Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 165

Văn bản gốc(Tây Tạng)

Trang 4 / 22 (50.000 ký tự/trang)
ག་པ་སྔངས་ཏེ་བདག་ལ་འཛིན་དུ་འོངས་པའི་ཕྱིར་སྔ་ནས་ཅི་ཡོད་བརྟག་པ་དང་གཅིག་ཏུ་ན་བུད་མེད་ཁྲོན་པའི་ཁ་ན་འགྲེང་ན་མོ་མཚན་གྱི་གཟུགས་བརྙན་ཆུའི་ནང་དུ་འོང་བ་མཐོང་ན་འདོད་ཆགས་སྐྱེ་བའི་ཕྱིར་བུད་མེད་ཆུ་ཆུ་བ་

ཡོད་ན་ཁྲོན་པར་མི་བརྟགས་པར་མ་བྱས་ན་ཉེས་བྱས། བསོད་སྙོམས་ཟས་ཀྱི་ཕྱིར་གྲོང་དུ་སྤྱད་པ་གྲོང་བར་དུ་བསོད་སྙོམས་སྤྱོད་པའི་ཚེ་བུད་མེད་ལ་མི་རེག་པ་ལ་སོགས་པ་ཤེས་བཞིན་དུ་མ་བྱས་ན་ཉེས་བྱས། རབ་ཏུ་བརྟག་པར་བྱ་སྟེ་རབ་ཏུ་དབྱུང་། རབ་ཏུ་དབྱུང་བ་ཞིག་
འོངས་ན་ཕོ་ཡིན་ནམ་མོ་ཡིན་པ་རྟོགས་པར་བྱ་སྟེ་རབ་ཏུ་དབྱུང་། མ་བརྟགས་ན་ཉེས་བྱས། གཅིག་པུ་བླ་གབ་མེད་པ་ན་ལོགས་མི་དབབ། བླ་གབ་མེད་པ་ན་གྲོགས་མེད་པར་གཉིད་མ་ལོག་ཀྱང་ལོགས་ཀྱིས་ཕབ་སྟེ་མི་ཉལ་ཐལ་བྱུང་གཉིད་ཀྱིས་ལོག་པར་འགྱུར་བའི་ཕྱིར་ཏེ་ལོགས་ཀྱིས་ཕབ་ན་
ཉེས་བྱས། སྒོ་མ་བཅད་པའི་ཁྱིམ་དུ་དགེ་སློང་མས་བསམ་གཏན་མི་བྱ་བ་དང་ཡང་ངོ་། །སྒོ་མ་བཅད་པར་དགེ་སློང་མ་བསམ་གཏན་མ་བྱེད་ཅིག་མ་ཉལ་ཅིག་སྐྱེས་པ་ཐུག་ཐུབ་ཏུ་རྒྱོར་ཡང་ངོ་། །ཕས་ཕམ་པ་དང་པོ་སྟེ་བྱེ་བྲག་ཏུ་གདོན་མི་ཟ་བའོ། །ཕས་ཕམ་པ་བཞིའི་དང་པོ་མི་ཚངས་པར་
སྤྱོད་པ་འདུལ་བ་བྱེ་བྲག་ཏུ་གདོན་མི་ཟ་བ་ཞེས་བྱ་བའི་ནང་ནས་འབྱུང་བའི་མདོ་མི་ཚངས་པར་སྤྱོད་པ་དང་པོ་རྫོགས་སོ།། །།མ་བྱིན་པར་ལེན་པའི་ཕས་ཕམ་པ་ལ་འཆད་དེ། འཕྲོག་པ་དང་། བདག་གིས་འཕྲོག་པ་དང་བརྐུས་པ་ལའང་རུང་སྟེ་ཡན་ལག་གཅིག །འཕྲོག་ཏུ་བཅུག་
པའོ། །མངོན་སུམ་དུ་འཕྲོག་ཏུ་བཅུག་ཀྱང་རུང་རྐུར་བཅུག་ཀྱང་རུང་སྟེ་ཡན་ལག་གཅིག །ཕོ་ཉས་ཀྱང་ངོ་། །ཕོ་ཉ་བཏང་སྟེ་རྐུར་བཅུག་ཀྱང་རུང་འཕྲོག་ཏུ་བཅུག་ཀྱང་རུང་ཡན་ལག་གཅིག །ཡན་ལག་བདུན་དུ་བརྩི་ན་ནི་ཡན་ལག་གོང་མ་གཉིས་དང་གསུམ་ལ་ཡན་ལག་གཅིག་ཏུ་བརྩིའོ། །
མ་བྱིན་པའོ། །བདག་གི་ནོར་ཀྱང་མ་ཡིན་གཞན་གྱིས་ཀྱང་མ་བྱིན་པ་ལ་བྱ་སྟེ་ཡན་ལག་གཅིག །མ་ཤ་ཀ་ལྔ་ལ་སོགས་པའོ། །སངས་རྒྱས་བཞུགས་པའི་ཚེ་ནའང་དངུལ་ཞོའི་བརྒྱད་ཆ་གཅིག་གིས་ཕམ་དེང་སང་དུས་དང་སྦྱར་ཏེ། རྒྱ་གར་ཡུལ་གྱི་མ་ཤ་ལས་བོད་ཀྱི་དངུལ་གྱི་ཐང་དུ་བརྩིས་
ན། དངུལ་ཞོའི་བརྒྱད་ཆ་གཅིག་ཡོད་དོ། །བརྒྱད་ཆ་གཅིག་ཡན་ཆད་བརྐུས་ན་ཕམ་སྟེ་ཡན་ལག་གཅིག །སངས་རྒྱས་ཀྱི་ཚེ་པ་ན་རིན་ཆུང་བས་ལྔས་ཕམ། དེང་སང་རིན་ཆེ་བས་བཞི། རྐུ་སེམས་ཀྱིས་སོ། །རྐུ་སེམས་ཀྱིས་རྐུ་བ་ལ་བྱ་སྟེ་ཡན་ལག་གཅིག །མིའི་རྒྱུད་ཀྱི་བཅངས་པ་ལའོ། །ལམ་

རྒྱུད་བཞི་མ་གཏོགས་པར་མིའི་ནོར་ལ་བྱ་སྟེ་ཡན་ལག་གཅིག །ཡན་ལག་བཅུར་བརྩིས་ན་ནི་མདོ་འདི་ཉིད་ལས་མི་ནོར་ལས་བླངས་པ་གོང་ནས་བཤད་དེ་ཡན་ལག་གཉིས་སུ་བརྩི། ཡན་ལག་བདུན་གྱིས་ཕམ་པར་བརྩི་ན་ཡང་ཡན་ལག་འདི་གཉིས་སུ་བགྲང་ངོ་། །དེར་འདུ་ཤེས་པའོ། །མིའི་
རྒྱུད་ཀྱི་ནོར་ཡིན་པར་འདུ་ཤེས་པ་ལ་ཡན་ལག་གཅིག །ནོར་བདག་གི་སེམས་ཀྱིས་ཀྱང་མ་བཏང་སྟེ་བདག་གི་ཡིན་པར་སེམས་པ་ཡན་ལག་གཅིག་སྟེ། ཡན་ལག་འདི་བཅུ་དང་ལྡན་ན་ཕམ། མ་ཚང་ན་སྦོམ་པོ། ཡན་ལག་བདུན་གྱིས་ཕམ་པར་བྱས་ན་འདི་གཉིས་ལ་གཅིག་ཏུ་བརྩིའོ། །བདག་
པོ་ལས་རླག་ནས་སེམས་ཀྱིས་མ་བཏང་ན་རེ་བ་མ་ཆད་པའོ། །གོས་དང་ནོར་རྫས་ལ་སོགས་པ་རླུང་དང་ཆུས་ཁྱེར་བ་ལྟ་བུར་འཁྱམས་པ་ལ་ནོར་བདག་གི་སེམས་ལ་སླར་རྙེད་དུ་རེ་བའི་སེམས་ཡོད་པ་ལས་བརྐུས་ན་ནི་ཕམ། སླར་རྙེད་དུ་རེ་བའི་སེམས་མེད་ན་བདག་པོ་མེད་པའི་ནོར་དུ་བརྩིའོ། །གསོན་
མར་བསྔོས་པ་བདག་པོར་འགྱུར་རོ། །སངས་རྒྱས་དང་ཆོས་ཀྱི་དཀོར་དང་ལྷ་མ་སྲིན་ལ་སོགས་པའི་ནོར་དུ་བསྔོས་ཤིང་སྲུང་མ་ཡོད་པ་ལས་བརྐུས་ན་ཕམ། བྱ་དང་རི་དགས་ལྟ་བུ་གསོན་མ་ལ་རྒྱན་བཏགས་པ་ལས་བརྐུས་ནའང་བདག་པོ་མི་ཡིན་པས་ཕམ་མོ། །བཟའ་བའི་ཕྱིར་བྱིན་པ་ནི་བསམ་པའི་
རྒྱུད་མེད་དེ། ཕྱུགས་ལ་ཆོས་དང་རྩྭ་དང་ཆུ་ལ་སོགས་པ་སྦྱིན་པར་བསྔོས་པ་ལས་བརྐུས་པ་ནི་ཕྱུགས་ལ་བསྔོས་པའི་སྟེང་དུ་ཕྱུགས་ཀྱིས་ཟོས་ནས་མེད་པར་འགྱུར་བས་ན་སྦོམ་པོ། མ་ཞུགས་ནས་བདག་པོ་མ་ཡིན་ཏེ། རི་དགས་དང་བྱ་དང་གཅན་གཟན་ལ་སོགས་པ་བཤོར་བར་མི་བཏང་བ་དང་
ལིངས་བཏབ་པ་ལ་སོགས་པ་ཁོངས་སུ་མ་ཆུད་ཅིང་དང་རུམ་འབྱོར་བ་ལས་བརྐུས་པ་ནི་བདག་པོ་མེད་པར་བརྩིའོ། །རི་དགས་དང་བྱ་དང་གཅན་གཟན་དག་བཟུང་བའི་ཕྱིར། མེ་བཏང་བ་ལ་སོགས་པའོ། །རི་དགས་དང་བྱ་དང་གཅན་གཟན་ལ་སོགས་པ་བཤོར་བའི་ཕྱིར་ལིངས་དང་མེ་ལ་སོགས་པ་
དང་། རུ་འབྱོར་ཅིང་ཁོངས་སུ་ཆུད་པ་དང་། ཁོངས་སུ་མ་ཆུད་ཀྱང་མངའ་ལྟ་བུ་ཕོག་སྟེ་སྨས་པ་སྙགས་མ་ཕྱི་བཞིན་འོངས་པ་ལྟ་བུ་ལས་བརྐུས་ན་ནི་བདག་པོ་ཡོད་པར་འགྱུར་ཏེ་ཕམ་མོ། །ཁོངས་ནས་བརྐུས་པ་ཡང་ཕམ་མོ། །མ་ཆུད་ན་དངོས་པོ་ཅན་དུ་གཟུང་ངོ་། །ནོར་བདག་མིའམ་བྱོལ་

སོང་གང་ཡིན་གཏོལ་མེད་པའི་ནོར་ཞིག་ལ་སུའི་ཡིན་ཀྱང་རུང་གི་བརྐུའོ་ཞེས་བསམས་པ་ནི་ནོར་བདག་མི་ཡིན་ན་ཕམ་པར་འགྱུར། ཕྱུགས་ཀྱི་ཡིན་ན་སྦོམ་པོར་འགྱུར་མི་ཡིན་ན་སླར་གཞག་གོ་ཞེས་བསམས་པ་ནི་མིའི་ཡིན་ཀྱང་བླངས་ཏེ་སླར་གཞག་ན་མི་ཕམ་མོ། །
རྐུ་བའི་ཚེ་གནས་དང་དུས་ཀྱི་རིམ་གྱིས་སོ། །རྐུས་པའི་ནོར་གྱི་རིན་ཐང་བརྩི་བ་ནི་ནས་འབྲས་ལ་སོགས་པ། དབྱར་དགུན་སྟོན་དཔྱིད་ཀྱི་དུས་ཀྱི་རིན་ཐང་དུ་བརྩི། ལྷོ་བལ་ཡུལ་དང་བོད་ཡུལ་ལྟ་བུ་ནོར་རྒྱུ་གཅིག་ལ་རིན་ཆེ་ཆུང་དུ་འགྱུར་བ་ཡང་ཡུལ་ལམ་གནས་དེ་ཉིད་ཀྱི་རིང་ཐང་དུ་བརྩི་སྟེ་ཚང་
ན་ཕམ་སྟེ་གླ་རྩི་དང་ཁ་ར་ལྟ་བུའོ། །མི་འདོད་པ་རྣམས་ལྟུང་བ་མེད། བུམ་པའམ་གདང་ཤིང་ངམ་ཞྭ་བརྐུས་པ་ལས། བུམ་པའི་ནང་ན་རྫས་ཡོད་པ་གདང་ཤིང་དང་ཞྭའི་ཟླ་ལ་ནོར་འོངས་ཏེ་མི་འདོད་དེ་སླར་བསྐྱལ་བར་བྱས་པ་ན་ཕམ་པར་མི་འགྱུར་རོ། །ཞྭ་དང་གདང་ཤིང་དང་བུམ་པ་ཉིད་
ཀྱིས་རིན་ཐང་བརྩིའོ། །བདག་གིར་དང་གཞན་གྱི་ནོར་རྫས་ཞིག་ལ་ནོར་དེ་བདག་གི་ཡིན་པར་མཐོང་སྟེ་སྤྱད་པ་དང་། རེ་ཞིག་གི་དུས་དང་། གྲོགས་པོའི་རྫས་ཕྲན་ཚེགས་ཞིག་བརྙའོ་ཞེས་མ་བྱས་ཀྱང་སྐད་ཅིག་ཙམ་སྤྱད་པ་དང་། ཡིད་བརྟན་པའི་སེམས་ཀྱིས་དང་། གྲོགས་པོ་ཡིད་བརྟན་
ཏེ་མི་དགའ་བར་མི་འགྱུར་བའི་རྫས་ཞིག་ལ་ཐུག་ཐུབ་པར་སྤྱད་པ་དང་། གཞན་ལ་གསོལ་ཏེ་ནའོ། །རྫས་ཐུན་མོང་དུ་སྤྱད་དོ་ཞེས་སྔར་འཐམས་ཏེ་སྤྱད་པ་འཕྲལ་ལ་བརྙས་ཏེ་སྤྱད་པ་དང་འདི་རྣམས་ལྟ་བུ་སྤྱད་པ་ན་རྐུ་སེམས་མེད་ན་ཉེས་མེད་དོ། །གཞན་ཡང་རྐུ་བའི་སེམས་མེད་ནའོ། །
རྐུ་སེམས་མེད་པར་ནོར་རྫས་བཟང་ངན་ལྟ་བའི་ཕྱིར་ལག་གིས་གཟུང་བ་ལྟ་བུ་དང་གཞན་ཞིག་གིས་བརྐུ་བའི་ཕྱིར་དེ་འདྲ་བ་ཞིག་ལོང་སྟེ། ང་ལ་བྱིན་ཅིག་ཅེས་ཟེར་བ་ལ་བདག་གིས་རྐུ་བར་མི་ཤེས་ཤིང་བདག་ལ་རྐུ་སེམས་མེད་པར་ཁོའི་ཁ་ཐབས་བཞིན་དུ་བླངས་ཏེ་བྱིན་པ་ལ་སོགས་
པ་ནི་ཉེས་མེད་དོ། །སྙིང་རྗེ་བའི་ཕྱིར་འཁྲུལ་གྱིས་བཏང་ན་ཡང་ངོ་། །ཨ་ནན་ཏའི་བྱིན་དའི་བུ་སྟོན་ཀའི་དུས་ཀྱི་རྐུན་པོས་བརྐུས་པ་ལས་མཽད་གལ་གྱིས་རྐུན་པོ་བུ་གཉིས་ལ་སྙིང་རྗེ་བའི་ཕྱིར་དམག་མི་ཕལ་མོ་ཆེར་སྤྲུལ་ཏེ་བསྡིགས་ནས། རྐུན་པོས་བུ་སླར་བཏང་བ་དང་། དྲུག་སྡེ་ཕས་ཕམ་

པར་གྱུར་ཏོ་ཞེས་བརྒལ་ནས་སྙིང་རྗེ་དང་འཕྲུལ་གྱིས་བྱས་པས་ཉེས་མེད་པའོ་ཞེས་བཅས། ཐམས་ཅད་དུ་ཡང་སྦྱོར་བའི་ཉེས་བྱས་པའོ། །ཕས་ཕམ་པ་དང་ལྷག་མ་དང་ལྟུང་བ་དང་བཞི་སོ་སོར་མཐོལ་བ་དང་མང་པོ་བསླབ་པ་དང་། ལྟུང་བ་འདི་སྡེ་ལྔ་ཐོག་མ་བྱེད་ཅིང་སྦྱོར་བའི་ཚེ་ན་གང་
ཡང་རུང་སྟེ་ཉེས་བྱས་པའོ། །དེ་སྟེ་རྩ་བའི་སྡེ་འདིར་ནི་སྦོམ་པའོ། །ཕས་ཕམ་པ་བཞི་ལས་གང་ཡང་རུང་སྟེ་ཐོག་མ་ཕམ་པར་བྱེད་ཅིང་སྦྱོར་བའི་ཚེ་ཉེས་བྱས་ཀྱི་ཐོག་ཏུ་སྦོམ་པོ་རེ་རེ་ཡང་ཡོད་དོ། །སྦོམ་པོར་འགྱུར་བ་ཞིག་སྤྱོད་ནའང་ཐོག་མར་ཉེས་བྱས་པ་ཡོད་དེ་དེའི་འོག་ཏུ་ཕམ་པ་ལ་
བརྩོན་པས་སྦོམ་པོའོ། །མདོ་བཞིན་པའི་ཡང་དེ་བཞིན། བཅུ་གསུམ་དགེ་འདུན་གྱི་ལྷག་མར་འགྱུར་བ་ཞིག་སྤྱོད་ནའང་ཐོག་མ་སྦྱོར་བའི་ཚེ་ཉེས་བྱས་སུ་གྱུར་པའི་འོག་ཏུ་སྦོམ་པོ་གཅིག་ཀྱང་ཡོད་དོ། །མ་ཚང་བ་བརྐུས་ན་ཡང་ངོ་། །མིའི་ནོར་ལས་བརྐུས་པ་ལས་དངུལ་ཞོའི་བརྒྱད་ཆ་གཅིག་
ཏུ་མ་ཚང་བ་མན་ཆད་ནི་བརྐུས་ཏེ། བླངས་ཀྱང་སྦོམ་པོར་འགྱུར་རོ། །བདག་པོ་མེད་པའི་གཏེར་ཡང་ངོ་། །ནོར་བདག་གིས་ནོར་གཏེར་དུ་སྦས་པ་ལས་ཤི་ནས། བུས་རྒྱུས་མི་ཤེས་པ་ལྟ་བུ་དང་། རྒྱལ་པོའི་ས་རིས་ཀྱི་ནང་དཀོར་ཁུང་ཡོད་པ་མངོན་པར་མ་བཏོད་ཅིང་། རྒྱལ་པོས་མི་ཤེས་པ་ལྟ་བུ་
ལ་བརྐུས་ན་རིན་ཐང་ཚང་ཡང་སྦོམ་པོའོ། །བདག་གི་ཡང་ངོ་། །དགེ་སློང་ཨ་ཛི་ཏ་ལ་ཆོས་གོས་བཟང་པོ་ཅིག་ཡོད་དེ། དགེ་སློང་ཅིག་གིས་མཐོང་ནས་བརྐུ་བར་བྱས་པ་དང་། ཨ་ཛི་ཏས་ཚོར་ཏེ་བདག་གི་ཆོས་གོས་ཀྱི་གནས་སུ་ཁོའི་ཆོས་གོས་གཞག་པ་དང་། དགེ་སློང་དེས་ཆོས་གོས་དེ་བརྐུས་
ཏེ་གུད་དུ་བལྟས་ན་བདག་གི་ཆོས་གོས་ཡིན་པར་གྱུར་པ་ལས་བཅས་ཏེ། བདག་གི་རྫས་ལ་གཞན་གྱི་ནོར་དུ་བསམས་ཏེ་བརྐུས་ན་ཡང་སྦོམ་པོ། རྒྱུད་གཞན་གྱི་ཡང་ངོ་། །མི་མ་གཏོགས་པ་ལམ་རྒྱུད་བཞི་གང་ཡང་རུང་སྟེ་ནོར་རྫས་བརྐུས་ན་སྦོམ་པོ། བདག་གིར་མ་བྱས་ཀྱང་། བདག་
གི་ནོར་དུ་བྱ་བའི་ཕྱིར་མ་བརྐུས་ཀྱང་འདི་རྣམས་ལྟར་བྱས་ན་སྦོམ་པོ། སྦས་སམ། ནོར་ཆུད་གཟན་ཅིང་མེད་པར་བྱ་བའི་ཕྱིར་སའི་ནང་ལ་སོགས་པར་སྦས་པ་དང་། མ་རུང་བར་བྱས་པ་དང་། ནོར་རྫས་མེར་བསྲེགས་སམ། ཆུ་ལ་བསྐུར་རམ་དྲལ་བཅོམ་པ་ལ་སོགས་པ་ཆུད་གཟན་པ་

