Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 165

Văn bản gốc(Tây Tạng)

Trang 11 / 22 (50.000 ký tự/trang)
་ནའང་ཉེས་བྱས། དམག་གི་ཡན་ལག་མྱོང་བའོ། །དམག་ཤོམ་པ་ལ་བལྟས་པའི་ལྟུང་བ་རྫོགས་སོ།། །།འཚོག་པའི་ལྟུང་བ་ལ་འཆད་
དེ། སེམས་འཁྲུགས་པས་སོ། །སེམས་འཁྲུགས་ཤིང་ཁྲོས་ནས་བརྡེགས་པ་ལས་ལྟུང་སྟེ་ཡན་ལག་གཅིག །ལུས་དང་ལུས་ཉིད་ཀྱིས་བརྡེགས་ཀྱང་ལྟུང་། དེ་ལས་བཏང་བ་དང་། ལུས་ཀྱིས་རྡོ་དབྱིག་ལ་སོགས་པ་འཕངས་ཏེ་བཏང་ནའང་ལྟུང་། གཏོགས་པ་ལུས་ལ་
ལག་ཆ་ཐོགས་པས་བརྡེགས་ཀྱང་ལྟུང་། གང་སུ་ལ་ཡང་ཆུང་ངུ་ན་རྐང་པའི་མཐེ་བོས་སམ། ལུས་ཉིད་ཀྱིས་བརྡེགས་པ་ནི་རྐང་པའི་མཐེ་པོའམ། མཛུབ་མོའི་བེམ་ཏོལ་ཙམ་ཡན་ཆད་ཀྱིས་བརྡེག་པ་ཡང་ལྟུང་ངོ་། །ཡུངས་ཀར་རམ། ལུས་ཀྱིས་འཕངས་ཏེ་བཙོག་

པ་ནི་ཡུངས་ཀྱི་འབྲུམ་བུ་ཙམ་ཡན་ཆད་ཀྱིས་བརྡེག་པ་ཡང་ལྟུང་ངོ་། །འཇག་མ་དག་གིས་བརྡེགས་པའོ། །ལུས་ལ་གཏོགས་པའི་ལག་ཆས་བརྡེགས་པ་ནི་རྩྭའམ་ཕྱགས་མས་བརྡེགས་པ་ཙམ་གྱིས་ཀྱང་ལྟུང་ངོ་། །འདི་རྣམས་གང་གིས་བརྡེགས་
ཀྱང་རུང་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །དགེ་སློང་ནའོ། །དགེ་སློང་བརྡེགས་པ་ལས་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །ཕ་རོལ་ལའོ། །དགེ་སློང་ཕ་རོལ་པོ་བརྡེགས་པ་པར་འགྱུར་ཏེ་ཡན་ལག་གཅིག །འོག་མ་གསུམ་ཡང་ངོ་། །གཟའ་དང་ཉེས་སྨོས་དང་
བདེ་བའི་ལྟུང་བ་གསུམ་ཡང་ཕ་རོལ་དགེ་སློང་ཡིན་པ་ལས་ལྟུང་བར་འགྱུར་རོ། །རེག་ནའོ། །བརྡེགས་པ་ཕ་རོལ་ལ་ཕོག་ཅིང་རེག་པ་ལས་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག་སྟེ་ཡན་ལག་འདི་རྣམས་དང་ལྡན་ན་ལྟུང་བའོ། །བསྣུན་པ་སོ་སོར་རོ། །བརྡེགས་པ་ནི་སོར་མོ་
དང་འབྲུམ་བུ་དང་རྩ་ཉག་མ་རེ་རེ་ལ་ལྟུང་བ་རེ་རེར་འགྱུར་རོ། །ཁུ་ཚུར་གྱིས་བརྡེགས་པ་ནི་ལྟུང་བ་གཅིག །མ་ཕོག་ན་ཉེས་བྱས། བརྡེག་པའི་ཕྱིར་བསྣུན་ཅིང་འཕངས་པ་ལས་མ་ཕོག་པ་ནི་ཉེས་བྱས་ཏེ་འབྲུ་རེ་ཉེས་བྱས་རེ་རེ། གཞན་དུ་བསྣུན་ན་གཞན་དུ་མ་བསྣུན་ཀྱང་ངོ་། །
བདག་འདོད་ཆགས་ལངས་ཏེ་ཕོ་མཚན་བརྡུངས་སམ་བཅད་པ་ནི་ཉེས་བྱས། དགེ་སློང་ཅིག་འདོད་ཆགས་ལངས་ཏེ་ཕོ་མཚན་བརྡུངས་པ་ལས་འདོད་ཆགས་ཀྱི་སེམས་བརྡུངས་ཤིག་ཕོ་མཚན་བརྡུངས་ཀྱང་མི་ཕན་ནོ་ཞེས་སྤྱོས་ནས་ཕྱིན་ཆད་བརྡུངས་ན་ཉེས་བྱས་ཞེས་བཅས། །
ཀ་བ་ལ་བསྣུན་པར་མི་སྦྱིན། ཀ་བ་ལ་ཐལ་མོས་བསྣུན་ན་སོར་མོ་རེ་རེ་ཉེས་བྱས་རེ་རེར་འགྱུར། དྲུག་སྡེས་ཀ་བ་ལ་ཐལ་མོ་བརྡབས་ཏེ་ཀ་བ་འགུལ་བ་ལས་བཅས། རྩིག་པ་དང་ས་དང་ཤིང་དང་གཞན་ལ་ཡང་མ་ཡིན་ནོ། །ཀ་བ་ལ་ཐལ་མོས་བསྣུན་ན་ཉེས་བྱས་སུ་འགྱུར་
བ་བཞིན་དུ་རྡོ་ཤིང་ཅི་ལ་བསྣུན་ཀྱང་ཉེས་བྱས་སུ་འགྱུར་ཏེ་ཁྲོ་སེམས་དང་ཡོངས་པ་དང་རྩེད་མོའི་ཕྱིར་བསྣུན་པ་ནི་ཉེས་བྱས་དགོས་ཤིང་དོན་གྱི་ཕྱིར་བརྡབས་པ་ནི་ཉེས་མེད། བསྣུན་པའོ། །འཚོག་པའི་ལྟུང་བ་རྫོགས་སོ།། །།གཟས་པའི་ལྟུང་བ་ལ་འཆད། བསྣུན་

པ་གཟས་པ། བསྣུན་པ་ལྟར་བསྡིགས་པའི་ཕྱིར་བཙོག་པར་གཟས་པ་ནི་ལྟུང་བ་སྟེ་ཡན་ལག་དང་བཤད་པ་ཐམས་ཅད་ལྟག་མ་འཚོག་པའི་ལྟུང་བ་དང་འདྲའོ། །རྫས་སོ་སོར་རོ། །གཟས་ན་སོར་མོ་དང་འབྲུ་དང་རྩ་ཉག་མ་རེ་རེ་ལྟུང་བ་རེ་རེར་འགྱུར་རོ། །གཟས་པའོ། །
གཟས་པའི་ལྟུང་བ་རྫོགས་སོ།། །།ཉེས་སྨོས་ལ་འཆད་དེ། ཕས་ཕམ་པ་དང་དགེ་འདུན་གྱི་ལྷག་མའོ། །ཕས་ཕམ་པ་དང་དགེ་འདུན་གྱི་ལྷག་མ་བཅབས་པ་ལས་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །མ་གཏོགས་པ་ནི་མི་བདེ་བ་དང་དགེ་སྦྱོང་དང་ཚངས་པར་སྤྱོད་པའི་
བར་ཆད་དང་དགེ་འདུན་འཁྲུགས་པར་དོགས་པའི་དབང་དུ་གཏོགས་པའོ། །ལྟུང་བར་མི་འགྱུར་བ་ནི་ཕས་ཕམ་པ་དང་། དགེ་འདུན་གྱི་ལྷག་མ་བྱུང་བ་མཐོལ་ན་བདག་ལ་མི་བདེ་ཞིང་གནོད་པར་འགྱུར་བ་དང་། དགེ་སྦྱོང་དང་དགེ་སློང་གྲོགས་ལ་དགེ་བ་སྤྱོད་པའི་བར་ཆད་དུ་
འགྱུར་ཞིང་མི་བདེ་བ་དང་དགེ་འདུན་འཁྲུགས་པར་འགྱུར་དུ་དོགས་པར་འདི་རྣམས་ཀྱི་རྐྱེན་ལྟ་བུ་ཞིག་གི་ཕྱིར་མ་མཐོལ་ཅིང་བཅབས་པ་ནི་ཉེས་མེད་དེ་རྐྱེན་འདི་རྣམས་མེད་པ་ལས་ལྟུང་སྟེ་ཡན་ལག་གཅིག །སྦས་པའོ། །ཉེས་པ་དེ་ཤེས་བཞིན་དུ་བཅབས་པ་ལས་ལྟུང་བར་འགྱུར་ཏེ་
ཡན་ལག་གཅིག །ཞག་གི་མཐར་ནའོ། །ཞག་གཅིག་གི་སྐྱ་རེངས་བྱུང་བ་ལས་ལྟུང་བར་གྱུར་ཏེ་ཡན་ལག་གཅིག །ཡན་ལག་འདི་རྣམས་དང་ལྡན་ན་ལྟུང་བར་འགྱུར་ཏེ། སྔར་ནི་ཉེས་བྱས་པའོ། །བཅབས་པར་བསམས་ན་སྐྱ་རེངས་མ་བྱུང་གི་བར་དུ་ཉེས་བྱས། ཉེས་པ་
གཞན་ཡང་ངོ་། །ལྟུང་བ་དང་ཉེས་བྱས་ལ་སོགས་པ་གཞན་ལ་ཡོད་ཅིང་བྱུང་བ་ཤེས་ཏེ་བཅབས་ན་ཉེས་བྱས། ཁ་ན་མ་ཐོ་བ་སྦེད་པའོ། །དགེ་སློང་གི་ཉེས་པ་བཅབས་པའི་ལྟུང་བ་རྫོགས་སོ།། །།ལྟུང་བའི་བཅུ་སྟེ་གཅིག་འདས་སོ། །བདེ་བའི་ལྟུང་བ་ལ་འཆད་དེ། ནད་
ཀྱི་གསོས་ཀྱི་ཕྱིར་ནི་མ་གཏོགས་ཏེ། དགེ་སློང་ན་བ་ལ་ཕན་པའི་ཕྱིར་ཟན་བཅད་པ་དང་། སྨན་བྱ་བའི་ཕྱིར་ཟན་མ་བྱིན་པ་ནི་ཉེས་མེད་དོ། །བསམས་ནས་ཁྱིམ་པའི་སྦྱིན་བདག་གི་ཟས་གཅོད་པར་བྱེད་པའོ། །དགེ་སློང་ལ་ཆེད་ཀར་ཟན་གཅད་པར་བསམས་ནས་ཁྱིམ་པའི་

གནས་སུ་དགེ་སློང་ལ་ཟན་མ་བྱིན་ཞིང་བཅད་ན་ལྟུང་བའོ། །ནན་ད་དང་ཨུ་པ་ནན་དས་སློབ་མ་དར་མ་ལ་ཟས་བཅད་པ་ལས་བཅས། ཟས་གཅོད་པར་བྱེད་པའོ། །ཟན་གཅོད་པའི་ལྟུང་བ་རྫོགས་སོ།། །།མེའི་ལྟུང་བ་ལ་འཆད་དེ། སེང་གེ་ལ་མི་རེག །
སེང་གེ་ལ་རེག་པར་མི་བྱ། སེང་གེ་ལ་རེག་ན་ཁྲོས་ཏེ་རེག་ཏུ་མི་བཟོད་ཅིང་། གནོད་པར་བྱེད་པ་དེ་བཞིན་དུ་མེ་ལ་རེག་ཏུ་མི་རུང་བའི་དཔེར་སྨོས་སོ། །སྟོན་པ་དང་ཆོས་དང་དགེ་འདུན་དང་ཚངས་པ་མཚུངས་པར་སྤྱོད་པ་མེ་ལ་རེག་ཀྱང་ཉེས་པར་མི་འགྱུར་བ་ནི་སངས་རྒྱས་དང་
ཆོས་དང་དགེ་འདུན་དང་དགེ་སློང་གྲོགས་ཀྱི་ཕྱིར་མཆོད་ཅིང་བསྲོ་བར་བསམས་ཏེ་རེག་པ་དང་བུས་པ་ནི་ཉེས་མེད་དོ། །ཆོས་ཀྱི་བྱ་བའི་ཕྱིར་བྱ་བར་བརྟགས་ཏེ་ལྷུང་བཟེད་བཙོ་བའི་ལས་ལ་དུས་བསྔོ། །ཆོས་ཀྱི་ཕྱིར་བདག་གི་ལུས་ཀྱི་ཡོ་བྱད་དུ་ཆོས་གོས་དང་ལྷུང་བཟེད་
ལ་སོགས་པ་བཙོ་བར་ས་མ་ཡམ་བསྔོས་ཏེ་མེ་ལ་རེག་པ་ནི་ཉེས་མེད་དོ། །རིང་དུ་བསྔོ། །ལྷུང་བཟེད་དང་ཆོས་གོས་བཙོ་བའི་བསམས་པས་ས་མ་ཡམ་གྱི་དུས་བསྔོ་བ་ནི་ཐོག་མ་རེག་པ་ན་ཟིན་གྱི་བར་དུ་གཟུང་ངོ་སྙམ་དུ་བསམ། རྩེད་མོ་མེ་ལ་རྩེ་བའི་ཕྱིར་བཟུང་ནའང་ལྟུང་བར་
འགྱུར་ཏེ་འོག་ནས་འཆད། མགལ་བ་བསྐོར་བ་དང་ཟླ་བ་དང་ཉི་མ་ལྟར་མགལ་བའི་འཁོར་ལོ་ལ་སོགས་པ་བྱེད་དོ། །མིང་གིས་སྨོས་པ་འདི་རྣམས་ཀྱི་གཟུགས་འདྲ་བར་མགལ་བ་ལ་རྩེས་ཤིང་བསྐོར་ན་ལྟུང་བར་འགྱུར། འདི་རྣམས་ཀྱི་གཟུགས་མ་ཡིན་ཡང་མེ་ལ་གཞན་
ཇི་ལྟར་རྩེས་ཀྱང་ལྟུང་བའོ། །མེས་སོ། །མེ་ལ་རེག་པ་ལས་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །ས་མ་ཡམ་མ་བསྔོས་ནའོ། །མེ་ལ་བཟུང་བའི་ཚེ། ས་མ་ཡམ་མ་བསྔོས་པ་ལས་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །རྩེ་བ་དང་དོན་མེད་པའི་ཕྱིར་གཟུང་བ་ནི་ས་མ་ཡམ་བསྔོས་
ཀྱང་མི་ཆུད་དོ། །མི་ན་བའི་དབང་གིས་མ་འདུག་པར་རེག་པའོ། །བདག་མི་ན་བར་མེ་ལ་རེག་པ་ལས་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག་བདག་གིས་མ་བསྐོས་ནའོ། །བདག་གིས་བཟུང་ངམ་གཞན་འཛིན་དུ་བཅུག་པ་ལས་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །ཡན་ལག་

འདི་རྣམས་དང་ལྡན་པར་བྱས་ན་ལྟུང་བར་འགྱུར་རོ། །སྤར་བ་དང་མེ་ཆེར་བུད་པའི་ཕྱིར་རེག་པ་དང་། གཞིལ་བ་དང་མེ་ཆུང་བར་བྱ་བའི་ཕྱིར་རེག་པ་དང་། ཤིང་ལ་རེག་པ་དང་། མགལ་བ་ལ་རེག་པ་དང་། མ་རེག་པར་བུས་ཀྱང་རུང་། མགལ་བ་མ་ཡིན་པའི་ཤིང་
མེས་མ་རེག་པར་མེར་བཅུག་པ་དང་། འཇུག་པ་དང་ཤིང་མེར་འཇུག་པ་དང་། འབྱིན་པར་བསྐོ་བ། མགལ་བ་ཕྱིར་འབྱིན་པ་དང་། མདག་མ་སྤྱུར་བ་དང་འབྲུ་བའོ། །མདག་མ་སྤྱུར་ཞིང་སྤུངས་པ་དང་། མདག་མ་འབྲུ་བ་དང་། འདི་རྣམས་གག་ཀྱང་རུང་བྱས་ན་ལྟུང་བར་
འགྱུར། མེ་མ་མུར་ནི་ཕྱེད་དོ། །ཐལ་བ་མེ་མ་མུར་ཅན་ལ་རེག་པ་ནི་ཉེས་བྱས་སོ། །འབར་བ་ཡང་ངོ་། །མེ་ལྕེ་ལ་རེག་པ་ཡང་ཉེས་བྱས། དེར་ཤིང་གིས་བཅུག་སྟེ་ཕྱུང་ན་མེ་གཞན་དུ་ཆུད་དོ། །མེ་ལྕེ་དང་མེ་མར་མུར་ཅན་ལ་ཤིང་བཅུག་སྟེ་མེར་མཆེད་པ་ལ་རེག་ན་ནི་ལྟུང་
བའོ་ཞེས་ཊཱི་ཀ་ལས་བཤད། མཁན་པོ་ཁ་ཅིག་ན་རེ་ཉེས་བྱས་ཞེས་བཤད། སྐྲ་དང་སྤུ་དང་རུས་པ་དང་སེན་མོ་དང་མཆིལ་མ་དང་སྣབས་དང་སྐྱུགས་པ་དང་ཚད་པ་དང་བལ་སྲན་དང་རྒྱ་སྲན་དང་ཤིང་མར་དང་། ཡུངས་མར་དང་སྦྲང་རྩི་དང་མར་རྣམས་ནི་ཤིང་ཕྱེད་བཞིན་ནོ། །
མང་གིས་སྨོས་པ་འདི་རྣམས་མེར་བསྲེགས་པ་ནི་ཉེས་བྱས་སོ། །གཞན་ལ་བྱེད་ཅིང་གཞན་བསྔོས་པ་བསྔོས་པ་ཕྱེད་དོ། །སངས་རྒྱས་གྲོགས་ཀྱི་ཕྱིར་བསྔོས་ཏེ་བུས་པ་ལས་གཞན་གྱི་ཕྱིར་སྤྱད་དམ་གྲོགས་ལྟ་བུའི་ཕྱིར་བུད་པ་ལ་ས་མ་ཡམ་གྱི་འདུ་ཤེས་གཞན་གྱི་ཕྱིར་བསྔོས་པ་
ནི་ཉེས་བྱས། མེའི་ཁྲིམས་སོ། །མེ་ལ་རེག་པའི་ལྟུང་བ་རྫོགས་སོ།། །།དད་པའི་ལྟུང་བ་ལ་འཆད་དེ། དགེ་སློང་གི་ཕྱིར་ལས་འདས་པ་དད་པ་བྱིན་ཏེ་སླར་ལེན་པའི་ཕྱིར་ངག་གིས་སོ། །དགེ་སློང་གི་དགེ་འདུན་གྱི་ལས་ཅི་བྱེད་ཀྱང་རུང་སྔར་དད་པ་ཕུལ་ལ་ཕྱིས་དད་པ་མི་འབུལ་ལོ་
ཞེས་སྨྲས་ཤིང་བཟློག་པ་ནི་ལྟུང་བའོ། །དད་པ་སླར་ལན་པའོ། །དད་པའི་ལྟུང་བ་རྫོགས་སོ།། །།རབ་ཏུ་མ་རྫོགས་པའི་ལྟུང་བ་ལ་འཆད་དེ། །ཉི་མ་དང་ཟླ་བ་མ་ཡིན་པའི་སྣང་བ་ཅན་གྱི་གནས་ཀྱི་ཕྱོགས་སུ་མི་ཉལ། ཉི་མ་དང་ཟླ་བའི་འོད་ལ་ཉལ་བ་ནི་ཉེས་མེད་དེ་མེ་དང་མེ་མར་

