལ་སྨྲས་ན་ལྟུང་བར་འགྱུར་

ཏེ་ཡན་ལག་གཅིག །བདེན་པ་མ་མཐོང་བའི་བསྙེན་པར་མ་རྫོགས་པའོ། །བསྙེན་པར་མ་རྫོགས་པའི་གང་ཟག་ཀྱང་ཡིན་ལ་མིའི་བླ་མའི་ཆོས་མི་ཤེས་ཤིང་མ་མཐོང་བ་ལ་སྨྲས་ཏེ་ཡན་ལག་འདི་བཞི་དང་ལྡན་ན་ལྟུང་བར་འགྱུར་རོ། །ཁྱིམ་པའི་མདུན་དུ་རྫུ་འཕྲུལ་མི་བསྟན། ནོར་
རྫས་ལ་སོགས་པ་ཕྲན་ཚེགས་འདོད་པའི་ཕྱིར་རྫུ་འཕྲུལ་དང་ལྡན་ན་ཡང་ཁྱིམ་པའི་མདུན་དུ་རྫུ་འཕྲུལ་མི་བསྟན། ཁྱིམ་པ་གཅིག་གིས་ལྷུང་བཟེད་ཤིང་མཐོན་པའི་ཁར་བཏགས་ཏེ་མུར་འདུག་དང་སངས་རྒྱས་ཀྱི་ཆོས་ལ་ལྟ་བ་དག་གིས་རྫུ་འཕྲུལ་གྱིས་ལྷུང་བཟེད་ལེན་ནུས་པ་ལྷུང་
བཟེད་ཐལ་བྱུང་སྦྱིན་ནོ་ཞེས་བྱས་པ་དང་མུར་འདུག་གིས་ལེན་མ་ནུས་ཏེ། དགེ་སློང་སླིན་ད་བད་ཙ་ཞེས་བྱ་བས་རྫུ་འཕྲུལ་གྱིས་ལྷུང་བཟེད་བླངས་ཏེ་ཁེ་ནས་ཁེ་འདོད་པ་དང་ཁེའི་ཕྱིར་རྫུ་འཕྲུལ་མི་བྱ་བར་བཅས་ཏེ་བྱས་ན་ཉེས་བྱས། སེམས་ཅན་ཡིད་གཡོ་བ་དང་རྐུན་པོ་ནོར་མི་ཐོབ་པར་བྱ་
བའི་ཕྱིར་རྫུ་འཕྲུལ་བྱས་པ་ཉེས་མེད། དགེ་སློང་མས་སྟོན་པ་ལ་མ་ཡིན། དགེ་སློང་མ་དགྲ་བཅོམ་ཞིང་རྫུ་འཕྲུལ་དང་ལྡན་དུ་ཟིན་ཀྱང་། སངས་རྒྱས་ཀྱི་སྤྱན་སྔར་རྫུ་འཕྲུལ་མི་བྱ། སངས་རྒྱས་ལྷ་ལས་བབས་ཏེ་གཤེགས་པའི་ཚེ་དགེ་སློང་མ་ཨུཏྤ་ལ་བར་སྣང་ལ་རྫུ་འཕྲུལ་གྱིས་
ཕྱག་བྱ་བར་བསམས་ནས་འཁོར་ལོའི་རྒྱལ་པོ་འཁོར་དང་བཅས་པར་སྤྲུལ་པ་དང་འཁོར་ཐམས་ཅད་རྫུ་འཕྲུལ་དེ་སུ་ཞིག་ཡིན་སྙམ་ཐེ་ཚོམ་ཟོས་པ་དང་སངས་རྒྱས་ཀྱི་སྤྱན་སྔར་དགེ་སློང་མ་ཐུགས་ཐུབ་བྱེད་བྱེད་པས་ཉེས་པ་ལས་བཅས། བླ་མ་མིའི་ཆོས་སྨྲ་བའོ། །བླ་མ་མིའི་ཆོས་ཀྱི་ལྟུང་
བ་རྫོགས་སོ།། །།བརྫུན་གྱི་བླ་མའི་ཆོས་སུ་སྨྲ་བའི་ཡན་ལག་ཐམས་ཅད་འདིར་འདུས་ཏེ་འདིར་གཏོགས་སོ།། །།མཛའ་བའི་ལྟུང་བ་ལ་འཆད་དེ། དེ་སྟེ་བསྟན་ན་དོན་གྱི་ཞུ་བ་སྔ་མའི་དོན་དུ་བྱ། དགེ་འདུན་ནོར་ཞིག་འགོད་དམ་གུད་དུ་གཏོང་ན་སྔར་གསོལ་བ་དང་ཞུ་བའི་ལས་བྱས་ལ་
བགོ། །དགེ་འདུན་གྱི་ལས་ཤིག་བྱེད་ནའང་སྔར་གསོལ་བ་དང་ཞུ་བའི་ལས་བྱས་ཏེ་བྱའོ། །གསོལ་བ་དང་ཞུ་བ་སྔར་བྱ་དགོས་པ་ནི་ཕྱིས་མི་ལྡོག་ཅིང་མི་འགྱུར་བར་བརྟན་པར་བྱ་བའི་ཕྱིར་སྔར་བྱའོ། །དད་པ་བྱིན་པའོ། །གོས་བགོ་འམ་ཕར་སྦྱིན་པའམ་སྔར་དད་པ་བྱིན་ལ་ཕྱིས་དགེ་འདུན་

དབང་བ་གང་ཟག་ལ་བསྔོས་སོ་ཞེས་ཟེར་ན་ལྟུང་སྟེ་ཡན་ལག་གཅིག །དགེ་སློང་གི་དགེ་འདུན་གྱི་གང་ཟག་ལ་ཟས་མ་བྱིན་པ་རྙེད་ན་ལོག་པར་བསྔོ་བར་དགེ་སློང་གཞན་གྱི་མིང་ནས་མ་ཕྱུང་ཡང་ངོ་། །དགེ་སློང་གི་དགེ་འདུན་གྱི་དཀོར་ཡང་ཡིན་པ་དང་ཁ་ཟས་ཀྱང་མ་
ཡིན་པ་དང་དགེ་འདུན་དབང་བ་མཛའ་བའི་ཕྱིར་གང་ཟག་ལ་བསྔོས་སོ་ཞེས་དགེ་འདུན་ལ་བརྫུན་གྱིས་སྐུར་པ་དང་ཡན་ལག་འདི་བཞི་དང་ལྡན་ན་ལྟུང་བར་འགྱུར་ཏེ། གོས་གང་གིས་ཁྱེར་བའི་གང་ཟག་གི་མིང་ནས་ཕྱུང་ཡང་རུང་མ་ཕྱུང་ཡང་རུང་ལྟུང་བའོ། །མི་བདེན་པའི་དོན།
མཛའ་བའི་ཕྱིར་དགེ་འདུན་གྱི་དབང་བ་གང་ཟག་ལ་བྱིན་ནོ་ཞེས་བརྫུན་དུ་སྐུར་ན་ལྟུང་ངོ་། །སྐུར་བའི་ལྟུང་བའོ། །མཛའ་བའི་ཕྱིར་གོས་བྱིན་ནོ་ཞེས་སྐུར་བའི་ལྟུང་བ་སྟེ་རྫོགས་སོ།། །།བགེགས་ཀྱི་ལྟུང་བ་ལ་འཆད་དེ། འདུལ་བ་དང་ལྡན་པར་སྨྲ་བ་ལ་འཕྱ་ཞིང་རྣམ་པར་སྨྲ་བའོ། །
སོ་སོར་ཐར་པའི་མདོ་འཆད་པ་ལ་ཕས་ཕམ་པ་དང་དགེ་འདུན་གྱི་ལྷག་མ་མ་གཏོགས་པར་ལྟུང་བ་མན་ཆད་ལ་འདི་ལྟ་བུའི་ཚིག་ཆུང་ངུ་རྟག་ཏུ་བསླས་ཅི་དགོས་ཞེས་ཟེར་ན་ལྟུང་སྟེ་བཅོ་ལྔའི་གསོ་སྦྱིན་གྱི་ཚེ་ཡིན་པ་དང་འདུལ་བ་རྣམ་པར་འབྱེད་པ་དང་ཕྲ་མོ་དང་དྲིས་པ་དང་བྱེ་བྲག་ཏུ་གདོན་མི་
ཟ་བ་དང་སྡེ་བཞིའི་ནང་ནས་འབྱུང་བའི་ཚིག་ཡན་པ་དང་འདི་ལྟ་བུའི་ཚིག་ཆུང་ངུ་ཅི་དགོས་ཞེས་ཚིག་ཏུའང་སྨྲས་པ་དང་ཡན་ལག་འདི་གསུམ་དང་ལྡན་ན་ལྟུང་བར་འགྱུར། མདོ་སྡེའི་ན་ཉེས་བྱས་པའོ། །མདོ་སྡེའི་ཚིག་དང་མདོ་སྡེའི་ནང་ནས་འདུལ་བའི་ཚིག་བྱུང་བ་ལ་འདི་ལྟ་བུའི་ཚིག་ཆུང་
ངུ་ཅི་དགོས་ཞེས་སྨྲས་པ་ནི་ཉེས་བྱས་བགེགས་སོ། །བགེགས་ཀྱི་ལྟུང་བ་རྫོགས་ཏེ། དགུ་བཅུའི་ལྟུང་བ་ལས་བཅུ་ཕུང་གཅིག་རྫོགས་སོ།། །།ས་བོན་གྱི་ལྟུང་བ་ལ་འཆད་དེ། དགེ་འདུན་དང་མཆོད་རྟེན་གྱི་ཕྱིར་ན་ལས་སར་པ་པས་ཤིང་ཆོད་ཅིག་དགེ་དོར་བ་ལ་སོགས་པས་ཀྱང་ངོ་། །
ས་བོན་མ་རུང་པར་བྱ་བའི་ཕྱིར་ས་བོན་དང་རྩི་ཤིང་གི་ཐོག་ཏུ་རྡོ་ལ་སོགས་པ་བོར་བ་དང་ས་བོན་ཉིད་གུད་དུ་བོར་ཏེ་མ་རུང་བར་གྱུར་ན་ལྟུང་བར་འགྱུར། རླུང་དང་ཚ་བ་ལ་བཞག་པས་ཀྱང་ངོ་། །ས་བོན་མ་རུང་བར་བྱ་བའི་ཕྱིར་རླུང་དང་ཚ་བ་དང་ཉི་མ་དང་མེ་ལ་སོགས་པར་བཞག་ཅིང་མ་རུང་

