Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 165

Văn bản gốc(Tây Tạng)

Trang 9 / 22 (50.000 ký tự/trang)
ས་མི་སྐྱེལ་ན་གནས་བྱས་པས་བསྐུར། ཁྱིམ་པ་ལ་སྐྱེལ་བར་བཅོལ་ཏེ་མ་བཏུབ་ན་དགེ་སློང་གཞོན་ནུ་རྣམས་ཀྱིས་བསྐུར། མེད་ན་རང་གིས་སོ། །སྐྱེལ་བ་ཁྱིམ་པ་ལ་སོགས་པ་སྐྱེལ་དུ་
མ་བཏུབ་ན་བདག་གིས་བསྐུར། ཐམས་ཅད་ཀྱིས་ན་གཎྜཱི་བརྡུངས་ཏེའོ། །སྟན་བརྙས་པ་དེ་དགེ་སློང་ཀུན་གྱིས་བསྐུར་དགོས་ནའང་གཎྜཱི་བརྡུངས་ལ་བསྡུས་ཏེ་བསྐུར་རམ། ལེན་དུ་འདོང་ངོ་། །ཁྱིམ་པ་ཞིག་གིས་མཆོད་སྟོན་གྱི་ཕྱིར་ཁྲི་སྟན་བརྙས་ན་ཐབས་དེ་བཞིན་གཙུག་ལག་ཁང་དུ་
མགྲོན་བྱས་པ་བདག་གི་ཕྱིར་སྟན་རྙེད་ན་སྦྱིན། ཁྱིམ་པས་དགེ་འདུན་མཆོད་སྟོན་གསོལ་བར་རྒྱུ་ཕུལ་བ་ལས་དེའི་རྗེས་ལ་ཁྱིམ་པ་དེ་ཉིད་ཀྱི་གཉེན་བཤེས་ཟན་སྦྱིན་སྦྱིན་ན་སྟན་བརྙ་ཞེས་ཟེར་ན་དགེ་འདུན་གྱི་རྗེས་མ་སླེབས་ཏེ་སྟན་བྱིན་ཅིག །དེ་དག་བསྲུང་བ་དགེ་སློང་བཞག །སཱུ་ཏྲ་ལྟག་
མ་ལྟར་ཁྱིམ་པའི་གཉེན་བཤེས་ཟན་སྦྱིན་པར་སྟན་བརྙར་ཕྱིན་པ་ལ་དགེ་སྦྱོང་སྤྱན་སྲུང་མ་གཅིག་བཞག །དེ་ཕྱོགས་གཅིག་དུ་འདུག །སྲུང་མ་དེ་ཁྱིམ་པ་དག་ཟན་ཟའི་ནང་དུ་མི་འགྲོ་བར་མིག་རྒྱང་གིས་སྣང་བ་ཙམ་དུ་འདུག་ལ་བགས་ཀྱིས་བསྲུང་། བདག་གིས་ལས་ཀྱང་བྱ་ཞིང་བཙའ།
དགེ་སློང་སྲུང་མར་བསྐོས་པ་དེ་སྟན་སྲུང་བའི་ཟླ་ལ་བདག་གིས་ལས་ཁ་ཐོན་ལ་སོགས་པའང་བྱ། དོང་ལ་གཞུག །ཁྱིམ་པ་ཟན་ཟོས་ཟིན་ཏེ་སྟན་མ་བརྟུལ་བར་དོང་ན་དགེ་སློང་སྲུང་མས་སྟན་རྣམས་བརྟུལ་ཏེ་སྦ། མ་རུང་ན་བཀྲུ། ཁྱིམ་པ་དེ་དག་གི་སྟན་ཤ་ཆང་གིས་རེག་སྟེ་མ་རུང་བར་གྱུར་
པ་དགེ་སློང་དེས་ཕྱི་ཞིང་བཀྲུའོ། །ཆང་གི་སྙིགས་མས་རེག་ན་ཆུས་སོ། །སྟན་ལ་ཆང་ངམ་སྦང་མ་ལྟ་བུས་རེག་ན་ཆུས་བཀྲུའོ། །སྣུམ་གྱིས་ན་སུག་པ་དག་གིས་སོ། །སྟན་ལ་སྣུམ་ལ་སོགས་པས་རེག་ན་སུག་པས་བཀྲུའོ། །མི་གཙང་བས་ན་སའམ་གོ་འདུན་ནམ་ལྕི་སྐམ་ཀྱིས་སོ། །

སྐྱུགས་པ་དང་ངན་སྐྱུགས་ལ་སོགས་པས་སྟན་ལ་རེག་ན་ལྕི་སྐམ་དང་སུག་པ་ལ་སོགས་གོ་འདུན་གྱིས་དག་པར་བཀྲུ། མི་འདག་ན་ལན་བུ་དག་གཅོད་ཅིག །ཁྱིའུ་དྲ་བ་དང་ལན་བུའི་གསེབ་ཏུ་ངན་སྐྱུགས་རེག་པ་འདག་ཏུ་མི་བཏུབ་ན་ལན་བུ་དག་གཅོད་ཅིག །ཁྱིམ་པ་
འདུག་པས་མ་བཅུག་ན་གང་གིས་མཐོང་བས་ཆུག་ཤིག །ཁྱིམ་པ་དྲ་མ་གཙུག་ལག་ཁང་དུ་འོངས་པ་ལ་བསྟི་སྟང་དུ་སྟན་བཏིང་བ་ཁྱིམ་པས་སྟན་མ་བརྟུལ་བར་སླར་སོང་ན་དགེ་སློང་གང་གིས་སྟན་མཐོང་བ་གཞུག །ཁྱིམ་པས་སྟན་བརྙས་པའམ་སྲུང་མ་མེད་ན་གང་གིས་མཐོང་བས་
བརྟུལ། དེ་སྟེ་རྒན་པོ་འམ་ན་བས་ན་གཙུག་ལག་ཁང་སྐྱོང་ལའོ། །ཁྱིམ་པ་འདུག་འདུག་པའི་སྟན་མ་བརྟུལ་ཏམ་མ་བསྐྱལ་བ་དགེ་སློང་རྒན་པོ་དང་ནད་པས་མཐོང་སྟེ་སྡུད་མི་ནུས་ན་གཙུག་ལག་ཁང་སྐྱོང་ལ་བོས་ཏེ་སྡུད་དུ་གཞུག །དེ་ལ་སྒོ་ནད་པ་ལ་ཐམས་ཅད་ཀྱིས་བལྟ། དགེ་སློང་
ནད་པ་ལ་དགེ་སློང་ཐམས་ཅད་ཀྱིས་ཉིན་རེ་བཞིན་ལན་རེ་བལྟའོ་མ་བལྟས་ན་ཉེས་བྱས། འདུག་སྟེའོ། །ནད་འདྲི་བའི་ཚེ་འདུག་ལ་འདྲིའོ། །དེ་ལྟར་མ་བྱས་ན་ཉེས་བྱས། དེར་སྟན་ཐོགས་ཏེ་མི་འགྲོ། ནད་འདྲིར་འགྲོ་བའི་ཚེ་བདག་གིས་སྟན་ཁྱེར་ཏེ་མི་འགྲོ་ནད་གཡོག་གིས་དེར་སྟན་གཞག །
ནད་འདྲི་བའི་དགེ་སློང་འོང་བའི་ཕྱིར་ནད་གཡོག་གིས་སྟན་གདིང་། མཁན་པོའམ་སློབ་དཔོན་དགེ་བའི་སྐྱབས་ཀྱི་ཕྱིར་འགྲོ་ན་དེ་སྟེ་གཞན་དུ་དགེ་བའི་སྐྱབས་མི་འཕེལ་ན་ཕྱི་བཞིན་དུ་འགྲོ། །མཁན་པོ་དང་སློབ་དཔོན་གཙུག་ལག་ཁང་ན་དགེ་བ་སྤྱོད་དུ་མི་ལྡོབ་སྟེ་ཤིང་དྲུང་ངམ་ཆུ་འགྲམ་ལ་
སོགས་པར་ཆོས་སློབ་ཅིང་འགྲོ་ན་སློབ་མ་བདག་ཀྱང་ཆོས་སློབ་པའི་ལུང་ནོད་པའི་ཕྱིར་མཁན་པོའི་ཕྱི་བཞིན་དུ་འགྲོའོ། །བདག་གིས་དེའི་སྟན་བསྐུར། མཁན་པོ་དང་སློབ་དཔོན་དབེན་པར་ཆོས་སློབ་དུ་འགྲོ་བའི་སྟན་སློབ་མས་བསྐུར་རོ། །མ་དྲིས་པར་མི་འགྲོ། མཁན་པོ་དང་སློབ་
དཔོན་གྱི་ཕྱི་བཞིན་སློབ་མ་འགྲོ་བ་ཡང་བདག་ཀྱང་ཕྱི་བཞིན་འགྲོའོ་ཞེས་དྲིས་ལ་འགྲོ། བདག་ཉིད་ཀྱིས་ཁྱེར་ཏེ་འོངས། མཁན་པོ་དང་སློབ་དཔོན་དབེན་པར་ཆོས་སློབ་པ་སླར་འོངས་ཏེ་སློབ་མ་དྲུང་ན་མི་འདུག་ན་སྟན་བདག་ཉིད་ཀྱིས་བསྐུར། བླ་གབ་མེད་པ་ལ་ཆོས་ཉན་པ་ལ་རླུང་ངམ་

ཆར་གྱིས་ན་མལ་སྟན་དག་གཞུག །གསོ་སྦྱིན་བྱེད་པའམ་ཆོས་འཆད་པ་ལ་སོགས་པ་བླ་གབ་མེད་པ་ལ་འཁོད་འཁོད་པ་ལས་ཆར་པ་འཕྲལ་ལ་བབ་ན་དགེ་སློང་ཀུན་གྱིས་སྟན་བསྡུ་ཞིང་གནས་སུ་བསྐུར་པ་དང་སྦ། རང་གིས་ལྕི་སྟེ་མི་ནུས་ན་རྒན་རབས་དང་གསར་བུར་ལྷན་ཅིག་ཏུ་བརྗེ། སཱུ་
ཏྲ་ལྟག་མ་ལྟར་སྟན་བསྡུ་བ་ལ་རྒན་པ་རྣམས་ཀྱིས་སྟན་ཆེན་པོ་ལྕི་བ་མི་ཐེག་ན་གཞོན་ནུའི་སྟན་ཡང་བ་རྒན་པོ་ལ་བསྐུར་ལ་རྒན་པོའི་སྟན་ལྕི་བ་གཞོན་ནུ་རྣམས་ཀྱིས་བསྐུར། འདྲ་བ་འདྲ་བར་གཞག །མལ་སྟན་གྱི་རྣམས་བྲུབ་པའང་བསྲེས་ལ་མི་གཞག་གི་ཁྲིའུ་ཡང་ལོགས་ཤིག་སྟན་ཡང་
ལོགས་ཤིག་སོ་སོར་བཅེར་རོ། །གཙུག་ལག་ཁང་གཞན་དུ་མལ་སྟན་དང་གོས་བརྙ་ན་བྱིན་ཅིག །གཙུག་ལག་ཁང་གཞན་དུ་མཆོད་སྟོན་བྱས་སམ་དགེ་འདུན་མང་ཞིག་ལྷགས་ཏེ་མལ་སྟན་གྱིས་མི་ཆོག་སྟེ་བརྙ་ན་བརྙར་སྦྱིན་ནོ། །དེ་སྟེ་ཆར་པའམ་རླུང་འབབ་པར་མི་དོགས་ནའོ། །
བརྙར་བྱིན་པ་ཡང་ཆར་པ་དང་རླུང་ལངས་སམ་འབབ་དུ་དོགས་ན་གཤེར་ཅིང་མ་རུང་བའི་ཕྱིར་མི་སྦྱིན། དེ་སྟེ་ལམ་གྱི་བར་དུ་རླུང་ངམ་ཆར་པ་ནི་ཤིང་ངམ་རྩིག་པའི་དྲུང་དུ་སྤུང་པར་བྱ། མལ་སྟན་བརྙས་པ་ལས་སྐྱེལ་ཀྱང་རུང་ལེན་ཀྱང་རུང་ལམ་དུ་ཆར་པ་བབ་ན་ཤིང་དྲུང་ངམ་རྩིག་དྲུང་
དུ་བཅེར་ཏེ་གཞག །གོས་ཀྱི་ནང་ན་ངན་པ་གཅིག་གིས་གཡོགས། སཱུ་ཏྲ་ལྟག་མ་ལྟར་གོས་སྤུངས་ཏེ་བཞག་པའི་སྟེང་དུ་ནང་ན་ངན་པ་གཅིག་གིས་གཡོགས། གཙུག་ལག་ཁང་དུ་ཁྱེར་ཏེ་གོས་དག་བསྐམ། མལ་སྟན་ལམ་དུ་གཤེར་བ་དེ་གཙུག་ལག་ཁང་དུ་ཕྱིན་ནས་བསྐམ། ཚིག་
གམ་ཁྱེར་ན་དགེ་འདུན་གྱི་ཡང་དབྱུང་ངོ་། །དགེ་འདུན་གྱི་མལ་སྟན་ལ་སོགས་པའི་ཁྲོད་དུ་མེའམ་ཆུ་ཞིག་བྱུང་ན་ཀུན་གྱིས་དབྱུང་ཞིང་བསྐྱ། བདག་གི་ལྷུང་བཟེད་དང་ཆོས་གོས་དབྱུང་བ་གྲུབ་པས་སོ། །དགེ་འདུན་གྱི་མལ་སྟན་ཆུའམ་མེ་འབྱུང་བའི་ནང་ན་བདག་གི་ལྷུང་བཟེད་དང་ཆོས་
གོས་ཤིག་ཡོད་ན་བདག་གི་སྔར་དབྱུང་ངོ་། །དགེ་འདུན་ནི་ཕྱུག་གི་གང་ཟག་ནི་ཕོངས་ཤིང་མ་བདོག་པའི་ཕྱིར་རོ། །ཕྱུང་ནས་དགེ་སློང་མི་ནུས་པ་ཅིག་སྲུང་མར་ཞོག་ཤིག །ཆུ་དང་མེའི་ནང་ནས་རྫས་སྔ་མ་ཕྱུང་བའི་དྲུང་དུ་དགེ་སློང་རྒན་པོའམ་ཉམ་རྩལ་ཆུང་ངུ་ཞིག་སྲུང་མར་བཞག་

སྟེ་མི་སྟོར་བར་བྱ་བའི་ཕྱིར་རོ། །མི་བཟོད་ན་མ་འཇུག་ཤིག །ཆུ་དང་མེའི་ནང་ནས་དབྱུང་མི་ནུས་ཤིང་སྲོག་ལ་དམའ་བར་གྱུར་ན་དེའི་ནང་དུ་མི་འདུག །མལ་སྟན་གྱི་ལྟུང་བའོ། །ཁྲི་སྟན་གྱི་ལྟུང་བ་སྟེ་རྫོགས་སོ།། །།བཏིང་བ་ལ་འཆད་དེ། གྲོང་བར་དུ་གདིང་
བ་བྱས་ན་ཁྱིམ་པ་ལ་བྱ་ཞིང་དོར། ཁྱིམ་པའི་གྲོང་བར་དུ་རྩྭ་བཏིང་ངམ་ལོ་མ་བཏིང་སྟེ་གནས་གནས་པ་ལས་གུད་དུ་འགྲོ་ན་རྩྭ་འདིར་དོར་རམ་ཇི་ལྟར་བྱ་ཞེས་ཁྱིམ་བདག་ལ་དྲིས་ལ་དོར། དགོན་པར་ན་དཀྲུགས་ཏེའོ། །དགོན་པའམ་ལམ་གྱི་ཞག་ལོན་པའི་སར་རྩྭའམ་ལོ་མ་བཏིང་ན་
འགྲོ་ཀར་སྲིན་བུ་མི་འཇུག་པར་བྱ་བའི་ཕྱིར་དཀྲུགས་ཤིང་ཀློངས་ཏེ་འགྲོ། །མ་དཀྲུགས་ན་ཉེས་བྱས། དེར་སྔས་སམ་འཕོངས་སུ་བྱས་ན་བྱས་པའོ། །སཱུ་ཏྲ་ལྟག་མ་ལྟར་རྩྭ་བཏིང་བ་དཀྲུགས་པ་ནི་བདག་རིང་ན་འཕོངས་སམ་སྔས་གཅིག་དཀྲུགས་པས་དཀྲུགས་པར་ཆུད་དོ། །གོས་
བསྐམ་པའི་ཕྱིར་རྩྭ་བཏིང་བའམ་དོར་བའོ། །གོས་ལ་སོགས་པ་བཀྲུས་པའམ་བསྐམ་པའི་འོག་ཏུ་རྩྭའམ་ལོ་མ་བཏིང་ནའང་ཟིན་ནས་བསྡུས་ཏེ་དོར། སློང་ཞིང་དོར་བར་ཁས་ལེན་ན་སྦྱིན། རྩྭ་བཏིང་བ་བསྡུས་ཏེ་དོར་བ་ལས་སློབ་མ་ལྟ་བུ་ན་རེ་ངས་བསྡུས་ཏེ་དོར་རོ་ཞེས་ཟེར་ན་འདོར་
དུ་གཞུག །རྩྭ་བསླང་ཞེས་ཟེར་ཞིང་ཕྱིས་དོར་རོ་ཞེས་ཟེར་ནའང་སྦྱིན། འཆག་སར་མཆིལ་ལྷམ་འདྲུད་པའི་ཕྱིར་རྩྭ་གདིང་། འཆག་ཅིང་འགྲོ་བའི་ས་རྩུབ་པོ་རྐང་པ་ལ་གནོད་པ་ཡོད་ན་རྩྭ་དང་ལོ་མ་རྐང་པ་ལ་འཇམ་པའི་ཕྱིར་བཏིང་ཡང་ཉེས་མེད་དོ། །དེ་དག་ཀྱང་དོར་རོ། །སཱུ་ཏྲ་ལྟག་
མ་ལྟར་འཆག་སར་རྩྭ་བཏིང་པ་ཡང་བསྡུས་ལ་དོར་རོ། །དགོན་པར་བཏིང་པ་ལས་མ་བརྟུལ་ན་ཉེས་བྱས་སོ། །མདོར་ན་དོར་བ་དག་དོར་ཏེ་བྱར་མི་རུང་བར་མ་གྱུར་པ་དག་གོ། །རྩྭ་བསྡུ་ཞིང་དོར་དགོས་པ་ནི་མ་རུལ་ཅིང་མ་གྲུགས་པ་བསྡུར་རུང་ཞིང་དོར་དུ་ཡོད་པ་ནི་བསྡུ་ཞིང་དོར་རོ། །རུལ་
ཞིང་བསྡུར་མི་རུང་བ་ནི་མ་བསྡུས་ཀྱང་ཉེས་མེད་དོ། །གཞན་དུ་ན་དུས་དུས་སུ་བརྟག །རྩྭ་དང་ལོ་མ་ལ་སོགས་པ་བཏིང་ཞིང་སྤྱོད་པ་མ་རུལ་ཞིང་སྤྱད་དུ་རུང་བ་ནི་སྲིན་བུ་ཞུགས་སམ་མ་ཞུགས་དུས་དུས་སུ་བརྟག་ཅིང་བལྟའོ། །བརྗེ་བའི་ཡང་ངོ་། །སཱུ་ཏྲ་ལྟག་མ་ལྟར་རྩྭ་བཏིང་བ་