དང་། བཅིངས་པ། ནོར་བདག་དང་མི་ཕྲད་པར་བྱ་བའི་ཕྱིར་གནག་རྟ་ལྟ་བུ་བཅིངས་ཤིང་བཏགས་པ་ལྟ་བུ་དང་། འཕྲོལ་བ་ལ་སོགས་པ་དང་། གནག་རྟ་ལ་སོགས་པ་བཏགས་པ་ལས་སྟོར་ཅིང་མེད་པར་བྱ་བའི་ཕྱིར་འཕྲོལ་ཏེ་འཁྱམ་དུ་བཏང་བ་དང་། ཕྲལ་བ་ཡང་
ངོ་། །འདི་རྣམས་ལྟ་བུ་ལ་སོགས་པ་ནོར་བདག་དང་ནོར་དུ་ཕྲལ་བའི་ཕྱིར་ཆུད་གཟན་པའི་ཕྱིར་བྱས་པ་མེད་པར་བྱས་པ་ནི་སྦོམ་པོའོ། །ཉེས་བྱས་པ་ནི་སྙིང་རྗེའི་སེམས་ཀྱིས་བཏང་ནའོ། །རི་དགས་དང་གཅན་གཟན་རྙི་དང་། རྒྱ་ལ་ཟིན་པ་དང་ཕྱུགས་ལ་སོགས་པ་བསད་པར་བཏགས་ཤིང་
བཅིངས་པ་ལ། རི་དགས་ལ་སོགས་པ་དང་བདག་པོ་གཉིས་ཀ་ལ་སྙིང་རྗེའི་ཕྱིར་ཐུག་ཐུབ་ཏུ་བཏང་བ་ནི་ཉེས་བྱས། རྒྱ་དང་རྙི་ལ་སོགས་པ་སྙིང་རྗེ་བའི་སེམས་ཀྱིས་དྲལ་ཅིང་བཏང་བ་ཡང་ཉེས་བྱས་ཏེ། སྙིང་རྗེ་ལ་རྣམ་གཉིས་སོ། །བཟློག་ཀྱང་མ་བྱས་པ་མ་ཡིན། རྐུན་པོས་དགེ་སློང་ལ་རྐུ་
བའི་རྒྱུས་དྲིས་པ་ལ། དགེ་སློང་གིས་སྐྱེས་པ་མེད་དོ། །ཁྱི་མི་ཟའོ་ཞེས་བྱ་སྟེ། རྐུ་བར་བསྟན་པའི་འོག་ཏུ་སྔར་སྨྲས་པ་བརྫུན་བྱ་སྟེ། རྐུ་བའི་མི་རིགས་སོ་ཞེས་སླར་བཟློག་ཀྱང་སྦོམ་པོར་འགྱུར་རོ། །མ་རེག་པ་ཚུན་ཆད་སྦྱོར་བའི་སྦྱོར་བའོ། །ནོར་རྐུ་བར་བསམས་ནས་ནོར་ལ་མ་རེག་ཚུན་
ཆད་སྦོམ་པོ་ལ་སྦྱོར་བ་སྟེ་ཉེས་བྱས་སུ་འགྱུར་རོ། །བེན་ན་གོམ་པ་རེ་རེ་ཞིང་ངོ་། །མཁན་པོ་ལྟ་བུས་སློབ་མ་ལ་ཆོས་གོས་བསྐུར་ཏེ་ཕྱི་བཞིན་དུ་འབྲང་དུ་བཅུག་པ་ལས། སློབ་མ་དེས་རྐུ་བར་བསམས་ཏེ། བེན་ན་གོམ་པ་དུ་བོར་བ་རེ་རེ་ཞིང་ཉེས་བྱས་རེ་རེར་འགྱུར་རོ། །དེའི་རྒྱུད་ན་སེམས་ཅན་
སོ་སོ་ལས་སོ། །མི་གཉིས་གསུམ་ཡན་ཆད་མང་པོ་ཞིག་གི་ནོར་ལ་དགེ་སློང་ཅིག་གིས་བརྐུས་ན་མི་དེ་རྣམས་ཀྱི་སོ་སོའི་ནོར་སྐལ་ལས་རིན་ཐང་ཚང་ན་མིང་དུ་ཡོད་པ་བཞིན་དུ་ཉེས་བྱས་དང་། སྦོམ་པོ་རེ་རེ་ཡང་ཡོད། ཕས་ཕམ་པ་ནི་སྤྱིར་གཅིག་ཏུ་ཟད་དེ་སྡིག་ནི་མི་དུ་ཡོད་པ་བཞིན་དུ་ཕས་ཕམ་
པ་རེ་རེའི་སྡིག་ཡོད། རིན་ཐང་མ་ཚང་ན་སྦོམ་པོ་དང་ཉེས་བྱས་རེ་རེ་ཡོད་དུ་ཟད་དོ། །ཕུར་པ་ལས་བཀྲོལ་བ་ནི་གྲུ་ལ་རེག་པ་མ་ཡིན་ནོ། །གྲུ་བརྐུ་བའི་ཕྱིར་ཉག་ཐག་ཕུར་པ་ལས་བཀྲོལ་བ་ནི་གྲུ་ལ་རེག་པ་མ་ཡིན་ཏེ། སྦོམ་པོར་མི་འགྱུར་གྱི་ཉེས་བྱས་པའོ། །ཁུར་གྱིས་རྐུ་བར་དེར་བྱེད་ཅིང་བརྐུས་པར་

ནའོ། །སྣམ་བུའམ་རས་སམ་ནོར་གང་ཡང་རུང་བ་ལས། མང་མོ་ཞིག་ཁུར་དུ་དྲགས་ཏེ་རྐུ་བ་ནི་བརྐུ་བར་བསམས་པའི་ཕྱིར་ཉེས་བྱས་ནི་གཅིག་ཏུ་ཟད། འདྲ་བའི་ཕྱིར་སྐྱེད་ཅིང་སྡུད་པ་ལ་རེག་པ་རེ་རེ་ཞིང་སྦོམ་པོ་རེ་རེ། དྲགས་ཟིན་ནས་འདེགས་པར་རེག་པའི་ཚེ་ཡང་སྦོམ་པོ་གཅིག །བཏེག་
སྟེ་འཕགས་ན་ཕམ་པར་འགྱུར། བཏོགས་ནས་ཕུང་པོར་ནའོ། །ཤིང་ཏོག་བཏོགས་ནས་སྣོད་དུ་སྡུད་པའི་ཚེ་སྡུད་པར་རེག་པ་རེ་རེ་ལ་སྦོམ་པོ་རེ་རེ་བསྡུས་ཟིན་ནས་བཏེག་པར་རེག་པའི་ཚེ་སྦོམ་པོ་གཅིག་བཏེག་སྟེ་འཕགས་ན་ཕམ། ཉེས་བྱས་ནི་བརྐུ་བར་བསམས་པའི་ཕྱིར་གཅིག་ཏུ་
ཟད་དོ། །ཡལ་ག་བཀལ་ཏེ་བཅད་པ་ནི་ཤིང་ཏོག་དང་མེ་ཏོག་ལ་སོགས་པ་དུ་ཡོད་ཀྱང་སྦོམ་པོ། སྤྱིང་བ་ནི་གནས་ཀྱི་སྟེང་ནས་ནོར་གྱི་སྤྱི་བོ་ནུབ་ནའོ། །ཆུ་དང་ས་ལྟ་བུའི་ནང་དུ་ནོར་བརྐུ་བའི་ཕྱིར་སྦྱོར་བ་ནི་ནོར་གྱི་སྤྱི་བོ་ནུབ་ཅིང་མི་སྣང་ན་ཕམ། ཆུའི་ཞབས་སུ་ནོར་སོང་སྟེ་ཆུ་དང་པས་
སྟེང་ནས་བལྟར་སྣང་བ་ནི་སྦོམ་པོ་སྟེ་ཆུའི་འོག་གི་སའི་ནང་དུ་སྤྱིངས་ཏེ་མི་སྣང་ན་ཕམ། བཀུར་བའི་སེམས་ཀྱིས་གང་འདི་ནས་ཕྱིས་བཀུར་བར་ནའོ། །མདོ་ལྟག་མ་ལྟར་སྦས་ཏེ་བཞག་པའི་ཚེ་མི་ཕམ་གྱི་ཕྱིས་བླངས་ཏེ་ཁྱེར་བའི་ཚེ་ཕམ་མོ་ཞེས་ཀླན་ཀ་ཚོལ་བའི་ཕྱིར་མདོ་འདི་འཆད་དེ་སྦ་སྟེ་བཞག་
ནས་ཕྱིས་བླངས་ཏེ་བཀུར་རོ་ཞེས་བསམས་སུ་ཟིན་ཀྱང་སྦས་པའི་ཚེ་ནོར་མི་སྣང་ན་ཕམ་པར་འགྱུར་རོ། །བཤལ་བ་ནི་ཐོག་མའི་གཞིའི་མཚམས་ལས་མཇུག་མ་འདས་ནའོ། །ནོར་ཞིག་ས་ལས་བཤལ་ཏེ་རྐུ་ན་གཞི་ག་ལ་འདུག་པའི་ནོར་གྱི་མཐའ་མ་འམ་མཇུག་མ་འདུག་པའི་མཚམས་ལས་
འདས་ན་ཕམ་པར་འགྱུར། དེ་ལྟར་འགྱུར་བ་ཡང་ནོར་འདུག་པའི་གཞི་ལ་སའི་སྲུབས་སམ་བང་རིམ་ལྟ་བུའི་མཚམས་མེད་ན་ནོར་གྱི་མཇུག་མའི་མཚམས་འདས་ན་ཕམ། ཡོག་པའི་ནང་དུ་ཆུད་པ་ནི་དེར་མ་ཡིན་ནོ། །ནོར་བཤལ་ཏེ་རྐུ་བའི་འོག་ན་མཚམས་སམ་ས་སྒལ་ཞིག་ཡོད་ན་ནོར་གྱི་
མཇུག་མའི་མཚམས་མ་འདས་ཀྱང་ས་སྒལ་དེ་འདས་པས་ཕམ་པར་འགྱུར་ཏེ། དཔེར་ན་ཞིང་རོལ་གྱི་སྟེང་ནས་ཤིང་རིངས་རྐུ་བ་ལྟ་བུའོ། །དེའི་གཟུགས་ནི། མཚམས་འདས་ན་ཕམ་པར་འགྱུར་བའི་མཚམས་ཀྱི་གཟུགས་ནི་འདི་རྣམས་ལྟ་བུ་གང་ཡང་རུང་ངོ་། །འཕགས་པ་དང་། ས་སྐྲངས་

པ་ལྟ་བུའི་བང་རིམ་དང་། གས་པ་དང་། ས་གས་པའི་སེར་ཁ་དང་། ཡི་གེ་དང་། ཡི་གེའི་འབྲུ་ཚིག་ལས་གཅིག་གི་སྟེང་དུ་ཐལ་བ་དང་། ཁ་དོག་དང་གཞན་དང་། ཁ་དོག་སྣ་ཚོགས་སུ་འདུག་པ་ལས་གཅིག་ལས་ཁ་དོག་གཞན་གྱི་སྟེང་དུ་ཐལ་བ་དང་། མཚམས་དང་།
ས་ཤིང་ལ་སོགས་པའི་སྲུབས་ལྟ་བུ་དང་། རྣང་སྒལ་ལོ། །ཞིང་གི་རྣང་སྒལ་ལྟ་བུ་དང་འདི་རྣམས་གང་ཡང་རུང་སྟེ་བཤལ་བ་ལས་མཚམས་འདས་ན་ཕམ། སྲོག་ཆགས་ཀྱི་མུ་ནི་ཐ་དད་དཔེར་མངོན་ན་རྩིབ་མ་ལ་སོགས་པ་ལས་སོ། །ཕྱུགས་ལྟ་བུ་ལ་གོས་གཡོགས་སམ་བཀལ་བ་ལས་རྐུ་ན་
བསྙིལ་ཏམ་བཤལ་ཏེ། ཕྱུགས་རིང་ན་རྩིབ་མའམ་རུལ་བ་དག་གི་གཟུགས་མངོན་པར་སྣང་བ་གང་ཡང་རུང་འདས་ན་ཕམ། ཕྱུགས་ཚོན་པོ་རུས་པ་མི་མངོན་པ་ནི་ལུས་ལས་འདས་ཤིང་འཕགས་ན་ཕམ། གདིང་བ་བཏིང་བ་ཡང་གནས་བཞིན་ནོ། །ཕྱིང་པའམ་ཕྱར་བ་ལྟ་བུ་བཏིང་བའི་སྟེང་ནས་
བཤལ་ཏེ་རྐུ་ན་ས་ལ་བཤལ་བའི་མཚམས་དང་འདྲ་བར་ཕྱར་བའི་སྲུབས་སམ་ཁ་དོག་ཐ་དད་པའི་མཚམས་འདས་ན་ཕམ། བཙུགས་པ་ཡང་བཞག་པ་བཞིན་ནོ། །སྐྱེ་ཤིང་ངམ་མདའ་འཕངས་པ་ལྟ་བུ་ས་ལ་ཟུག་པ་ཞིག་ལས་རྐུ་ན་ཕྱུང་སྟེ་ས་ལས་འཕགས་ན་ཕམ་མོ། །གྱོན་པ་ནི་ཕྲལ་ནའོ། །
གོས་སམ་མགོ་རྒྱན་དང་གདུ་བུ་ལ་སོགས་པ་ལུས་ལ་ཐོགས་པ་ཞིག་ལས་རྐུ་ན་ལུས་ལས་ཕྲལ་ཏེ་འཕགས་ན་ཕམ། སོར་གདུབ་ལྟ་བུ་མཛུབ་མོའི་ཚིགས་འགའ་ཙམ་འདས་ནས་མི་ཕམ་གྱི་མཛུབ་མོ་ལས་འདས་ཏེ་འཕགས་ན་ཕམ། ཤོ་གམ་ནི་དེའི་ས་འདས་ནའོ། །ཤོ་གམ་གྱི་རྒྱུད་དུ་འགྲོ་
སྟེ། བདག་གི་ནོར་ལས་ཤོ་གམ་པ་དབང་བར་འགྱུར་བ་ཞིག་མི་སྦྱིན་པར་བསམས་ཏེ་སོང་བ་ནི་ཤོ་གམ་གཅོད་པའི་སའམ་མཚམས་འདས་ན་ཕམ་མོ། །མི་ནི་དུས་བྱས་ཏེ་དེ་སྟེ་དེར་གྲུབ་ནའོ། །མི་རྐུ་བ་ནི་དུས་བྱས་ཏ་དུས་མལ་དུ་ཕྲད་ན་ཕམ། དུས་ལ་རྣམ་པ་གསུམ་སྟེ་གོས་འདི་འདྲ་བ་
ཞིག་གྱོན་ནས་ཤོག་ཤིག་ཅེས་བྱ་བ་ལྟ་བུ་དང་། ཉི་ཚོད་འདི་ཙམ་ན་ཤོག་ཤིག་བྱས་པ་དང་། ཤིང་ངམ་རྡོ་འདིའི་དྲུང་དུ་ཤོག་ཤིག་ཅེས་བྱ་བ་ལྟ་བུ་གང་ཡང་རུང་ངོ་། །བྱ་ནི་དེ་སྟེ་དེ་ལྟར་སྤུར་ནའོ། །བྱ་རྐུ་བ་ནི་རྐུ་བའི་ས་ལོགས་སུ་བསྐྲད་སྤུར་ན་འཕུར་ཏེ། འཕགས་མ་ཐག་ཏུ་ཕམ། རྐུ་བའི་གནས་

མ་ཡིན་པར་ལོགས་ཤིག་ཏུ་འཕུར་བ་ནི་སྦོམ་པོ། བྱོལ་སོང་བཏགས་པ་ལས་བཀྲོལ་ནའོ། །རི་དགས་རྙི་ལས་ཟིན་པའམ་ཕྱུགས་ཕུར་པ་ལ་བཏགས་པ་ལྟ་བུ་རྐུ་ན་མ་འཕགས་ཀྱང་བླ་སྟེ་བཀྲོལ་མ་ཐག་ཏུ་ཕམ་མོ། །ཁྱུ་ལས་སམ་བཟུང་བ་ནི་མི་སྣང་བར་གྱུར་ནའོ། །ཕྱུགས་ཁྱུ་ལྟ་
བུ་ལས་རྐུ་ན་བཅིངས་ཏེ་བཞག་ཀྱང་རུང་བཀར་ཏེ་དེད་ཀྱང་རུང་བཟུང་སྟེ་ཁྲིད་ཀྱང་ཕྱུགས་ཕལ་མི་སྣང་བར་གྱུར་ན་ཕམ་མོ། །སྔགས་ཀྱིས་བཀུག་པ་ནི་སྣང་ནའོ། །སྔགས་བྱས་ཏེ་རྐུ་བ་ནི་སྔགས་ཀྱི་མཐུས་ནོར་རང་འོང་བ་མིག་སྔར་སྣང་ཞིང་མཐོང་ན་ཕམ། ནོར་འོང་ངམ་མི་འོང་བྱ་ར་བས་
བཙུགས་ཏེ་བྱ་ར་བས་མཐོང་ན། དགེ་སློང་གིས་མ་མཐོང་ཡང་ཕམ། ཕྱི་བཞིན་དུ་འགྲོ་བ་དང་། སློབ་མ་ལྟ་བུ་ལ་མཁན་པོའི་རྫས་ཤིག་བསྐུར་ཏེ་ཕྱི་བཞིན་དུ་འབྲང་བ་ལས་རྐུ་བ་དང་། སྐྱེལ་བ་ནི། ནོར་ཞིག་སྐྱེལ་དུ་བཏང་བ་ལས་རྐུ་བ་དང་འདི་རྣམ་གཉིས་ལྟར་རྐུ་ལ་འོག་ནས་མིང་གིས་
བཤད་པ་ལྟར་བྱས་ན་ཕམ་པར་འགྱུར་ཏེ། བེན་ཏམ། རྐུ་བའི་ཚེ་བེན་ཏེ་འདུག་པ་དང་། ལོག་གམ་ལམ་ལས་སླར་ལོག་སྟེ་སོང་བ་དང་། གྱུ་འམ། ལམ་ནས་གཡས་གཡོས་སུ་གྱུ་འམ། ཞུགས་སམ། ནགས་སམ་ཁང་པ་ལྟ་བུར་ཞུགས་པ་དང་། འཛེགས་ན་དེ་ཁྱེར་བ་སྔོན་བཞིན་ནོ། །ཤིང་
ངམ་བྲག་ལྟ་བུ་ལ་འཛེགས་པ་དེ་རྣམས་གང་ལྟར་བྱས་ཀྱང་རུང་སྟེ། ཕྱུགས་ཁྱུ་ལས་བརྐུས་ན་མི་སྣང་ན་ཕམ་པ་བཞིན་དུ། འདི་ཡང་མི་སྣང་བར་གྱུར་ན་ཕམ། གྲུ་ནི་ཐང་དང་ཡུར་བ་དང་མཚེའུ་ལས་ཀྱང་ངོ་། །གྲུ་རྐུ་བ་ནི་ཐང་ལ་ཁུར་དུ་ཁྱེར་བ་དང་ཡུར་བའི་ཆུ་ལས་དྲངས་པ་དང་མཚོ་ལས་
ཀྱང་རུང་སྟེ་ཐོག་མའི་གནས་མི་སྣང་བར་གྱུར་ན་ཕམ་མོ། །རྒྱུན་གྱི་རྗེས་སུ་ཡང་ངོ་། །ཆུ་འབབ་པའི་རྒྱུན་བཞིན་དུ་གྲུ་དྲངས་ཏེ་རྐུ་བ་ཡང་ཐོག་མ་འདུག་འདུག་པའི་གནས་མི་སྣང་བར་གྱུར་ན་ཕམ། ཐད་ཀར་ནི་འགྲམ་དག་མི་སྣང་ནའོ། །མཚོའམ་ཆུ་ཁ་ཚོན་ཆེན་པོ་ལྟ་བུ་ལ་གྲུ་ཐད་ཀར་
དྲངས་ཏེ་རྐུ་ན་ཕ་རོལ་གྱི་འགྲམ་དུ་མ་ཕྱིན་ཀྱང་ཐོག་མ་འདུག་པའི་ས་མི་སྣང་ན་ཕམ། གཞན་ནི་དེར་ཕྱིན་ནའོ། །ཆུ་ཁ་ཚོན་ཆུང་ངུ་ལས་གྲུ་དྲངས་ཏེ་རྐུ་ན་ཐོག་མ་འདུག་འདུག་པའི་གནས་སྣང་ཡང་ཕ་རོལ་དུ་ཕྱིན་ན་ཕམ། རྒྱུན་ལས་བཟློག་པ་ནི་ཚུགས་འདས་ནའོ། །གྲུ་ཆུ་འབབ་པའི་རྒྱུན་

