Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 165

Văn bản gốc(Tây Tạng)

Trang 16 / 22 (50.000 ký tự/trang)
་འདུས་ནས་དབྱུང་བའོ། །དགེ་སློང་མ་དགེ་སློང་ཕའི་མདུན་དུ་ཚུལ་ནས་འབྱུང་བའི་སྔགས་བྱེད་བྱེད་པ་

ལས་དགེ་སློང་དེ་མོ་མཚན་དུ་གྱུར་ན་ཚུལ་ནས་འབྱུང་བར་མི་ཆུད་དེ་གཞན་གཅིག་གི་མདུན་དུ་སྔགས་བྱའོ། །དབྱར་གྱི་བར་བྱ་བར་འགྲོ་ན་ཕྱུང་སྟེའོ། །དགེ་སློང་ལ་རྐྱེན་ཅིག་བྱུང་སྟེ་ཚུལ་ནས་འབྱུང་བའི་ཞག་དུས་སུ་སྡོད་དུ་མི་ཁོམ་ན་དགེ་འདུན་ལ་
གསོལ་ཏེ་ཚུལ་ནས་འབྱུང་བའི་སྔགས་བྱས་ཏེ་སོང་ན་བྱུང་བར་ཆུད་དོ། །དངོས་པོ་དང་གང་ཟག་དང་གཉིས་ཀ་གཞག་སྟེ་ན་ཡང་ངོ་། །དགེ་འདུན་གྱི་ལྷག་མ་ཞིག་བྱུང་བ་དང་སྤང་བ་ལྟུང་བ་འཕྲལ་ལ་མཐོལ་དུ་མི་བདེ་བ་ནི་བརྟགས་ཏེ་བཞག་པ་ཡིན་པས་སྐབས་དབྱེ་བ་ལ་མ་གཏོགས་ཏེ་གཞན་
ཉེས་པར་མཐོང་བ་དང་དོགས་པ་དང་ཐོས་པ་ཅི་ཡོད་པ་རྒོལ་ཅིག་ཅེས་བྱ་སྟེ་སྐབས་དབྱེའོ། །འདི་ལ་ཁས་བླང་ངོ་། །མདོ་ལྟག་མ་ལྟར་གསོལ་བ་ལ་དགེ་འདུན་གྱིས་ཁོའི་སེམས་བསྲུང་ཞིང་དགའ་བར་བྱ་བའི་ཕྱིར་དེ་ལྟར་རུང་ངོ་ཞེས་བྱའོ། །བཞག་པ་ཡང་ཐ་མ་མ་ཡིན་པ་ལས་བསྐོས་ཏེའོ། །
ཚུལ་ནས་འབྱུང་བའི་ཚེ་ཕས་ཕམ་པ་ནི་མ་གཏོགས་ཏེ་གཞན་ལྟུང་བ་སྡེ་ལྔ་ལས་སྐབས་ཕྱེ་བ་ཡིན་གྱིས་རྒོལ་ཅིག་ཅེས་ཟེར་ན་ཕས་ཕམ་པ་བརྟགས་ཅིང་གཞག་ཏུ་མི་གནང་སྟེ་བསྐྲད་དོ། །ཚེ་དང་ལྡན་པ་བདག་ཅག་འདིའི་ཕྱིར་ནི་འདུས་ཤིང་ཚོགས་པ་ཡིན་ཏེ་དེ་ལྟ་མོད་ཀྱི་ཚེ་དང་ལྡན་པའི་
དངོས་པོ་དང་གང་ཟག་ཀྱང་གཞག་པར་རོ། །ལྟག་ནས་འབྱུང་བ་དགེ་འདུན་གྱི་ལྷག་མ་དང་སྤང་བའི་ལྟུང་བ་འཕྲལ་དུ་མཐོལ་དུ་མི་བདེ་སྟེ་བརྟགས་ཏེ་གཞག་པ་མ་གཏོགས་པར་གཞན་ལྟུང་བ་སྡེ་ལྔ་ལས་རྒོལ་ཅིག་པར་སྐབས་འབྱེད་ཅིང་འོང་ཞིང་གསོལ་དུ་འོང་སྟེ་ལྟུང་བ་དང་ལྷག་
མ་བརྟག་ཅིང་དབང་འཇུག་པ་ལགས་ན་དགེ་འདུན་གྱིས་མཁྱེན་པར་བགྱིར་ཅི་གནང་ཞེས་ཟེར་ན་དགེ་འདུན་གྱིས་ཀྱང་དེང་འདུས་པ་ཁྱོད་ཀྱི་དོན་དང་དབང་དུ་བྱ་བའི་ཕྱིར་འདུས་པ་མ་ཡིན་མོད་ཀྱི་ཁྱེད་ཉེས་པ་གཞན་ལ་སྐབས་ཕྱེ་ཞིང་དམིགས་ཀྱིས་ཕྱེ་བ་འཕྲལ་དུ་མཐོལ་དུ་མི་བདེ་སྟེ་དཔང་
དུ་མཁྱེན་པར་བྱ་བར་གསོལ། དགེ་འདུན་གྱིས་མཁྱེན་པར་བྱ་ཞིང་གང་ཟག་དེ་ཚུལ་ནས་དབྱུང་ངོ་། །དེ་ལྟར་ཚུལ་ཁྲིམས་རྣམ་པར་དག་པར་བྱ་བའི་ཕྱིར་ནི་གསོ་སྦྱོང་ཆོས་རྣམ་པར་དག་པར་བྱ་བའི་ཕྱིར་ནི་དབྱུང་བའོ་ཞེས་བཅོམ་ལྡན་འདས་གསུངས་ཀྱིས་འོན་ཏེ་འདོད་ན་དབྱུང་ངོ་

ཞེས་སོ། །མདོ་ལྟག་མ་ལྟར་ལྷག་མ་དང་ལྟུང་བ་བརྟགས་ཏེ་དགེ་འདུན་གྱིས་མཁྱེན་པར་བྱས་ནས་ཚུལ་ནས་དབྱུང་བ་ནི་རྣམ་པ་གཅིག་ཏུ་ན་ཉེས་པ་ཡོད་པའི་མི་དེ་ཉིད་ལྟུང་བ་སྡེ་ལྔ་ལས་ཉེས་པ་ཚངས་ཤིང་བྱང་བར་འགྱུར་བའི་ཕྱིར་ཚུལ་ཁྲིམས་རྣམ་པར་དག་པ་ཞེས་བྱ་སྟེ། གང་ཟག་དེ་ཉིད་
དོན་དུ་འགྱུར་བ་དང་ཉེས་པ་བརྟགས་ཏེ་གཞག་ན་དགེ་འདུན་ཚུལ་ནས་འབྱུང་བའི་ལས་སུ་རུང་བའི་ཕྱིར་ཆོས་རྣམ་པར་དག་པ་ཞེས་བྱ་སྟེ། དགེ་འདུན་གྱི་དོན་ཡང་ཡིན་པས་དོན་འདི་རྣམ་པ་གཉིས་ཀྱི་ཕྱིར་དགེ་འདུན་གྱིས་ཤེས་པར་གྱིས་ལ་བརྟག་པ་རྟོགས་ཏེ་ཚུལ་བྱུང་ཅིག་ཅེས་ཞལ་
ནས་གསུངས་སོ། །གང་ཟག་གཞག་པ་དང་དོན་གྱིར་མ་ཡིན་ནོ་ཞེས་སོ། །དོན་གཞག་པ་དང་གང་ཟག་ཀྱང་ངོ་། །གཞག་པར་རམ་མི་གཞག་པའི་ཕྱིར་ཁས་བླངས་པ་ལས་བསྙོན་ན་ཁས་བླངས་པ་ཞིག་མ་ཡིན་ནོ། །ཚུལ་ནས་འབྱུང་བའི་ཚེ་དགེ་སློང་ལྷག་མ་དང་ལྟུང་བ་ཡོད་དེ་འཕྲལ་
དུ་མཐོལ་དུ་མི་བདེ་བར་དགེ་འདུན་ལ་མཁྱེན་པར་བྱ་སྟེ་བརྟགས་ཏེ་བཞག་པའི་འོག་ཏུ་ཕྱིས་བསྙོན་ཏེ་མཐོལ་ཚངས་དང་ཆད་པ་བྱེད་དུ་མི་བཏུབ་ན་ཁོ་བསྙོན་ཏེ་མེད་ཅིང་མ་མཐོང་མི་ཤེས་ཟེར་བ་མི་བརྩན་གྱི་ཐོག་མ་དགེ་འདུན་ཐམས་ཅད་མཁྱེན་པར་བྱས་པ་བརྩན་གྱིས་དགེ་འདུན་ཐམས་ཅད་
ཀྱིས་མཐོལ་དུ་གཞུག་ཅིང་མཐོལ་ཚངས་དང་ཆད་པ་བྱེད་དུ་གཞུག་གོ། །ཅི་ལྟར་བྱེད་དུ་གཞུག་པའི་ཐབས་འོག་ནས་འཆད། འདི་སྐད་ཀྱི་ཚུལ་དུ་ཅུང་ཟད་ཀྱང་མེད་ཅིང་སྨྲ་བ་ནི་འདིའམ་སྔོན་གྱི་བརྫུན་ནོ། །མདོ་ལྟག་མ་ལྟར་དགེ་འདུན་གྱིས་ལྷག་མ་དང་སྤང་པའི་ལྟུང་བ་ཡོད་དེ་དགེ་འདུན་
ལ་བརྟགས་ཏེ་གཞག་ལ། བསྙོན་པ་འདི་དགེ་སློང་དེ་སྔར་དགེ་འདུན་ལ་བརྟགས་ཏེ་གཞག་ལ་ཕྱིས་བསྙོན་པའི་བརྫུན་གྱིས་ལྟུང་བ་གཅིག་དང་འཕྲལ་དུ་བྲིས་པ་ན་བསྙོན་པའི་ལྟུང་བ་གཅིག་དང་གཉིས་ཡོད་དེ་ཐོག་མ་རྟོགས་པའི་ཚེ་དགེ་སློང་སུ་སུ་འདུག་འདུག་པ་ཀུན་བསྡུས་ཏེ་མངོན་སུམ་
དུ་རྨས་ལ་ཤགས་ཀྱིས་ཐུབ་པར་བྱས་ལ་ཆད་པས་བཅད་དོ། །ཆད་པ་བྱེད་དུ་མ་བཏུབ་ན་བསྐྲད་དོ། །དེ་སྟེ་ཐབ་མོ་པའི་དགེ་སློང་དག་འོང་བར་ཚུལ་དུ་ཞུགས་པ་ཐོས་ནས་གསོ་སྦྱོང་གཉིས་སམ་གསུམ་འདས་ན་དབྱུང་ངོ་། །དགེ་འདུན་ཚུལ་ནས་འབྱུང་བའི་དགེ་སློང་ཕ་མ་རུངས་པ་

དག་ཅིག་གྲོགས་གཅིག་སྟེ་ཚུལ་ནས་འབྱུང་བའི་ཚེ་ལྟུང་བ་སྡེ་ལྔ་ལས་རྒོལ་ཅིག་ཕར་སྐབས་འབྱེད་པའི་རིགས་ཀྱི་དེའི་ཁར་སྐུར་པ་བཏབ་ལ་བསྐུར་ཏེ་དཀྲུག་གོ་ཞེས་ཟེར་བ་གཅིག་ཐོས་ན་འབྱུང་བའི་ཞག་དུས་ལས་ཟླ་བ་གཅིག་གཅིག་སྔར་བསྡུམས་ཏེ་འབྱུང་ངོ་། །དེ་
ལྟར་བསྡུམས་ཀྱང་ཐབ་མོ་པ་དེ་འོང་ཞིང་སླེབས་པར་འགྱུར་ན་ཟླ་བ་ཕྱེད་དང་གཉིས་ཀྱིས་ཀྱང་སྔར་བསྡུམས་ཏེ་འབྱུང་ངོ་། །དེ་ལྟར་བྱས་ཀྱང་མྱུར་དུ་འོང་ན་ཚུལ་ཟླ་བ་གཅིག་བསྲུངས་པས་ཆོག་གི་ཟླ་བ་གཅིག་གིས་བསྡུམས་ཏེ་བྱུང་ཡང་ཚུལ་དུ་ཆུད་དེ་དེ་ལྟར་སྔར་བྱུང་ཡང་བསྲུང་བ་ནི་ཟླ་བ་གསུམ་ཐང་བཞིན་དུ་བསྲུང་
ངོ་། །ཡོན་ཏན་ཡང་འཐོབ་བོ། །དེ་ལྟར་བྱས་ན་ཕྱིས་འཐབ་མོ་པ་འོངས་སུ་ཟིན་ཀྱང་སྐབས་མི་འབྱེད་པས་ཀླན་ཀ་མི་རྙེད་དོ། །མི་གྲུབ་ན་དཀྱིལ་འཁོར་ལྔའམ་དྲུག་བསྔོ། །མདོ་ལྟག་མ་ལྟར་བསླབས་བསྡུམས་སུ་ཞག་དུས་མེད་དེ་ཚུལ་ནས་འབྱུང་ཀར་འཐབ་མོ་བའི་དགེ་སློང་འོང་བར་ཐོས་ན་དགེ་འདུན་
མྱུར་དུ་འདུས་ལ། མཚམས་ཆེན་པོ་ཁྲོལ་ལ་མཚམས་བུ་ཆུང་ལྔའམ་དྲུག་འཕྲལ་ལ་བཅད་དོ། །མཚམས་བུ་ཆུང་ཅི་བྱ་བ་ན་འོག་ནས་འཆད། ཚིག་འཇམ་པོ་དང་བསུ་ནས་ལྷུང་བཟེད་དང་ཆོས་གོས་དང་བསྟི་སྟང་དང་ཁང་བུ་དང་ལྔ་ཁང་དང་ཁང་བུ་བརྩེག་མ་བསྔོ། ལྟག་མ་ལྟར་མཚམས་
བུ་ཆུང་བཅད་ཟིན་ནས་འཐབ་མོ་པ་འོང་བ་ལ་བསུ་ཞིང་ཚིག་འཇམ་པོ་ལ་གཏམ་བྱ་ཞིང་ལྷུང་བཟེད་དང་ཆོས་གོས་ལ་སོགས་པ་ཚུལ་བཞིན་དུ་བླངས་པ་གནས་ཁང་ཁྱམས་ལ་སོགས་པ་ཡང་བསྔོ་ཞིང་སྦྱིན་ནོ། །ཁྲུས་དང་སྣུམ་ཐོབ་པར་བྱ། འཐབ་མོ་པ་འོངས་པ་ལ་ཁྲུས་བྱ་ཞིང་ལུས་མཉེད་པ་ལ་
སོགས་པ་བྱ། ལུས་བསྐུ་བའི་སྣུམ་དང་ཁ་ཟས་ཀྱང་སྦྱིན། ཆོས་སྙན་པ་སྦྱིན་པ་བདག་གི་བསུ་བར་བྱ། འཐབ་མོ་བ་འོངས་པ་དེ་དང་ཆོས་བསྙད་ཅིང་གཏམ་ལ་སོགས་པ་བྱ་སྟེ། དུམ་ཞིང་མགུ་བའི་ཚུལ་དུ་བྱ། མ་གྲུབ་ན་བདག་ཅག་གི་གསོ་སྦྱོང་དཀྱིལ་འཁོར་དུ་བྱ། མདོ་ལྟག་མ་
རྣམས་ལྟར་བྱས་ཏེ་བཞག་པ་ལས་གུད་དུ་འདོང་དུ་མ་བཏུབ་ན་མདོ་གསུམ་གྱི་ལྟག་ནས་མཚམས་བུ་ཆུང་བཅད་དེ་གཞག་པར་བཤད་པའི་མཚམས་བུ་ཆུང་བཅད་དེ་སོ་སོར་དགེ་སློང་ལྔ་ལྔའམ་དྲུག་དྲུག་ཏུ་ཡོད་པ་དོང་སྟེ་འཐབ་མོ་པ་ལས་དད་པའང་བླངས་ཏེ་གསོ་སྦྱོང་བྱའོ། །ཁྱེད་དེ་