བརྟགས་ན་སྲིན་བུ་འཇུག་ཏུ་བྱེད་དམ་རྙིངས་ན་སར་པ་དང་བརྗེ། འཇམ་པོ་སྣུམ་པོའི་ས་ན་ཉིན་རེའོ། །ས་ཚན་ཡོད་ཅིང་གཤེར་བ་དང་འཇམ་པོ་དུལ་དུལ་པོར་འཇུག་པ་ནི་སྲིན་བུ་མྱུར་དུ་འཇུག་པའི་ཕྱིར་ཉིན་རེ་ཞིང་ལན་རེ་བལྟའོ། །གཞན་དུ་ན་ཟླ་བ་ཕྱེད་ཅིང་ངོ་། །གསེག་མའམ་བྱེ་མའམ་ས་
མཁྲང་པོ་མྱུར་དུ་སྲིན་བུ་མི་ལྡང་བ་ནི་རྩའམ་ལོ་མ་བཏིང་ན་ཟླ་བ་ཕྱེད་ཅིང་བལྟའོ། །འཆག་ན་ཐག་པས་བཅིངས་པའི་རྩྭའི་བམ་པོ་ཤིང་ལ་འཕྱང་ཞིང་བཞག །དགོན་པའི་འཆག་སར་རྩྭ་བཏིང་ངམ་གདིང་དགོས་ན་མི་འཆག་པའི་ཚེ་རྩྭ་བསྡུས་ཏེ་བཅིངས་ལ་བཏགས་ཏེ་བཞག་རྩྭ་བམ་གྱི་སྟན་
གྲོགས་པོ་དག་འོང་བའི་ཕྱིར་གདིང་དགོས་པས་ཤིང་ལ་བཏགས་ཏེ་བཞག །དེ་ལྟར་ཤིང་ལ་བཏགས་པ་ནི་མི་འདྲུལ་བ་དང་སྲིན་བུ་མི་འཇུག་པའི་ཕྱིར་རོ། །གྱོ་མོར་ལྕི་བ་བཞག །བ་ལང་གི་ལྕི་བ་སྲིན་བུ་མི་འཇུག་པར་བྱ་བའི་ཕྱིར་གྱོ་མོ་དང་ཤིང་ལེབ་དང་རྡོ་ལེབ་ཀྱི་སྟེང་དུ་བཞག་སྔར་འདས་པ་
སོང་ཤིག་ཅེས་པ་ཕན་ཆད་དོ། །རྟག་ཏུ་ཁྲི་སྟན་གྱི་བཤད་པ་མགོ་མན་ཆད་ཁས་བླངས་ནས་དེར་ཕྱིན་ན་བྱ་ཞེས་ཟེར་བ་ཡན་ཆད་ཡན་ལག་བཤད་པ་ཀུན་རྩྭ་བཏིང་ངམ་ལོ་མ་བཏིང་བ་མ་བརྟུལ་བར་སོང་ན་ལྟུང་བར་འགྱུར་བའི་ཡན་ལག་བཤད་པ་དང་འདྲའོ། །མཉམ་པར་སྤྱད་ན་མཚུངས་པར་རོ། །
དགེ་སློང་གཉིས་ཤིག་རྩྭ་བཏིང་བ་ལ་ལྷན་ཅིག་སྤྱོད་སྤྱོད་ན་གཉིས་ཀས་བསྡུས་ཏེ་དོར། དགེ་འདུན་གྱི་མ་ཡིན་ན་བདག་པོ་ལ་ཞུས་ཏེའོ། །དགེ་འདུན་གྱི་གནས་མ་ཡིན་པ་ཁྱིམ་པ་ལ་སོགས་པའི་ཁྱིམ་དུ་རྩྭ་བཏིང་སྟེ་སྤྱོད་སྤྱོད་པ་ལས་དོར་དུ་མི་ཁོམ་པར་གུད་དུ་རིང་བར་འགྲོ་ན་ཁྱིམ་པ་ཉིད་
ལ་རྩྭ་བོར་ཅིག་ཅེས་བཅོལ་ཏེ་དོར་རོ་ཞེས་ཁས་བླངས་ན་མ་བོར་བར་སོང་ཡང་ཉེས་མེད། དགེ་འདུན་གྱི་གཙུག་ལག་ཁང་ནི་རྩ་བཏིང་བའི་ལྟུང་བར་གྱུར་པ་ནི་དགེ་འདུན་གྱི་གཙུག་ལག་ཁང་ཡང་ཡིན། ས་རྡོ་དང་བྱེ་མ་ལ་སོགས་པ་རྩྭ་བཏིང་བའི་གཞི་གསེག་མ་དང་ཁམ་བྲག་དང་བྱེ་མ་ལ་
སོགས་པ་མ་ཡིན་པ། མེད་པར་ཉེས་པར་གྱུར་པར་རུང་བའི་ས་འཇམ་པོའམ་སྣུམ་པ་སྲིན་བུ་ལྡང་བར་འགྱུར་བ་ལ་བདག་གིས་སམ། རྩྭ་དང་ལོ་མ་བདག་གིས་བཏིང་ངམ་བསྐོས་ཏེ་བྱས་པའི་གདིང་བ་ནི་བྱེད་དོ། །གཞན་གདིང་དུ་བཅུག་པ་ལས་མ་བརྟུལ་ན་ལྟུང་བར་འགྱུར་རོ། །གདིང་བའི་

ལྟུང་བའོ། །རྩྭ་དང་ལོ་མ་བཏིང་བའི་ལྟུང་བ་རྫོགས་སོ།། །།སྐྲོད་པ་ལ་འཆད་དེ། དགེ་སློང་དང་དགེ་འདུན་གྱི་གཙུག་ལག་ཁང་ལས་བྱེད་དོ། །དགེ་སློང་གི་དགེ་འདུན་གྱི་གཙུག་ལག་ཁང་ན་དགེ་སློང་གནས་གནས་པ་ལས་བསྐྲད་དམ་སྐྲོད་དུ་བཅུག་ན་ཁྲོ་བའི་
སེམས་ཀྱིས་ཁོན་གྱི་ཕྱིར་མ་བྱས་ཀྱང་ལྟུང་བའོ། །དེ་སྟེ་དེ་ན་གནོད་པའམ། ཁང་པ་རྡིབ་ཏུ་འོང་བ་དང་ཆུ་དང་མེ་ལ་སོགས་པ་དབྱུང་བའི་ཕྱིར་གནས་སྤོས་པ་དང་། དགེ་འདུན་འཁྲུག་པ་འབྱུང་སྟེ། དགེ་སློང་གནས་དེ་ནས་མ་ཕྱུང་ན་དགེ་འདུན་ལ་གནོད་པའམ་འཁྲུག་པ་འབྱུང་སྟེ་ཕྱུང་བ་
དང་། མི་ཞིའམ། མ་ཕྱུང་ན་དགེ་འདུན་འཁྲུག་པ་མི་ཞི་བའི་ཕྱིར་ཕྱུང་བ་དང་། བྱེད་པར་འདོད་ན་མ་ཡིན་ནོ། །སྨན་དཔྱད་ལ་སོགས་པ་བྱ་བའི་ཕྱིར་གནས་སྤོས་པ་དང་འདི་རྣམས་ཀྱི་རྐྱེན་མ་ཡིན་པར་དགེ་སློང་བསྐྲད་ན་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །འབྱུང་བའོ། །གཙུག་ལག་ཁང་
ནས་ཀྱང་དགེ་སློང་ཕྱུང་ན་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །གཞན་གྱིས་ཀྱང་ངོ་། །གཞན་ལ་དགེ་སློང་སྐྲོད་དུ་བཅུག་ནའང་ལྟུང་བར་འགྱུར། །ཕ་རོལ་གྱི་ཕྱིར་ཡང་ངོ་། །གཞན་གྱིས་བདག་སྐྲོད་དུ་བཅུག་གམ་བདག་ཉིད་ཀྱིས་བསྐྲད་ཀྱང་རུང་ལྟུང་སྟེ་སཱུ་ཏྲ་འདི་གཉིས་ལ་ཡན་ལག་གཅིག །
གཙུག་ལག་ཁང་ཡིན་པ་དང་ཡན་ལག་འདི་ལྔ་དང་ལྡན་ན་ལྟུང་བར་འགྱུར་རོ། །དགེ་སློང་མ་དང་དགེ་ཚུལ་ཕ་དང་དགེ་ཚུལ་མ་དག་གིས་ནི་ཉེས་བྱས་པའོ། །དགེ་སློབ་མ་དང་། དགེ་སྦྱོང་མ་དང་དགེ་སྦྱོང་ལ་དགེ་སློང་སྐྲོད་དུ་བཅུག་ན་དགེ་སློང་སྐྲོད་དུ་བཅུག་པ་ནི་ལྟུང་བ་དགེ་སྦྱོང་དག་ལ་ནི་
ཉེས་བྱས་སོ། །འདི་དག་ཀྱང་ངོ་། །དགེ་སློབ་མ་དང་དགེ་སྦྱོང་མ་དང་དགེ་སྦྱོང་བསྐྲད་ན་ཉེས་བྱས་སོ། །རྩེད་མོ་ན་ཡང་ངོ་། །སྙིང་ནས་བསྐྲད་པ་ནི་མ་ཡིན་གྱི་རྩེད་མོའི་ཕྱིར་བསྐྲད་པ་ནི་ཉེས་བྱས་སོ། །ཁྱིམ་མི་ན་བསོད་ནམས་མ་ཡིན་པ་མང་ངོ་། །ཁྱིམ་མི་ལ་དགེ་སློང་སྐྲོད་དུ་བཅོལ་ན་དགེ་
སློང་ནི་ལྟུང་བ་ཁྱིམ་པ་ལ་ནི་ལྟུང་བའི་རིམ་པ་མེད་དེ་སྡིག་ཆེའོ། །བསྐྲད་པའོ། །བསྐྲད་པའི་ལྟུང་བ་སྟེ་རྫོགས་སོ།། །།ཕྱིས་གནོན་གྱི་ལྟུང་བ་ལ་འཆད་དེ། འབྷིད། དགེ་འདུན་གྱི་གཙུག་ལག་ཁང་ན་དགེ་སློང་སྔ་ན་འདུག་པར་ཡང་ཤེས་བཞིན་པ་དང་ཡན་ལག་གཅིག །གནས་པ་གཙུག་

ལག་ཁང་ན་སྔ་ན་གནས་ཤིང་འདུག་པ་ལས་བསྐྲད་པར་མནན་ན་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །དགེ་སློང་གིས་དགེ་འདུན་གྱི་གཙུག་ལག་ཁང་ནང་གི་གནས་ནའོ། །བདག་གིས་ཕ་རོལ་དགེ་སློང་ཡང་ཡིན་པ་མནན་ཅིང་བསྐྲད་ན་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །དགེ་འདུན་
གྱི་གཙུག་ལག་ཁང་ཡང་ཡིན་པ་ལས་མནན་ན་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །ནན་གྱིས་པ་སྟེ་བསྐྲད་ཅིང་དབྱུང་བའི་ཕྱིར་ནན་གྱིས་མནན་ན་ལྟུང་བར་འགྱུར་ཏེ། ཡན་ལག་གཅིག །ནད་དང་འཇིགས་པའི་དབང་གིས་ནོན་པ་བཏང་སྟེའོ། །ནད་དང་འཇིགས་པའི་རྐྱེན་ལ་སོགས་པ་མེད་པར་
ནན་གྱིས་མནན་ཅིང་བསྐྲད་ན་ལྟུང་སྟེ། ཡན་ལག་གཅིག་སྟེ། ཡན་ལག་འདི་རྣམས་དང་ལྡན་ན་ཕྱིས་གནོན་གྱི་ལྟུང་བར་འགྱུར། དཔེ་འདི་བཞིན་ཏེ་བཟློག་པར་འདོད་པས་དགེ་སློང་ལ་བཟློག་པའོ། །བསྒོ་བ་ལ་ལན་ལོག་པར་སྨྲས་ན་ལྟུང་བར་འགྱུར་བ་བཞིན་དུ་དགེ་སློང་ལ་ལོག་པར་གནོད་
པ་བྱས་ན་ལྟུང་བར་འགྱུར་ཏེ་ཨུ་ད་ཡིས་བདག་གི་སློབ་མ་ལ་ཀླན་ཀ་བཙལ་ནས་ཁྱེད་ཁང་པའི་ནང་ན་འཁོད་པའི་མི་རིགས་ཀྱི་མཁྲིས་པའི་ནད་རྒྱས་ཀྱི་ཕྱི་རོལ་ན་འཁོད་ཅིག་ཅེས་ལྷགས་པ་ལ་བཞག་སྟེ་གནོད་པར་བྱས་པ་དང་བད་ཀན་གྱི་ནད་རྒྱས་ཏེ་ཚ་བ་ལ་འཁོད་ཅིག་ཅེས་གནོད་པ་བྱས་པ་དང་
དགེ་འདུན་རྐུན་པོས་འཇིགས་ཏེ་ཕྱི་རོལ་དུ་ཟར་དུ་མི་རུང་བའི་ཕྱིར་ནང་དུ་གྱོ་མོ་བཞག་སྟེ་བཤང་བ་ལས་གཙུག་ལག་ཁང་བརྩིག་གོ་ཞེས་ཨུ་ད་ཡིས་གྱོ་མོ་དེ་བོར་ཏེ་ཕྱི་རོལ་ཆེ་ཆུང་ནང་དུ་སྟོར་སྟེ་གནོད་པ་བྱས་པ་ལ་སོགས་པ་ལྟ་བུ་དགེ་སློང་ལ་གནོད་པར་བྱེད་པའི་ཕྱིར་ལོག་པའི་ཐབས་ཀྱིས་བྱས་
ན་གག་ཀྱང་རུང་སྟེ་ལྟུང་བའོ། །ནན་གྱིས་མནན་པའོ། །ཕྱིས་གནོན་པའི་ལྟུང་བ་སྟེ་རྫོགས་སོ།། །།གཟེར་མེད་ཀྱི་ལྟུང་བ་ལ་འཆད་དེ། དགེ་འདུན་གྱི་གཙུག་ལག་ཁང་གི་སྟེང་དུ་ན་བྱེད་དོ། །དགེ་འདུན་གྱི་གཙུག་ལག་ཁང་ཡང་ཡིན་པ་ལས་ལྟུང་བར་གྱུར་ཏེ་ཡན་ལག་གཅིག །བླ་
རྫང་ཁང་ཐོག་ཏུ་ཉལ་བ་ལས་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །འོན་ཏེ་གུར་ཁང་ན་མ་ཡིན་ནོ། །ཤིང་མེད་པའི་ས་ཁང་དུ་གུར་འདྲ་བར་ཕུབ་པ་ཁྲིའི་རྩ་བས་མི་རྟོལ་བའི་ཁང་པ་ལ་ཉལ་བ་ནི་ལྟུང་བ་མེད། དེའི་སྟེང་རྣམ་པར་གཡོགས་པ་ན་ཡང་ངོ་། །ཁང་པ་གཞན་གྲལ་བུ་དང་འཇི་བ་

ལ་སོགས་པས་གཡོགས་ཤིང་ཁྲི་རྩ་བས་མི་ཕུག་པ་ཡང་ལྟུང་བར་མི་འགྱུར། ཁྲིའི་རྐང་པ་གཟེར་བུ་ཅན་ན་ཡང་ངོ་། །ཁྲིའི་རྐང་པ་གཟེར་བུ་དང་ཁྲིའུ་ལ་སོགས་པས་བཏབ་ཅིང་མི་ལྟུང་བ་ལ་ཁང་ཐོག་ཏུ་ཉལ་བའང་ལྟུང་བར་མི་འགྱུར་རོ། །གན་རྐྱལ་བཏང་སྟེའོ། །ཁྲི་
གཟེར་བུ་མེད་ཀྱང་གན་རྐྱལ་དུ་བཞག་སྟེ་སྟེང་དུ་ཉལ་ཡང་ལྟུང་བར་མི་འགྱུར། རྐང་པའི་སོ་སོར་བཞག་ན་ཡང་ངོ་། །ཁྲིའི་གཟེར་བུ་མེད་ཀྱང་ཁྲིའི་རྐང་པ་བཞིའི་འོག་ཏུ་སོ་ཕག་གམ་ཤིང་ལེབ་ལ་སོགས་པ་བཞག་སྟེ་རྩ་བ་མི་ལྟུང་བ་ལ་ཉལ་བའང་ཉེས་མེད་དོ། །སཱུ་ཏྲ་འདི་རྣམས་ལྟ་
བུ་མ་ཡིན་པ་ལ་ཉལ་བ་ནི་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །མནན་པའོ། །འོག་ན་ཉལ་བ་ལ་གནོད་པར་བྱ་བའི་ཕྱིར། ཁྲི་ལ་དྲག་ཏུ་མནན་པ་ལས་ལྟུང་བར་འགྱུར་ཏེ། ཡན་ལག་གཅིག །འབྷིད་དོ། །དགེ་འདུན་གྱི་གཙུག་ལག་ཁང་ཡིན་པར་ཤེས་ཏེ། འོག་ན་མི་ཡོད་པ་ལས་
ལྟུང་བར་འགྱུར་ཏེ། ཡན་ལག་གཅིག །ཡན་ལག་འདི་རྣམས་དང་ལྡན་ན་གཟེར་མེད་ཀྱི་ལྟུང་བའོ། །རྐང་པ་གཟེར་བུ་ཅན་ལ་འཛེག་པའོ། །གཟེར་མེད་པའི་ལྟུང་བ་སྟེ་རྫོགས་སོ།། །།འདེབས་པའི་ལྟུང་བ་ལ་འཆད་དེ། བདག་སྤྱོད་པའི་ཕྱིར་ས་ལས་གཞན་པའོ། །བདག་གིས་ལུས་ཀྱི་
ཕྱིར་སྤྱོད་པའི་ཆུ་ལས་གཞན་པ་ཆག་ཆག་པ་དང་མཎྜལ་དང་འཇི་བ་བྱེད་པ་ལ་སོགས་པའི་ཆུ་སྲིན་བུ་ཡོད་པར་ཤེས་བཞིན་དུ་སྤྱད་ན་ལྟུང་བར་འགྱུར་ཏེ་སེམས་ཅན་མེད་ལ་ཡོད་པར་བསམས་ཏེ་སྤྱད་ན་ཉེས་བྱས་པའོ། །སེམས་ཅན་ཡོད་པ་ལ་ཡོད་པར་ཤེས་བཞིན་དུ་སྤྱད་ན་ལྟུང་བའོ། །སེམས་ཅན་
ཡོད་ལ་ཡོད་དམ་མེད་ཐེ་ཚོམ་ཟ་བཞིན་དུ་སྤྱད་ན་ལྟུང་བའོ། །སེམས་ཅན་མེད་ལ་མེད་པར་ཤེས་བཞིན་དུ་སྤྱད་ན་ཉེས་མེད་དོ། །སྲོག་ཆགས་དང་བཅས་པའི་དགོས་པའོ། །སེམས་ཅན་དང་བཅས་པར་སྤྱོད་པ་རྫོགས་སོ།། །།རིམ་གཉིས་འདོད་པའི་ལྟུང་བ་ལ་འཆད་དེ། སྒོའི་རེ་བཞི་བྱས་
ཏེ་བསྒྲུབ། དགེ་སློང་གིས་དགེ་འདུན་གྱི་ཕྱིར་གཙུག་ལག་ཁང་བརྩིགས་ཀྱང་རུང་གང་ཟག་གི་ཕྱིར་བརྩིགས་ཀྱང་རུང་སྒོའི་རེ་བཞི་བཅའ་ཞིང་གཞུག །གཏན་པ་ཡང་ངོ་། །སྒོའི་སྤྱིས་དང་གཏན་པ་ལ་སོགས་པའི་གནས་བཅས། སྐར་ཁུང་གདོད། ཁང་པའི་སྐར་ཁུང་ཡང་གདོད། གཙུག་