ལས་སླར་བཟློག་སྟེ་གྱེན་དུ་དྲངས་ཏེ། རྐུ་ན་ག་ལས་འདོར་བའི་གྲུ་ཚུགས་འདས་པ་ན་ཕམ། གླགས་པ་མ་གཏོགས་ཏེ་བདག་གི་ལས་ཀྱི་མཐའ་གྲུབ་པར་འདོད་པ་དེའི་ཕྱིར། ཞིང་གི་ཆུ་རྐུ་བ་ནི་ལུད་དང་རྨོ་བརྐོ་དང་ཡུར་ཁུགས་ལྟ་བུ་བཟང་དུ་བྱས་ཏེ། ནས་བཟང་
པོར་སྐྱེས་པ་ནི་མ་གཏོགས་པར་བདག་གི་ཞིང་གི་ལས་བཟང་དུ་བྱས་ཤིང་ནས་བཟང་དུ་སྐྱེས་པར་གྲུབ་པར་འདོད་པའི་ཕྱིར། གཞན་གྱི་ལས་ཀྱི་མཐར་ཆུང་དུ་བཏང་ངམ། གཞན་གྱི་ཞིང་གི་ལས་བྱས་པ་ལ་ཆར་པ་ཆེ་བའི་ཚེ་གཞན་གྱི་ཞིང་དེ་ལ་བདག་ཞིང་གི་ཆུ་བྱོ་སྟེ་བཏང་། བགགས་
ནའོ། །ཐན་པ་བྱུང་བའི་ཚེ་གཞན་གྱི་ཞིང་གི་ཆུ་བཅད་དེ་བདག་གི་ཞིང་ལ་བཏང་བས། སྟོན་ཆུ་དེའི་ཡོན་ཏན་གྱིས་བཟང་ངན་གྱི་ཁྱད་ཅིག་ཞུགས་ན་ཕམ་མོ། །ཤས་འཐོབ་པའི་ཕྱིར་རྐུན་པོ་ལ་རྒྱུས་བསྟན་ནའོ། །རྐུན་ཤས་འདོད་པའི་ཕྱིར་རྐུན་པོ་ལ་རྒྱུས་བསྟན་ན་སྦོམ་པོའོ་ཞེས་
མདོ་ཚིག་ལྟག་ནས་འཆད་པ་ཡིན་མོད་འདི་ནི་ཤས་འདོད་པའི་ཕྱིར། རྐུན་པོ་ལ་རྒྱུས་བསྟན་ཏེ་རྐུན་པོས་ཤས་བྱིན་ཏེ་རིང་ཐང་ཚང་ན་ཕམ་མོ། །ས་དང་ཁྱིམ་ལ་མུ་འཁོར་དུ་བཅུག་ཅིང་བསྲེས་ནའོ། །ཞིང་ས་དང་ཁྱིམ་ས་ལྟ་བུ་རྐུ་ན་བདག་གི་ཞིང་དང་མུ་བསྲེས་ཏེ་ར་བའམ་འོབས་ལྟ་
བུས་བསྐོར་ནས་ར་བའམ། འོབས་ལྟ་བུ་སྣ་ཕྲད་དེ་ས་དེ་ལ་རིན་ཐང་བརྩིས་ཏེ་ཚང་ནའང་ཕམ་མོ། །དེ་སྟེ་རྒྱལ་པོའི་འཁོར་དུ་ཤགས་བཀྱེ་སྟེ་རྒྱལ་ནའོ། །ཞིང་ས་དང་ཁྱིམ་ས་ལྟ་བུ་ལ་གཞན་ཞིག་དང་ས་མཚམས་ལ་མི་འདུམ་མམ། ངོ་ལྡོག་སྟེ་རྒྱལ་པོ་ལ་ཤགས་བཀྱེ་ནས། དགེ་སློང་མི་
དབང་བ་ལས་རྒྱལ་པོས་དགེ་སློང་དབང་ངོ་ཞེས་བཅད་ན་ཕམ། དེ་བཞིན་དུ་ནོར་རྫས་གང་ཡང་རུང་ངོ་། །དེ་སྟེ་ཡུལ་དཔོན་ལ་བརྩམས་པ་ལས་ཕ་རོལ་གྱིས་བཏང་ནའོ། །ཞིང་ས་དང་ཁྱིམ་ས་ལ་མཚམས་དང་མུ་འམ། ངོ་ལྡོག་པ་ཡུལ་དཔོན་ནམ་མི་དྲ་མ་ཞིག་ལ་ཞལ་ཆེ་བཀྱེ་བ་ལས། ཡུལ་
དཔོན་ཡང་རུང་ཞལ་ཆེའི་ཟླ་ཡུལ་བདག་ཀྱང་རུང་སྟེ་དགེ་སློང་མི་དབང་མོད་ཀྱི་རྩོད་དཀས་ཀྱིས་ཐོང་ཞེས་བསམས་ནས་བཏང་ངམ། ཡུལ་དཔོན་གྱིས་ཐོང་ཞེས་ཟེར་བ་བཞིན་བཏང་ན་ཕམ་པར་འགྱུར། ནོར་རྫས་གཞན་ལ་རྩོད་པའང་དེ་དང་འདྲའོ། །དེ་ནི་སྦྱོར་བའོ། །ཞིང་ས་ལྟ་བུ་ངོ་ལྡོག་པ་ཡུལ་

དཔོན་ལྟ་བུས་དགེ་སློང་མི་དབང་བ་ལ་དབང་བར་བཅད་ནས་ཡུལ་དག་མ་རངས་ཏེ་མ་བཏང་ནས་ཞལ་ཆེ་སྤོས་ཏེ་བཀྱེ་ན་གྲངས་དུ་སྤོས་པ་བཞིན་དུ་སྦོམ་པོ་རེ་རེ། དགེ་སློང་མི་དབང་ལ་ཞལ་ཆེ་ཡང་ཡུལ་བདག་དབང་བ་བཅད་པ་ལས་དགེ་སློང་གིས་མ་བཏང་སྟེ་གྲངས་སྤོས་ཏེ་བཀྱེ་ན་གྲངས་དུ་
སྤོས་པ་བཞིན་དུ་སྦོམ་པོ་རེ་རེའོ། །རྐུ་བའི་སེམས་མེད་ན་ཤོ་གམ་གྱི་རྒྱུད་དུ་ཉེས་པ་འབྱུང་བར་མ་དོགས་ཤིག །ཤོ་གམ་གྱི་རྒྱུད་ཡོད་པར་མི་ཤེས་ལ་རྐུ་སེམས་ཀྱང་མེད་ན་ཤོ་གམ་དུ་འགྱུར་བའི་རྫས་ཤོ་གམ་གྱིས་འདས་ཀྱང་ཉེས་མེད་དོ། །དགེ་སློང་རྒན་པོ་ཞིག་གིས། དགེ་སློང་གཞོན་ནུ་རྒྱུས་
མི་ཤེས་པ་ཞིག་ལ་ཤོ་གམ་ལས་བཟླ་བའི་ཕྱིར་ཤོ་གམ་དུ་འགྱུར་བའི་ནོར་བརྐུས་ནས། ས་མཚམས་འདས་པ་དང་སླར་བླངས་ནས། དགེ་སློང་གཞོན་ནུ་ནོར་ཁྱེར་ཁྱེར་བ་དང་ཅི་ལྟར་མ་ཚོར་གྱི་ཕམ་པར་གྱུར་སྙམ། ཐེ་ཚོམ་ཟོས་ནས་དེ་ཉེས་པར་མི་འགྱུར་རོ་ཞེས་བཅས། ནོར་གང་གིས་
ཁྱེར་བ་དེས་སྦྱིན། དགེ་སློང་ལ་གཞན་གྱི་ནོར་ཤོ་གམ་དུ་འགྱུར་བ་ཞིག་བསྐུར་ཏེ་ཤོ་གམ་པའི་སར་འོངས་ནས་ཤོ་གམ་པ་ཅི་དབང་བ། དགེ་སློང་ཁྱེར་ཁྱེར་བ་དེ་སྦྱིན་ནོ། །བཏང་བ་ལས་གཞན་གྱི་བཟླས་ན་བརྐུས་པ་མ་ཡིན། དགེ་སློང་ལ་ཤོ་གམ་མ་བཅད་ཅིག་པར་གནང་སྟེ་བཏང་བ་ལས།
དགེ་སློང་དེས་གཞན་གྱི་ནོར་ཞིག་ཁྱེར་ཏེ་ཤོ་གམ་པ་ཅི་དབང་བ་ནོར་བདག་སྦྱིན་པའི་ཕྱིར་མ་བྱིན་ན་སྦོམ་པོའོ། །བདག་བཀུར་བའི་ཕྱིར་མ་བྱིན་ན་ཕམ་པ་བདག་བཀུར་བའམ། ནོར་བདག་སྦྱིན་པ་གཉིས་ཀར་ཡང་མ་བསམས་ལ་ཤོ་གམ་པ་ཅི་དབང་བ་མ་བྱིན་ན་ཉེས་བྱས་འདི་ནི་མདོའི་ཊཱི་ཀ་ལས་འབྱུང་།
ཞལ་ནས་གསུངས་པ་ལས་ནི་གཞན་གྱི་ནོར་ཤོ་གམ་ལས་བཟླས་ཏེ་ཤོ་གམ་པ་ཅི་དབང་བ་མ་བྱིན་ན་ཕམ་མོ་ཞེས་འབྱུང་བར་ཟད། བཅས་པའི་གཞི་ནི་རྒྱལ་པོ་འབྱི་འབྱི་ས་རས། དགེ་སློང་ལ་ཤོ་གམ་མི་གཅད་པར་གནང་བ་ལས། དགེ་སློང་གཅིག་ཅིག་གིས་འདྲོན་པོ་གཞན་གྱི་ནོར་ཤོ་
གམ་དུ་འགྱུར་བ་ཁྱེར་ཏེ་ཤོ་གམ་པ་དབང་བ་མ་ཡིན་པ་ལས་བཅས། མ་བཏང་ན་གཞན་ལས་མི་བཟླ། དགེ་སློང་གི་ནོར་ལ་ཤོ་གམ་མི་གཅད་པར་གནང་བ་མེད་པ་ལ་གཞན་དབང་ཆེན་པོའམ་ཁ་དྲག་པ་ལ་བདག་གི་ནོར་ཤོ་གམ་དུ་འགྱུར་བ་དེ་བསྐུར་ཏེ། ཤོ་གམ་པ་དབང་བ་མ་བྱིན་ཏེ་རིན་

ཐང་ཚང་ན་ཕམ། མ་ཚོར་བར་འདའ་བར་འགྱུར་བ་ནན་ཏན་མི་བྱ་བར་མི་བྱ། བདག་གི་སྣོད་ཀྱི་ནང་དུ་གཞན་གྱིས་ཤོ་གམ་དུ་འགྱུར་བའི་ནོར་བཅུག་ནས་མ་ཚོར་བར་ཤོ་གམ་ལས་འདས་པར་འགྱུར་བའི་ཕྱིར་སྔ་ནས་བསྲུང་ཞིང་ཚོར་བར་བྱ། ཚོང་པ་དང་དགེ་སློང་དག་
ཅིག་འགྲོགས་པ་དང་ཚོང་པས་ཤོ་གམ་དུ་འགྱུར་བའི་རྫས། དགེ་སློང་གི་སྣོད་དུ་མ་ཚོར་བར་བཅུག་ནས་ཤོ་གམ་འདས་ཏེ་ཚོར་ནས་ཐེ་ཚོམ་ཟོས་པ་ལས་ཉེས་བྱས་གཞན་ནི་མེད་ཀྱི་ཕྱིན་ཆད་ཚོར་བར་བྱོས་ཤིག་ཅེས་བཅས། མ་ཚོར་ན་ཉེས་བྱས། སྲུང་མ་དགེ་སློང་དུ་མ་ཞོག་ཤིག །
མདོ་ལྟག་མ་ལྟར་ཤོ་གམ་དུ་འགྱུར་བའི་ནོར་བདག་གི་སྣོད་དུ་གཞན་གྱིས་མི་བཅུག་པར་བྱ་བའི་ཕྱིར། བསོད་སྙོམས་སམ་གཅིག་ལ་འགྲོ་ན། དགེ་སློང་གཉིས་གསུམ་སྲུང་མར་ཞོག་ཤིག་མ་བཞག་ན་ཉེས་བྱས། དེ་དེའི་ཟས་སྦྱིས་སྦྱིན། སློང་མོ་ལ་དོང་པ་རྣམས་ཀྱིས་སྲུང་མར་
བཞག་པའི་ཟས་སོ་སོ་ནས་འཐེབ་ལྷག་པར་བླངས་ལ་ཕྱིས་སྦྱིན། དེས་དགག །སྲུང་མར་གཞག་པ་རྣམས་ཀྱིས་ཀྱང་བདག་ཅག་གི་སྣོད་ཤོ་གམ་དུ་འགྱུར་བའི་རྫས་ཤིག་འཇུག་ན་མི་གཞུག་པར་དགག །བཅུག་ན་བསྙད་སྲུང་མ་རྣམས་ཀྱི་མཐུས་མ་ནུས་ཏེ་བདག་ཅག་གི་སྣོད་དུ་ནོར་
ཞིག་བཅུག་ན། གྲོགས་ལ་བཅུག་གོ་ཞེས་བསྙད། མེད་ན་མཚན་གདབ། སྲུང་མ་གཞག་ཏུ་དགེ་སློང་གྲངས་ཀྱིས་མེད་ན་སྣོད་ཀྱི་ཁ་རྒྱ་འམ་མཚན་མ་བཏབ་སྟེ་སློང་དུ་འགྲོའོ། །མ་བཏབ་ན་ཉེས་བྱས། དྲིས་ཏེ་བླངས། བདག་གི་རྫས་ཚོང་པ་ལ་གཏམས་པ་ཞིག་སླར་ལེན་ན་ཤོ་
གམ་དུ་འགྱུར་བའི་རྫས་མ་བཅུག་གམ་ཞེས་འདྲི་སྟེ་བླང་། གཞན་གྱི་རྫས་ཤིག་བསྐུར་ནའང་ཤོ་གམ་དུ་འགྱུར་བ་མེད་དམ་ཞེས་དྲིས་ཏེ་བླང་། མ་དྲིས་ན་ཉེས་བྱས། དབྱུང་བར་གཞན་མ་གྲུབ་ན་རེ་ཞིག །བདག་གི་རྫས་རྒྱའམ་མཚན་མ་བཏབ་པ་ཉམས་ལ་དྲིས་ཀྱང་ལན་མི་སྟེར་ཏེ།
དགེ་སྦྱོང་མེད་ན་དབྱུང་བའི་ཕྱིར་སྣོད་ལ་རེག་པ་དང་གསེར་དངུལ་ལྟ་བུ་ཡོད་དེ། ལག་གིས་བཟུང་སྟེ་ཕྱུང་ཡང་ཉེས་མེད། ཆད་པར་བསྔོས་པ་ལས་མ་བྱིན་པའོ། །ཤོ་གམ་དུ་འགྱུར་བའི་ནོར་ཞིག་དཀོན་མཆོག་གསུམ་མམ་ཕ་མ་ལ་བསྔོས་པ་ཞིག་ནའང་། ཤོ་གམ་པས་མ་གནང་ན་