དང་རིན་པོ་ཆེ་དང་སྨན་གྱི་འོད་ལ་ཉལ་ན་ཉེས་བྱས། མ་གཏོགས་པ་ནི་ནད་པ་དང་ནད་པའི་གཡོག་གི་དབང་གིས་ནའོ། །ལྟུང་བར་མི་འགྱུར་བ་ནི་དགེ་སློང་ནད་པ་མེ་མར་གྱིས་བཙའ་དགོས་པ་དེ་དང་དེའི་ནད་གཡོག་མི་མར་གྱིས་བཙའ་དགོས་པ་དེ་དང་།
འོད་ལ་ཉལ་བ་ནི་ཉེས་མེད་དོ། །འདིར་འགའ་འགའ་ལྟུང་བའོ་ཞེས་སོ། །མེ་མར་གྱི་འོད་ལ་ཉལ་བ་འདུལ་བ་འཛིན་པ་ཁ་ཅིག་ན་རེ་ལྟུང་བའོ་ཞེས་ཀྱང་འཆད་དེ་ལྟུང་བ་དགུ་བཅུ་རྩ་གཅིག་ཏུ་མི་འབྱུང་བས་ལྟུང་བ་མ་ཡིན་གྱི་ཉེས་བྱས་སོ། །ཉལ་བ་མ་ཡིན་ན་ནི་ཕྱེད་དོ། །མེ་མར་
གྱི་འོད་དང་དགེ་སྦྱོང་དང་ལྷན་ཅིག་ཁྱིམ་གཅིག་གི་ནང་ན་ཙོག་པུར་ཐུམ་ཕྲས་སུ་ཉལ་བ་ནི་ལྟུང་བ་དང་ཉེས་བྱས་ཀྱི་ཕྱེད་དུ་འགྱུར་རོ། །སོ་སོར་ཉིན་མོ་ལ་ཡང་ངོ་། །ཉིན་པར་མེ་མར་གྱི་འོད་ལ་ཉལ་བ་དང་མཚན་མོ་འདྲ་སྟེ་ཉེས་བྱས་སོ། །མང་དུ་གཡོགས་པའི་བསྐོར་བ་པའི་ཁྱིམ་
གྱི་མཐའོ། །ཁྱིམ་གཅིག་ཏུ་ཉལ་ན་ལྟུང་བའི་ཁྱིམ་ནི་ཐོག་ཀྱང་གསུམ་གཉིས་པོར་རྩིག་པའང་སུམ་གཉིས་བསྐོར་བའི་ནང་དུ་དགེ་སྦྱོང་དང་ཉལ་ན་ལྟུང་བར་འགྱུར། དེར་ཆུད་པ་བཞིན་པ་ནི་གཏོགས་པའི་སྒོའི་ངོས་ཀྱི་མཚམས་ཀྱང་ཁྱིམ་དུ་གྱུར་པ་ནའོ། །ཁང་པ་གཅིག་གི་
ནང་ན་ཉལ་བ་དང་འདྲ་བར་ཁང་བུ་གཅིག་ཕུག་ན་འདུག་ལ་སྒོ་ན་ཁང་པའམ་ཁྱམས་ཐོག་ཕོར་བ་ཞིག་ཡོད་ན་ཁང་བུ་ཕུག་མའི་ཕ་རོལ་ཚུ་རོལ་གྱི་རྩིག་པ་ཁ་དྲང་དུ་བཅད་ན་ཕུག་པ་ཙམ་གྱི་ས་ཁྱོན་ཚད་ཀྱི་ནང་ཙམ་དུ་བྱས་པའི་ཕྱི་རོལ་གྱི་ཁང་པར་དགེ་སྦྱོང་ཉལ་ན་ཕུག་མར་དགེ་
སློང་ཉལ་ཡང་ལྟུང་བར་འགྱུར། རིབ་མ་ལྟག་མ་ཡང་སྒོ་དེའི་ནང་དུ་ཆུད་དོ། །ཁང་བུ་ཡང་ཐོག་ཅན་དུ་འདུག་ན་སྒོ་འོག་ཁང་གི་ནང་དུ་བྱུང་ལ་གཅིག་ཏུ་དགེ་སྦྱོང་ཉལ་ལ་གཅིག་ཏུ་དགེ་སློང་ཉལ་བ་ནི་ལྟུང་བར་འགྱུར། རིམ་པ་མང་པོ་གཅིག་གི་ནང་དུ་གཅིག་སྒོ་ཕྱུང་བ་ནི་
མི་བརྩིའོ། །མཚམས་དང་བཅས་པའི་གནས་ཙམ་ཕན་ཆད་གནས་ན་དེར་སོ་སོར་འགྱུར་རོ། །ར་མོ་ཆེས་བསྐོར་བའི་ནང་ན་ཉལ་ན་འདོམ་གང་ཕན་ཆད་དུ་དགེ་སྦྱོང་བསྙལ་པ་ནི་ཉེས་བྱས་ཁང་མོ་ཆེ་ཞིག་ནས་བདག་ཉལ་བ་ནས་བདག་གི་གནས་ཁང་གཅིག་ཙམ་གྱི་སས་

བར་དུ་བཅད་དེ་དེ་ཕན་ཆད་དགེ་སྦྱོང་བསྙལ་བ་ནི་ཉེས་མེད། ཕྱེད་པ་ནི་ཤིང་གི་རྩ་བ་དང་རྩིག་པའི་སེར་ག་དང་ལྡུམ་རྩ་རྣམས་སོ། །དགེ་སྦྱོང་དང་ལྷན་ཅིག་ཏུ་ཤིང་གི་ལོ་མ་འདབ་ཆགས་སུ་འདྲེས་ཤིང་སྟེང་ཁེབས་པར་འདུག་པའི་འོག་ཏུ་ཉལ་ལམ་ཁང་པའི་རྩིག་པ་གློ་རྡོལ་དུ་
སེང་སོང་པོར་འདུག་སྟེ་ཕན་ཚུན་མི་རྒྱུར་རུང་བ་དང་གད་པའི་སེར་ག་སེང་སོང་པོར་འདུག་པའི་ནང་དུ་ཉལ་ལམ་རྒུན་འབྲུའི་ཤིང་ལྟ་བུ་སྟེང་འཛིངས་པ་དང་ལྡུམ་ཕོང་ཕུང་གི་ཁྲོད་དུ་ཉལ་བ་ནི་ཉེས་བྱས། སྟུག་པོ་དང་བཅས་པར་བུད་མེད་དང་ལྷན་ཅིག་ཉལ་ནའོ། །ནགས་སམ་རྩྭའམ་
ལྡམ་ལྡུམ་ཁྲོད་དུ་བུད་མེད་དང་ཉེ་བར་ཉལ་ན་ཉེས་བྱས་སུ་འགྱུར་ཏེ་ཅི་ཙམ་ཚུན་ཆད་པ་ནི་འོག་ནས་འཆད། དེའི་ལམ་ནི་བྱ་གག་འཕུར་ནས་བབ་པ་ནང་དུ་འགྱུར་རོ། །མདོ་ལྟག་མ་ལྟར་ཉེས་བྱས་སུ་འགྱུར་བའི་ཚེད་ནི་བྱ་གག་འཕུར་ཏེ་བབ་པའི་ལམ་ཚུན་ཆད་གཅིག་ཏུ་
ཉལ་ན་ཉེས་བྱས་ཁང་མོ་ཞིག་དུ་ཉལ་ནའང་བྱ་གག་འཕུར་བའི་ལམ་ཚུན་ཆད་ལྟུང་བའོ། །ཐམས་ཅད་ཀྱི་བར་དུ་རྒྱུར་ཡོད་པ་ཁྱིམ་གཞན་མེད་པར་གཡོགས་ན་གཅིག་གོ། །ཁང་པ་ཕྱི་རྒྱ་གཅིག་ལ་ནང་མིག་སོ་སོར་འདུག་སྟེ་དབུས་ཀྱི་ཁྱམས་དོག་པ་ཞིག་ན་སྒོ་མེད་དམ་
སྒོ་མ་བཅད་པར་ཁང་བུ་ནང་དུ་དགེ་སྦྱོང་ཉལ་ལ་དབུས་སུ་དགེ་སློང་ཉལ་ན་ལྟུང་བའོ། །སོ་སོ་ནི་བདག་གི་སྐལ་བར་གཏོགས་པའི་སྒོ་བཅིང་པས་བཅིངས་ན་མཚམས་ཀྱང་ངོ་། །ཁང་པའི་ཕྱི་རྒྱག་ཅིག་ལ་ནང་ཐ་དད་པར་འདུག་ན་གཅིག་ཏུ་དགེ་སློང་ཉལ་ཏེ་སྒོ་དམ་དུ་བཅད་
ན་གཞན་དུ་དགེ་སྦྱོང་ཉལ་ཀྱང་མི་ལྟུང་། དེ་བཞིན་དུ་དགེ་སློང་གིས་ལྟུང་བ་ལ་བསྲུང་ནའོ། །བུད་མེད་ཀྱང་དགེ་སློང་གཅིག་གིས་རེས་ཀྱིས་བསྲུངས་ལ་གཅིག་ཉལ་ཀྱང་ལྟུང་བར་མི་འགྱུར་རོ། །བདག་པོས་བསྲུངས་པའི་བུད་མེད་ན་ཡང་ངོ་། །བུད་མེད་ཁྱིམ་ཐབ་དང་བཅས་
པར་འདུག་པ་ནི་ཁྱིམ་གཅིག་ན་ཉལ་ཀྱང་ཞག་གཅིག་གིས་ལྟུང་བར་མི་འགྱུར་ཏེ་ཞག་གཉིས་ལས་འདས་ན་ནི་རབ་ཏུ་མ་རྫོགས་པ་དང་ཉལ་བ་ནི་ལྟུང་བར་བརྩི། རིམ་བླ་མར་ན་སྐས་ཕྱུང་ནའོ། །བདག་ཡང་ཐོག་ཏུ་ཉལ་ན་བུད་མེད་དམ་དགེ་སྦྱོང་འོག་ཁང་དུ་བསྙལ་ལ་སྐས་

སྟེང་དུ་དྲངས་ཏེ་ཉལ་ཀྱང་ཉེས་མེད་དོ། །འབྲི་བ་ནི་ཁྱིམ་མ་ཡིན་གཞན་དུ་གྱུར་ནའོ། །ཁང་པ་ཐོག་ཕྱེད་བོར་བ་དང་ཕྱེད་བསྐོར་བ་དང་ཁང་བུའི་སྒོའི་ཕྱི་རོལ་ཐོག་མེད་པ་ལ་འདོམ་གང་ཚུན་ཆད་ཐང་ངམ་དབྱེ་ལ་འདོམ་གང་ཚུན་ཆད་དུ་དགེ་སྦྱོང་ཉལ་
ན་ཉེས་བྱས། རབ་ཏུ་མ་རྫོགས་པ་དང་ལྷན་ཅིག་ཏུ་གྲོང་ན་ནུབ་གསུམ་དུ་ཉལ་བའོ། །རབ་ཏུ་མ་རྫོགས་པ་དང་ཁྱིམ་གཅིག་ལ་ནུབ་གཉིས་ལས་འདས་པར་ནུབ་གསུམ་དུ་ཉལ་ན་ལྟུང་བའོ། །འཐས་ནའོ། །ནུབ་གསུམ་གྱི་མཐའ་སྐྱ་རེངས་བྱུང་ན་ལྟུང་བར་འགྱུར་རོ། །
ཕན་ཆད་ནི་ཉེས་བྱས་པའོ། །ཞག་གཉིས་ནས་གསུམ་གྱི་སྐྱ་རེངས་མ་བྱུང་གི་བར་དུ་དགེ་སྦྱོང་དང་ཉལ་ན་ཉེས་བྱས། ཉེས་མེད་པ་ནི་ལམ་ནི་ངལ་ཏེ་མྱོས་པའོ། །ལམ་རིང་པོ་ནས་འོངས་ཏེ་ཆད་པ་ནི་ཞག་གསུམ་གྱི་སྐྱ་རེངས་མ་བྱུང་ཚུན་ཆད་ལྡང་བར་བསམས་ཏེ་ལངས་པ་ནི་
ཉེས་མེད་དེ། དེ་ལྟ་བུའི་མཐར་ཡང་ངོ་། །སཱུ་ཏྲ་ལྟག་མ་ལྟར་ཆད་པའི་དགེ་སློང་སྐྱ་རེངས་མ་བྱུང་ཚུན་ཆད་ལྡང་བར་བྱས་པ་ལས་ཐལ་བྱུང་གཉིད་ལོག་སྟེ་སྐྱ་རེངས་བྱུང་ཡང་ཉེས་མེད་དོ། །མ་བརྟགས་པའི་དགེ་སློང་གིས་བྱ་བ་དེ་སྒྲུབ་པ་དང་ནད་གཡོག་ལྷན་ཅིག་ཏུ་ཡང་ངོ་། །དགེ་སློང་ནད་
པ་ལ་སོགས་པ་རྟོག་ཅིང་བྱིན་ལེན་བྱ་བའི་ཕྱིར་དགེ་སྦྱོང་བཞག་སྟེ་གཞན་དུ་བསྙལ་ན་གནས་མེད་དམ་ནད་པ་ལ་མི་བདེ་ན་དྲུང་དུ་བསྙལ་ན་ཡང་ནད་པ་ལ་ཡང་ལྟུང་བར་མི་འགྱུར་ནད་གཡོག་དགེ་སློང་ལ་ཡང་ལྟུང་བར་མི་འགྱུར་རོ། །དགེ་སྦྱོང་དང་ཡང་ངོ་། །གཞན་ཡང་དགེ་
སྦྱོང་དང་ལྷན་ཅིག་ཉལ་ན་ཡང་ལྟུང་བར་མི་འགྱུར་བ་ཡོད་དེ་འོག་ནས་འཆད་དོ། །དེ་ཡོད་པས་སོ། །དགེ་སློང་སློབ་པའམ་ཉེ་གནས་དགེ་སྦྱོང་ཡོད་པ་ནི་དགེ་སྦྱོང་དེ་དང་ལྷན་ཅིག་ཉལ་ཡང་ལྟུང་བར་མི་འགྱུར་ཏེ་འོག་ནས་འཆད་དོ། །གནས་དེ་ན་སྡིག་པའི་དགེ་སློང་འདུག་
ནའོ། །བདག་ཅག་གི་གནས་ན་དགེ་སྦྱོང་ཁ་འདྲེན་ཅིང་འཕྲོག་པ་དང་དགེ་སྦྱོང་གི་རྐུབ་ཏུ་མི་ཚངས་པར་སྤྱོད་པའི་དགེ་སློང་སྡིག་པ་སྤྱོད་པ་ཡོད་ན་བདག་གི་སློབ་མ་དགེ་སྦྱོང་དང་ནུབ་གཉིས་ལས་ལྷག་པར་ཉལ་ཀྱང་ཉེས་མེད། བསྐྲད་པར་ནན་ཏན་བྱས་སམ་བྱེད་པའོ། །

བདག་ཅག་གི་འཁོར་ན་སྡིག་པ་བྱས་པའི་དགེ་སྦྱོང་ཡོད་ན་བདག་ཅག་གིས་ཀྱང་བསྐྲད། བདག་གི་མ་ནུས་ན་རྒྱལ་པོའམ་ཞང་བློན་ལ་བྱས་ཏེ་འང་བསྐྲད་ཚུལ་ཕྱི་མའི་དུས་ན་ཐོག་མའི་ཟླ་བ་གཉིས་ཀྱི་ཚེ་ནའོ། །སྡིག་པ་བྱེད་པའི་དགེ་སློང་སྐྲོད་མ་ནུས་ན་ཚུལ་ཕྱི་མར་ཞུགས་ཀྱང་
ཟླ་བ་གཉིས་ལོན་ནས་ཚུལ་དྲལ་ཏེ་བདག་གི་དགེ་སྦྱོང་སྔོན་དུ་བཅུག་ལ་བཀྲིའོ། །དེ་ལས་ལྷག་པར་མི་གནས། ཚུལ་ཕྱི་མར་ཞུགས་ནས་ཟླ་བ་གཉིས་ལོན་ན་དེ་ལས་རིང་དུ་མི་བསྡད་པར་མདོ་ལྟག་མ་ལྟར་འགྲོ། མ་སོང་ན་ལྟུང་བར་འགྱུར་རོ། །སྔ་མའི་ཚུལ་ནི་མི་དགོས། སྡིག་
པའི་དགེ་སློང་ཡོད་ན་ཚུལ་སྔ་མར་མི་བསྲུང་མི་འཇུག་པར་བདག་གི་དགེ་སྦྱོང་ཁྲིད་ལ་འགྲོ། ཕན་ཆད་པ་འང་མི་བསྲུང་། ཚུལ་སྔ་མར་ཞུགས་ཀྱང་སྡིག་པའི་དགེ་སློང་ཡོད་ན་ཟླ་བ་གཉིས་ཀྱི་བར་དུ་བསྲུངས་ཤིང་བསྡད་མི་དགོས་ཀྱི་ཚུལ་ཕྱི་མ་ཡོད་པས་སྔ་མ་དྲལ་ཏེ་དགེ་
སྦྱོང་ཁྲིད་ལ་སོང་ཤིག །དེ་ལྟ་ན་མི་གནས་པའི་དགེ་སློང་མི་གཞག །བདག་ཅག་གི་འཁོར་ན་སྡིག་པའི་དགེ་སློང་ཡོད་ན་གཞན་གྱི་དགེ་སྦྱོང་ཉེ་གནས་སུའང་མི་གཞག །དགེ་སྦྱོང་གསར་དུ་རབ་ཏུ་འབྱུང་བ་ཞིག་ཡོད་ནའང་རབ་ཏུ་མི་དབྱུང་ངོ་། །གཉིད་ལྟུང་སྟེ་མྱོས་
ན་ལམ་དུ་དགེ་སྦྱོང་མཐུན་དུ་བྱས་ཏེ་འགྲོའོ། །དགེ་སྦྱོང་ཁྲིད་དེ་སོང་བ་ལས་དགེ་སྦྱོང་ཆད་ཅིང་གཉིད་ཀྱིས་མྱོས་ན་དགེ་སྦྱོང་ཕྱི་བཞིན་འབྲང་དུ་མི་གཞུག་གི་སྔོན་དུ་བཅུག་ལ་བཀྲིའོ། །དེ་སྟེ་བཀྲེས་ན་དེའི་ཚེ་ཚུལ་དུས་པས་སྔར་ཟས་སྦྱིན། དགེ་སྦྱོང་བཀྲེས་ཤིང་འགྲོ་མི་
ཕོད་ན་གདུགས་ཚོད་ལ་མ་བབ་པར་ཟན་སྦྱིན་ནོ། །བཀྲེས་ཏེ་མི་བཟོད་ཅིང་ཟས་སློང་ན་ཕྱི་དྲོ་བྱིན་ཀྱང་ཉེས་མེད་དོ། །དེ་སྟེ་ཡང་དུས་ལ་ཡང་ངོ་། །མདོ་ལྟག་མ་ལྟར་སྔར་ཟན་བྱིན་ཀྱང་གདུགས་ཚོད་ཀྱི་ཚེའང་ཟས་སྦྱིན་ནོ། །རབ་ཏུ་མ་རྫོགས་པ་དང་ལྷན་ཅིག་ཉལ་བའོ། །
རབ་ཏུ་མ་རྫོགས་པ་དང་ལྷན་ཅིག་ཉལ་བའི་ལྟུང་བ་རྫོགས་སོ།། །།ཆོས་ལ་འཆད་དེ། འདི་ལྟར་བདག་གིས་བཅོམ་ལྡན་འདས་ཀྱིས་ཆོས་བཤད་པ་ཤེས་ཏེ་ཅི་ལྟར་གང་བར་དུ་གཅོད་པའི་ཆོས། བཅོམ་ལྡན་འདས་ཀྱིས་གསུངས་པ་དེ་བསྙེན་ཀྱང་བར་དུ་གཅོད་པར་མི་