རིང་དབྱུང་བ་མ་ཡིན་ནམ་ཞེས་ཟེར་ན་ཚེ་དང་ལྡན་པ་སྡོད་ཅིག་ཁྱོད་ནི་འོང་བ་སྟེ་དོན་འདི་ནི་གནས་པའོ་ཞེས་སྒོ་ཤིག །མདོ་ལྟག་མ་ལྟར་གསོ་སྦྱོང་བྱེད་པ་འཐབ་མོ་པ་ན་རེ་དུས་ཀྱིས་ཚུལ་ནས་དབྱུང་བ་ཡིན་ན་ཅིའི་ཕྱིར་གསོ་སྦྱོང་བྱེད་ཅེས་འདྲི་ན་ཁྱེད་ཅིག་གསར་དུ་འོངས་པ་ཡིན་ཏེ་རྒྱུས་མི་ཤེས་ཀྱི། ལས་
ཇི་ལྟར་བྱ་བ་དགེ་སྦྱོང་གཞི་ལ་འཁོད་པ་ཤེས་ཏེ་དྲི་མི་དགོས་ཀྱི། ཟས་དང་ཁང་བུ་ལ་སོགས་པ་ཅི་འདོད་པ་ངེད་ལ་ནོས་ལ་ཅི་དགོས་པ་ལ་སོགས་པ་ལོང་ལ་འདུག་ཤིག་ཅེས་བསྒོ། འདས་ན་དབྱུང་ངོ་། །ཐབས་གོང་མ་རྣམས་ལྟར་བྱས་ནས་སླར་འདོང་ནས་སླར་མི་ལྡོག་པ་ཙམ་གྱི་ཚོད་ན་འདུས་
ཏེ་ཚུལ་ནས་འབྱུང་ངོ་། །ཐབ་མོ་པ་དོང་ནས་ཚུལ་མི་འབྱུང་སྟེ་ཚུལ་ཡང་ཞིག་པ་ཡིན་ནོ། །འབྱུང་བའི་དངོས་པོ་འཁོན་པ་བཤགས་པ་མ་བྱས་པར་མི་དབྱུང་ངོ་། །ཚུལ་ནས་འབྱུང་བ་ནི་གཅིག་ལ་གཅིག་སྐབས་ཕྱེ་སྟེ་རྒོལ་དུ་བཅུག་ལ་འཁོན་བཤགས་ཏེ་ཚུལ་ནས་འབྱུང་ངོ་། །དེའི་དུས་ནི་
ཉི་མ་བཅུའམ་ཟླ་བ་ཕྱེད་ན་འབྱུང་བ་ནའོ། །འཁོན་བཤགས་ཤིང་བཟོད་པ་གསོལ་བ་ནི་ཞག་བཅུ་ཙམ་གྱི་མདུན་ནས་གཅིག་ལ་གཅིག་བཟོད་པར་གསོལ་ཞིང་མགུ་བར་བྱའོ། །བདུན་ནམ་བརྒྱད་དོ་ཞེས་གཞན་དག་ལས་སོ། །འདུལ་བ་འཛིན་པ་ཁ་ཅིག་ན་རེ་ཞག་བདུན་ནམ་བརྒྱད་ཀྱི་སྔ་ལོགས་སུ་
འཁོན་བཤགས་ཀྱང་ཉེས་མེད། འདུས་པར་མ་ཡིན་ནོ། །དགེ་སློང་བདག་དང་འཁོན་ཡོད་པ་ཞིག་ན་མི་མང་པོའི་ཁྲོད་དུ་མི་བྱའི་ལྐོག་ཏུ་ཁོ་གཅིག་པུ་ལ་བཟོད་པར་གསོལ་ལོ། །འདུས་པའི་སྤྱིར་ཡང་སྤྱིའི་བཟོད་པ་གསོལ། དེས་ཀྱང་མ་བཟོད་པར་མ་ཡིན་ནོ། །འཁོན་ཡོད་པ་ལ་མདོ་
ལྟག་མ་ལྟར་བཟོད་པ་གསོལ་ཞིང་འོག་ནས་དགེ་སློང་དེས་ཀྱང་བཟོད་པར་བྱའོ། །མགུ་བ་མ་བྱས་ཀྱི་བར་དུ་ཚོགས་པ་ཐམས་ཅད་ཀྱིས་ཀྱང་དེའི་ཚེ་མི་བྱའོ། །ཚུལ་ནས་འབྱུང་བའི་ཞག་བཅུའི་མདུན་ནས་གཅིག་ལ་གཅིག་འཁོན་བཤགས་ཤིང་བཟོད་པ་མ་གསོལ་ན་ཚུལ་ནས་འབྱུང་བར་
མི་འགྱུར་རོ། །བཟོད་པ་གསོལ་བ་ནི་གཞོན་རིམས་ཀྱིས་རྒན་རིམས་ལ་གསོལ་གཞོན་ནུ་ལ་ཡུས་ཡོད་ན་རྒན་པོས་ཀྱང་གཞོན་ནུ་ལ་གསོལ། ཁྲོས་པས་ཡང་མ་བཟོད་པར་མ་ཡིན། དགེ་སློང་གཞན་གྱིས་བདག་ལ་ཉེས་པ་ལ་སོགས་པ་བྱས་ཏེ་ཕྱིས་མཐོལ་ཚངས་བྱེད་ཅིང་བཟོད་པ་ལ་

གསོལ་དུ་འོངས་ན་བཟོད་པ་བྱིན་ཅིག །ལྟག་ཏུ་མདོ་འདི་འདྲ་བ་ཅིག་བྱུང་བ་ནི་ཚུལ་གྱི་ཚེའོ། །འདི་ནི་ནམ་ཡང་རུང་སྟེ་འདྲ་བར་བྱ་བ་ལ་བྱའོ། །དགེ་སློང་དང་དགེ་སློང་མ་གནས་ཀྱི་ཕྱི་རོལ་དུ་མ་ཡིན། དགེ་སློང་མས་དགེ་སློང་ཕ་ལ་བཟོད་པ་གསོལ་བ་ནི་གར་བབ་བབ་ཏུ་
ལམ་ཁ་ལ་སོགས་པར་བཟོད་པ་གསོལ་བ་མ་ཡིན་དབྱར་མོ་ཐང་དུ་བཀུག་སྟེ་བཟོད་པ་གསོལ་བ་མ་ཡིན་གྱི། དགེ་སློང་ཕའི་གཙུག་ལག་ཁང་དུ་སོང་ལ་བཟོད་པར་གསོལ་ལོ། །རྐང་པ་ལ་ཡང་མི་གཏུགས། དགེ་སློང་མས་དགེ་སློང་ཕ་ལ་བཟོད་པ་གསོལ་བ་ནི་རྐང་པ་ནས་བཟུང་ལ་
བཟོད་པ་མི་གསོལ་གྱི། འདོམ་གང་ཙམ་དུ་འདུག་ལ་དགུས་ཏེ་བཟོད་པ་བགྱིར་ཅི་གནང་ཞེས་གསོལ་ལོ། །བཟོད་པ་བགྱི་འཚལ་ཏེ་འགྲོ། །མདོ་ལྟག་མ་ལྟར་གསོལ་ཏེ་བཟོད་པར་གནང་ན་གདོང་དཔྲལ་བ་གཏུགས་ཏེ་ཕྱག་བྱ། འདི་འཆགས་ན་བསྟི་སྟང་མེད་པར་མི་འགྲོ། །མདོ་
ལྟག་མ་གཉིས་ལྟར་དགེ་སློང་མ་བཟོད་པ་གསོལ་དུ་འོངས་ན་དགེ་སློང་གིས་ཀྱང་བཟོད་པ་གསོལ་དུ་མི་གཞུག་པའམ་བདག་བྱོལ་ཏེ་འགྲོ་བར་མི་བྱའོ། །མི་བསྒོམ་གསོལ་ཏེ་གཤེགས་པ་ལ་སྔོན་དུ་ཤེས་པས་སོ། །དགེ་སློང་གྲོགས་ལ་བཟོད་པ་གསོལ་དུ་སོང་སོང་བ་ལས། མ་བཏུབ་ན་དེ་དང་
སུ་མཛའ་བའི་གན་དུ་སོང་ལ། བཟོད་པར་བྱོས་ཤིག་ཅེས་གྲོས་འདེབས་སུ་བཅུག་ལ་དེ་ནས་བཟོད་པ་གསོལ། མ་དད་ན་ཐབས་བཙལ་མི་བསྒྲུབ་པར་མི་བྱ། མདོ་ལྟག་མ་ལྟར་ཐབས་བྱ་སྟེ། ཡང་བཟོད་པར་མ་བཏུབ་ན། སྔོན་ཁོ་ལ་གནོད་པ་དང་ཉེས་པ་བྱས་པ་ཅི་ཡོད་པ་བརྟགས་ཏེ། ཉེས་
པ་ཞིག་ཡོད་ན་དེ་ཡང་དམིགས་ནས་བཤགས་དེས་བཟོད་པར་གསོལ་ལོ། །རིང་པོར་མ་ཐོགས་པའོ། །ཉེས་པ་བྱས་ཤིང་འཁོན་པ་ཞིག་ཡོད་ན་ལོའམ་ཟླ་བར་གཞག་པ་མ་ཡིན་གྱི། མྱུར་དུ་མཐོལ་ཞིང་བཟོད་པར་གསོལ་ལོ། །ཁྲོས་མ་ཐག་ཏུ་མ་ཡིན་ཏེ་བསྡད། མྱུར་དུ་བཟོད་པ་
གསོལ་བ་ཡང་འཕྲལ་དུ་འཁྲུག་པ་མ་ཞི་བ་ལ་མི་གསོལ་གྱི་ཞི་ནས་གསོལ་ལོ། །འཆགས་པའི་ཚེ་མི་བཟོད་པར་མི་བྱ། གཅིག་ལ་གཅིག་འཆགས་ཤིང་བཟོད་པ་གསོལ་བའི་ཚེ། སེམས་ལས་འཁོན་མ་བཏང་ཞིང་། ཁས་བཟོད་ཅིང་འཇམ་པོར་བྱ་བ་མ་ཡིན་གྱི། སེམས་ཀྱིས་ཀྱང་

བཟོད་པར་བྱས་ཏེ་གསོལ་ལོ། །ཕྲན་ཚེགས་སུ་ཆུད་པའོ། །དབྱུང་བའི་དངོས་པོ་རྫོགས་སོ།། །།དྲུབ་པ་གདིང་། ཚུལ་ནས་བྱུང་བ་དྲུབ་གདིང་སྟེ། ཆོས་གོས་སྨད་གསུམ་སློབ་པའི་ནང་དུ་བཏིང་ལ་གཞག་པ་ལ་བྱའོ། །ཅི་ལྟར་གསུམ་ལ་དེ་བཞིན་དྲུབས་པ་བཏིང་ན་ཡང་ཡང་བཟའ་ཡང་
ཉེས་མེད་དེ་སྡེ་སྡེར་ཟ་བ་དང་མ་གཏོགས་པར་གྲོང་དུ་འཇུག་པ་དང་། གོས་སློང་བ་དང་ལྷག་མ་དང་རྙེད་པ་ཡང་སྤྱིའོ། །དྲུབས་པ་བཏིང་བའི་ཚེ་ཟླ་བ་ལྔའི་བར་དུ་འཆད་པ་དང་འབྲལ་བ་དང་འཇོག་པ་དང་ཡང་ཡང་དང་ཟས་བཟང་པོ་དང་སྡེ་ཟན་དང་གོས་གཉེན་མ་ཡིན་པར་སློང་བ་དང་
དུས་མ་ཡིན་པར་གྲོང་དུ་འགྲོ་བ་དང་། འདི་བརྒྱད་ནི་ཚུལ་དུ་ཞུགས་པའི་ཡོན་ཏན་ཡིན་ཏེ་བསྲུང་མི་དགོས་སོ། །ལྷག་མ་དང་རྙེད་པ་དང་སྤྱིའོ་ཞེས་འབྱུང་བ་ནི་མདོ་འོག་མ་རྣམ་ལྟར་གྱུར་ན་ཡོན་ཏན་ནི་མི་ཐོབ་ཀྱི་ཚུལ་དུ་ཞུགས་པ་རྣམས་སྤྱིའོ། །ནོར་རྫས་དང་ཡོན་སྐལ་ལས་འཐོབ་པ་
ལ་བྱ་སྟེ། དམིགས་དམིགས་ནས་འོག་ནས་ཞིབ་ཏུ་འཆད་པ་ཡིན་ནོ། །འདི་མི་སྐྱེ་བ་ནི། མིང་གིས་སྨོས་པ་འདི་རྣམས་ཡོན་ཏན་དང་རྙེད་པའི་སྐལ་བ་ཐོབ་པའང་ཡོད། མི་འཐོབ་པའང་ཡོད་དོ། །ལོན་མ་ལོན་པ་དང་། ཚུལ་དུ་མ་ཞུགས་ཀྱི་ཟླ་བ་གསུམ་གྱི་བར་དུ་བསྲུངས་པ་དང་།
དབྱར་ཆད་པ་དང་། ཚུལ་དུ་ཞུགས་པ་ལས་ཚུལ་དྲལ་ཏེ་སོང་པ་ལས་སོ། །དབྱར་ཕྱི་མ་དང་། ཚུལ་ཕྱི་མར་ཞུགས་པ་དང་། གནས་གཞན་དུ་གནས་པའོ། །གཙུག་ལག་ཁང་གཞན་ན་ཚུལ་སྲུང་སྲུང་བ་དང་འདི་རྣམས་ནི་རྙེད་པའི་ཡོན་སྐལ་ལས་མི་དབང་བ་ཡང་ཡོད། གང་ཐོབ་
གང་མི་ཐོབ་པ་ནི་འོག་ནས་འཆད། གནས་གཞན་དུ་འཕོས་པ་ལ་ཡང་ངོ་། །སངས་རྒྱས་ཀྱིས་གསུངས་པ་བར་དུ་གཅོད་དོ་ཞེས་ཟེར་བ་ལ་ཆད་པས་བཅད་པ་ལ་སོགས་པ་ཆད་པ་རྣམ་བདུན་གྱིས་བཅད་པ་དང་། སློབ་པ་བྱིན་པ་དང་དགེ་འདུན་གྱི་ལྷག་མ་བྱུང་སྟེ་ཆད་པ་ཡོད་པ་དང་
འདི་རྣམས་ནི་ཚུལ་དུ་ཞུགས་ཏེ་གདིང་བ་དྲུབས་ཀྱང་ཡོན་ཏན་བཅུ་མི་ཐོབ་པ་དང་ཡོན་ཏན་དེ་གང་མི་ཐོབ་པ་འོག་ནས་འཆད། དེ་ཐོབ་ནས་ནི་ལོག་གོ། །སྔ་ནས་ཆད་པས་བཅད་ཅིང་སྤངས་པ་ནི་མ་ཡིན་གྱི་གདིང་བ་དྲུབས་ཟིན་ནས་ཉེས་པ་མེད་ཅིང་ཆད་པ་རྣམ་བདུན་ལ་སོགས་

པས་བཅད་པ་ནི་དེ་ཉི་ཚེ་ནས་ཡོན་ཏན་བཅུ་མི་ཐོབ་སྟེ་མེད་པར་གྱུར་ཏོ། །ཐ་མ་མ་ཡིན་པ་དགེ་སྦྱོང་དང་གནས་གཞན་དུ་གནས་པས་ཀྱང་གནས་པའི་སྐལ་བ་འཐོབ་པོ། །མདོ་གཉིས་ཀྱི་ལྟག་ནས་ལོ་མ་ལོན་པ་དང་དབྱར་ཆད་པ་དང་དབྱར་ཕྱི་མ་དང་གནས་གཞན་
གནས་པ་བཞི་ལ། ཐ་མ་གནས་གཞན་དུ་གནས་པ་མ་གཏོགས་པར་གསུམ་གྱི་སྟེང་དུ་མདོ་འདི་གཅིག་གི་ལྟག་མའི་ནང་ནས་སློབ་པ་བྱིན་པ་དང་། དགེ་འདུན་གྱི་ལྷག་མ་འབྱུང་བའི་ཆད་པ་ཡོད་པ་དང་གསུམ་གྱིས་ཀྱང་བསྣན་ཏེ་དགེ་སྦྱོང་དང་འདི་རྣམས་ནི་ཚུལ་
གྱི་ཡོན་ཏན་ནི་མི་ཐོབ་ཀྱི་རྙེད་པའི་སྐལ་བ་ཐོབ་བོ། །གནས་གཞན་དུ་གནས་པ་མ་གཏོགས་ཞེས་བྱ་བ་ནི་ཚུལ་གྱི་ཡོན་ཏན་དང་རྙེད་པའི་ཡོན་སྐལ་གཉིས་ཀ་མི་འཐོབ་བོ། །སྤང་བ་མ་ཡིན་ནོ། །མདོ་གཉིས་ཀྱི་ལྟག་ནས་སློབ་པ་བྱིན་པ་དང་དགེ་འདུན་གྱི་ལྟག་མ་ཡོད་པ་གཉིས་ནི་
བཤད་ཟིན་ཏེ་མ་གཏོགས་ཀྱི་ཆད་པ་རྣམ་བདུན་གྱིས་བཅད་ཅིང་བསྐྲད་པ་ཞེས་འབྱུང་བ་ཡང་ཚུལ་གྱི་ཡོན་ཏན་དང་རྙེད་པའི་ཡོན་སྐལ་གཉིས་ཀ་མི་ཐོབ་བོ། །དེར་འགྱུར་བ་བཞིན་དུ་ཆོས་མ་ཡིན་པའི་ཕྱོགས་སུ་ལྟུང་ཞིང་བྱའོ། །དབྱར་ཚུལ་དུ་ཞུགས་པ་ལས་དགེ་སློང་ཁ་ཅིག་ཆོས་
ལོག་པ་ལ་བལྟས་ཤིང་མི་དགེ་བ་ལ་ཕྱོགས་ནི་ཚུལ་གྱི་ཡོན་ཏན་དང་རྙེད་པའི་ཡོན་སྐལ་གཉིས་ཀ་ལས་མི་དབང་ངོ་། །དེ་བཞིན་དུ་དགེ་སློང་འགའ་ཞིག་གིས་ཚུལ་གྱི་ཚེ་སེམས་ལོག་པ་ལ་ཕྱོགས་ཤིང་ཕྱི་རོལ་གྱི་ཚུལ་དགེ་སློང་ལྟར་བསྲུངས་ནས་ལོག་པར་ལྟ་བའི་གྲོགས་ཀྱི་གན་དུ་ཞག་ལོན་པ་
ཡང་ཚུལ་གྱི་ཡོན་ཏན་དང་རྙེད་པའི་ཡོན་སྐལ་གཉིས་ཀ་མི་དབང་ངོ་། །རྩ་བའི་དུས་དང་། ཚུལ་ཐོག་མར་དང་པོ་ཞུགས་ཚུན་ཆད་ནས། དབྱུང་བའི་མཐའ་དང་། ཚུལ་ནས་བྱུང་སྟེ་གདིང་བ་དྲུབས་པ་ཡན་ཆད་ཀྱི་བར་དུ། དབྱར་གྱི་ཕྱིར་བ་དང་། དབྱར་ཟླ་བ་གསུམ་གྱི་ཚེ་ཡོན་དང་
ཆོས་གོས་རྙེད་པ་ལས་གདིང་བའི་ཆོས་གོས་སུ་བྱས་ཀྱང་རུང་། གདིང་བའི་ཉིན་པར་གྱི་མཐར་གཏོགས་པ་གོས་ཀྱི་རྙེད་པར་གཏོགས་པའི་ཆོས་གོས་གསུམ་མོ། །གདིང་བ་འདྲུབ་པའི་ཉིན་པར་སུའང་རུང་སྟེ་ཡོན་བདག་གཅིག་གིས་གདིང་བའི་ཆོས་གོས་ཕུལ་ན་དེ་དེ་ལས་གདིང་བའི་