བར་འགྱུར་ནའང་ལྟུང་བར་འགྱུར། སྐམ་པའི་གནས་སུ་བཞག་པ་ཡང་ངོ་། །ས་བོན་མ་རུང་བར་བྱ་བའི་ཕྱིར་གཤེར་བའི་ས་བོན་སྐམ་པོ་ལ་བཞག་ན་ལྟུང་བར་འགྱུར་རོ། །དེར་འདོན་ནའོ། །ས་བོན་མ་རུང་བར་བྱ་བར་འདོད་པ་ལས་ལྟུང་བར་འགྱུར་ཏེ་ཡན་ལག་གཉིས་བདག་གམ་
གཞན་གྱིས་ཀྱང་ངོ་། །བདག་གིས་ས་བོན་མ་རུང་བར་བྱས་ཀྱང་རུང་གཞན་བྱེད་དུ་བཅུག་ཀྱང་རུང་ལྟུང་བར་འགྱུར་ཏེ་ཡན་ལག་གསུམ། མ་རུང་ན་རྩ་བ་དག་ཏུའོ། །ས་བོན་མ་རུང་བར་མ་གྱུར་པ་ཞིག་ལས་མ་རུང་བར་བྱས་ན་ལྟུང་བར་འགྱུར་ཏེ་དེ་ཡན་ལག་འདི་བཞི་དང་ལྡན་ན་ལྟུང་
བར་འགྱུར་རོ། །མ་རུང་བའི་ཚད་ལས་སོ། །ས་བོན་དང་རྩི་ཤིང་མ་རུང་བར་བྱ་བའི་ཕྱིར་བརྡས་སམ་བསྲེགས་ན་དུ་མ་རུང་བ་བཞིན་དུ་ལྟུང་བ་རེ་རེའོ། །སྡོང་པོ་ཡང་ངོ་། །ཤིང་སྡོང་པོ་གཅིག་རྩ་བར་བཅད་ན་ཡན་ལག་རེ་རེ་ལྟུང་བ་རེ་རེར་མི་འགྱུར་གྱི་རྩ་བ་ནས་བཅད་པས་ལྟུང་བ་
གཅིག་ཏུ་ཟད་དོ། །ཉེས་བྱས་པ་ནི་སྦྱོར་བ་དག་ལའོ། །རྩ་ཤིང་མང་པོ་ཞིག་རལ་གྲིའམ་ཟོར་བ་ཐབས་གཅིག་གིས་བཅད་ཅིང་བརྔས་ནའང་དུ་བཅད་པ་བཞིན་དུ་ཉེས་བྱས་རེ་རེ་དང་ལྟུང་བ་རེ་རེའོ། །དུ་ཆད་པ་བཞིན་དུ་ལྟུང་བ་ནི་རེ་རེར་འགྱུར་ཉེས་བྱས་ནི་སྤྱིར་ཐབས་གཅིག་བྱས་པས་ཉེས་བྱས་
གཅིག་ལས་མེད་པར་བྱི་ཤུ་ཏས་བཤད། འདི་ལས་འདིས་བསྣུན་ན་སོ་སོར་ཐ་དད་དེ་དངོས་པོ་མ་ཡིན་ནོ། །ཤིང་སྡོང་པོ་གཅིག་བཅད་པར་བྱས་ན་སྟ་རེ་ཐབས་རེ་རེ་ལ་ལྟུང་བ་རེ་རེར་མི་འགྱུར་གྱི་ཉེས་བྱས་རེ་རེར་འགྱུར་ཏེ་ཆོད་ཟིན་ན་ལྟུང་བ་གཅིག་ཏུ་ཟད་དོ། །ཕྱུང་ན་མ་ཐར་ཏེ་བསྐྱེད་ཀྱང་
ངོ་། །རྩི་ཤིང་ལ་སོགས་པ་གཞོན་ནུ་ཕྱུང་སྟེ་གུད་དུ་བསྐྱེད་ཀྱང་ལྟུང་བའོ། །ཉ་ལྕིབས་དང་ཆུ་ལྡུམ་ཆུ་ལས་ཕྱུང་ན་དེར་རོ། །ཆུའི་ནང་ན་ཉ་ལྕིབས་འདུག་པ་དང་ཆུ་ལྡུམ་རྩ་བ་མ་ཟུག་པ་ཐང་ལ་བྱུང་ཡང་རུང་ཆུ་གཅིག་ཏུ་སྤོས་ཀྱང་རུང་ལྟུང་བར་འགྱུར་རོ། །ཕྱེད་ནི་འབྲས་བུ་མ་བཅེམ་པར་
མིད་པའོ། །འབྲས་བུ་མ་བཅེམ་པར་རིལ་མེད་དུ་ལྟར་བཏང་ན་ལྟུང་བ་ཕྱེད་དེ་ཉེས་བྱས་སོ། །དེ་སྟེ་འདི་བཅད་ན་དགེའོ་ཞེས་སྨྲའོ། །བསྐོས་ནའོ། །ཤིང་འདི་བཅད་ན་དགེའོ་ཞེས་ཟུར་དུ་སྨྲས་ཏེ་གཅོད་དུ་བཅུག་ཀྱང་རུང་ཤིང་འདི་བཅད་ན་ཁང་ཤིང་དུ་རེ་བཟང་ཞེས་ཁ་འཕྱན་དུ་