འགྱུར་རོ་ཞེས་པ་ལ་སོགས་པ་དགེ་སློང་ཞིག་འདི་སྐད་ཅེས་སྨྲས་ཏེ་འདི་ལྟར་བདག་གིས་བཅོམ་ལྡན་འདས་ཀྱིས་ཆོས་བཤད་པ་ནི་ཤེས་ཏེ་ཅི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་གསུངས་པ་ནི་དེ་སྤྱད་ཀྱང་བར་དུ་གཅོད་པར་མི་འགྱུར་རོ་
ཞེས་ཟེར་བའི་དགེ་སློང་དེ་ལ་དགེ་སློང་དག་གིས་འདི་སྐད་ཅེས་བསྒོ་ཤིག །ཚེ་དང་ལྡན་པ་ཁྱོད་འདི་སྐད་མ་ཟེར་ཅིག །བཅོམ་ལྡན་འདས་ཀྱིས་ཆོས་བཤད་པ་ནི་ཤེས་ཏེ། དེ་ཅི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་དེ་སྤྱད་ཀྱང་བར་དུ་
གཅོད་པར་མི་འགྱུར་རོ་ཞེས་སོ། །བཅོམ་ལྡན་འདས་ལ་སྐུར་པ་མ་འདེབས་ཤིག །བཅོམ་ལྡན་འདས་ལ་སྐུར་པས་དགེ་བར་མི་འགྱུར་རོ། །བཅོམ་ལྡན་འདས་ནི་དེ་སྐད་མི་གསུང་སྟེ་དུ་མའི་གཞུང་ལས་ཀྱང་བར་དུ་གཅོད་པའི་ཆོས་ཀྱི་ནི་བར་གཅོད་དོ་ཞེས་གསུངས་
ཏེ་དེ་སྤྱད་པས་བར་དུ་གཅོད་པར་འགྱུར་གྱིས་འདི་ལྟ་བུའི་སྡིག་པ་ལ་ལྟ་བ་ཐོང་ཤིག་ཅེས་བསྒོ་སྟེ་མ་མཉན་ན་ལྟུང་བར་འགྱུར་རོ། །ལན་གསུམ་བསྒོ་བའི་ཐབས་དང་བཤད་པ་ནི་དགེ་འདུན་གྱི་ལྷག་མ་བཅུ་གསུམ་ལ་འཇུག་གི་བཞི་བཤད་པ་དང་འདྲའོ། །ཚིག་ཙམ་ནས་
མི་གཏོང་བའོ། །མདོ་ལྟག་མ་ལྟར་བར་དུ་གཅོད་པར་མི་འགྱུར་རོ་ཞེས་ཟེར་བ་ལས་དེ་སྐད་མ་ཟེར་བར་ཐོང་ཤིག་ཅེས་ལན་གསུམ་དུ་བསྒོ་བར་གསོལ་བ་དང་ཞུ་བའི་ལས་བྱས་ཏེ་མ་བཏང་ན་ལྟུང་བར་འགྱུར། འདི་སྨད་པའི་ཕྱིར་དེ་ལ་ཞུ་བ་བྱ། མདོ་ལྟག་མ་ལྟར་ལན་
གསུམ་དུ་བསྒོ་སྟེ་མ་ཉན་པའི་དགེ་སློང་དེ་ཆོས་ལ་འགལ་ཞིས་ཉེས་པ་མི་གཏོང་བའི་ཕྱིར་དགེ་འདུན་སྨད་པའི་ལས་བྱས་ཏེ་བསྐྲད་དོ། །ལྟ་བར་ཞུགས་པ་མི་གཏོང་བའོ། །བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ལ་བར་དུ་གཅོད་པར་མི་འགྱུར་རོ་ཞེས་ཟེར་བའི་ལྟུང་
བ་རྫོགས་སོ།། །།སྨྲ་བའི་ལྟུང་བ་ལ་འཆད་དེ། འབྷྲིད། ལྟག་ཏུ་བཤད་པ་ལྟར་དགེ་སློང་བསྐྲད་པ་ཤེས་བཞིན་དུ་འགྲོགས་པ་ལས་ལྟུང་བར་འགྱུར། དེ་སྐད་ཟེར་སྤངས་པ་སླར་མ་བྱས་པའི་དགེ་སློང་ལས་སོ། །སངས་རྒྱས་ཀྱིས་བར་དུ་གཅོད་པའི་ཆོས་གསུངས་པ་

ལས་བར་དུ་གཅོད་པར་མི་འགྱུར་རོ་ཞེས་ཟེར་བ་ལ་ལན་གསུམ་བསྒོ་སྟེ། མ་མཉན་ཅིང་སླར་མ་བཤགས་པའི་དགེ་སློང་དང་བཅར་ཞིང་འགྲོགས་པ་ལས་ལྟུང་བར་འགྱུར་རོ། །བསྟན་པ་བྱིན་པ་ཡང་ངོ་། །དགེ་སློང་བསྐྲད་པ་ཀློག་པ་དང་ཁ་དོན་འབུལ་བ་ལ་བསྟན་ཅིང་བསླབས་
ནའང་ལྟུང་བར་འགྱུར་རོ། །ཀུན་འདྲིལ་བ་དང་། ཆོས་དང་ལས་བྱེད་པ་ལ་སོགས་པ་བསྐྲད་པའི་དགེ་སློང་འདྲི་ཞིང་འོང་བ་ལ་བསྟན་ནའང་ལྟུང་བའོ། །གནས་བཅའ་བ་དང་། བསྐྲད་པའི་དགེ་སློང་དེ་བདག་ལ་གནས་འཆར་བཅུག་ནའང་ལྟུང་བའོ། །བསྟན་པ་དང་འཆད་
པ་ཡང་ངོ་། །ཆོས་དང་བསམ་གཏན་ལ་སོགས་པ་བསྟན་ཅིང་བཤད་ནའང་ལྟུང་བའོ། །ལྟ་བ་འཆགས་པ་བསྐྲད་པའི་དགེ་སློང་དེ་ལ་ཁྱོད་ཉེས་པ་མེད་དེ་དགེ་འདུན་གྱིས་བསྐྲད་པ་མི་རིགས་ན་ཞེས་སྨྲས་ནའང་ལྟུང་། ཟང་ཟིང་སྤྱོད་པའོ། །བསྐྲད་པའི་དགེ་སློང་དེ་བཅར་
ཞིང་ཟས་དང་གོས་ལ་སོགས་པ་བྱིན་པའང་ལྟུང་བར་འགྱུར། གཡོག་བདག་གིར་བྱས་པ། བསྐྲད་པའི་དགེ་སློང་དེ་བདག་གི་གཡོག་ཏུ་ལས་དག་བྱེད་དུ་བཅུག་ནའང་ལྟུང་བའོ། །ཁྱིམ་དུ་ལྷན་ཅིག་ཉལ་བ། བསྐྲད་པའི་དགེ་སློང་དེ་དང་ཁྱིམ་གཅིག་གི་ནང་ན་ལྷན་
ཅིག་ཉལ་ནའང་ལྟུང་བའོ། །འཐས་སོ། །ཁྱིམ་གཅིག་གི་ནང་ན་ཉལ་ཏེ་སྐྱ་རེངས་འབྱུང་ན་འང་ལྟུང་ངོ་། །ནུབ་མོའོ། །སྐྱ་རེངས་འབྱུང་བའི་ནི་ཞག་གཅིག་ལོན་པའི་ནུབ་མོ་འདས་པའི་སྐྱ་རེངས་འབྱུང་ན་ལྟུང་བའོ། །གཞན་ཡང་འདུ་བའོ། །བསྐྲད་པའི་དགེ་སློང་
དེ་དང་ལྷན་ཅིག་འགྲོགས་ཀྱང་རུང་གཏམ་བྱས་ཀྱང་རུང་སྟེ་ཅི་སྤྱད་ཀྱང་ལྟུང་བར་འགྱུར་རོ། །མ་གཏོགས་པ་ནི་ནད་པ་དང་ལྟ་བ་དབྱེ་བ་བྱ་བའི་ཕྱིར་རོ། །ལྟུང་བར་མི་འགྱུར་བ་ནི་བསྐྲད་པའི་དགེ་སློང་ནད་ཀྱིས་བཏབ་སྟེ་གསོ་བ་དང་བར་དུ་གཅོད་པར་མི་འགྱུར་རོ་ཞེས་
ཟེར་ཞིང་ལོག་པ་བལྟས་པ་དང་བྲལ་ཞིང་འཆགས་སུ་གཞུག་པའི་ཕྱིར་བསྙེན་ཅིང་བཅར་བ་ནི་ཉེས་མེད་དོ། །སྤངས་པ་དང་འཇུག་པའོ། །དགེ་སློང་བར་དུ་གཅོད་པར་མི་འགྱུར་རོ་ཞེས་ཟེར་བའི་ཕྱིར་བསྐྲད་པ་དང་འགྲོགས་པའི་ལྟུང་བ་རྫོགས་སོ།། །།དགེ་སྦྱོང་གི་ལྟུང་བ་

ལ་འཆད་དེ། ཚིག་དེ་བརྩམས་ནས་མི་གཏོང་བའི་དགེ་སྦྱོང་མ་རུང་པར་བྱ། དགེ་སྦྱོང་ཞིག་འདི་སྐད་ཟེར་ཏེ་བཅོམ་ལྡན་འདས་ཀྱིས་འདོད་པ་ནི་བར་དུ་གཅོད་དོ་ཞེས་གསུངས་པ་བར་དུ་གཅོད་པར་མི་འགྱུར་རོ་ཞེས་ཟེར་བ་ལ་བར་དུ་གཅོད་པར་འགྱུར་
གྱིས་དེ་སྐད་མ་ཟེར་ཅིག་ཅེས་དགེ་འདུན་གྱིས་བསྒོ་སྟེ་མ་མཉན་ཅིང་མ་བཏང་ན་དགེ་སྦྱོང་དེ་བསྐྲད་དོ། །ཨུ་པ་ནན་དའི་སློབ་མ་དགེ་སྦྱོང་དང་དགེ་སྦྱོང་གཞན་དུ་རྩེ་ཞིང་སྡིག་པ་སྤྱད་པ་དགྲ་བཅོམ་པ་དང་བསྐུར་པ་ལས་བཅས། སྔར་ཞུ་བ་བཞིའི་ལས་ཀྱིས་ཁྱོད་ཅེས་ནས་ཕྱིས་
མ་རུང་བར་ཁྱོད་དོ་ཞེས་རིམ་གྱིས་ཞུ་བ་བྱེད་དེ་ཐོང་ཤིག་འདི་ལྟ་བུའི་གཟུགས་སྡིག་པ་ལ་ལྟ་བར་གྱུར་པ་ལས་དང་པོ་གླག་པ་བྱ་སྟེ་གཉིས་སོ་ཞེས་སོ་སོར་དེའི་མཐར་དགེ་སློང་གིས་བསྒོ། མདོ་ལྟག་མ་ལྟར་དགེ་སྦྱོང་བསྐྲད་པ་ནི་དགེ་འདུན་གསོལ་བ་དང་ཞུ་བའི་ལས་བྱེད་
པ་མཐོང་བར་མི་དགུག་གི་ཕོ་ཉར་དགེ་སློང་ཅིག་བཏང་སྟེ་བར་དུ་གཅོད་པར་མི་འགྱུར་རོ་ཞེས་སྨྲ་བ་དེ་ཐོང་ཤིག་མ་བཏང་ན་ཁྱོད་དགེ་འདུན་གྱིས་སྐྲོད་པར་བྱེད་དེ་གསོལ་བ་དང་ཞུ་བའི་ལས་ལན་གཅིག་བྱས་ཟིན་ཏོ་ཞེས་བསྒོ། དེ་བཞིན་དུ་མ་བཏང་ན་བསྐྲད་པའི་ལས་གསོལ་
བ་དང་ཞུ་བའི་ལས་གཉིས་བྱས་ཟིན་གྱིས་ཐོང་ཤིག་ཅེས་བསྒོ། ལན་གཉིས་བསྒོ་སྟེའང་མ་གཏང་ན་ལན་གསུམ་གྱི་བར་དུ་བསྒོ་སྟེ་མ་བཏང་ན་དགེ་སྦྱོང་དེ་བསྐྲད་དོ། །ལོག་ན་ལྷག་པ་མི་བྱ། མདོ་ལྟག་མ་ལྟར་ལན་ཅིག་ལན་གཉིས་ལན་གསུམ་ཚུན་ཆད་དུ་བསྒོ་སྟེ་བཏང་
ན་བསྒོ་བ་ཕྱི་མ་ཡང་བྱ་མི་དགོས་བསྐྲད་པ་ཡང་མི་བྱའོ། །མ་རུང་བའི་ཕྱིར་དགེ་སྦྱོང་ལའོ། །ལྟག་ཏུ་བཤད་པ་ལྟར་ལན་གསུམ་དུ་བསྒོ་སྟེ་མ་བཏང་ནས་བསྐྲད་པའི་དགེ་སྦྱོང་དེ་དང་བཅར་ཞིང་འགྲོགས་པ་ལས་ལྟུང་བར་འགྱུར་རོ། །ལྟུང་བར་འགྱུར་བ་ནི་ལྟག་ཏུ་དགེ་སློང་
བསྐྲད་པ་དང་འགྲོགས་ན་ལྟུང་བར་འགྱུར་བར་བཤད་པའི་ཚིག་ཀུན་འདིའི་ཡན་ལག་ཏུ་གཏོགས་ཏེ་དེ་དང་འདྲའོ། །མ་རུང་བར་བྱ་བའི་བསྡུས་པའོ། །དགེ་སྦྱོང་བསྐྲད་པ་དང་འགྲོགས་པའི་ལྟུང་བ་རྫོགས་སོ།། །།ཁ་དོག་བསྒྱུར་བའི་ལྟུང་བ་ལ་འཆད་དེ། སྔོན་པོ་དང་།

རམས་ཀྱིས་བཙོས་པ་དང་། བཙག་དང་ས་དམར་གྱིས་བཙོས་པ་ཡང་རུང་འདམ་ལ་བཙོས་པ་ཡང་རུང་། ཤུན་པས་ཤིང་དང་ལྡུམ་གྱི་རྩ་བ་དང་ཤིང་ཤུན་དང་མེ་ཏོག་དང་ལོ་མས་བཙོས་པ། བདག་གིས་གོས་མ་བཙོས་པ་ལས་སོ། །འདི་རྣམས་ཀྱིས་ཁ་དོག་བསྒྱུར་
ཅིང་བཙོས་པ་ནི་གྱོན་ཅིང་འཆང་དུ་དབང་གིས་ཁ་དོག་མ་བསྒྱུར་བ་གྱོན་ཅིང་འཆང་ན་ལྟུང་བའོ། །མཐར་ནི་ལྷུང་བཟེད་ཀྱི་ཁ་གཡོགས་པ་དང་གཏུར་བུ་དང་རྐང་པའི་གོས་དང་ལུས་བཅིང་པ་དང་བགོ་བ་ལ་སོགས་པ་ཀུན་སྤྱོད་པའོ། །གོས་གསར་དུ་བྱས་ཤིང་སར་པ་
ཞིག་གསར་དུ་རྙེད་ཀྱང་རུང་རྙིང་བ་ཞིག་ཉོས་སམ་བྱིན་ཏེ་གསར་དུ་རྙེད་ཀྱང་རུང་ཆུང་ངུ་ན་ལྷུང་བཟེད་ཀྱི་ཁ་བཅད་པ་དང་སྐ་རགས་ཡན་ཆད་མིང་གིས་སྨོས་པ་འདི་རྣམས་གང་ཡང་རུང་སྟེ་འཆང་ངམ་གྱོན་ན་ལྟུང་བའོ། །སྡེ་གཞན་གྱིས་ལས་ནའང་བརྟག་མི་དགོས། དགེ་
སློང་ཕ་དང་དགེ་སློང་མ་དང་དགེ་སློབ་མ་དགེ་སྦྱོང་ཕོ་མོ་དང་ལྔ་གང་གིས་བཙོས་ཀྱང་རུང་ཁ་དོག་བསྒྱུར་ཟིན་པ་མི་གདོད་བཙོ་མི་དགོས་ཏེ་གཅིག་ལ་གཅིག་བརྟགས་པའོ། །ཁྱིམ་པས་ཕྲོགས་ན་ཡང་མ་ཡིན། དགེ་སློང་གིས་གོས་ཁ་དོག་བསྒྱུར་ཟིན་པ་ལས་རྐུན་
པོས་ཁྱེར་རམ་ཁྱིམ་པ་ཞིག་གིས་ཁྱེར་བ་ལས་སླར་འོངས་ཏེ་ཁ་དོག་མ་ཡལ་ན་བཙོ་མི་དགོས་ཏེ་བརྟགས་པའོ། །ཚོན་ཆེན་པོ་ཅན་བགོ་བར་མི་བྱ། གོས་ཚོན་ཆེན་པོས་བཙོས་པ་ནི་གང་གྱོན་ཀྱང་རུང་སྟེ་ཉེས་བྱས་རེ་རེར་འགྱུར་རོ། །ཚོན་ཆེན་པོ་ནི་མཚལ་དང་ལི་ཀྲུ་
དང་བཙོད་དང་རྒྱ་སྐྱེགས་དང་གུར་གུམ་དང་ལེ་བརྒན་རྩི་དང་ཐིང་ཤིང་དང་རྨ་ཤིང་དང་བརྒྱད་དོ། །ཁྱིམ་པའི་ཡང་མ་ཡིན་ཁྱིམ་པའི་གོས་འདྲ་བ་གྱོན་པ་ནི་ཅི་ལྟ་བུ་གྱོན་ཀྱང་ཉེས་བྱས། སྤྱད་པའི་ནི་གཙུག་ལག་ཁང་གི་ནང་ན་ངུར་སྨྲིག་གིས་གཡོགས་ནའོ། །ཁྱིམ་པའི་
གོས་གྱོན་ཀྱང་ཉེས་མེད་པ་ནི་མི་གཞན་གྱིས་མ་མཐོང་བར་གཙུག་ལག་ཁང་དུ་ནི་ཀ་ཤས་མི་སྣང་བར་གཡོགས་ཏེ་གྱོན་པ་ནི་ཉེས་མེད། ལམ་དུ་བརྙས་ཏེ་བགོ་བ་ནི་སྤྱིའི་འོ། །ལམ་དུ་ཞུགས་པ་ལས་དགེ་སློང་ལ་ལ་ཞིག་གིས་གོས་བརྙན་པོ་རྙེད་ན་གཅིག་པོ་གོ་ཚེར་མི་བགོ་