ཤོ་གམ་པ་ཅི་དབང་བ་སྦྱིན་དགོས་སོ། །མ་བྱིན་ན་སྦོམ་པོ། གྲོགས་པོ་དང་ཁྱིམ་པ་ལྟ་བུ་ཞིག་ལ་བསྔོས་ཏེ་མ་བྱིན་ནའང་སྦོམ་པོ་ཤོ་གམ་པས་བཏང་བར་བྱས་པའི་ཕྱིར་ཐབས་འོག་ནས་བཤད། དེ་གཏོང་བའི་ཕྱིར་ཕ་མ་དག་གི་བསྔགས། ཤོ་གམ་དུ་འགྱུར་བའི་ནོར་ཕ་མ་དག་ལ་བསྔོས་པ་
ལ་ཤོ་གམ་འདོད་ཅེས་ཟེར་ན་ཕ་མའི་དྲིན་ཆེ་བའི་ཡོན་ཏན་བསྔགས་ཏེ། ཁྱོད་ཀྱིས་བཏང་བའི་རིགས་སོ་ཞེས་བྱས་ལ་མ་བཏུབ་ན་ཅི་དབང་བ་སྦྱིན་དགོས། དཀོན་མཆོག་གི་ཡང་ངོ་། །ཤོ་གམ་དུ་འགྱུར་བའི་ནོར་དཀོན་མཆོག་གསུམ་ལ་བསྔོས་པ་ཞིག་ལ་མ་བཏང་སྟེ་ཤོ་གམ་འདོད་ཅེས་
ཟེར་ན། དཀོན་མཆོག་གསུམ་གྱི་ཡོན་ཏན་བསྔགས་ཏེ་སྡིག་ཆེ་བར་བཤད་ལ་ཤོ་གམ་བཅད་པའི་མི་རིགས་སོ་ཞེས་བྱས་ལ་མ་བཏང་ན་སྦྱིན་དགོས་སོ། །སྦྱིན་པ་ནི་གཞན་གྱི་ཕྱིར་གཅིག་ལས་བསྐྱི་བའི་ཆོས་ཀྱིས་སོ། །ཕ་མ་དང་དཀོན་མཆོག་གཉི་ག་ལ་སོ་སོར་བསྔོས་པ་ཞིག་ལས་
ཤོ་གམ་སྦྱིན་དགོས་པར་གྱུར་ན་ཤོ་གམ་པ་ཅི་དབང་བ་ཕ་མ་འམ། དཀོན་མཆོག་གི་ནོར་གཅིག་ལས་བསྐྱི་བའི་ཆོས་སུ་བྱས་ཏེ་སྦྱིན་ནོ། །གོད་པའི་ཁ་ཡོ་ནི་ཕྱིས་བསྙམ་མོ། །ཤོ་གམ་དུ་འགྱུར་བ་དང་བཅས་ཏེ་ལམ་དུ་མི་འགྲོ། བདག་གི་རྫས་ཤོ་གམ་དུ་འགྱུར་བ་ཞིག་ཁྱེར་ཏེ།
མི་འགྲོ་ཤོ་གམ་དུ་འགྱུར་བ་ཁྱེར་ན་རྒྱང་གྲགས་རེ་རེ་ཤོ་གམ་དུ་མི་འགྱུར་ཞིང་ཉེས་མེད་པ་ནི་རས་ཀྱི་ཁ་གཉིས་ཁ་བཅད་པའ་མ། ཁ་དོག་བསྒྱུར་བ་ལས་ཡོ་བྱད་དུ་གཏོགས་པ་ལུས་གང་ཉི་ཚེ་ཁྱེར་ཏེ་སོང་བ་ནི་ཉེས་མེད། བསྒྱུར་བ་ནི་དེར་མི་འགྱུར་ཏེ་ལྕི་བ་ནི་བཙིར་བས་ཀྱང་ངོ་། །དགེ་
སློང་གི་ཡོ་བྱད་དུ་གོས་ཁ་དོག་བསྒྱུར་བ་ཤོ་གམ་དུ་མི་འགྱུར་བ་ནི་ལྕི་བ་བཙིར་ཏེ་བཙོས་པ་ཡན་ཆད་དུ་ཁ་དོག་བསྒྱུར་བ་ནི་ཤོ་གམ་མི་གཅོད་དེ་བཙོང་བ་ལྟ་བུའི་ནོར་ཁ་དོག་བསྒྱུར་ཏེ་མང་དུ་ཁྱེར་བ་ནི་ཤོ་གམ་དུ་འགྱུར་རོ། །ཁ་ཚར་བཅད་ན་ཡང་ངོ་། །རས་ལྟ་བུ་བདག་གི་ཡོ་བྱད་དུ་བྱ་བའི་
ཕྱིར་ཡ་ཏོག་མ་ཏོག་གཉིས་ཀའི་ཁ་ཚར་བཅད་པ་ཡང་ཤོ་གམ་དུ་མི་འགྱུར། བཙོང་བའི་ཟོང་ལྟ་བུ་མང་དུ་ཁྱེར་བ་ནི་ཤོ་གམ་དུ་འགྱུར། མ་མཐོང་ན་དེ་ལ་ཡིད་མ་བརྟན་ཅིག །དགེ་སློང་ཤོ་གམ་གྱི་རྒྱུད་དུ་འགྲོ་བ་ཞིག་གིས། དགེ་སློང་གྲོགས་གཅིག་ལ་རས་འདི་ཁ་ཚར་ཆོད་ལ་ཁ་དོག་

བསྒྱུར་ཏེ་རྫོངས་ཤིག་པར་གཏམས་པ་ལས། དགེ་སྦྱོང་དེས་ལེ་ལོ་བྱས་ཏེ་ཁ་ཚར་ཀྱང་མ་བཅད། ཁ་དོག་ཀྱང་མ་བསྒྱུར་བར་སྣོད་དུ་བཅུག་ནས། དགེ་སློང་ནོར་བདག་གི་ཡིད་ལ་བཙོས་གྲངས་སྙམ་སྟེ། ཤོ་གམ་བས་བཙལ་བ་དང་མ་བཙོས་པར་གྱུར་ནས་ཕྱིན་
ཆད་མ་མཐོང་བ་ལ་ཡིད་མ་བརྟན་ཅིག་པར་བཅས་ཏེ་བདག་གི་སྣོད་ན་ཤོ་གམ་དུ་འགྱུར་བ་ཡོད་དམ་མེད་མ་བལྟས་ན་ཉེས་བྱས། གཞན་གྱི་འཚོ་བ་མི་གཅད། ཤོ་གམ་པ་ཤོ་གམ་གྱིས་འཚོ་བ་ལ་ཤོ་གམ་མི་སྦྱིན་པའི་ཕྱིར་འདྲོན་པོ་བཀག་པའམ་ལམ་བསྒྱུར་ཏེ་མི་དགྱེ། དེ་བཞིན་
དུ་རྔོན་པའམ་ཉ་བའམ་ཆང་འཚོང་བ་ལ་སོགས་པས་འཚོ་བ་ལ་ནན་ཏུར་རམ་མཐུས་འདི་ལྟར་མ་སྤྱོད་ཅེས་མི་དགག་དགག་ན་ཉེས་བྱས། མ་བརྟན་པ་ལ་བརྟན་པར་མི་བྱ། དགེ་སློང་གཅིག་ལ་ལྷུང་བཟེད་ཆེ་ཆུང་གཉིས་ཤིག་ཡོད་པ་ལས། དགེ་སློང་དེ་གུད་དུ་སོང་བའི་འོག་ཏུ་དགེ་སློང་
གཅིག་གིས་ལྷུང་བཟེད་ཆུང་ངུ་དེ་བདག་གི་ལྷུང་བཟེད་ཀྱི་ནང་དུ་ཤོང་ན་ཉོ་ཞེས་བཅུག་སྟེ་སོང་བའི་ཕྱིར་བཅུག་པ་དང་ལྷུང་བཟེད་བདག་པོས་མཐོང་ནས་བརྐུས་སོ་ཞེས་བརྟན་པ་ལས་བཅས་ཏེ་ཡིད་མ་བརྟན་པའི་དགེ་སློང་དང་ཁྱིམ་པའི་རྫས་ལ་ལག་མི་གཞུག་ཐུག་ཐུབ་ཏུའང་མི་སྤྱད་སྤྱད་
ན་ཉེས་བྱས་སོ། །དེར་འགྱུར་བ་ནི་འོག་མའི་བླ་མ་དག་ལའོ། །གྲོགས་པོ་ཡིད་བརྟན་པར་ཆུད་པ་ནི་མཛའ་བོ་ཆེ་ཆུང་རྣམ་གསུམ་སྟེ་མཛའ་བོ་ཆེན་པོའི་གསང་བའི་ཚིག་འབྲིང་པོ་ལ་མི་བྱ་ཆུང་ངུའི་ཚིག་ཆེན་པོ་ལ་བྱ། འབྲིང་པོའི་ཚིག་ཆེན་པོ་ལ་བྱ་འབྲིང་པོའི་ཚིག་ཆུང་ངུ་ལ་མི་བྱ་དེ་ལྟར་
བྱས་ན་ཉེས་བྱས་སོ། །མཛའ་བོ། མཛའ་བོ་ནི་འདི་རྣམས་ཏེ་གྲོས་མཐུན་པ་དང་། ཡིད་མཐུན་པ། ཚིག་གསང་བ་སྤོབས་ཤིང་མྱ་ངན་ལངས་པ་ལ་མཐོང་། མྱ་ངན་མེད་པར་ནུས་པ་དང་། བླ་མ་དྲན་པ། མཁན་པོ་སློབ་དཔོན་དང་སྡུག་པའི་ཕྱིར་རྟག་ཏུ་དྲན་པ་དང་། མཆོད་པ། མཛའ་
བའི་ཕྱིར་ཁ་ཟས་དང་གོས་ལ་སོགས་པས་མཆོད་ཅིང་འདུལ་བ་དང་། བསྔགས་པ་སྟེ། མཛའ་བའི་ཕྱིར་གཅིག་ལ་གཅིག་ཡོན་ཏན་བསྔགས་ཤིང་བསྟོད་པ་དང་། བླངས་ན་དགའ་བའོ། །མཛའ་བའི་ཕྱིར་རྫས་ལ་སོགས་པ་ཐུག་ཐུབ་ཏུ་སྤྱད་ན་དགའ་བ་དང་མཛའ་བོ་འདི་རྣམས་ལ་གང་

ཡང་རུང་གཅིག་ལ་རབ་འབྲིང་རྣམ་གསུམ་དུ་ཕྱེ་སྟེ། མདོ་གོང་མ་བཞིན་དུ་མཛའ་བོ་ཆུང་ངུ་ལ་ཆེན་པོའི་ཚིག་མི་བྱ་བ་ལྟ་བུའོ། །ལས་ཀྱི་ལག་པོད་དུས་གྱིས་ཤིག །དགེ་སློང་གཅིག་ཅིག་ལ་ལྷུང་བཟེད་ཆུང་ངུ་ཞིག་བདོག་པ་ལས་དགེ་འདུན་གྱིས་ལས་ཤིག་ཏུ་བསྐོས་པ་དང་། མ་ནུས་ཏེ་གྲོགས་གཅིག་ལ་
བཅོལ་བ་དང་གྲོགས་དེ་ལྷུང་བཟེད་བདོག་པ་དེ་གླར་བླངས་ནས་ལས་བྱས་པ་ལས་བཅས་ཏེ། གྲོགས་ཀྱིས་ལས་བཅོལ་བ་ལས་གླ་བླངས་ན་ཉེས་བྱས་ཏེ། ཕས་བཅོལ་ན་ཡང་ལས་དེ་ལག་པོད་དུ་བྱ། བསོད་ནམས་ཀྱི་བློས་ཀྱང་ངོ་། །དགེ་སློང་ལས་མི་ནུས་པ་ཞིག་གིས་བྱེད་པར་བཅོལ་
ན་སྙིང་རྗེ་ཞིང་ལས་མི་ནུས་པ་ལ། བསོད་ནམས་སུ་འགྱུར་བར་བསམས་ཏེ་བཅོལ་བ་ཅི་ནུས་སུ་བྱ། གླས་མ་ཡིན་ནོ། །དགེ་སློང་རྒན་པོ་ལས་མི་ནུས་པའམ་གྲོགས་གཞན་ཞིག་གིས་ལས་བཅོལ་ནའང་། མདོ་ལྟག་མ་གཉིས་ལྟར་བསོད་ནམས་ཀྱི་བློ་དང་ལག་པོད་དུ་བྱའི་ལྷུང་བཟེད་ལྟར་
གླ་མི་བླང་ངོ་། །ཡུལ་སྐད་ཀྱིས་ནི་མི་བསླུའོ། །དགེ་སློང་མ་སྐད་མི་མཐུན་པ་གཉིས་ཤིག །སྔ་ཕྱིར་དོང་བ་ལས་སྔར་སོང་བའི་ཆོས་གོས་ལྷུང་སྟེ། ཕྱི་མས་བདག་གི་སྐད་དུ་བོས་ཏེ་བརྡ་མ་ཕྲད་ནས་བླངས་ཏེ་ཁྱེར་ཁྱེར་བ་ལས་ཆོས་གོས་བདག་མོས་བརྐུས་སོ་ཞེས་བརྡ་བ་ལས་བརྡ་མི་ཕྲོད་
པ་ཉེས་མེད་དོ་ཞེས་བཅས། ལྟུང་བ་བླངས་ན་རིང་དུ་མི་བཅང་། མདོ་ལྟག་མ་ལྟར་ཆོས་གོས་ལྟུང་བ་ལྟ་བུ་བླངས་ཏེ་ཁྱེར་ཁྱེར་བ་རིང་དུ་མི་གཞག་པར་བདག་པོ་ལ་སྦྱིན་ནོ། །རིང་དུ་བཞག་ན་ཉེས་བྱས། གཙུག་ལག་ཁང་སྐྱོང་ལ་གཏད། ནོར་རྫས་ལྟུང་བ་ཞིག་རྙེད་དེ་བླངས་ན་གཙུག་ལག་
ཁང་སྐྱོང་ལ་གཏད་དེ་སུའི་ཡིན་པ་རྨེད་དུ་གཞུག །རབ་ཏུ་བྱུང་བའི་ངོ་ཤེས་ན་དགེ་འདུན་ལ་བསྟན། ནོར་རྫས་རྙེད་པ་དེ་དགེ་སློང་གི་རྫས་ཤིག་ཡིན་པར་ཤེས་ན་གཙུག་ལག་ཁང་སྐྱོང་གི་དགེ་འདུན་ལ་བསྟན་ཏེ་བདག་པོ་ཡོད་ན་སྦྱིན་ནོ། །བདག་པོ་མ་དམིགས་ན་རྒྱུ་ཐག་ལ་གདགས།
ནོར་རྫས་རྙེད་པ་དེ་བདག་པོ་ཁུངས་མ་ཕྱིན་ཏེ་གང་ཡིན་གཏོལ་མེད་ན་གཙུག་ལག་ཁང་དུ་རྒྱུ་ཐག་བྲེས་ཏེ། དེ་ལ་བཏགས་ལ་གཞག །ནད་པས་མ་བསྒོ་བར་སྨན་མི་བླངས་དགེ་སློང་མ་ནད་པ་ཞིག་ལ་ཡོན་བདག་དང་བ་ཞིག་ཡོད་དེ་ནད་པས་མ་བསྒོ་བར་ནད་གཡོག་གིས་ཡོན་བདག་ཡུངས་

མར་ཐུག་ཐུབ་ཏུ་ནད་པའི་ཕྱིར་བླངས་པ་ལས་བཅས་ཏེ། ནད་པས་མ་བསྒོ་བར་ནད་གཡོག་གིས་བླངས་ན་ཉེས་བྱས། མ་བྱིན་པར་ལེན་པའི་ཕས་ཕམ་པ་སྟེ་རྣམ་པར་འབྱེད་པའོ། །མ་བྱིན་པར་ལེན་པའི་ཕས་ཕམ་པ། འདུལ་བ་རྣམ་པར་འབྱེད་པའི་མདོ།། །།
བདག་པོ་དང་བཅས་པས་གནང་བ་ལས་བརྟག་པ་གཞན་དུ་བདག་གིར་མི་བྱ། ཚོང་པས་ཤིང་རྟ་ཆག་སྟེ་བལ་བོར་བ་ལ་དྲུག་སྡེས་ལྷར་བརྗེད་ནས་ཡུལ་མི་ཀུན་གྱིས་ཀྱང་ནོར་རྫས་ལ་སོགས་པས་མཆོད་པའི་ཕྱིར་ཕུལ་བ་ལས་དྲུག་སྡེས། ངེད་ཀྱི་ལྷའི་ནོར་ཡིན་གྱིས་བསྐུར་རོ་ཞེས་བྱས་ཏེ།
ཁྱེར་བ་ལས་བཅས་ཏེ་ནོར་བདག་གིའམ་ལྷ་མ་སྲིན་གྱི་ཁྱེར་ཅིག་པར་བསྒོ་བ་མ་གཏོགས་པར། ལྷ་མ་སྲིན་གྱི་ནོར་བདག་པོ་མིས་བསྲུངས་པ་ལས་བླངས་ན་ཕམ། ཚོར་བ་ཡོད་པའི་ལྷ་མ་སྲིན་གྱི་ནོར་ལས་བླང་ན་སྦོམ་པོ། ཚོར་བ་མེད་པའི་ལྷ་མ་སྲིན་ལས་ནོར་བླངས་ན་ཉེས་བྱས་སོ། །
བདག་གིར་བྱས་པ་ལས་མི་དབྲོག །བདག་གི་རྫས་རྐུན་པོས་ཁྱེར་བ་ཁོས་སླར་མ་བྱིན་པར་མི་དབྲོག །བརྐུས་ཏེ་ཁྱེར་བ་ལས་མཐོང་ཡང་རུང་། བརྐུས་ཏེ་ཁྱེར་ལ་ངོས་ཟིན་ཀྱང་རུང་སྟེ། ཁོས་མ་བྱིན་པར་མ་བསྐུར་བར་ཞོག་ཅེས་བྱས་སམ་སླར་བླངས་ན་ཉེས་བྱས། དེ་ལ་ཆོས་བཤད་དེ་བསླངས་
ན། བདག་གི་རྫས་རྐུན་པོས་ཁྱེར་བ་ལས་ཁོའི་ལག་ན་འདུག་ན་བརྐུས་པའི་སྡིག་ཏུ་འགྱུར་བ་དང་། སླར་བྱིན་ནས་བསོད་ནམས་ཆེ་བར་བཤད་དེ་བསླང་། རིན་ཕྱེད་ཙམ་གྱིས་ཀྱང་ངོ་། །མདོ་ལྟག་མ་ལྟར་བྱས་ཏེ་མ་སྟེར་ན་ཅི་རི་བའི་རིན་ཕྱེད་ཙམ་གྱིས་ཀྱང་བསླུའོ། །ལྷུང་བཟེད་དང་
ཆོས་གོས་ནི་རིན་ཚང་བས་ཀྱང་བླང་ངོ་། །ལྷུང་བཟེད་དང་ཆོས་གོས་ལྟ་བུ་རྐུན་པོས་ཁྱེར་ཏེ་ཆོས་བཤད་ཀྱང་སླར་མི་སྟེར་ན་ཅི་རི་བའི་རིན་ཚང་བས་ཀྱང་སླར་བླུའོ། །རིན་ཚང་བས་སླར་བླུ་དགོས་པ་ནི་བདག་ལ་མཁོ་ཞིང་ཉེས་པ་མི་འབྱུང་བའི་ཕྱིར་རོ། །མི་སྡུག་པར་འགྱུར་བར་དོགས་པ་བོར་
བའོ་ཞེས་འགྲོ་བ་མང་པོས་མ་མཐོང་བར་མི་བླང་། ཕག་དང་བུ་རམ་ཤིང་རྐུན་པོས་ཁྱེར་བའི་ལྷག་རོལ་ལ་དྲུག་སྡེས་བླངས་ནས་ཁྱེར་བ་དང་། ནོར་བདག་གིས་ཟིན་ཏེ་ཡུལ་མི་མ་དགའ་བ་ལས་བཅས་ཏེ་ལྷག་རོལ་དེ་ལྟ་བུ་ཞིག་བླངས་ནའང་། མི་གཞན་གྱིས་མཐོང་ཞིང་ཤེས་པར་བྱས་