ལག་ཁང་ལས་བྱེད་དོ། །གཙུག་ལག་ཁང་བརྩིགས་པ་ལས་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །སྤྱོད་ལམ་བཞིའི་སྣོད་དང་སྤྱོད་ལམ་བཞི་པོ་ཤོང་བ་མན་ཆད་ནི་ཉེས་མེད་སྤྱོད་ལམ་བཞི་ལས་ལྷག་པར་བརྩིགས་པ་ལས་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །དེ་སྟེ་ཐམས་ཅད་རྡོས་
སམ་སོ་ཕག་གིས་སམ་ཤིང་གིས་ན་མ་ཡིན་ནོ། །རྡོ་འབའ་ཞིག་གིས་སམ་ཤིང་འབའ་ཞིག་གིས་སམ་སོ་ཕག་འབའ་ཞིག་གིས་བརྩིགས་པ་ནི་ཉིན་གཅིག་ལ་ཇི་ཙམ་བརྩིགས་ཀྱང་ལྟུང་བར་མི་འགྱུར་ཏེ་འཇི་བ་དང་ཕ་གུ་གྲངས་ལས་ལྷག་པར་བརྩིགས་ན་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །
ཆར་ཁབ་བམ་གཡོགས་མས་སོ། །ཆར་ཁབ་བམ་གཡོགས་མ་ཡོད་ན་ནི་ཉེས་མེད་དེ། ཆར་ཁབ་མེད་པར་ཕ་གུ་དང་འཇི་བ་ལས་བརྩིགས་ན་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །བྱས་སམ་ཟིན་པར་མཐོང་སྟེ་སྦྱིན་པའི་བདག་པོ་ལ་མ་སྨྲས་ནའོ། །ཁང་པ་རྩིག་པའི་ཡོན་བདག་གུད་དུ་འགྲོ་
སྟེ་ང་སླར་འོངས་པའི་ཁར་ཟིན་པར་བྱོས་ཤིག་ཅེའམ་འགྲོ་ཁར་མཐོང་བར་དགོས་ཀྱིས་རིང་དུ་ཟིན་པར་རྩིག་ཏུ་བཅུག་པ་ནི་ཆུ་ཁུང་དང་སྐུར་ཁུང་ལ་སོགས་པ་མ་བཏོད་པར་རིམ་གསུམ་ལས་འདས་པར་བརྩིགས་པ་ནི་ལྟུང་བར་མི་འགྱུར་ཏེ་རིང་པར་རྩིགས་ཤིག་པར་མ་བསྒོས་པར་རིམ་གསུམ་ལས་
འདས་པར་བརྩིགས་ན་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །ཕ་གུ་རིམ་གསུམ་འཁོར་བ་ལས་འདས་པར་བསྒྲུབས་ནའོ། །ཉིན་གཅིག་ལ་ཕ་གུ་རིམ་གསུམ་ལས་ལྷག་པར་བརྩིགས་ན་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །གཞན་གྱིས་ཀྱང་ངོ་། །གཞན་ཞིག་ལ་བརྩིགས་ཏུ་བཅུག་སྟེ་
རིམ་གསུམ་ལས་ལྷག་པར་བརྩིགས་ན་ལྟུང་བར་འགྱུར་རོ། །དེའི་ཉི་མ་ལའོ། །ཕ་གུ་རིམ་གསུམ་ལས་ལྷག་པར་འདོར་བ་ཡང་ཉི་མ་གཅིག་ལ་གསུམ་ལས་ལྷག་པར་བོར་ན་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །གཞན་དུ་ཡང་འཇིམ་པ་མེད་པར་ནའོ། །སོ་ཕག་མ་ཡིན་པ་ཕ་གུ་ཐ་མལ་
པ་འབའ་ཞིག་འཇི་བ་མེད་པར་བརྩིགས་ནའང་ལྟུང་བར་འགྱུར་ཏེ་རིམ་གསུམ་ལས་འདས་པར་བརྩིགས་པ་ལས་ལྟུང་བར་འགྱུར་རོ། །སྟོར་ཁུང་མ་བཏོད་ན་ཡང་ངོ་། །ཆུ་འགྲོ་བའི་སྟོར་ཁུང་མ་བཏོད་པར་བརྩིགས་པ་ནི་ཉིན་གཅིག་ལ་ཕ་གུ་རིམ་གསུམ་ལས་ལྷག་པར་བརྩིགས་ན་ལྟུང་།

སྟོར་ཁུང་བཏོད་ན་ནི་རིམ་བཞིན་དུ་བརྩིགས་ཀྱང་ཉེས་མེད། རྨང་སམ་བརྐོས་པར་བཏིང་ན་ཡང་ངོ་། །རྨང་གི་ས་མ་བརྐོས་པར་རྨང་བཏིང་བ་རིམ་གསུམ་འདས་ན་ལྟུང་སྟེ་རྨང་བརྐོས་ལ་སྟོར་ཁུང་མན་ཆད་རྨང་ལ་ཕ་གུ་རིམ་དུ་བོར་ཡང་ཉེས་མེད། སྒོའི་ཁ་ཁྱེར་སྟེང་མ་
ཡང་ངོ་། །སྒོའི་ཁ་ཁྱེར་མ་བཅུག་པར་ཁ་ཁྱེར་གྱི་ས་ནས་ཕ་གུ་རིམ་གསུམ་ལས་འདས་པར་བརྩིགས་ན་ལྟུང་། ཁ་ཁྱེར་བཅུག་ན་རིམ་དུ་བརྩིགས་ཀྱང་ཉེས་མེད་དོ། །ཉེས་མེད་པ་ནི་སྔ་མའི་ཐོག་མའོ། །ཆུ་ཁུང་མ་བཏོད་དམ་ཁ་ཁྱེར་མ་བཅུག་པར་རིམ་གསུམ་ལས་འདས་ཏེ་རིམ་བཞི་
བོར་ན་ནི་ལྟུང་བ། རིམ་གསུམ་བོར་བ་ཕན་ཆད་བོར་བ་ནི་ཉེས་མེད། རིམ་བཞིན་འདོར་བའི་ཚེ་ཉེས་བྱས་སོ། །བཙུག་ལག་ཁང་གི་ལྟུང་བའོ། །རིམ་གཉིས་འདོར་བའི་ལྟུང་བ་སྟེ་རྫོགས་སོ།། །།མ་བསྐོས་པའི་ལྟུང་བ་ལ་འཆད་དེ། ཕས་ཕམ་མདོ་སྡེ་དང་འདུལ་བ་དང་མ་མོ་ལྟ་བུ་འཛིན་པ་ལོ་
ཉི་ཤུ་ལས་མི་ཉུང་བ་གྲོང་ཁྱེར་གྱི་སྨྲ་བ་དགེ་སློང་མ་དང་ལུས་ཕྲད་པ་བཤགས་པ་བྱས་པ་དགེ་སློང་མ་ལ་སྟོན་པར་བསྐོས་པའོ། །དགེ་སློང་མའི་དགེ་འདུན་ལ་བཅུ་བཞི་དང་བཅོ་ལྔའི་གསོ་སྦྱིན་གྱི་ཚེ་རྟག་ཏུ་ཆོས་འཆད་པར་དགེ་སློང་ལས་བསྐོ་དགོས་ཏེ་དགེ་སློང་བཀོ་བའི་ཕས་ཕམ་པ་མ་བྱུང་བ་
མདོ་སྡེ་དང་འདུལ་བ་དང་མ་མོ་ལྟ་བུ་མཁས་ཤིང་འཛིན་པ་ཁྲིམས་ཚང་ནས་ལོ་ཉི་ཤུ་ལོན་པ་ཡུལ་གྱི་དབུས་ཀྱི་སྐད་དང་ལྡན་ཞིང་དོར་བ་དང་ལྡིང་པ་ལ་སོགས་པ་མེད་པ་དང་དགེ་སློང་མ་དང་སྔོན་ཆད་ལུས་མ་རེག་པ་དང་ལུས་རེག་ཀྱང་བཤགས་པ་བྱས་ཟིན་པ་མིང་གིས་སྨོས་པ་འདི་རྣམས་དང་ལྡན་ན་དགེ་
སློང་མ་ལ་བཅུ་བཞི་འམ་བཅོ་ལྔའི་ཚེ་ལ་ཆོས་འཆད་པར་དགེ་འདུན་གྱིས་བསྐོས་ཀྱང་རུང་ངོ་། །འདི་རྣམས་དང་ལྡན་པའི་དགེ་སློང་དེས་ཆོས་འཆད་ཀྱང་ཉེས་མེད་དོ། །དགེ་འདུན་གྱིས་དགེ་སློང་མ་ལ་ཆོས་བཤད་པར་བསྐོས་ཀྱང་བཅུ་བཞིའམ་བཅོ་ལྔའི་གསོ་སྦྱིན་གྱི་ཚེའི་དུས་སུ་རྟག་ཏུ་འཆད་
ལ་དབང་གི་དུས་སུ་དེ་མ་ཡིན་པར་རྟག་ཏུ་འཆད་དུ་མི་དབང་ངོ་། །གསོ་སྦྱིན་བཅོ་ལྔ་པའི་མཚམས་ཀྱི་ནང་དགེ་སློང་མ་ལ་ཆོས་འཆད་པའི་དགེ་སློང་མས་གང་བསྐོ་བ་ཡང་བཅུ་བཞི་འམ་བཅོ་ལྔའི་གསོ་སྦྱིན་གྱི་ཚེ་དགེ་སློང་མས་གསོལ་བ་བཏབ་ན་མཚམས་ཀྱི་ནང་དུ་དགེ་འདུན་གྱིས་གསོལ་བ་དང་

ཞུ་བའི་ལས་ཀྱིས་འཆད་པར་བསྐོའོ། །མཚམས་ཀྱི་ཕྱི་རོལ་ལམ་བཅུ་བཞི་དང་བཅོ་ལྔའི་ཚེ་མ་བསྐོས་ན་བསྐོས་པར་མི་ཆུད་དོ། །མདོ་སྡེ་ལ་སོགས་པ་དང་འཛིན་པ་མེད་ན་སོ་སོར་ཐར་པ་ཐོན་པའོ། །དགེ་སློང་གི་ནང་ན་སཱུ་ཏྲ་ལྟག་མའི་ལྟག་མ་ལྟར་བཤད་པ་དང་ལྡན་པ་མེད་ན་ལོ་ཉི་ཤུ་
ལོན་པ་ཕས་ཕམ་པ་མ་བྱུང་དགེ་སློང་མ་དང་མ་རེག་སྐད་མི་དོར་བ་བཞི་དང་ལྡན་ན་དགེ་སློང་ཕ་དང་དགེ་སློང་མའི་སོ་སོར་ཐར་པ་ཁ་ཏོན་དུའང་ཤེས་ཤིང་འཆང་ནུས་ན་བསྐོར་རུང་ངོ་། །དེ་ཡང་ན་ཕས་ཕམ་པ་བཤད་སཱུ་ཏྲ་ལྟག་མ་ལྟར་ནུས་པ་མེད་ན་ཡང་ལོ་ཉི་ཤུ་ལོན་པ་ཕས་ཕམ་
པ་མེད་སྐད་མི་དོར་དགེ་སློང་མ་དང་རེག་པ་མ་ཡིན་ན་དགེ་སྦྱོང་མའི་ཕས་ཕམ་པ་བརྒྱད་འཆད་ནུས་པ་ཡང་བསྐོར་རུང་ངོ་། །ཆོས་ལྕི་བ་ཡང་ངོ་། །སཱུ་ཏྲ་ལྟག་མ་ལྟར་ཕས་ཕམ་པ་འཆད་ནུས་པའང་མེད་ན་ལོ་ཉི་ཤུ་ལོན་ཞིང་ཕས་ཕམ་པ་མེད་པ་དགེ་སློང་མ་དང་མ་རེག་པ་དང་སྐད་མ་དོར་བའང་
དགེ་སློང་མའི་ལྕི་བ་བརྒྱད་འཆད་ནུས་པའང་བསྐོར་རུང་ངོ་། །ཕྱི་མའི་ནི་ཅི་སྲིང་མོ། །དགེ་སློང་མ་ལ་ཆོས་འཆད་པར་བསྐོ་བ་རྟག་ཏུ་བཤད་པ་དག་དང་ལྡན་པ་མེད་ན་སཱུ་ཏྲ་འདི་ལས་འབྱུང་བ་རྣམས་དང་ལྡན་ན་བསྐོར་རུང་ངོ་། །ཁྱེད་དགེ་སློང་མའི་དགེ་འདུན་འདུས་སམ། དགེ་སློང་མའི་དགེ་
འདུན་ཀུན་འདུས་སམ་ཞེས་ཟེར་ནུས་པ་དང་། ཀུན་གཙང་ངམ། ཁྱེད་ལ་ཕས་ཕམ་པ་དང་དགེ་འདུན་གྱི་ལྷག་མ་ལ་སོགས་པ་མེད་དམ་ཀུན་གཙང་ངམ་ཞེས་སྨྲ་ནུས་པ་དང་མཐུན་ནམ། ཁྱེད་རྣམས་ལས་བརྒྱ་རྩ་གཅིག་ལ་སོགས་པ་གཅིག་ཏུ་སྤྱོད་ཅིང་འདུའམ་ཞེས་ཟེར་ནུས་པ་དང་། ཁ་ན་མ་ཐོ་
བ་མེད་དམ་ཁྱེད་ལ་ཉེས་བྱས་ལ་སོགས་པ་ཁ་ན་མ་ཐོ་བ་མེད་དམ་ཞེས་ཟེར་ནུས་པ་དང་། ཁྱེད་ལ་ལ་ལ་དགེ་འདུན་གྱིས་མ་བསྐོས་པའི་གང་ཟག་མི་འཆད་དམ། ཁྱེད་ལ་དགེ་འདུན་གྱིས་གསོལ་བ་དང་ཞུ་བས་བསྐོས་པ་མ་ཡིན་པའི་དགེ་འདུན་ཆོས་འཆད་དུ་མི་འོང་ངམ་ཞེས་ཟེར་ནུས་པ་དང་། ཁྱེད་
དགེ་འདུན་ལས་གང་ཟག་འཆད་པ་མི་འོང་ངམ། དགེ་འདུན་གྱིས་ཆོས་འཆད་པར་མ་བསྐོས་པའི་དགེ་སློང་མི་འོང་ངམ་ཞེས་ཟེར་ནུས་པ་དང་། ཁྱེད་ལ་འཆད་པ་ནི་དགེ་སློང་སུའང་མི་སྤྲོ་སྟེ། ཁྱེད་ལ་དགེ་འདུན་གྱིས་བསྐོས་པའི་དགེ་སློང་འཆད་དུ་མི་སྤྲོ་སྟེ་མི་བཏུབ་པ་མེད་

དམ་ཞེས་འདྲི་ནུས་པ་ལའང་བྱ། ཁྱེད་ནི་མ་རབས་རིགས་དམའ་བ་ཡིན་པས་ན་ཁྱེད་ལ་ཆོས་འཆད་པ་ནི་དགེ་སློང་སུའང་འཆད་དུ་མི་སྤྲོའོ་ཞེས་ཟེར་ནུས་པ་ལའང་བྱ་སྟེ་འདི་རྣམ་གཉིས་ལྟར་སྨྲ་ནུས་པ་དང་། དགེ་འདུན་ལས་ཁྱེད་བཤད་ཅིང་བསྟན་པ་སྟེ། ཁྱེད་དགེ་འདུན་
གྱིས་ཆོས་བཤད་ཅིང་བསྟན་པ་ཡིན་ན་ཁྱེད་ལ་དགེ་འདུན་གྱི་ལས་ཆོས་འཆད་ཅིང་སྟོན་པ་མི་འོང་བའམ་ཞེས་ཟེར་ནུས་པའང་བྱ། དགེ་འདུན་གྱིས་ཁྱེད་ལ་ཆོས་བཤད་པའང་ཐོས་པར་དཀའ་སྟེ་རེས་འགའ་འཆད་པ་ཡིན་གྱིས་ཤེས་པར་སྨྲ་ནུས་པ་དང་། སྲིང་མོ་དག་བག་ཡོད་པར་སྒྲུབས་ཤིག་
ཅེས་སོ། །ཁྱེད་ཀྱིས་མཉན་པ་དང་འཆད་པ་ལ་གཟུངས་སུ་འཛིན་ཅིང་གོ་བ་དང་བཤད་པ་བཞིན་དུ་བག་ཡོད་པར་ནན་ཏན་དུ་སྒྲུབས་ཤིག་ཅེས་བསྒོ་ནུས་པ་དང་མིང་གིས་སྨོས་པའི་ཚིག་འདི་རྣམས་དང་ལྡན་ཞིང་ལོ་ཉི་ཤུ་ཚང་ལ་ཕས་ཕམ་པ་མེད་ཅིང་དགེ་སློང་མ་དང་མ་རེག་ལ་སྐད་མི་དོར་ན་བསྐོར་
རུང་ངོ་། །བླ་མའི་ཆོས་དང་ནུས་པ་མ་གཏོགས་སོ། །དགྲ་བཅོམ་པའི་ཆོས་ཐོབ་ཅིང་དྲུག་མངོན་པར་ཤེས་པ་དང་ལྡན་པ་ནི་དགེ་འདུན་གྱིས་མ་བསྐོས་པར་བཤད་ཀྱང་ཉེས་མེད་དེ་བླ་མའི་ཆོས་དང་མི་ལྡན་པས་དགེ་འདུན་གྱིས་མ་བསྐོས་པར་དགེ་སློང་མ་ལ་འཆད་ན་ལྟུང་བར་གྱུར་ཏེ་ཡན་ལག་གཅིག །
གཅིག་ཀྱང་མེད་པར་དགེ་སློང་མ་ལ་དེ་བསྐོས་པ་དང་མ་བསྐོས་ཀྱང་ངོ་། །རྟག་ཏུ་བཤད་པ་གང་དང་ཡང་མི་ལྡན་པར་དགེ་འདུན་གྱིས་བསྐོས་ཏེ་བཤད་ཀྱང་ལྟུང་། མ་བསྐོས་པར་བཤད་ཀྱང་ལྟུང་བར་འགྱུར་རོ། །སྔོན་བསྐོས་པ་ནི་མ་བསྐོས་པ་མ་ཡིན་ནོ། །བཅུ་བཞི་འམ་བཅོ་ལྔའི་གསོ་སྦྱིན་གྱི་
ཚེ་གསོལ་བ་དང་ཞུ་བའི་ལས་ཀྱིས་དགེ་སློང་མ་ལ་ཆོས་འཆད་པར་བསྐོས་པ་ནི་ཕྱིས་འཆད་པའི་ཚེའང་སྔར་དགེ་འདུན་གྱིས་བསྐོས་ཟིན་པས་ད་བསྐོ་མི་དགོས་སོ། །ཉེས་མེད་པ་ནི་དགེ་འདུན་དུ་མ་ཚང་བ་ལས་རིགས་པ་ལས་གསོལ་ནའོ། །དགེ་འདུན་དུ་མ་ཚང་བ་ཞིག་ལས་དགེ་འདུན་མས་
ཆོས་འཆད་པ་བསྐོར་ཅི་གནང་ཞེས་གསོལ་ན་དགེ་འདུན་དུ་མ་ཚང་བས་གོང་མའི་ཡོན་ཏན་རྣམས་དང་ལྡན་ནམ་བསྐོས་ཀྱང་ཉེས་མེད་དོ། །དེ་ཡང་ངོ་། །དགེ་སློང་ཕའི་དགེ་འདུན་མ་ཚང་བ་ལས་དགེ་འདུན་མས་ཆོས་བཤད་པར་ཅི་གནང་ཞེས་གསོལ་ཀྱང་ཉེས་མེད་དོ། །མ་བསྐོས་པར་