བར་ཀུན་གྱིས་སྤྱིར་སྤྱད་དོ། །གྲོགས་ནི་དགེ་སློང་དང་དགེ་སྦྱོང་གཅིག་ན་རྒན་པོ་ནས་གག་ཏུ་གྲུབ་པའི་སྟེང་དུ་སྦྱིན། ཀུན་གྱིས་སྤྱིར་བརྙས་པའི་གོས་སྤྱད་པ་ནི་དགེ་སློང་རྒན་རིམས་ནས་ཅི་ཐོབ་ཐོབ་ཏུ་གཡོགས་ཤིང་བསྐོན་ཏེ་དགེ་སྦྱོང་ཡན་ཆད་ཀུན་ཐོབ་
ན་ལེགས་ཀུན་མི་ཐོབ་ན་མཇུག་མ་ནས་དུ་མ་ཐོབ་པ་ན་ཁ་རྗེ་ཆེ་ཆུང་དུ་ཟད་དེ་ཉེས་མེད་དོ། །མ་ཆད་ན་གྱོན་ཏེ་འཆག་ཏུ་མི་འགྲོ། སྟེང་གོས་སྤྱིར་བརྙར་བྱིན་པ་ལས་བདག་གཅིག་པུ་གྱོན་ཏེ་འཆག་ཏུ་མི་འགྲོ། སྟེང་དུ་བཅགས་པ་ནི་སྤྱན་དྲངས་ནས་བསོད་ནམས་འདོད་
པས་སར་པ་ཁ་ཚར་མ་བཅད་པ་མི་རྟག་པ་ཡིད་ལ་བཟུང་པས་བཅོམ་སྟེའོ། །ཡོན་བདག་དད་པས་བསོད་ནམས་འདོད་པའི་ཕྱིར་སྟན་དང་ཡོ་བྱད་ལ་སོགས་པ་ནོར་རྫས་བཟང་པོ་དང་ཁ་ཚར་མ་བཅད་པ་ལ་སོགས་པས་བརྒྱན་ཅིང་བཏིང་སྟེ་སྤྱན་དྲངས་ནས་ནོར་རྫས་དེ་རྣམས་ལ་
མི་རྟག་ཅིང་འཇིག་པ་ཡིན་ཏེ་མི་རྟག་པའི་རྫས་དེ་ལ་སྤྱད་པས་བསོད་ནམས་རྟག་པར་འགྱུར་བར་ཡིད་ལ་བསམས་ཏེ་སྤྱད་པ་ནི་ཉེས་མེད་དོ། །གོས་མ་བཙོས་པའི་སྦྱོར་བའོ། །གོས་ཁ་དོག་མ་བསྒྱུར་བ་གྱོན་པའི་ལྟུང་བ་རྫོགས་སོ།། །།རིན་པོ་ཆེའི་ལྟུང་བ་ལ་འཆད་དེ། རེག་
པ་དང་རེག་ཏུ་བཅུག་ན་བདག་གི་མ་ཡིན་པའི་རིན་པོ་ཆེ་ཡང་བྱེད་དོ། །བདག་གི་མ་ཡིན་པ་ནོར་བུ་རིན་པོ་ཆེ་རྣམས་དང་གསེར་དངུལ་ལས་བྱེད་དུ་བྱས་པ་ལ་སོགས་པ་ལ་བདག་གིས་བཟུང་ངམ་གཞན་འཛིན་དུ་བཅུག་ནའང་ལྟུང་ངོ་། །དེར་གཏོགས་པ་ཡང་ངོ་། །རིན་པོ་ཆེར་
གཏོགས་པ་བཟུང་ན་ལྟུང་བར་འགྱུར་ཏེ་རིན་པོ་ཆེར་གཏོགས་པ་གང་གང་ཡིན་པ་ནི་འོག་ནས་འཆད་པའི་སཱུ་ཏྲ་རྣམས་ཡིན་ནོ། །དེ་དག་ནི་མཚོན་ཆ་སྟེ་གཡུལ་དུ་སྤྱོད་པ་དང་རོལ་མོའི་ཡོ་བྱད་ཀྱིས་སྤྱད་ཀྱང་ངོ་། །རིན་པོ་ཆེར་གཏོགས་པ་ནི་མཚོན་ཆ་གཡུལ་དུ་འཐབ་མོ་བྱེད་
པའི་སྤྱད་དང་རོལ་མོའི་ལག་ཆ་ལ་སོགས་པ་ལ་བྱ་སྟེ་གང་ལ་རེག་ཀྱང་རུང་ལྟུང་བར་འགྱུར། དགོས་པའི་ཕྱིར་དགོས་པར་གྲུབ་ན་རྩ་བའོ། །སཱུ་ཏྲ་ལྟག་མའི་ནང་ནས་འབྱུང་བའི་མཚོན་ཆ་དང་རོལ་མོའི་ཆ་སྤྱད་ནི་མ་ཆད་ཅིང་མ་བྲལ་ཏེ་སོ་སོ་ལས་སུ་སྤྱད་དུ་རུང་བ་ལ་

བཟུང་ན་ལྟུང་བའོ། །མ་གྲུབ་ན་ཉེས་བྱས་པ། མཚོན་ཆ་དང་རོལ་མོའི་ཆ་སྤྱད་ཆག་གམ་གྲུགས་ཏེ་སྤྱད་དུ་མི་རུང་པ་ལ་རེག་ན་ཉེས་བྱས། མ་གཏོགས་པ་ནི་བདག་གི་བྱ་བར་མ་ཞུགས་པ་ནོར་ཆུད་མི་གཟན་པའི་སེམས་ཀྱིས་གཙུག་ལག་ཁང་དང་དེའི་མཚམས་སུ་གཏོགས་
པ་ནའོ། །རིན་པོ་ཆེ་དང་རིན་པོ་ཆེ་ལ་གཏོགས་པ་བཟུང་ཡང་ཉེས་པ་མེད་པ་ནི་གཙུག་ལག་ཁང་གི་ཕྱིར་ཚུན་ཆད་ཀྱི་ནང་ངམ་ར་བའི་ཕྱི་རོལ་གཙུག་ལག་ཁང་གི་མཚམས་སུ་གཏོགས་པ་ཚུན་ཆད་གཅིག་ན་གཞན་གྱི་ནོར་འཁྱམ་པ་ཞིག་འདུག་ན་ནོར་བདག་སུའི་ཡིན་ན་
སླར་སྦྱིན་པའི་ཕྱིར་མི་སྟོར་བར་བྱ་བར་བསམས་ཏེ་བདག་གིས་བླངས་སམ་གཞན་ལེན་དུ་བཅུག་ཀྱང་ཉེས་མེད། དེ་ལ་མི་གཡེལ་བར་རོ། །མདོ་ལྟག་མ་ལྟར་རྫས་བླངས་པ་དེ་ནོར་བདག་སླར་སྦྱིན་པའི་ཕྱིར་མ་སྟོར་བར་ནན་ཏན་ཏུ་བསྲུང་། ཞག་བདུན་ནམ་བརྒྱད་དུ་
དེའི་མཚམས་སུའོ། །སླར་སྦྱིན་པའི་ཕྱིར་བླངས་པའི་ནོར་དེ་ནོར་བདག་ལེན་དུ་མ་འོངས་སམ་ཁུངས་མ་ཕྱིན་ན་བདག་ཉིད་ཀྱི་ལག་ཏུ་ཞག་བདུན་ནམ་བརྒྱད་དུ་ཆོངས་ཤིག །འགྲོ་ན་ཉལ་ཉིལ་ལམ་ལོ་མ་བསྡུས་པས་གཡོགས། རྙེད་པའི་གཞི་དེ་ཉིད་དུ་སྦར་རུང་བ་
ཞིག་གམ་བླངས་པ་ལས་བདག་གུད་དུ་འགྲོ་ན་སའམ་སྦུར་མ་ལ་སོགས་པས་གཡོགས་ཏེ་གཞན་གྱིས་མི་རྙེད་པར་སྦས་ལ་འགྲོ། རྟགས་ལ་མ་ཕབ་ན་ངའི་ཞེས་ཟེར་ཡང་མི་སྦྱིན། ནོར་རྙེད་པ་དེ་ལ་ནོར་བདག་ང་ཡིན་ཞེས་ཟེར་ཞིང་ལེན་པ་ཞིག་འོངས་ན་ནོར་མི་
བསྟན་པར་སྤུ་རྟགས་དྲིས་ཏེ་མཐུན་ན་སྦྱིན་སྤུ་རྟགས་དང་མི་མཐུན་ན་མི་སྦྱིན། མ་འོངས་ཏེ་འདས་ན་དགེ་འདུན་གྱི་མཛོད་དུ་གཞུག །ནོར་རྙེད་པ་དེ་ཞག་བརྒྱད་ཀྱི་བར་དུ་བསྡད་དེ་ནོར་བདག་མ་འོངས་ཤིང་ཁུངས་མ་ཕྱིན་ན་བདག་གི་ལག་ན་མི་བཅང་བར་དགེ་འདུན་གྱི་
མཛོད་དུ་གཞུག་གོ། །ཟླ་བ་དྲུག་གི་མཐའི་བར་དུ་བཅད། སཱུ་ཏྲ་ལྟག་མ་ལྟར་དགེ་འདུན་གྱི་མཛོད་དུ་བཞག་པ་ལས་ནོར་བདག་མ་འོངས་ན་ཟླ་བ་དྲུག་གི་བར་དུ་མཛོད་དུ་བཞག་སྟེ་བཅང་། འདས་ཏེ་མ་འོངས་ན་སངས་རྒྱས་སམ་དགེ་འདུན་གྱིས་གང་དུ་རྙེད་པ་

དེར་སྦྱར། ཟླ་བ་དྲུག་གི་བར་དུ་དགེ་འདུན་གྱི་མཛོད་དུ་བཞག་ཀྱང་ནོར་བདག་མ་འོངས་ན་སངས་རྒྱས་ཀྱི་མཆོད་རྟེན་དང་ཉེ་བ་ཞིག་ན་འདུག་པ་ལས་རྙེད་ན་ནི་སངས་རྒྱས་ཀྱི་དཀོར་དུ་བྱའོ། །དགེ་འདུན་དང་ཉེ་བ་ཞིག་ནས་རྙེད་དེ་བླངས་ན་དགེ་འདུན་
གྱི་དཀོར་དུ་བྱའོ། །མི་མཁོ་ན་བཙོང་ལ་མཁོ་ཞིང་བརྟན་པར་རོ། །དགེ་འདུན་ནམ་སངས་རྒྱས་ལ་ཕུལ་བའི་ནོར་དེ་སྤྱད་དུ་མི་མཁོ་ན་ཕྱིས་ནོར་བདག་ལེན་དུ་འོངས་ན་གཏན་སྟོར་བར་མི་བྱ་བའི་ཕྱིར་ཟངས་ལྟ་བུ་བརྟན་པར་འདུག་པའི་རྫས་སུ་བཙོང་། དེ་སྟེ་བདག་པོ་
འོངས་ན་གནང་བ་བསླང་མི་འདོད་ན་སྦྱིན། །སཱུ་ཏྲ་ལྟག་མ་ལྟར་བཙོངས་པ་ལས་ནོར་བདག་འོངས་ནས་ཁྱོད་ཀྱི་བསོད་ནམས་སུ་རུང་བའི་ཕྱིར་དཀོན་མཆོག་ལ་ཕུལ་ཏེ་སྤུ་བསྒྱུར་བ་འདི་ཡིན་གྱིས་དད་པ་བསྐྱེད་ཅིག་ཅེས་དད་པ་བསྐྱེད་དུ་མི་བཏུབ་ཏུ་འདོད་ཅེས་ཟེར་ན་སླར་སྦྱིན།
དེ་སྟེ་སྐྱེད་སློང་ན་འདི་ཉིད་ཀྱང་མང་བར་མི་སེམས་སམ་ཇི་སྲིད་དུ་བདག་ཅག་གིས་བསྲུངས་ཞེས་སྨྲོས་ཤིག །སཱུ་ཏྲ་ལྟག་མ་ལྟར་ནོར་སྤུ་བསྒྱུར་བ་སླར་བྱིན་པ་ལས་ནོར་གྱི་སྐྱེད་དང་སྤྱད་པའི་གླ་ལ་སོགས་པ་འདོད་ཅེས་ཟེར་ན་འདི་སྲིད་དུ་ངས་བསྲུངས་ཏེ་ནོར་དངོས་མ་སྟོར་བར་
བྱིན་པ་འདི་ཉིད་ཆེ་ཞིང་མང་བར་མི་སེམས་སམ་ཞེས་ཤགས་གདབ། ནོར་བུ་ལ་སོགས་པ་བདར་ཕུག་ན་མཁོ་བའོ། །ནོར་བུ་བྱི་བདར་བྱས་ཤིང་ཕུག་པ་ལ་རེག་པ་ནི་ལྟུང་བ་མ་བདར་མ་ཕུག་པ་ལ་རེག་པ་ནི་ཉེས་བྱས་མགུལ་འཁོར་དང་གདུ་བུ་དང་དཔུང་རྒྱན་དང་ཕྲེང་བ་དང་
ཕྲེང་ཕྱེད་པ་དང་གཞུག་པར་ནའོ། །གསེར་དངུལ་དང་ནོར་བུའི་མགུལ་འཁོར་དང་གདུ་བུ་དང་དཔུང་རྒྱན་དང་ཕྲེང་བ་དང་དོ་ཤལ་ལ་སོགས་པ་སྤྱད་ཅིང་གཞུག་ཏུ་རུང་བ་ལ་བཟུང་བ་ནི་ལྟུང་བ། ཆག་ཅིང་ཆད་ཏེ་སྤྱད་དུ་མི་རུང་བ་ལ་བཟུང་བ་ནི་ཉེས་བྱས། རོལ་མོ་བྱིན་
ན་དང་བེ་ནུ་དང་བལ་ལ་རི་དང་མ་ཧ་ཏི་དང་མུ་གྷོ་ཥ་རྣམས་རྒྱུད་དང་བཅས་པ་དག་གོ། །རོལ་མོ་སྤྱད་པ་མིང་གིས་སྨོས་པ་འདི་རྣམས་ནི་བྱི་བང་ཤ་དགས་ཏེ་རྒྱུད་དང་བཅས་པ་ལ་བཟུང་ན་ལྟུང་བའོ། །རྒྱུད་དང་སོ་སོར་བྲལ་བ་ནི་ཉེས་བྱས། ཟེར་བ་གླིང་བུ་དང་། དུང་དང་བུད་

དུང་དང་། རྔ་དང་རྔ་བོ་ཆེ་སྟེ་གཟིངས་དང་། བི་དྷྲི་དང་རྔ་བེ་རི་དང་། པ་ཊ་ཧ་དང་རྔ་ཆུང་ངུ་ལག་པ་གཉིས་ཀྱིས་བརྡབ་པ་དང་། མུ་ར་བ་རྣམས་སོ། །རྫ་མ་དང་ལས་བྱས་པའི་རྔ་དང་འདི་རྣམས་ལ་རེག་ནའང་ལྟུང་ངོ་། །གཞུ་རྒྱུད་དང་བཅས་ནའོ། །གཞུ་རྒྱུད་དང་བཅས་པ་ལ་རེག་ནའང་ལྟུང་བར་
འགྱུར་རོ། །དེ་བཞིན་དུ་རལ་གྲི་དང་ཟོར་རལ་དང་སོ་གཅིག་པ་དང་མདུང་དང་ལག་མདུང་དང་ཨེ་ཏ་དག་གོ། །མིང་གིས་སྨོས་པ་འདི་རྣམས་སྤྱད་དུ་རུང་བ་ལ་རེག་ནའང་ལྟུང་། སྤྱད་དུ་མི་རུང་ན་ཉེས་བྱས། མདའ་དང་ལྕགས་མདའ་དང་སྟག་མདའ་མདེའུ་དང་བཅས་
པའོ། །མདའི་མིང་གིས་སྨོས་པ་འདི་རྣམས་སྤྱད་དུ་རུང་ཞིང་མདེའུ་དང་བཅས་པ་ལ་རེག་ནའང་ལྟུང་བའོ། །རིང་བསྲེལ་དང་བཅས་པའི་སྐུ་གཟུགས་ལ་ཡང་ངོ་། །ཤ་རི་རམ་ནང་ན་ཡོད་པའི་སྐུ་གཟུགས་ལ་རེག་ནའང་ལྟུང་བ། ཉེས་མེད་པ་ནི་དེར་སྟོན་པའི་འདུ་
ཤེས་གཞན་ནོ། །ཤ་རི་རམ་ཡོད་པའི་གཟུགས་ཁྱིམ་པའམ་དགེ་སྦྱོང་མེད་ན་སྟོན་པ་ཡིན་པར་བསམས་ཤིང་མཆོད་པར་གཟུང་བ་ནི་ཉེས་མེད་དོ། །ནོར་བུ་དང་ཟན་དང་སོག་མའི་ཕྲེང་བ་དང་ཆུ་སྦྲང་དང་མ་ཏིལ་གྱི་སྦལ་སྐད་དང་བལ་གཞུ་དང་མདེའུ་གཞུ་ནི་ཕྱེད་དོ། །མིང་གིས་
སྨོས་པ་འདི་རྣམས་ལ་རེག་ཅིང་བྱས་ནའང་ཉེས་བྱས་སོ། །གསེར་གྱི་ཐུ་ལུམ་མོ་མཁོ་བའོ། །གསེར་དང་དངུལ་གྱི་གར་བུ་དང་སྦྲམ་དང་གསེར་ཕྱེ་དང་དགོག་ལ་སོགས་པ་བྱད་དུ་མ་བྱས་པ་ལ་རེག་པ་ནི་ཉེས་བྱས། སྔངས་ན་གཟུང་ངམ་བདག་གི་ལ་མི་གནོད་ན་དགེ་
འདུན་གྱིའམ་མཆོད་རྟེན་གྱི་གསེར་དངུལ་སྦོས་ཏེ་སོང་ཤིག་འཇིགས་པའི་རྐྱེན་ཅིག་བྱུང་སྟེ་དཀོན་མཆོག་གསུམ་གྱི་དཀོར་གསེར་དངུལ་ལམ་རིན་པོ་ཆེ་ལ་སོགས་པ་བཀྲམ་པའམ་མ་བྲུབས་པ་ལ་བདག་གིས་བྲུབ་ཅིང་གཞུག་ནུས་པ་ཙམ་གྱིས་ཆོད་ན་བྲུབས་ཏེ་
སྡུས་ལ་སོང་ཤིག་རེག་ཀྱང་ཉེས་མེད་དོ། །དད་པའམ་དགེ་སྦྱོང་གིས་སོ། །ལྟག་མ་ལྟར་བྲུབ་པ་དགེ་སྦྱོང་དང་ཁྱིམ་པ་ཡོད་ན་བདག་གིས་མ་རེག་པར་ཁྱིམ་པ་དང་དགེ་སྦྱོང་བྱེད་དུ་གཞུག །མེད་ན་བདག་གིས་སོ། །དཀོན་མཆོག་གི་དཀོར་བྲུབ་པ་ཁྱིམ་པ་དང་