ཏེ་མ་བརྐུས་པར་དབང་དག་གིས་ཤེས་པར་བླངས། མང་པོས་མ་མཐོང་བར་བླངས་ན་ཉེས་བྱས་སུ་འགྱུར་རོ། །མི་མ་ཡིན་པས་བསྔོས་པ་རོའི་རྫས་ཀྱང་བདག་པོ་མེད་པ་མ་ཡིན་ནོ། །མི་ཞིག་ལ་བ་ལ་ཆགས་ཤིང་འདུག་པ་ལས་ཤི་སྟེ་ལ་བའི་བདག་པོར་སྐྱེས་པ་ལས་དྲུག་སྡེས་རོ་ལས་
ལ་བ་བླངས་ཏེ་ཁྱེར་བ་དང་འདྲེ་དེས་ཕྱི་བཞིན་དུ་འབྲངས་ཏེ། དྲུག་སྡེས་ནི་རྒྱལ་པོའི་ཁབ་ཏུ་སོང་འདྲེ་སྒོ་ལས་མ་ཆུད་དེ་བོས་པ་དང་། སངས་རྒྱས་ཀྱིས་ཨ་ནན་ལ་བཀའ་སྩལ་ཏེ། ལ་བ་བྱིན་ཅིག་པར་གཏད་ནས་འདྲེའི་ཕྱི་བཞིན་དུ་སྐྱེལ་བར་བཏང་བ་ལས་བཅས་ཏེ། རོའི་རྫིས་འདྲེ་གནས་
པ་ལས་མི་བླང་། བླངས་ན་ཉེས་བྱས། རབ་ཏུ་གཏུམ་པ་དེའི་ཕྱི་བཞིན་དུ་འགྲོའོ། །འདྲེས་ལ་བ་ཁྱེར་མི་ནུས་པའི་ཕྱིར་ནན་ཏན་སྐྱེལ་དུ་བཏང་སྟེ་འདྲེའི་སྔོན་དུ་སོང་ན་ཀྱལ་ཀ་བྱེད་པའི་ཕྱིར་ཕྱི་བཞིན་དུ་འབྲང་ཞིང་འགྲོའོ། །ཁས་ཕུབ་ཏུ་ཉལ་ལ་རྐང་པ་ནས་སྟེང་དུ་གཡོགས་པ་ཡང་ངོ་། །
འདྲེ་དེའི་འདུག་པའི་གནས་སུ་ཕྱིན་ན་འདྲེ་མཆིལ་མས་འཐོར་ལག་པས་འཇོ་རྐང་པ་ཕྲ་བའི་ཕྱིར། ཁས་ཕུབ་ཏུ་བསྙལ་ལ་ལ་བས་རྐང་པ་ནས་གཡོགས་དེ་ལྟར་མ་བྱས་ན་ཉེས་བྱས། མ་སྨས་པ་ལས་མི་བླང་། རོ་ལ་རྨ་མ་བྱུང་ངམ་མ་སྨས་ན་རོ་ལངས་ཀྱི་འདྲེ་ཡོད་པའི་ཕྱིར་རྫས་མི་བླང་།
མ་སྨས་པ་ལས་རྫས་བླངས་ན་ཉེས་བྱས། རང་གིས་དབུག་པའམ། དབུག་ཏུ་གཞུག་པར་མི་བྱ། རོའི་རྫས་བླང་བའི་ཕྱིར་རོ་མ་སྨས་པ་ལ་བདག་གིས་རྨ་དབྱུང་བའམ། གཞན་རྨ་དབྱུང་དུ་མི་གཞུག །རྨ་ཕྱུང་ངམ་འབྱིན་དུ་བཅུག་ན་ཉེས་བྱས། ངལ་བསོས་པ་ཉིད་སོ་ཤིང་དང་
ཆུ་དང་། གོ་འདུན་དང་ལྕི་བ་དང་ས་དག་ཅི་བདེར་བྱའོ། །དགེ་སློང་ཞིག་ག་ཞིག་ནས་འོངས་ཏེ་གྲོགས་པོ་སྔ་ན་འདུག་པ་ན་རེ། ངལ་སོས་ཤིག་ཅེས་ཟེར་ན་རྣམ་པ་འདི་ལྔ་སྤྱོད་ཅིག་མ་བསྒོ་ཡང་ངལ་སོས་ཤིག་ཅེས་བྱས་པའི་ཚིག་རྐྱེན་གྱིས་ཅི་བདེར་སྤྱོད་ཅིག་པའི་ནང་དུ་ཆུད་དེ། མ་བླངས་
མ་ཞུགས་པར་སྤྱོད་ཀྱང་ཉེས་མེད་དོ། །གཉེན་གྱིས་མི་འདོད་བཞིན་དུ་དགེ་སློང་ངམ་དགེ་སྦྱོང་འཕྲོག་ན་བཟུང་། རབ་ཏུ་འབྱུང་བའམ་བསྙེན་པར་རྫོགས་པ་ཞིག་ལས། ཕུ་ནུ་གཉེན་བཤེས་ཀྱིས་མི་སྟེར་ཏེ། འཕྲོག་ཏུ་འོངས་ན་དགེ་སློང་གིས་ལག་པ་ཡ་གཅིག་ནས་བཟུང་། འཕྲོག་

ཏུ་འོངས་པས་ལག་པ་ཡ་གཅིག་བཟུང་སྟེ་དྲངས་ན་དགེ་སློང་གིས་གཟུང་བའི་ལག་པ་ན་ཞེས་ཟེར་ན་བཏང་། འཕྲོག་པས་བཟུང་བའི་ལག་པ་ན་ཞེས་ཟེར་ན་མི་གཏད། མ་བྱིན་པར་ལེན་པའི་ཕས་ཕམ་པའི་ཕྲན་ཚེགས་སུ་གཏོགས་པའོ། །མ་བྱིན་པར་ལེན་པའི་
ཕས་ཕམ་པ་སྟེ། འདུལ་བའི་སྡེ་ཕྲན་ཚེགས་ཀྱི་ནང་ནས་འབྱུང་བའི་མདོ།། །།ཀ་ཀ་ནི་བཞི་ལ་མ་ཤ་ཀའོ། །དངུལ་ཞོའི་བརྒྱད་ཆའི་ཐང་དུ་བརྩི་བ་ནི་དངུལ་སྲང་གཅིག་ལ་གེ་དེར་ལྔ། གེ་དེར་གཅིག་ལ་ཀའུ་ནི་བཞི། ཀའུ་ནི་གཅིག་ལ་པ་ཎ་བཅུ་དྲུག །པ་ཎ་གཅིག་ལ་འགྲོན་
བུ་བརྒྱད་ཅུ། འགྲོན་བུ་ཉི་ཤུ་ལ། ཀ་ཀ་ནི་གཅིག །ཀ་ཀ་ནི་བཅུ་དྲུག་ལ། འགྲོན་བུ་སུམ་བརྒྱ་ཉི་ཤུ་སྟེ། དངུལ་ཞོའི་བརྒྱད་ཆ་གཅིག་ཡོད་དོ། །འདི་ལྟར་བརྩིས་ན་འགྲོན་བུ་དངུལ་ཞོ་བརྒྱད་ཆས་ཕམ། ལྔ་ནི་གཏན་པར་ཏེ་ཀཱར་ཥཱ་པ་ཎའི་བཞི་ཆས་སོ། །སངས་རྒྱས་བཞུགས་
པའི་ཚེ་ནི་ཀཱར་ཥཱ་པ་ཎ་བཞི་ཆ་གཅིག་ལ་མ་ཤ་ཀ་ལྔ་ཡོད་དེ། དེ་ལ་བརྩིས་ན་དངུལ་ཞོའི་བརྒྱད་ཆ་གཅིག་ཡོད་དེ་དེས་ཕམ་དེང་སང་ནི་མ་ཤ་ཀ་བཞི་ལ་དངུལ་ཞོའི་བརྒྱད་ཆ་གཅིག་སྟེ། མ་ཤ་ཀ་བཞིས་ཕམ་པར་འགྱུར། གང་ན་དེ་ལ་མ་ཤ་ཀ་ཉི་ཤུ་པ་དེ་ལ་གནས་པ་པ་ཎའོ། །སངས་
རྒྱས་བཞུགས་པའི་ཚེ་མ་ཤ་ཀ་ཉི་ཤུ་ལ། ཀཱ་ར་ཥཱ་པ་ཎ་གཅིག་ཏུ་བརྩི་བའི་ཚེ། མ་ཤ་ཀ་ལྔས་ཕམ་མོ་ཞེས་ཚད་བཙུགས་པ་བཞིན་དུ་དེང་སང་ཡུལ་གང་ནའང་རུང་སྟེ། སྔོན་བཞིན་དུ་མ་བྲི་བ་ཞིག་ཡོད་ན་ཡང་དེ་བཞིན་དུ་བརྩིའོ། །རྐུ་བའི་ཚེ་གནས་དང་དུས་སུ་བརྩི་ཞིང་བཅའ། དགེ་སློང་
གིས་རྐུན་པོ་ཞིག་བྱས་ན་གནས་ག་ལ་འདུག་པའི་ཡུལ་ཐང་དང་། དབྱར་དགུན་སྟོན་དཔྱིད་ཀྱི་དུས་ན། པ་ཎའི་རིན་ཆེ་ཆུང་ཅིར་གྱུར་པ་བཞིན་དུ་རིན་ཐང་བརྩིའོ། །ལྟག་ནས་མདོ་འདི་དང་འདྲ་བ་ཞིག་འབྱུང་བ་དང་གཉིས་ལ་ལྟག་མ་ནི་ནས་འབྲས་ལྟ་བུ་གནས་དང་དུས་སུ་བརྩི་བ་ལ་བྱ། འདི་
ནི་པ་ཎ་ཉིད་གནས་དང་དུས་སུ་བརྩི་བ་ལ་བྱ། མཆོག་གི་མཐར་གྱུར་པ་རིན་གཅོད་མི་ནུས་པ་ཆེན་པོ་ཡང་ངོ་། །ནོར་རིན་པོ་ཆེ་རིན་མི་ཆོད་པ་ཞིག་བརྐུས་ན་ཡང་ཕམ་པར་མི་འགྱུར་བ་མ་ཡིན་ཏེ་སྲང་གྲངས་མང་ཞེས་ཕམ་པའི་གྲངས་མང་བ་མ་ཡིན་ཏེ་ཕམ་པ་ནི་གཅིག །དེ་ཆུང་ངུ་ཡང་འཁྱམས་

པ་ལ་ཡིན་གྱི་ནང་དུ་ཆུད་དོ། །རིན་ཐང་མ་ཚང་བ་ཏིལ་གྱི་འབྲུམ་བུ་ཡན་ཆད་བརྐུས་ཀྱང་ཉེས་པར་མི་འགྱུར་བ་ལ་ཡིན་གྱི་སྦོམ་པོར་འགྱུར་རོ། །སངས་རྒྱས་ཀྱི་རིང་བསྲེལ་གདབ་ཏུ་མེད་པའི་རིན་པོ་ཆེ་དེའོ། །སངས་རྒྱས་ཀྱི་རིང་བསྲེལ་ཡང་རིན་ཐང་གདབ་ཏུ་མེད་པར་ཆེ་སྟེ། བརྐུས་ན་ནོར་བུ་
རིན་པོ་ཆེ་རིན་གདབ་ཏུ་མེད་པ་བརྐུས་པ་དང་འདྲ་སྟེ་ཕམ་པར་འགྱུར། མཆོད་པའི་ཕྱིར་ན་ཉེས་བྱས་པའོ། །རྐུ་སེམས་མེད་པར་སངས་རྒྱས་ཀྱི་རིང་བསྲེལ་མཆོད་པའི་ཕྱིར་ཁྱེར་ན་ཉེས་བྱས། རྐུ་སེམས་ཀྱིས་ཁྱེར་ན་ཕམ། བྲིས་པ་ནི་ཉེས་མེད་དོ། །ལྷའི་ཡི་གེ་དཔེ་བརྙར་མི་སྟེར་བ་ཐུག་ཐུབ་ཏུ་
བླངས་ཏེ་དཔེ་འདྲིས་ཏེ་སླར་བསྐྱལ་བ་ནི་ཉེས་མེད་དོ། །ལྷའི་ཡི་གེར་རྐུ་སེམས་ཀྱིས་ཐལ་བྱུང་ཁྱེར་ན་ཕམ། ཆུད་གསན་ནས་རྐུ་ན་དེའི་ཚེ་རྐུ་བའི་དངོས་པོ། ནོར་ཕྲལ་ལ་བཅོམ་དྲལ་ཏེ་བརྐུས་ན་བཅོམ་ཟིན་པ་ལ་ཅི་རི་བའི་རིན་ཐང་གི་ཐང་དུ་བརྩི། མདོ་འདི་ཡན་ཆད་ནི་ནོར་གྱི་དངོས་པོ་ལས་
ཕམ་པར་འགྱུར་རམ་མི་འགྱུར་བ་འཆད་པའོ། །བདག་པོ་མེད་པ་ནི་བྱང་གི་སྒྲ་མི་སྙན་གྱིའོ། །བྱང་གི་སྒྲ་མི་སྙན་གྱི་ནོར་ལྟ་བུ་ནི་བདག་གི་ཡིན་པར་སེམས་པ་མེད་པའི་ཕྱིར་བདག་པོ་མེད་པའི་ནོར་དང་འདྲ་སྟེ་ཅི་བདེར་སྤྱད་དུ་རུང་ངོ་། །རྐུ་སེམས་ཀྱིས་སྤྱད་ན་སྦོམ་པོའོ། །དེ་ནི་བདག་གི་
བཞིན་ནོ། །བྱང་གི་སྒྲ་མི་སྙན་གྱི་ནོར་ནི་བདག་གི་ནོར་བརྐུས་ན་སྦོམ་པོར་འགྱུར་བ་བཞིན་དུ་རྐུ་སེམས་ཀྱིས་བླངས་ན་སྦོམ་པོ། དེའི་ཚེ་བདག་ཉིད་བདག་པོའོ། །དགེ་སློང་གཅིག་ཅིག་ལྷུང་བཟེད་ལ་ཆགས་ཏེ་ཤི་བ་དང་ལྷུང་བཟེད་དེའི་ནང་དུ་སྦྲུལ་དུ་སྐྱེས་སོ། །ལྷུང་བཟེད་དེ་ལྟ་བུ་ཞིག་བརྐུས་ན་
སྔོན་གྱི་དགེ་སློང་གི་ནོར་དུ་མི་བརྩིའི་སྦྲུལ་གྱི་ཡིན་པར་བརྩིའོ། །ལྷ་བཞིན་དུ་མྱ་ངན་ལས་འདས་པའོ། །ཤཱ་རིའི་བུ་དང་། མཽད་གལ་གྱི་ཅི་ཏིའི་གདུགས་དང་རྒྱན་ལ་སོགས་པ་ཕུལ་བ་ནི་བརྐུས་ན་སྦོམ་པོའོ། །ནོར་རྫས་ལྟ་བུ་ཕུལ་བ་བརྐུས་ན་དགེ་འདུན་དབང་བས་ཕམ། འདི་ཡན་ཆད་ནི་
ནོར་གྱི་བདག་པོ་ལས་ཕམ་མི་ཕམ་འཆད་པ། གནང་སྟེ་བཏང་བའོ་ཞེས་བཅད་ན་སྦྱོར་བ་བཞིན། གོས་ལ་སོགས་པ་སྐད་ཅིག་བརྙས་པ་ལས་ཡུན་རིང་དུ་སྤྱད་དེ་ཟད་དམ་དེངས་པར་བྱས་ན་སྦོམ་པོ། གཅིག་ཏུ་ན་སེམས་ཀྱིས་མ་བཏང་བར་ཤེས་ལ། ནོར་ཐུན་མོང་ཡིན་ནོ་ཞེས་ཏེ་སྙིང་མི་

བརྩེ་བར་སྤྱད་ན་སྦོམ་པོ། སྨན་དང་སྔགས་ཀྱིས་སྦྱིན་དུ་བཅུག་ན་ཡང་ངོ་། །ཁོའི་སེམས་བསྒྱུར་བའི་ཕྱིར་སྔགས་སམ་སྨན་བྱིན་ཏེ་བདག་ལ་ནོར་སྦྱིན་དུ་བཅུག་ན་སྦོམ་པོའོ། །ཕ་རོལ་གྱི་ཕྱིར་ན་ཡང་རྩ་བའི་བརྩམས་པའོ། །གཞན་གྱི་ནོར་དུ་བྱ་བའི་ཕྱིར་
བརྐུས་ན་ཡང་སྦོམ་པོ། བརྟགས་པ་ཡང་ངོ་། །མི་ཆུས་ཁྱེར་བ་ཕྱུང་བ་ལྟ་བུ་ཁོས་སྲོག་བླུད་མ་བྱིན་པ་ལ་འདི་ཙམ་གྱིས་ཆོད་ཅིག་བདག་དབང་གྲང་ཞེས་ཏེ་ཐུག་ཐུབ་ཏུ་ནོར་ཁྱེར་ན་སྦོམ་པོ། འདོད་པ་བདམས་ལ་རྐུ་བར་འདོད་ན་ཡང་ངོ་། །ནོར་མང་པོ་ཞིག་འདུག་པ་ལ་བཟང་པོ་
བདམས་ཏེ་ཕྱིས་རྐུ་བར་བསམས་ནས་རྐུར་བླ་བར་སྤགས་ཏེ་བཞག་ན་སྦོམ་པོ་ནོར་རེ་རེ་བལྟ་ཞིང་ཐེག་ཅིང་བཞག་པ་ཐམས་ཅད་སྦོམ་པོ་རེ་རེའོ། །རྒྱན་པོ་དོར་གྱིས་རྒྱལ་བར་མ་གྱུར་གྱི་བར་དུ་ན་སྦྱོར་བའོ། །སྐུགས་བཙུགས་ཏེ་རྒྱན་པོའམ་ཆོ་ལོ་འགྱེད་པ་ལ་རྒྱལ་བར་བྱ་བའི་ཕྱིར་
ཐབས་ཆུང་ངུ་ཐབས་ཆེན་པོར་བསྣོར་ནས་སྒྱུ་བྱས་པ་ནི་སྦོམ་པོ། ཐབས་བསྣོར་ཅིང་གཡོ་དུ་བྱས་པ་རེ་རེ་སྦོམ་པོ། དེ་ནི་དེར་བརྐུས་པའོ། །མདོ་ལྟག་མ་ལྟར་གཡོ་བྱས་ནས་དེའི་སྟོབས་ཀྱིས་བདག་རྒྱལ་བའི་ལྟང་མ་ཚང་ན་ཕམ། གྲངས་ཀྱི་ནའང་དེའིའོ། །བདག་རྒྱལ་བར་བྱ་
འདོད་པའི་ཕྱིར་རྒྱན་པོའི་རྡོ་གྲངས་བརྐུས་པ་དང་ནོར་རྫས་བགྲང་བའི་གྲངས་བརྐུས་པ་ནི་རྐུ་བའི་ཚེ་ཉེས་བྱས། ཤོད་ལས་བསྣན་ཏམ་ཕྲི་ན་དེ་བཞིན་ནོ། །བདག་རྒྱལ་བར་བྱ་བའི་ཕྱིར་རྩིས་བྱེད་པ་ལྟ་བུ་ལ་ཤོད་ལས་བསྣན་ཏམ་ཕྲི་ན་དེའི་ཚེ་ཉེས་བྱས་གནས་བསྣོར་ཏེ་བཞག་ན་རྩིས་བྱེད་
པ་ལ། བདག་རྒྱལ་བར་བྱེད་པའི་ཕྱིར་བཅུ་ཤོད་དང་བརྒྱ་ཤོད་ཀྱི་གོ་བསྣོར་ན་ཉེས་བྱས། དེ་དག་གྲུབ་ན་བརྐུས། མདོ་ལྟག་མ་གསུམ་ལྟར་གཡོ་བྱས་ཏེ་གྲུབ་ནས་ནོར་བདག་གི་ལག་ཏུ་ཐོབ་ན་ཕམ་མོ། །སྦོམ་པོ་རེ་རེ་ཡང་ཡོད་དོ། །སྡེའི་ནང་དུ་བརྩིས་ན་ཡང་དེ་བཞིན་ནོ། །ཡོན་བདག་
གིས་དགེ་འདུན་ཁ་གཉིས་ནས་སྤྱན་དྲངས་ཏེ་ཡོན་ཀྱང་སོ་སོར་ཕུལ་བ་ལས་ཁ་གཉིས་ཀ་ནས་སྐལ་བ་བླང་བའི་ཕྱིར་ཕ་རོལ་ཚུ་རོལ་གཉིས་ཀར་གཏོགས་པར་གཡོ་བྱས་ནས་དེའི་ཚེ་ཉེས་བྱས་པར་འགྱུར་རོ། །སྒྱུས་སྔ་མར་ན་ཕྱི་མར་ཕྱི་མར་ན་སྔ་མར་ཡང་ངོ་། །དགེ་འདུན་ཡོན་སྔ་ཕྱིར་