བསམས་ཤིང་སྨྲས་ནའང་ཉེས་བྱས། རྫུ་འཕྲུལ་གྱིས་ན་མ་བྱས་པའོ། །ཤིང་ཞིག་གཟུགས་བརྙན་དུ་སྤྲུལ་ཏེ་བཅད་ན་ནི་ཉེས་མེད་དོ། །དེ་བཞིན་དུ་ས་བོན་ཐ་དད་པ་ལ་ས་བོན་དུ་འདུ་ཤེས་ནའོ། །ནས་ཞིག་མ་རུང་བར་བྱ་བར་བསམས་ལ་འབྲས་ཞིག་མ་རུང་བར་
བྱས་ནའང་ལྟུང་བར་འགྱུར་རོ། །དེ་བཞིན་དུ་རྩི་ཤིང་དང་ས་བོན་གག་ཀྱང་རུང་གཅིག་ཅིག་མ་རུང་བར་བྱས་པར་བསམས་ལ་གཞན་ཞིག་མ་རུང་བར་བྱས་ནའང་ལྟུང་བར་འགྱུར་རོ། །ཤུན་ཕྲགས་དང་། ཤིང་གི་ཤུན་ཕྲགས་ཤིང་ལས་ནི་འཕགས་ཀྱི་རྩ་བ་ཅུང་ཟད་ཤིང་ལ་ཐོགས་
པ་བཀོགས་པ་དང་། གསོ་བ་དང་། ཤིང་རུལ་པ་ཤིང་མ་མོ་ལ་ཆགས་པའམ་ཤིང་སྤགས་ཤིང་ལ་ཡོག་ཅིང་འདུག་པ་བཀོགས་པ་དང་། ལོ་མ་སྐྱ་བོ་དང་ཤིང་གི་ལོ་མ་སྐྱ་བོར་གྱུར་པ་བཏོགས་པ་དང་། རྒྱས་པའི་མེ་ཏོག་དང་། མེ་ཏོག་རྒྱས་ཟིན་ཏེ་ལྷགས་ལ་ཐུག་པ་བཏོགས་པ་དང་།
སྨིན་པའི་འབྲས་བུ་ནི། ཤིང་ཐོག་སྨིན་ཟིན་ཏེ་བྲུལ་ལ་ཐུག་པ་བཏོགས་པ་དང་། ཕྱེད་ཤི་བ་ཞེས་བཅད་དོ། །མིང་གིས་སྨོས་པ་འདི་རྣམས་བཏོགས་པ་ཕྱེད་ཤི་བ་ཞེས་བྱ་སྟེ་ཉེས་བྱས་སོ། །དེ་དག་གི་རྩ་བར་གྱུར་པ་རང་བཞིན་ལས་མ་གྱུར་ན་མ་ཡིན། མདོ་ལྟག་མའི་ནང་ནས་མིང་
གིས་སྨོས་ཏེ་བཤད་པ་ལྟ་བུ་མ་ཡིན་པར་མེ་ཏོག་དང་འབྲས་བུ་མ་རྒྱས་པ་དང་ལོ་མ་སྐྱ་བོར་མ་གྱུར་པ་དང་ཤིང་ལས་མ་འཕགས་པ་དང་འབྲས་བུ་དང་མེ་ཏོག་གི་རྩ་བ་དང་ཤིང་ཏོག་དང་འབྲས་བུ་ལ་མི་ཉེ་བར་ཤིང་མ་མོ་ལ་ཉེ་བར་སྤྱད་པ་ལ་སོགས་པ་ནི་ལྟུང་བ། ཤིང་ཏོག་ཤིང་གི་
མཚམས་སུ་བཅད་པ་ནི་ཉེས་བྱས། ཕྱེད་ནི་བཏབ་པའི་ས་བོན་གྱི་ཁམ་རྩ་བ་མ་སྐྱེས་པ། ནས་འབྲས་ཀྱི་ས་བོན་བཏབ་ཏེ་མྱུ་གུར་ནི་མ་གྱུར་ས་བོན་ལས་ཀྱང་ཉམས་ཏེ་རྩ་ལྷོགས་ཙམ་དུ་འདུག་པ་ལ་མ་རུང་བར་བྱས་ནའང་ཉེས་བྱས། རྡེའུ་ཤ་དང་ཤ་མོ་དང་ས་བལ་དང་རྫ་མ་དང་གོས་ཀྱི་
རླབས་ཕྱེད་སྐྱེ་བའི་བྱེ་བྲག་གོ། །མིང་གིས་སྨོས་པ་འདི་རྣམས་ལས་གག་ཀྱང་རུང་སྟེ་མ་རུང་བར་བྱས་ན་ཉེས་བྱས། ཁུ་བ་ཚན་མོ་ལ་སོགས་པ་ཕོ་བ་དང་འཆག་པ་དང་ཡལ་ག་ལ་སོགས་པ་དྲངས་པ་དང་དཀྱིལ་འཁོར་དུ་བྱུག་པ་དེའི་སེམས་ཀྱིས་ན་ལྟུང་བ་མེད་དོ། །ཁུ་བ་ལ་སོགས་པ་ཕོ་

བ་དང་ཡན་མན་དུ་འགྲོ་བའི་རྡོག་ལམ་དུ་སོང་བ་དང་རྡོ་ཤིང་ལ་སོགས་པ་དྲངས་པའི་འོག་ཏུ་སོང་བ་དང་དཀྱིལ་འཁོར་བྱས་པའི་འོག་ཏུ་ས་བོན་མ་རུང་བ་ལ་སོགས་པ་ས་བོན་མ་རུང་བ་བྱ་བའི་སེམས་ནི་མེད་ཀྱི་ལས་གཞན་བྱེད་པའི་ཞར་ལ་ས་བོན་མ་རུང་བར་གྱུར་པ་ནི་ཉེས་མེད་དོ། །གཅད་
དོ་འཇག་མ་ལ་སོགས་པ་དོག་པར་གྱུར་ཏེ་བཅིངས་པ་ལ་དེ་མ་ཡིན་པས་ཐར་བར་མི་འགྱུར་ནའོ། །དགེ་སློང་དག་གཅིག་མི་རྒོད་ཀྱིས་བཅིངས་ནས་གསད་པར་བྱས་པ་དང་མི་རྒོད་ཀྱི་ནང་ན་དགེ་སློང་གི་ཚུལ་ཤེས་པ་གཅིག་ཡོད་དེ་དགེ་སློང་གསད་པ་མི་རིགས་ཀྱི་རྩྭས་བཅིངས་ཏེ་བཞག་
པ་དང་ཁོའི་ཁྲིམས་ཀྱིས་རྩྭ་གཅད་དུ་མི་རུང་སྟེ་བཅིངས་པ་བཞིན་དུ་འདུག་པའི་རིགས་སོ་ཞེས་ཟེར་ནས་འཇག་མ་ལ་བཅིངས་ཏེ་བཞག་པ་དང་རྒྱལ་པོ་གཅིག་ཅིག་རི་དགས་བཤོར་དུ་སོང་སོང་ནས་མཐོང་བས་རྨོངས་པ་དེ་དགེ་སློང་སྟེ་མི་རྒོད་ཀྱིས་རྩྭ་ལ་བཅིངས་ཏེ་ཁྲིམས་ཀྱིས་རྩྭ་གཅད་དུ་མི་
རུང་བས་སྔོད་མོད་ཅེས་སྨྲས་པ་དང་རྒྱལ་པོ་ཡང་དད་པ་སྐྱེས་ནས་རྒྱལ་པོ་ཉིད་ཀྱི་ལག་གིས་བཀྲོལ་ཏེ་གོས་ལ་སོགས་པས་བརྫངས་ཏེ་བཏང་བ་ལས་བཅས་ཏེ་དེ་ལྟ་བུ་རྩྭས་བཅིངས་ཤིང་སྲོག་ལ་དམན་པ་ཞིག་བྱུང་ན་རྩྭ་བཅད་ཀྱང་ཉེས་མེད་དོ་ཞེས་གནང་ངོ་། །དེ་གཅིག་མ་ཡིན་པ་གཅིག་གིས་
སོ། །མདོ་ལྟག་མ་ལྟར་དགེ་སློང་མང་པོ་ཞིག་བཅིངས་ན་ཟད་པར་གྱིས་རྩྭ་གཅད་ཅིང་ལྟུང་བར་བྱ་བའི་མི་རིགས་ཀྱི་དགེ་སློང་གཅིག་གིས་རྩྭ་ཆོད་དེ་བདག་ཁྲོལ་ལ་གཞན་ཀུན་ཀྱང་བདག་གིས་རྩྭ་མ་ཆད་པར་གྲོལ་ལོ། །ས་བོན་གྱི་ཆོས་མ་ཡིན་པ་ཉེས་པ་མི་བྱེད་དོ། །ས་བོན་དུ་མི་རུང་བ་རྣམས་
ནི་མ་རུང་བར་བྱས་ཀྱང་ལྟུང་བར་མི་འགྱུར་རོ། །མེས་རེག་པ་དང་བཙུགས་པ་མཚོན་དང་སེན་མོ་དང་ནེ་ཙོ་དང་རྙིངས་པ་དང་ཕྱུང་བ་དང་བཀྲུམས་པ་དང་གཤེགས་པ་དང་གཏུབས་པའོ་ཞེས་བརྟགས་པའོ། །ས་བོན་རྣམ་པ་ལྔ་ལ་མིང་གིས་སྨོས་པ་འདི་རྣམས་ཀྱིས་རེག་ཅིང་བརྟགས་པ་ནི་སྤྱད་དུ་རུང་སྟེ་ལྟུང་
བ་དང་ཉེས་པར་མི་འགྱུར་རོ། །ས་བོན་མ་ཡིན་པར་གྱུར་གྱི་བར་དུ་བཏགས་པ་མི་བསྡད། མདོ་གོང་མའི་ནང་ནས་སྨོས་པ་བཞིན་དུ་སྔར་བཏགས་ཟིན་པ་དང་སྣད་ཅིང་རྨ་བྱུང་བ་ལ་སོགས་པ་ས་བོན་དུ་མི་རུང་བ་རྣམས་ཀྱིས་བཏགས་ཟིན་པ་ཡིན་ཏེ་གདོད་བཏགས་མི་དགོས་སོ། །རླངས་པ་མེ་མ་