དགེ་སྦྱོང་དང་ཁྱིམ་པ་མེད་ན་བདག་གི་བྲུབས་པ་ཉེས་མེད་དོ། །དེ་བརྐོས་ཏེའོ། །ལྟག་ཏུ་བཤད་པ་ལྟར་དཀོན་མཆོག་གི་དཀོར་བྲུབ་པའི་གནས་མེད་པ་དགེ་སློང་དང་ཁྱིམ་པའང་མེད་ན་བདག་གིས་ས་བརྐོས་ཏེ་སྤྱད་ཀྱང་ཉེས་མེད། མེད་ན་སྦྱིན།
ལྟག་མ་ལྟར་སྦས་པ་ལས་འཇིགས་པའི་རྐྱེན་རྐུན་པོ་མེད་ན་ཕྱུང་ལ་སོ་སོའི་རྐྱེན་དུ་གཞག །དབྱུང་བའང་དེ་བཞིན་ནོར་སྦས་པ་སླར་དབྱུང་བའི་ཚེ་དགེ་སྦྱོང་དང་ཁྱིམ་པ་མེད་ན་བདག་གིས་ཕྱུང་ཞིང་རེག་ཀྱང་ཉེས་མེད། ཉེས་མེད་པ་ནི་མི་མ་ཡིན་པའི་གནས་ན་བསོད་ནམས་
ལས་སྐྱེས་པ་དེ་སྟེ་དེ་དག་ཏུ་རིན་པོ་ཆེའི་སའམ་སྟེགས་ལ་སོགས་པ་ཡང་ངོ་། །ལྷ་བྲན་ལྟ་བུ་ཁོ་བདག་གི་བསོད་ནམས་ཀྱིས་ཁང་ཁྱིམ་དང་ས་གཞི་ཡན་ཆད་རིན་པོ་ཆེ་དང་གསེར་དངུལ་དུ་འདུག་པ་ཞིག་གིས་དགེ་སློང་སྤྱན་དྲངས་ཏེ་སྤྱད་ཅིང་རེག་པ་ནི་ཉེས་མེད་དོ། །བཟའ་བའི་
སྣོད་གཞན་མེད་ན་ཡང་ངོ་། །སཱུ་ཏྲ་ལྟག་མ་ལྟར་རེག་ཀྱང་ཉེས་མེད་པ་ནི་བཟའ་བའི་སྣོད་སྤྱད་དང་། རྫས་གཞན་མེད་ན་རེག་ཀྱང་ཉེས་མེད། མལ་སྟན་དུ་འདུག་པ་ཡང་ངོ་། །ལྟག་ཏུ་བཤད་པ་ལྟར་སྤྱན་དྲངས་པ་ལ་ཞག་དུ་གནས་ནའང་ཁྲི་སྟན་རིན་པོ་ཆེ་ལ་འདུག་ཅིང་
ཉལ་བའང་ཉེས་མེད་དོ། །སོང་ཤིག་ཐེག་པས་སོ། །ལམ་རིང་པོར་འགྲོ་ན་རྟ་དང་ཤིང་རྟ་དང་བལ་གླང་དང་ཁྱོགས་ལ་བཞོན་དུའང་རུང་ངོ་། །ཆོས་ཀྱི་དོན་གྱི་དབང་གིས་ཏེ། ཆོས་ཀྱི་དོན་གྱི་ཕྱིར་གཞན་གྱིས་བཀུག་གམ་བདག་ཆོས་སློབ་པའི་ཕྱིར་འགྲོ་བ་ནི་བཞོན་དུ་
དབང་ངོ་། །རྒྱན་ཅན་ལ་མ་ཡིན། རྟ་དང་ཤིང་རྟ་ལ་སོགས་པ་གསེར་དངུལ་དང་རིན་པོ་ཆེས་བརྒྱན་པ་ལ་མི་བཞོན། རྒན་པོ་དང་ནད་པ་མ་ཡིན་པ་གཞན་མ་ཡིན། ཆོས་ཀྱི་ཕྱིར་བཞོན་དུ་དབང་བ་ཡང་ནད་པ་དང་རྒན་པོ་འགྲོ་མི་ཕོད་པ་བཞོན་དུ་དབང་ངོ་། །འདུག་ཅིང་ཆོས་
ཉན་པའི་ཕྱིར་རིན་པོ་ཆེའི་སེང་གེའི་ཁྲི་ལ་མི་རྟག་པ་ཡིད་ལ་བྱ་སྟེ་བཅོམ་ནའོ། །ཆོས་བཤད་པ་དང་ཁ་སྟོན་བྱེད་པའི་ཕྱིར་རིན་པོ་ཆེ་ལ་སོགས་པའི་ཁྲིའི་སྟེང་དུ་འདུག་ནའང་མི་རྟག་ཅིང་འཇིག་པར་འགྱུར་རོ་སྙམ་བསམས་ཏེ་འདུག་ནའང་ཉེས་མེད་དོ། །འཇུག་ན་

ཁྱིམ་པའིའོ་ཞེས་བཅས་པ་དག་ལས་བརྟག །ཁྱིམ་པའི་ཁྲི་སྟན་རིན་པོ་ཆེ་ཞིག་ལ་གཞག་ནའང་ཁྱིམ་པའི་རྫས་དེ་མི་རྟག་ཅིང་འཇིག་པ་ཡིན་ཏེ་སྤྱད་པས་བསོད་ནམས་རྟག་པར་འགྱུར་རོ་བར་བསམས་ཏེ་འདུག་ནའང་ཉེས་མེད། གསེར་གྱིས་སྤྲས་དྲིལ་བུས་བསྐོར་
བའི་གོས་ལ་ཡང་ངོ་། །ཁྱིམ་པའི་ཁྲི་སྟན་ལ་གསེར་གྱིས་སྤྲས་པའི་དྲིལ་བུས་བརྒྱན་པ་ཞིག་ནའང་ལྟག་མ་ལྟར་བསམས་ཏེ་སྤྱད་དོ། །དེར་ནོར་བུས་སྤྲས་གསེར་དངུལ་གྱིས་བརྒྱན། ཁྱིམ་པའི་ཁྲི་སྟན་གསེར་དངུལ་གྱི་གྱིམ་ཕག་དང་ནོར་བུས་བརྒྱན་པ་ཞིག་ལ་
སྤྱོད་ནའང་ལྟག་མ་ལྟར་བསམས་ཏེ་སྤྱད་དོ། །དེ་དག་ཀྱང་གཞུག །ཁྱིམ་པའི་ཁྲི་སྟན་རྒྱན་ཅན་ལ་སྤྱོད་སྤྱོད་དེ་ཆར་པ་བབ་སྟེ་དྲུང་ན་ཁྱིམ་པ་མེད་ན་བསྐྱལ་ཞིང་སྦ་བའི་ཕྱིར་རེག་ཀྱང་ཉེས་མེད་དོ། །མ་བརྟགས་པ་མ་ཡིན་པ་ནི་སྟོན་པར་འདུ་ཤེས་བཞག་སྟེ་ཁྱིམ་པ་དང་
དགེ་སྦྱོང་མེད་ན་སངས་རྒྱས་ཀྱི་སྐུ་གཟུགས་ལ་ཆོས་ཀྱི་དོན་ཀྱི་ཕྱིར་རེག །དགེ་སྦྱོང་དང་ཁྱིམ་པ་མེད་པ་སངས་རྒྱས་ཀྱི་སྐུ་གཟུགས་གསེར་དངུལ་དང་རིན་པོ་ཆེ་ཞིག་ལས་བྱས་པ་སྦ་བརྟུལ་དང་བྱི་བདར་བྱེད་ན་སྟོན་པ་ཡིན་པས་མཆོད་པའི་དོན་གྱི་ཕྱིར་རེག་གོ་ཞེས་བསམས་
ཏེ་རེག་ཀྱང་ཉེས་མེད་དོ། །དེའི་རྫས་ཀྱང་ངོ་། །སངས་རྒྱས་དང་ཆོས་ཀྱི་རྒྱན་དང་དཀོར་ལ་སོགས་པ་ལ་ལྟག་མ་ལྟར་བསམས་ཏེ་བཟུང་ཞིང་སྤྱད་ཀྱང་ཉེས་མེད། རྣ་ཆ་བགོ་ཞིང་མི་སྤྱད། དགེ་སློང་གིས་ལུས་རྒྱན་རྣ་ཆ་ལ་སོགས་པ་མི་གདགས། རྒྱ་ཆོངས་ཤིག །
རྒྱ་བཅངས་ཀྱང་ཉེས་མེད་དོ། །མི་བགོ་བའོ། །རིན་པོ་ཆེ་ལས་བྱས་པའི་རྒྱ་དང་རིན་པོ་ཆེ་ལུས་ཀྱི་རྒྱན་དུ་བྱས་པ་ལ་རྒྱ་བྲིས་པ་མི་བཅང་ངོ་། །ཞ་ཉེ་ཟངས་ར་གན་ཁར་བ་རྒྱ་སྐྱེགས་ཤིང་རྡོ་ཁམ་བ་སོ་རྭ་ལས་སོ། །རྒྱའི་རྒྱུ་ནི་མིང་གིས་སྨོས་པ་འདི་རྣམས་ལ་བྱའོ། །འདི་
རྣམས་ལ་ལུས་ཀྱི་རྒྱན་དུ་བྱས་པ་ལས་རྒྱ་འདྲིར་ཀྱང་མི་གནང་ངོ་། །མཚན་མ་ནི་དགེ་འདུན་གྱི་ན་དབུས་སུ་འཁོར་ལོ་ངོས་སུ་རི་དགས་གཉིས་འོག་ཏུ་གཙུག་ལག་ཁང་གི་བདག་པོའི་མིང་ངོ་། །དགེ་འདུན་གྱི་སྤྱིའི་རྒྱ་ནི་ཐབས་འདི་ལྟར་བྲིའོ། །གང་ཟག་གི་ན་ཀེང་

རུས་སམ་མགོ་ཐོད་དོ། །དགེ་སློང་གང་ཟག་གི་རྒྱ་ནི་མིང་རུས་མི་བྲི་བར་མིའི་ཀེང་རུས་དག་བྲིའོ། །སོ་མངས་ཀྱིས་སྐྲ་མི་བཤད་དགེ་སློང་གིས་མགོ་སོ་མངས་ཀྱིས་སྐྲ་མི་བཤད། དཔེར་ན་འདི་བཞིན་ནོ། །སོ་མངས་ཀྱིས་མི་བཤད་པ་བཞིན་དུ་རྩ་
དང་ཐུར་མ་དང་ཕག་ཟེ་ལ་སོགས་པ་ཅིས་ཀྱང་མི་བཤད། མེ་ལོང་ལ་བཞིན་མི་བལྟ། དགེ་སློང་མེ་ལོང་ལ་བལྟར་མི་གནང་ངོ་། །ཆུ་ཡང་ངོ་། །ཆུའི་ནང་དུ་གདོང་གི་གཟུགས་འབྱུང་བའི་ཕྱིར་ཆུ་ལའང་བཞིན་མི་བལྟ། ལྟུང་བ་མེད་པ་ནི་ཆུ་བརྟག་པའི་ཕྱིར་དང་
གཉེར་མ་དང་སྐྲ་སྐྱ་བ་བལྟ་བའོ། །ཆུ་དང་མེ་ལོང་ལ་བལྟས་ཀྱང་ཉེས་མེད་པ་ནི་ཆུ་བརྟག་པའི་ཕྱིར་ཆུའི་ནང་དུ་བཞིན་གྱི་གཟུགས་བརྙན་མཐོང་བ་དང་གཉེར་མ་དང་རྒས་པའི་ཚད་བལྟ་བའི་ཕྱིར་བལྟས་པ་ནི་ཉེས་མེད། སྔོན་དང་མཐའ་མའི་མཚན་མ་བཟུང་བ་ལའོ། །
རྒན་པོ་དང་གཉེར་མ་མེ་ལོང་ལ་བལྟ་བ་ཉེས་མེད་པ་ནི་མི་རྟག་པར་ཚོར་ཞིང་དགེ་བ་ལ་འགྲུས་པར་འགྱུར་བའི་ཕྱིར་ཉེས་མེད་དོ། །སོར་རིས་གསུམ་མི་བྱ། ས་དཀར་རམ་ཙན་དན་གྱིས་ལུས་ལ་མུར་འདུག་བཞིན་དུ་མཛུབ་རིས་མི་བྱ། རོ་ཙ་ནས་མི་བྱུག །བསུང་ཞིམ་པོ་
གླང་གི་ལྟོ་ནས་འོང་པས་ལུས་ལ་མི་བྱུག །བསུང་གི་མ་ཡིན། དྲི་བསུང་ངོ་ཅོག་གིས་ལུས་ལ་མི་བྱུག །བསོད་ནམས་ཀྱི་ཕྱིར་ན་བསུང་གི་ཕྱེ་མས་རྐང་པ་ལ་སྤྱད་བསུང་ཞིམ་པོ་ཞིག་ཡོན་བདག་གིས་བྱིན་ཏེ་ལུས་ལ་མི་བསྐུར་མི་རུང་ཞེས་ཟེར་ན་མིག་ལ་ཡང་
ཕན་པའི་ཕྱིར་རྐང་པ་ལ་བསྐུ། དེའི་མདུན་དུ་མི་དབྱིད། བསུང་གིས་རྐང་པ་ལ་བསྐུས་པ་ཡོན་བདག་གུད་དུ་མ་སོང་གི་བར་མི་དབྱིད། དེས་བྱུགས་ནས་དགེ་འདུན་འདུས་པ་མ་ཡིན། དྲི་བསུང་གིས་བསྐུས་ཏེ་དགེ་འདུན་འདུས་པའི་ཁྲོད་དུ་མི་འགྲོ། ཁྱིམ་པ་རྣམས་
ལ་ཆོས་མི་བཤད། དྲི་བསུང་གིས་བསྐུས་ཏེ་ཁྱིམ་པ་ལ་ཆོས་མི་བཤད། རིགས་སུ་མི་འགྲོ། དྲི་བསུང་གིས་བསྐུས་ཏེ་གྲོང་ལ་སོགས་པར་མི་འགྲོ། མཐར་ནི་ཁྲུས་བྱ། ན་བའི་ཕྱིར་དྲི་གསུང་གིས་ལུས་ལ་བྱུགས་པ་དང་། རྐང་པ་ལ་བྱུགས་པ་ན་ཡོན་བདག་སོང་ངམ་

མི་དོགས་ན་ཁྲུས་བྱས། དེ་བླང་གཞན་གྱིས་དྲི་བསུང་བྱིན་ཏེ་བླངས་ཀྱང་ཉེས་མེད་མེ་ཏོག་དང་ཕྲེང་བ་ཡང་ངོ་། །མེ་ཏོག་གི་ཕྲེང་བ་ལ་སོགས་པ་ཞིག་བྱིན་ན་བླངས་ཀྱང་ཉེས་མེད། མཆོད་རྟེན་ལ་བསྐོ། མེ་ཏོག་དང་དྲི་བསུང་བླངས་པ་དེ་མཆོད་རྟེན་ལ་འབུལ་ལོ། །ཉན་ཐོས་
པའི་ཡང་ངོ་། །མེ་ཏོག་དང་དྲི་བསུང་བླངས་པ་དེ་ཉན་ཐོས་ཀྱི་མཆོད་རྟེན་ལ་ཕུལ་ཀྱང་ཉེས་མེད་དོ། །སྦྱིན་བདག་མི་དགའ་ན་སྔས་སམ་ཕོངས་སུའོ། །མེ་ཏོག་བླངས་པ་མྱུར་དུ་མཆོད་རྟེན་ལ་ཕུལ་བ་སྦྱིན་བདག་མིག་སྔ་ན་འདུག་སྟེ་དགའ་ན་སྐད་ཅིག་སྔས་སམ་ཕོངས་ལོགས་
སུ་གཞག །སྒོ་མངོན་པར་མི་བྱ། མེ་ཏོག་བཞག་པ་དེ་གཞན་གྱིས་མི་མཐོང་བར་བྱ་བའི་ཕྱིར་སྒོའི་ཐད་ཀར་སྣང་བར་མི་བཞག །རྩིག་པ་མེ་ཏོག་གི་ཕྲེང་བ་སྒོའི་ཡ་རོལ་ལམ་མ་རོལ་གྱི་རྩིག་པ་ལ་གདགས་ཕྲེང་བ་སྤྱད་པ་ནི་ཁབ་ཀྱིས་སམ་ཚེར་མས་བཙུགས་ཏེའོ། །
མེ་ཏོག་རྩིག་པ་ལ་གདགས་པ་ནི་ཁབ་བམ་ཚེར་མ་རྩིག་པ་ལ་གཙུགས་ཏེ་གདགས་སོ། །མིག་ལ་ཕན་པ་ནི་བསུང་རབ་སྟེ་དུས་དུས་སུ་བསྣམས། མེ་ཏོག་ལ་སོགས་པ་དྲི་བསུང་མིག་ལ་ཕན་པའི་ཕྱིར་སྣར་བསྣམས་ཀྱང་ཉེས་མེད། ཚངས་པའི་སྐུད་པ་ཐོགས་ཤིང་མི་སྤྱད།
མུར་འདུག་དང་བྲམ་ཟེ་ལ་སོགས་པའི་ཆོས་སུ་སྐུད་པས་སེ་རལ་ཁར་མི་གདགས། སྐུད་པའི་མ་ཡིན། སངས་རྒྱས་ཀྱི་ཆོས་ཀྱི་སྔགས་ཀྱི་སྐུད་པའི་ཐག་བུ་མགུལ་པ་དང་ལག་པར་མི་གདགས། ཕྲག་པ་གཡོན་པའི་དྲུང་དུ་ཆོ་གའི་ཕྱིར་སྤྱད་པ་ཡང་ངོ་། །སངས་རྒྱས་
ཀྱི་ཆོས་ཀྱི་སྐུད་པའི་ཐག་གུ་གདགས་ནའང་མི་སྣང་བར་བྱ་བའི་ཕྱིར་ཕྲག་པ་གཡོན་པའི་དྲུང་དུ་གདགས། གར་བབ་བབ་ཏུ་མི་དོར། སཱུ་ཏྲ་ལྟག་མ་ལྟར་ཐག་གུ་བཅིངས་པ་མི་དགོས་ན་གཙང་སྦྲ་དང་བཙུན་པར་བྱ་བའི་ཕྱིར་བབ་ཅོལ་དུ་མི་དོར། ལྷག་མ་དང་བཅས་པ་
གོས་ཀྱི་གྲྭའམ་སྐ་རགས་ཀྱི་ཐོག་མར་བཅིང་། ཕྲག་པ་སྔགས་ཀྱི་ཐག་བུས་བཏགས་པ་ལས་ནད་ཐག་གི་སྟེ་མ་བྱང་གི་བར་དུ་ནི་ཕྲག་པ་ལས་བཀྲོལ་ལ་གོས་ཀྱི་གྲྭའམ་སྐ་རགས་ཀྱི་ཐོག་མ་ལ་གདགས། དེ་སྟེ་མ་ཡིན་ན་ཀ་བའམ་རྩིག་པའི་སེར་ཀར་གཞུག །ཕྲག་པ་ལ་