འཆད་པའོ། །དགེ་སློང་མའི་དགེ་འདུན་ལ་དགེ་སློང་གིས་མ་བསྐོས་པར་ཆོས་འཆད་པའི་ལྟུང་བ་རྫོགས་སོ།། །།ནུབ་ཀྱི་བར་དུ་འཆད་པའི་ལྟུང་བ་ལ་འཆད་དེ། འབྷིད་ཉི་མ་ནུབ་པར་ཤེས་བཞིན་དུ་འཆད་ན་ལྟུང་བའོ། །ཉི་མ་ནུབ་ནུབ་ཏུའོ། །དགེ་འདུན་གྱིས་དགེ་སློང་མ་ལ་ཆོས་འཆད་པར་
བསྐོས་པའི་དགེ་སློང་ཉི་མ་ནུབ་ཀྱི་བར་དུ་བསྒྲུབ་ནུས་པར་ཤེས་ཏེ་བཤད་ན་ལྟུང་བའོ། །ནུབ་པར་མ་ཤེས་ཏེ་བཤད་ན་ནི་ཉེས་མེད་ནུབ་བམ་མ་ནུབ་ཐེ་ཚོམ་ཟ་ཞིང་བཤད་པ་ནི་ལྟུང་བའོ། །ནུབ་མོ་ཐོག་ཐག་ཏུ་ཆོས་ཉན་ཅིང་དགེ་སློང་མ་ལ་ཆོས་འཆད་པ་ནི་མ་གཏོགས་སོ། །དགེ་སློང་མའི་གཙུག་
ལག་ཁང་དུ་དུས་ཀྱིས་མི་མང་པོ་འདུས་ཤིང་ནུབ་མོ་ཐོག་ཐག་ཏུ་ཆོས་འཆད་ཅིང་ཉན་པ་ནི་ཉི་མ་ནུབ་ཅིང་ཞག་ལོན་ཀྱང་ལྟུང་བར་མི་འགྱུར་རོ། །དེས་ཏེ་དེའི་རྣམ་པའི་ཚེ་གཙུག་ལག་ཁང་སྒོ་ཕྱེ་བའི་མདུན་ན་དབྱར་མོ་ཐང་མ་ཡིན་ནའོ། །སཱུ་ཏྲ་གོང་མ་ལྟར་ནུབ་མོ་ཐོག་ཐག་ཏུ་ཆོས་འཆད་པ་ལྟུང་བ་
མེད་པར་བཤད་པ་འང་དགེ་སློང་ཕའི་གཙུག་ལག་ཁང་དང་ཉེ་ལ་སྒོ་ཐད་ཀར་འདུག་ཅིང་མི་ཕལ་མོ་ཆེ་ཕན་ཚུན་དུ་རྒྱུ་བ་ནི་ལྟུང་བར་མི་འགྱུར་ཏེ་དེ་ལྟ་བུ་མ་ཡིན་པར་ཉི་མ་ནུབ་ནུབ་ཏུ་བཤད་པ་ནི་ལྟུང་བར་འགྱུར་རོ། །ནུབ་ཏུ་འཆད་པའོ། །ནུབ་ཀྱི་བར་དུ་འཆད་པའི་ལྟུང་བ་རྫོགས་སོ།། །།ཟས་ཀྱི་
ཕྱིར་ལྟུང་བ་ལ་འཆད་དེ། མི་འཇིགས་པའི་ཕྱིར་དགེ་སློང་ལ་ཆོས་འདྲི་ན་ཟང་ཟིང་དགེ་སློང་མས་དབུལ་བར་བྱའོ། །དགེ་སློང་མ་ཆོས་འདྲི་བ་ལ་མི་འཇིགས་ཤིང་བག་མི་ཚ་བ་དང་འདྲི་བ་སྤོབས་པར་བྱ་བའི་ཕྱིར་ཆོས་འཆད་པའི་དགེ་སློང་ལ་དགེ་སློང་མས་སྤྱན་གཟིགས་དང་ཡོ་བྱད་ཕྲན་ཚེགས་
དབུལ་ལོ། །དགེ་སློང་ནན་ཏ་ཀ་དགྲ་བཅོམ་པ་རྟག་ཏུ་དགེ་སློང་མ་ལ་ཆོས་འཆད་དེ་དགེ་སློང་མས་ཡོན་ཕྲན་ཚེགས་ཕུལ་ཡང་མི་ལེན་བཙུན་ཞིང་དགྲ་བཅོམ་པ་ཡིན་པས་དགེ་སློང་མ་ཆོས་མ་གོ་བར་སླར་འདྲི་ཡང་འཇིགས་ཤིང་མི་སྤོབས་པ་ལ་མི་འཇིགས་པར་བྱ་ཞིང་འདྲི་བ་སྤོབས་པར་བྱ་བའི་
ཕྱིར་དགེ་སློང་མས་ཀྱང་ཁ་ཟས་དང་ཡོ་བྱད་ཕྲན་ཚེགས་ཕུལ་ཅིག་ཅེས་བཅས། རྒྱ་ཅང་དང་ལན་བུ་དང་ལྕགས་པོད་དང་དྲ་བ་དག་གོ། །དགེ་སློང་མས་དགེ་སློང་ཕ་ཆོས་འཆད་པ་ལ་དབུལ་བ་ནི་མིང་གིས་སྨོས་པ་འདི་རྣམས་ལྟ་བུ་དག་དབུལ་ལོ། །དགེ་སློང་གིས་དེ་ལོངས་ཤིག །དགེ་སློང་མས་

སྤྱན་གཟིགས་དང་ཡོ་བྱད་ཕྲན་ཚེགས་དག་དབུལ་ཞིང་འོང་ན་དགེ་སློང་ཕས་ལོངས་ཤིག་ཅི་བླངས་ཀྱང་ཉེས་མེད་དོ། །དགེ་སློང་གིས་ཡང་དག་པ་མ་ཡིན་པར་ཟང་ཟིང་ཆུང་ཟད་ཀྱི་ཕྱིར་དགེ་སློང་མ་ལ་ཆོས་འཆད་དོ་ཞེས་སྨྲ་ནའོ། །དགེ་སློང་གིས་སྤྱན་གཟིགས་དང་ཡོ་བྱད་
ཕྲན་ཚེགས་དགེ་སློང་མ་ལས་བླངས་པ་ལ་སྙིང་རྗེ་བའི་ཕྱིར་ཆོས་བཤད་པ་ནི་མ་ཡིན་གྱི་ཡོ་བྱད་དང་ཁ་ཟས་ཙམ་གྱི་ཕྱིར་ཆོས་འཆད་དོ་ཞེས་སྐུར་པའི་ཕྱིར་སྨྲས་ན་ལྟུང་བའོ། །ཁ་ཟས་དང་ཡོ་བྱད་ཀྱི་ཕྱིར་ཆོས་འཆད་པ་ཡིན་ལ། དེའི་ཕྱིར་ཆོས་འཆད་དོ་ཞེས་བདེན་པར་སྨྲས་པ་ནི་ཉེས་མེད་
དོ། །ཟང་ཟིང་ཆུང་ཟད་ལ་སྨྲ་བའོ། །ཟས་ཀྱི་ཕྱིར་ཆོས་འཆད་དོ་ཞེས་སྨྲ་བའི་ལྟུང་བ་སྟེ་རྫོགས་སོ།། །།གོས་འཚེམ་པའི་ལྟུང་བ་ལ་འཆད་དེ། འབྷིད། གཉེན་མ་ཡིན་པར་ཤེས་བཞིན་དུ་བཙེམས་ན་ལྟུང་བར་འགྱུར་རོ། །གཉེན་མ་ཡིན་པའི་དགེ་སློང་མས། དགེ་སློང་མ་གཉེན་མ་ཡིན་
པར་ཤེས་བཞིན་དུ་དེའི་གོས་བཙེམས་ན་ལྟུང་བར་འགྱུར་རོ། །གཉེན་ཡིན་པ་ལ་མ་ཡིན་པར་བསམས་ནས་བཙེམས་ན་ཉེས་བྱས། གཉེན་མ་ཡིན་པ་ལ་ཐེ་ཚོམ་དུ་བཙེམས་ན་ལྟུང་བ། གཉེན་མ་ཡིན་པར་ཤེས་ཏེ་བཙེམས་ན་ཉེས་བྱས། གོས་བཙེམ་པ། གཉེན་མ་ཡིན་པའི་དགེ་སློང་
མའི་གོས་བདག་གིས་བཙེམས་ཏེ་ཟིན་པར་བྱས་ན་ལྟུང་བའོ། །གོས་བྱེད་པའོ། །གཉེན་མ་ཡིན་པའི་དགེ་སློང་མའི་གོས་བཙེམས་པའི་ལྟུང་བ་རྫོགས་སོ།། །།གོས་བྱིན་པའི་ལྟུང་བ་འཆད་དེ། འབྷིད། གཉེན་མ་ཡིན་པར་ཤེས་བཞིན་ལ་བྱ། བྱིན་པའོ། །གཉེན་མ་ཡིན་པའི་དགེ་
སློང་མར་ཤེས་བཞིན་དུ་དགེ་སློང་གིས་གོས་བྱིན་ན་ལྟུང་བའོ། །གོས་མ་ཡིན་པ་བྱིན་པ། དགེ་སློང་མའི་དགེ་འདུན་མ་ཡིན་པ་གཉེན་མ་ཡིན་པའི་དགེ་སློང་མའི་གང་ཟག་ལ་གོས་བྱིན་ན་ལྟུང་བར་འགྱུར་ཏེ་དགེ་འདུན་མ་ལ་གོས་དང་ཟས་ཕུལ་བ་ནི་ཉེས་མེད་དོ། །དེ་སྟེ་ཕྲོགས་པ་དང་།
དགེ་སློང་མ་གོས་ཕྲོགས་སམ་སྟོར་བའི་རྐྱེན་བྱུང་བ་ལ་གོས་བྱིན་པ་དང་། བཟང་པོར་བཤད་པ་དང་། དགེ་སློང་མས་ཆོས་བཟང་པོ་ལེགས་པར་བཤད་པའི་ཕྱིར་དགེ་སློང་གིས་ཡོན་ཕུལ་བ་དང་། རབ་ཏུ་རྫོགས་པར་བྱེད་པའམ། དགེ་སྦྱོང་མ་ཞིག་རབ་ཏུ་རྫོགས་པར་བྱེད་པའི་ཚེ་གོས་

མེད་པ་ལ་གོས་བྱིན་པ་དང་། བརྗེ་བ་མ་ཡིན་ནའོ། །དགེ་སློང་མ་དང་གོས་བཟང་པོ་བརྗེ་བའི་ཕྱིར་བཟང་པོ་བརྗེས་ཏེ་ངན་པ་བྱིན་པ་དང་འདི་རྣམས་མ་གཏོགས་པ་གོས་བྱིན་ན་ལྟུང་བའོ། །གོས་སྦྱིན་པའོ། །གཉེན་མ་ཡིན་པའི་དགེ་སློང་མ་ལ་གོས་སྦྱིན་པའི་ལྟུང་བ་རྫོགས་སོ།། །།གྲོགས་ཀྱི་
ལྟུང་བ་ལ་འཆད་དེ། འགྲོ་བའི་དགོས་པའི་བརྟག་པ་བྱེད་པ་དང་དགེ་ཚུལ་ཕ་དང་དགེ་ཚུལ་མ་རྣམས་སོ། །དགེ་སློང་ཕ་དང་དགེ་སློང་མ་གང་ཞིག་ཏུ་འགྲོ་བར་འགྲོགས་ཏེ་ལམ་དུ་ཞུགས་ནས་ཁ་ཟས་བསྐུར་བ་དང་བརྟག་པ་བྱ་བ་དང་བྱིན་ལེན་བྱ་བའི་ཕྱིར་དགེ་སློང་ཕས་དགེ་སྦྱོང་ཕ་དང་གཡོག་སྐྱེས་
པ་ལ་སོགས་པ་ཁྲིད་དེ་ཁ་ཟས་བསྐུར་ལ་བརྟག་པ་བྱེད་དུ་གཞུག །དགེ་སློང་མས་ཀྱང་དགེ་སྦྱོང་མ་དང་བུད་མེད་ལ་སོགས་པ་ཁྲིད་ལ་ཟས་བསྐུར་ཞིང་བརྟག་པ་ལ་སོགས་པ་བྱེད་དུ་གཞུག །དགེ་སློང་ཕ་དང་དགེ་སློང་མ་དག་ལམ་ཕན་ཚུན་རིགས་པར་རོ། །དགེ་སློང་ཕ་དང་དགེ་སློང་མ་ལམ་དུ་ཞུགས་
པ་ལས་འཇིགས་པའི་རྐྱེན་བྱུང་སྟེ་གྲོགས་ཀྱང་རུང་གཡོག་མེད་པ་གང་ཞིག་ཏུ་འདོང་ན་མི་འགྲོགས་པར་རྒྱང་གྲགས་ཙམ་གྱིས་བཅད་དེ་དགེ་སློང་ཕོའི་རྒྱགས་ནི་མོ་ལ་བསྐུར་རོ་མོའི་རྒྱགས་ནི་ཕོས་བསྐུར་རོ། །དེ་ལྟར་བརྗེས་ཏེ་ཁྱེར་ན་སྤགས་པ་བཏེག་པ་ལ་སོགས་པར་མི་འགྱུར་ཏེ་ཉེས་མེད་དོ། །
ཕན་ཚུན་དུ་བྱིན་ལེན་ཀྱང་ངོ་། །གཡོག་གམ་དགེ་སྦྱོང་མེད་ན་དགེ་སློང་ཕའི་བྱིན་ལེན་དང་དགེ་སློང་མའི་བྱིན་ལེན་གཅིག་ལ་གཅིག་བྱིན་ལེན་དུ་འགྱུར་རོ། །ནད་པ་ཚངས་པ་མཚུངས་པར་སྤྱོད་པ་ལམ་དུ་མི་དོར། དགེ་སློང་ལམ་དུ་འགྲོགས་འགྲོགས་པ་ལས་གྲོགས་ལ་ལ་ཞིག་ནད་ཀྱིས་བཏབ་
ན་སྨན་དཔྱད་དང་གྲོགས་ལ་སོགས་པ་མི་བྱ་བར་མི་དོར་རོ། །དེ་བསྐུར། གྲོགས་ལམ་དུ་ནད་ཀྱིས་བཏབ་པ་དེ་བདག་ཅག་གནས་གང་དུ་འདོང་བར་བསྐུར་རོ། །དེ་བཞིན་དུ་དགེ་སློང་མ་ཡང་ངོ་། །ལམ་དུ་ཞུགས་པ་ལས་དགེ་སློང་མ་ཞིག་ནད་ཀྱིས་བཏབ་ན་ཡང་དགེ་སློང་གྲོགས་ཀྱིས་སྨན་དཔྱད་
དང་ཞལ་ཏ་ལ་སོགས་པ་བྱ་ཞིང་བསྐུར་རོ། །དེར་ཕན་ཚུན་དུ་གྲོགས་བྱ། དགེ་སློང་མ་ཞིག་ལམ་དུ་ནད་ཀྱིས་བཏབ་སྟེ་དགེ་སློང་མ་གྲོགས་མོས་བསྐུར་ཞིང་གྲོགས་བྱས་ཀྱང་མི་ཐེག་ན་དགེ་སློང་ཕས་ཀྱང་གྲོགས་བྱ་ཞིང་བསྐུར་རོ། །དེ་བཞིན་དུ་ཕོ་ན་སྟེ་མི་ནུས་ན་དགེ་སློང་མས་ཀྱང་གྲོགས་བྱ།

མགོ་དང་མཇུག་ནས་བཟུང་། སཱུ་ཏྲ་ལྟག་མ་ལྟར་གྲོགས་བྱ་བ་དགེ་སློང་མོ་ན་ན་ཕོས་ནི་མགོ་ནས་བཏེག་གྲོགས་མོས་ནི་མཇུག་ནས་བཏེག་གོ། །དེ་བཞིན་དུ་ཕོ་ན་བའི་གྲོགས་བྱ་ནའང་མོས་ནི་མགོ་ནས་བཏེག་ཕོས་ནི་མཇུག་ནས་བཏེག་གོ། །ཉེས་མེད་པ་ནི་གྲོང་དུ་ཕྱིན་
ནས་སོང་ནའོ། །དགེ་སློང་ནད་ཀྱིས་བཏབ་པ་དེ་ལམ་དུ་གྲོང་ཞིག་ཏུ་བཞག་པ་ནི་ཉེས་མེད་དོ། །ན་བའི་སྨན་དང་ཟས་བསོགས། སཱུ་ཏྲ་ལྟག་མ་ལྟར་ནད་པ་གྲོང་དུ་བཞག་པའི་སྨན་དང་ཟས་ལ་སོགས་པ་ཡང་ཅི་དགོས་པ་བསོགས་ཏེ་བཞག །མཚུངས་པའི་གཟུགས་གཅིག་བཞག །སཱུ་ཏྲ་ལྟག་མ་ལྟར་
ནད་པ་གྲོང་དུ་བཞག་པ་དེ་ལ་ནད་གཡོག་གཅིག་ཀྱང་བཞག་སྟེ་དགེ་སློང་ཕ་ཡིན་ན་ནི་དགེ་སློང་ཕ་ལས་གཅིག་བཞག །མོ་ཡིན་ན་ནི་དགེ་སློང་མ་ལས་གཅིག་བཞག །འཇིགས་པའི་ཕྱིར་ལམ་གྲོགས་སུ་འདུས་པ་ནི་མ་གཏོགས་ཏེ་ལམ་དགོངས་ཐ་མི་དད་ན་དགེ་སློང་མ་གཅིག་ཀྱང་ལམ་དུ་ཁྱེར་
ན་འོ། །མི་རྒོད་དམ་རྐུན་པོའམ་འཇིགས་པའི་རྐྱེན་གཅིག་བྱུང་སྟེ་འཕྲལ་ལ་ལམ་དུ་འགྲོགས་ཏེ་འདུས་པ་ནི་མ་གཏོགས་ལམ་དུ་འགྲོགས་པར་སྔ་ནས་དུས་བྱས་ཏེ་དགེ་སློང་ཕ་དང་དགེ་སློང་མ་ལྷན་ཅིག་དོང་བ་ནི་ལྟུང་བའོ། །རྒྱང་གྲགས་ཤིང་སོ་སོར་རོ། །དགེ་སློང་ཕ་དང་དགེ་སློང་མ་དུས་བྱས་
ཏེ་ལམ་དུ་འགྲོགས་པ་ནི་རྒྱང་གྲགས་རེ་རེ་ཕྱིན་ཅིང་ལྟུང་བ་རེ་རེར་འགྱུར་རོ། །དེ་ཕྱེད་ཅིང་སོ་སོར་ཉེས་བྱས་སོ། །རྒྱང་གྲགས་ཕྱེད་ཅིང་ཉེས་བྱས་རེ་རེར་འགྱུར་རོ། །དགེ་སློང་མ་དང་ལམ་དུ་འགྲོགས་པའི་ལྟུང་བའོ། །དགེ་སློང་མ་དང་ལམ་དུ་འགྲོགས་པའི་ལྟུང་བ་རྫོགས་སོ།། །།གྲུའི་
ལྟུང་བ་ལ་འཆད་དེ། འགྲམ་གཉིས་ཀར་བར་ཆད་དང་བཅས་ཏེ་གྲོས་མ་བྱས་པ་མ་གཏོགས་ཏེ་ཟུང་དུ་གྲུའི་ནང་དུའོ། །དགེ་སློང་ཕ་དང་དགེ་སློང་མ་གཉིས་གྲུའི་ནང་དུ་འགྲོགས་ན་འགྲམ་ཕ་རོལ་ནའང་འཇིགས་ཚུ་རོལ་གྱི་འགྲམ་ནའང་འཇིགས་པའི་རྐྱེན་ཡོད་དེ་ཆུ་འགྲམ་དུ་འགྲོགས་ཏེ་དོང་བ་
འགྲོགས་པར་དུས་མ་བྱས་པ་ནི་མ་གཏོགས་ཏེ་འགྲོགས་པར་དུས་བྱས་ལ་འགྲམ་གཉིས་ཀ་ན་འཇིགས་པའི་རྐྱེན་མེད་བཞིན་དུ་དགེ་སློང་ཕ་དང་དགེ་སློང་མ་གཉིས་གྲུ་གཅིག་གི་ནང་དུ་ཞུགས་ཏེ་དོང་བ་ནི་ལྟུང་བའོ། །ཐད་ཀར་ཕ་རོལ་དུ་རྒལ་བ་ལས་གཞན་པའོ། །ཆུ་ལ་རབ་ཐད་ཀར་