ཆོས་བྱས་ཀྱང་རུང་སྟེ་རྙེད་པ་འདི་རྣམས་གཉིས་ལས་གང་ཡང་རུང་སྟེ་ཆོས་གོས་ཆེ་ཆུང་གསུམ་སྦྱར་ལ་གདིང་བ་དྲུབ་པར་བྱའོ། །དགེ་འདུན་གྱིའོ། །གདིང་བའི་ཆོས་གོས་མདོ་ལྟག་མ་ལྟར་རྙེད་པ་མེད་ན་དགེ་འདུན་གྱི་སྤྱིའི་དཀོར་ལས་ཕྱུང་སྟེ་ཆོས་གོས་གསུམ་བྱའོ། །མ་བསུབས་པ་
དང་། ཆོས་གོས་སྤུ་ཅན་དང་བསྲུབས་ཤིང་ཕུར་པ་ལྟ་བུ་དང་། ཁམ་ཁུམ་མེད་པ་དང་། རས་སང་སེང་དུ་འདུག་ཅིང་ཐགས་བཟང་ངན་དུ་འདུག་པ་དང་། མ་མུག་པ་དང་། རུལ་ཅིང་མུག་པའི་རས་སྙི་བ་དང་། སྲབ་མོ་མ་ཡིན་པ་དང་། སེང་རས་སྲབ་མོ་དང་མིང་གིས་སྨོས་པ་
འདི་རྣམས་ལས་ཆོས་གོས་གསུམ་མི་བྱའོ། །ཁ་དོག་ཅན་མ་ཡིན་པ་མ་ཡིན་ནོ། །གདིང་བའི་ཆོས་གོས་ཁ་དོག་མ་བསྒྱུར་བ་དང་། ཚོན་མ་བརྟགས་པ་ལས་མི་བྱ། མ་སྤྱད་པ་སྲ་བ། རས་སྔོན་སྤྱོད་སྤྱོད་པ་རྙིང་པ་མ་ཡིན་པ་སྲ་བ་ལ་གདིང་བའི་ཆོས་སུ་བྱའོ། །གསར་ཡང་སྣོན་རྙིང་ཅན་
སྙི་བ་ལས་མི་བྱ། གོ་འདུན་དང་། རྒྱུ་སྤུན་རིགས་ཐ་དད་དེ་གོ་འདུན་དུ་བྱས་པ་དང་རས་མ་སྣ་ཚོགས་སུ་བསྡུས་ཏེ་བྱས་པ་དང་། ལྷན་པ་ཅན་དང་། མཚོན་གྱིས་ཁྲ་བོར་བཏགས་པ་ཕུར་མ་ཅན་དང་། ཤིང་ལོ་དང་སེམས་ཅན་གྱི་གཟུགས་སུ་བཏགས་པ་དང་། བསུལ་བ་དང་། རས་ཀྱི་སྤུན་
ཕྲ་སྦོམ་དུ་བྱས་ཏེ་བཏགས་པ་དང་། བསྐོར་བ་ལས་མ་ཡིན་ནོ། །རས་ཀྱི་མཐའ་མ་རིགས་གཞན་གྱིས་བྱས་ཏེ་བསྐོར་ཅིང་བཏགས་པ་དང་འདི་རྣམས་ལྟ་བུའི་རྒྱུ་ལས་གདིང་བའི་ཆོས་གོས་གསུམ་དུ་མི་བྱ། སྤང་བར་དང་། སྔོན་སྤང་བར་འགྱུར་བའི་ཆོས་གོས་དང་། མ་
བཏགས་པ་དང་། སྤང་བ་ལྟུང་བ་ཡོད་པའི་ཁྲིམས་ཀྱི་རྫས་ཕྱིས་འོངས་པའང་སྤང་དགོས་པར་འགྱུར་བའི་རིས་སོང་སྟེ་སླར་འོངས་པ་མ་ཡིན་པ་ལས་སོ། །སྔོན་རོ་ལ་བསྔོས་ཤིང་གཡོགས་པའི་རས་འདི་རྣམས་ལས་གདིང་བའི་ཆོས་གོས་སུ་མི་བྱ། དྲས་དྲུབས་པ་ལྟག་ཏུ་སྨོས་པ་ལྟ་བུ་ནི་མ་
ཡིན་གྱི་རས་བཟང་པོ་གཙང་མ་ཚུལ་བཞིན་དུ་དྲས་ཤིང་དྲུབས་པ་ལས་གདིང་བའི་ཆོས་གོས་བྱའོ། །ཟིན་པ། རས་བརྟགས་ཤིང་བཀྲུས་ལ་བཙོས་ཏེ་དྲས་ཤིང་དྲུབས་ཟིན་པ་ལ་བྱའོ། །ལྔ་པ། ཆུར་ཁྲུ་ལྔ་ཞེང་དུ་ཁྲུ་གསུམ་ཡོད་པ་ལས་བྱའོ། །ལྷག་མ་ཡང་ངོ་། །ཁྲུ་གསུམ་དང་ལྔ་ལས་

ལྷག་ཀྱང་གདིང་བའི་ཆོས་གོས་སུ་རུང་ངོ་། །སྔོན་མ་བཏིང་བ། སྔོན་དྲུབས་ཤིང་བཏིང་བའི་ཆོས་གོས་མ་ཡིན་པ་ལས་བྱ། བཏིང་སྟེའོ། །ཆོས་གོས་དྲུབས་པ་ནི་སློབ་མའི་ནང་དུ་བཏབ་སྟེ་བཏིང་ལ་གཞག་གོ། །དུ་མ་ཡང་ངོ་། །ཡོན་བདག་སོ་སོ་ནས་ཕྲུགས་མང་པོ་ཞིག་
ཕུལ་ན་དུ་ཕུལ་བ་བཞིན་དུ་བླངས་ཏེ་ཟད་པར་བླངས་ཏེ་གདིང་ངོ་། །དེ་ཅི་ཙམ་པར་གདིང་ངོ་། །ཆོས་གོས་སུམ་ཕྲུགས་མང་པོ་ཞིག་བཏིང་ན་ཕྲུགས་རེར་དགེ་སློང་རེ་རེ་སྲུང་མར་གཞག་གོ། །ཆོས་གོས་གཞན་བསྔོ་བའང་འདི་བཞིན་ཏེ་དེ་བས་ན་ཕྱུང་སྟེ་བསྔོ། གདིང་བ་དྲུབ་པའི་ཚེ་དགེ་སློང་སོ་སོའི་ཆོས་
གོས་རྙིང་པའི་སྔགས་ཕྱུང་ལ་གདིང་བ་དྲུབ་པའི་ཆོས་གོས་དྲུབས་ཏེ་དེ་ལ་སྔགས་གདབ་པ་ནི་མི་དགོས་སོ། །འདུས་པ་ལ་མ་གནས་པས་དད་པར་བྱ། གདིང་བ་དྲུབ་པའི་ཆོས་གོས་དགེ་སློང་གང་ཤོམ་ཤིང་ཞལ་ཏ་བྱེད་པ་དེས་རྙེད་ཅིང་ཟིན་མ་ཐག་ཏུ་བདག་གི་ལག་ན་ཞག་ལོན་པར་མི་
གཞག་གི་དགེ་འདུན་ལ་འདི་རུང་ངམ་མི་རུང་ཞེས་སྤྱད་བྲིམ་ཞིང་བསྟན་པར་བྱའོ། །མཚམས་ཀྱི་ནང་དུ་བསྐོ། །ཆོས་གོས་དྲུབ་པར་གདིང་བ་ནི་མཚམས་ཀྱི་ཕྱི་རོལ་དུ་མི་བྱའི། མཚམས་ཀྱི་ནང་དུ་གདིང་བའི་ལས་བྱ་ཞིང་དྲུབ་པོ། །གདིང་བ་ཡང་ངོ་། །ཆོས་གོས་དྲུབ་པར་གདིང་བའི་
དགེ་སློང་སྲུང་མ་གཅིག་སུ་དད་པ་ལས་གསོལ་བ་དང་ཞུ་བའི་ལས་ཀྱིས་བསྐོ། །གང་ལ་དེ་ལ་གསོལ་བས་དེ་ལྟར་སྦྱིན་གདིང་བ་དྲུབས་པའི་སྲུང་མའི་དགེ་སློང་བསྐོ་བ་ནི་གོས་ལྔ་དང་ལྡན་ཞིང་ཞེ་སྡང་དང་གཏི་མུག་དང་འཇིགས་པ་དང་ལྡན་པ་མ་ཡིན་པ་མཁས་ཤིང་ཚུལ་དང་ལྡན་ལ་ཚུལ་
དུ་ཡང་ཞུགས་ཤིང་སྲུང་མའི་ཡོན་ཏན་བཅུ་དང་རྙེད་པའི་སྐལ་བ་ཡང་ཐོབ་པ་ལས་བསྐོ། །གདིང་བ་མི་དྲུབ་པའི་སྔོན་ལོགས་ནས་བསྐོ། །བཀྲུ་བ་དང་དྲུབ་པ་དང་བཙོ་བ་དེས་སྔོན་དུ་བྱ། གདིང་བ་དྲུབ་པའི་སྲུང་མར་བསྐོས་པའི་དགེ་སློང་དེས་ལས་སུ་བྱ་བ་ནི་དྲུབ་པའི་ཆོས་གོས་རྒྱུ་ཞིག་ཡོད་
ན་དགེ་འདུན་བསྡུས་ལ་བཀྲུ་བཙོ་བཙེམ་པའི་ཞལ་ཏ་བྱ་སྟེ་གདིང་བ་འདྲུབ་པའི་ཚེ་ཟིན་པར་བྱ། གཉིས་སམ་གསུམ་དུ་ནན་ཏན་དུ་བྱ། གདིང་བ་དྲུབ་པའི་ཆོས་གོས་བཀྲུ་བ་དང་བཙོ་བ་དང་བཙེམ་པ་ལ་སོགས་པ་ལེ་ལོ་མི་བྱ་བར་ནན་ཏན་བྱ། ཟིན་པ་ཞིག་དྲུབ་ན་བདག་གིས་ཁབ་ཁམ་

གཉིས་གསུམ་དྲུབ། གདིང་བ་དྲུབ་པའི་ཆོས་གོས་བཙོས་ཤིང་དྲུབས་ཟིན་པ་ཞིག་ཉོས་ཀྱང་རུང་གཞན་གྱིས་ཡོན་དུ་ཕུལ་ཀྱང་རུང་སྟེ་རྙེད་ན་དྲུབས་པའི་སྲུང་མར་བསྐོས་པའི་དགེ་སློང་དེས་སྐུང་པ་ཁམ་གཉིས་སམ་གསུམ་དྲུབ་ཅིང་བཙེམ་དགོས་སོ། །བླངས་པ་དང་བདག་གིས་བྱས་
པ། གདིང་བའི་ཆོས་གོས་ཐོག་མ་རྙེད་དེ་ལེན་པའི་ཚེ་ན་སྲུང་བའི་དགེ་སློང་དུ་བསྐོས་པ་དེས་དགེ་འདུན་གྱི་དྲུབ་པར་བྱའོ་སྙམ་དུ་བསམས་ཏེ་བླང་། ཟིན་པ་དང་གདིང་བ་དང་། ཆོས་གོས་བཙོས་ཤིང་དྲུབས་ཟིན་ནས་གདིང་བའི་ཚེའང་དགེ་འདུན་གྱིར་བྱའོ་སྙམ་དུ་བསམས། གདིང་བ་དང་
བཏིང་བའི་རིམ་བཞིན་དུ་སེམས་བསྐྱེད། གདིང་བའི་ཆོས་གོས་བཏིང་ཟིན་ཀྱང་སྲུང་བའི་དགེ་སློང་གིས་དགེ་འདུན་གྱི་གདིང་བ་བཏིང་ཟིན་ཏོ་སྙམ་དུ་བསམ། ཐོག་མ་དྲི་བ་ཡང་མ་སྐྱེས་པ་མ་ཡིན་ནོ། །མདོ་ལྟག་མ་ལས་གདིང་བ་བྱ་བ་ལ་བསམ་པའི་རྒྱུད་གསུམ་ཡོད་པ་དང་པོ་གཉིས་
མ་བསམས་ན་གང་ཟག་དེ་ལ་ཉེས་བྱས་ཏེ་གདིང་བར་ནི་ཆུད་དོ། །ཐ་མ་དགེ་འདུན་གྱི་གདིང་བ་བཏིང་ཟིན་ཏོ་སྙམ་མ་བསམས་ན་གདིང་བ་དྲུབས་པར་མི་ཆུད་དོ། །ཚེ་དང་ལྡན་པ་སང་ཁོ་བོ་དྲུབས་པ་གདིང་གི་ཚེ་དང་ལྡན་པ་དག་བདག་བདག་གི་ཆོས་གོས་སྔགས་བྱུང་ཤིག་ཅེས་འདུས་
པ་ལ་ཞུ། གདིང་བ་དྲུབ་པའི་ཞག་གཅིག་གིས་སྔ་ལོགས་སུ་ཆོས་གོས་སྲུང་པའི་དགེ་སློང་དེས་དགེ་འདུན་ཐམས་ཅད་ལ་ངས་དྲུབས་པ་གདིང་གི་སོ་སོའི་ཆོས་གོས་སྔགས་ཕྱུང་ཤིག་ཅེས་བསྒོ། །འདུ་བར་ཆུད་ན་ནན་ཏན་བྱ། གདིང་བ་དྲུབ་པའི་ནང་པར་པོག་སྤོས་ལ་སོགས་པ་
མཆོད་པའི་ཡོ་བྱད་དང་གཙུག་ལག་ཁང་བརྒྱན་ཅིང་ཕྱི་བདར་བྱ། སྤོས་དང་མེ་ཏོག་གི་མཆོད་པ་དང་རབ་ཏུ་ཞིམ་པོའི་བདུག་པས་བདུགས་ཏེ་གཞོང་པ་ཞབས་ཅན་གྱི་སྟེང་དུ་བཞག་ལ་གཅིག་གི་སྟེང་དུ་དུ་མ་བླངས་ཏེ་བླ་མ་འགྲེངས་ལ་གདིང་བསྒྲུབ་པོ། །གདིང་བར་དྲུབ་པའི་ཆོས་གོས་ལ་
མེ་ཏོག་དང་པོག་སྤོས་ལ་སོགས་པ་དྲི་ཞིམ་པོས་བདུག་ཅིང་མཆོད་དེ་སློ་མའམ་གཞོང་པ་ཞབས་ཅན་གྱི་ནང་དུ་ཆོས་གོས་སུམ་ཕྲུགས་སུ་གདིང་བ་ཀུན་བཏིང་སྟེ་གཅིག་གི་ཐོག་ཏུ་གཅིག་བཞག་ལ་གདིང་བ་སྲུང་བའི་དགེ་སློང་གི་ལག་ཏུ་ཁྱེར་ཏེ་འགྲེངས་ལ་དགེ་འདུན་ཀུན་ལ་མཐར་གྱིས་བསྟན་