བཏགས་པའི་ཐག་བུ་ནད་སོས་ཏེ་མི་དགོས་ན་ཀ་བའམ་རྩིག་པའི་གསེབ་ཏུ་གཞུག །བྲོ་དང་གླུ་དང་རྔ་མི་སྤྱད། དགེ་སློང་གིས་བྲོ་དང་གླུ་དང་རྔའི་སྒྲ་ལ་སོགས་པ་མི་བྱ། དྲུག་སྡེས་རོལ་མོ་མཁན་གྱི་ཆས་སུ་ཞུགས་ཏེ་རོལ་མོ་བྱས་པ་ལས་བཅས།
མི་བསླབ། རོལ་མོ་དང་རྫ་རྔ་ལ་སོགས་པ་བདག་གིས་གཞན་ལ་མི་བསླབ། མི་བསྙེན། གཞན་ལའང་རོལ་མོའི་ཆོ་ག་སློབ་ཏུ་མི་གཞུག །བལྟར་མི་འགྲོ། རོལ་མོ་བྱེད་པ་ལ་བལྟར་མི་འགྲོ། དགེ་སློང་མས་ཀུན་འཇོལ་མི་བྱ། དགེ་སློང་མས་བྲོ་མི་བརྡུང་།
བྱ་བ་ནི་སྟོན་པའི་ཡོན་ཏན་བརྗོད་པ་དང་སུམ་རྒྱུད་སྦྱིན་པ་དང་དབྱངས་བྲོ། དབྱངས་བྱས་ཀྱང་ཉེས་མེད་པ་ནི་བསྟོད་པ་དང་སུམ་རྒྱུད་ཀྱི་ཚིགས་སུ་བཅད་པ་ཀླག་པ་ལ་སོགས་པ་ལ་བྱས་ཀྱང་ཉེས་མེད། དེ་དག་བསླབ། སྟོཏྟྲ་དང་སུམ་རྒྱུད་དང་དབྱངས་དག་བསླབས་ཀྱང་
ཉེས་མེད། དབེན་པའི་ཕྱོགས་སུའོ། །དབྱངས་བསླབ་པ་གཞན་གྱིས་མ་ཐོས་པར་དབེན་པར་བསླབ་བོ། །ངོམ་ཟུམ་དང་རྩེད་མོ་དང་ཅ་ཅོ་དང་དྲོག་དྲོག་པོ་དང་ལྟར་ལྟར་པོ་དང་ལུས་ཀྱིས་བསྙེགས་པ། མིང་གིས་སྨོས་པ་འདི་རྣམས་ལྟར་རྒྱགས་པའི་ཡན་ལག་མི་བྱ།
དྲོག་དྲོག་པའི་བསམ་པས་ལུས་དང་ངག་གིས་མི་བྱ། འདོད་ཆགས་དང་རྩེད་མོའི་སེམས་ཀྱིས་ལུས་དང་ངག་གི་སྒོ་ནས་རྩེད་མོ་ལ་སོགས་པ་ཇིའང་མི་བྱ། ཆས་བགོ་ཞིང་དབྱེ། རྐང་པ་བཀྲུས་ནས་རྡུལ་གྱིས་མི་གོས་པར་བྱ་བའི་ཕྱིར་ལག་འགྲོས་བྱས་པ་ལྟ་བུ་ཁྲིམས་ཀྱང་
བསྲུངས་ལ་རྩེད་མོ་ཡང་བྱས་པ་ལྟ་བུ་ལ་སོགས་པ་མི་བྱ། སྣོད་དུ་བྲིམ་ཞིང་བཏུང་བ་མི་བྱ། སྣོད་གཅིག་གི་ནང་དུ་ཧུབ་རེས་མི་བྱ། དེ་བཞིན་དུ་ཟན་ཟ་བའི་ཚེ་གཅིག་ལ་གཅིག་ཁ་ཟས་དང་སྣོད་སྤྱད་བདར་ཞིང་མི་བཤུགས། མེ་ཏོག་གི་རྒྱན་མི་བཅིང་མེ་ཏོག་སྣ་ཚོགས་
སྤེལ་ཞིང་བརྒྱུ་བ་ལ་སོགས་པ་རྒྱན་དུ་བྱ་བའི་བཟོ་ལག་དར་ཏེ་མི་བྱ། མི་བགོ །མེ་ཏོག་གི་རྒྱན་ལ་སོགས་པ་ལུས་ལ་མི་བགོ །རོལ་མོ་པའི་བྱ་དགའ་མི་སྦྱིན། རོལ་མོ་མཁན་རོལ་མོ་བྱེད་བྱེད་པའི་ཕྱིར་བྱ་དགའ་མི་སྦྱིན། ཐ་མལ་པའི་ཚེ་མི་བརྒྱུག །རྐྱེན་མ་བྱུང་བར་

ཐ་མལ་པར་འགྲོ་བའི་ཚེ་དྲག་ཏུ་མི་བརྒྱུག །དྲག་ཤུལ་དང་མཆང་བ་མི་བྱ། ལུས་ཀྱི་དྲག་ཤུལ་དང་མཆངས་པ་ལ་སོགས་པ་མི་བྱ། བརླ་དང་དཔུང་པ་དང་ཉྭ་ཐབས་བཟློག་ཤིང་བརྗེ་བར་མི་བྱ། ཕྱི་ཚར་དང་སྔ་ཚར་ལ་སོགས་པ་ལུས་ཀྱིས་བསྒྱུར་བ་རྐང་པ་གཉའ་བའི་སྟེང་དུ་
བཞག་པ་ལ་སོགས་པ་མི་བྱ། ཆུ་ལ་རྡོ་ཕྱར་མི་བྱ། ཆུའི་སྟེང་དུ་རྡོ་འཕངས་ཏེ་ཕྱར་རར་འགྲོ་བ་མི་བྱ། ལག་ཆངས་ཀྱི་ཆུས་མི་གཏོར། ཆུ་སྦལ་སྐད་ཀྱི་སྒྲ་མི་བྱ། ལག་པའི་ཐལ་མོས་ཆུ་ལ་བརྡབས་ཏེ་སྒྲ་མི་དབྱུང་། ཆུ་ལ་ཕྱིལ་མོ་མི་ཉུག་ཆབ་བྲོམ་དང་ས་འགྲེད་མོ་ལ་
སོགས་པ་ལ་ཕྱིས་མོ་མི་བྱ། བལ་གླང་སྐད་དང་རྟ་སྐད་དང་གླང་པོའི་སྐད་དང་རྨ་བྱ་དང་ཀོ་ཀོ་ལའི་སྐད་དུ་མི་བྱ། མིང་གིས་སྨོས་པ་འདི་རྣམས་ཀྱི་སྐད་མི་སྨྲ་མི་དབྱུང་། ཁའི་དུང་འབའ་འབའ་མི་བྱ། ཁ་ནས་དུང་འདྲ་བ་ཟེར་བ་དང་འབའ་འབུ་བླག་བླུག་ལ་སོགས་པ་མི་བྱ། ཏྲོག་ཏྲོག་
པོའི་དངོས་པོར་གཏོགས་པའོ། །རིན་པོ་ཆེ་ལ་རེག་པའི་ལྟུང་བ་རྫོགས་སོ།། །།འཁྲུག་པའི་ལྟུང་བ་ལ་འཆད་དེ། དཔྱིད་ཀྱི་ལྷག་མ་ཕྱེད་དང་གཉིས་དང་དབྱར་གྱི་ཐོག་མའི་ཟླ་བའོ། །དབྱར་ཟླ་ར་བའི་ཚེས་ནས་དབྱར་ཟླ་ཐ་ཆུངས་ཉ་ཕན་ཆད་ཟླ་བ་ཕྱེད་དང་གསུམ་ནི་ཚ་བས་
ན་དུས་ལ་བབ་ཏེ་ནམ་བཀྲུས་ཀྱང་ཉེས་མེད། གོས་མེད་པའི་གཉིས་པོ་རྙེད་པ་དེའི་ཚུལ་ལོ། །ཡང་ཡང་ཟ་བའི་རྐྱེན་དུས་མ་གཏོགས་པར་ན་བ་དང་ལམ་དང་གྲུར་ཞུགས་པ་དང་ལས་དང་གཞིའི་རྐྱེན་གཅིག་བྱས་ནའང་འཁྲུར་དབང་སྟེ་ཉེས་མེད་དོ། །རླུང་གིས་མ་བརྟུལ་ནའོ། །
རླུང་གིས་གོས་མ་བཟློག་གམ་རྡུལ་གྱིས་ལུས་ལ་མ་ཕོག་པ་ལས་བཀྲུས་ན་ལྟུང་བར་འགྱུར་གྱི་རླུང་དང་རྡུལ་གྱིས་ཕོག་པ་ནི་བཀྲུས་ཀྱང་ཉེས་མེད། གོས་ཀྱི་གྲྭ་འགུལ་བ་དེའི་མཐས་སོ། །རླུང་གིས་ཕོག་པའི་ཚད་ནི་གོས་ཀྱི་གྲྭ་འགུལ་བ་ཡན་ཆད་ཀྱིས་འཁྲུར་དབང་། ཆར་
གྱིས་མ་བབ། ཆར་གྱིས་བབ་པ་ནི་འཁྲུར་དབང་སྟེ་བཀྲུས་ཀྱང་མི་ལྟུང་ངོ་། །དེ་ཐིགས་གཉིས་ལྟུང་ནའོ། །ཆར་གྱིས་བབ་པའི་ཚད་ནི་ཐིགས་པ་གཉིས་སམ་གསུམ་ཕོག་ནས་འཁྲུར་དབང་ངོ་། །ལུས་ལའོ། །ཆར་གྱིས་ཕོག་པ་ནི་གོས་ལ་ཕོག་པ་ལ་མི་བྱའི་ལུས་ལ་

ཕོག་པ་ལ་འཁྲུར་གནང་ངོ་། །གཞན་ཡང་ཞག་བཅོ་ལྔ་ལས་ཁྲུས་ཀྱི་ཉི་མ་མ་ཡིན་ཏེ་ཚུན་ཆད་བཀྲུ་བ་མ་ཡིན། ཞག་བཅོ་ལྔ་མ་ལོན་པར་ཁྲུས་བྱས་ན་ལྟུང་བར་འགྱུར། བཅོ་ལྔ་ལ་ལན་ཅིག་ཁྲུས་བྱས་པ་ནི་ཉེས་མེད། བླུགས་པར་མ་ཞུག་པས་
སོ། །ཁྲུས་བྱད་པ་ནི་ཆུའི་ནང་དུ་ཞུགས་ཀྱང་རུང་བཅུས་ཏེ་སྤྱི་བོ་ནས་བླུགས་ཀྱང་རུང་གང་ལྟར་བཀྲུས་ཀྱང་ལྟུང་ངོ་། །དེ་ལྟེ་བར་ཕྱིན་ནའོ། །བཀྲུ་བའི་ཚད་ནི་སྤྱི་བོ་ནས་བླུགས་ཏེ་ཆུ་ལྟེ་བར་ཕྱིན་ཀྱང་རུང་ཆུའི་ནང་དུ་ཞུགས་ཏེ་ལྟེ་བར་ཕྱིན་ཀྱང་རུང་བཀྲུས་པར་ཆུད་དོ། །ཚུན་
ཆད་ན་ཉེས་བྱས་པའོ། །ལྟེ་བར་མ་ཕྱིན་པར་བཀྲུས་པ་ནི་ཉེས་བྱས་སོ། །ཐམས་ཅད་དུ་དུས་སུ་བསྔོ་བ་མ་བསྔོས་ན་ཡང་ངོ་། །ལས་ཅི་བྱེད་དོ་ཅོག་ལ་ཡང་བསམ་པའང་རུང་སྨྲ་བའང་རུང་ལུས་ཀྱིས་བྱེད་པའང་རུང་ས་མ་ཡམ་མ་བསྔོས་པར་བྱས་ན་ཅི་བྱས་སོ་ཅོག་ཉེས་བྱས་སོ། །
དོན་གྱི་ཆུར་མྱོང་བ་ཁྲུས་མ་ཡིན། ཆུ་ཆེན་པོ་རྒལ་བ་ལ་འབོགས་ཀྱང་རུང་རྐྱལ་པའང་རུང་། ལུས་ཐམས་ཅད་གཤེར་བ་ནི་ཁྲུས་བྱས་པར་མི་ཆུད་དོ་ཉེས་མེད་དོ། །དེ་བས་ན་རྒལ་བ་དང་མ་ཚོར་བར་ལྟུང་བ་དང་བརྒྱལ་བ་ལ་བཏབ་པ་ལ་ལྟུང་བ་མེད། ཆུ་རྒལ་བ་དང་ཆུའི་
ནང་དུ་ལྷུང་བ་དང་བརྒྱལ་བའི་ཕྱིར་ཆུས་བཏབ་པ་ལ་སོགས་པ་ཡང་བཀྲུས་པར་མི་ཆུད་དེ་ཉེས་མེད་དོ། །ཡུལ་ཨསྨ་པ་རན་ད་ཀ་ན་འདི་དག་མེད་པར་ཤེས་ཤིག །ཡུལ་ཨསྨ་པ་རན་ད་ཀ་ན་ཀོ་ལྤགས་འཆང་དུ་གནང་བའི་ཡུལ་ན་ནི་རྟག་པར་ཁྲུས་བྱས་ཀྱང་ལྟུང་བར་མི་འགྱུར་
རོ་ཞེས་གནང་ངོ་། །མཆོག་ཡོད་ན་ཆུང་ངུའི་བརྟག་པར་མི་བྱ། ཆར་གྱིས་ཕོག་ན་འཁྲུར་གནང་ངོ་ཞེས་བྱས་པའི་ཕྱིར་ཆེད་ཀར་གྱིས་ཕོག་པར་བྱས་ཏེ་ཁྲུས་མི་བྱ། ཡུལ་མཐའ་ཁོབ་ཏུ་ཨ་ཤི་ལྔས་ཁྲིམས་རྫོགས་སུ་གནང་བ་ལས་ལྔ་ཉི་ཚེས་ཆོག་ཅེས་ཏེ་དགེ་འདུན་ལྔས་རྫོགས་
པར་མི་བྱ། དཔེ་བཤད་པ་འདི་གཉིས་དང་འདྲ་བར་ཅི་བྱའོ་ཅོག་ཐམས་ཅད་གནང་བའི་ཚིག་ལ་བརྟེན་ཏེ་སླ་ཆོས་སུ་སྒྱུ་མི་བྱ། ཁྲུས་ཀྱི་ལྟུང་བའོ། །ཁྲུས་བྱེད་པའི་ལྟུང་བ་རྫོགས་སོ། །དགུ་བཅུ་ལྟུང་བའི་བཅུ་སྡེ་རྫོགས་སོ།། །།བྱོལ་སོང་གསོད་པའི་ལྟུང་བ་ལ་འཆད་དེ། བསད་

པའི་སེམས་ཀྱིས་བྱོལ་སོང་ལ་བསད་པའི་སེམས་ཀྱིས་བསད་ན་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །ཕྱུགས་ལ་བསྣུན་ནའོ། །བྱོལ་སོང་བསད་པའི་ཕྱིར་བསྣུན་ཀྱང་བསྣུན་པ་ལས་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །དེར་རམ་གཞན་ཡང་དེའི་ཤི་ནའོ། །བདག་གིས་བསད་
དེ་འཕྲལ་ལ་ཤི་ཡང་རུང་བསད་པར་བསྣུན་པ་ལས་འཕྲལ་དུ་མ་ཤིའི་ཕྱིས་ཤི་ཡང་རུང་སྟེ་ཤི་ན་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །ཡན་ལག་འདི་རྣམས་དང་ལྡན་པས་བྱོལ་སོང་བསད་ན་ལྟུང་བར་འགྱུར་རོ། །ཉེས་བྱས་པ་ནི་སེམས་ཅན་འདྲ་ལ་སེམས་ཅན་མ་ཡིན་པའོ། །སེམས་ཅན་གྱི་
གཟུགས་སུ་བྱས་པའམ་སེམས་ཅན་གྱི་གཟུགས་སུ་རི་མོ་བྲིས་པ་བཤིག་ན་ཉེས་བྱས། བྱོལ་སོང་གསོད་པའོ། །བྱོལ་སོང་གསོད་པའི་ལྟུང་བ་རྫོགས་སོ།། །།ཐེ་ཚོམ་ལ་འཆད་དེ། ཁྱེད་རབ་ཏུ་མ་རྫོགས་ལ་ཕས་ཕམ་པ་བྱུང་ཞེས་པ་ལ་སོགས་པ་དགེ་སློང་མ་ཡིན་པའི་ཕྱིར་ཐེ་
ཚོམ་སྐུར་ནའོ། །དགེ་སློང་ལ་ཡོ་བྱད་མ་ཚང་བ་ལ་སོགས་པ་ཁྲིམས་མི་འཆགས་པའི་ཚིག་གང་བྱས་ཀྱང་རུང་སྟེ་ཁྱོད་ཁྲིམས་མ་ཆགས་སོ་ཞེས་ཐེ་ཚོམ་སྐུར་པ་དང་ཕས་ཕམ་པར་མ་གྱུར་པ་ལ་ཕམ་པར་གྱུར་ཏོ་ཞེས་ཐེ་ཚོམ་སྐུར་པ་ལས་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །
དྲུག་སྡེས་བཅུ་བདུན་སྡེ་ལོ་མ་ཚང་བར་ཁྲིམས་རྫོགས་པ་དང་བུས་ཕ་ཕུལ་ཞིང་འགྲོ་བ་ལས་ཤི་བ་ལ་ཕམ་པ་དང་མཚམས་མེད་པ་ཡོད་དོ་ཞེས་ཐེ་ཚོམ་སྐུར་པ་ལས་བཅས། དགེ་སློང་ནའོ། །ཐེ་ཚོམ་སྐུར་པ་དེ་དགེ་སློང་ཡང་ཡིན་པ་ལས་ལྟུང་སྟེ་ཡན་ལག་འདི་གཉིས་དང་ལྡན་ན་
ལྟུང་བར་འགྱུར། མི་བདེ་བ་བསྐྱེད་པའི་སེམས་ཀྱི་ན་རྩེད་མོས་ཀྱང་ཐེ་ཚོམ་མ་སྐྱེས་ཀྱང་ངོ་། །ཕ་རོལ་པོ་དགེ་སློང་མི་བདེ་ཞིང་མི་དགའ་བར་བྱ་བའི་ཕྱིར་ཁྲིམས་མ་ཆགས་པ་ལ་སོགས་པ་ཡིན་ནོ་ཞེས་སྨྲས་ན་ལྟུང་བ་དགེ་སློང་མ་ཡིན་པ་དང་མི་དགའ་བར་བྱ་བའི་ཕྱིར་ནི་མ་ཡིན་
གྱི་རྩེད་མོ་བྱས་པ་ནི་ཉེས་བྱས། གཞན་གྱིས་ན་ཉེས་བྱས་པའོ། །ལྷག་མ་དང་ལྟུང་བ་ཞིག་ཏུ་གྱུར་ཏོ་ཞེས་ཐེ་ཚོམ་སྐུར་ན་ཉེས་བྱས། ཐེ་ཚོམ་སྐུར་པའོ། །ཐེ་ཚོམ་སྐུར་པའི་ལྟུང་བ་རྫོགས་སོ།། །།མཛུབ་མོའི་ལྟུང་བ་ལ་འཆད་དེ། དགེ་སློང་ནའོ། །དགེ་སློང་ལ་ག་ག་