ཡིན་ནོ། །ས་བོན་ལ་སོགས་པ་རླངས་པ་ཚ་བ་ལ་གདུངས་ཤིང་རེག་པ་ཡང་མེས་བརྟགས་པའི་ནང་དུ་ཆུད་དེ་ཕྱིས་བརྟགས་མི་དགོས་སོ། །ཡང་དག་པར་རྟོགས་པ་ན་མེས་འབྲས་བུའི་སྤྱིའི་གཟུགས་སུ་བརྟགས་པ་གཙོ་བོར་བྱས་པའོ། །ནས་དང་ཤིང་ཏོག་ལ་སོགས་པ་
ལྟ་བུ་མང་ཞིག་ཕུང་པོར་འདུག་པ་ལ་བརྟགས་པ་ནི་འབྲུ་རེ་རེ་ནས་བརྟགས་མི་དགོས་ཀྱི་ཕུང་པོའི་སྤྱིར་མེས་རེག་པར་བྱུགས་པས་ཆོག་གོ། །དེའི་ཕྱོགས་གཅིག་ཏུ་ན་འདུས་པའི་མི་འགྱུར་མི་ལྡང་ངོ་། །མདོ་ལྟག་མ་ལྟར་སྤྱིར་ངོས་གཅིག་ཙམ་མེས་རེག་པར་བྱས་པས་མི་ཆོག་གི་ཕྱི་རོལ་གྱི་
ངོས་ཐམས་ཅད་དུ་མེས་རེག་རེག་ཙམ་བྱས་པས་བརྟགས་པར་ཆུད་དོ། །དགེ་སློང་གིས་བྱས་པ་ཡང་བརྟགས་པ་བྱས་པའོ། །ལྟག་ཏུ་ས་བོན་ལ་བརྟགས་པ་རྣམ་པ་ལྔ་བདུན་སྨོས་པ་ལས་མེས་བརྟགས་པ་མ་གཏོགས་པར་གཞན་དགེ་སློང་གིས་བརྟགས་པའང་བརྟགས་པར་ཆུད་དེ་ཟོས་
ཀྱང་ཉེས་མེད་དོ། །རྟོག་རྟོག་པའི་དགེ་སློང་ནི་ཆད་པ་རྩིས་མགོ་བཞིན་དུ་ཡོད་དོ། །དགེ་སློང་གིས་མེས་བརྟགས་པའི་ཟས་ཟོས་པ་ནི་བརྟགས་པར་མི་ཆུད་དེ་ཉེས་བྱས་སོ། །ས་མ་བརྟགས་པར་ཡང་ངོ་། །མཚམས་ཀྱི་ནང་དུ་ཚད་མང་བྱས་པའམ་སྔགས་ཀྱིས་མ་བཏབ་པའི་ཚད་མང་
ས་མ་བརྟགས་པ་ཡིན་ཏེ་དེར་མེས་བརྟགས་པ་མ་གཏོགས་པར་གཞན་བརྟགས་པའང་ཉེས་མེད་དོ། །མེས་བརྟགས་པ་ནི་དགེ་སློང་གི་གནས་སུ་གཡོས་སོས་པ་དང་འདྲའོ། །ཆུ་གྲང་མོས་མ་བཏབ་པར་ཞག་བདུན་པ་དང་ནམ་འཚོའི་བར་དུ་མི་བཟའ། ཞག་བདུན་པའི་སྨན་བུ་རམ་དང་
སྦྲང་རྩི་དང་མར་དང་ཤིང་མར་ལ་སོགས་པ་དང་ཚེ་གཅིག་གི་སྨན་ལ་སོགས་པ་ཡང་བཟའ་བའི་ཚེ་མི་གཞན་ལ་ཆུ་གྲང་མོས་རྟོག་ཏུ་གཞུག་གོ། །མ་བརྟགས་པར་ཟོས་སམ་བདག་གིས་བརྟགས་ན་ཉེས་བྱས། མ་བསླད་པ་ཐུན་གྱི་བར་དུ་མི་བཟའ། རྩབ་མོ་དང་རྒུན་ཆུ་དང་བུ་རམ་ཆུ་ལ་སོགས་པ་
ཕྱི་དྲོ་བཏུང་དུ་རུང་བའི་རྣམས་ཀྱང་ཆུས་བླུགས་ཏེ་མ་བརྟགས་པར་མི་བཏུང་འཐུངས་ན་ཉེས་བྱས། ས་བོན་སྐྱེ་བ་མ་རུང་བའོ། །ས་བོན་གྱི་ལྟུང་བ་སྟེ་འདུལ་བ་རྣམ་པར་འབྱེད་པའི་ནང་ནས་འབྱུང་བའི་མདོ།། །།འཁྱལ་བའི་ལྟུང་བ་ལ་འཆད་དེ། གང་ཟག་བཅུ་གཉིས་དག་ལ་བྱེད་དེ། དགེ་

འདུན་གྱིས་ལས་སུ་བསྐོས་པའི་གང་ཟག་བཅུ་གཉིས་ཀྱི་ལས་གག་ཀྱང་རུང་མ་སྙོམས་ཤིང་བདག་ལ་མནར་ཏོ་ཞེས་བརྫུན་གྱིས་སྐུར་ཅིང་ཕྱར་ཀ་བཏང་བ་ལས་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །མ་བསྐོས་པ་ལ་ཡང་ངོ་། །དགེ་འདུན་གྱིས་གང་ཟག་བཅུ་གཉིས་ཀྱི་ལས་སུ་གསོལ་བ་དང་
ཞུ་བའི་ལས་ཀྱིས་ནི་མ་བསྐོས་ཀྱི་ཁས་བསྐོས་ཤིང་གང་ཟག་བཅུ་གཉིས་ཀྱི་ལས་གང་ཡང་རུང་བྱེད་པ་ལ་འཕྱ་ན་ཡང་ལྟུང་བའོ། །སྤྱོད་པ་འགགས་པ་ཡང་ངོ་། །གང་ཟག་བཅུ་གཉིས་ཀྱི་ལས་གང་ཡང་རུང་བྱེད་བྱེད་པ་ལས་བྱུང་བ་ལ་སྔོན་ལས་བྱེད་པའི་ཚེ་བདག་ལ་མནར་ཅིང་མ་སྙོམས་ཏེ་
མནར་ཏོ་ཞེས་འཕྱ་ན་ཡང་ལྟུང་བའོ། །འཁྱལ་བའམ་བདག་གི་ཕྱིར་དེ་ཐོས་པར་འཕྱར་ཞིང་གཞན་ལ་བསྟན་ནའོ། །འཁྱལ་ཞིང་འཕྱར་བ་ནི་བདག་ལ་མ་སྙོམས་ཤིང་མནར་ཏོ་ཞེས་བྱས་པ་དང་བདག་གིས་སྨྲས་པ་དེ་གང་ཟག་བཅུ་གཉིས་གང་ལ་འཕྱར་བ་དེས་སླར་ཡང་ཐོས་པ་དང་ཁོས་མ་
ཉམས་པ་ལ་བརྫུན་དུའང་སྨྲས་པ་དང་ཡན་ལག་བཞི། རྩ་བའི་ནི་བགྲང་བར་རོ། །ལྟུང་བར་འགྱུར་བའི་ཚད་ནི་དགེ་འདུན་གྱིས་དེ་སྐད་མ་ཟེར་ཅིག་ཅེས་བསྒོ་བ་ལ་མ་བཏང་སྟེ་དགེ་འདུན་གྱིས་ཁྱེད་ཚུལ་ཁྲིམས་དང་མི་ལྡན་ཞིང་ལོག་པར་སྤྱོད་པ་ཡིན་ཏེ་ཚུལ་ཁྲིམས་དང་མི་ལྡན་པའི་ནང་དུ་གཏོགས་
སོ་ཞེས་བསྒོས་ཏེ་མ་བཏང་ན་ལྟུང་བར་འགྱུར་རོ། །ཡན་ལག་འདི་ལྔ་དང་ལྡན་ན་ལྟུང་བའོ། །གཞན་དུ་ན་ཉེས་བྱས་པའོ། །མདོ་ལྟག་མ་ལྟར་དགེ་འདུན་གྱིས་མི་བསྒོ་ཞིང་མ་བགྲངས་ཀྱི་བར་དུ་ཕྱར་ཅིང་སྨྲས་པ་དང་འཕྱར་བར་མ་བསམས་པར་འཕྱར་བའི་ཚིག་ཏུ་ཁ་ནས་བྱུང་བ་ཉེས་བྱས། ཆུང་
ཟད་དུ་དགོངས་པ་ཡང་མི་ནུས་པ་མི་མངག །གང་ཟག་བཅུ་གཉིས་ལ་འཁྱལ་ཞིང་འཕྱར་བའི་མི་དེ་བཅོས་སུ་མི་བཟོད་ཅིང་ཁྲོ་གཏུམ་ཅན་ཞིག་སྟེ་སླར་འཐབ་མོ་རྒལ་ཞིང་འཁོན་དུ་འཛིན་པ་ཙམ་གྱི་ཚོད་ན་དེ་སྐད་མ་སྨྲ་ཤིག་ཅེས་བསྒོ་བ་དང་ཉེས་པའི་ནང་དུ་གཏོགས་པར་བགྲང་བར་མི་བྱ་བར་
བཞག་པ་ལའང་བྱ། འཕྱར་བ་དེ་ལ་མ་སྨྲ་ཤིག་ཅེས་བསྒོར་བཏང་བའི་དགེ་སློང་ཡང་གཉེན་པོ་ཐབས་མཁས་པ་ངོ་ཟློག་ཕོད་པ་ལས་མངག །བདག་གིས་དེ་ཉིད་དང་འཁོན་ན་བདག་གིས་ལས་སུ་མི་བསྒོ། །གང་ཟག་བཅུ་གཉིས་ཀྱིས་ལས་སུ་བསྐོས་པ་གང་ཡང་རུང་སྟེ། དགེ་སློང་གཞན་