ཏེ་གདིང་བར་རུང་ངམ་མི་རུང་མཉེས་སམ་མ་མཉེས་ཞེས་བྱ། ཞག་གཅིག་ལའོ། །གདིང་བ་དྲུབ་པ་ནི་ཉིན་ཞག་གཅིག་ཚུན་ཆད་དུ་དྲུབ་པ་ལས་བྱའོ། །སྟོན་ཟླ་ཐ་ཆུངས་ཀྱིའོ། །ཉིན་ཞག་གཅིག་ཚུན་ཆད་གདིང་བ་སྟོན་ཟླ་ཐ་ཆུང་ཚེས་བཅུ་དྲུག་གི་ཉིན་ཞག་གཅིག་
ཚུན་ཆད་ལ་བྱ། ཚིག་གསུམ་མོ། །གདིང་བའི་སྔགས་བྱ་བ་ནི་ཚིག་ལན་གསུམ་དུ་བཟླས་སོ། །ཚིག་གསུམ་དུ་བཟླས་དགོས་པ་ནི་མདོ་འོག་མ་གཉིས་ཀའི་སྔགས་ལ་བྱ། གདིང་ངོ་ཞེས་སོ། །དགེ་འདུན་གྱི་སྤྱིར་ཆོས་གོས་སྲུང་པའི་དགེ་སློང་གིས་བཙོས་ཀྱི་ལག་ན་ཁྱེར་ཏེ་བདག་གིས་དགེ་
འདུན་གྱི་ཆོས་གོས་དྲུབ་པར་བགྱིའོ་ཞེས་ལན་གསུམ་བརྗོད་དོ། །དགེ་སློང་སོ་སོའི་མདུན་དུ་འདུག་སྟེ་གདིང་ངོ་ཞེས་བྱའོ། །དེ་ནས་དགེ་སློང་ཆོས་གོས་འདྲུབ་པའི་དགེ་སློང་གིས་ཆོས་གོས་ལག་ན་ཁྱེར་ཏེ་དགེ་སློང་སོ་སོའི་མདུན་དུ་འདུག་ལ་གསོལ་ཅིག །ཚེ་དང་ལྡན་པ་དག་གིས་
གདིང་བ་བྱའོ་ཞེས་པ་ལ་སོགས་པའི་སྔགས་ལན་གསུམ་དུ་བཟླས་ཏེ་བྱའོ། །དགེ་བར་བཏིང་ངོ་ཤིན་ཏུ་བཏིང་ངོ་། །སོ་སོའི་མདུན་དུ་སྔགས་བྱེད་པའི་ཚེ་རིམ་གྱིས་དགེ་སློང་གྲལ་ན་འདུག་པ་དེས་དགེ་བར་བཏིང་ངོ་ཤིན་ཏུ་བཏིང་ངོ་ཞེས་བྱ། གང་འདི་རྙེད་པའི་ཡོན་ཏན་དེ་དག་གིའོ་ཞེས་བྱའོ། །
མི་གཅིག་གིས་སྔགས་ཟིན་ཅིང་རྗེས་ལ་རྙེད་པའི་ཡོན་ཏན་བདག་ཅག་གིའོ་ཞེས་སྨྲ། ཡོན་ཏན་ནི་རྣམ་པ་བཅུ་ཐོབ་པ་ལ་བྱ། རྙེད་པ་ནི་གདིང་བ་དྲུབ་པའི་ཟླ་བ་ལྔའི་ཚེ་ཡོན་དུ་རྙེད་དོ་ཅོག་དགེ་འདུན་དེ་རྣམས་ཀྱི་སྤྱིར་བསྡུ་བ་ལ་བྱ། མྱོང་བ་བཞིན་དུ་དེའི་རྗེས་སུ་ཡི་རང་པའོ། །གདིང་བ་དྲུབ་པའི་ཚེ་དགེ་
སློང་ལ་ལ་ཞིག་གཉིད་ལོག་ནས་དགེ་འདུན་གྱིས་བསླངས་ཏེ་ཉལ་ཉལ་བ་དེས་རྗེས་སུ་ཡི་རང་ཞིང་དང་ངོ་ཞེས་སྨྲས་ན་དགེ་འདུན་གྱི་ལས་སུའང་རུང་བ་ཁོ་ཉིད་ཀྱི་སྐལ་བའི་སྔགས་ཀྱང་ལན་གསུམ་དུ་བྱའོ། །མངོན་པར་གྱུར་པས་སོ། །མདོ་ལྟག་མ་ལྟར་གཉིད་ལོག་པ་ཡང་དགེ་འདུན་གྱི་གྲལ་
ན་ལོག་པ་ལ་བྱའི་ལྐོག་ན་བདག་གི་ལྐོག་ན་གཉིད་ལོག་པ་མ་ཡིན་ནོ། །དུས་དུས་སུ་བསྐམ། དུ་བ་དང་རྡུལ་གྱི་ཁྱིམ་དུ་མི་གཞག །གདིང་བ་དྲུབས་ཟིན་ནས་སྲུང་བའི་མི་དེས་དུས་དུས་སུ་ཆོས་གོས་བླ་རེ་ཡོད་པའི་འོག་ཏུ་སེར་བུ་ལ་བར་བར་བསྐམ་བསྲད་ཉི་མས་མ་ཕོག་པར་ཆོས་གོས་

བཀྲམ་ལ་སེར་བུ་ལ་བརྐྱང་སྟེ་བསྐམ་པ་ལ་བྱ། སྤྲུག་གདིང་བའི་ཆོས་གོས་དེ་སྤྲུག་ཅིང་ཕྱི་བདར་བྱ། དུ་བ་དང་རྡུལ་ཅན་གྱི་ཁྱིམ་དུ་དྲུབས་པའི་ཆོས་གོས་མི་གཞག །རྒྱལ་པོ་ཡིར་མ་ཡིན། རྒྱལ་པོའི་ཁྱིམ་དུ་ཆོས་གོས་དྲུབས་པ་དེ་མི་གཞག་མི་བསྐུར་དེ་ལས་མི་འབྲལ། གོས་དྲུབས་
པ་མཚམས་ཀྱི་ནང་དུ་བཞག་ལ་སྲུང་བའི་དགེ་སློང་མཚམས་ཀྱི་ཕྱི་རོལ་དུ་ཞག་ཏུ་སོང་ལ་བྲལ་བར་མི་བྱ། བྱས་ན་ཉེས་བྱས། བླངས་ཏེ་གཞན་དུ་མི་འགྲོ། །གདིང་བ་དྲུབས་པའི་ཆོས་གོས་དེ་མཚམས་ཀྱི་ཕྱི་རོལ་དུ་ཁྱེར་ལ་མི་འགྲོ་སོང་སྟེ་མཚམས་འདས་ན་དྲུབས་པ་ཞིག་པར་འགྱུར་
རོ། །མི་གཙང་བའི་གནས་སུ་མི་འཇུག །གདིང་བ་དྲུབས་པའི་ཆོས་གོས་ཁྱེར་ཏེ་བཤང་ས་དང་མི་གཙང་བར་མི་བྱ། བླ་གབ་མེད་པར་མི་འཇུག །གདིང་བ་དྲུབས་པའི་ཆོས་གོས་ཁྱེར་ལ་བླ་གབ་མེད་པའི་སར་མི་འཇུག །དབྱུང་བ་རྣམ་གཉིས་ཏེ། གདིང་བ་དྲུབས་ནས་དབྱུང་
བ་རྣམ་གཉིས་ཏེ་བདག་གིས་ཕྱུང་བ་དང་གཞན་གྱིས་ཕྱུང་བའོ། །ཅི་ལྟ་བུ་ཡིན་པ་འོག་ནས་འཆད། བདག་དང་བཅོལ་བས་འཇུག་པའོ། །བདག་གིས་ཕྱུང་བ་ནི་གདིང་བ་དྲུབས་པ་ལས་གུད་དུ་སོང་སྟེ་ཕྱུང་བའོ། །གཞན་ལ་བཅོལ་ཏེ་ཕྱུང་བ་ནི་དགེ་འདུན་གྱིས་དྲུབས་པ་ཚུལ་
བཞིན་དུ་ཕྱུང་བ་སྟེ་འོག་ནས་འཆད། བདག་གིས་འཇུག་པ་ནི་དྲུབ་པ་དང་མཚམས་གཞན་དུ་ཕྱིན་ནའོ། །དྲུབས་པ་བདག་གིས་བྱུང་ཞེས་བྱ་བ་ནི་གདིང་བ་དྲུབས་ཏེ་གཞག་པའི་མཚམས་དེ་ལས་ཕྱི་རོལ་ཏུ་དྲུབས་པའི་ཆོས་གོས་དང་བཅས་ཏེ་ཕྱུང་ན་ཞག་མ་ལོན་ཀྱང་དྲུབས་པས་ཞིག་
གོ། །དྲུབས་པ་ཞིག་ཀྱང་འབྲལ་བའི་སྤང་བའི་ལྟུང་བར་ནི་མི་འགྱུར་གྱི་ཞག་བཅུ་འདས་ཏེ་སྔགས་ཀྱིས་མ་ཐེབས་ན་འཆད་པའི་སྤང་བའི་ལྟུང་བར་འགྱུར་རོ། །བསྔོས་པ་མེད་པའི་མཚམས་སུ་སྐྱ་རེངས་ཤར་ནའོ། །མཚམས་ཀྱི་ནང་ན་ཚུལ་དུ་ཞུགས་ཤིང་དྲུབས་པ་བཏིང་བའི་དགེ་སློང་
གཅིག་ཀྱང་མེད་པར་ཟད་པར་མཚམས་ཀྱི་ཕྱི་རོལ་དུ་བྱུང་ལ་ཆོས་གོས་ནང་དུ་ལུས་ན་དྲུབས་པ་བཏིང་པའི་དགེ་སློང་དུ་ཡོད་ཀྱང་དྲུབས་པ་ཞིག་པར་འགྱུར་རོ། །དྲུབས་པ་བཏིང་བའི་དགེ་སློང་ལས་གཅིག་ཡོད་ན་ནི་ཞིག་པར་མི་འགྱུར་རོ། །དེ་འགོར་གྱི་ནང་དུ་བཅད་ནའོ། །གདིང་བ་དྲུབས་པ་ལས་

གཞིག་ཏུ་འགྲོ་བར་བསམས་ཏེ་སོང་ན་གདིང་བ་དྲུབས་པ་ཞིག་པ་ཡིན་ཏེ་ཡོན་ཏན་རྣམ་པ་བཅུ་མི་དབང་ངོ་། །དེ་ལྟར་སོང་བ་དྲུབས་པ་འཇིག་པ་རྣམ་པ་དྲུག་ཡོད་དེ་འོག་ནས་འཆད་དོ། །དེ་ལ་འདིའོ། །མདོ་ལྟག་མ་ལྟར་སོང་བའི་དགེ་སློང་དེ་ཉིད་འཇིག་གི་དགེ་སློང་
གཞན་མི་འཇིག་གོ། །མཚམས་འདས་ནས་འདི་མི་འགྲུབ་བོ། །ཡོན་ཏན་ལྟ་ཞིག་མ་ཐོབ་ཀྱང་རུང་གི་དྲུབས་པ་ལ་འབྱིན་པའི་ཚེ་སླར་མི་འཁོར་ཏེ་ཐལ་བྱུང་འགྲོ་བར་བསམས་པ་ནི་སོང་སྟེ་གཙུག་ལག་ཁང་གི་མཚམས་འདས་ན་དྲུབས་པ་ཞིག་པར་གྱུར་ཏོ། །མི་ལྡོག་པའི་སེམས་ཀྱིས་
འགྲོ་བར་ནའོ། །མདོ་ལྟག་མ་ལྟར་སོང་སྟེ་དྲུབས་པ་འཇིག་པ་ཡང་སླར་མི་ལྡོག་པར་བསམས་ཏེ་སོང་ན་དྲུབས་པ་ཞིག་པར་གྱུར་ཏེ་དྲུག་ཡོད་པའི་གཅིག་འདི་ཡིན་ནོ། །འདི་ཕྱི་རོལ་དུ་མཚམས་སྐྱེས་ན་ཡང་ངོ་། །མཚམས་ཀྱི་ཕྱི་རོལ་ན་འདུག་འདུག་པ་ལས་འབྲལ་བ་ལ་ཐལ་བྱུང་འགྲོ་
བའི་སེམས་ཤིག་སྐྱེས་ཏེ་སོང་ན་ཞིག་པར་འགྱུར་རོ། །དྲུག་ཏུ་བརྩི་བ་ལ་གཉིས། གོས་བྱའོ་ཞེས་པའི་བསམ་པའི་རྒྱུད་ཀྱང་མེད་ན་དེ་བཞིན་ནོ། །མདོ་ལྟག་མ་གཉིས་ལྟར་སོང་བ་ཆོས་གོས་སམ་ཆོས་གོས་ཀྱི་རྒྱུ་ཞིག་བྱིན་ཀྱང་རུང་ཉོས་ཀྱང་རུང་སྟེ། ལེན་དུ་འགྲོ་བར་བསམས་
པ་ནི་དྲུབས་པ་བསྲུང་བར་བསམ་ཀྱང་རུང་དྲལ་བར་བསམས་ཀྱང་རུང་དྲུབས་པ་ཞིག་པར་མི་འགྱུར་རོ། །བྱ་བར་ཡོད་པར་ལས་ཆད་ན་ཡང་ངོ་། །མདོ་ལྟག་མ་ལྟར་ཆོས་གོས་ཀྱི་ཕྱིར་སོང་སོང་བ་ལས་མཚམས་ཀྱི་ཕྱི་རོལ་ནས་ཆོས་གོས་མི་དགོས་པར་བསམས་ཏེ་གཞན་གྱི་
ཕྱི་རོལ་སོང་བ་ནི་དེ་མ་ཐག་ཏུ་དྲུབས་པ་ཞིག་གོ། །སླར་ལྡོག་ཀྱང་ངོ་། །ཆོས་གོས་ཀྱི་ཕྱིར་སོང་སོང་སྟེ་དྲུབས་པ་དྲལ་བར་བསམས་པ་ལས་ལམ་ནས་སླར་ལོག་པ་ནི་སླར་མཚམས་སུ་ཕྱིན་ན་ཞིག །གསུམ་དུ་བྱེད་ནའང་གནས་འདི་བཞིན་བསམ་པ་ཆད་པ་བརྩམས་པ་སྟོང་ཟིན་ནའོ། །
དྲུབས་པ་བཏིང་བའི་ཚེ་ཆོས་གོས་ཀྱི་ཕྱིར་སོང་སོང་བ་ལས་ཆོས་གོས་མ་ཟིན་པར་རྒྱུར་ཐོབ་སྟེ་བདག་གི་ལག་ནས་སྟོར་ན་དྲུབས་པ་ཞིག་སྟེ་གཅིག །ཆོས་གོས་མ་བྱིན་ནམ་མེད་དེ་དོན་མ་གྲུབ་ནའང་ཞིག་སྟེ་རྣམ་པ་གཉིས། ཆོས་གོས་ཞིག་ཏུ་རྙེད་དེ་ཐོབ་ནས་ལུས་ལ་གྱོན་ནའང་དྲུབས་