ཚིལ་བྱས་པ་ལས་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག་སོར་མོ་དང་ཁུ་ཚུར་དང་གྲུ་མོ་དང་ཕྲག་པ་དང་མགོ་དང་ལོགས་དང་རྒྱབ་དང་སྟ་ཟུར་དང་བྲང་དང་པུས་མོ་དང་བྱིན་པ་དང་རྐང་པའི་མཐེ་བོང་ལ་སོགས་པས་རེག་ཅིང་ག་ག་ཚིལ་བྱས་ནའོ། །མིང་གིས་སྨོས་
པ་འདི་རྣམས་གག་ཀྱང་རུང་འདི་རྣམས་ཀྱིས་ག་ག་ཚིལ་བྱས་ན་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །སེང་སེང་པོའི་སེམས་ཀྱིས་སོ། །ག་ག་ཚིལ་བྱེད་པ་ལ་རྩེ་བའམ་འཕྱར་བའི་སེམས་སེང་སེང་པོ་བྱས་པ་ལས་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །ཡན་ལག་འདི་རྣམས་
དང་ལྡན་ན་ག་ག་ཚིལ་གྱི་ལྟུང་བར་འགྱུར་རོ། །དེ་བས་ན་རྨ་དང་སྦྲང་མ་དང་མཛེར་པ་དང་སྨེ་བ་དང་སྤུ་འཁྱིལ་བ་བསྟན་པ་ནི་ལྟུང་བ་མེད་དོ། །མིང་གིས་སྨོས་པ་འདི་རྣམས་གང་ཡང་རུང་སྟེ་ལུས་ལ་ཡོད་པ་ལ་བསྟན་ཅིང་བལྟ་བའི་ཕྱིར་མཛུབ་མོས་བཙུགས་པ་ནི་ཉེས་མེད་དོ། །ལྟུང་
བ་དུ་མ་ཡང་གཅིག་གོ། །ག་ག་ཚིལ་བྱས་པ་ནི་སོར་མོ་རེ་རེ་ལྟུང་བ་རེ་རེར་མི་འགྱུར་གྱི་ལྟུང་བ་གཅིག་ཏུ་ཟད་དོ། །ག་ག་ཚིལ་གྱི་ལྟུང་བའོ། །ག་ག་ཚིལ་བྱེད་པའི་ལྟུང་བ་རྫོགས་སོ།། །།དགའ་བའི་ལྟུང་བ་ལ་འཆད་དེ། ཆུའི་ཡུལ་དུ་བྱ་བ་ནན་ཏན་ནོ། །ཆུའི་ནང་དུ་དགའ་
ཞིང་རྩེ་བ་ལས་ལྟུང་བར་འགྱུར་ཏེ། ཡན་ལག་གཅིག །ཞུགས་ནས་ཆུའི་ནང་དུ་ཞུགས་པ་དང་། ནུབ་ཆུའི་ནང་དུ་ལུས་ནུབ་པ་དང་། བྱང་ནུབ་པ་ལས་ཆུའི་སྟེང་དུ་བྱུང་བ་དང་། མཐའ་ཕ་རོལ་དུ་འགྲོ་བ། ཆུ་ལ་ཕར་རྒལ་ཚུར་རྒལ་བྱེད་ཅིང་འགྲོ་བ་དང་། གྱེན་ཐུར་གྱི་རྒྱུད་
དུ་བབ་ཅིང་། ཆུའི་རྒྱུད་བཞིན་དུ་འགྲོ་བ་དང་། རྒྱུན་ལས་ལོག་སྟེ་འགྲོ་བ་དང་། ཆུ་རྔ་དང་ཆུ་ལ་ལག་གིས་བརྡབས་ཏེ་སྒྲ་འབྱིན་པ་དང་། སྦལ་པའི་ཟེར་བ་དང་། ཆུའི་ནང་དུ་མཆུ་བཙུགས་ན་ས་བླག་བླུག་ཟེར་བ་དང་། ཆུས་ཕྱར་བ་དང་། ཆུ་ལ་རྡོ་འཕྱར་བྱེད་པའང་རུང་ཆུ་
ལ་ལག་ཆངས་ཀྱིས་གཏོར་ཀྱང་རུང་། བསྐོར་བ་དང་ཆུ་ལ་ལག་པས་བསྐོར་བ་དང་། རྡོ་རྗེ་དང་ཆུ་ལ་རྡོ་རྗེ་ཐབས་སུ་འཕངས་ཀྱང་རུང་རྡོ་རྗེ་འདྲ་བ་བྲིས་ཀྱང་རུང་། ཁྲོན་པ་དང་ཆུ་ལ་དྲག་ཏུ་བསྐོར་ན་དབུས་སུ་བུ་གུ་འདྲ་བ་འབྱུང་བ་དང་། མཁྱིལ་པ་བྱེད་པ་དང་། ཆུ་བསྐྱིལ་པ་

དང་། འདྲི་བ་དྲངས་ན་རྩ་བའོ། །ཆུ་ལ་རི་མོ་བྲི་བ་དང་ཤུར་ཤུར་པོར་དྲངས་པ་དང་འདི་རྣམས་གག་བྱས་ཀྱང་ལྟུང་ངོ་། །བལྟུབས་པ་བསྣུན་ན་ཉེས་བྱས། ཆུ་ལ་བེམ་རྟོལ་བསྣུན་པ་ནི་ཉེས་བྱས། རྫ་མ་དང་ཕྲུ་བ་དང་རིལ་བ་དང་ཕོར་བུར་རོ། །འདི་རྣམས་ཀྱི་ནང་ན་ཆུ་འདུག་
པ་ལ་གོང་མའི་རིམ་པ་ལྟར་རྩེས་ན་ཉེས་བྱས། བུ་རམ་ཁུ་བ་དང་ཚོད་མ་དང་ཐུག་པ་དང་ཆན་ཁུ་བསྲོས་པ་ཡོད་པ་ལ་ཡང་ངོ་། །མིང་གིས་སྨོས་པ་འདི་རྣམས་ཀྱི་ཁུ་བ་ལ་རྟག་ཏུ་སྨོས་པ་ལྟར་རྩེས་ན་ཉེས་བྱས། ཆུ་མ་ཡིན་པ་ལ་དགའ་བ་ཡང་ངོ་། །འོ་མ་ལ་སོགས་པ་ལ་རྩེས་
ནའང་ཉེས་བྱས། དེ་བཞིན་དུ་བྱེད་དུ་བཅུག་པ་ཡང་འགྱུར་རོ། །ལྟག་ཏུ་སྨོས་པའི་རྩེད་མོ་རྣམས་གཞན་བྱེད་དུ་བཅུག་ནའང་ལྟུང་བར་འགྱུར་རོ། །ཏྲོག་ཏྲོག་པོའི་དགའ་བ་མྱོང་བར་འདོད་པས་སོ། །ཆུའི་ནང་དུ་རྩེ་བའི་ལྟུང་བ་ནི་རྩེད་མོ་འམ་དགའ་བའི་སེམས་ཏྲོག་ཏྲོག་པས་
རྩེས་ན་ལྟུང་ངོ་། །དེ་བས་ན་སིམ་པ་འདོད་པའི་ཕྱིར་ཞུགས་ན་ལྟུང་བ་མེད་དོ། །རྩེད་མོའི་སེམས་ཀྱིས་ཆུ་ལ་རྩེས་པས་ལྟུང་བས་ན་འདི་ནི་ཚ་ཞིང་མི་བདེ་བ་བསིལ་བར་བྱ་བའི་ཕྱིར་ཆུར་ཞུགས་ཤིང་བཀྲུས་པ་ནི་ཉེས་མེད། རྐྱལ་སློབ་པས་ཞེང་ངམ་ཆུར་འབད་ནའོ། །རྩེ་བའི་
ཕྱིར་ནི་མ་ཡིན་གྱི་བདག་ལ་ཕན་པར་བྱ་བའི་ཕྱིར་ལྐོག་དབེན་པར་རྐྱལ་སློབ་པ་ནི་ཉེས་མེད། བསྒྲང་པའི་ཕྱིར་དྲོན་པོ་ལ་བྲིས་ན་གྲངས་ནའོ། །ཚ་བ་ལ་སོགས་པ་བསྒྲང་བའི་ཕྱིར་ཐུག་པ་ལ་སོགས་པ་ལ་གཟར་བུ་དང་ཁ་གཟར་དང་སྐྱ་བས་དཀྲུགས་པ་ནི་ཉེས་མེད། གཤེར་བ་ལ་
དགའ་བའོ། །ཆུའི་ནང་ན་དགའ་ཞིང་བརྩེ་བའི་ལྟུང་བ་རྫོགས་སོ།། །།ལྷན་ཅིག་གི་ལྟུང་བ་ལ་འཆད་དེ། བུད་མེད་དང་ལྷན་ཅིག་ཏུ་ཁྱིམ་གཅིག་ཏུ་གཉིད་ལོག་པའོ། །བུད་མེད་དང་ལྷན་ཅིག་ཏུ་ཁྱིམ་གཅིག་གི་ནང་དུ་ལྷན་ཅིག་ཉལ་བ་ལས་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག་
ནུབ་མོ་མཐས་སོ། །བུད་མེད་དང་ལྷན་ཅིག །ཉལ་ཏེ་ཞག་གཅིག་གི་སྐྱ་རེངས་བྱུང་ནས་ལྟུང་བར་འགྱུར་ཏེ་ཡན་ལག་གཉིས་དང་ལྡན་ན་ལྟུང་བར་འགྱུར། སྔ་མ་ནི་ཉེས་བྱས་པའོ། །བུད་མེད་དང་དང་པོ་ལ་ཉལ་ནས་སྐྱ་རེངས་མ་བྱུང་གི་བར་དུ་ནི་ཉེས་བྱས། བྱ་གག་མོ་ཙམ་

ཡང་འདི་བྱེད་པ་མཐའོ། །བུད་མེད་མ་ཡིན་པ་གཞན་མོ་དང་ཉལ་ན་བྱ་གག་ཙམ་ཡན་ཆད་དང་ཁྱིམ་གཅིག་ཏུ་ཞག་ལོན་ན་ཉེས་བྱས་སོ། །མོ་དུ་ཡོད་པ་བཞིན་དུ་ཉེས་བྱས་རེ་རེར་འགྱུར་རོ། །བུད་མེད་དང་ལྷན་ཅིག་ཉལ་བའོ། །བུད་མེད་དང་ལྷན་ཅིག་
ཉལ་བའི་ལྟུང་བ་རྫོགས་སོ།། །།སྔངས་བྱེད་པ་ལ་འཆད་དེ། རྩེད་མོར་བསམ་པ་འདོད་པས་ཀྱང་འཇིགས་སྐྲག་སྔངས་བསྙེན་ཏེ་ཟེར་བ་འཇིགས་པར་བྱེད་པ་ཆེ་གེ་མོ་ཞིག་གོ་ཞེས་དགེ་སློང་ནའོ། །ཆེད་ཀར་བསྡིགས་ཀྱང་རུང་རྩེད་མོར་བསྡིགས་ཀྱང་རུང་འཇིགས་ཤིང་
བསྔང་བར་བྱ་བའི་ཕྱིར་འདྲེ་ལ་སོགས་པའི་དེ་འདྲ་བ་ཞིག་འོང་ཞེས་བྱས་ཀྱང་རུང་གཟུགས་ཉིད་འདྲེ་འདྲ་བར་བཅོས་ཏེ་བསྡིགས་ཀྱང་རུང་དགེ་སློང་ལ་སྔངས་ཤིང་སྐྲག་པར་བྱས་ན་ལྟུང་བར་འགྱུར་རོ། །གཞན་གྱིས་ཀྱང་ངོ་། །དགེ་སློང་དེ་བསྔང་བར་བྱོས་ཤིག་ཅེས་གཞན་ལ་
བྱེད་དུ་བཅུག་ཀྱང་ལྟུང་བར་འགྱུར། འཇིགས་པ་མ་སྐྱེས་ཀྱང་ངོ་། །དགེ་སློང་ལ་འཇིགས་པར་བྱ་བའི་ཕྱིར་བསྡིགས་ནས་འཇིགས་ཤིང་སྔངས་པར་མ་གྱུར་ཀྱང་ལྟུང་ངོ་། །རྩ་བ་ནི་ཡིད་ནི་མི་འོང་ནའོ། །ལྟུང་བར་འགྱུར་བ་ནི་འདྲེ་ལ་སོགས་པ་གཟུགས་མི་སྡུག་པ་དང་སྒྲ་
མི་སྙེན་པ་དང་དྲི་མི་ཞིམ་ཞིང་ཡིད་དུ་མི་འོང་བས་བསྡིགས་ན་ལྟུང་བར་འགྱུར་ཏེ་གང་གང་ཡིན་པ་འོག་ནས་འཆད་དོ། །འདི་ལྟ་སྟེ་ཡི་དགས་དང་ཤ་ཟ་བ་དང་གྲུལ་བུམ་དང་ལུས་སྲུལ་པོའོ་ཞེས་སྨྲས་པ་དང་ནག་པོའི་ནག་པོ་སོལ་བའི་ཁ་དོག་དུམ་པ་ཚིག་པ་ལྟ་བུར་ནའོ། །ཡིད་དུ་མི་
འོང་པ་ནི་འདི་རྣམས་ཡིན་ཏེ་འདི་རྣམས་གང་ཡང་རུང་བའི་གཟུགས་ཤིག་ཡོད་དེ་འོང་ངོ་ཞེས་སྨྲས་ནའང་ལྟུང་བར་འགྱུར་རོ། །སེང་གེ་དང་སྟག་དང་གཟིག་དང་ཀོ་ཀ་དང་སྤྱང་ཀི་དང་བྷྱ་སྟོ་རི་གའི་སྒྲ་དག་གིས་སོ། །མིང་གིས་སྨོས་པ་འདི་རྣམས་ལྟ་བུ་ཞིག་འོང་ངོ་ཞེས་
བྱས་ཀྱང་རུང་རྣམས་ཀྱི་སྒྲ་ཕྱུང་སྟེ་བསྡིགས་ཀྱང་རུང་ལྟུང་བར་འགྱུར་རོ། །བཤང་གཅི་དང་ཐུག་པོའི་སྤུའི་དྲིས་སོ། །མིང་གིས་སྨོས་པ་འདི་རྣམས་ཀྱི་དྲི་འདི་འདྲ་བ་ཞིག་ཡོད་དེ་འོང་ངོ་ཞེས་བསྡིགས་ནའང་ལྟུང་བར་འགྱུར་རོ། །ར་གོང་དང་རེ་ལྡེ་དང་ར་ཕྱར་གྱིས་རེག་པ་

དག་གིས་སོ། །མིང་གིས་སྨོས་པ་འདི་རྣམས་དང་འདྲ་བར་རྩུབ་མོ་ཞིག་འང་ངོ་ཞེས་བསྡིགས་ཀྱང་ལྟུང་བའོ། །ཡིད་དུ་འོང་བ་ནི་ཉེས་བྱས་པའོ། །ལྷ་ལ་སོགས་པའི་གཟུགས་དང་སྒྲ་སྙན་པ་ཡིད་དུ་འོང་བས་བསྡིགས་པ་ནི་ཉེས་བྱས་ཏེ་འོག་ནས་འཆད། འདི་ལྟ་སྟེ་ལྷ་དང་ཀླུ་དང་
གནོད་སྦྱིན་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་སྨོས་ནའོ། །ཡིད་དུ་འོང་བ་ནི་འདི་རྣམས་ཀྱི་གཟུགས་འདྲ་བ་ཞིག་འང་ངོ་ཞེས་སྨྲས་ཀྱང་རུང་འདི་རྣམས་ཀྱི་གཟུགས་འདྲ་བར་བཅོས་ཏེ་སྨྲས་ཀྱང་རུང་ཉེས་བྱས། ནོར་བདག་ཚོང་དཔོན་དང་དེད་དཔོན་ལ་སོགས་པའི་གཟུགས་སོ། །
ཚང་དཔོན་དང་ནོར་བདག་ཕྱུག་པོ་ལྟ་བུའི་མི་ཞིག་ཁྱོད་ལ་གནོད་པ་བྱེད་པར་འོང་ངོ་ཞེས་བསྡིགས་ན་ཉེས་བྱས། རོལ་མོ་བྷ་ན་ལ་སོགས་པའི་སྒྲ་དག་གིས་གིས་སོ། །མིང་གིས་སྨོས་པ་འདི་རྣམས་ཀྱི་སྒྲ་ཟེར་བ་ཞིག་འོང་ངོ་ཞེས་སྨྲས་ཀྱང་རུང་འདི་ཉིད་ཀྱི་སྒྲ་སྐད་དུ་བྱས་ཏེ་བསྡིགས་ཀྱང་
རུང་ཉེས་བྱས། སྤོས་ཨ་ཀ་རུ་དང་ཙན་དན་དང་གུར་གུམ་དང་ཏ་མ་ལའི་ལོ་མའི་བསུང་དག་གིས་སོ། །མིང་གིས་སྨོས་པ་འདི་རྣམས་ཀྱི་དྲི་འདྲ་བ་ཞིག་འོང་ངོ་ཞེས་བྱས་ཀྱང་རུང་འདི་ཉིད་ཀྱི་དྲིས་བསྡིགས་ཀྱང་རུང་ཉེས་བྱས། དར་དང་སྣམ་བུ་དང་པགས་པ་དང་གོས་ཨ་བ་ཤུག་
ཀ་དང་དུ་གུ་ལ་དང་ཀོ་དུ་འབའ་ཀ་རྣམས་དག་གིས་སོ། །མིང་གིས་སྨོས་པ་འདི་རྣམས་ལྟར་འཇམ་པ་ཞིག་འོང་ངོ་ཞེས་བྱས་ཀྱང་རུང་འཇམ་པོ་འདི་རྣམས་ཀྱིས་རེག་པར་བྱ་སྟེ་བསྡིགས་ཀྱང་རུང་ཉེས་བྱས། མ་གཏོགས་པ་ནི་སྐྱོ་བའི་ཕྱིར་བའོ། །མི་སྡུག་ཅིང་འཇིགས་པར་སྨྲས་ཀྱང་
ལྟུང་བར་མི་འགྱུར་བ་ནི་ཆགས་པ་དང་དབྲལ་ཞིང་འཁོར་བ་ལས་སྐྱོ་བར་བྱ་བའི་ཕྱིར་མི་སྡུག་ཅིང་མི་སྙན་པའི་ཆོས་བཤད་ཀྱང་ཉེས་མེད་དོ། །དེ་བས་ན་སྐྱོ་བའི་ཕྱིར་སེམས་ཅན་དམྱལ་བ་དང་བྱོལ་སོང་དང་ཡི་དགས་དང་མིའི་གཏམ་ལ་སོགས་པ་ནི་ལྟུང་བ་མེད་དོ། །སྐྱོ་ཞིང་ཆགས་
པ་དང་བྲལ་བའི་ཕྱིར་ལམ་རྒྱུད་ལྔའི་སེམས་ཅན་ན་རག་ལ་སོགས་པ་སྡུག་བསྔལ་བའོ། །འཇིགས་པའོ་གནོད་པའོ། །མི་གཙང་ངོ་ཞེས་བྱ་བ་ལ་སོགས་པའི་ཆོས་བཤད་ཅིང་སྨྲས་པ་ནི་ཉེས་མེད་དོ། །སྔངས་བྱེད་དོ། །སྔངས་པར་བྱེད་པའི་ལྟུང་བ་རྫོགས་སོ།། །།སྦེད་