བརྒལ་བའི་ཕྱིར་གྲུ་གཅིག་གི་ནང་དུ་འགྲོགས་པ་ནི་ཉེས་མེད། ཡོན་པོ་དང་རབ་ཁ་བཞོ་བོར་འདུག་པ་དང་། ངམ་པ་དང་ཆུ་འགྲམ་ངམ་པས་ཆོད་དེ་ངམ་པ་བསྐོར་བའི་ཕྱིར་འགྱུས་པ་དང་། སློང་སྤང་བའམ། ཆུ་ལ་ཀློང་ཡོད་པའི་ཕྱིར་སྐོར་བ་དང་། རུ་སྐྱ་དང་སྐྱ་བ་ཆག་སྟེ་གྲུ་འབྱམ་པ་དང་། གདོས་
ཆག་གམ་གདོས་ཆག་སྟེ་གྲུ་འབྱམ་པ་དང་། དངོར་འཛིན་གྱི་དབང་གིས་དེའི་ཕྱིར་ཞུགས་པ་ལས་གནས་གཞན་དུ་ནའོ། །མཉན་པ་ཁྱིམ་ལམ་ཉེ་བའི་ཕྱིར་ཐད་ཀར་སྟོང་དུ་མ་བཏུབ་པ་དང་རྐྱེན་འདི་རྣམས་མ་གཏོགས་པར་དགེ་སློང་མ་དང་ཆུ་འགྲམ་དུ་གྲུ་གཅིག་གི་ནང་དུ་འགྲོགས་ན་ལྟུང་བའོ། །
རྩིས་མགོ་ཡན་ལག་དང་བཤད་པ་གཞན་ནི་དགེ་སློང་མ་དང་ལམ་དུ་འགྲོགས་པ་ལྟག་ཏུ་བཤད་པ་དང་འདྲའོ། །དགེ་སློང་མ་དང་ལྷན་ཅིག་ཏུ་ཆུ་རྒལ་བའོ། །དགེ་སློང་མ་དང་གྲུའི་ནང་དུ་འགྲོགས་པའི་ལྟུང་བ་རྫོགས་སོ།། །།དབེན་གྱི་བུད་མེད་དང་འདུག་པ་ལ་འཆད་དེ། བུད་མེད་གཅིག་པུ་ལ་
དབེན་ཞིང་འགྲོ་བ་རྒྱུ་བར་མི་འཇུག་པའི་ཕྱོགས་གཡོགས་པ་དང་བཅས་པ་བར་འདོམ་གང་ན་དེ་དག་བྱེད་དོ། །དགེ་སློང་དང་བུད་མེད་གཉིས་པོ་འགྲོ་བའི་ལམ་ཀ་མ་ཡིན་པ་དབེན་པའི་ཕྱོགས་ར་བས་བསྐོར་བའམ། ས་པ་མོའམ་ཤིང་ཐགས་ཀྱིས་བསྐོར་བའམ་ཤིང་ཁྲོད་དམ་རྩིག་པས་ཆོད་པའམ་ས་
སྲོས་པ་རྣམས་ནི་དབེན་ཞིང་གཡོགས་པ་ཞེས་བྱ་སྟེ། འདི་རྣམས་གང་ཡང་རུང་བར་འདོམ་གང་ཚུན་ཆད་དུ་ས་ལ་འདུག་ན་ལྟུང་བར་འགྱུར་རོ། །འདུག་ནའོ། །སཱུ་ཏྲ་ལྟག་མ་ལྟར་ལྟུང་བར་འགྱུར་བ་ནི་དགེ་སློང་ཕ་དང་བུད་མེད་གཉིས་ཀ་འདུག་པ་ལས་ལྟུང་བར་འགྱུར། འདུག་པ་བཞག་
མ་ཐག་ཏུ་དེའོ། །འདུག་པ་ལས་ལྟུང་བ་ནི་རྐུབ་ས་ལ་འདུག་མ་ཐག་ཏུ་ལྟུང་བར་གྱུར་ཏོ། །གཅིག་པུ་འདུག་པའོ། །དགེ་སློང་ཕ་དང་བུད་མེད་གཉིས་འདུག་པ་ལས་ལྟུང་བར་འགྱུར་བ་རྫོགས་སོ།། །།བུད་མེད་དང་འགྲེང་ན་ལྟུང་བར་འགྱུར་བ་ལ་འཆད་དེ། དགེ་སློང་མའོ། །དགེ་སློང་ཕ་
དང་དགེ་སློང་མ་གཉིས་ས་དབེན་པར་གཉིས་སུ་འགྲེང་ན་ལྟུང་བར་འགྱུར་ཏེ། ཡན་ལག་དང་བཤད་པ་རྟག་ཏུ་བུད་མེད་དང་འདུག་པའི་ལྟུང་བ་དང་འདྲའོ། །འགྲེང་བའོ། །དགེ་སློང་མ་དང་ས་དབེན་པར་འགྲེང་བ་ལས་ལྟུང་བར་འགྱུར་ཏེ་འགྲེང་མ་ཐག་ཏུ་ལྟུང་ངོ་། །གཅིག་པུ་འགྲེང་པའོ། །

དགེ་སློང་མ་དང་ས་དབེན་པར་འགྲེང་བའི་ལྟུང་བ་རྫོགས་སོ།། །།བཤམས་པའི་ལྟུང་བ་ལ་འཆད་དོ། འབྷྲིད། སྔར་ཁྱིམ་བདག་གིས་མ་བོས་ལ་དགེ་སློང་མས་བཤམས་པར་ཤེས་བཞིན་དུ་ཟོས་པ་ལས་ལྟུང་ཏེ་ཡན་ལག་གཅིག །དགེ་སློང་མས་བཤམས་པའོ། །
ཁྱིམ་པ་ཞིག་ལ་དགེ་སློང་མས་དགེ་སློང་འདི་ཡོན་ཏན་དང་ལྡན་པ་ཡིན་ཏེ་ཟས་བྱིན་པའི་རིགས་སོ་ཞེས་བཤམས་ཏེ་སྔར་ཁྱིམ་བདག་གིས་སྤྱན་དྲང་བར་མ་བསྒོ་བར་ཟོས་པ་ལས་ལྟུང་སྟེ་ཡན་ལག་གཅིག །མི་བདེན་པའི་ཡོན་ཏན་གྱིས་སོ། །དགེ་སློང་ཡོན་ཏན་དང་ལྡན་པ་ཞིག་ལ་བཤོས་
གསོལ་ཅིག་ཅེས་བྱས་པ་ནི་མི་ལྟུང་གིས་ཡོན་ཏན་མེད་པ་ལས་ཡོན་ཏན་དང་ལྡན་པ་ཡིན་ནོ་ཞེས་བརྫུན་དུ་བསྟོད་པ་ལས་ལྟུང་སྟེ་ཡན་ལག་གཅིག །སྤྱན་དྲངས་པ་མ་བྱས་པའོ། །སྔར་ཁྱིམ་བདག་གིས་སྤྱན་དྲངས་ཤིང་མ་བསྒོ་བར་དགེ་སློང་མས་བཤམས་པའི་ངོར་ཁྱིམ་བདག་གི་ཁྱིམ་དུ་
ཟན་ཟོས་པ་ལས་ལྟུང་སྟེ་ཡན་ལག་གཅིག །བྱས་ཀྱང་ལྷག་པར་རོ། །ཁྱིམ་བདག་གིས་སྔར་སྤྱན་དྲངས་སུ་ཟིན་ཡང་འཕྲལ་ལ་དགེ་སློང་མས་བཤམས་ཏེ་ཡོན་ཏན་དང་ལྡན་པ་འདི་ལ་ཤ་ཁ་ར་ལ་སོགས་པ་ལྷག་པར་གསོལ་ཅིག་ཅེས་བྱ་སྟེ་ཟོས་ན་ལྟུང་སྟེ་ཡན་ལག་གཅིག །བཟའ་
བའོ། །དགེ་སློང་མས་བཤམས་པའང་གོས་ལ་སོགས་པ་ནི་མ་ཡིན་གྱི་ཟས་བཤམས་པ་ལས་ལྟུང་སྟེ་ཡན་ལག་གཅིག །ནན་ཏན་དང་གྲུབ་པས་སོ། །མི་བདེན་པའི་ཡོན་ཏན་ནི་དགྲ་བཅོམ་པའི་རིམ་པ་བརྒྱད་མེད་པར་བརྒྱད་པོའི་ནང་ནས་གང་རུང་བས་བསྟོད་ན་ལྟུང་བར་འགྱུར་རོ། །
དེ་ཐོས་པས་ཀྱང་ངོ་། །སྡེ་སྣོད་གསུམ་ལ་སོགས་པ་དང་མང་དུ་ཐོས་པ་ཡིན་ནོ་ཞེས་བརྫུན་དུ་བསྟོད་ནའང་ལྟུང་བར་འགྱུར་རོ། །ཟོས་ནའོ། །དགེ་སློང་མས་བཤམས་པའི་ཟས་ཟོས་པ་ལས་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །དེ་ནི་མགྲིན་པར་ནའོ། །ཟོས་པའི་ཚད་ནི་ཁ་ནས་སླར་བྱུང་
བའམ་ལུས་དང་རྣ་བ་ལ་སོགས་པ་བསྐུས་ཤིང་བླུགས་པ་ལ་མི་བྱའི་ཟས་མགྲིན་པར་སོང་ནས་ལྟུང་བར་འགྱུར། གཞན་གྱི་ཕྱིར་བ་ལས་ན་འབྲི་བར་བྱེད་དོ། །དགེ་སློང་མས་བཤམས་པའི་ཟས་ཤེས་བཞིན་དུ་བདག་གིས་བླངས་ཏེ་གཞན་ལ་བྱིན་ན་ཉེས་བྱས་སོ། །བྱིན་ཅིག་ཅེས་སྨྲས་ནས་

ཟས་ཀྱི་ཕྱིར་ཞུགས་ནའོ། །དགེ་སློང་ཕ་གྲོང་ན་སློང་མོ་བྱེད་པ་ལ་དགེ་སློང་མས་འཕྲལ་ལ་ཁྱིམ་པ་བསྐོས་ཏེ་ཡོན་ཏན་དང་ལྡན་པ་འདི་ལ་གསོལ་ཅིག་ཅེས་བྱས་པ་དེ་བླངས་ན་ཉེས་བྱས། སྤྱོད་པ་བཤམས་པའོ། །དགེ་སློང་མས་བཤམས་པའི་ཟས་ཟོས་པའི་ལྟུང་བ་སྟེ་རྫོགས་སོ། །དགུ་བཅུའི་
ལྟུང་བའི་བཅུ་ཕུང་གཅིག་རྫོགས་སོ།། །།ཡང་ཡང་གི་ལྟུང་བ་ལ་འཆད་དེ། ཟས་ལ་སྤྱན་དྲངས་པ་ལས་གྲོང་བར་དུའང་བདག་གིར་གྱིས་ཤིག །ཁྱིམ་པ་ལ་སོགས་པས་གྲོང་དུ་མཆོད་སྟོན་ལ་སྤྱན་དྲངས་ན་འགྲོ་ཞིང་ཟར་དབང་སྟེ་ཉེས་པར་མི་འགྱུར་རོ། །མ་སོང་ནའང་ཉེས་མེད་དོ། །
དུས་ཤེས་པར་བྱས་ལ་འཇུག་སྟེ་དུས་སྔར་ནི་མ་ཡིན། སཱུ་ཏྲ་ལྟག་མ་ལྟར་གྲོང་བར་དུ་སྤྱན་དྲངས་ན་གདུགས་ཚོད་ཀྱི་ཁར་འདོང་བའི་དུས་རན་པར་བྱ་བའི་དུས་ལས་སྔར་བདག་ཅག་མི་འདོང་ངོ་། །གཎྜཱི་བརྡུངས་ཏེའོ། །གདུགས་ཚོད་ཀྱི་ཁར་མཆོད་སྟོན་ལ་འདོང་བ་ཡང་སྔ་ཕྱིར་མི་འདོང་བའི་
གཎྜཱི་བརྡུངས་ཏེ་བསྡུས་ལ་ཅིག་ཅར་འདུས་ཏེ་ལྷན་ཅིག་འདོང་ངོ་། །བདག་གི་འཁོར་དེར་བྱུལ། གྲོང་བར་དུ་དགེ་འདུན་མཆོད་སྟོན་ལ་འདོང་བ་ལས་མཁན་པོ་དང་སློབ་དཔོན་དང་གནས་བརྟན་དང་མི་མཐུན་པའི་སྡེ་རྣམས་སོ་སོར་འཁོར་ཚུལ་དང་ལྡན་ནམ་མི་ལྡན་པ་བལྟ་ཞིང་བྱུལ་ལ་མི་
མཛེས་པ་ཡོད་ན་མཛེས་པར་བཅོལ། འོངས་པ་ནི་གནས་བརྟན་གྱིས་སོ། །གུད་ནས་གསར་དུ་དགེ་སློང་འོངས་པ་དག་ཅིག་ཡོད་ནའང་གནས་བརྟན་གྱིས་ཡོན་བདག་ལ་ཟན་སྦྱོར་དུ་གཞུག་པའི་ཞལ་ཏ་དང་བདག་གི་འཁོར་གྱི་སློབ་མ་དང་འདྲ་བར་རིམ་གྲོ་དང་ཞལ་ཏ་བྱའོ། །གཏོལ་མེད་པར་
ཟན་གཅད་པར་མི་བྱ། སྨན་དཔྱད་བྱ་བའི་ཕྱིར་ཟན་བཅད་པ་མ་གཏོགས་ཏེ་གདེང་མེད་པ་དང་ཕན་མེད་པར་ཟན་མི་བཅད་བཅད་ན་ཉེས་བྱས། སྐོམ་གྱི་ཕྱིར་གསོལ་ན་འདུག་ཤིག །གྲོང་བར་དུ་མཆོད་སྟོན་ལ་སྤྱན་དྲངས་པ་ལས་ཟན་ཟོས་ཟིན་ན་དོན་མེད་པར་རིང་དུ་མི་འཁོད་དེ་སྦྱིན་བདག་ན་རེ་
ཕྱི་ཕྲེད་རྒུན་ཆབ་ལ་སོགས་པ་གསོལ་ཏེ་གཤེགས་ཞེས་ཟེར་བ་ལས་བསྡད་པ་དང་བཏུང་བ་ལ་ཉེས་མེད། མཉམ་དུ་འམ་ཕྱི་ནས་གོས་ཀྱི་རྙེད་པ་དང་མི་ལྡན་པར་གཉིས་པོའི་སྤྱན་འདྲེན་པ་ཐོབ་ནའོ། །ཡོན་བདག་གཉིས་ཤིག་གིས་མཆོད་སྟོན་ལ་སོ་སོར་ལྷན་ཅིག་ཏུ་སྤྱན་དྲངས་ན་གཉིས་

ཀ་ལ་འོང་ངོ་ཞེས་ཁས་བླངས་ན་ཉེས་བྱས། ཉིན་གཅིག་ལ་ལྔ་ཕྱིར་སྤྱན་དྲངས་པ་ལས་གཉིས་ཀ་ལ་ཁས་བླངས་ན་ཉེས་བྱས། སྤྱན་འདྲེན་པ་དེ་གཉིས་ཀ་ན་རེ་གོས་ཤིག་ཡོན་དུ་དབུལ་ལོ་ཞེས་ཟེར་བ་ལས་གཉིས་ཀ་ལ་ཁས་བླངས་ན་ཟོས་ན་ཉེས་པ་མེད། སྤྱན་འདྲེན་པ་སྔ་
མ་ལ་གོས་ཡོད་ལ་སྤྱན་འདྲེན་པ་ཕྱི་མ་ལ་གོས་མེད་པར་ཕྱི་མའི་ཟན་ཟོས་པ་ནི་ལྟུང་བའོ། །སྤྱན་འདྲེན་པ་སྔ་མ་ལ་གོས་མེད་ལ་ཕྱི་མ་ལ་གོས་ཡོད་དེ་ཁས་བླངས་ནས་ཟོས་པ་ནི་ཉེས་མེད་དོ། །བཟའ་བས་སོ། །ཡང་ཡང་བཅའ་བས་ནི་བཟའ་བ་ལས་ལྟུང་བར་མི་འགྱུར་རོ། །བཅའ་བ་ནི་རྩ་
བ་དང་སྡོང་པོ་དང་ཚིགས་པ་དང་མེ་ཏོག་དང་འབྲས་བུ་ལྔའི་ནང་དུ་གཏོགས་པའོ། །བཅའ་བ་འདི་རྣམས་ལས་ལན་གཉིས་ཟོས་ཀྱང་ལྟུང་བ་མེད་དོ། །ལྔའི་ནང་དུ་གཏོགས་པའོ། །བཟའ་བ་ནི་རྣམ་པ་ལྔ་སྟེ་འབྲས་དང་ཁུར་བ་དང་སྲན་མ་དང་ཕྱེ་དང་ཤ་དང་འདི་རྣམས་ལྔའི་ནང་དུ་གཏོགས་
པ་ལས་ལན་གཉིས་སུ་ཟོས་ན་ལྟུང་བར་འགྱུར་རོ། །བཟའ་བ་ལན་གཅིག་བཅའ་བ་ལན་གཅིག་སྔ་ཕྱིར་ལན་གཉིས་ཟོས་ཀྱང་ལྟུང་བར་མི་འགྱུར་རོ། །དེ་སྟེ་གཞན་དུའང་འདི་ནའོ། །བཟའ་བ་རྣམ་ལྔ་ལས་སྔར་ལན་གཅིག་ཟོས་ཟིན་ལ་ཕྱིས་གཞན་ཞིག་གིས་སྤྱན་དྲངས་ཏེ་བཟའ་བ་རྣམ་ལྔ་
ལས་ཟོས་ན་ལྟུང་། ཡོན་བདག་གིས་བཅའ་བ་སྦྱིན་པའི་ཕྱིར་སྤྱན་དྲངས་ལ་བཅའ་བའང་ཟོས་བཟའ་བའང་ཟོས་ན་ཉེས་བྱས་སོ། །བཟའ་བ་ལ་སྤྱན་དྲངས་ཏེ་བཟའ་བ་དང་བཅའ་བ་གཉིས་སྔ་ཕྱིར་ཟོས་པ་ཉེས་མེད་དོ་བར་འགྱུར། མི་ན་ལས་མ་བྱས་ལམ་དུ་མ་ཞུགས་པའོ། །ན་བ་དང་
ལས་བྱས་པ་དང་ལམ་དུ་ཞུགས་པའི་རྐྱེན་མེད་པར་ཟན་ལན་གཉིས་ཟོས་ན་ལྟུང་བར་འགྱུར་རོ། །འདི་རྣམས་ཀྱི་རྐྱེན་བྱུང་སྟེ་ཟོས་པ་ནི་ལྟུང་བ་མེད་དོ། །དགོངས་པས་ནི་ཉེས་བྱས་པའོ། །སྔར་ཟན་ཟོས་ཟིན་པའི་འོག་ཏུ་སྤྱན་འདྲེན་པ་ཅིག་འོངས་པ་དང་མ་ཟོས་པའི་མདུན་དུ་སྔར་སྤྱན་དྲངས་པ་གཅིག་
ལ་ཁས་བླངས་པ་ལས་ཕྱིས་གོས་མེད་པ་ལས་འགྲོ་བར་བསམས་ཤིང་ཁས་བླངས་ན་དེའི་ཚེ་ཉེས་བྱས་ཟོས་ན་ལྟུང་བའོ། །སཱུ་ཏྲ་ལྟག་མ་ལྟར་སྤྱན་དྲངས་ལས་རྣམ་གཉིས་སུ་ཟོས་ན་ལྟུང་བའོ། །གོས་དེ་ཁྲུ་གང་ཁོར་ཡུག་གི་མཐར་གྱུར་ནའོ། །གོས་དང་བཅས་ཏེ་ཟོས་ན་ལན་གཉིས་སུ་