འགོད་པ་ལ་སྔ་མའི་ནང་དུ་ཡང་། ང་འདིའི་ནང་དུ་གཏོགས་སོ་ཞེས་ཟེར་ཕྱི་མའི་ནང་དུ་སྔ་མ་ལས་མ་ཐོབ་སྟེ་འདིར་གཏོགས་སོ་ཞེས་ཟེར་ཞིང་། ཡོན་ཁ་གཉིས་བླངས་ཤིང་སྒྱུ་བྱེད་པའི་ཚེ་ཉེས་བྱས། གང་དུ་དེ་ཐམས་ཅད་དེ་ཐོག་མར་བྱུང་བ་དེ་སྐལ་བའོ། །མདོ་ལྟག་མ་
གཉིས་ལྟར་ཡོན་ཁ་གཉིས་སུ་འགོད་པ་ལ་གང་ནས་ཀྱང་རུང་བདག་གི་སྐལ་བ་གང་སྔར་ཐོབ་པ་ལས་མི་དབང་ངོ་། །ཁ་གཉིས་ཀ་ལས་བླངས་ན་ཕམ་པར་འགྱུར། མི་འཐོབ་པ་ལས་ཐོབ་པོ་ཞེས་ཟེར་བ་ཡང་ངོ་། །ཚུལ་དུ་ཞུགས་ནས་ཟླ་བ་ཕྱེད་དང་གཉིས་སུ་མ་ལོན་པར་ཚུལ་དྲལ་
བ་ལ་ཡང་བླ། ཚུལ་གྱི་ཚེ་གུད་ནས་འོངས་ཏེ། ཟླ་བ་ཕྱེད་དང་གཉིས་སུ་མ་ལོན་པ་དགེ་འདུན་ཟས་མ་གཏོགས་པར་ནོར་འགོད་དོ་ཅོག་ལ་མི་དབང་། ཟླ་བ་ཕྱེད་དང་གཉིས་ལོན་པ་ནི་མི་གཅིག་གི་སྐལ་བ་ཕྱེད་དབང་། ཕྱེད་དང་གཉིས་ལས་ལྷག་པ་ནི་གཞན་དང་འདྲ་བར་དབང་དེ་
ལྟར་མི་ཐོབ་པར་ཤེས་བཞིན་དུ་དབང་ངོ་ཞེས་ཟེར་ཞིང་འཐོབ་པར་བྱེད་པའི་ཚེ་ཉེས་བྱས། མ་བསྒོ་པར་སློང་བ་ཡང་ངོ་། །ནོར་བདག་གིས་ཁྱེར་ཅིག་པར་མ་བསྒོ་བར་གཡོག་ལྟ་བུའི་གན་དུ་ནོར་འདི་ཡང་བྱིངས་ཀྱིས་བླང་ངོ་ཞེས་བྱས་ན་སློང་བའི་ཚེ་ཉེས་བྱས་ཐོབ་ན་ཕམ། བསྙོན་
པ་ནི་བརྙས་པ་དང་བསྐྱིས་པ་དང་གཏམས་པ་ནི་སྦྱོར་བའོ། །གཞན་གྱི་རྫས་ལས་བརྙས་སམ་བསྐྱིས་སམ་གཏམས་པ་ལས་བསྡིགས་པའི་ཕྱིར་བསྙོན་ཏེ་མ་སྦྱིན་པར་བྱས་ན་སྦོམ་པོ། ཆད་ན་འཕྲོགས་པའོ། །མདོ་ལྟག་མ་ལྟ་བུའི་རྫས་ཤིག་ཡང་མི་སྦྱིན་པར་བསམས་ཏེ་བསྙོན་
ཏེ་མ་བྱིན་ན་ཕམ་པའོ། །སྦས་ཏེ་གཏམས་པ་ལས་འོན་ཏེ་བསྐྱོད་པར་བཅས་པ་དང་ཕྱིས་ཀྱང་ངོ་། །བདག་ལ་ནོར་གཏམས་པ་ལས་གསེར་དངུལ་ལྟ་བུ་ཞིག་སྟེ། རེག་ཏུ་མི་རུང་སྟེ་ནོར་བདག་ཉིད་ཀྱིས་ས་འོག་ཏུ་སྦས་ནས་གཏམས་པ་ལ། དགེ་སློང་གིས་ཕྱུང་སྟེ་བརྐུས་ན་འཕགས་
མ་ཐག་ཏུ་ཕམ། ནོར་བདག་གིས་ལྟག་མ་ལྟར་སྦས་པ་ལས། སྟོར་དུ་འོང་ངོ་ཞེས་དགེ་སློང་གིས་གནས་སྤོས་ཏེ་སྦས་ན་མི་སྦྱིན་པར་བསམས་ནས་མ་ཕྱུང་ཡང་ཕམ། དེ་སྟེ་དེ་ལས་སྔ་ན་བར་དུ་ཡང་སྦྱོར་བའོ། །ནོར་བདག་ཉིད་ཀྱིས་ནོར་སྦས་ཏེ་གཏམས་པ་དེ་གནས་གུད་དུ་མ་སྤོས་

པར་མི་སྦྱིན་པར་བསམས་པ་ནི་ཕམ་པར་མི་འགྱུར་ཏེ་ཉེས་བྱས། ཆུད་གཟན་པར་སྒྱིད་པ་བཅད་པ་དང་བསད་ན་ཡང་ངོ་། །ཕྱུགས་ལྟ་བུ་ཆུད་གཟན་པའི་ཕྱིར་བསད་དམ་སྒྱིད་པ་བཅད་ན་སྦོམ་པོ། སྲང་གྲངས་མང་དུ་རིར་ཟིན་ཀྱང་ཕམ་པར་མི་འགྱུར།
ལྟུང་བར་འགྱུར་བ་ནི་སྐབས་འདིར་མི་སྨོས་ཏེ་གུད་ནས་འཆད་དོ། །སྦོམ་པོར་བྱེད་པ་ནི་མཚམས་ཀྱི་ནམ་མཁའ་ལས་ཏེ་ཤོ་གམ་བཅག་ནའོ། །ཤོ་གམ་གྱི་མཚམས་སུ་ནོར་རྫས་ཤོ་གམ་དུ་འགྱུར་བ་ཤོ་གམ་པ་ལ་མི་སྦྱིན་པའི་ཕྱིར་མདའ་འམ་སྒྱོགས་ལྟ་བུ་དང་། འཇིག་རྟེན་གྱི་ལོག་
པའི་སྒྱུ་མའི་འཕྲུལ་གྱིས་ནམ་མཁའ་ལ་མཚམས་བཟླས་པ་ནི་སྦོམ་པོར་འགྱུར་རོ། །ཉེས་མེད་པ་ནི་འཕྲུལ་གྱིས་ཁྱེར་བའོ། །དགྲ་བཅོམ་པ་ལྟ་བུ་འཕྲུལ་དང་ལྡན་པས་ནམ་མཁའ་ལས་རྫས་ཁྱེར་བ་ནི་ཤོ་གམ་གྱི་ཉེས་པར་མི་འགྱུར་རོ། །མཚམས་གཞན་ནས་སོང་ན་ཡང་ངོ་། །ཤོ་
གམ་གྱི་རྒྱུད་ལས་བྱོལ་བའི་ཕྱིར་ཤོ་གམ་གྱི་རྒྱུད་དུ་མ་གཏོགས་པ་ཤོ་གམ་མེད་པའི་ལམ་དུ་སོང་ན་ཉེས་མེད། སྤྲུལ་ན་ཉེས་བྱས་པའོ། །འདྲོན་པོ་ཤོ་གམ་གྱི་རྒྱུད་དུ་འགྲོ་བ་ལ་ཤོ་གམ་པ་ཉལ་ལམ་ཟན་ཟ་བའི་ཚེ་ཐར་ཏོ་ཞེས་བསྟན་ན་ཉེས་བྱས། ལམ་གཞན་དུ་སྟོན་པ་ཡང་ངོ་། །
འདྲོན་པོ་ཤོ་གམ་གྱི་རྒྱུད་དུ་འགྲོ་བ་ལ་ལམ་གཞན་ནས་སོང་ན་ཤོ་གམ་གཅད་པ་མེད་དོ་ཞེས་བྱས་ཏེ། ལམ་གུད་བསྟན་ཏེ་བཏང་ན་ཉེས་བྱས་ཏེ། ཐབས་སུ་སྨྲས་ན་ཆུང་། འདྲོན་པོ་ཤོ་གམ་གྱི་རྒྱུད་དུ་འགྲོ་བ་ལ་ཡེངས་མ་གཏམ་གྱི་ཚུལ་དུ་ཤོ་གམ་པ་ཟན་ཟ་བའི་ཚེ་སོང་ན་ཐར་ཅེས་
བྱས་ན་ཉེས་བྱས་ཡང་བའོ། །ལམ་མ་ཡིན་པ་ཡང་ལམ་བཞིན་ནོ། །ཤོ་གམ་གྱི་རྒྱུད་དུ་འབྱུང་བའི་ལམ་ཉིད་ནི་མ་ཡིན་གྱི་ཕ་རོལ་ཚུ་རོལ་གྱི་གསེབ་བམ་ཤོ་གམ་པའི་ས་རིས་སུ་གཏོགས་པ་ཞིག་ཏུ་སོང་ན་ཕམ་མོ། །ཚེམ་བུ་དང་ཁར་ན་ཡང་སྣོད་གཞན་བཞིན་ནོ། །ཤོ་གམ་དུ་འགྱུར་བའི་
ནོར་ཞིག་ཚེམ་བུའི་གསེབ་བམ། ཁའམ་ལྟོར་མིད་དེ་ཤོ་གམ་གྱི་རྒྱུད་འདས་ནའང་ཕམ་སྟེ་སྣོད་གཞན་དུ་བཅུག་སྟེ་ཁྱེར་བ་དང་འདྲའོ། །རྐུ་བའི་སེམས་མེད་ན་མཐར་མི་འགྲུབ་པོ། །ནོར་ཞིག་རྐུ་བར་བསམས་ཏེ་བཟུང་བ་ལས་མི་རྐུ་བར་བསམས་ཏེ་མ་བཏེག་པར་བཏང་ན་

ཉེས་བྱས་དང་། སྦོམ་པོ་ནི་ཡོད་ཕམ་པ་ནི་མེད། དེའི་སྦྱོར་བ་ནི་མེད་ན་ཡང་གྱུར་པའི་ཚེ་ན་མ་བྱས་པ་མ་ཡིན་ནོ། །རྐུ་སེམས་མེད་པར་ནོར་ཞིག་བླངས་ནས་འཕྲལ་ལ་རྐུ་སེམས་བྱུང་སྟེ། བརྐུས་ན་ཉེས་བྱས་དང་སྦོམ་པོ་ནི་མེད་དེ་ཕམ་པར་ནི་འགྱུར་རོ། །ཡི་གེ་ལ་སོགས་པས་ཀྱང་
མི་འདྲིའོ། །ཡི་གེ་དང་ལག་བརྡ་ལྟ་བུས་རྐུས་ཤིག་པར་བསྟན་ནས་དེས་བརྐུས་ན་ཡང་ཕམ། མཐུ་དང་བཅད་ན་ཡང་མ་བརྐུས་པ་མ་ཡིན། གླར་བླངས་ཏེ་ལས་བྱེད་བྱས་པ་ལས་མཐུ་བསྙེམས་ཏེ་གླ་མ་བྱིན་ན་ཕམ་མོ། །གནས་དང་བཅས་ནའང་མི་རུང་ངོ་། །ནོར་ཉིད་བཏེག་
ན་ཕམ་གྱིས་དོགས་པའི་ཕྱིར་གཞི་དང་བཅས་ཏེ་བརྐུས་ན་ཡང་ཕམ། བསད་པ་ནི་བརྐུས་པ་མ་ཡིན་ནོ། །མིའི་ནོར་དུ་གཏོགས་པའི་སེམས་ཅན་བྱོལ་སོང་ཆུད་གསན་པའི་ཕྱིར་བསད་ནའང་རིན་ཆེ་ཆུང་མཚུངས་ཏེ་སྦོམ་པོ་མི་མ་ཡིན་པའི་ནོར་བྱོལ་སོང་བསད་ནའང་ལྟུང་བའོ། །
ཕྱོགས་གཅིག་གནས་ནས་མ་འཕགས་ནའང་མ་ཡིན། ནོར་རྫས་རྐུ་བའི་ཕྱིར་བཏེག་པ་ངོས་གཅིག་ནི་བཏེག་ངོས་གཅིག་ནི་གཞི་ལས་མ་འཕགས་ཀྱི་བར་དུ་ན་ཕམ་པར་མི་འགྱུར། སྤྲུགས་ཏེ་ལྷུང་ནའང་དེ་བརྐུས་པའོ། །ར་བ་སོ་སོ་ལ་རྩིག་སྒལ་གཅིག་སྟེ་ར་བ་གཅིག་གི་ནང་ནས་བཟའ་
ཤིང་སྐྱེས་ཏེ། ཡལ་ག་དག་གི་རྩིག་སྒལ་འདས་ཏེ་འདུག་པ་ལ་ཤིང་ཐོག་རྐུ་བའི་ཕྱིར་ཤིང་སྤྲུགས་ཏེ་བདག་གི་ར་བའི་ནང་དུ་ལྷུང་སྟེ། རིན་ཐང་ཚང་ན་ཕམ། སྤྲུགས་པ་ནི་ཕྲུ་ལུ་ལུ་ཚ་ར་ར་འོངས་ནའོ། །ཆང་ངམ་ནས་ལྟ་བུའི་སྣོད་རྡོལ་ཏེ་ཕྲུ་ལུ་ལུ་ཙ་ར་ར་འོངས་པ་མཇུག་མ་ཆད་
ཀྱི་བར་དུ་བདག་གི་སྣོད་དུ་འོངས་པ་རིན་ཐང་ཚང་ཡང་མི་ཕམ་རྫས་དེ་མཇུག་རྫོགས་ནས་སྤྱིར་རོ། །མདོ་ལྟག་མ་ལྟར་ཕྲུ་ལུ་ལུར་འོང་བ་རྒྱུན་ཆད་དེ་བདག་གི་ལག་ཏུ་འོངས་པ་ན་རིན་ཐང་ཚང་ན་ཕམ། ཕུང་པོ་ལས་ཡང་ཡང་ལེན་ན་རྐུ་བ་ཐ་དད་དོ། །ནས་ལྟ་བུ་ཕུང་པོར་འདུག་པ་
ལས་བླངས་ཏེ་བརྐུས་ནས་ཡང་རྐུ་སེམས་སྐྱེས་ཏེ་བླངས་པ་ལྟ་བུར་རྐུ་སེམས་རེས་ལན་དུ་མར་བླངས་ན། བླངས་པ་དེའི་སོ་སོར་རིན་ཐང་བརྩིས་ཏེ་ཚང་ན་ཕམ། མ་ཚང་ན་སྦོམ་པོ། ཕུང་པོ་ལས་ཡང་ཡང་རེ་རེ་ཕུང་པོ་གཅིག་རིལ་གྱིས་བརྐུ་བར་བསམས་ཏེ་ལེན་དུ་མ་ཞིག་

བླངས་ཏེ་སོ་སོར་རིན་ཐང་ཚང་ཡང་མི་ཕམ། ཕུང་པོ་ཟད་ན་ཕམ། ཕྲལ་བ་དུ་མ་ན་སོ་སོ་དེའི་ཆའོ། །མི་མང་པོ་ཞིག་གི་སྤྱི་ལ་ནོར་འདུག་པ་ཞིག་བརྐུས་ན། ནོར་བདག་ཏུ་ཡོད་པ་སོ་སོར་ཅི་ཡོད་པ་བསྒོས་ཏེ་མི་གཅིག་གི་སྐལ་པ་རིན་ཐང་ཚང་ན་ཕམ་མ་ཚང་ན་ནོར་
བདག་ཏུ་ཡོད་པ་དེ་བཞིན་དུ་སྦོམ་པོ་རེ་རེ་རྐུ་བ་ཡང་ངོ་། །ནོར་བདག་གཅིག་གི་ནོར་ལ་དགེ་སློང་མང་པོ་ཞིག་གིས་བརྐུས་ན། དགེ་སློང་དུ་ཡོད་པ་བགོས་ཏེ་གཅིག་གི་རིན་ཐང་ཚང་ན་ཕམ། དུ་མའི་ཡིད་དང་དེ་དེར་ཐོབ་ན་བརྐུས་པའོ། །རྐུན་པོར་འདོད་པའི་ཚེ་ལག་ཐབས་སུ་སོ་སོར་ཅི་ཐོབ་པ་
ཁྱེར་རོ་ཞེས་འཐམས་ཏེ་བརྐུས་ན་སོ་སོར་ཅི་ཐོབ་པ་རིན་བརྩིས་ཏེ། རིན་ཐང་ཚང་ན་ཕམ། མ་བྱིན་པར་ལེན་པའི་ཕས་ཕམ་པ་སྟེ་དྲིས་པར་གཏོགས་པའོ། །མ་བྱིན་པར་ལེན་པའི་ཕས་ཕམ་པ་སྟེ། འཕགས་པ་ཨུ་པཱ་ལིས་དྲིས་པའི་འདུལ་བའི་མདོ།། །།བླངས་པའི་སྔོན་ལོགས་
སུ་ཤི་ན་སླར་གཞག །དགེ་འདུན་ནོར་འགོད་པའི་ཚེ། དགེ་སློང་ནད་པ་ཞིག་ཤི་ན་ནད་གཡོག་གིས་ནོར་བགོས་ནས་བླངས་པའི་སྔོན་ལོགས་སུ། ནད་པ་དབུགས་ཆད་པ་ནི་ནོར་སྐལ་དེ་དགེ་འདུན་དབང་སྟེ་སླར་དབུལ་ལོ། །ཁྱིམ་པས་ནོར་ཡོན་ཕུལ་བ་ཡང་དེ་བཞིན་ནོ། །བཟློག་པ་ནི་ཤི་
བའི་ཡོ་བྱད་དོ། །ནོར་བགོས་ནས་སྐལ་བ་ནད་གཡོག་གིས་བླངས་ཟིན་པའི་འོག་ཏུ་ཤི་ན་ཤི་བའི་ཡོ་བྱད་དང་ཤི་བའི་ནོར་བགོ་བའི་ནང་དུ་གཏོགས་སོ། །ནོར་འགོད་པའི་ཚེ་ཁྱིམ་པར་བབས་པ་ཞིག་ནའང་ནོར་དེ་ཁྱིམ་པར་བབས་པ་སྦྱིན་ནོ། །དགེ་འདུན་སྤུན་བཞིན་པས་དེའི་ཕྱིར་བརྐུས་ནའང་བདག་
གིར་མ་བྱས་པ་མ་ཡིན་ནོ། །དགེ་འདུན་པ་འཚོ་བའི་ཡོ་བྱད་གཅིག་ཏུ་སྦྱར་བ་ལ་དེའི་ནང་ནས་དགེ་སློང་གཅིག་གིས། དགེ་འདུན་དེ་རྣམས་ཀྱི་ཕྱིར་གཞན་ལས་ནོར་ཞིག་བརྐུས་ན་ཡང་རིན་ཐང་བརྩིས་ཏེ་རིན་ཐང་ཚང་ན་བདག་ཀྱང་དེར་གཏོགས་པས་ཕམ། དགེ་འདུན་འཚོ་བའི་ཡོ་བྱད་
གཅིག་ཏུ་སྦྱར་བ་དེའི་དགེ་སློང་གཅིག་གིས་དགེ་འདུན་དེ་ཉིད་ཀྱི་ནོར་ལས་གཞན་སྦྱིན་པའི་ཕྱིར་བརྐུས་པ་ནི་སྦོམ་པོ། བདག་པོ་ཐ་མི་དད་ན་བདག་གི་བཞིན་ནོ། །ཡོན་བདག་གཅིག་ལ་དགེ་འདུན་ཁ་གཉིས་སུ་འཁོད་དེ་ཁ་ཟས་ཀྱིས་མི་ཐུབ་ན། རྒྱུ་དག་བྲེལ་བྲེལ་དུ་འཆུགས་པ་ཞིག་ན།