པ་ཞིག་སྟེ་གསུམ། འདི་གསུམ་དེ་མ་ཐག་ཏུ་དྲུབས་པ་ཞིག་པར་འགྱུར་རོ། །དྲུག་ཏུ་བརྩི་བ་ལ་གོང་མ་གཉིས་ཀྱི་སྟེང་དུ་འདི་གསུམ་གྱིས་བསྣན་ཏེ་ལྔ། དབྱུང་བ་ལ་ཡིད་གཉིས་ཀྱང་བཅད་པ་བཞིན་ནོ། །དྲུབས་པ་བཏིང་བའི་ཚེ་གུད་དུ་སོང་སྟེ་དྲུབས་པ་དྲལ་ལམ་མི་དྲལ་བ་དང་ཆོས་
གོས་ཀྱི་ཕྱིར་འགྲོ་འམ་མི་འགྲོ་ཐེ་ཚོམ་ཟ་བཞིན་དུ་སོང་བ་ནི་མཚམས་འདས་མ་ཐག་ཏུ་དྲུབས་པ་ཞིག་པར་འགྱུར་རོ། །དྲུབས་པ་བདག་གིས་ཕྱུང་བ་ནི་འདི་དང་དྲུག །ལས་གཞན་གྱི་བྱ་བ་མི་བྱའོ། །དགེ་འདུན་དྲུབས་པ་འབྱིན་པ་ནི་དགེ་འདུན་དང་ཆོས་གོས་སུ་བཅས་པར་
མཚམས་ཀྱི་ཕྱི་རོལ་དུ་དོང་བ་དང་ཆོས་གོས་བཞག་སྟེ་དགེ་འདུན་ཟད་པར་མཚམས་ཀྱི་ཕྱི་རོལ་དུ་དོང་པ་དང་རྣམ་གཉིས་ནི་དྲུབས་པ་ཕྱུང་བར་ནི་འགྱུར་མོད་ཀྱི། དགེ་འདུན་ལ་ཉེས་བྱས་སུ་འགྱུར་བས་དེ་ལྟར་མི་བྱའི་མཚམས་ཀྱི་ནང་དུ་གསོལ་བ་དང་ཞུ་བས་དྲུབས་པར་དབྱུང་ངོ་། །
འདི་ནི་གཞན་ལ་བཅོལ་ཏེ་དྲུབས་པ་སྒྱུ་མ་ཕྱུང་བ་ཞེས་བྱའོ། །དཔྱིད་ཟླ་ར་བའི་དུས་ལའོ། །གདིང་བ་དྲུབས་པའི་དབྱུང་བ་ནི་དཔྱིད་ཟླ་ར་བའི་ཉ་ལ་བྱའོ། །མདོ་བཞིན་པའོ། །དཔྱིད་ཟླ་ར་བའི་ཉ་ནི་ལོ་སྔ་མ་འམ་ཕྱི་མ་ལ་མི་བྱའི་ཚུལ་ནས་བྱུང་བའི་དྲུབས་པ་ཟླ་བ་ལྔར་བསྲུངས་བའི་རྗེས་བཞིན་
པའི་དཔྱིད་ཟླ་ར་བའི་ཉ་ལ་བྱའོ། །བཅོམ་པའི་ཕྱིར་ན་ཚུན་ཆད་དུ་ཡང་ངོ་། །དྲུབས་པ་བཏིང་བའི་ཚེ་དགེ་སློང་ཁ་ཅིག་རྐུན་པོའམ་ཆོམ་པོ་ཕྱུང་སྟེ་གོས་མེད་པའི་རྐྱེན་བྱུང་སྟེ་དྲུབས་པ་དུས་ལས་སྔར་ཕྱུང་སྟེ་གོས་དགོས་པ་ན་ཉེས་མེད་དོ། །འདིར་མ་མྱོང་བ་ནི་ཐོས་ཀྱི་བར་དུ་ཡོན་
ཏན་རྗེས་སུ་འཇུག་གོ། །མདོ་ལྟག་མ་ལྟར་དགེ་སློང་ཁ་ཅིག་གིས་གདིང་བ་དྲུབས་པ་ཕྱུང་ལ་དགེ་སློང་གུད་དུ་དོང་བ་ཁ་ཅིག་གིས་དྲུབས་པ་ཕྱུང་བར་མ་ཚོར་ཞིང་མ་ཐོས་ན་གོས་སྔགས་ཀྱིས་མ་ཐེབས་པ་ལ་སོགས་པ་ཡོད་ན་ཡོན་ཏན་བཅུའི་ཉེས་པ་ཐོབ་ཀྱི་བར་དུ་མེད་དོ། །རྒྱུན་མེད་
ནའོ། །དྲུབས་པ་ཕྱུང་བར་ཐོས་ཀྱང་བདག་གི་ཆོས་གོས་མ་ཟིན་ཏེ་འཚེམ་པ་ལ་སོགས་པ་ལས་རྒྱུན་མ་ཆད་པར་བྱེད་པ་ནི་ཟིན་གྱི་བར་དུ་སྔགས་མ་ཐེབས་ཀྱང་ཉེས་མེད་དོ། །རྒྱུན་ཆད་ཀྱི་བར་དུ། དྲུབས་པ་ཕྱུང་བར་ཐོས་ནས་ཆོས་གོས་ཀྱི་རྒྱུ་ཞིག་ལག་ཏུ་ཐོབ་སྟེ་སྟོར་བ་རྙེད་དུ་རེ་བ་

ལས་བྱེ་བྲག་ཕྱེ་སྟེ་མ་རྙེད་པ་དང་ཆོས་གོས་རྙེད་ནས་སྔགས་ཀྱིས་མ་བཏབ་པ་ནི་ཉེས་བྱས་པར་འགྱུར་རོ། །མ་ཕྱུང་གི་བར་དུ་ཐམས་ཅད་ཀྱིས་དེའི་དུས་ཀྱི་བར་དུ་མི་བགོ། །ཚུམ་པོ་རྐུན་པོ་ལ་སོགས་པའི་རྐྱེན་བྱུང་སྟེ་གོས་མེད་པར་མ་གྱུར་གྱི་པར་དུ་གདིང་བ་
འབྱིན་པའི་དུས་ལས་སྔར་གདིང་བ་ཕྱུང་ཞིང་རྙེད་པའི་ཡོན་ལ་སོགས་པ་བགོ་བར་མི་བྱའོ། །དྲུབས་པའི་དངོས་པོའོ། །ཅི་ལྟར་བྱུང་ནས་གདིང་། དྲུབས་པ་གདིང་བའི་དུས་ནི་རྒྱལ་པོ་དང་སྐར་མཁན་གྱིས་ཤོལ་བོར་བྱས་ཀྱང་དེ་བརྩན་པར་མི་བྱའི་ཟླ་གྲངས་དང་ཞག་གྲངས་རིམ་བཞིན་དུ་
བརྩིས་ཏེ་དྲུབ་པོ། །ཚུལ་དུ་འཇུག་པ་ནི་སྐར་མཁན་གྱིས་ཤོལ་བོར་བ་བཞིན་དུ་བྱའོ། །གསོ་སྦྱོང་དང་མི་ཉེ་བ་མ་ཡིན། གདིང་བ་དྲུབས་པ་ནི་ཚུལ་ནས་བྱུང་བ་ཉིད་གསོ་སྦྱོང་བྱས་པ་ཡིན་པས་ཚུལ་ནས་བྱུང་ནས་ཞག་གཅིག་ལོན་ཏེ་གདིང་བ་དྲུབ་པོ། །དགེ་སློང་འཐབ་མོ་པ་འོང་
པར་ཐོས་ནས་ཞག་དུས་ལས་སྔར་ཚུལ་ནས་བྱུང་བ་ནི་གདིང་བ་དེའི་རྗེས་ལ་མི་དྲུབས་ཀྱི་དུས་བཞིན་དུ་སྟོན་ཟླ་འབྲིང་པོ་ཚེས་བཅོ་ལྔ་ལ་གསོ་སྦྱོང་ཡང་བྱས་ལ་བཅུ་དྲུག་ལ་གདིང་བ་དྲུབ་པར་བྱའོ། །དབྱུང་བ་ན་ཡང་ངོ་། །གདིང་བ་དབྱུང་བ་ཡང་གསོ་སྦྱོང་བྱས་པའི་འོག་ཏུ་གདིང་བ་
དབྱུང་ངོ་། །དེ་ཉིད་ཀྱི་ཉི་མ་ལའོ། །གསོ་སྦྱོང་བྱས་ནས་གདིང་བ་དབྱུང་བ་ནི་དཔྱིད་ཟླ་ར་བའི་ཚེས་བཅོ་ལྔ་ལ་སྔ་དྲོ་གསོ་སྦྱོང་བྱས་ལ་ཕྱི་དྲོ་གདིང་བ་དབྱུང་ངོ་། །ཡང་གསོ་སྦྱོང་བྱས་ན་ཕྱུང་བ་བཞིན། ཚུལ་ནས་འབྱུང་བའི་ཚེ་ན་གསོ་སྦྱོང་མི་དགོས་ཏེ་ཚུལ་ནས་བྱུང་བ་ཉིད་གསོ་སྦྱོང་བྱས་པ་
ཡིན་ནོ། །དེ་ལ་ཚུལ་ནས་བྱུང་བ་དང་དྲུབས་པ་གདིང་བའི་ལས་བྱས་ཟིན་པའི་འོག་ཏུ་གུད་ནས་དགེ་སློང་དག་གཅིག་འོངས་ཏེ་ཞག་གྲངས་འཁྲུལ་གྱི་གདོད་བྱ་དགོས་སོ་ཞེས་ཟེར་ན་དགེ་སློང་ཕྱིས་འོངས་པ་གྲངས་མང་ན་དེ་བརྩན་པར་བྱ་དགོས་ཏེ་ཚུལ་ནས་འབྱུང་བ་དང་དྲུབས་པ་གདིང་
བ་གདོད་བླས་ཏེ་བྱ་དགོས་སོ། །བཏིང་ནས་བྱེད་ན་དེ་ཐ་དད་དུ་གྲུབ་པོ། །བཏིང་བ་དྲུབས་ཟིན་པའི་འོག་ཏུ་དགེ་སློང་ཁ་ཅིག་ལོག་པ་ལ་བསྟས་ན་ཡོན་ཏན་བཅུ་དང་རྙེད་པའི་ཡོན་སྐལ་ནི་དབང་སྟེ་འོག་ནས་ཀྱང་འཆད། དྲུབས་པ་དབྱུང་བ་ནི་དགེ་བ་ལ་ཕྱོགས་པའི་དགེ་སློང་གོས་སྔར་

ཕྱུང་ལ་དེའི་འོག་ཏུ་མི་དགེ་བ་ལ་བལྟས་པ་དབྱུང་ངོ་། །གཅིག་གིས་ཕྱུང་གཅིག་གིས་མ་ཕྱུང་ན་ཕྱུང་བར་མི་ཆུད་དོ། །ཆོས་སུ་སྨྲ་བ་དེ་དག་གིས་གདིང་ངོ་། །གདིང་བ་མ་དྲུབས་པའི་མདུན་དུ་དགེ་སློང་ཁ་ཅིག་ལོག་པ་ལ་བལྟས་ནས་དགེ་བ་ལ་ཕྱོགས་པའི་དགེ་སློང་ཉི་ཚེས་གདིང་བ་དྲུབ་
པོ། ཡོན་ཏན་དང་རྙེད་པའི་ཡོན་སྐལ་མི་དགེ་བ་ལ་ཕྱོགས་པས་མི་ཐོབ་བོ། །དེ་བྱེད་ནའང་གནས་དེ་དག་གིས་རྙེད་པ་ནི་དེ་དག་གིས་རིམས་སོ། །མདོ་ལྟག་མའི་ལྟག་མ་ལ་འཆད་དོ། །དགེ་བར་ལྟ་བ་མཐུན་ཞིང་གདིང་བ་དྲུབ་པ་ལས་དེའི་འོག་ཏུ་ཁ་ཅིག་མི་དགེ་བ་ལ་ཕྱོགས་པ་
ཞིག་ཡོད་ན་གདིང་བ་གཅིག་ཏུ་དྲུབས་པའི་ཕྱིར་ཡོན་ཏན་བཅུ་དང་རྙེད་པའི་ཡོན་སྐལ་མི་དགེ་བ་ལ་ཕྱོགས་པའང་དབང་ངོ་། །གཙུག་ལག་ཁང་དང་དགེ་འདུན་གྱི་རྐྱེན་གཏན་དུ་ཕུལ་ཞིང་རྒྱུན་དུ་སྦྱོང་བ་ལས་མི་དབང་ངོ་། །སྤངས་པ་རང་བཞིན་པའི་གནས་སུ་སྐྱེ་བ་མ་ཡིན་ནོ། །དགེ་
སློང་མའི་གནས་སུ་ཐོན་ཏེ་ཆད་པས་བཅད་པ་དང་སངས་རྒྱས་ཀྱིས་གསུངས་པ་ལ་བར་དུ་གཅོད་པར་མི་འགྱུར་རོ་ཞེས་ཟེར་བ་ལ་སོགས་པ་ནི་ཐལ་བྱུང་བསྐྲད་པ་ནི་མ་ཡིན་གྱི་མཚམས་ཀྱི་ནང་མཐའ་འཁོབ་གཅིག་ཏུ་འཁོད་པ་ལས་ཆད་པ་མེད་པ་དང་ཆད་པས་བཅད་པ་དེ་གཉིས་ཀ་དགེ་འདུན་
དུ་ལོངས་པ་ཞིག་སྟེ་གདིང་བ་སོ་སོ་དྲུབས་པའང་ཆད་པ་ཡོད་པ་རྣམས་ཀྱིས་ཡོན་ཏན་བཅུ་དང་རྙེད་པ་མི་འཐོབ་བོ། །བསམ་པ་བཞག་ནས་གདིང་བའོ། །གདིང་བ་དྲུབ་པའི་ཚེ་གདིང་བ་དྲུབ་པར་ཡང་འདོད་ལ་ཡོན་ཏན་བཅུའང་འདོད་དེ་དད་པར་བྱས་ནས་གདིང་བ་དྲུབས་པ་ནི་གདིང་བ་དྲུབས་
པ་ཐོབ་པར་འགྱུར་རོ། །དད་པ་བྱིན་པའི་དབང་གིས་ལྷན་ཅིག་བྱ་བ་ལྟག་མ་ནས་བྱས་པར་འགྱུར་རོ། །གདིང་བ་འདྲུབ་པའི་ཚེ་དད་པ་ཕུལ་ན་འདུས་པ་དང་འདྲ་སྟེ་ལས་སུ་ཡང་རུང་ཡོན་ཏན་བཅུ་དང་རྙེད་པའི་སྐལ་བའང་དབང་ངོ་། །དེ་ལས་འཕྲལ་ན་ཕྱུང་བའོ། །གདིང་བ་དྲུབ་པའི་ཚེ་
ན་ཡོན་ཏན་བཅུའང་ཅི་རུང་གིས་མི་དགོས། །གདིང་བ་དྲུབ་པའང་མི་དགོས་སྙམ་དུ་སེམས་ཤིང་གདོད་དྲུབ་པ་ནི་གང་ཟག་དེ་ཉིད་དྲུབས་པར་མི་ཆུད་དེ་དྲུབས་པ་ཕྱུང་བར་འགྱུར་རོ། །དེ་བས་ན་དད་པ་མ་བྱིན་པ་ཉལ་ལམ་བསམ་གཏན་དུ་ཞུགས་ཤིང་འདུག་ན་གདིང་བའམ་དབྱུང་བ་

མི་སྐྱེ་སྟེ་བརྙན་ཚུན་ཆད་དུའོ། །གདིང་བ་འདྲུབ་པ་ལ་དད་པ་མ་བྱིན་པར་བསམ་གཏན་དུ་ཞུགས་སམ་གཉིད་ལོག་པ་ལས་སྔགས་བྱེད་པའི་གོ་རིམས་སུ་བབས་ཏེ་བསླང་བ་དང་གདིང་བ་དྲུབ་པ་ལ་དད་པ་ནི་གདིང་བ་དྲུབས་པ་ཐོབ་བོ། །གདིང་བ་དྲུབ་པ་དང་ཡོན་
ཏན་ཅི་དགོས་ཞེས་མ་དད་པའི་སེམས་སྐྱེས་ནས་དྲུབས་པ་བདག་གིས་བྱུང་བ་ཞེས་བྱ་སྟེ། དྲུབས་པར་མི་ཆུད་དོ། །གནས་པ་བཞིན་དུ་མཚམས་གཅིག་ཏུ་གདིང་སྟེ་གནས་གཞན་དུ་གནས་ནའོ། །མཚམས་ཆེན་པོ་དཔག་ཚད་ཕྱེད་དང་གསུམ་ཚུན་ཆད་ཀྱིས་བསྐོར་བའི་ནང་གཙུག་
ལག་ཁང་སོ་སོར་འདུག་པ་མང་མོ་ཞིག་ཡོད་དེ་གདིང་བ་འདྲུབ་པའི་ཚེ་གཙུག་ལག་ཁང་དེ་ཀུན་གྱི་གདིང་བ་གཙུག་ལག་ཁང་གཅིག་ཏུ་དྲུབས་ན་དྲུབས་པར་ཆུད་དེ་ཉེས་མེད་དོ། །གདིང་བའི་ཚེ་གནས་དེ་བཞིན་ནོ། །གཙུག་ལག་ཁང་མང་མོ་ཞིག་སོ་སོ་ན་འདུག་ལ་སོ་སོའི་མཚམས་
བཅད་པ་མེད་ཀྱང་རུང་ཡོད་ཀྱང་རུང་གདིང་བ་འདྲུབ་པའི་ཚེ་མཚམས་བཀྲོལ་ཏེ་སྤྱིའི་མཚམས་གཅིག་ཏུ་བཅད་ལ་དྲུབས་པའང་ཉེས་མེད་དོ། །གང་དུ་བཏིང་ནས་མཚམས་བྱས་ཀྱང་གནས་སོ། །མཚམས་གཅིག་གི་ནང་ནས་གཙུག་ལག་ཁང་སོ་སོར་འདུག་པ་ཞིག་གདིང་བ་
གཅིག་ཏུ་དྲུབས་པའི་འོག་ཏུ་སྤྱིའི་མཚམས་ཆེན་པོ་བཀྲོལ་ཏེ་མཚམས་བུ་ཆུང་སོ་སོར་བཅད་ནའང་ཡོན་ཏན་བཅུ་དང་རྙེད་པའི་ཡོན་སྐལ་མེད་པར་མ་གྱུར་ཏེ་ཀུན་གྱིས་ཐོབ་བོ། །མཚམས་སོ་སོར་དེ་བཞིན་དུ་དབྱུང་བ་ནི་སོས་སོ། །མདོ་ལྟག་མ་ལྟར་གདིང་བ་སོ་སོར་དྲུབས་པའི་འོག་
ཏུ་མཚམས་བུ་ཆུང་སོ་སོར་བཅད་པ་དྲུབས་འབྱིན་པ་ནི་འདུལ་བ་འཛིན་པ་ཁ་ཅིག་ན་རེ་དྲུབས་པའི་ཆོས་གོས་དེ་མཚམས་བུ་ཆུང་སོ་སོའི་སྟེང་དུ་ཁྱེར་ལ་དྲུབས་དབྱུང་ངོ་ཞེས་ཟེར་བ་ཁ་ཅིག་ནི་ཀུན་འདུས་ཏེ་གང་དུ་དྲུབས་པའི་གནས་དེར་གདིང་ངོ་ཞེས་ཟེར་རོ། །བྱེད་ན་ཕྱོགས་སོ་
སོར་རོ། །ཚུལ་ཡང་གཅིག་ཏུ་ཞུགས་དྲུབས་པ་ཡང་གཅིག་ཏུ་བཏིང་བ་ལས་གཅིག་ལོག་པར་བལྟས་ཏེ་དགེ་བ་ལ་ཕྱོགས་པ་དང་སོ་སོར་གྱུར་ནའང་ཡོན་ཏན་བཅུ་དང་རྙེད་པའི་ཡོན་སྐལ་ཡོད་དོ། །མ་བཏིང་བས་བཏིང་བ་ཕྱུང་ན་ཡང་མ་ཕྱུང་བ་མ་ཡིན་ནོ། །དྲུབས་པ་བྱིན་པའི་ཁར་དགེ་