ཟོས་ཀྱང་མི་ལྟུང་ངོ་ཞེས་བཤད་པའི་གོས་ཀྱི་ཚད་ནི་ཁྲུ་གང་འཁོར་བ་ཡན་ཆད་ཅིག་སྦྱིན་པའི་ཕྱིར་ཟན་ལན་གཉིས་ཟོས་པ་ནི་ལྟུང་བར་མི་འགྱུར་དེ་ལས་ཆུང་བ་ནི་ལྟུང་བར་འགྱུར་རོ། །ལམ་ནི་དཔག་ཚད་ཕྱེད་དོ། །ལམ་དུ་ཞུགས་ན་ལན་གཉིས་སུ་ཟོས་ཀྱང་ལྟུང་བར་མི་འགྱུར་བ་ནི་དཔག་
ཚད་ཕྱེད་དེ་རྒྱང་གྲགས་བཞིར་འགྲོ་བའམ་ཕྱིན་ན་ཟར་དབང་ངོ་། །གཞན་དུ་ཡང་ངོ་། །སོ་སོར་ཟ་བའི་ལམ་ལ་སོགས་པ་དུས་ཀྱང་དཔག་ཚད་ཕྱེད་དུ་འགྲོ་ན་སོ་སོར་བཟར་དབང་སྟེ་དུས་སུ་ཆུད་དེ། འདི་ལམ་གྲུར་འགྲོ་བ་ཡང་ངོ་། །ལམ་དཔག་ཚད་ཕྱེད་དུ་འགྲོ་བ་དུས་སུ་ཆུད་པ་ནི། རྐང་
པས་འགྲོ་བ་དང་། གྲུར་ཞུགས་པ་གཉིས་ནི་བཟར་དབང་གི་རྟ་དང་ཤིང་རྟ་ལ་སོགས་པ་ལ་ཞོན་པ་ནི་དཔག་ཚད་ཕྱེད་དུ་ཕྱིན་ཀྱང་དུས་སུ་མི་ཆུད་དེ་བཟར་མི་དབང་ངོ་། །ཕྱག་དར་རེ་ལྡེ་ཙམ་མམ་བྱུག་པ་བ་ཀོ་ཙམ་ནི་ལས་སོ། །ལས་བྱས་ན་ཡང་ཡང་དབང་བ་ནི་རེ་ལྡེ་ཙམ་གྱི་ས་ཕྱགས་པ་དང་མཎྜལ་བའི་
ཀོ་བ་ཙམ་མམ་བ་ཉལ་བ་ཙམ་གྱི་ས་ཕྱགས་པ་ནི་དུས་སུ་ཆུད་དེ་ཟར་དབང་ངོ་། །ཕྱག་དར་བྱ་བ་ནི་ཆག་ཆག་སྔར་བཏབ་ལ་ཕྱག་གོ། །མཎྜལ་ནི་བ་ལང་གི་ལྕི་བའམ་འཇིམ་པ་འཇམ་པོས་བྱའོ། །དེ་མཆོད་རྟེན་ནམ་དགེ་འདུན་གྱི་ལའོ། །སཱུ་ཏྲ་ལྟག་མ་ལྟར་ས་ཕྱགས་པ་དང་མཎྜལ་བྱ་བ་ནི་དགེ་
འདུན་གནས་འདུས་པའི་གཙུག་ལག་ཁང་ངམ་སངས་རྒྱས་བཞུགས་པའི་མཆོད་རྟེན་དྲི་གཙང་ཁང་དུ་བྱའོ། །གཞན་དུ་བྱས་པའི་ས་ནི་ལས་སུ་མི་ཆུད་དོ། །ན་བའི་ཚད་མི་ཕོད་ནའོ། །ན་ན་ཡང་ཡང་ཟར་དབང་བའི་ཚད་ནི་ན་སྟེ་ལས་བྱེད་མི་ཕོད་པར་ན་ན་ཡང་ཡང་ཟར་དབང་ངོ་། །ནར་མ་ནི་སྤྱན་
དྲངས་པ་ནི་མ་ཡིན་ནོ། །ཡོན་བདག་གིས་ལོ་དྲུག་གམ་ཚེ་གཅིག་ཏུ་ཟན་སྦྱར་བ་ནི་སྤྱན་དྲངས་པ་ཞེས་མི་བྱ་སྟེ་གཞན་ཞིག་གིས་གུད་དུ་སྤྱན་དྲངས་ཏེ་ཁས་བླངས་པ་ནི་ཉེས་མེད་དོ། །ཡོན་བདག་གིས་ཞལ་ཚུས་དང་གྲོ་གཉིས་ཀར་ནར་མར་སྦྱར་ཏེ་ཟ་ནའང་ལས་བྱ་དགོས་སོ། །མཐོང་བ་ཙམ་ཡང་
ངོ་། །གྲོགས་ཤིག་གཡར་སུས་ཟ་ཞིང་འདུག་པ་ལ་བདག་ཟས་ཟོས་ཟིན་ཏེ་སོང་བ་མཐོང་ནས་བདར་ཏེ་ཟོ་ཞེས་ཟེར་ཏེ་ཟོས་ནའང་རུང་བདག་ཟན་ཟོས་ཟིན་པ་ལས་དགེ་སློང་མ་ལ་སོགས་པའི་གནས་སུ་འོངས་ཏེ་གཡར་སུས་སམ་བཅའ་བ་མི་བཟར་མི་རུང་ཞེས་ཟེར་ཏེ་ཟོས་ནའང་ཉེས་མེད་དོ། །མེད་པར་

བསླུ་བ་བྱས་ན་ཡང་ངོ་། །སྔར་རྩེད་མོའང་བརྫུན་དུ་ཟན་ལ་སྤྱན་དྲངས་པ་ལས་ཟན་མེད་པར་གྱུར་ཏེ་ཕྱིས་གཞན་ཞིག་གིས་བོས་ཏེ་ཟོས་ནའང་ཉེས་མེད་དོ། །དེའི་ཕྱིར་དགེ་འདུན་ཡང་ངོ་། །དགེ་སློང་གཅིག་ཅིག་དགོས་ཤིང་། གཅེས་པའི་ཕྱིར་དགེ་འདུན་དུ་
ལངས་པར་སྤྱན་དྲངས་ན་དགེ་སློང་མིང་གིས་དགོས་པ་དེ་དག་གི་གནས་སུའང་གཡར་སུས་ཟོས་ལ་སྤྱན་དྲངས་པར་ཡང་ཟན་ཟོས་ན་ལྟུང་བའོ། །གཞན་ནི་བདག་གིས་གཡར་སུས་དང་ཉི་རིམ་དུ་ཟོས་ཀྱང་ཉེས་མེད་དེ་གཡམ་ལ་སོང་སོང་བ་ལས་གཞན་དུ་སྤྱན་དྲངས་ན་དེར་སོང་ཡང་ཉེས་
མེད་དོ། །འདི་གཞན་ལྔ་པོ་ལ་བྱིན་ཅིག །ཁ་དུ་མ་ཞིག་ཏུ་སྤྱན་དྲངས་ན་ཀུན་དུ་འགྲོ་ཞིང་བཟར་མི་དབང་བའི་ཕྱིར་དགེ་སློང་ཕ་དང་དགེ་སློང་མ་དང་དགེ་སྦྱོང་ཕོ་མོ་དང་དགེ་སློབ་མ་གག་ཀྱང་རུང་བདག་གི་སྐྱིན་པར་བཏང་བ་ནི་ཉེས་མེད་དོ། །དེ་ནི་ཆོས་སོ། །སཱུ་ཏྲ་ལྟག་མ་ལྟར་སྐྱིན་པར་བཏང་བ་
ཡང་ཉེས་མེད་པ་ནི་རབ་ཏུ་རིགས་པའི་ཆོས་ཡིན་པས་ཉེས་མེད་དོ། །གཞན་ཡང་ལོངས་ཤིག །བདག་ཟན་ནར་མར་ཡོན་བདག་གིས་ཟན་སྦྱར་བཞིན་དུ་གཞན་ཞིག་གིས་ཟན་བསྐྱལ་ཏེ་བྱིན་ནམ་རྒྱུ་བསྐྱལ་ཏེ་བྱིན་ན་དགེ་སློང་དང་དགེ་འདུན་ལ་སྦྱིན་པའི་ཕྱིར་བླངས་ཀྱང་ཉེས་མེད་དོ་ཞེས་བི་ཛ་
ཡ་བར་མས་བཤད། སཱུ་ཏྲ་ལྟག་མ་ལྟར་སྐྱིན་པར་བཏང་བའི་དགེ་སློང་རྣམ་ལྔས་ཟན་བླངས་ཤིང་ཟོས་ཀྱང་ཉེས་མེད་དོ་ཞེས་བི་ཤུདྷས་བཤད། མུ་གེའི་ཚེ་ན་ཅི་ཙམ་སྤྱན་འདྲེན་པ་འགྲུབ་པར་བདག་གིར་བྱའོ། །ལོ་ཉེས་པ་དང་མུ་གེ་བྱུང་བའི་ཚེ་ནི་ཁ་དུ་མར་སྤྱན་དྲངས་ཤིང་ཟན་བྱིན་
པའི་ཁས་བླངས་ཤིང་འགྲོའོ། །ཟོས་པ་ཡང་ངོ་། །སཱུ་ཏྲ་ལྟག་མ་ལྟར་ཁ་དུ་མར་སྤྱན་དྲངས་ཤིང་སོང་བ་དེར་ཟན་ལན་དུ་མར་ཟོས་ཀྱང་ཉེས་མེད་དོ། །སྦྱིན་པ་ཡང་ངོ་། །མུ་གེའི་ཚེ་ཁ་མང་པ་ཞིག་ཏུ་སྤྱན་དྲངས་ཏེ་བདག་གིས་མི་ཁྱབ་ན་དགེ་སློང་རྣམ་ལྔ་ལས་ཁ་དུ་མར་སྤྱན་དྲངས་ཤིང་སྐྱིན་
པར་བཀྱེ་བ་དང་བདག་ལ་རྒྱུ་ལྷག་པ་བྱིན་པ་ནི་ཉེས་མེད་དོ། །འབུལ་བ་མི་དད་པར་གྱུར་ན་ཁམ་གཉིས་གསུམ་ཡན་ཆད་ཟོས་ལ་ཁྱིམ་བདག་དགེ་སློང་འདི་ཟས་ཀྱིས་ཕོངས་ཀྱི་རྗེས་སུ་ཡི་རངས་ཤིག་འདི་ལ་སྦྱིན་ནོ་ཞེས་དད་པ་སྐྱེད་ཅིག །མུ་གེའི་ཚེ་ཁ་དུ་མར་སྤྱན་དྲངས་ལ་བདག་གི་ལྟོར་མི་ཤོང་

མི་ཁྱབ་སྟེ་གྲོགས་རྣམ་ལྔར་སྐྱིན་པར་ཟར་བཅུག་པ་ལ་སྦྱིན་བདག་མི་དགའ་བར་གྱུར་ན་བདག་གིས་ཁམ་གཉིས་སམ་གསུམ་ཟོས་ལ་དགེ་སློང་འདི་ཟས་ཀྱིས་ཕོངས་པ་ཡིན་ཏེ་འདི་ལ་ཟས་སྦྱིན་པ་ནི་བསོད་ནམས་ཆེ་སྟེ་ཡོན་ཏན་དུ་འགྱུར་གྱིས་མི་དགའ་བར་མ་བྱེད་པར་རྗེས་སུ་ཡི་རངས་
པར་བྱོས་ཤིག་ཅེས་བཤད་ལ་སྦྱིན་བདག་དགའ་བར་བྱ་སྟེ་བདག་གི་སྐྱིན་པར་དགེ་སློང་གཞན་ཟས་ཟར་བཅུག་ལ་བདག་གུད་དུ་འགྲོའོ། །ཡང་ཡང་ཟ་བའོ། །ཡང་ཡང་ཟ་བའི་ལྟུང་བ་རྫོགས་སོ།། །།འབའ་ཞིག་གི་ལྟུང་བ་ལ་འཆད་དེ། འདི་ཆོས་པའི་མ་ཡིན་པ། སངས་
རྒྱས་ཀྱི་ཆོས་མ་ཡིན་པ་མུར་འདུག་གི་ཆོས་བྱེད་པ་འཁོད་པ་ལས་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །ཁྱིམ་པའི་བདག་པོ་དང་བཅས་པ། གནས་ཀྱི་སྦྱིན་བདག་ཁྱིམ་པ་ཡིན་ལ་སྦྱིན་བདག་དང་བཅས་པར་འདུག་པ་ལས་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །མུར་འདུག་
ཐམས་ཅད་ཀྱི་མ་ཡིན་པའི་གནས་སུའོ། །མུར་འདུག་ཐམས་ཅད་ལམ་བསྡོམས་ཀྱི་མུར་འདུག་སྟེ་གཅིག་ལ་བསྔོས་པ་ལས་ལྟུང་བར་འགྱུར། མི་ནའམ། དགེ་སློང་ན་བའི་རྐྱེན་མ་བྱུང་བར་འདུག་པ་ལས་ལྟུང་ཏེ་ཡན་ལག་གཅིག །སྦྱིན་བདག་གིས་སྤྱན་དྲངས་ནའོ། །མུར་
འདུག་གི་གནས་དེར་སྦྱིན་བདག་གིས་སྤྱན་དྲངས་པ་ནི་ལྟུང་བར་མི་འགྱུར་གྱི་སྤྱན་མ་དྲངས་པར་སོང་སྟེ་འདུག་པ་ལས་ལྟུང་སྟེ་ཡན་ལག་གཅིག །ཟོས་ནས་དེར་ཟོས་ན་རྩ་བའོ། །མུར་འདུག་གི་གནས་སུ་ཟན་ལན་གཅིག་ཟོས་པས་ནི་ལྟུང་བར་མི་འགྱུར་གྱི་ཟན་ལན་གཉིས་ཟོས་
ན་ལྟུང་བར་འགྱུར་ཏེ། ཡན་ལག་འདི་དྲུག་དང་ལྡན་ན་ལྟུང་བའོ། །གནས་ནས་ཡང་གནས་ན་ཡང་ཉེས་བྱས་པའོ། །མུར་འདུག་གི་གནས་སུ་ཟན་མ་ཟོས་པར་ཡང་ཞག་གཅིག་འདུག་པ་ནི་ཉེས་མེད་དེ་ཟན་མ་ཟོས་པར་ཞག་གཉིས་འདུག་པ་ནི་ཉེས་བྱས་པའོ། །དེ་ལས་འདས་ན་
ཞག་རེ་ཉེས་བྱས། བདག་པོ་མེད་ན་ཡང་ངོ་། །མུར་འདུག་གི་གནས་དེའི་སྦྱིན་བདག་ཁྱིམ་པ་མེད་པ་ཞིག་ཏུ་ཟན་ལན་གཉིས་ཟོས་པ་ནི་ཉེས་བྱས་ལྕི་བ། ཟན་མ་ཟོས་ན་ཞག་གཉིས་ལོན་པ་ནི་ཉེས་བྱས་ཡང་བའོ། །འདི་རབ་ཏུ་བྱུང་བས་མུར་འདུག་བཞིན་ནོ། །དགེ་སློང་ཞིག་

གིས་ཡོན་བདག་བྱས་ཏེ་མུར་འདུག་གི་ཕྱིར་གནས་བྱས་པའི་སར་ཟན་ལན་གཉིས་ཟོས་ནའང་ཉེས་བྱས་ཟན་མ་ཟོས་པར་ཞག་གཉིས་ལོན་ནའང་ཉེས་བྱས་ཡང་བའོ། །གཉེན་གྱི་ཡང་ངོ་། །གཉེན་ཁྱིམ་པ་ཞིག་གིས་མུར་འདུག་གི་གནས་བྱས་པའི་སར་གནས་
ནའང་སཱུ་ཏྲ་ལྟག་མ་དང་འདྲ་བར་ཉེས་བྱས་སོ། །འབའ་ཞིག་པའི་སྤྱོད་པའོ། །འབའ་ཞིག་པའི་ལྟུང་བ་རྫོགས་སོ།། །།སྦྲུས་པའི་ལྟུང་བ་ལ་འཆད་དེ། སྤྱན་དྲངས་པའོ། །དགེ་སློང་བསོད་སྙོམས་ལ་སོང་སོང་བ་ལས་ཡོན་བདག་དད་པས་ཁ་ཟས་ཅི་བཞེད་པ་བཞེས་ཤིག་ཅེས་
དུས་ཀྱིས་མ་བདར་བ་ལས་ལྟུང་སྟེ་ཡན་ལག་གཅིག་མ་བཅད། དུས་ཀྱིས་ནི་བདར་གྱི་འདི་ཙམ་ཞིག་ཁྱེར་ཅིག་ཅེས་ཐང་མ་བཅད་པ་ལས་བླངས་ན་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །ཅི་བདེ་ཞེས་མ་བྱས་པ། དུས་ཀྱིས་ནི་བདར་ན་ཅི་འདོད་པ་ཁྱེར་ཅིག་ཅེས་མ་བྱས་པ་ལས་ལྟུང་སྟེ་
སཱུ་ཏྲ་ལྟག་མ་དང་གཉིས་ལ་ཡན་ལག་གཅིག་ཏུ་བརྩིའོ། །ཁྱིམ་བདག་གིའོ། །དུས་ཀྱིས་བདར་བ་དེ་ཁྱིམ་བདག་ཀྱང་ཡིན་པ་ལས་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །འབྲས་བཙོས་པ་ཡུལ་དབུས་སུ་གྱུར་འཆད་ཀྱི་སྲ་སྟ་ཕྱེད་དང་ལྔའི་ཚད་ཀྱི་སྲས་སྟ་ཚོད་མ་དང་སྔོར་དུ་བཅས་
གྲོགས་པོ་དང་ལྷན་ཅིག་པ་ནི་སྐལ་བའི་བསོད་སྙོམས་སོ། །ཁྱིམ་བདག་གིས་ཟས་ཁྱེར་ཅིག་ཅེས་དུས་ཀྱིས་བསྟབས་ན་འབྲས་བཙོས་པ་ཚོད་མ་དང་སྔོར་མ་གཏོགས་པར་སྲ་སྟ་ཕྱེད་དང་ལྔ་གྲོགས་གཞན་ལ་ཡང་སྦྱིན་ཞིང་ལྷན་ཅིག་བཟའ་བའི་ཕྱིར་བླངས་ཀྱང་ཉེས་པ་མེད་དོ། །སྲ་སྟ་ཕྱེད་
དང་ལྔ་ལས་ལྷག་པར་བླངས་ན་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །སྲ་སྟ་ཕྱེད་དང་ལྔ་ལས་སྲ་སྟ་དོ་ལ་ནི་ལྷུང་བཟེད་ཆེན་པོ་གང་སྲ་སྟ་ཕྱེད་དང་དོ་ལ་ལྷུང་བཟེད་འབྲིང་པོ་གང་། སྲ་སྟ་གང་ལ་ལྷུང་བཟེད་ཆུང་ངུ་གང་སྟེ་ལྷུང་བཟེད་ཆེ་ཆུང་གསུམ་གྱི་ཚད་དུ་ནི་ལེན་དུ་དབང་གི་དེ་ལས་ལྷག་པའི་
ལྷུང་བཟེད་ཆེན་པོའི་ཚད་དུ་གསུམ་ལེན་དུ་མི་དབང་ངོ་། །ཟོས་ནའོ། །དུས་ཀྱིས་བདར་ཏེ་ལྷག་པར་བླངས་པའི་ཁ་ཟས་དེ་ཟོས་པ་ལས་ལྟུང་སྟེ་ཡན་ལག་གཅིག །བྱུང་སྟེའོ། །དུས་ཀྱིས་བསྟབས་པའི་ཁ་ཟས་དེ་གནས་དེ་ནས་གུད་དུ་ཁྱེར་བ་ལས་ལྷུང་སྟེ་ཡན་ལག་གཅིག །ཡན་ལག་