ལས་ཤིག་བསྐོ་ན་དགེ་སློང་འཁོན་ཡོད་པ་ལ་བདག་གིས་ལས་སུ་མི་བསྐོ། །ལས་སུ་བསྐོ་དགོས་ན་ཡང་དགེ་སློང་འཁོན་མེད་པ་ལས་བསྐོར་གཞུག་གོ། །འཕྱར་བའོ། །འཁྱལ་ཞིང་འཕྱར་བའི་ལྟུང་བ་རྫོགས་སོ།། །།སྨྲ་བའི་ལྟུང་བ་ལ་འཆད་དེ། མི་བགྲང་བ་མ་ཡིན་པ་
ནི། ལྟག་མ་ཕྱར་བ་དང་འདྲ་བར་བསྒོ་བའི་ལན་ལོག་པར་ལྡོན་པ་ཡང་མི་བགྲང་བ་མ་ཡིན་ཏེ་ལོག་པར་སྨྲ་བ་ལ་དེ་སྐད་མ་ཟེར་ཞེས་ལན་གཅིག་བསྒོ། །དེ་ནས་མ་བཏང་ན་ཁྱེད་ཚུལ་ཁྲིམས་དང་མི་ལྡན་པ་འདི་རྣམས་ཀྱི་ནང་དུ་གཏོགས་པར་བགྲང་ཞེས་བྱ་སྟེ་མ་བཏང་ན་ལྟུང་སྟེ་ཡན་ལག་གཅིག །
བསྐུལ་བར་ཞུགས་པའི་བཀའ་དང་མི་སྨྲ་བའི་ལོག་པ་ཅན་དང་སྨྲས་པའི་གང་ཟག་མངོན་སུམ་དུ་འཁྱལ་བ་གཞན་ལ་སྟོན་ཅིང་འཕྱར་བའོ། །དགེ་སློང་གྲོགས་ཀྱིས་ཉེས་པར་བྱེད་ཅིང་ལོག་པར་མ་བྱེད་ཅེས་གཞུང་བཞིན་དུ་བསྒོ་ན་སླར་ལོག་པར་སྨྲ་ཡང་རུང་ཅང་མི་སྨྲ་བར་ཐེན་ཏེ་འདུག་ཀྱང་རུང་ཚུལ་
བཞིན་དུ་བྱད་པ་སྟོན་པ་དགེ་སློང་ལ་མངོན་སུམ་དུ་ལན་ལོག་པར་ལྡོན་ཅིང་སྨྲ་ན་ལྟུང་བའོ། །ཞུ་བས་སོ། །དགེ་འདུན་གྱིས་མ་བྱེད་ཅིག་ཅེས་ལན་གཅིག་སྔར་བསྒོ་བ་དང་ཉེས་པར་གཏོགས་སོ་ཞེས་བགྲང་བ་ནི་གསོལ་བ་དང་ཞུ་བའི་ལས་ཀྱིས་བྱ། དགེ་སློང་གིས་བཀའ་བཟློག་ནའོ། །ཉེས་པར་
སྤྱོད་པ་ལ་དགེ་སློང་ཚུལ་བཞིན་དུ་སྤྱོད་པས་ཚུལ་བཞིན་དུ་བསྒོ་བ་ལ་སླར་ལན་ལོག་པར་སྨྲ་བའམ་ཅང་མི་སྨྲ་བར་ཐེན་ཏེ་འདུག་སྟེ་ངག་མ་མཉན་ཅིང་བཟློག་ན་ལྟུང་སྟེ་ཡན་ལག་གཅིག །དེར་འདོད་པས་སོ། །ལོག་པར་སྤྱོད་པ་ལ་དེ་ལྟར་མ་བྱེད་ཅེས་སྟོན་ཅིང་འོང་བ་ལ་ལན་ལོག་པར་སླར་བཟློག་
པར་འདོད་དེ་སྨྲས་ཤིང་བྱས་པ་ལས་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །གཞན་དུ་སྨྲ་བས་སོ། །བསྒོ་བའི་ལན་བཞིན་དུ་མི་སྨྲ་བའི་ཁ་རོག་ཏུ་འདུག་གམ་ལན་ལོག་པར་སྨྲས་པ་ལ་ཡན་ལག་གཅིག་སྟེ་ཡན་ལག་འདི་བཞི་དང་ལྡན་པར་བྱས་ན་ལྟུང་བར་འགྱུར་ཉེས་བྱས་ནི་ཁ་རོག་ནའོ། །
དྲིས་པ་དང་བསྒོ་བ་ལ་སོགས་པ་ཅི་ཡང་རུང་སྟེ་ལན་ལོག་པར་གླན་པར་བྱ་བའི་ཕྱིར་མི་སྨྲ་བར་འདུག་ན་ཉེས་བྱས། མི་དྲན་ནོ་ཞེས་ཀྱང་ངོ་། །གཏམ་དྲི་བ་ལ་ལན་ལོག་པར་གླན་པར་བྱ་བའི་ཕྱིར་དྲན་པ་མི་དྲན་ནོ་ཞེས་བྱས་ན་ཉེས་བྱས། དེ་སྡུག་བསྔལ་བར་སྨྲས་པ་མ་ཡིན་ནའོ། །གཉེན་

བཤེས་ལྟ་བུ་ཤི་ན་དྲང་པོར་སྨྲ་ན་མྱ་ངན་དུ་འགྱུར་བའི་ཕྱིར་མ་སྨྲས་ཤིང་ལན་མ་གླན་ནམ་གཏམ་གཞན་དུ་བཟློག་སྟེ་སྨྲས་ན་ཉེས་མེད་དོ། །དེ་བས་ན་གསད་པ་མཐོང་སྟེ་ཀུན་འདྲི་ན་སྐད་ཅིག་སྲོས་སྐད་ཅིག་ཆུ་འཐུང་སྐད་ཅིག་ངལ་སོས་གནམ་མམ་སེན་མོ་མཐོང་ངོ་ཡང་དག་པར་ན་སེམས་ཅན་
ནམ་གསད་པ་མ་མཐོང་ངོ་ཞེས་སྨྲས་ན་ལྟུང་བ་མེད་དོ། །མི་བསད་པ་ཞིག་བྲོས་ཏེ་སོང་ལ་སྙེགས་པའི་མི་འོངས་ཏེ་འདྲི་ན་མདོ་འདི་ལས་འབྱུང་བ་བཞིན་དུ་རིང་དུ་ཐོགས་པར་བྱ་བའི་ཕྱིར་ཚིག་ལོག་པར་སྨྲས་ཤིང་གྱ་གྱུ་བྱས་ཀྱང་ཉེས་མེད་དོ། །དེ་ལྟར་བྱས་ཀྱང་འདྲི་ན་སེམས་ཅན་ལ་དངོས་པོ་
མེད་པར་བསམས་ཏེ་ཡང་དག་པར་ན་སེམས་ཅན་གསད་པའི་མི་མ་མཐོང་ངོ་ཞེས་ཀྱང་ཉེས་མེད་དེ། གང་དུ་དཔང་པོར་འགྱུར་བ་དེར་གནས་པར་མི་བྱ་ཁ་མཆུ་ལ་སོགས་པ་རྩོད་ཅིང་དཔང་དང་ཆེ་བཞིར་བཅོལ་ཞིང་འཛིན་པར་འགྱུར་བར་མི་འདུག་པར་བྱོལ་ཏེ་འགྲོ། །གནོད་པ་བྱེད་ན་སྒོ་མ་
བཅད་པར་དཔང་དུ་མི་སྦྱིན། མདོ་ལྟག་མ་ལྟར་བྱོལ་ཡང་མ་ཐར་ཏེ་དཔང་དང་ཆེ་བཞིར་བཟུང་ན་ཕྱིས་གནོད་པ་མི་བྱ་བར་དམ་བཅས་ལ་དཔང་བྱ། ཕྱིས་གནོད་པ་མི་བྱ་བར་མི་བཏུབ་ན་ཁ་བཙུམས་ཏེ་འདུག་གོ། །བཀའ་བཟློག་པའོ། །སྨྲ་བའི་ལྟུང་བ་སྟེ་རྫོགས་སོ།། །།ཁྲི་སྟན་གྱི་ལྟུང་བ་
ལ་འཆད་དེ། ཁྲི་དང་ཁྲིའུ་དང་སྔས་དང་ལ་བ་དང་སྔས་ཁབ་དང་གྲུ་བཞི་ཞེས་པ་ནི་མལ་སྟན་ནོ། །དགེ་འདུན་གྱི་ཁྲི་དང་ཁྲིའུ་དང་སྔས་ལ་སོགས་པ་མིང་གིས་སྨོས་པ་འདི་རྣམས་བླ་རེ་མེད་པའི་ནམ་མཁའ་ལ་བོར་བ་ལས་ལྟུང་བར་འགྱུར་ཏེ་མལ་སྟན་དངོས་དང་བླ་རེ་མེད་པ་སྟེ་ཡན་ལག་གཉིས།
འདོམ་བཞི་བཅུ་རྩ་དགུ་དེའི་མཚམས་སོ། །ཁྲི་སྟན་བླ་རེ་མེད་པའི་ནམ་མཁའ་ལ་ལུས་ཏེ་མ་བརྟུལ་བར་སོང་ན་ཁྲི་སྟན་འདུག་པ་ནས་འདོམ་བཞི་བཅུ་རྩ་དགུ་ལས་འདས་པར་སོང་ན་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །བསྐོར་བ་ནི་སྒོ་གང་ནས་སོ། །འདོམ་བཞི་བཅུ་རྩ་དགུར་བཅལ་བ་ནི་
གཙུག་ལག་ཁང་ཕྱི་རས་བསྐོར་ན་གཙུག་ལག་ཁང་གི་ཕྱི་རའི་སྒོ་གང་ནས་བཅལ་ལོ། །ཕྱིར་མེད་ན་སྟན་ག་ལ་འདུག་པའི་གནས་ནས་འདོམ་བཞི་བཅུ་རྩ་དགུ་ལ་བཅལ་ལོ། །དེ་ལས་འདས་པའི་ཕྱིར་བརྗོད་དེ། འགྲོའམ་ནང་དུ་ཡང་ཉལ་ལམ། བསམ་གཏན་དུ་ཞུགས་པ་ལ་སོགས་པས་