པའི་ལྟུང་བ་ལ་འཆད་དེ། འདིའི་རབ་ཏུ་འབྱུང་བའི་ཡོད་པ་ལྷུང་བཟེད་དང་གོས་དང་སྣོད་དང་ཕོར་བུ་དང་ལུས་བཅིང་ལ་སོགས་པ་དགེ་སྦྱོང་གི་འཚོ་བའི་ཡོ་བྱད་སྦས་པའོ། །སངས་རྒྱས་ཀྱི་ཆོས་ལ་རབ་ཏུ་བྱུང་བ་དགེ་སློང་ཕོ་མོ་དང་དགེ་སྦྱོང་ཕོ་མོ་དང་དགེ་སློང་
ཕ་མ་གང་ཡང་རུང་བ་སྟེ་དེའི་ཡོ་བྱད་མིང་གིས་སྨོས་པ་འདི་རྣམས་ལས་སྦས་ན་ལྟུང་བའོ། །མིང་གིས་སྨོས་པ་འདི་རྣམས་ལ་མ་གཏོགས་ཤིང་དགེ་སློང་གིས་གོས་སུ་བརྟགས་ཤིང་སྔགས་ཆགས་པའི་རྫས་ཤིག་ལས་སྦས་ནའང་ལྟུང་བ། དགེ་སློང་གིས་གོས་མ་བརྟགས་པ་
ཞིག་སྦས་ན་ཉེས་བྱས། སྦེད་དུ་བཅུག་པ་ཡང་ངོ་དགེ་སློང་དང་དགེ་སྦྱོང་གིས་རྫས་ལ་གཞན་ཞིག་ལ་སྦེད་དུ་བཅུག་ནའང་ལྟུང་བར་འགྱུར་རོ། །མ་གཏོགས་པ་ནི་ཕན་པར་འདོད་པའི་ཕྱིར་རོ། །ཕན་པར་བྱ་བའི་ཕྱིར་ཡོ་བྱད་ལ་གཡེལ་ཞིང་ལེ་ལོ་བྱེད་པ་ལ་ཕྱིས་ལེ་ལོ་མི་བྱེད་པའི་
ཕྱིར་སྐད་ཅིག་སྦས་ཏེ་བསྡིགས་པ་དང་མི་དགེ་བའི་གྲོགས་པོའི་གན་དུ་འགྲོ་བའམ་ཉོན་མོངས་པར་འགྱུར་བ་གནས་སུ་འགྲོ་བ་ལ་མི་བཏང་བའི་ཕྱིར་རྫས་གཏར་བཟུང་བ་ནི་ཉེས་མེད་དོ། །སྦེད་པའོ། །སྦེད་པའི་ལྟུང་བ་རྫོགས་སོ།། །།མ་ཕྱུང་བའི་ལྟུང་བ་ལ་འཆད་དེ། དགེ་
སློང་གིས་གོས་ཐལ་བྱུང་བྱིན་པ་ལས་གནང་བ་མེད་པར་ཀུན་སྤྱོད་པའོ། །བདག་གིས་དགེ་སློང་གྲོགས་ལ་གོས་གཏན་བྱིན་པ་ལས་སླར་བརྙ་ཞེས་ཀྱང་མ་བྱས་ཁོ་ཅི་བདེར་སྤྱོད་ཅེས་ཀྱང་མི་ཟེར་བར་ཐུག་ཐུབ་ཏུ་གྱོན་ན་ལྟུང་བར་འགྱུར། དེ་སྟེ་དེའི་གཞིས་དེ་དགའ་བར་འགྱུར་ན་མ་
ཡིན་ནོ། །བདག་གིས་གོས་སྦྱིན་པའི་དགེ་སློང་དེ་དང་བདག་གཉིས་སུ་ངོ་མཚར་དུ་སྒོར་མཛའ་སྟེ་ཁོའི་གོས་ལ་སོགས་པ་བདག་གིས་ཐུག་ཐུབ་ཏུ་གྱོན་ཅིང་སྤྱད་ན་ཁོ་དགའ་བར་འགྱུར་བ་ནི་སྤྱད་ཀྱང་ཉེས་མེད་དོ། །བྱིན་ཏེ་འཚོ་བའོ། །བྱིན་ཏེ་འཚོ་བའི་ལྟུང་བ་རྫོགས་སོ།། །།
སྐུར་པའི་ལྟུང་བ་ལ་འཆད་དེ། གཞིག་པར་འདོད་པ་སྟེ་དགེ་སློང་ནའོ། །བདག་གིས་དགེ་སློང་གྲོགས་ཤིག་ལ་ཚངས་པར་སྤྱོད་པའི་བར་ཆད་དང་སྨད་ཅིང་གཏམ་ངན་པར་བྱ་བའི་ཕྱིར་བརྫུན་གྱིས་སྐུར་ན་ལྟུང་བར་འགྱུར་ཏེ་དགེ་སྦྱོང་དང་ཁྱིམ་པ་ནི་མི་བྱའི་དགེ་སློང་

ལ་ཤེས་བཞིན་དུ་སྐུར་པ་ལས་ལྟུང་བའོ། །འདུ་ཤེས་སྦས་པ་དགེ་འདུན་གྱི་ལྷག་མའི་ལྟུང་བའོ། །བདག་གིས་བདེན་པའི་ཚིག་སྦས་ཏེ་བརྫུན་ལ་གནས་ནས་དགེ་སློང་གྲོགས་ལ་དགེ་འདུན་གྱི་ལྷག་མར་སྐུར་ན་ལྟུང་བར་འགྱུར། བསྒོའོ། །སྐུར་པ་ནི་བདག་གིས་
དགེ་སློང་གཞན་ལ་སྨྲས་པ་ལས་ལྟུང་བར་འགྱུར་རོ། །བགས་ཀྱིས་ཀྱང་དགེ་སློང་འདྲ་བ་བྱ་མ་ལ་པུ་ཏྲ་ལ་ཨུ་ཏྤ་ལ་བར་གནས་ཕྱག་འཚལ་བའི་ཚེ་གོས་ཀྱི་མཐའ་མས་དགེ་སློང་གི་མགོ་ལ་རེག་པ་དང་མི་དྲ་བུ་མི་ཀས་ལྷག་མའི་ཆོས་སྐུར་ཏེ་དེ་འདྲ་བའི་བགས་ལས་ལྷག་པར་སྐུར་ན་ལྟུང་
བར་འགྱུར་རོ། །སྐུར་པའི་ལྟུང་བའོ། །སྐུར་པའི་ལྟུང་བ་རྫོགས་སོ།། །།སྐྱེས་པ་མེད་པར་ལམ་དུ་འགྲོ་བའི་ལྟུང་བ་ལ་འཆད་དེ། འདོད་པས་ལམ་དུ་ཞུགས་པའོ། །བུད་མེད་དང་ལམ་དུ་འགྲོགས་པ་ནི་འཇིགས་པའི་རྐྱེན་ཡོད་དེ་འཕྲལ་ལ་ལམ་དུ་ཕྲད་དེ་འགྲོགས་པ་ནི་མ་
གཏོགས་ཏེ་འགྲོགས་འདོད་པའི་ཕྱིར་བུད་མེད་དང་དུས་བྱས་ཏེ་ལམ་དུ་འགྲོགས་པ་ནི་ལྟུང་བའོ། །རྒྱང་གྲགས་སོ་སོར་རོ། །བུད་མེད་དང་འགྲོགས་པ་ནི་རྒྱང་གྲགས་རེ་རེ་ཞིང་ལྟུང་བར་འགྱུར་རོ། །རེག་པའི་སྐྱེས་པ་མེད་པར་བུད་མེད་དང་འགྲོགས་པ་ལས་ལྟུང་ངོ་། །དེ་སོ་སོར་
ཕྱེད་ཅིང་ཡང་ཉེས་བྱས་སོ། །རྒྱང་གྲགས་ཕྱེད་ཅིང་ཉེས་བྱས་རེ་རེར་འགྱུར་རོ། །མ་གཏོགས་པ་ནི་བསེལ་བྱེད་པའོ། །བུད་མེད་དང་འགྲོགས་ཀྱང་ཉེས་པར་མི་འགྱུར་བ་ནི་འཇིགས་པའི་བསེལ་དུ་སྐྱེས་པ་མེད་དེ་བུད་མེད་འོངས་ནས་ངས་བསེལ་ནུས་ཞེས་ཟེར་བ་དང་དེང་ཡོད་དང་
རྐུན་པོས་ཡུལ་མི་ངོ་ཤེས་པའི་ཕྱིར་རྐུན་པོ་མི་འོང་གིས་བསེལ་བྱའོ་ཞེས་ཟེར་བ་དང་འགྲོགས་པ་ནི་ཉེས་མེད། དེས་ལམ་སྟོར་བ་ལམ་དུ་ཞུགས་པའི་ཕྱིར་ན་ཡང་ངོ་། །དགེ་སློང་ལམ་སྟོར་ཏམ་ལམ་མི་ཤེས་པ་ལ་བུད་མེད་ཀྱིས་ལམ་མཁན་བྱས་ཏེ་འགྲོགས་པ་ནི་ཉེས་མེད་དོ། །
བུད་མེད་འཇིགས་པའི་རྐྱེན་དང་བུད་མེད་ལམ་མི་ཤེས་པ་ལ་ནི་དགེ་སློང་གིས་བསེལ་དང་ལམ་སྟོན་པར་འགྲོགས་སུ་མི་གནང་ངོ་། །འགྲོ་མི་ནུས་པ་ཡང་ངོ་། །དགེ་སློང་ནད་ཀྱིས་བཏབ་པ་མ་ཆད་དེ་འགྲོ་མི་ཕོད་པ་ལ་བུད་མེད་ཀྱིས་གྲོགས་བྱས་ཏེ་རྫས་དག་ཁྱེར་ནས་ལམ་དུ་འགྲོགས་པ་ནི་

ཉེས་མེད་བུད་མེད་དང་ལྷན་ཅིག་འགྲོགས་པའོ། །རིག་པའི་སྐྱེས་པ་མེད་པར་བུད་མེད་དང་ལམ་དུ་ལྷན་ཅིག་འགྲོགས་པའི་ལྟུང་བ་རྫོགས་སོ།། །།བཅུ་སྟེ་གཅིག་འདས། རྐུན་འགྲོགས་ཀྱི་ལྟུང་བ་འཆད་དེ། གྲོང་འཇོམས་པའི་རྐུན་པོ་དང་ཤོ་གམ་
འཇོམས་པའི་རྐུན་པོ་དག་གོ། །གྲོང་འཇོམས་ཤིང་ཆོམ་པོ་བྱེད་པའི་རྐུན་པོ་དང་ཤོག་གམ་པ་ནོར་ཅི་དབང་བ་མི་སྦྱིན་པའི་ཕྱིར་ཤོ་གམ་དྲལ་བ་དང་ཤོ་གམ་རྐུ་བའི་ཚོང་པ་དང་འགྲོགས་ན་ལྟུང་བར་འགྱུར། བྱ་མ་རྟ་དང་རྐུན་པོས་རབ་ཏུ་བྱུང་བ་དང་ན་ཉེས་པའོ། །བྱ་མ་རྟ་དང་
མཁན་པོ་དང་ཨཱ་ཙཱརྱ་མེད་པར་རབ་ཏུ་བྱུང་བ་དང་འགྲོགས་པ་ནི་རྒྱང་གྲགས་རེ་རེ་ཞིང་ཉེས་བྱས་རེ་རེར་འགྱུར་རོ། །རྐུན་པོ་དང་ལྷན་ཅིག་འགྲོགས་པའོ། །གྲོགས་པོ་རྐུན་མ་དང་ལྷན་ཅིག་འགྲོགས་པའི་ལྟུང་བ་རྫོགས་སོ།། །།ལོ་ཉི་ཤུ་མ་ལོན་པའི་ལྟུང་བ་ལ་འཆད་དེ།
འབྷྲིད། ལོ་ཉི་ཤུར་མ་ལོན་པར་ཤེས་བཞིན་དུ་རྫོགས་པར་བྱས་པ་ལས་ལྟུང་བར་འགྱུར། ལོ་ཉི་ཤུར་མ་ལོན་པ་བསྙེན་པར་རྫོགས་པའོ། །དགེ་སྦྱོང་ལོ་ཉི་ཤུར་མ་ལོན་པར་ཤེས་བཞིན་དུ་ཁྲིམས་རྫོགས་པར་འགྱུར་ན་ལྟུང་བར་འགྱུར་རོ། །མཁན་པོས་བསྙེན་པར་
རྫོགས་པའོ། །ལོ་ཉི་ཤུ་མ་ལོན་པར་ཁྲིམས་རྫོགས་པར་བྱས་པ་ནི་མཁན་པོ་གང་ཡིན་པ་ལྟུང་བར་འགྱུར་རོ། །དེས་དེ་ལ་ཚང་ངམ་ཞེས་མི་འདྲི་བར་མི་བྱ། ཁྲིམས་རྫོགས་པར་བྱེད་པའི་དགེ་སློང་དེ་ལ་མཁན་པོ་གང་ཡིན་པས་ལོ་ཉི་ཤུ་ཚང་ངམ་ཞེས་འདྲིའོ། །ལོའང་མ་
ཚང་ལ་མ་དྲིས་ན་མ་དྲིས་པའི་ཉེས་བྱས་དང་། ལོ་མ་ཚང་བའི་ལྟུང་བ་དང་གཉིས་ཡོད་དོ། །གཞན་གྱིས་མ་ཡིན། རབ་ཏུ་རྫོགས་པར་འདོད་པ་ལ་དགེ་འདུན་གྱིས་ཀྱང་ལོ་ཚང་ངམ་ཞེས་འདྲིའོ། །ལོ་མ་ཚང་བ་ཞིག་མ་དྲིས་པ་རྫོགས་པར་བྱས་ན་མ་དྲིས་པའི་ཉེས་བྱས་
རེ་རེ་དང་ལོ་མ་ཚང་བའི་ཉེས་བྱས་རེ་རེ་ཡོད་དོ། །བརྟགས་པ་མི་ཤེས་པ་བསྙེན་པར་རྫོགས་པར་མི་བྱ། བསྙེན་པར་རྫོགས་པར་འདོད་པ་དེ་ཁོ་བདག་གིས་ཀྱང་ལོ་གྲངས་མི་ཤེས་ལ་དགེ་འདུན་གྱིས་ཀྱང་མི་ཤེས་ན་བསྙེན་པར་རྫོགས་པར་མི་བྱ། ཐམས་ཅད་ཉི་ཤུར་ཚང་ན་

རབ་ཏུ་རྫོགས་པར་སྐྱེའོ། །ཁྲིམས་རྫོགས་པར་འདོད་པ་དེ་ལོ་ཉི་ཤུར་ནི་ཚང་གི་ཁོ་བདག་དང་མཁན་པོ་དང་དགེ་འདུན་གྱིས་ལོ་མ་ཚང་བར་ཤེས་ཏེ་ཁྲིམས་རྫོགས་པ་ནི་འདུ་ཤེས་མི་བཙན་གྱི་ཁྲིམས་འཆགས་སོ། །གཞན་དུ་ལོ་ཚང་བར་འདུ་ཤེས་ན་ཡང་ངོ་། །ཁྲིམས་
རྫོགས་པར་འདོད་པ་ན་དེ་ནི་ལོ་མ་ཚང་གི་ཁོ་བདག་དང་དགེ་འདུན་གྱིས་ལོ་ཚང་བར་བསམས་ཤིང་ཁྲིམས་ཕོག་པ་ཡང་ཁྲིམས་འཆགས་ཤིང་འདུ་ཤེས་ཅན་ནོ། །མི་ཤེས་སམ་མི་དྲན་ནམ་ཡིད་གཉིས་ན་ཡང་ངོ་། །ལོ་ཚང་ངམ་མ་ཚང་མི་ཤེས་སམ་མི་དྲན་ནམ་ཐེ་ཚོམ་ཟ་བཞིན་
དུ་ཁྲིམས་ཕོགས་པ་ཡང་ལོ་མ་ཚང་ཡང་ཁྲིམས་འཆགས་སོ། །ཤེས་ན་དེ་ཞིག་གོ། །སཱུ་ཏྲ་ལྟག་མ་གཉིས་ལྟར་ལོ་མ་ཚང་ལ་ཚང་བར་བསམས་པ་དང་ལོ་མ་ཚང་ལ་མི་ཤེས་སམ་ཡིད་གཉིས་སུ་ཁྲིམས་ཕོག་ན་ཕྱིས་ལོ་གྲངས་མ་ཚང་བར་ཤེས་ན་ཁྲིམས་མི་འཆགས་ཏེ་མེད་
པར་སོང་ངོ་། །དེ་སྟེ་འདི་ལྟར་ཚང་བ་ཐོབ་པ་མ་ཡིན་ནོ། །སཱུ་ཏྲ་ལྟག་མ་ལྟར་ལོ་མ་ཚང་པར་ནམ་ཤེས་ཤིང་ཚོར་བའི་ཚེ་ལོ་ཚང་ན་ཁྲིམས་རྫོགས་པའི་ཚེ་ལོ་མ་ཚང་ན་ཡང་ཁྲིམས་མེད་པར་མི་འགྱུར་ཏེ་འཆགས་སོ། །ལྷག་པ་དང་མངལ་གྱི་ཟླ་བ་དང་བཅས་པར་རོ། །ཁྲིམས་རྫོགས་པ་ལས་
ཕྱིས་ལོ་མ་ཚང་བར་ཚོར་ན་ཁྲིམས་འཆགས་ཤིང་ལོ་ཚང་བྱ་བའི་ཐབས་འདི་ཡོད་དེ། ཐོག་མ་མངལ་ན་འདུག་པའི་ཟླ་བས་ཀྱང་བསྣན་སྐར་མཁན་གྱིས་ཆོས་སུ་ལོ་ཕྱེད་དང་གསུམ་ཞིང་ཟླ་བ་གཅིག་གི་ཁོང་ནས་ལྷག་པར་འབྱིན་ཅིང་བརྩིས་དེས་ཀྱང་བསྣན་ལ་ནམ་ཚོར་བའི་ཚེར་ཚང་
ན་འཆགས། ཐོག་མ་ཁྲིམས་འབོགས་པའི་ཚེ་ནི་ཉི་ཤུར་མ་ཚང་བར་ཤེས་ན་མངལ་གྱི་ཟླ་བ་བསྣན་ཀྱང་ཁྲིམས་མི་འཆགས་སོ། །མ་ཚང་བ་བསྙེན་པར་རྫོགས་པའིའོ། །དགེ་སྦྱོང་ལོ་ཉི་ཤུར་མ་ཚང་བ་བསྙེན་པར་རྫོགས་པར་བྱས་པའི་ལྟུང་བ་རྫོགས་སོ།། །།ས་རྐོ་བའི་
ལྟུང་བ་ལ་འཆད་དེ། བརྐོས་སམ་རྐོར་བཅུག་ནའོ། །བདག་གིས་བརྐོས་ཀྱང་རུང་གཞན་གྱིས་རྐོར་བཅུག་ཀྱང་རུང་ལྟུང་བར་འགྱུར་རོ། །སའི་སའོ། །བྱེ་མ་དང་གསེག་མ་མ་ཡིན་པ་ས་བཟང་པོ་འཐས་པ་ལས་བརྐོས་ན་ལྟུང་བར་འགྱུར། མ་གཏོགས་པ་ནི་སོར་བཞི་ཙམ་གྱི་ཕུར་

བུས་བརྐོས་པ་སྟེ་ལས་སར་པ་པས་སྐར་མའི་ཆོ་ག་ལ་བརྟག་པར་བྱེད་པར་མེད་ནའོ། །ལྟུང་བར་མི་འགྱུར་བ་ནི་གཙུག་ལག་ཁང་རྩིག་པའི་ལས་མི་ལ་སོགས་པ་མ་ཚོགས་ལ་སྐར་མ་བཟང་པོའི་ཉི་མ་ལ་བབ་སྟེ་གཙུག་ལག་ཁང་གི་མཁར་ལེན་གྱི་མགོ་
ཉི་མ་དེ་ལ་གཟུགས་དགོས་ཏེ་མི་གཞན་མེད་ན། སའི་རྔམས་སོར་བཞི་ཙམ་ཡན་ཆད་མཁར་ལེན་གྱི་རྨང་གཟུགས་པའི་མཚན་མར་དགེ་སློང་གིས་ཕུར་བུ་བཏབ་