སློང་གཞི་ལ་འཁོད་པ་གུད་དུ་དོང་བའི་འོག་ཏུ་དྲུག་པ་བཏིང་བའི་དགེ་སློང་ལ་མ་གཏོགས་པའི་དགེ་སློང་དག་ཅིག་གུད་ནས་འོངས་ཏེ་དྲུབས་པ་ཕྱུང་ནའང་ལས་སུ་རུང་སྟེ་དགེ་སློང་བཞི་པ་ཀུན་ཀྱང་དྲུབས་པ་བྱུང་བར་འགྱུར་རོ། །མི་སྐྱེ་བ་དག་གིས་ནི་ཁམས་བསྐང་བ་མ་ཡིན་ནོ། །མ་
བཏིང་བས་ཕྱུང་ནའང་མ་ཡིན་ནོ། །དྲུབ་པ་གདིང་བའི་ཚེ་ན་དགེ་འདུན་དུ་ལོངས་པས་འདྲུབ་ལ་དྲུབས་པ་འབྱིན་པའི་ཚེ་ན་དགེ་སློང་ཁ་ཅིག་ཤིའམ་ཁྲིམས་ཕུལ་ལམ་གུད་དུ་དོང་སྟེ་དགེ་འདུན་དུ་མ་ལོངས་ན་དགེ་སློང་གུད་ནས་བཀུག་ལ་དགེ་འདུན་དུ་ལོངས་པར་བྱས་ལ་དྲུབ་པར་དབྱུང་
ངོ་། །ཉེས་མེད་པ་ནི་བཏིང་བ་དྲུབས་ནས་སྦྱར་མ་མེད་པར་གྲོང་དུ་འཇུག་པ་ལ་སོགས་ཏེ་མངོན་སུམ་དུ་འདུག་པས་ཡང་ངོ་། །དྲུབས་པ་བཏིང་བའི་ཚེ་ཡོན་ཏན་བཅུ་ཐོབ་པ་ལ་ལྟག་ཡ་གིར་བརྒྱད་སྨོས་ཟིན་ཏེ། གྲོང་དུ་ཆོས་གོས་ཆེན་པོ་མེད་པར་འགྲོ་བ་དང་། ཁྱིམ་པའི་དྲུང་དུ་ཆོས་གོས་
ཆེན་པོ་མེད་པར་འགྲོ་བ་དང་འདི་གཉིས་ཀྱིས་བསྣན་ཏེ་བཅུར་བརྩིའོ། །དྲུབས་པའི་དངོས་པོ་སྟེ་དྲིས་པར་ཆུད་པའོ། །དྲུབས་པའི་དངོས་པོ་རྫོགས་སོ།། །།མཚོན་གྱིས་མ་བཏབ་པར་གོས་མི་སྤྱད་ཆོས་གོས་གསུམ་དང་ཡོ་བྱད་བཅུ་གསུམ་དང་གོས་ལྷག་མ་ལ་སོགས་པ་ནི་
གོས་ཞེས་བྱ་སྟེ་ཁབ་དང་གྲི་ལ་སོགས་པའི་མཚོན་གྱིས་མ་བཅད་ཅིང་མ་དྲས་པར་མི་བགོ་མི་སྤྱད་དོ། །དྲས་ཤིང་བཙེམས་པའི་ཆོས་གོས་བསྔོ། ཆོས་གོས་ཆེན་པོ་དང་གདིང་བ་ནི་མཚོན་གྱིས་མ་བཅད་ན་བསྔོ་བ་མི་འཆགས་ཏེ་ཇི་ལྟར་དྲ་ཞིང་བཙེམ་པ་འོག་ནས་འཆད་དོ། །དུམ་བུར་
དྲས་པ་ལྷག་མ་དང་མཉམ་པར་སྟེ་དབུ་མ་ལས་གཞན་པ་དེ་དང་དེར་གཏགས་པའི་འདབ་མའི་ངོས་དང་མཐའ་སྐོར་ཡང་ངོ་། །ཆོས་གོས་དྲས་ཤིང་བཙེམ་པའི་ཐབས་ནི་འདི་ལྟར་བྱ་སྟེ། མདོར་ན་ཆོས་གོས་ཉིད་ལ་བལྟས་ན་བརྡ་ཕྲད་པར་འགྱུར་རོ། །ནང་དུ་གནས་པ་དང་བླ་གབ་དང་
སྦྱར་མ་ཡང་ངོ་། །ཆོས་གོས་སྣམ་བུ་ལྔ་པ་དང་བདུན་པ་གཉིས་ནི་མཚོན་གྱིས་མ་བཅད་ཀྱང་རུང་ཆོས་གོས་ཆེན་པོ་ནི་མ་བཅད་ན་མི་རུང་སྟེ་སྔགས་མི་འཆགས་སོ། །གཉིས་ནི་སྔགས་ནི་འཆགས་ཏེ་ཉེས་བྱས་སོ། །བར་ཚངས་ཅན་དང་རྔུལ་གཟན་ཡང་ངོ་། །མདོ་ལྟག་མའི་ནང་

ནས་ཆོས་གོས་གསུམ་བཤད་པ་ནི་དགེ་སློང་དབང་བ་ཡིན་དེའི་སྟེང་དུ་རྔུལ་གཟན་དང་བར་ཚངས་ཅན་གཉིས་ཀྱིས་བསྣན་ཏེ་ལྔ་ནི་དགེ་སློང་མའི་ཆོས་གོས་སུ་དབང་ངོ་། །གང་དེའི་རྣམ་པས་དགེ་སློང་མའིའོ། །དགེ་སློང་ཕའི་ཆོས་གོས་གསུམ་བཤད་པ་བཞིན་
དུ་དགེ་སློང་མས་ཀྱང་དྲ་ཞིང་བཙེམ་མོ། །བར་ཚངས་ཅན་དང་རྡུལ་གཟན་ནི་མ་དྲས་ཀྱང་རུང་། བརྙས་པ་བྱུང་བ་ཡོད་ན་ཡང་ངོ་། །ཆོས་གོས་མེད་དམ་རྐུན་པོས་ཁྱེར་བར་གྱུར་ན་གཞན་ལས་བརྙས་ཏེ་བདག་གིས་སྔགས་ཀྱིས་བཏབ་ནའང་རུང་ངོ་། །སྐྱ་རེངས་འབྱུང་བར་འདི་དག་
དང་བྲལ་བར་མི་བྱའོ། །ཆོས་གོས་རྐུན་པོས་ཁྱེར་རམ་མེས་ཚིག་ན་སྐྱ་རེངས་མ་བྱུང་ཚུན་ཆད་དུ་གཞན་ལ་བརྙས་ཏེ་སྔགས་ཀྱིས་ཐོབས་ཤིག །སྔགས་ཀྱང་མ་ཐེབས་ཏེ་སྐྱ་རེངས་བྱུང་ན་ཉེས་བྱས་རེ་རེར་འགྱུར་རོ། །གཞན་མ་འབྱོར་ན་མ་བཅོས་པ་ལ་བསྔོས་ཀྱང་སྐྱེའོ། །ཆོས་གོས་རྐུན་
པོས་ཁྱེར་རམ་མེས་ཚིག་པའི་རྐྱེན་བྱུང་སྟེ་ཆོས་གོས་མེད་ཅིང་མ་རྙེད་ན་མ་དྲས་ཤིང་མ་དྲུབས་པ་ལ་སྔགས་བཏབ་ཀྱང་འཆགས་སོ། །མ་དྲས་ཀྱང་ངོ་། །རྐྱེན་བྱུང་སྟེ་ཆོས་གོས་མ་རྙེད་ན་གསུམ་ཆར་སྣམ་བུར་བྱས་ཤིང་མ་དྲས་པ་ལ་སྔགས་བཏབ་ཀྱང་འཆགས་སོ། །འོན་ཏེ་འགྲུབ་ན་
བྲེས་པ་འདི་སྦྱིན། ཆོས་གོས་རྐྱེན་བྱུང་སྟེ་མ་རྙེད་ན་ཚལ་བུ་གུད་ནས་སྟེང་དུ་གླན་པའང་སྔགས་འཆགས་སོ། །ཁྱིམ་པའི་རྣམ་པ་ཡང་ངོ་། །ཆོས་གོས་རྐྱེན་བྱུང་ནས་མི་རྙེད་པར་གྱུར་ཏེ་མི་རྙེད་ན་ཁྱིམ་པའི་གོས་ཤིག་ལ་སྔགས་བཏབ་ན་འཆགས་སོ། །ཕྱིང་པ་དང་ལ་བ་དང་བེའུ་རས་དང་
སྣམ་བུ་སྦོམ་པོ་དང་སྲབ་མོ་མ་དྲས་པར་བྲེ་བ་བྱིན་ཏེ་བཙེམས་ན་ཡང་ངོ་། །ཆོས་གོས་རྐུན་པོས་ཁྱེར་རམ་མེས་ཚིག་པའི་རྐྱེན་ཅིག་བྱུང་སྟེ་མ་རྙེད་ན་མིང་གིས་སྨོས་པ་འདི་རྣམས་ལ་སྣམ་བུ་གུད་ནས་བྱོས་ཏེ་བཙེམས་ཏེ་སྔགས་བཏབ་ནའང་འཆགས་སོ། །མལ་སྟན་མི་གཙང་པས་རེག་
པར་གྱུར་ན་དེ་མ་ཐག་ཏུ་བཀྲུའོ། །མལ་སྟན་དགེ་འདུན་གྱིའམ་རུང་གང་ཟག་གི་ཡང་རུང་བཤང་གཅི་ལ་སོགས་པ་མི་གཙང་བས་རེག་ན་མོད་ལ་བཀྲུ་མ་བཀྲུས་ན་ཉེས་བྱས། གཡོགས་མའི་ཡིན་པའི་ཁྲི་དང་ཁྲིའུ་ལ་དེའི་མ་ཡིན་པའི་གདིང་བ་དང་འདུག་པའི་བར་དུ་བགོ་བའི་ནང་དུ་མ་

ཡིན་པར་དགེ་འདུན་གྱི་དེ་དག་མི་སྤྱད། དགེ་འདུན་གྱི་ཁྲི་དང་ཁྲིའུ་ཤལ་རྩུབ་པ་རྩུབ་ཅིང་ཚ་བའི་ཕྱིར་མ་སྨོས་ཀྱང་གདིང་བ་བྱེད་པར་འགྱུར་བས་དེ་ནི་མ་གཏེགས་ཀྱི་དགེ་འདུན་གྱི་མལ་སྟན་ལ་གདིང་བའམ་འདབ་མས་མ་གཡོགས་པར་མཐང་གིས་རེག་པ་བཏིང་ཞིང་སྤྱད་ན་ཉེས་བྱས།
བྲིས་པ་རབ་ཏུ་མ་ཞིག་པ་ཐམས་ཅད་ལ་ཡང་ངོ་། །སྟན་དང་གོས་རི་མོ་ཅན་ཁྲ་བོར་འདུག་པ་ལ་རི་མོ་མེད་པར་མ་གྱུར་ཏམ་གཞན་གྱིས་མ་གཡོགས་པར་སྤྱད་ན་ཉེས་བྱས། བརྟགས་པར་གྱུར་པའམ་དྲི་མ་ཅན་གྱིས་མ་ཡིན། གདིང་བ་མཚན་མ་ཙམ་དུ་ཆུང་ངུས་བྱས་པ་དང་དྲི་མ་དང་
སྣུམ་ཅན་ལ་སོགས་པས་གདིང་བ་བྱས་ན་ཉེས་བྱས། གདིང་བ་བཅང་། གདིང་བ་བཅང་ཀྱང་ཉེས་མེད། སྟུག་ན་རིམ་གཅིག་ཀྱང་རིགས་སོ། །གདིང་བ་སྟུག་པོ་ལ་བྱས་ན་གཅིག་རིམ་དུ་བྱས་ཀྱང་རུང་ངོ་། །སྲབ་ན་ཉིས་རིམ་དུ་བྱའོ། །གདིང་བ་སྲབ་མོ་ཞིག་ན་ཉིས་རིམ་དུ་བྱོས་
ཤིག་རི་མོ་དང་ཉེ་བའི་རི་མོ་མ་བརྟགས་པའོ། །ཟ་བུ་དང་ཕྲུག་སྟན་དང་རི་མོ་ཅན་ལ་གདིང་བ་བྱས་ན་ཉེས་བྱས། གདིང་བ་ལ་འདབ་མའི་ངོས་བྱ། གདིང་བ་ལ་ཚལ་བུ་བྱས་ན་གདིང་བར་མི་ཆུད་དེ་ཉེས་བྱས། འོག་ཏུ་སུམ་ཆའི་སྟེང་དུའོ། །ཚལ་བུ་བྱ་བ་ནི་ཆུར་གསུམ་ཆ་སུམ་གཉིས་
སུ་བཅད་དེ་སྲུབས་གདོད། དུམ་བུ་གཅིག་པ་ལ་མི་བསྔོ། གདིང་བ་སྲུབས་མ་བཏོད་པར་ཐང་པ་ལ་བྱས་ན་སྔགས་མི་འཆགས། གཡན་པ་དགབ་དེ་ཡོད་པས་བཅངས། གཡན་པ་ཡོད་པས་གཡན་པ་དགབ་པ་བཅངས་ཀྱང་ཉེས་མེད། ཉི་མ་ལྔ་དྲུག་ཅིང་འདི་བཀྲུའོ། །
གཡན་པ་དགབ་པའི་རས་ཉི་མ་ལྔ་དྲུག་ཅིང་བཀྲུའོ། །བརྟགས་པ་ནི་སྲིན་བལ་གྱི་དང་ཤ་ན་ཀ་དང་གཤོ་མ་ཀའི་ཡང་ངོ་། །མིང་གིས་སྨོས་པ་འདི་རྣམས་ནི་དགེ་སློང་གིས་གོས་སུ་བརྟགས་ཀྱང་ཉེས་མེད། རྒྱུ་སྤུན་མེད་པ་དང་གསོ་མའི་མ་ཡིན། གསོ་མའི་རས་དང་མཐོ་རིས་ཀྱི་གོས་ནི་
མ་བརྟགས་པ་སྟེ་མི་སྤྱད་དོ། །སྐྲའི་དང་སྒྲེན་མོའམ་འུག་པའི་སྒྲོ་ཞེས་ཡི་དམ་བཅས་པ་ཡང་ངོ་། །སྐྲའི་གོས་གྱོན་པ་དང་སྒྲེན་མོར་འདུག་པ་དང་སྒྲོ་ལས་གོས་བྱས་པ་དང་འདི་རྣམས་གྱོན་ཅིང་བྱེད་ན་ཉེས་བྱས་སོ། །འདི་སྦོམ་པའོ། །ལྷག་མ་གསུམ་ལྟར་བྱེད་ཅིང་མུར་འདུག་གི་དཀའ་