ལྐོག་ཏུ་གྱུར་པའོ། །བླ་རེ་མེད་པའི་ནམ་མཁའ་ལ་དགེ་འདུན་གྱི་ཁྲི་སྟན་ལུས་ལ་འདོམ་བཞི་བཅུ་རྩ་དགུ་འདས་ཏེ་སོང་ན་བརྗེད་དེ་གུད་དུ་སོང་ཡང་རུང་བསམ་གཏན་བྱེད་དུ་སོང་ཡང་རུང་ཁྱིམ་གྱི་ནང་དུ་ཉལ་དུ་སོང་ཡང་རུང་བསམ་གཏན་བྱེད་དུ་སོང་ཡང་རུང་སྟེ་རྩིས་མགོ་
དང་ལྡན་པར་གྱུར་ན་ལྟུང་བར་འགྱུར་རོ། །ཐ་དད་པ་ལས་སྔར་ན་སྦྱོར་བའོ། །འདོམ་བཞི་བཅུ་རྩ་དགུ་ལས་མ་འདས་པ་དང་ཆར་གྱིས་མ་ཕོག་གམ་རླུང་གིས་མ་བཟློག་གམ་སྲིན་བུས་མ་ཟོས་པར་བླ་གབ་མེད་པ་ལ་ལུས་པ་ནི་ཉེས་བྱས་ཏེ་སྐབས་འདིར་མིང་སྨོས་ཏེ་ཉེས་བྱས་ཉིད་འོག་ནས་
འཆད། འདས་སམ་སྲིན་བུ་དང་རླུང་དང་ཆར་གྱིས་མ་ཕོག་ཀྱང་བླ་རེ་མེད་པ་ལ་ལུས་ན་འདོམ་བཞི་བཅུ་རྩ་དགུ་འདས་ན་ལྟུང་། གྱུར་ན་ཐ་མའོ། །འདོམ་བཞི་བཅུ་རྩ་དགུ་འདས་ཀྱང་ཆར་དང་རླུང་དང་སྲིན་བུ་གང་གིས་ཀྱང་རུང་སྟེ་ཟོས་ཤིང་བཟློག་ན་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །
བརྟུལ་བ་བྱས་སམ་བྱེད་དུ་བཅུག་ན་དེ་མ་ཡིན་ནོ། །དགེ་འདུན་གྱི་ཁྲི་སྟན་བདག་གིས་བརྟུལ་ཏམ་གཞན་ལ་བཅོལ་བ་ནི་ལྟུང་བར་མི་འགྱུར། མ་བརྟུལ་ཏེ་མ་བཅོལ་ན་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག་སྟེ། ཡན་ལག་རེ་རེ་ནས་མིང་གིས་སྨོས་པ་ཀུན་དང་ལྡན་ན་ལྟུང་བར་འགྱུར།
དགེ་སློང་ཕ་ལ་མ་བཅོལ་ནའོ། །བརྟུལ་དུ་བཅོལ་བ་ནི་དགེ་སློང་མ་ཡིན་པ་དགེ་སྦྱོང་ངམ་ཁྱིམ་པ་ལ་བཅོལ་བར་མི་ཆུད་དེ་ལྟུང་བར་འགྱུར་གྱི་དགེ་སློང་ལ་བཅོལ་བ་ནི་བཅོལ་བར་ཆུད་དེ། དོག་པ་མ་རྙེད་ན། ཆུའམ་མེའམ། རྐུན་པོ་ལ་སོགས་པ་འཇིགས་པའི་རྐྱེན་བྱུང་སྟེ་མ་བརྟུལ་བར་
སོང་བ་ནི་ཉེས་མེད། འཇིགས་པའི་རྐྱེན་མེད་པ་ལས་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །བྱེད་པ་བཞིན་སྤྱོད་སྤྱོད་པའོ། །དགེ་འདུན་གྱི་ཁྲི་སྟན་ལ་བདག་སྤྱོད་སྤྱོད་དེ་བརྟུལ་ཏེ་འགྲོ་བ་ལས་གྲོགས་ཤིག་འོངས་ན་དེ་ལ་སྤྱོད་ཅིང་འདུག་ཤིག་ཅེས་བསྒོ་སྟེ་འགྲོ་བས་མ་བསྒོ་ན་ཉེས་བྱས་
ཕྱིས་ན་སྤྱོད་པའི་དགེ་སློང་གིས་མ་བརྟུལ་ན་ཡན་ལག་དང་ལྡན་ན་ལྟུང་། དགེ་འདུན་གྱི་ཁྲི་སྟན་ལ་ཁྱིམ་པ་ཞིག་སྤྱོད་ཅིང་འདུག་སྟེ། ཆར་རླུང་དང་སྲིན་བུས་ཟོས་སམ་ནམ་མཁའ་ལ་བོར་བ་ལ་དེ་ལྟར་མ་བྱེད་ཅེས་མ་བསྒོ་འམ། མ་བརྟུལ་ན་ཉེས་བྱས་ཞེས་བྱི་ཤུ་ཏས་བཤད། གཉིས་གཅིག་

ཏུ་འཁོད་ན་ཕྱིས་ལངས་པས་བྱའོ། །སྟན་གཅིག་ལ་དགེ་སློང་གཉིས་སྤྱོད་སྤྱོད་པ་ལས་གཅིག་ཕྱི་ན་འདུག་པ་གཅིག་སྔར་འགྲོ་ན་སྔ་མས་བརྟུལ་ཅིག་ཅེས་མ་བསྒོ་ཡང་ཕྱི་མས་མ་བརྟུལ་ན་ལྟུང་བའོ་སྔར་སོང་བ་ལ་ནི་ཉེས་མེད་དོ། །དེ་སྟེ་མཉམ་པས་ན་གསར་བུས་སོ། །སྟན་གཅིག་
ལ་མི་གཉིས་ལྷན་ཅིག་སྤྱོད་སྤྱོད་པ་ལས་ལྷན་ཅིག་འདོང་ན་དགེ་སློང་ཁྲིམས་ན་གང་གཞོན་པས་བརྟུལ་ལ། མ་བརྟུལ་ན་རྒན་པོ་ལ་ཉེས་བྱས་གཞོན་ནུ་ལ་ལྟུང་བའོ། །མཚུངས་པས་ན་ཉེས་བྱས་གཉིས་ཀས་སོ། །མདོ་ལྟག་མ་ལྟར་ལྷན་ཅིག་སྤྱོད་སྤྱོད་པ་གཉིས་ཀ་སྤྱིས་བསྡུའོ། །མ་
བསྡུས་ན་གཉིས་ཀ་ལྟུང་ངོ་། །ངོ་ཚ་མེད་པས་ཕས་ཕམ་པ་བྱུང་བའམ་ཚུལ་ཁྲིམས་ལ་གཡེལ་བ་དང་ཐམ་ཐོམ་སྨྱོན་ཐབས་ཅན་དང་། འཁོན་པ་སྔན་ཆད་འཐབས་ཤིང་འཁོན་ཡོད་པ་དང་། རྒས་པ་རྒན་པོ་མལ་སྟན་བརྟུལ་མི་ནུས་པར་རྒན་པ་དང་། ནད་པ་མལ་སྟན་བརྟུལ་མི་ནུས་པ་དང་། རབ་
ཏུ་མ་རྫོགས་པ་དགེ་སྦྱོང་དང་ཁྱིམ་པ་དང་དེར་ན་མ་བཅོལ་བའོ། །མིང་གིས་སྨོས་པ་འདི་རྣམས་ལ་མལ་སྟན་བརྟུལ་དུ་བཅོལ་ཀྱང་། བཅོལ་བར་མི་ཆུད་དེ་ཡན་ལག་དང་ལྡན་ན་ལྟུང་བའོ། །གཙུག་ལག་ཁང་འདི་མལ་སྟན་ལྟའམ་ལོང་ཤིག །བདག་གུད་དུ་འགྲོ་ན་དགེ་སློང་གྲོགས་ལ་
མལ་སྟན་འདི་ལྟོས་ཤིག་ཅེས་སམ་ལྡེ་མིག་འདི་ན་ཡོད་དེ་ལོང་ཤིག་ཅེས་བསྒོ་སྟེ་འགྲོའོ། །སྒོ་ལྕགས་མ་བཅུག་གོ་ཞེས་བཅོལ། གཙུག་ལག་ཁང་ངམ་སྒོ་མ་བཅད་པར་འགྲོ་ནའང་སྒོ་མ་བཅད་དོ་ཞེས་བསྒོ་སྟེ་འགྲོའོ། །ཐ་དད་པ་གསུམ་སྟེ་རླུང་གིས་བཟློག་པ་དང་ཆར་པས་རིམ་པར་
ཐལ་བ་དང་། སྲིན་བུས་ཟོས་པ་དང་ཆར་པས་གཤེར་བ་དང་རླུང་གིས་བཟློག་པའི་ཚད་ནི་ཆར་པས་སྟེང་ནས་འོག་ཏུ་ཐལ་བ་དང་སྲིན་བུས་བླ་ནས་འོག་ཏུ་ཐལ་བ་དང་རླུང་གིས་ཐ་མ་བཟློག་པ་ཙམ་གྱིས་ལྟུང་བར་འགྱུར་རོ། །མལ་སྟན་མལ་སྟན་ཡང་ཡིན་ལ་དགེ་འདུན་གྱི་དེ་ལ་དགེ་འདུན་གྱི་
མལ་སྟན་ཡང་ཡིན་ལ། བདག་བསྐོས་གཞན་གྱིས་བདག་ལ་གདིང་དུ་བཅུག་གམ། བདག་གིས་གཞག་གམ། བདག་ཉིད་ཀྱིས་བཏིང་ངམ། གཞོག་ཏུ་བཅུག་སྟེ་བདག་གིས་གཞན་གདིང་དུ་བཅུག་སྟེ། བླ་གབ་མེད་དེ་ཞེ་ན་བྱེད་དོ། །བླ་གབ་མེད་པའི་ནམ་མཁའ་ལ་ལུས་ཏེ་མ་