ནོར་རྫས་གཅིག་ལས་བརྐུས་ཏེ་གཅིག་ཏུ་བསྣན་ན་སྦོམ་པོ། མི་ལེན་པར་ཆད་དེ་བྱུང་ནས་ལྷག་ནས་བརྐུས་ན་དེའི་ཡན་ལག་ཏུ་མ་ཡིན་ནོ། །རྐུན་པོ་བྱེད་པ་ཞིག་ཏུ་བདག་རྐུན་ཟླར་ནན་གྱིས་བཅུག་སྟེ་རྐུན་པོ་མི་བྱ་བར་བསམས་པ་ལས་རྐུན་ཟླས་བསད་ཀྱིས་དོགས་པའི་ཕྱིར། རྐུན་པོ་
བྱེད་པའི་ནང་དུ་འདྲོལ་ཏེ། སོང་ནས་རྐུ་སེམས་ཀྱང་མེད། ནོར་སྐལ་ཡང་མ་བླངས་ན་ཉེས་མེད། ཤས་བདག་གིར་བྱེད་པར་འདོད་ན་མི་ལེན་པ་མ་ཡིན་ནོ། །བདག་རྐུན་པོར་ནི་མ་སོང་གི །རྐུན་ཤས་འདོད་པའི་ཕྱིར་གྲོས་ལ་གཏོགས་ཏེ་གཞན་གྱིས་བརྐུས་པའི་ཤས་བླངས་ནའང་ཕམ།
དེའི་ལས་སུ་གཏོགས་ན་དེ་མ་ཡིན་ནོ། །རྐུན་པོ་བྱེད་པའི་ལས་ལ་གཏོགས་ཏེ་ཆུང་ངུ་བྱ་ར་ཙམ་བྱས་ཀྱང་རུང་སྟེ། རྐུན་ཤས་བླངས་ན་ཡང་ཕམ། ལྷན་ཅིག་ཏུ་སྤྱོད་པ་དང་ཉེ་གནས་བརྐུས་ནའང་མི་འབྱུང་ཞེས་མི་བྱའོ། །བདག་གི་སློབ་མ་དང་ཉེ་གནས་ཀྱིས་བརྐུས་པ་ལས་སླར་ཐུག་
ཐུབ་ཏུ་ཕྲོགས་ན་ཕམ་མོ་ཞེས་བྱི་ཤུ་ཏས་བཤད། ཉེས་བྱས་སོ་ཞེས་བྱི་ཙ་ཡ་བར་མས་བཤད། ཆུང་བ་ནི་མཚམས་བརྩན་ནོ། །ཞིང་རྐུ་བ་ནི་འདི་ཙམ་ཚུན་ཆད་བརྐུའོ་ཞེས་མཚན་མ་བཙུགས་ཏེ་བརྐུས་པས་ཕམ། ནོར་བདག་གིས་མ་བཏང་སྟེ་ཞལ་ཅེ་འགྱེད་པ་ནི་ལྟག་མ་དང་
འདྲའོ། །མཚམས་ནི་བཙུགས་པ་ལས་བསྐྱོད་ན་འདིར་མ་གཏོགས་པ་མ་ཡིན་ནོ། །ཞིང་གི་མུའམ་མཚམས་སམ་མཚན་མ་བསྒྱུར་ཏེ་བཙུགས་ནས། དེ་ཚུན་ཆད་ལ་རིན་ཐང་བརྩིས་ཏེ་ཚང་ན་ཕམ། མངོན་པར་བླངས་ཀྱང་མི་སྣང་ན་བརྐུས་པའོ། །མཐོང་བཞིན་དུ་བརྐུས་
ནས་སོང་བ་ནི་ནོར་བདག་མི་སྣང་བར་གྱུར་ན་ཕམ། མི་སྟོབས་ཀྱིས་གཟུང་ན་དབང་དུ་བྱས་ནའོ། །མི་མཐུས་བཟུང་སྟེ་བརྐུས་པ་ནི་སླར་མི་འབྲོས་པར་གྱུར་ན་ཕམ། གཅིག་ཏུ་ན་བདག་གིས་ཅི་བྱས་པ་བཞིན་དུ་ཉན་ཅིང་བྱེད་ན་ཕམ། བདག་ནི་དེ་ལྟར་མ་ཡིན་ནོ། །བདག་གཞན་
ཞིག་གིས་བརྐུས་ནའང་སླར་བྲོས་ཏེ་འོངས་པ་ལ་ཉེས་མེད། གང་རྐུ་བར་བྱས་པ་དེ་ལ་འབྲེལ་པ་མ་བསམས་པ་ནི་མི་ཆུད་དོ། །མི་ཕམ་པར་བྱ་བའི་ཕྱིར་རས་ངན་པ་རིན་ཐང་མ་ཚང་བ་བརྐུས་པ་ལས་ནང་ནས་བཟང་པོ་ཞིག་བྱུང་སྟེ། སླར་བསྐྱལ་ན་ཕམ་པ་མེད་དེ་སྦོམ་པོའོ། །ལྟག་

ནས་ཀྱང་མདོ་འདི་འདྲ་བ་ཞིག་འབྱུང་སྟེ་གོང་མ་ནི་གསེར་དང་བུམ་པ་ལ་བྱ། འདི་ན་རས་བཟང་ངན་ལྟ་བུ་ལ་བྱ་སྟེ་བཅས་པ་ཐ་དད་ཙམ་དུ་ཟད་དོ། །སྦོམ་པོ་ནི་གང་གིས་ཅི་བླངས་པ་དེ་དེའིའོ་ཞེས་བཅས་པ་ལས་གཞན་གྱིར་བརྐུས་ནའོ། །དགེ་སློང་མང་ཞིང་རྐུན་
པོར་འདོད་དེ། ལག་ཐབས་སུ་ཅི་ཐོབ་པ་སོ་སོར་ཁྱེར་རོ་ཞེས་འཐམས་ནས་གཞན་གྱིས་ནི་ཐོབ་བདག་གིས་ནི་མ་ཐོབ་ཀྱང་སྦོམ་པོ་ཞེས་བྱི་ཤུ་ཏས་བཤད། བདག་རྐུན་ཟླས་ནན་གྱིས་བཅུག་སྟེ། རྐུ་བར་མི་འདོད་ན་བསད་ཀྱིས་དོགས་པའི་ཕྱིར་རྐུན་ཟླར་ནི་འགྲོ་སྐལ་བ་ནི་རྐུན་ཟླ་ལ་སྦྱིན་ནོ་
ཞེས་བསམས་ཏེ། རྐུ་བའི་ཁྲོད་དུ་སོང་སྟེ་ཤས་མ་བླངས་ན་སྦོམ་པོ་ཞེས་བྱི་ཙ་ཡ་བར་མས་བཤད། བདག་པོ་དང་བཅས་པའི་དུར་ཁྲོད་ནས་བླངས་ནའོ། །དུར་ཁྲོད་ཀྱི་རོའི་རྫས་བདག་པོ་ཡོད་པ་ལ་རྣམ་པ་བཞི་སྟེ། རྒྱལ་པོས་འཚོ་བ་རོའི་རྫས་ལ་གཏད་པ་དང་ལས་བྱེད་པའི་ཕྱིར། རོའི་
རྫས་ལ་གཏད་པ་དང་དཔྱ་འབུལ་བའི་ཕྱིར། རོའི་རྫས་ལ་གཏད་པ་དང་གསད་པའི་བཤེད་མར་གཏད་དེ་རོའི་རྫས་ལ་བྱིན་པའོ། །ཐ་མ་གཤེད་མ་དབང་བ་ལས་བརྐུས་ན་སྦོམ་པོ། གོང་མ་གསུམ་ནི་ཕམ་མོ་ཞེས་ཊཱི་ཀ་ལས་བཤད། མཁན་པོ་ཁ་ཅིག་ན་རེ་རོ་རྫས་མི་གཙང་ཞིང་
འདོད་པའི་ཤས་ཆུང་བའི་ཕྱིར་སྦོམ་པོ་ཞེས་ཀྱང་བཤད། རྩ་བ་དང་རྔོ་གུ་དང་སྡོང་པོ་དང་ལོ་མ་དང་། མེ་ཏོག་དང་འབྲས་བུ་དང་སྐྱེ་ཤིང་ལ་སོགས་པ་སྔགས་ཀྱིས་བསྐམས་ན་ཡང་ངོ་། །མིང་གིས་སྨོས་པ་འདི་རྣམས་ལྟ་བུ་མིའི་ནོར་ཞིག་ལ་ཆུད་གསན་པའི་ཕྱིར་སྔགས་བཏབ་སྟེ་སྐམས་
སམ་རུལ་བར་བྱས་ན་སྦོམ་པོ། །འབྲུའམ་ཡལ་ག་སོ་སོ་གཅིག་ནས་བསྐམས་ན་ཡང་སྐམ་པ་རེ་རེ་སྦོམ་པོ་རེ་རེ། རྟ་ལ་ཁམ་གྱིས་བྲིད་ཅིང་སྦྱིན་ནམ་བཞོན་ཏེ་རྐུ་བར་འདི་ལྟར་རྐུ་བར་རོ་ཞེས་ནས་ལུས་ཀྱིས་ཞོན་ནའོ། །རྟ་བརྐུ་བའི་ཕྱིར་རྩྭས་བྲིད་དེ་བཞོན་པའམ་བཀྲི་བའམ་འདི་ལྟར་
སྤྱད་དོ་ཞེས་སེམས་ཀྱིས་བརྐུའོ་ཞེས་བསམས་ན། རྟ་ལ་མ་རེག་ཀྱང་སྦོམ་པོ། གྲུ་ཡང་ངོ་། །གྲུ་མིག་སྔ་ན་འདུག་ལ་ལུས་ཀྱིས་སྐྱ་བའི་ཐབས་དང་དྲང་བ་འདྲ་བར་སྤྱད་དེ་འདི་ལྟར་བྱས་ཏེ་བརྐུའོ་ཞེས་སེམས་ལ་བསམས་ན་མ་རེག་ཀྱང་སྦོམ་པོ། དེ་དང་འདི་དག་ལས་ཀྱང་ངོ་། །

གྲུའི་ནང་དུ་ནོར་འདུག་པ་དང་། རྟ་ལ་རྒྱན་ཡོད་པར་མིག་སྔ་ན་སྣང་བ་ཞིག་ལ་འདི་ལྟར་བརྐུའོ་ཞེས་ལུས་ཀྱིས་སད་དེ་བརྐུའོ་ཞེས་བསམས་ན་མ་རེག་ཀྱང་སྦོམ་པོ། ཕ་དང་མ་དང་སྤུན་དང་སྲིང་མོ་དང་མཁན་པོ་དང་སློབ་དཔོན་དང་མཆོད་རྟེན་དང་དགེ་འདུན་ལ་སོགས་པའི་བརྟགས་ཏེ་ཤོ་
གམ་དུ་བྱ་བ་བཟླས་ན་ཡང་ངོ་། །འདི་རྣམས་ལྟ་བུ་ཞིག་ལས་ཤོ་གམ་དུ་འགྱུར་བའི་རྫས་ཤིག་ཁྱེར་ཁྱེར་བ་ལས་ཤོ་གམ་པས་མ་གནང་བར་ཅི་དབང་བ་མ་སྦྱིན་ན་སྦོམ་པོར་འགྱུར་རོ། །བརྙས་པ་དང་བསྐྱིས་པ་མི་སྦྱིན་པར་བརྟགས་པ་ཡང་ངོ་། །ནོར་རྫས་ཤིག་བརྙས་སམ་བསྐྱིས་པ་
ཟས་མི་སྦྱིན་ནོ་ཞེས་བསམས་པའི་ཚེ་ན་སྦོམ་པོ། ལྟག་ནས་ཀྱང་མདོ་འདི་འདྲ་བ་ཞིག་བྱས་ཏེ་ལྟག་མ་ནི་ནོར་བདག་ལན་དུ་འོངས་པའི་ཚེ་སྦྱིན་ནོ་སྙམ་དུ་སེམས་ཤིང་བསྙོན་པའི་ཕྱིར་ང་ལ་མེད་དོ་ཞེས་སྨྲས་པས་སྦོམ་པོ། གཞན་གྱི་ཕྱིར་བྱིན་པ་བགོས་ན་ཡང་ངོ་། །དགེ་འདུན་གྱི་ཕྱིར་
སྤྱན་གཟིགས་བསྐུར་བ་ལས། དགེ་འདུན་ལ་མ་ཕུལ་བར་བར་དུ་བགོས་ཏེ་ཁྱེར་ན་སྦོམ་པོ། དགེ་སློང་གཅིག་གིས་ཤིང་ཏོག་ཨ་ལྟུ་ཀ་ཞིག་དགེ་འདུན་ལ་བསྐུར་བ་ལས། དགེ་སློང་ནི་ཤི་དགེ་སློང་དགེ་འདུན་ལ་མ་ཕུལ་གྱི་བར་དུ་བསྐུར་བསྐུར་བའི་དགེ་སློང་དག་གིས་བགོས་
པ་ལས་བཅས་ཏེ་ནོར་བསྐུར་བའང་དེ་དང་འདྲ། བདག་པོ་མེད་པ་བདག་པོ་ཡོད་པར་འདུ་ཤེས་ན་ཡང་ངོ་། །ནོར་སྟོར་བ་ལྟ་བུ་ནོར་བདག་གི་སེམས་ཀྱིས་བཏང་བ་ཞིག་ལས་བརྐུས་ན་སྦོམ་པོ། ནོར་བདག་གི་སེམས་ལ་ནོར་ཡོད་པར་ཀྱང་མི་དྲན་སྟོར་བར་ཡང་མི་དྲན་པ་ཞིག་ལས་
བརྐུས་ན། ཐོག་མ་ནོར་བདག་གི་སེམས་ལ་བདག་གི་ཡིན་པར་བསམས་པས་ཕྱིས་མི་དྲན་ཀྱང་ཕམ་བསྡུས་འབྲས་སྲན་ཕྱེ་ཉ་ཤ་བཅའ་བ་ལ་སོགས་པ་མི་འཐོབ་པའི་བསོད་སྙོམས་བླངས་ན་ཡང་ངོ་། །ཁ་ཟས་འདི་རྣམས་ལྟ་བུ་ལས་དགེ་འདུན་གྱི་ནང་ནས་བདག་གི་སྐལ་བ་ཉིད་བླངས་ལ་
གུད་དུ་སྤྱན་དྲངས་པའི་ཟན་སྐལ་ལའང་བླངས་ནའང་སྦོམ་པོ། ལས་མི་འདོད་པའི་ཕྱིར་དགེ་འདུན་གྱི་ནང་ནས་བྱུང་ལ་ཟན་ཟླ་ཕོགས་སུ་ནོས་ཏེ། དགེ་འདུན་ལས་མི་བྱེད་ནའང་སྦོམ་པོ། དགེ་འདུན་གྱི་ནང་དུ་ལས་བྱེད་ཀྱང་ཟན་ཟླ་ཕོགས་སུ་ནོས་ཏེ་ཟླ་ཕོགས་ཀྱི་ཟན་སྐལ་བསགས་པའི་ཕྱིར་

སླར་དགེ་འདུན་ལ་མ་ཕུལ་བར་བཞག་ལ་མགྲོན་དུ་བོས་པའི་ཟན་སྐལ་ཀྱང་ཟོས་ན་སྦོམ་པོ། མི་ཤེས་པར་གཞན་གྱིས་མི་འཐོབ་པར་བླངས་ན་མ་ཡིན་ནོ། །བདག་གུད་དུ་གཞན་གྱིས་ཟན་བྱིན་ལ་མི་ཤེས་པར་གྲོགས་པོས་ཟན་སྐལ་ནོས་སུ་ཟིན་ན་ཡང་སླར་ཕུལ་ན་
ཉེས་མེད་དོ། །མ་བསྒོ་བ་ན་ཡང་མ་ཡིན། དགེ་སློང་གྲོགས་ཤིག་གུད་དུ་ཟན་ཟར་སོང་སྟེ་བདག་ལ་ཟན་སྐལ་མ་ནོད་ཅིག་ཅེས་མ་བསྒོ་བར་བདག་གིས་སྐལ་བ་ནས་གྲོགས་ཟན་ཟོས་ཟིན་པར་གྱུར་ཏེ་སླར་ཕུལ་ན་ཉེས་མེད་དོ། །ཉེས་བྱས་པ་ནི་མ་བོས་པའི་ཆོས་བསྟན་ཏོ། །དགེ་སློང་མགྲོན་
དུ་མ་བོས་པར་མཆོད་སྟོན་གྱི་ཟན་ཟོས་ན་ཉེས་བྱས། མ་བོས་ཤིང་མ་བྱིན་པར་ཐུག་ཐུབ་ཏུ་ཟོས་པ་ཅིའི་ཕྱིར་ཕམ་པར་མི་འགྱུར་ཞེས་ཟེར་བ་ཡོད་དོ། །ཡོན་བདག་གི་མིག་སྔ་ན་ཟ་ཞིང་མི་སྦྱིན་པའི་སེམས་མེད་པས་ཕམ་པར་མི་འགྱུར། བརྐུ་བར་འགྲོ་བ་ཡང་ངོ་། །རྐུ་བར་འགྲོ་བའི་ཚེ་ཉེས་བྱས།
གྲོས་བྱེད་པའང་དེ་ལས་ཐ་མི་དད་དོ། །རྐུ་བར་འགྲོ་བར་བསམས་ནས་རྐུན་ཟླ་དང་གྲོས་བྱེད་པའི་ཚེ་ཡང་སྔ་མ་བསམས་པའི་ཉེས་བྱས་སུ་གཏོགས་པར་ཟད་དོ། །བདག་པོ་མེད་པར་རབ་ཏུ་བརྟག་པ་བྱ་སྟེ་བླང་། ཕྱག་དར་ཁྲོད་ཀྱི་གོས་བླངས་པ་ལྟ་བུ་ལ་བཟང་པོ་ཞིག་ན། བདག་པོ་གང་
ཡིན་བདག་པོ་ཡོད་དམ་མེད་ཞིབ་ཏུ་བརྟགས་ཏེ་བླངས་ངན་པ་རྣམས་ནི་མ་བརྟགས་ཀྱང་ཉེས་མེད། ལུས་ཀྱིས་ཉལ་བར་མི་བྱ། བུ་ལོན་ཆགས་པ་ལྟ་བུ་ཕྱིར་མདུན་དུ་ཐེན་ཅིང་ཉལ་བར་མི་བྱ། བྲམ་ཟེ་ཞིག་ལ་དགེ་སློང་ཞིག་གི་བུ་ལོན་ཆགས་ཏེ་བྲམ་ཟེ་ཞིང་རྨེད་པ་ལ་བདས་ནས་མ་སྟེར་དེ་ཞིང་
རྨོ་བའི་རོལ་ཁར་ཐེན་ཏེ་ཉལ་བ་ལས་བཅས། བྱ་ཚང་མི་གཞིག །གཙུག་ལག་ཁང་ན་བྱ་ཚང་འདུག་པ་སྒོ་ང་མེད་པ། དགེ་འདུན་གྱི་ལས་སུ་མ་བསྐོས་པར་བཤིག་ཀྱང་ཉེས་མེད། དེ་མ་གཏོགས་པར་བྱ་ཚང་བཤིག་ན་ཉེས་བྱས། དེར་མ་གནས་པར་དབྱར་གྱི་གོས་ཀྱི་ཤས་ལ་
མི་འཇུག །དབྱར་ཚུལ་དུ་མ་ཞུགས་པའི་དགེ་འདུན་ཚུལ་དུ་ཞུགས་པའི་ཡོན་དང་། གོས་འགོད་པའི་ཡོན་དུ་མ་གཏོགས་ཏེ་རྐུ་སེམས་ཀྱིས་ནོར་སྐལ་བླངས་ན། རིན་ཐང་ཚང་ན་ཕམ་རྐུ་སེམས་མེད་ན་སྦོམ་པོ། རྐུན་པོ་ལས་སྦྱིན་བདག་ཏུ་བསམས་ཏེ་བླངས་ན་མ་ཉེས་རྐུན་པོར་གྲགས་