ཐུབ་སྤྱོད་ན་སྦོམ། འདི་ལས་གཞན་སྤྱོད་པ་ཡང་ངོ་། །སྐྲའི་གོས་གྱོན་པ་དང་གཅེར་བུར་འདུག་པ་དང་བྱ་སྒྲོའི་གོས་བྱས་པ་ལ་མུར་འདུག་གི་དཀའ་ཐུབ་སྤྱོད་པ་ལ་ནི་མི་སེམས་ཀྱི་འདའ་སྐད་ཅིག་ཙམ་བྱས་པ་ནི་ཉེས་བྱས། སྐྲ་བཏོག་པ་དང་། བདག་གི་སྐྲ་
ལག་གིས་འབལ་བ་དང་། འདབ་མའི་སྣམ་བུ་དང་། ཤིང་ལོའི་འདབ་མ་ལས་གོས་བྱས་པ་དང་། རི་དྭགས་ཀྱི་པགས་པ་དང་། པགས་པའོ་ཅོག་ལས་གོས་བྱས་ཏེ་གྱོན་པ་དང་། བླ་དང་འོག་ཏུ་བཅས་པ། གོས་འོག་ཏུ་གཅིག་གྱོན་སྟེང་དུ་གཅིག་གྱོན་པ་ཆོག་པར་སེམས་པ་དང་། དི་རི་ཏ་དང་།
ཐོད་ཀར་དང་འགྲོ་བའི་གོས་གྱོན་པ་དང་། ཡན་ལག་སྤུ་ཅན་དང་། ལག་འབྲག་དང་ཞུ་ལྦུག་གེ་ལྟ་བུ་སྦུའུ་ཅན་དང་། ཐམས་ཅད་སྔོན་པོས་བགོ་བ་དང་། གོས་ཐམས་ཅད་སྔོན་པོར་གྱོན་པ་དང་དེ་བཞིན་སེར་པོའམ་དམར་པོ་འབའ་ཞིག་ལ་བྱས་ན་ཉེས་བྱས་སོ། །ཁ་ཚར་རིང་པོ་དང་ཁ་ཚར་
བླས་པ་དང་རལ་ག་དང་གཙུག་ཏོར་དང་མགོ་དཀྲིས་པ་དང་རྔ་མོའི་གོས་དང་ཕྱར་བ་དང་མུར་འདུག་གི་རྒྱལ་མཚན་དང་ཡང་ངོ་། །མིང་གིས་སྨོས་པ་འདི་རྣམས་མུར་འདུག་དཀའ་ཐུབ་བྱ་བའི་སེམས་ཡོད་ནའང་སྦོམ་པོའོ། །དཀའ་ཐུབ་བྱ་བའི་སེམས་མེད་པར་བགོས་ན་ཉེས་བྱས། སུ་ལ་
སའི་འདབ་མར་ཅོག་པ་དང་མེ་མར་གྱི་རས་ཙམ་ཡང་མཉམ་པར་བགོའོ། །ཡོན་བདག་གིས་ཡོན་ཕུལ་ན་ཟར་མའི་འདབ་མ་ཙམ་མམ་མེ་མར་གྱི་རས་ཙམ་ཡིན་ན་དེ་མཉམ་པར་བགོ །ལ་བ་དང་དེ་ལྟ་ན་ནི་བཙོངས་ཏེའོ། །ལ་བ་ལ་སོགས་པ་ཞིག་ཕུལ་བ་ནི་བཙོངས་ཏེ་རིན་བགོའོ། །
དྲས་ཏེ་མ་ཡིན་ནོ། །ལ་བ་དྲས་ན་རྫས་སུ་མི་རུང་བའི་ཕྱིར་བཙོངས་ཏེ་བགོ །རྙེད་པ་བགོ་བར་བྱ་བ་རྣམ་ལྔ་སྟེ། ཡོན་ཞིག་རྙེད་ན་བགོ་བ་ལ་ཐབས་རྣམ་ལྔ་ཡོད་དེ་འོག་ནས་འཆད། དེ་རིང་རྙེད་པ་བགོས་དེ་ལ་ཁྱེད་འདུ་བར་གྱིས་ཤིག་ཅེས་དགེ་འདུན་ལ་བརྗོད། གཙུག་ལག་ཁང་
སྦྱོང་གིས་དེ་རིང་སྤྱིའི་ཡོན་བགོས་གཤེགས་ཤིག་ཅེས་བགོས། རྣམ་པ་གཅིག་གཎྜཱི་བརྡུངས་པ་དང་གཎྜཱི་བརྡུངས་པ་ལ་བགོ་བ་དང་། ཚུལ་ཤིང་བྲིམ་པ་དང་། ཟད་པར་ཚུལ་ཤིང་བྲིམས་ཏེ་ཚུལ་ཤིང་ལ་བགྲངས་པ་དང་། བགྲང་བ་ཡང་ངོ་། །གྲངས་ཉིད་དུ་ཁས་བགྲངས་ཏེ་

བགོ་བ་དང་། སོ་སོའི་སྐལ་བ་བྲིམ་པ་ཡང་ངོ་། །གོང་དུ་མིང་གིས་སྨོས་པ་ལྟར་བགྲངས་ནས་བགྲང་དུ་ཡོད་པ་དང་ནོར་དུ་སྦྱར་ཏེ་སྐལ་བ་སོ་སོར་མཉམ་པར་བགོ །བྱེད་པའི་ཚེ་མཐའ་ཚུན་ཆད་འོངས་ནའང་དབང་ངོ་། །ཡོན་ལྷག་མ་རྣམ་ལྔ་ལྟར་འགོད་པའི་ཚེ་དགེ་སློང་ཞིག་
གུད་ནས་འོངས་ན་སྐལ་བ་དབང་ངོ་། །དགེ་སློང་སུམ་གཉིས་ཙམ་ནོར་ལག་ཏུ་ཐོབ་ལྷག་མ་འགོད་ཅིང་འཁོད་པ་ལ་དགེ་སློང་གཅིག་གུད་ནས་འོངས་ན་ཐམས་ཅད་སླར་བསྡུས་ཏེ་བགོ་ཟིན་ནས་མ་ཡིན་ནོ། །ནོར་བགོས་ཟིན་པའི་འོག་ཏུ་འོངས་པའི་སྐལ་བ་མི་འཐོབ་པོ། །རྙེད་
པ་ཆུང་ཡང་འདི་བཞིན་ནོ། །ཡོན་ཆུང་ངུ་ཞིག་རྙེད་ཀྱང་དགེ་སློང་ཕྱིས་འོངས་པ་དབང་ངོ་། །ཐོབ་པ་བྱེད་པར་གཏོགས་པ་སོང་ཡང་མིའི་རིགས་པ་མ་ཡིན་ནོ། །ཡོན་བདག་གིས་རྟག་ཏུ་དགེ་སློང་སོ་སོར་ཐང་བཅད་དེ་འབུལ་བ་ལས་དགེ་སློང་ཚུལ་བསྲུངས་པ་ཞིག་གུད་དུ་སོང་བར་
གྱུར་ནའང་དེའི་སྐལ་བ་ཐང་བཞིན་དུ་དབང་ངོ་། །དེ་བས་ན་འགྲོ་ན་ལོངས་ཤིག་ཅེས་བསྒོའོ། །མདོ་ལྟག་མ་ལྟར་སྐལ་བ་དབང་བ་ལས་གུད་དུ་འགྲོ་ནའང་བདག་མི་འདོད་དེ་དགེ་འདུན་ལ་ཕུལ་ཀྱང་ཉེས་མེད། འདོད་ནའང་མཁན་པོ་དང་གྲོགས་པོ་ལ་ལེན་པར་བཅོལ་ཏེ་ཞོག་ཤིག །དམ་
བཅས་པ་ལས་མ་བླངས་ནའང་སྦྱིན་དུ་གཞུག །མདོ་ལྟག་མ་ལྟར་ནོར་ལེན་དུ་བཅོལ་བ་ལས་ཁས་བླངས་པ་ལས་ཕྱིས་མ་བླངས་ན་སྐལ་བ་ཅི་དབང་བའམ་སྐྱིན་པ་དེ་ལ་དབབ་པོ། །དོང་ཙེ་ལྔ་ཡན་ཆད་ཐོབ་པ་ཆུང་ངུ་ལས་སོ། །མདོ་ལྟག་མ་ལྟར་སྐྱིན་པ་བླང་པ་ནི་པ་ན་ལྔ་ཡན་ཆད་
ཀྱི་རིན་ནི་བླང་གི་ལྔ་ལས་ཉུང་བ་མན་ཆད་ཀྱི་རིན་ནི་མི་ཅོག་གོ། །མ་སྨྲས་པར་མི་བླང་། དགེ་སློང་གྲོགས་ཀྱིས་ལོང་ཤིག་མ་སྨྲས་པར་མི་བླང་མཁན་པོ་དང་སློབ་དཔོན་གྱིས་བླང་། མཁན་པོ་དང་སློབ་དཔོན་གྱིས་ནི་སློབ་མའི་ཡོན་སྐལ་ལོང་ཤིག་ཅེས་མ་བསྒོའང་བླང་། སྙིང་
གཅུགས་པའི་གནས་ཀྱི་ཕྱིར་ཀྱང་ངོ་། །གྲོགས་པོ་མཛའ་བོ་དང་མཁན་པོ་དང་སློབ་དཔོན་གྱི་ནི་སྐལ་པ་ལོང་ཤིག་པར་མ་བསྒོ་བར་བླངས་ཀྱང་ཉེས་མེད་དོ། །བདག་གི་ཕྱོགས་མ་ཡིན་པའི་ཕྱིར་མ་ཡིན་ནོ། །མཁན་པོའང་རུང་སློབ་མའང་རུང་མི་དགེ་བ་དང་ལོག་པ་ལ་བལྟས་

པའི་སྐལ་བ་མི་མནོད་དོ། །མལ་སྟན་ཀྱང་དེ་བཞིན་དུའོ། །མཁན་པོ་སློབ་དཔོན་གྱི་མལ་སྟན་མ་བསྒོ་བར་བླངས་ཀྱང་ཉེས་མེད། སློབ་དཔོན་དང་མཛའ་བོའང་དེ་བཞིན་ནོ། །ཟས་ཀྱང་ངོ་། །མཁན་པོ་དང་སློབ་དཔོན་དང་མཛའ་བོའི་ཟན་སྐལ་མནོད་ཀྱང་
ཉེས་མེད་དོ། །གཞན་གྱི་ཕྱིར་ལེན་ན་ཕ་རོལ་པོ་ཆུད་པར་བྱའོ། །མཁན་པོ་དང་སློབ་དཔོན་དང་མཛའ་བོའི་ཡོན་སྐལ་དང་མལ་ཆ་དང་ཟས་ནོད་པའི་ཚེ་གཞན་ལ་ཤེས་པར་དཔང་བཙུགས་ཏེ་མནོད་དོ། །མི་འཐོབ་པ་ལས་གཏོགས་ཞེས་མ་ཡིན་ནོ། །དགེ་འདུན་གྱི་ནང་དུ་མ་གཏོགས་
ཤིང་ཟན་སྐལ་མི་ཐོབ་པར་འཐོབ་པོ་ཞེས་ཟེར་ཞིང་མནོད་ན་ཉེས་བྱས། ཟ་བའི་ཚེ་སྦོམ་པོ། དྲིས་པ་རིན་ཐང་ཚང་ལ་རྐུ་སེམས་དང་ལྡན་ན་ཕམ་མོ། །རིགས་པ་ནི་གཅིག་པ་ལ་འཐོབ་པ་རབ་ཏུ་མང་ཡང་མ་བཙུད་པའི་ཕྱིར་མ་ཡིན་ནོ། །གཙུག་ལག་ཁང་གཅིག་ན་དགེ་སློང་གཅིག་པུ་
འདུག་པ་ལས་ཡོན་བདག་དད་པས་ཡོན་མང་ཞིག་ཕུལ་ན་དགེ་སློང་གཅིག་པུ་དེས་ཁྱེར་ཡང་ཉེས་མེད། མི་རིགས་པ་ནི་ཆོས་མ་ཡིན་པའི་སྐྱབས་སུ་ལྟུང་སྟེ་བྱེ་བ་དགེ་འདུན་གྱིས་འཐོབ་པ་ལས་སོ། །དགེ་སློང་སེམས་ལོག་པ་ལ་བལྟས་ཤིང་ཕྱོགས་ཏེ། ཚུལ་དགེ་བ་འདྲ་བར་བསྲུང་
ཞིང་འདུག་པ་ནི་དགེ་འདུན་གྱི་ཡོན་ལས་མི་འཐོབ་བོ། །རིང་དུ་གནས་ན་དེའི་ཚེ་གནས་ཐོབ་ལའོ། །དགེ་སློང་ཚུལ་དུ་ཞུགས་པ་ནི་ཚུལ་དྲལ་ཀྱང་ཞག་བཞི་བཅུ་རྩ་ལྔ་ཕན་ཆད་ཅིག་ལོན་ན་ཡོན་སྐལ་འཐོབ་བོ། །དྲིའམ་ལོག་གམ་ཤི་ཡང་ངོ་། །ཚུལ་དུ་ཞུགས་པ་ལ་ཁྲིམས་ཕུལ་ཡང་རུང་
ཁྲིམས་ཕུལ་བ་ལས་སླར་བྱིག་གཤུར་ཞུགས་ཀྱང་རུང་ཤི་སྟེ་ནོར་སྐལ་བྱིན་ཅིག་ཅེས་ཁས་ཆེམས་བཞག་ཀྱང་རུང་སྟེ་ཚུལ་ཞག་བཞི་བཅུ་ལྔ་བསྲུངས་ན་སྐལ་བ་འཐོབ་བོ། །འཐབ་པ་ཇི་ལྟར་བསྔོས་པའི་ཚུལ་བཞིན་དུའོ། །ཡོན་བདག་གིས་གཙུག་ལག་ཁང་དང་དགེ་འདུན་ལ་སོགས་པ་
མིང་གིས་སོ་སོར་བསྔོས་ཏེ་ཕུལ་ན་བསྔོས་པ་བཞིན་དུ་གཞི་གཞན་དུ་མི་སྤྱོད་དོ། །འཐོབ་པ་ཡང་ངོ་། །དགེ་འདུན་གྲངས་ལས་མ་གཏོགས་པར་གུད་ནས་འོངས་པ་ཞིག་ཡོད་ན་གསོལ་ཐང་དང་ཟན་ཐང་བཅད་དེ་ཕུལ་བ་ལས་ཁོང་ཐོག་ཏུ་དད་པ་བྱིན་ནའང་ཉེས་མེད། སློང་བའི་གྲོང་བསྒོས་

ཀྱང་ཉེས་མེད་དོ། །རྒྱས་པར་འགྲུབ་པ་ཡང་ངོ་། །མཚམས་གཅིག་གི་ནང་ན་དགེ་འདུན་མང་ཞིང་གནས་པ་ལས་ཁ་ཅིག་ཆོས་ལོག་པ་ལ་ཕྱོགས་པས་གོང་སྡེ་གཉིས་སུ་བཅད་དེ་སོ་སོར་བསོད་སྙོམས་དང་ཡོན་ལེན་པར་བསྔོས་པ་ལས་ཆོས་མ་ཡིན་པ་ལ་ཕྱོགས་པའི་གྲོང་ནས་སྤྱིར་ཡོན་
འབུལ་དུ་འོངས་ནས་ཆོས་མ་ཡིན་པ་ལ་ཕྱོགས་དབང་ཆོས་ལ་ཕྱོགས་པའང་དེ་དང་འདྲ། དགེ་འདུན་གྱི་ཕྱིར་ཆད་པ་ལས་ཀྱི་མཚམས་ཀྱིས་གཅོད་དོ། །དེ་བཞིན་དུ་འདིར་གཅིག་པ་ལ་སོགས་པའོ། །གཙུག་ལག་ཁང་གཅིག་གི་ནང་ན་དགེ་སློང་མང་ཞིག་གནས་གནས་པ་ལས་གཞན་
ཐམས་ཅད་གཙུག་ལག་ཁང་བཏང་སྟེ་ཡན་མན་དུ་འདོང་པའི་འོག་ཏུ་གཙུག་ལག་ཁང་དེར་དགེ་འདུན་སྤྱིར་ཡོན་ཞིག་ཕུལ་ན་གཙུག་ལག་ཁང་དེ་ན་གནས་པའི་དགེ་སློང་དེ་སུ་ཡོད་པ་དབང་ངོ་། །ཆོས་ཀྱི་རྙེད་པ་དེའི་སྨྲ་བ་དག་གི་སྐལ་བ་ཡང་ངོ་། །དྷརྨ་ལ་ཡོན་ཞིག་ཕུལ་ན་དྷརྨ་ཀློག་
ཀློག་པའི་དགེ་སློང་དབང་ངོ་། །འདིའི་མཐའ་ནི་ཞལ་ནས་གསུངས་པའི་ཚིགས་སུ་བཅད་པ་གཅིག་འཛིན་པའོ། །ལྟག་མ་ལྟར་དྷརྨ་ཀློག་ཀློག་པའི་ཡོན་དབང་བའི་དགེ་སློང་ནི་ཞལ་ནས་གསུངས་པའི་ཚིགས་སུ་བཅད་པ་གཅིག་གི་ཁ་ཐོན་དུ་ཀློག་ཅིང་འཛིན་ནུས་པས་ཀྱང་དྷརྨ་
ལ་ཕུལ་བའི་ཡོན་བླངས་ཀྱང་ཉེས་མེད་དོ། །ཤི་བའི་ཡོ་བྱད་ལ་མི་རིགས་པ་ནི་མཚན་ཐ་དད་པ་དང་གཞན་འགོད་པའོ། །མཚམས་གཅིག་གི་ནང་གི་དགེ་འདུན་ལས་དགེ་སློང་གཅིག་ཤི་ན་དེའི་ཡོ་བྱད་དང་ནོར་མཚམས་ཐ་དད་པའི་དགེ་སློང་མ་དང་དེ་བ་དཏྟའི་སྡེ་ལྟ་བུ་དང་དེ་རྣམས་ནི་
མི་དབང་གི་མཚམས་གཅིག་གི་དགེ་འདུན་ཉི་ཚེ་དབང་ངོ་། །སྤངས་པ་ཡང་དེ་བཞིན་ནོ། །ལྟག་མའི་ལྟར་དགེ་སློང་ཤི་བའི་ནོར་ལས་མཚམས་གཅིག་གི་ནང་ནས་དགེ་སློང་འགའ་ཞིག་བསྐྲད་ན་དེས་ཀྱང་ཤི་བའི་ནོར་ལ་མི་དབང་ངོ་། །མི་འཁོར་ཀྱང་ངོ་། །མཚན་མ་ལས་སེམས་
མ་ལོག་ཀྱང་ངོ་། །མཚམས་གཅིག་གི་ནང་ན་དགེ་སློང་གཉིས་སམ་གསུམ་ཞིག་འཁོད་འཁོད་པ་ལས་ཀུན་ཤི་སྟེ་མེད་ན་དགེ་སློང་གཅིག་ཅིག་ལུས་ཤིང་བསྣམས་ཀུན་གྱི་ནོར་མ་ཤི་དགེ་སློང་མ་ཤི་བ་གཅིག་པུ་དེ་དབང་ངོ་། །ཟད་པར་ཤི་ན་གཙུག་ལག་ཁང་དེའི་ཉེ་འཁོར་ན་དགེ་