བརྟུལ་ན་ལྟུང་བར་འགྱུར་རོ། །རྩ་བ་ནི་མཇུག་ཏུ་ནའོ། །ཡན་ལག་རྣམས་དང་ལྡན་ཞིང་འདོམ་བཞི་བཅུ་རྩ་དགུ་འདས་སམ་ཆར་དག་གིས་གཤེར་བར་གྱུར་ན་ལྟུང་ངོ་། །སྦྱོར་བ་ནི་ཉེས་བྱས་པའོ། །ཡན་ལག་མ་ཚང་ངམ་འདོམ་བཞི་བཅུ་རྩ་དགུ་མ་འདས་པ་
ཙམ་དུ་སོང་བ་ནི་ཉེས་བྱས་སོ། །རེ་རེ་ཤིག་གཞན་གྱིས་ནོན་ནའོ། །དགེ་འདུན་གྱི་མལ་སྟན་ལ་སྤྱོད་སྤྱོད་པ་ལས་གྲོགས་གཅིག་འོངས་ཏེ་ཕྱིན་ན་སྤྱོད་དེ་བདག་སྔར་འགྲོ་ན་ཕྱི་མ་ལ་མལ་སྟན་བརྟུལ་ཅིག་ཅེས་བསྒོ་ལ་འགྲོའོ་མ་བསྒོ་བར་སོང་ན་ཉེས་བྱས། གང་ཟག་གིས་ཀྱང་ངོ་། །
གང་ཟག་གིས་མལ་སྟན་སྤྱོད་སྤྱོད་པ་ལས་མ་བརྟུལ་ཏམ་བརྟུལ་དུ་མ་བཅོལ་བར་སོང་ན་ཉེས་བྱས་སོ། །འོག་མ་བཞི་ཡང་ངོ་། །ཁྲི་སྟན་གྱི་འོག་ན་གདིང་བ་དང་བསྐྲད་པ་དང་ཕྱིས་གནོན་པ་དང་གཟེར་མེད་པ་བཞི་ཡང་དགེ་འདུན་གྱི་གཙུག་ལག་ཁང་དུ་བྱས་ན་ལྟུང་གི་གང་ཟག་གི་
གནས་ལ་བྱས་ན་ཉེས་བྱས། མ་རེག་པ་ནི་མ་ཡིན་ནོ། །དགེ་འདུན་གྱི་ཁྲི་གསེར་དངུལ་དང་རིན་པོ་ཆེ་ལ་སོགས་པས་བྱས་པ་ཞིག་སྐམ་སྲད་ལ་ཕྱུང་ཞིང་འདུག་སྟེ་ཆར་བབ་ན་རེག་ཏུ་མི་རུང་བའི་ཕྱིར་མ་བརྟུལ་ན་ཉེས་མེད་དོ། །རྐུན་པོའི་རྐྱེན་ལྟ་བུ་བྱུང་ན་བརྟུལ་བའི་ཕྱིར་རེག་ཀྱང་བླ་སྟེ་
བརྟུལ་དགོས་སོ། །དེ་སྟེ་བསོད་སྙོམས་ཀྱི་ཕྱིར་བཀྲམ་སྟེ་ཞུགས་ནས་རླུང་དང་ཆར་པ་འོང་ན་གཙུག་ལག་ཁང་ན་གནས་པས་ཆུག་ཤིག །དགེ་འདུན་གྱི་མལ་སྟན་བསོད་སྙོམས་པ་ཞིག་སྤྱོད་ཅིང་གདིང་བ་ལས་མ་བརྟུལ་བར་བདག་བསོད་སྙོམས་ལ་སོང་སྟེ་ཆར་པའམ་རླུང་ལ་
སོགས་པ་བྱུང་ན་དགེ་སློང་སུ་ཕྱི་ན་འདུག་ཅིང་མ་མཐོང་བས་སྡུས་ཤིག་མ་བསྡུས་ན་ཉེས་བྱས་སོ། །ཞུགས་པས་ཀྱང་ནན་ཏན་དུ་ཤོག་ཤིག །སཱུ་ཏྲ་ལྟག་མ་ལྟར་དགེ་སློང་བསོད་སྙོམས་ལ་སོང་བས་ཀྱང་རླུང་དང་ཆར་པ་འོང་བར་མཐོང་ན་མལ་སྟན་བརྟུལ་བའི་ཕྱིར་མྱུར་དུ་འོང་ངོ་། །
མྱུར་དུ་མ་འོངས་ན་སྔོན་གྱི་ལྟུང་བ་དང་ཉེས་བྱས་ཀྱི་སྟེང་དུ་ཡང་ཉེས་བྱས་མཆིས། དེའི་ཕྱིར་མ་ཉེས་པ་དང་འབྲི་བ་མེད་དོ། །བསོད་སྙོམས་པ་མལ་སྟན་མ་བརྟུལ་བར་བསོད་སྙོམས་ལ་སོང་བ་བསོད་སྙོམས་ཀྱི་ཕྱིར་སོང་ཞེས་ཏེ་ཉེས་པ་མེད་པའམ། ལྟུང་བ་འབྲི་བ་མ་ཡིན་གྱི་ཡན་ལག་