འདི་རྣམས་དང་ལྡན་ན་ལྟུང་ངོ་། །དེར་ཉེས་བྱས་པའོ། །དུས་ཀྱིས་བདར་བ་དེ་ལྷག་པར་བླངས་ནས་ཁྱེར་ཏེ་འགྲོ་བའི་ཚེ་ཉེས་བྱས། ཕ་རོལ་གྱིས་བྱས་ཀྱང་ངོ་། །དུས་ཀྱིས་བདར་བའི་ཁ་ཟས་དེ་གཞན་ལེན་དུ་བཅུག་སྟེ་གནས་གཞན་དུ་འོངས་ནས་ཟོས་ན་ཉེས་བྱས། གཞན་དུ་ན་ཉེས་མེད་
དོ། །དུས་ཀྱིས་བདར་ནས་གཞན་དུ་མ་ཁྱེར་བར་གནས་དེ་ཉིད་དུ་ཟོས་ན་ལྷུང་བཟེད་དུ་ཟོས་ཀྱང་ཉེས་མེད་དོ། །འདུས་མ་བྱས་ན་ཡང་ངོ་། །ཁ་ཟས་མ་གཡོས་པ་རྒྱུར་བྱིན་པ་ནི་ཅི་ཙམ་བླངས་ཀྱང་ཉེས་མེད་དོ། །སྐབས་གཞན་དུ་ཉེས་ཡོད་དེ་གུད་ནས་འཆད་དོ། །དེ་སྟེ་བླངས་པ་མང་ན་
དགེ་སློང་དང་བགོའོ། །སྲ་སྟ་ཕྱེད་དང་ལྔ་མན་ཆད་ཅིག་བླངས་པ་ལས་བདག་གཅིག་པུས་མི་ཟད་དེ་ལྷག་ན་དགེ་སློང་གཞན་དང་བགོ་ཞིང་བཟའོ། །ལྷུང་བཟེད་གཉིས་གསུམ་གང་བ་ལས་ལྷག་པར་ལེན་པའོ། །སྦྲུས་པ་ལྷུང་བཟེད་གཉིས་གསུམ་ལས་ལྷག་པར་བླངས་པའི་ལྟུང་བ་
རྫོགས་སོ།། །།ཟ་བའི་ལྟུང་བ་ལ་འཆད་དེ། ནམ་ཆོག་གི་བར་དུ་བཟའ། ཟན་ཟ་བ་ལ་སྟན་ལས་མི་ལྡང་བར་ལྷན་ཅིག་ཅིག་ཅར་འགྲངས་ཤིང་ཆོག་པར་བཟའ། ཟས་བརྩམས་ནས་མ་ལྡང་ཤིག །ཟན་བཟའ་བའི་ཕྱིར་བླངས་ཏེ་བཟའ་བར་བརྩམས་པ་ལས་ཟན་ཁར་མ་ཟོས་ཀྱི་བར་
དུའང་མི་ལྡང་ལངས་ནའང་ཉེས་བྱས། ཅི་ཙམ་དུ་གང་དེ་དག་གིས་ལན་ཚྭ་ཡན་ཆད་བཟའ་བར་བླངས་ན་དེའི་ཚུལ་ལོ། །ཟན་བཟའ་བར་བརྩམས་ཤིང་བླངས་པ་ནི་བཟའ་བ་དང་བཅའ་བ་ཅིའང་རུང་སྟེ་ལན་ཚྭ་ཙམ་ཡན་ཆད་བཟའ་བའི་ཕྱིར་བླངས་ཤིང་བརྩམས་ཀྱང་མི་ལྡང་ངོ་། །ལངས་ན་
ཉེས་བྱས། ཆུང་ཟད་ཟོས་ཏེ་སླར་འདུག་སྟེ་ཟོས་ན་ལྟུང་བའོ། །གནས་བཏང་ནས་ཟོས་ཟིན་པའོ། །ཟན་ཟ་བའི་འཕྲོ་ལས་ལངས་ཏེ་ཕྱིས་ཟ་བར་བསམས་ཡང་སླར་འདུག་སྟེ་ཟོས་ན་ཡང་ཡང་གི་ལྟུང་བའོ། །འགྲངས་སམ་མི་འདོད་པར་བསམས་ཏེ་ལངས་པ་ལས་ཕྱིས་ཀྱང་ཟོས་ན་ལྷག་མ་
མ་བྱས་པའི་ལྟུང་བའོ། །བཅའ་བ་ཡང་དེ་བཞིན་དུ་ལྟུང་བར་འགྱུར་རོ། །འདུག་པ་ལས་སོ། །ལངས་པ་ནི་འགྲེང་བཞིན་དུ་སོང་བ་ལ་མི་བྱའི་ས་ལ་འདུག་པ་ལས་ལངས་ན་ལྟུང་བར་འགྱུར་རོ། །བཅའ་བ་དང་བཟའ་བ་ལ་སོགས་པའི་ཁ་ཟས་བརྩམས་པ་ལས་སོ། །བཟའ་བ་དང་

བཅའ་བ་ལྔ་ལ་སོགས་པ་ཁ་ཟས་ཅི་བཟའ་ཡང་རུང་ལངས་པའི་འོག་ཏུ་ལྷག་མ་མ་བྱས་པར་ཡང་ཟས་སླར་ཟོས་ན་ལྟུང་བར་འགྱུར་རོ། །འདི་ལྟར་ལྟུང་བར་འགྱུར་བ་ནི་ཡང་ལངས་ཤིང་འདུག་ནས་ཟ་བ་གཞན་གྱི་མིག་ཏུ་མི་མཛེས་པའི་ཕྱིར་ལྟུང་ངོ་ཞེས་བཅས། མི་
འདོད་ཅེས་བྱས་པ་ནི་ཉེས་པའི་དམིགས་འོག་ནས་འཆད་རྩ་བ་རྩ་བའི་ནང་དུ་གཏོགས་སོ་ཅོག་དང་། སྡོང་པོ་སྡོང་པོ་དང་ལྡུམ་བུའི་ནང་དུ་གཏོགས་སོ་ཅོག་དང་། མེ་ཏོག་མེ་ཏོག་གི་ནང་དུ་གཏོགས་སོ་ཅོག་དང་། ལོ་མ་ལོ་མའི་ནང་དུ་གཏོགས་སོ་ཅོག་དང་། འབྲས་བུ་འབྲས་བུའི་ནང་དུ་
གཏོགས་སོ་ཅོག་དང་། བཅའ་བ་དང་རྟག་ཏུ་སྨོས་པ་འདི་རྣམས་ནི་བཅའ་བ་ཞེས་བྱ། གཞན་ཐུག་པ་དང་བཟའ་བ་དང་བཅའ་བ་ལས་གཞན་ཐུག་པ་དང་སྐྱོ་མ་དང་། བརྟགས་པ་བཟའ་བ་རྣམ་ལྔ་དང་འོ་མ་དང་ཞོ་དང་མར་ལ་བྱ། མ་བརྟགས་པ་དང་རྟ་དང་བོང་བུའི་ཤ་དང་སྒོག་པ་དང་
དགེ་སློང་གིས་བཙོས་པ་དང་སྤགས་པའི་ཟས་ལ་བྱ། མ་འདྲེས་པའི་བཟའ་བ། ཁ་ཟས་བརྟགས་པ་དང་མ་བརྟགས་པ་མ་འདྲེས་ཀྱང་རུང་འདྲེས་ཀྱང་རུང་བ་ལ་བྱ། བྱིན་ལེན་གྲུབ་པའི་ཕྱོགས་ན་གནས་པ་ལས་བཏང་བར་བྱས་ནའོ། །ཁ་ཟས་མིང་གིས་སྨོས་པ་འདི་རྣམས་ལས་གག་ཀྱང་
རུང་སྟེ་ཁ་ཟས་ཟ་བ་ལས་མི་འདོད་ཅེས་བྱས་སམ། མི་འདོད་པར་བསམས་སམ། ལངས་པ་ལས་ཕྱིས་བཟའ་བ་དང་བཅའ་བ་གག་བྱས་ཀྱང་ཉེས་པར་འགྱུར་ཏེ། བཟའ་བ་ལས་གག་ཀྱང་རུང་སྟེ་མི་འདོད་ཅེས་བྱས་པའི་འོག་ཏུ་བཟའ་བ་གག་ཟོས་ཀྱང་ལྟུང་། བཅའ་བ་ལས་སྣ་གཅིག་
གཅིག་མི་འདོད་ཅེས་བྱས་ན་བཅའ་བ་མི་འདོད་པ་དེ་ཉིད་ཀྱི་འཕྲོ་ལས་སླར་ཟོས་ན་ཉེས་བྱས་ཀྱི་བཅའ་བ་གཞན་དང་བཟའ་བ་ལ་སོགས་པ་ནི་ཉེས་མེད་དོ་ཞེས་ཊཱི་ཀ་ལས་བཤད། འདུལ་བ་འཛིན་པ་ཁ་ཅིག་ན་རེ་གང་མི་འདོད་ཅེས་བྱས་པ་དེ་ཉིད་ཀྱི་འཕྲོ་ལས་ཟོས་པ་ནི་ལྟུང་བ་དང་། ཉེས་པར་
འགྱུར་གྱིས་གཅིག་མི་འདོད་ཅེས་བྱས་པའི་འོག་ཏུ་གཞན་ཟོས་པ་ནི་ཉེས་མེད་དོ་ཞེས་ཀྱང་འཆད། བྱིན་ཅིག་ཅེས་ཀྱང་དེའོ། །ཁ་ཟས་འདི་བྱིན་ཞེས་བླངས་ན་ལྟུང་བའོ། །ཊཱི་ཀ་ལས་ནི་སྣ་གཅིག་བླངས་ན་ཕྱི་ནས་བྲིམས་པ་ཀུན་ཀྱང་ལྟུང་ངོ་། །བཅའ་བ་ནི་གང་བླངས་པ་དེ་ཟོས་ན་ཉེས་བྱས་

ཞེས་བཤད། འདུལ་བ་འཛིན་པ་ཁ་ཅིག་ན་རེ་གང་བླངས་པ་དེ་ཟོས་ན་ལྟུང་བ་དང་ཉེས་བྱས་ཀྱིས་བླངས་པ་མ་ཡིན་པ་གཞན་བྲིམས་པ་ནི་ཉེས་མེད་དོ་ཞེས་འཆད། སོང་ཤིག་ཅེས་ཀྱང་ངོ་། །ཟན་འབྲིམ་པ་ལ་མི་འདོད་པར་བསམས་ཀྱང་རུང་མ་བསམས་ཀྱང་རུང་སོང་ཞེས་སྨྲས་ན་མི་
འདོད་ཅེས་བྱ་བར་ཆུད་དེ་ཕྱིས་ཟོས་ན་བཟའ་བ་ནི་ལྟུང་བ་བཅའ་བ་ནི་ཉེས་བྱས་སོ། །ཟོས་སོ་ཞེས་ཀྱང་ངོ་། །འབྲིམ་པ་ལས་ངས་ཟོས་སོ་ཞེས་བྱས་ན་མི་འདོད་པར་བསམས་ཀྱང་རུང་མི་འདོད་པར་སྨྲས་པའི་ནང་དུ་ཆུད་དེ་ཟོས་ན་བཟའ་བ་ནི་ལྟུང་བ་བཅའ་བ་ནི་ཉེས་བྱས་སྐད་ཅིག་ཅེས་པའི་སྒྲ་མ་བརྗོད་
ནའོ། །སཱུ་ཏྲ་ལྟག་མ་གསུམ་ལྟར་མི་འདོད་ཅེས་སྨྲས་པར་མི་ཆུད་པ་ནི་རེ་ཞིག་སྡོད་ཅིག་ཅེས་བྱས་སམ་སྐད་ཅིག་ཇེ་རིམ་ཞེས་སྨྲས་ཏེ་ཟུར་ཡོད་པ་ནི་མི་འདོད་པའི་ཚིག་ཏུ་མི་ཆུད་དེ་ཟོས་ཀྱང་ལྟུང་བར་མི་འགྱུར་རོ། །ཟན་གཅིག་འདོད་དེ་སློང་ན་ཡང་རིམས་ཞེས་བྱས་པ་མི་སློང་བར་མི་ཆུད་ཟོས་
ཀྱང་ཉེས་མེད་དོ། །ཆོག་གོ་ཞེས་ཀྱང་ངོ་། །ཆོག་གོ་ཞེས་བྱས་སམ་འགྲངས་སོ་ཞེས་སྨྲས་པ་ལས་ཟོས་ནའང་བཟའ་བ་ནི་ལྟུང་བ་བཅའ་བ་ནི་ཉེས་བྱས། ཁ་གཟར་གྱེན་དུ་བསྒྲེང་བ་མི་འགྲུབ་ན་ཐུག་འཇམ་མོ། །ཐུག་པ་ནི་བཟའ་བའི་ནང་དུ་མི་གཏོགས་ཤིང་མི་ཆུད་དེ་ལན་གཉིས་སུ་
ལངས་ཤིང་འཐུངས་སམ་མི་འདོད་ཅེས་བྱས་པ་ལས་འཐུངས་ན་ཉེས་བྱས་ཏེ་ཐུག་པའི་ཚད་ནི་ཁ་གཟར་བཅུག་སྟེ་ཐུབ་ན་བཟའ་བའི་ནང་དུ་གཏོགས་སོ། །སྐྱོ་མ་ནི་སོར་མོ་ལྔ་མི་མངོན་ནའོ། །སྐྱོ་མ་ཡང་བཟའ་བའི་ནང་དུ་མི་ཆུད་དེ་ལན་གཉིས་སུ་ལངས་སམ་འཐུངས་སམ་མི་འདོད་ཅེས་བྱ་བ་ལས་
འཐུངས་ན་ཉེས་བྱས་སོ། །སྐྱོ་མར་ཆུད་པའི་ཚད་ནི་སོར་མོའི་རྗེས་སྣང་ན་བཟའ་བའི་ནང་དུ་གཏོགས་སོ། །མི་སྣང་ན་སྐྱོ་མའི་ནང་དུ་གཏོགས་སོ། །བསླུ་བ་ནི་བྱིན་ལེན་མ་ཡིན་ནོ། །མི་ལ་ལ་ཞིག་གིས་རྩེད་མོ་བྱ་བའི་ཕྱིར་ཁ་ནས་བྱིན་པ་ལྟར་བྱེད་པ་ལ་མི་བྱིན་པར་ཤེས་སྟེ་མི་འདོད་ཅེས་བྱས་
པ་ནི་ཕྱིས་ཡང་དག་པར་བྱིན་པས་བླངས་ཏེ་ཟོས་པ་ནི་ཉེས་མེད་དོ། །མཚམས་ཀྱི་ཕྱི་ལོགས་དང་། །ལྷག་མའི་སྔགས་བྱ་བ་ནི་བར་དུ་མིང་གིས་སྨོས་པ་འདི་རྣམས་ཀྱིས་ཆོད་ན་སྔགས་སུ་མི་རུང་སྟེ་ལྷག་མར་མི་ཆུད་པར་དུ་ཆུ་དང་ཡུར་བ་དང་གད་པ་ལ་སོགས་པས་ཆོད་པ་དང་། མི་འགྲུབ་པའི་