པའི་མི་ཞིག་ལེན་ན་དེ་ལས་ནོར་ཞིག་ལེན་ན་དེ་ལ་སྦྱིན་བདག་ཏུ་བསམས་ཏེ་བླངས་ན་ཉེས་མེད། ནོར་བླངས་པ་དེ་ངོས་ཟིན་ན་ཡང་རྐུན་པོ་དེ་ལ་ཁུངས་ཕྱུང་ན་ཀུན་གྱིས་ཤེས་པའི་ཕྱིར་བདག་གཙང་མར་འགྱུར་བས་བླང་དུ་རུང་། གཡུང་མ་རྒོད་རྐུན་པོའི་རྒྱལ་མཚན་མ་ཐོགས་པ་ལས་
རྫས་མི་བླངས། རྐུ་མཁས་ཏེ་བུ་སྨད་ལྟ་བུས་ཀྱང་རྐུན་པོ་བྱས་པར་མི་ཚོར་ཏེ་ཁྲིམས་འཛིན་ཅིང་སྡིག་ཆུང་ངུ་ལ་ཡང་འཛེམ་པ་ལྟར་བྱེད་པ་ལ་རྐུ་བའི་མི་དང་འདི་རྣམས་གཉིས་ལྟ་བུ་གཡུང་མ་རྒོད་ལས་རྫས་བླངས་པ་ནི་ཉེས་བྱས་ནོར་དེ་བླངས་ཏེ་ནོར་བདག་གིས་ངོས་ཟིན་ན་གཡུང་
མ་རྒོད་ལ་ཁུངས་ཕྱུང་དུ་ཟིན་ཀྱང་ཡུལ་མིས་རྐུ་བར་མ་སྤྱད་པས། དགེ་སློང་གཙང་མར་མི་འགྱུར་བའི་ཕྱིར་མི་བླང་ངོ་། །བླངས་ནས་མཚོན་གྱིས་བཅད་ཅིང་ཁ་དོག་བསྒྱུར་ལ་བཅང་། རྐུན་པོར་གྲགས་པ་ལས་ནོར་བླངས་པ་དེ་ཁ་ཚར་བཅད་དེ་ཁ་དོག་བསྒྱུར་ཏེ་བཅང་། དེ་ལྟར་
བྱས་ཀྱང་སློང་ན་བྱིན་ཅིག །མདོ་ལྟག་མ་ལྟར་རྫས་བླངས་པ་ཁ་དོག་བསྒྱུར་ཏེ། བཅངས་པ་དེ་ནོར་བདག་གིས་ངོ་ཤེས་ཏེ་སླར་སོང་ན་སྦྱིན། མ་སྦྱིན་ན་ཉེས་བྱས། སྒྱུ་མི་བྱ། ལས་ལྟ་བུ་བྱེད་བྱེད་པའི་གླ་མཐོ་བྱོགས་པའི་ཕྱིར་མེད་ཅེས་སམ། མ་འབྱོར་ཅེས་མི་སྦྱིན་པར་སྒྱུ་མི་
བྱ། བྱས་ན་ཉེས་བྱས། སྔགས་ཀྱིས་བཏང་ན་ནི་ཉེས་མེད། བདག་གི་རྫས་གཞན་གྱིས་བརྐུས་ནས་ཆོས་བཤད་དེ་བླངས་ཀྱང་མི་སྟེར་ན། སྔགས་བྱས་ཏེ་སེམས་བསྒྱུར་ལ། བདག་ལ་སྦྱིན་དུ་བཅུག་པ་ནི་ཉེས་མེད་དོ། །བྱི་བས་བརྐུས་པ་དག་གི་ནི་བླངས་ན་ཡང་ངོ་། །བདག་གི་ནོར་
རྫས་ལྟ་བུ་བྱི་བས་ཁྱེར་བ་ལས་སླར་ཕྲོགས་ཤིང་བླངས་པ་ནི་ཉེས་མེད། དེ་བཞིན་དུ་ཁྱི་དང་བྱ་ལ་སོགས་པ་ལས་ཕྲོགས་ཀྱང་ཉེས་མེད། དགེ་སློང་གཞན་གྱི་དོན་དེའི་ཕྱིར་ཡང་ངོ་། །དགེ་སློང་གཞན་གྱི་ནོར་རྫས་ཤིག་བྱི་བ་དང་ཁྱི་ལ་སོགས་པས་ཁྱེར་བ་བླངས་ཤིང་ཕྲོགས་པ་ཡང་
སླར་བྱིན་ན་ཉེས་མེད། བདག་དང་དགེ་སློང་ཞེས་འབྱུང་བས་ཁྱིམ་པ་དང་། དགེ་སློང་ལ་ནི་ཉེས་ཡོད་པ་འདྲའོ། །རྔོན་པས་རི་དགས་སྨས་པ་གནས་སུ་འོངས་ཏེ་ཁྱེར་ན་ཡང་ངོ་། །ལིངས་མིའམ་རྔོན་པ་ལྟ་བུས་རི་དགས་སྨས་ཏེ་བདག་ཅག་གི་གན་དུ་འོངས་པ་ནི་སྙིང་རྗེ་ཞིང་སྐྱབས་བྱ་བའི་ཕྱིར།

རི་དགས་བསྙགས་པའི་བདག་པོ་སླར་མ་བྱིན་ཡང་ཉེས་མེད་དོ། །དེ་ཤི་ན་དེ་དག་ལ་བྱིན་ཅིག །མདོ་ལྟག་མ་ལྟར་མ་བྱིན་པ་དེ་ཤི་ན་ཤ་སླར་བྱིན་ཤ་བདག་རིང་ཞིག་ཏུ་མ་འོངས་ན་ཡང་བདག་ཅག་གིས། ཤ་བརྐུས་ཤིང་མ་ཟོས་པར་ཤེས་པར་བྱ་བའི་ཕྱིར་རུལ་རུལ་དུ་
ཁེངས་རུས་མངོན་པར་གཞག །མ་བྱིན་པར་ལེན་པའི་ཕས་ཕམ་པའི་བྱེ་བྲག་ཏུ་གདོན་མི་ཟ་བའོ། །མ་བྱིན་པར་ལེན་པའི་ཕས་ཕམ་པ་སྟེ། འདུལ་བ་བྱེ་བྲག་ཏུ་གདོན་མི་ཟ་བའི་ནང་ནས་འབྱུང་བའི་མདོ། མ་བྱིན་པར་ལེན་པའི་ཕས་ཕམ་པ་རྫོགས་པའོ། །མ་བྱིན་པར་ལེན་པའི་ཕས་
ཕམ་པ་འདུལ་བ་སོ་སོ་ནས་འཆད་ཅིང་འབྱུང་བའི་མདོ་ཀུན་རྫོགས་སོ།། །།གསོད་པའི་ཕས་ཕམ་པའོ། །ནད་པ་འཆི་བར་འདོད་པ་ལ་དེ་དང་མཐུན་པའི་བསྙེན་པ་མི་བསྙེན། དགེ་སློང་ནད་པ་ཤི་ཡང་བླ་སྙམ་སེམས་པ་ལ་འཆི་ན་ཅི་ཉེས་ཞེས་བྱ་བའི་ཚིག་མི་བྱ། དགེ་སློང་ནད་པ་ཞིག་
བཀྲེས་ཞེས་ཟེར་བ་ལ་ནད་གཡོག་དང་སྨན་པ་ལ་ཟས་ཅི་སྦྱིན་ཞེས་འདྲི་སོང་བའི་འོག་ཏུ། དགེ་སློང་གཞན་དག་གིས་སོ་སོ་ནས་ཟན་སྣ་མང་དུ་བྱིན་ཏེ་འགྲངས་ནས། ནད་གཡོག་གིས་སྨན་པས་ཟེར་བ་བཞིན་དུ་ཟན་གཡོས་ཏེ་བྱིན་པ་དང་། ཁམ་གསུམ་ཙམ་ཟོས་ནས་མ་ཡོག་ནས་ནད་
གཡོག་མི་དགའ་ཞིང་འདུག་པ་ལ། ཟན་གཞན་གྱི་བྱིན་ཏེ་འགྲངས་སོ་ཞེས་བྱས་པ་དང་ནད་གཡོག་ཁྲོས་ཏེ་ང་དེ་སྲིད་དུ་འབད་འབད་ན་ལྟོ་དེ་ཙམ་ཞིག་ཀྱང་མི་ཐུབ་ན་དུག་ཟོས་ཏེ་ཤི་ན་ཅི་ཉེས་ཞེས་བྱས་པ་དང་ནད་པས་དུག་ཟོས་ཏེ་ཤི་བ་ལས་བཅས། དེ་སྐད་བྱས་ཏེ་ཤི་ན་ཕམ། དེ་ལ་མི་
ཤེས་པ་འཆི་བ་གོགས་ཤིག་པ་མ་བསྒོ་བར་གཡོག་ཏུ་མི་གཞག །དགེ་སློང་ནད་པ་ཞིག་ཤི་ཡང་བླ་སྙམ་སེམས་ཏེ། ནད་གཡོག་གི་ཚ་བོ་རྔོན་པ་སྤུན་གཉིས་ཤིག་ཡོད་པ་འདི་ནི་བདག་ལ་གསོད་དུ་བཏུབ་སྙམ་བསམས་ཏེ་ནད་གཡོག་ལ་དེ་གཉིས་ཁུགས་ཏེ་ཁྱོད་ཀྱི་རོགས་སུ་ངའི་ནད་
གཡོག་བྱེད་དུ་ཆུ་གཅིག་ཅེས་བསྒོ་ནས་ནད་གཡོག་གིས་བཀུག་སྟེ་ནད་པ་ཟེར་བ་བཞིན་དུ་གཡོག་གྱིས་ཤིག་ཅེས་བསྒོ་ནས་བཞག་སྟེ། ནད་གཡོག་དགེ་སློང་གུད་དུ་སོང་བའི་འོག་ཏུ། ནད་པས་རྔོན་པ་ལ་ང་བསད་ན་མཐོ་རིས་སུ་བདེ་བར་འོང་ཞེས་ཆོས་བཤད་ནས་གསོད་དུ་བཅུག་ནས་

གསད་པ་ལས་བཅས་ཏེ། ནད་གཡོག་ཏུ་མི་བླུན་པོ་དེ་ལྟ་བུ་མི་གཞག །ནད་གཡོག་སྒྲིན་པོ་གཞག་ཏུ་སྤུས་མེད་ན་ཡང་བླུན་པོ་ལ་ནད་པ་འཆིར་མ་གཞུག་ཅིག་ཅེས་བྱ་བ་ལ་སོགས་པས་གཏམས་ཏེ་གཞག །ཐབས་གཞན་ཡོད་ན་མ་ཡིན། ནད་གཡོག་ཏུ་བཞག་པ་མི་སྒྲིན་པོ་ཚིག་ཟུར་
བྱེ་བྲག་ཕྱེད་ཅིང་ལེགས་ཉེས་ཤེས་པ་དང་། ཐབས་མཁས་པ་ནི་མ་བསྒོ་ཞིང་མ་གཏམས་པ་ཉེས་མེད། འཆི་བའི་ཡོ་བྱད་མི་གཞག །ནད་པའི་དྲུང་དུ་འགེག་ཐག་དང་མཚོན་ལ་སོགས་པ་འཆི་བར་འགྱུར་བ་མི་གཞག །དེ་འཆི་བའི་ཕྱིར་རྩོལ་ན་གཡོག་གིས་ཟློག་ཤིག །ནད་པ་ཁོ་
བདག་འཆི་བར་རྩོལ་ན་ནད་གཡོག་གིས་མི་ལུས་རྙེད་དཀའ་བ་དང་། བསོད་ནམས་སྤྱོད་པའི་ལུས་ཕངས་སོ་ཞེས་ཡིད་བསྲིངས་ལ་འཆི་བར་མི་གཞུག་ཅིང་དགག །ཕ་རོལ་གྱི་དོན་ཕྱིར་འཆི་བ་མ་དད་ཅིག །དགེ་སློང་ཕ་རོལ་པོ་ཞིག་ལ་ལྷུང་བཟེད་དམ་ཆོས་གོས་བཟང་པོ་ཡོད་པ་ལ། དེ་
ཤི་ན་ངས་འཐོབ་པའི་ཕྱིར་ཤི་ཡང་བླའོ་ཞེས་དད་པ་མི་སྐྱེད་དེ་དེ་ལྟར་བསམས་ན་ཉེས་བྱས། མི་བྱ་བ་བྱེད་པ་ལ་སེམས་ཀྱིས་ཀྱང་བྱེད་པ་ལ་རྗེས་སུ་ཡི་རང་བར་མི་བྱ། ཕ་རོལ་པོ་སྲོག་གཅོད་པ་དང་རྡེག་པ་དང་། སྲོག་གཅོད་པའི་ཐབས་བྱེད་པ་ལ་སོགས་པ་བྱ་བ་མི་རིགས་པ་ཡིན་ཏེ།
དེ་ལྟ་བུ་ཞིག་བྱེད་པ་ལ་བདག་གིས་ཀྱང་དེ་བཟང་ཞིང་ཡི་རང་ངོ་ཞེས་མི་བྱ་བྱས་ན་ཉེས་བྱས་སོ། །འཚོ་བ་བགགས། སྲོག་གཅད་པ་དང་། དེར་སེམས། སྲོག་བཅད་པར་བསམས་པ་དང་། མིའི་རྒྱུད་ནའོ། །མིའི་རྒྱུད་ཀྱང་ཡིན་པ་དང་ཡན་ལག་འདི་གསུམ་དང་ལྡན་པར་མི་བསད་ན་ཕམ་
པར་འགྱུར། ལུས་བདག་གི་ལུས་དང་ལུས་ཀྱི་ཡན་ལག་དང་པོ་ལ་སོགས་པ་བསད་པ་དང་། དེར་གཏོགས་པ། མཚོན་ཆ་དང་རྡོ་དབྱིག་ལག་པ་ན་ཐོགས་ཏེ་བསད་པ་དང་། བཏང་བ། མཚོན་ཆ་དང་རྡོ་དབྱིག་འཕངས་ཏེ་བསད་པ་དང་། གཞན་ལ་བསྒོ་བ་རྣམས་ཀྱང་ཐ་མི་དད་དོ། །
གཞན་ལ་བསྒོ་སྟེ་གསོད་དུ་བཅུག་པ་དང་དེ་རྣམས་ལྟར་བདག་གིས་བསད་པ་མཚུངས་ཏེ་ཕམ་མོ། དུག་དང་། དུག་བླུད་དེ་བསད་པ་དང་། ཕྱེ་མ་དང་། དུག་ཕྱེ་མས་ལུས་ལ་བསྐུས་ཏེ་བསད་པ་དང་། རླུབས་དང་། རླུབས་ཀྱི་ནང་དུ་བསད་པ་དང་། ཤིང་དང་། ཤིང་དབང་དུ་བཙིར་

ཏེ་བསད་པ་དང་། རང་བཞིན་སྟོར་ཏེ་བཏང་བ་དང་། ཐུལ་ལྟ་བུ་བྱས་ཏེ་སྨྱོ་སྟེ་བྲག་དང་ཆུ་ལ་སོགས་པའི་ནང་དུ་ཤི་བར་བྱས་པ་དང་། བྲང་སྐམ་པར་བྱེད་པ་དང་། ས་མདའ་ལྟ་བུས་བསད་པ་དང་། སྒྱོགས་དང་། སྒྱོགས་ཀྱིས་བསད་པ་དང་། ཁོག་ཚེ་དང་།
ཁོག་ཚེ་ལྟ་བུས་མཇུག་ཐག་གིས་བཟུང་སྟེ་བསད་པ་དང་། རོ་སློང་བ་དང་། སྔགས་ཀྱིས་རོ་བསླངས་ཏེ་རོ་དེས་གསོད་དུ་བཅུག་པ་དང་། སྔགས་ཀྱི་སྦྱོར་བ་རྣམས་ཀྱིས་ཀྱང་ངོ་། །སྔགས་ཀྱིས་ས་ལྟ་བུ་ལ་བཏབ་སྟེ་ས་གཏོར་བས་བསད་པ་དང་། འདི་རྣམས་ལྟ་བུ་ལས་བསད་ན་གང་
གིས་བསད་ཀྱང་རུང་ཕམ། ཕུལ་བ་གང་བ་དང་ཆུ་ལྟ་བུ་ལ་ཕུལ་ཏམ་མཆོད་དུ་བཅུག་པ་ཡང་ཕམ་མོ། །ཆུ་དང་མེར་བཅུག་པའོ། །ཆུར་བཅུག་གམ་མེར་བསྲེགས་ཏེ་བསད་པའང་ཕམ་མོ། །གྲང་བ་དང་ཚ་བར་བཟུང་ན་ཡང་ངོ་། །གྲང་བ་ལྷགས་པ་དང་ཚད་ཁུངས་ལྟ་བུ་ལ་བཟུང་
དམ་བཅིངས་ཏེ་བཞག་ནས་བསད་པ་ཡང་ཕམ། ཕོ་ཉར་བཏང་བ་ལ་སོགས་པ་ཡང་ངོ་། །གཅན་གཟན་ཟ་བའམ་དགྲའི་ཁྲོད་ལྟ་བུར་བསད་པའི་ཕྱིར་བསྔགས་ཏེ་བཏང་ནས་ཤི་ན་ཡང་ཕམ་པའོ། །ཆུང་ཟད་དུ་གཏོགས་ན་ཡང་ངོ་། །བསད་པའི་ཕྱིར་བེམ་ཏོལ་ལམ་ཁབ་ཀྱིས་
བཙུགས་པའམ་ཡུངས་འབྲུས་འཕངས་ཏེ་ཤི་ན་ཡང་ཕམ། སྐྱེས་པ་དང་བུད་མེད་དང་མ་ནིང་བསད་ནའོ། །སྐྱེས་པ་དང་བུད་མེད་དང་མ་ནིང་གང་བསད་ཀྱང་རུང་ཕམ་མོ། །དེའི་ཕྱིར་ཕྱིས་ཤི་ཡང་ངོ་། །གསོད་པའི་ཕྱིར་མཚོན་ཆ་ལ་སོགས་པས་བཏབ་སྟེ། འཕྲལ་དུ་ནི་མ་ཤིའི་དེའི་
ཞར་གྱིས་ཕྱིས་ཤི་ན་ཡང་ཕམ་མོ། །བཟློག་པ་ལས་ཕྱིས་ན་མཚན་མ་མ་ཡིན། ཁྱོད་ཤི་ན་སྐྱིད་དོ་ཞེས་བྱ་བ་ལ་སོགས་པས་སྔར་བསྒོ་སྟེ་ཕྱིས། ང་འཁྲུལ་པ་ཡིན་ཏེ་ཤི་བའི་མི་རིགས་སོ་ཞེས་བཟློག་ན་ཤི་ཡང་རུང་། མ་ཤི་ཡང་རུང་སྦོམ་པོ། སྦོམ་པོ་ནི་མའི་ལྟོ་མཉེ་སྟེ་མངལ་ན་ཕ་མ་
དམིགས་པ་ནའོ། །བུད་མེད་རུམ་ན་བུ་ཡོད་པ་ཞིག་བུ་བསད་པའི་ཕྱིར་མའི་ལྟོ་མཉེས་ཏེ་མ་ཤི་ན་སྦོམ་པོ། མ་བསད་པའི་ཕྱིར་བུ་ཤི་ན་ཡང་སྦོམ་པོ། གང་གསད་པར་བྱས་པ་ཉིད་ཤི་ན་ཕམ། གསོད་པར་འཇུག་པ་དེའི་མཚན་མར་མོས་པ་ཡང་ངོ་། །གཞན་ཞིག་གིས་མི་འདི་གསད་

དོ་ཞེས་དྲིས་པ་དང་། དགེ་སློང་གིས་སོད་ཅིག་ཅེས་མ་སྨྲས་ཀྱང་གསད་པར་དགའ་བའི་ཕྱིར་ལུས་ཀྱིས་དད་པའི་བརྡ་བྱས་ན་སྦོམ་པོ། ཁྱིམ་བདག་ཨུ་པ་སེ་སྤུན་གཉིས་ལས་ཕོ་བོ་ཚོང་ལ་སོང་བའི་འོག་ཏུ་ཕོ་བོའི་ཆུང་མ་ལ་ནུ་བོས་རྒྱོས་ནས་བུར་ཆགས་ཏེ་ངོ་ཚ་བའི་ཕྱིར་ཐར་པར་ཞུགས་
པ་དང་། གྲོགས་པོ་སྨན་པ་ཞིག་འོངས་ཏེ་ཁྱོད་ངོ་ཚ་ན་སྨན