དང་ལྡན་ན་ལྟུང་བར་འགྱུར་རོ། །དེ་སྟེ་བརྗེད་ནས་ལན་མང་དུ་འདས་སམ་ཕྱིན་ཏེ་དྲན་པ་རྙེད་ན་ཕྱིས་འདི་ལྟར་མི་བྱའོ་ཞེས་སེམས་བསྐྱེད་ཅིང་ཁར་སྨྲོས་ཤིག །དགེ་སློང་མལ་སྟན་སྤྱོད་སྤྱོད་དམ་བཀྲམ་པ་ལས་མ་བརྟུལ་ཏམ་བརྗེད་དེ་གུད་དུ་སོང་ནས་ལམ་རིང་མོ་ཞིག་ཏུ་ཕྱིན་ཏེ་གདོད་དེ་
དྲན་ན་དེ་ལྟར་བརྗེད་པ་ཉེས་སོ་ཞེས་ཡིད་ལ་བསམས་ཤིང་ཁར་ཡང་བརྗོད། ཕྱིན་ཆད་འདི་ལྟར་མི་བྱ་བའི་སེམས་ཀྱང་བསྐྱེད་དོ། །དེ་ལྟར་སེམས་མ་བསྐྱེད་ན་སྔ་མ་ལྟུང་བའི་སྟེང་དུ་ཉེས་བྱས་ཀྱང་ཡོད། ལམ་མི་རིང་བར་དྲན་ན་སླར་ལོག་སྟེ་བརྟུལ་ལོ། །དེ་སྟེ་དགེ་སློང་དང་ལམ་དུ་
ཕྲད་ན་བསྡུ་བར་གསོལ་ཅིག །སཱུ་ཏྲ་ལྟག་མ་ལྟར་དགེ་སློང་གིས་མལ་སྟན་མ་བསྡུས་པར་གུད་དུ་སོང་སྟེ་ལམ་རིང་མོ་ཞིག་ཏུ་ཕྱིན་ཏེ་དྲན་པ་དང་དགེ་སློང་གཞན་ཞིག་དང་ཕྲད་ན་བདག་གིས་གསོལ་བ་བཏབ་སྟེ་མལ་སྟན་མ་བརྟུལ་བར་ལུས་ཀྱི་ཕར་བྱིར་ཕྱིན་པ་དང་བརྟུལ་བར་གསོལ་ལོ་ཞེས་གསོལ་
བ་གདབ། ཁས་བླངས་ནས་དེར་ཕྱིན་ན་བྱ། སཱུ་ཏྲ་ལྟག་མ་ལྟར་གསོལ་བ་བཏབ་པའི་དགེ་སློང་དེས་ཁས་བླངས་ན་ཕྱིན་མ་ཐག་ཏུ་བརྟུལ། ཕྱིན་མ་ཐག་ཏུ་མ་བརྟུལ་ཏེ་ཡན་ལག་དང་ལྡན་པར་གྱུར་ན་ཁས་བླངས་པའི་དགེ་སློང་དེ་ལྟུང་བར་འགྱུར་རོ། །དོགས་པ་མ་རྙེད་དེ་གནས་ནས་འགྲོ་ན་
མལ་སྟན་བརྟུལ། མི་རྒོད་དང་རྐུན་པོ་ལ་སོགས་པ་འཇིགས་པའི་རྐྱེན་མ་བྱུང་བར་གནས་གུད་དུ་འགྲོ་ན་དགེ་འདུན་གྱི་མལ་སྟན་བདག་སྤྱོད་སྤྱོད་ཀྱང་རུང་སྐམ་བསྲད་ལ་བཏིང་ཡང་རུང་བ་བསྡུས་ཤིང་བྲུབས་ལ་འགྲོ། མ་བྲུབས་པར་སོང་ན་ཉེས་བྱས། འདི་ནི་བླ་གབ་མེད་པ་མ་ཡིན་གྱི་
གཙུག་ལག་ཁང་གི་ནང་ན་འདུག་པ་ལ་བྱ། དེ་སྟེ་རྡུལ་གོས་ན་སྤྲུག །དགེ་འདུན་གྱི་མལ་སྟན་ལ་རྡུལ་ལ་སོགས་པ་ཆགས་ན་རུབ་མ་པ་ཡང་རུང་སུ་སྤྱོད་སྤྱོད་པ་ཡང་རུང་སྟེ་སྤྲུག་བརྡབ་སྟེ་བྱི་བདར་བྱ། དེ་ཉིད་ལ་གཏད། སཱུ་ཏྲ་ལྟག་མ་ལྟར་བྱི་བདར་བྱས་པའི་མལ་སྟན་དེ་མལ་སྟན་གྱི་
རུབ་མ་པ་གསར་དུ་བྱེད་པ་སུ་ཡིན་པ་ལ་རྙིང་གུད་དུ་འགྲོ་ན་གཏད་དེ་འགྲོ། དགེ་སློང་དག་ལ་བཅོལ་བར་ཡང་བྱ། མལ་སྟན་གྱི་རུབ་མ་པ་རྙིང་ཡང་རུང་མལ་སྟན་སྤྱོད་སྤྱོད་པའི་དགེ་སློང་སུ་ཡང་རུང་སྟེ་གནས་གཞན་ཞིག་ཏུ་ཐལ་བྱུང་འགྲོ་ལ་མལ་སྟན་གྱི་རུབ་མ་པ་གཞི་འཛིན་མེད་ན་

དགེ་སློང་དག་ཀྱང་རུང་བས་སྔས་ཤིག་པར་བཅོལ་ཏེ་འགྲོ་མེད་ན་དགེ་ཚུལ་ལ། སཱུ་ཏྲ་ལྟག་མ་ལྟར་རིང་བར་འགྲོ་ལ་དགེ་སློང་མེད་ན་དགེ་སྦྱོང་ལ་སྡུས་ཤིག་པའམ་ཕུལ་ཅིག་པར་བཅོལ་ཀྱང་ཉེས་པ་མེད་དོ། །དེ་ཡང་ན་ཁྱིམ་པ་དག་ལའོ། །བདག་གྲོགས་
ཀྱི་རྗེས་མི་སླེབས་ཤིང་རིང་བར་འགྲོ་ལ། དགེ་སྦྱོང་ཡང་མེད་ན་ཁྱིམ་པ་དང་དགེ་བསྙེན་ཡིད་བརྟན་པ་ལ་བཅོལ་ཀྱང་ཉེས་མེད་དོ། །ཐམས་ཅད་མེད་ན་ཕྱོགས་བཞིར་བལྟས་ལ་ལྡེ་མིག་སྦོས་ལ་སོང་ཤིག །མལ་སྟན་རྫིའམ་དགེ་སློང་གང་ཡང་རུང་བ་བདག་གུད་དུ་གནས་འཕོས་ཏེ་
འགྲོ་ལ་ཕྱི་ན་མི་གཅིག་ཀྱང་མེད་ན་མལ་སྟན་དང་རྫས་ཀུན་བྲུབས་ཏེ་སྒོ་བཅད་ལ་ལྡེ་མིག་དགེ་སློང་དག་གིས་རྙེད་པ་ཙམ་དུ་སྦས་ལ་དགེ་སློང་དག་འོང་ངམ་མི་འོང་ཕྱོགས་བཞིར་བལྟས་ལ་འགྲོ། དེ་སྟེ་ལམ་གྱི་བར་དུ་དགེ་སློང་མཐོང་ན་ཕྱོགས་དེ་ནའོ་ཞེས་དེ་ལ་སྨྲོས་ཤིག །སཱུ་ཏྲ་ལྟག་
མ་ལྟར་ལྡེ་མིག་སྦས་ཏེ་སོང་བ་ལས་ལམ་དུ་དགེ་སློང་དག་དང་ཕྲད་ན་ལྡེ་མིག་ས་ཚོད་འདིར་སྦས་ཀྱིས་ཚོལ་ལ་སྤྱོད་ཅིག་ཅེས་བསྒོ་སྟེ་འགྲོ། དེ་སྟེ་ཁྱིམ་པར་མགྲོན་དུ་བོས་པ་ལས་སྒོ་བཅད་དེ་དོང་ན་རྩིག་པའམ་ཤིང་དུ་སྟན་སྦོས་ལ་ཞུགས་ཤིག །དགེ་སློང་བསོད་སྙོམས་པ་ཞིག་དགེ་འདུན་
གྱི་ཁྲི་སྟན་ལྐོག་དབེན་པར་ཁྱེར་ཏེ་སྤྱོད་སྤྱོད་པ་ལས་དྲོ་ཁར་ཁྲི་སྟན་སླར་སྐྱེལ་དུ་སོང་བ་ལས་དགེ་འདུན་ཕལ་ཀུན་མགྲོན་དུ་འདོང་སྟེ་སྒོ་བཅད་ཅིང་འདུག་ན་ཁྲི་སྟན་དེ་གཞན་གྱིས་མི་མཐོང་བར་རྩིག་པའམ་ཤིང་དྲུང་དུ་སྦས་ལ་བདག་ཀྱང་དགེ་འདུན་གཞན་གྱི་ཕྱི་བཞིན་མཆོད་སྟོན་ལ་འགྲོའོ། །
དེར་སྟན་བྱིན་ཅིག །གཙུག་ལག་ཁང་གཞན་གྱི་དགེ་འདུན་ཞིག་མཆོད་སྟོན་བྱེད་པའི་ཕྱིར་ཁྲི་སྟན་རྙེད་ན་སྦྱིན། སཱུ་ཏྲ་ལྟག་མ་ལྟར་དགེ་འདུན་གྱི་རྗེས་མ་སླེབས་ཏེ་སྟན་སྦས་ཏེ་ཕྱིས་འོངས་པའི་དགེ་སློང་དེ་ལ་དགེ་འདུན་སྔ་མ་གྲལ་ཞོག་ལ་སྟན་བྱིན་ཅིག་ཅེས་ཀྱང་བཤད་དོ། །བདག་གིས་
ཁྱེར་ཏེ་མ་འོངས་ཤིག །སཱུ་ཏྲ་ལྟག་མ་ལྟར་དགེ་འདུན་གཞན་ཞིག་ལ་ཁྲི་སྟན་བརྙར་སྦྱིན་པ་སླར་བདག་ཉིད་ཀྱིས་མི་བསྐུར་མགྲོན་དུ་འགྲོ་ན་བདག་གིས་སྟན་རང་ཆས་སུ་ཁྱེར་ཏེ་མི་འགྲོ་ཞེས་བྱི་ཤུ་ཏས་བཤད་ཁྱིམ་པ་དང་དགེ་ཚུལ་དེ་དག་གིས་སོ། །གུད་དུ་བརྙར་བྱིན་པའི་སྟན་བདག་ཅག་

སླར་ལོག་ན་གཡོག་ཁྱིམ་པའམ་དགེ་སྦྱོང་དག་ལ་བསྐུར་རོ། །མེད་ན་ཁྱིམ་པ་ལ་བསྐྱལ་བའི་ཕྱིར་བཅོལ་ཏེ་འདོང་། དགེ་སྦྱོང་དང་ཁྱིམ་པ་ལ་འཕྲལ་དུ་བསྐུར་དུ་མེད་ན་ཁྱིམ་པ་དག་ལ་བཅོལ་ཏེ་སྐྱོལ་ཅིག་པར་བསྐོས་ཏེ་འདོང་ངོ་། །བདག་གིས་ཁྱེར་ཏེ་འོང་ངོ་ཞེས་ཟེར་ན་བཞག །སཱུ་ཏྲ་
ལྟག་མ་ལྟར་ཁྱིམ་པ་ལ་སྐྱོལ་ཅིག་པར་བཅོལ་ནས་བསྐྱལ་ལོ་ཞེས་ཁས་བླངས་ན་སྟན་བཞག །དེ