ཕྱོགས་ནས་གཅིག་ས་ལ་འདུག་ལ་གཅིག་ནམ་མཁའ་ལ་འདུག་པ་དང་ཕ་ཟད་ཚུ་ཟད་དུ་འདུག་པ་རྒྱང་རིང་པོར་འདུག་སྟེ་བྱས་པ་དང་། མདུན་དུ་མི་འདུག་ན་ལྷག་མ་བྱ་བ་མི་དབང་ངོ་། །རྒྱབ་དང་གློར་འདུག་སྟེ་སྔགས་བྱས་པ་ནི་ལྷག་མ་བྱས་པར་མི་ཆུད་དོ། །མདུན་དུ་
དྲང་པོར་འདུག་ལ་མཚམས་ཀྱིས་ཀྱང་མ་ཆོད་ན་སྔགས་བྱའོ། །བྱ་བ་ལག་ན་མི་འདུག་ན་ཡང་ངོ་། །སྔགས་བྱ་བ་ནི་བདག་དང་སྔགས་བྱེད་པ་གཉིས་ཀ་ལག་པ་ཡ་རེ་ས་འོག་ནས་བཏེག་ལ་ལག་པ་ཡ་རེ་ས་སྟེང་ནས་བཀབ་སྟེ་སྔགས་མ་བྱས་ན་མི་འཆགས། མ་བརྟགས་པ་ལ་ནི་མི་བྱའོ། །
ཁ་ཟས་མ་བརྟགས་པ་སྒོག་པ་དང་དགེ་སློང་གིས་བཙོས་པ་དང་སྤགས་པ་ལ་ནི་སྔགས་བཏབ་ཀྱང་མི་འཆགས་སོ། །གདབ་ཀྱང་མི་གདབ་པོ། །དེ་དང་འདྲེས་པ་ཡང་ངོ་། །ཁ་ཟས་བརྟགས་པ་དང་། མ་བརྟགས་པར་འདྲེས་པ་ལ་ཡང་སྔགས་མི་འཆགས་སོ། །གནས་མ་བཏང་བས་བྱ། སྔགས་
གདབ་པའི་དགེ་སློང་ཡང་ཟས་ཟོས་ཟིན་ཏེ་ལངས་པ་ལ་མི་བྱའི་མ་ལངས་པ་ཟན་ཟ་ཞིང་འདུག་པའི་དགེ་སློང་ཅིག་ལ་བྱའོ། །མི་བཟའ་བར་བརྟགས་པས་ཀྱང་བྱས་པ་བཞིན་ནོ། །ལྷག་མ་བྱ་བའི་དགེ་སློང་ཟན་ཟོས་ཟིན་ནས་མི་བཟའ་བར་སེམས་ཐག་ནི་བཅད་ཟིན་གྱི་རྐུབ་ནི་མ་འཕགས་པར་འདུག་པ་
ལ་ལྷག་མ་བྱ་བར་གསོལ་ཏེ་བྱས་ཀྱང་ཉེས་མེད་དོ། །གསོལ་ནས་སོ། །ལྷག་མ་བྱ་བའི་མི་དེས་ཀྱང་ལྷག་མ་བྱར་ཅི་གནང་ཞེས་གསོལ་ན་ལྷག་མ་བྱའི་མི་གསོལ་བར་ཚུལ་གྱིས་ཤིག་ཅེས་མི་བྱའོ། །སོང་ཁྱོད་ཀྱིར་གྱུར་ཏོ་ཞེས་ཚིག་བྱོས་ཤིག །ལྷག་མ་བྱེད་པའི་དགེ་སློང་གིས་སྔགས་
བྱས་ཟིན་ནས་ཟས་འདི་ཁྱོད་ཀྱིར་གྱུར་གྱིས་ཁྱེར་ཅིག་ཅེས་བྱས་ཏེ་བྱིན། ཅི་བདེར་ཟོས་ཤིག་ཅེས་ཀྱང་ཁ་ཅིག་གོ། །ལྷག་མ་བྱེད་པའི་དགེ་སློང་དེས་སྔགས་བྱས་ནས་ཅི་བདེ་ཞེས་བྱས་ཀྱང་རུང་ངོ་ཞེས་འདུལ་བ་འཛིན་པ་ཁ་ཅིག་གིས་བཤད་དེ། སཱུ་ཏྲ་ལྟག་མ་དང་གཉིས་གག་ཀྱང་རུང་ངོ་། །ཁམ་
གཉིས་སམ་གསུམ་ཟོས་ནས་སོ། །ལྷག་མ་བྱ་བ་ནི་ལྷག་མ་བྱེད་པའི་དགེ་སློང་གིས་ཁམ་གཉིས་སམ་གསུམ་ཟོས་ལ་སྔགས་བཏབ་སྟེ་སྦྱིན། བཟློག་པར་བྱས་པ་ལས་མ་ཟ་ཤིག །ལྷག་མ་བྱེད་པའི་དགེ་སློང་མི་བཟའ་བར་ཡི་དམ་བཅས་ཏེ་མ་ལངས་པར་འདུག་པ་ལ་ལྷག་

མ་བྱེད་པར་གསོལ་དུ་འོངས་ན་བདག་གི་ཡི་དམ་བཅས་པས་བཟར་མི་རུང་བའི་ཕྱིར་ཟན་ལ་ལག་པས་མནན་ཏེ་སྔགས་ཀྱིས་བཏབ་སྟེ་བྱིན་ཡང་ལྷག་མར་ཆུད་དོ། །གཞན་གྱིས་ལྷག་མ་བྱས་པ་ཡང་ཟོ་ཤིག །དགེ་སློང་ཅིག་གིས་ལྷག་མ་བྱས་ཤིང་སྔགས་བཏབ་ཟིན་པའི་ཟས་ལ་དགེ་
སློང་གཞན་ཟས་ཟོས་ཟིན་པས་ཀྱང་བཟར་རུང་ངོ་། །འབྷྲིད། ཟས་ཟོས་ལ་ལྷག་མ་མ་བྱས་པར་ཤེས་བཞིན་ལས་ལྟུང་སྟེ། ཟིན་ལ་ལྷག་མ་མ་བྱས་ནའོ། །ཟན་ཟོས་ཤིང་ལྷག་མ་མ་བྱས་པ་ལས་ལྟུང་སྟེ་ཡན་ལག་གཅིག །ཟོས་ནའོ། །ལྷག་མ་མ་བྱས་པའི་ཟན་ཟོས་པ་ལས་ལྟུང་བར་གྱུར་
ཏེ་ཡན་ལག་གཅིག །ཁ་ཟས་ཙམ་གྱིས་སོ། །ཁ་ཟས་ཀྱང་ཡིན་པ་ལས་ལྟུང་སྟེ་ཡན་ལག་གཅིག་ཙམ་ཞེས་བྱ་བ་ནི་ཁམ་གཅིག་ཡན་ཆད་ཙམ་ཟོས་པ་ལས་ལྟུང་སྟེ་ཡན་ལག་འདི་རྣམས་དང་ལྡན་ན་ལྷག་མ་མ་བྱས་པའི་ལྟུང་བར་གྱུར་ཏོ། །སྟན་གཅིག་པའི་ཟས་སོ། །ལྷག་མ་མ་བྱས་པའི་
ཟས་ཟོས་པའི་ལྟུང་བ་རྫོགས་སོ།། །།སྟོབས་པའི་ལྟུང་བ་ལ་འཆད་དེ། བསྒོ་བ། དགེ་སློང་ཟན་ཟོས་ཟིན་ཅིང་ལྷག་མ་མ་བྱས་པར་ཤེས་བཞིན་དུ་ཟས་འདི་ལྷག་མ་བྱས་ཟིན་པ་ཡིན་ཏེ་ཁྱོད་ཟོ་ཤིག་ཅེས་བསྒོ་བ་ལས་ལྟུང་སྟེ་ཤེས་བཞིན་དང་ཡན་ལག་གཉིས། དགེ་སློང་ལྷག་མ་མ་བྱས་པའི་
ཟན་བྱིན་པ་དེ་དགེ་སློང་ཡང་ཡིན་པ་དང་ཡན་ལག་འདི་གསུམ་དང་ལྡན་ན་ལྟུང་བར་འགྱུར་རོ། །ཟིན་པ་ལ་བསྒོ། །ཟན་ཟོས་ཟིན་པ་ལ་ལྷག་མ་མ་བྱས་པར་དུས་ཀྱིས་སྟོབས་པའི་ལྟུང་བ་རྫོགས་སོ།། །།མང་པོའི་ལྟུང་བ་ལ་འཆད་དེ། འབྷྲིད། དགེ་འདུན་འདུས་ཤིང་ཟ་བར་ཤེས་བཞིན་དུ་ལོགས་
ཤིག་ཏུ་ཟ་བ་ལས་ལྟུང་སྟེ་ཡན་ལག་གཅིག །སོ་སོར་བསྔོས་པའི་ཟས་ཀྱི་གནས་ལས་གཞན་མཚམས་ཀྱི་ནང་ན་གནས་པའི་དགེ་སློང་དགེ་འདུན་དུ་གྱུར་པར་ལྷན་མི་གཅིག་པར་ཟན་ཟ་ནའོ། །ཡོན་བདག་གིས་དགེ་སློང་དགེ་འདུན་སོ་སོར་ཟ་བར་རྒྱུ་སྦྱར་བ་ནི་མ་གཏོགས་ཏེ་གཞན་ཏེ་མཚམས་
གཅིག་གི་ནང་ན་དགེ་འདུན་ཀུན་གཅིག་ཏུ་འདུས་ཤིང་ཟན་གྱི་རྒྱུ་གཅིག་ཏུ་སྦྱར་ཅིང་ཟ་བ་ལས་བཞི་ཡན་ཆད་དགེ་འདུན་དུ་ལངས་པ་ཞིག་གིས་དགེ་འདུན་གྱི་ཟན་སྐལ་ལས་མི་བཟའ་བར་བྱས་ནས་ཡོན་བདག་གཞན་གྱིས་ཀྱང་གུད་དུ་སྤྱན་མ་དྲངས་པར་བདག་ཉིད་ཀྱིས་རྒྱུ་བཙལ་ཞིང་སྦྱར་ཏེ་མཚམས་

ཀྱི་ནང་དུ་ལོགས་ཤིག་ཏུ་ཟན་ཟོས་ན་ལྟུང་ངོ་། །ལྷན་ཅིག་ཏུའོ། །ལོགས་ཤིག་ཏུ་ཟ་བ་དེ་དགེ་འདུན་དུའང་ཚང་བ་དང་ལྷན་ཅིག་ཏུ་འདུས་པ་ལས་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །ལྷན་གཅིག་ཏུ་ཟ་ནའོ། །དགེ་འདུན་དུ་ལངས་པར་ལྷན་ཅིག་ཏུ་འདུས་པ་དེས་ཟན་ཟོས་པ་ལས་
ལྟུང་སྟེ་ཡན་ལག་གཅིག །གསུམ་ལ་སོགས་དང་ངོ་། །ལྷན་ཅིག་ཏུ་ཟ་བ་དེ་རྣམས་གསུམ་མན་ཆད་ནི་གུད་དུ་ཟོས་ཀྱང་ཉེས་བྱས་ཀྱི་གསུམ་ལས་ལྷག་པར་བཞི་ཡན་ཆད་གཅིག་ཏུ་ཚང་ན་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །དགེ་སློང་དང་ངོ་། །བཞིར་ཚང་བ་ཡང་དགེ་སྦྱོང་དང་ཁྱིམ་པ་
མ་ཡིན་གྱི་ཀུན་དགེ་སློང་ཡིན་ན་ལྟུང་སྟེ་ཡན་ལག་གཅིག །གག་གི་ཚུལ་གོས་མེད་པའི་ཟས་གཉིས་པོ་རྙེད་པ་དང་གྲུ་ཡང་མ་བརྒལ་ནའོ། །གོས་དབུལ་བའི་ཕྱིར་ཁ་གཉིས་སུ་སྤྱན་དྲངས་པ་དང་ན་བ་དང་ལས་དང་ལམ་དང་གྲུར་ཞུགས་པ་དང་དུས་འདི་རྣམས་མ་གཏོགས་པར་ཟན་ཟོས་པ་ལས་ལྟུང་
སྟེ་ཡན་ལག་གཅིག་སྟེ། ཡན་ལག་འདི་རྣམས་དང་ལྡན་པར་ལོགས་ཤིག་ཏུ་འདུས་ཏེ་ཟན་ཟོས་ན་ལྟུང་བའོ། །འདུས་པ་ཆེན་པོ་ལས་གཞན་ན་ཡང་ངོ་། །དུས་ཀྱི་མཆོད་སྟོན་ཆེན་པོ་ལྟ་བུ་ཞིག་བྱེད་དེ་མི་ཕལ་མོ་ཆེ་འདུས་ནས་བཀད་ས་གཅིག་ཏུ་མི་ཤོང་སྟེ། ཁང་པ་སོ་སོར་ཆོད་ཅིང་ཟོས་པ་ནི་ཉེས་མེད་དོ། །
གཞན་འདིའི་ཚུལ་མ་ཡིན་པ་རབ་ཏུ་འབྱུང་བའི་ཟན་ལས་སོ། །སངས་རྒྱས་ཀྱི་ཆོས་མ་ཡིན་ལ་ལྟ་བ་མ་ཡིན་པ་མུར་འདུག་གི་རབ་ཏུ་བྱུང་བའི་དགེ་སྦྱོང་གིས་ཟན་བྱིན་ཏེ་ལོགས་ཤིག་ཏུ་ཟོས་པ་ནི་ཉེས་མེད་དོ། །ཟོས་ནའོ། །ལོགས་ཤིག་ཏུ་འདུས་ཤིང་ཟ་བ་ཡང་ཟོས་ཟིན་ན་ལྟུང་བར་གྱུར་ཏེ་ཡན་ལག་
གཅིག་སྟེ་ཡན་ལག་སྔ་མའི་ཐོག་ཏུ་འདིས་བསྣན་ཏོ། །མཚམས་ཀྱི་ནང་གི་དེར་གདོན་མི་ཟ་བར་འོང་པའི་གནས་སུ་འོངས་སམ་མ་དྲིས་པར་ཟོས་ན་འགལ་བ་བྱེད་དོ། །མཚམས་གཅིག་གི་ནང་དགེ་འདུན་ཀུན་འདུས་ཤིང་ཟན་ཟ་བ་ཁ་ཅིག་གྲལ་ལ་མ་ཤོང་སྟེ་ལྐོག་ཏུ་ཟ་བར་གྱུར་ན་ཡང་དགེ་འདུན་གྱི་
སྤྱིས་དགེ་འདུན་ཚང་ངམ་མ་ཚང་ཟན་གག་ཏུ་ཟ་ཞེས་མ་བྱས་ན་ཀུན་ལ་ཉེས་བྱས་ཏེ་དྲི་བ་ནི་གྲལ་ཐོག་མ་ན་འདུག་པས་དྲིའོ། །གང་ཅི་ཡང་ཆུང་ཟད་ཅིག་བྲིམས་ན་ཟས་གཅིག་གོ། །དགེ་འདུན་དུ་ལངས་ཀྱང་རུང་གང་ཟག་ཀྱང་རུང་གུད་དུ་ཟན་ཁ་ཟས་སྣ་འགའ་ཙམ་གྱིས་དགེ་འདུན་གྱི་ནང་དུ་ཕན་ཚུན་དུ་

བྲིམས་ན་ལྟུང་བ་དང་ཉེས་བྱས་ལས་བྲིས་ཏེ་ལྟུང་བ་ལས་ནི་ཉེས་བྱས་ཉེས་བྱས་ལས་ནི་ཉེས་བྱས་ཡང་བར་འགྱུར་རོ། །འགྲོ་བ་དང་། ཟན་གྱི་དུས་ལས་སྔར་རིང་པར་འགྲོ་བ་དང་། འོང་བ་དང་། ལམ་རིང་པོ་ཞིག་ནས་འོངས་ཏེ་བཀྲེས་པ་དང་། ནད་པ་དང་ནད་པ་ཟན་ལ་འོང་མི་ཕོད་པ་དང་། ནད་གཡོག་དང་ནད་གཡོག་
ཏུ་བསྐོས་པའི་དགེ་སློང་དང་། དཀོར་པ་ལས་དགེ་འདུན་གྱིས་བསྐོར་བ་དང་། ཐོ་དན་ལྟ་བུ་ལས་ལ་འབྲེལ་པ་དང་། གཞན་ཚང་མང་དང་བསྐོས་སར་ཐམས་ཅད་ཀྱིས་མ་ཟོས་པར་བླངས་ཤིང་མི་བཟའ། མིང་གིས་སྨོས་པ་འདི་རྣམས་ནི་དགེ་འདུན་ལས་སྔར་ཟན་ཟོས་སམ་ལོགས་ཤིག་ཏུ་
ཟོས་པ་ནི་ཉེས་མེད་དོ། །འདི་རྣམས་མ་གཏོགས་པར་དགེ་སློང་གག་ཀྱང་རུང་སྟེ་དགེ་འདུན་ལས་སྔར་ཟོས་སམ་ལོགས་ཤིག་ཏུ་མནོས་ཏེ་ཟོས་ནའང་ཉེས་བྱས་སོ། །སྡེ་ཟན་ནོ། །སྡེར་མང་པོ་འདུས་ཤིང་ལོགས་ཤིག་ཏུ་ཟ་བ་རྫོགས་སོ།། །།དུས་མ་ཡིན་པའི་ལྟུང་བ་ལ་འཆད་དེ། བདག་གི་
ཉི་མ་ཕྱེད་ཕན་ཆད་སྐྱ་རེངས་ཤར་གྱི་བར་དུ་དུས་མ་ཡིན། བདག་ཤར་དང་ལྷོ་དང་ནུབ་དང་བྱང་གི་གླིང་གང་ན་གནས་པའི་གླིང་ཡུལ་དེའི་ཉི་མ་ཕྱེད་ཕན་ཆད་སྐྱ་རེངས་མ་ཤར་གྱི་བར་དུ་དུས་མ་ཡིན་པ་སྟེ་བཟའ་བ་རྣམ་ལྔ་དང་བཅའ་བ་རྣམ་ལྔ་ལ་སོགས་པ་གང་ཟོས་ཀྱང་ལྟུང་བར་འགྱུར་རོ། །སྐྱ་རེངས་
ཤར་ནས་ཉི་མ་ཕྱེད་ཚུན་ཆད་ནི་དུས་ཏེ་ཟོས་ཀྱང་ཉེས་མེད་དོ། །ཤར་ཕྱོགས་ཀྱི་གླིང་དུ་དྲོའི་ཟན་ཟོས་ལ་ལྷོ་ཕྱོགས་སུ་སོང་སྟེ་ཟ་བ་ནི་ཤར་གྱི་ཉི་མ་ཕྱེད་ན་ལྷོའི་ཉི་མ་ཤར་བར་གྱུར་ཏེ་བཟར་རུང་ངོ་། །དེ་བཞིན་དུ་ལྷོ་ནས་ནུབ། ནུབ་ནས་བྱང་བྱང་ནས་ཤར་ཀྱང་ངོ་། །དེར་འབྷྲིད། དུས་མ་ཡིན་ཞིང་དུས་
ལས་འདས་པར་ཤེས་བཞིན་དུ་ཟོས་པ་ལ་ལྟུང་བར་འགྱུར་རོ། །བཟའ་བ་དང་བཅའ་བ་ཟ་བའོ། །དུས་མ་ཡིན་པར་བཟའ་བ་དང་བཅའ་བ་ཟོས་པ་ལ་ལྟུང་བར་འགྱུར་རོ། །དུས་མ་ཡིན་པའི་ཟས་སོ། །དུས་མ་ཡིན་པའི་ཟས་ཟོས་པའི་ལྟུང་བ་སྟེ་རྫོགས་སོ།། །།སྤགས་པའི་ལྟུང་བ་ལ་
འཆད་དེ། ཟན་གྱི་སྔ་རོལ་བྱིན་ལེན་ལ་ཟན་གྱི་ཕྱི་རོལ་ཏམ་དེར་ཐུན་འདས་ན་སྤགས་པའོ། །བཟའ་བ་དང་བཅའ་བ་ལས་དྲོ་ཁ་ཚུན་ཆད་དུ་བཟའ་བར་བསམས་ཏེ་ནང་པར་བྱིན་ལེན་བྱས་པ་ལས་དྲོ་ཁ་ཚུན་ཆད་དུ་ཁྱིམ་པའམ་དགེ་སྦྱོང་ཞིག་གིས་ས་ལས་འཕགས་པར་བཏེག་པ་ནི་ཕྱིན་ཆད་ནམ་ཡང་

བཟར་རུང་ངོ་། །ནང་པར་བྱིན་ལེན་བྱས་པའི་ཟན་དེ་དྲོ་ཁར་བཟའ་བར་བྱ་བ་ལས་དྲོ་འདས་པའི་འོག་ཏུ་ཁྱིམ་པ་དང་དགེ་སྦྱོང་གིས་བཏེག་པ་ནི་ཕྱིན་ཆད་བཟར་མི་རུང་སྟེ་ཟོས་ན་ལྟུང་བའོ། །ནང་པར་བྱིན་ལེན་བྱས་པའི་ཟས་དྲོ་ཁར་ཡང་མ་ཟོས་ཁྱིམ་པས་ཀྱང་མ་རེག་པ་དྲོ་
འདས་པ་ནི་སྤགས་པ་སྟེ་བཟར་མི་རུང་སྟེ་ལྟུང་བ་དང་དྲོ་འདས་ན་ལྟུང་བ་བཞིན་དུ་དྲོའི་འོག་ཏུ་བྱིན་ལེན་བྱས་པ་ཕྱི་དྲོ་བཟའ་བར་བསམས་པ་ལས་ཉི་མ་ནུབ་སྟེ་དམར་