སློང་སྤངས་པ་འབའ་ཞིག་འདུག་པ་དེའི་ཡིད་ལ་སྔ་མའི་མཚན་མ་བཏང་ན་དབང་ངོ་། །མཚན་མ་མ་བཏང་ན་དེའི་ཉེ་འཁོར་ནའང་དགེ་སློང་མ་སུ་ཡོད་པ་དབང་ངོ་། །དེའི་བླང་བ་ཡོད་པ་ལ་ནི་ཐ་དད་པ་མ་ཡིན་ནོ། །སྤངས་པའི་དགེ་སློང་ཞིག་ཤི་ན་དེའི་ཡོ་བྱད་དང་
ནོར་ནི་དགེ་འདུན་དབང་ངོ་། །དགེ་འདུན་དེའི་ནང་ན་ཆད་པ་གཞན་ཞིག་ཡོད་ན་དེས་ནི་མི་འཐོབ་བོ། །བྱེ་བ་དང་ནི་ཐ་དད་དོ། །དགེ་འདུན་ཞིག་ལ་དགེ་མི་དགེ་སྡེ་གཉིས་སུ་བཅད་དེའི་ནང་ནས་འགའ་ཞིག་དགེ་བ་ལ་ཕྱོགས་པ་ལས་ཤི་ན་དགེ་བའི་དགེ་འདུན་དབང་ངོ་། །མི་དགེ་བ་ཤི་
ན་མི་དགེ་བའི་དགེ་འདུན་དབང་ངོ་། །རབ་ཏུ་བྱུང་བ་ཚངས་པ་མཚུངས་པར་སྤྱོད་པ་ལས་གཞན་མི་དབང་ངོ་། །དགེ་སློང་གི་རབ་ཏུ་བྱུང་བའི་ནང་ནས་འགའ་ཞིག་ཤི་ན་དེའི་ནོར་དང་ཡོ་བྱད་མུར་འདུག་དང་རྒྱལ་པོ་མ་གཏོགས་ཏེ་དགེ་སློང་གི་དགེ་འདུན་དབང་ངོ་། །གསོལ་བས་བསྔོས་
ཏེ་ཐོབ་པ་ལ་མ་ཡིན་ནོ། །དགེ་སློང་ཤི་བའི་ནོར་ལ་དགེ་འདུན་གྱི་གསོལ་བ་དང་ཞུ་བའི་ལས་ཀྱི་སྔགས་ཀྱིས་རྟོག་པ་ལས་དགེ་སློང་འགའ་ཞིག་མཚམས་ཀྱི་ཕྱི་རོལ་དུ་སོང་ན་མི་དབང་ངོ་། །དགེ་འདུན་གྱི་ལས་ཤིག་ལ་སོང་ན་བརྟག་པ་མ་སླེབས་ཀྱང་དབང་ངོ་། །གསོལ་བ་དང་ཞུ་
བའི་ལས་དགེ་སློང་འགྲོན་པོས་ཀྱང་དབང་ངོ་། །ཐོག་མ་དང་ཐ་མ་ཡང་ངོ་། །ཐོག་མ་དང་ཐ་མ་ཞེས་བྱ་བ་ནི་མདོ་འོག་ནས་འཆད་པ་ཡིན་ནོ། །དེ་ལས་འགའ་ཙམ་དགེ་འདུན་ལས་རྒན་པོ་དང་གསར་བུ་བྱིན་ནའོ་ཞེས་དེར་གསུངས་སོ། །དགེ་སློང་ཤི་བའི་ནོར་ལས་གནས་བརྟན་གཅིག་
དང་ཙེ་ལུ་ཐ་མ་ན་འདུག་པ་གཅིག་དང་གཉིས་ལ་སྨན་ཏམ་ནོར་ཆུང་ཤས་ཡན་ཆད་ཅིའང་རུང་སྟེ་སྣ་རེ་ཞིག་བྱིན་ན་མཚམས་དེས་ཆོད་པས་ན་ཕྱི་ནས་འོང་བ་མི་དབང་ངོ་། །གང་ནས་བསྔོ་བ་ཡོད་པ་དེའི་མཚམས་ཀྱི་ནང་དུ་བསྔོས་པའོ། །དགེ་སློང་གཅིག་ཅིག་གི་ནོར་གཙུག་ལག་ཁང་
གཞན་ཞིག་ན་གཏམས་ཏེ་བཞག་པ་ལས་དགེ་སློང་དེ་ཤི་བར་གྱུར་ན་དགེ་སློང་དེ་གནས་གནས་པའི་དགེ་སློང་མི་དབང་གི་ནོར་གང་ན་གཞག་གཞག་པའི་དགེ་འདུན་གྱིས་གསོལ་བ་དང་ཞུ་བའི་ལས་ཀྱིས་བརྟགས་ན་གོས་འདུག་འདུག་པའི་དགེ་འདུན་དེ་རྣམས་དབང་ངོ་། །འདི་ཤི་བའི་

གནས་སུ་ཞེས་པའི་ཕྱིར་མ་ཡིན་ནོ། །ལྟག་མ་ལྟར་དགེ་སློང་ཤི་བའི་ནོར་དགེ་འདུན་གྲོགས་པོ་ན་རེ་ནོར་བཞག་པའི་མཚམས་མི་བརྩན་གྱི་དགེ་སློང་ཉིད་ངེད་ཀྱི་མཚམས་སུ་ཤི་བ་ཡིན་གྱིས་ནོར་ངེད་དབང་གིས་བྱིན་ཅིག་ཅེས་ཟེར་ཞིང་ལེན་དུ་མི་དབང་ངོ་། །མཚམས་ཀྱི་བར་ན་འདུག་པ་ལུས་
ལ་ཆགས་པའམ་གཞན་ཡང་ཇི་སྙེད་དུ་ཆུད་པ་དེ་གཏོགས་སོ། །གཙུག་ལག་ཁང་དུ་མ་ཞིག་གི་བར་ན་དགེ་སློང་གཅིག་ཤི་ན་གཙུག་ལག་ཁང་དང་ཉེ་བའི་དགེ་འདུན་དགེ་སློང་ཤི་བ་དེའི་ནོར་དབང་ངོ་། །ཉེ་རིང་མེད་ན་ལུས་གང་ནི་མགོ་གང་ལོགས་སུ་ལྟ་བའི་དགེ་འདུན་དབང་ངོ་། །ལུས་
དང་བྲལ་བར་འདུག་པའི་ནོར་ནི་རོ་ནས་གཙུག་ལག་ཁང་གི་ཕྱོགས་ན་འདུག་པའི་དགེ་འདུན་དེ་དབང་ངོ་། །གཏམས་པ་ལ་ན་དེའི་ཡོ་བྱད་གང་ནའང་རུང་སྟེ་དེར་ཆུད་དོ། །དགེ་སློང་ཤི་བའི་ནོར་ཁྱིམ་པ་ལ་གཏམས་པ་ཞིག་ཡོད་ན་ཁྱིམ་པ་དེ་དང་གང་གི་དགེ་འདུན་དང་ཕྲད་ཅིང་ཟིན་པ་དེའི་
དགེ་སློང་དབང་བ་ལའང་བྱ། ཁྱིམ་པ་དེ་དང་དགེ་འདུན་དུ་ཉེ་བའི་དགེ་འདུན་དབང་པ་ལའང་བྱ། གཏམས་པས་དངོས་པོ་གཞན་དུ་གཞག་པ་བསྔོའོ། །དགེ་སློང་ཤི་བའི་རྫས་ཁྱིམ་པ་ལ་གཏམས་པ་ལས་ཁྱིམ་པ་དེ་ལྷ་ཁང་དུ་འོངས་ཀྱང་རུང་བཀུག་ཀྱང་རུང་སྟེ་མངོན་སུམ་དུ་འཕྲད་དེ་
བསྒོམ་ན་ནོར་བགོ་བའི་སྔག་བྱས་པ་ཡིན་ཏེ་དགེ་འདུན་གཞན་མི་དབང་ངོ་། །བསྐུར་བ་ལས་བྱིན་པས་མ་སྤངས་ན་དེའི་ཡིན་ནོ། །དགེ་སློང་གཅིག་ལ་ནོར་ཞིག་བསྐུར་པ་ལས་ནོར་འོངས་ཏེ་མི་འདོད་ཅེས་མ་བྱས་པར་དགེ་སློང་དེ་ཤི་ན་ནོར་དེ་ཤི་བའི་ཕྱོགས་ཀྱི་དགེ་འདུན་དབང་ངོ་། །སྤངས་
ན་བསྐུར་བའི་འོ། །མདོ་ལྟག་མ་ལྟར་ནོར་བསྐུར་ཏེ་འོངས་པ་ལས་མི་འདོད་ཅེས་བྱ་བའི་འོག་ཏུ་ཤི་ན་ཐོག་མ་བསྐུར་བསྐུར་བའི་དགེ་སློང་དེ་དབང་ངོ་། །དེས་སྤངས་ཀྱང་ངོ་། །མདོ་ལྟག་མ་ལྟར་མི་འདོད་ཅེས་བྱས་ཏེ་སླར་བསྐུར་བ་ལས་ཐོག་མ་བསྐུར་བསྐུར་བའི་དགེ་སློང་དེའང་མི་འདོད་ཅེས་
ཟེར་ན་དེ་བརྩན་ཏེ་དགེ་སློང་དེ་དབང་ངོ་། །ཕྱི་རོལ་ལ་མཚམས་ཀྱི་ནང་དུ་འདུ་ཤེས་ཏེ་གཅིག་པོས་བསྔོས་ཏེ་མི་སྐྱེའོ། །དགེ་སློང་ཤི་བའི་ནོར་ལ་འགོད་པ་ལ་མཚམས་ཀྱི་ནང་དེ་དགེ་སློང་ཀུན་ལ་དད་པ་མ་དྲིས་ཤིང་མ་བསྡུས་པར་དགེ་སློང་ཁ་ཅིག་གིས་ཁྱད་པར་བགོ་བའི་སྔགས་བྱས་པ་

དང་མཚམས་ཀྱི་ཕྱི་རོལ་ཏུ་བགོ་བའི་སྔགས་བྱས་པར་མི་ཆུད་དེ་མི་རུང་ངོ་། །དབྱུང་བ་དང་ནན་ཏན་དང་ཆོས་གོས་བསྟན་པ་དང་སྦྱིན་པའི་གཤེགས་པ་མ་བྱས་པར་མི་བསྔོའོ། །དགེ་སློང་ཤི་བའི་རོ་སྒོར་མ་ཕྱུང་ངམ་མ་བསྲེགས་སམ་མ་སྦས་སམ་ཆུར་མ་
བསྐུར་བའི་ཤི་བའི་ནོར་མི་བགོ །ཤི་བའི་རོ་སྦས་ཟིན་ནས་བགོ་བའི་སྔགས་བྱས་ཏེ་གདོད་ཤི་བའི་ནོར་བགོའོ། །ལྷུང་བཟེད་དང་ཆོས་གོས་ཁྱིམ་གནས་ཀྱི་ཁྱིམ་དུ་ན་ཁྱིམ་བདག་གང་གིས་བྱིན་པ་དབང་ངོ་། །ལྷུང་བཟེད་དང་ཆོས་གོས་ཁྱིམ་པ་ལ་གཏམས་པ་ལས་དགེ་སློང་
ཤི་སྟེ་ཁྱིམ་པ་དེས་ཁྱེར་ཏེ་འོངས་ན་དགེ་སློང་སུ་དང་འཕྲད་པ་བླངས་ཏེ་ཁྱེར་ཡང་ཉེས་མེད་དོ། །གཏམས་ཤིང་འདུག་པ་ཐོས་ན་བདག་གིས་བླངས་ཏེ་ཁྱེར་ཡང་ཉེས་མེད་དོ། །དེ་སྟེ་རིགས་ནའོ། །མདོ་ལྟག་མ་ལྟར་ཁྱེར་ཀྱང་ཉེས་མེད་པ་ནི་དགེ་སློང་མ་དང་ཆད་པ་ཡོད་པའི་དགེ་
སློང་ནི་མི་དབང་སྟེ་བླང་བར་མི་རིགས་སོ། །ཕོངས་ཏེ་དེས་སོ། །མདོ་ལྟག་མ་ལྟར་བླངས་ཀྱང་ཉེས་མེད་པ་ནི་དགེ་སློང་ཕོངས་ཤིང་མི་བདོག་པས་བླངས་ཤིང་ཁྱེར་ཡང་ཉེས་མེད་དོ། །མི་སྟེར་བ་ལ་བླངས་པས་སོ། །དགེ་སློང་ཤི་བའི་ནོར་ཁྱིམ་པ་ལ་གཏམས་ཤིང་འདུག་པ་ལས་
དགེ་སློང་ཕོངས་པས་བླངས་ཏེ་བྱིན་ན་ནི་ཉེས་མེད་དོ། །མི་སྟེར་བཞིན་དུ་མཐུས་བླངས་ན་ཉེས་བྱས། རིམ་གྱིས་ན་ཐོག་མའི་འོ། །ཤི་བའི་ནོར་གཏམས་ཤིང་འདུག་པ་ལེན་དུ་དབང་བ་དགེ་སློང་མ་ཞིག་ལེན་དུ་འོངས་ཏེ་ཁ་འདོམ་ན་ཁ་གང་སྔ་བ་དབང་ངོ་། །མེད་དམ་མ་བསྔོས་པར་བོར་ན་སོང་བའི་འོ། །དགེ་
སློང་ཤི་བའི་ནོར་ཁྱིམ་པ་ལ་གཏམས་ཤིང་འདུག་པ་ཁྱིམ་པས་བོར་ཞིང་འདུག་པ་ལ་དགེ་སློང་གིས་མཐོང་ན་བདག་ཕོངས་ན་བདག་གིས་ཁྱེར་ཅིག །མ་ཕོངས་ན་མ་ལེན་ཅིག །དགེ་འདུན་སྤྱིར་དབུལ་བར་བསམས་ཏེ་བླངས་པ་ནི་ཉེས་མེད་དོ། །དེ་བཞིན་རིམས་སུའོ། །མདོ་
ལྟག་མ་ལྟར་དགེ་སློང་ཤི་བའི་ནོར་ལ་དགེ་སློང་ཕོངས་པ་མང་ཞིང་འདོད་དེ་ལེན་ན་གང་མགྱོགས་པ་དབང་ངོ་། །ནོར་ཆགས་པར་གྱུར་ན་དེ་ལ་བཏང་བ་ཤི་བའི་ཡོ་བྱད་ལས་དེའི་ཚད་དུ་སྦྱིན། དགེ་སློང་ཤི་བ་དེ་ལ་གཞན་གྱི་བུ་ལོན་ཆགས་པ་ཞིག་ཡོད་ན་ཤི་བའི་ནོར་ལས་ཅི་ཆགས་པ་བྱིན་

ལ་ལྷག་མ་ལས་བགོ །བགོས་ཀྱང་ངོ་། །ཤི་བའི་ནོར་བགོས་ཟིན་པའི་འོག་ཏུ་ཤི་བ་ལ་བུ་ལོན་ཆགས་ཏེ་དེད་དུ་འོངས་ན་ཡང་བགོས་པ་ཀུན་སླར་བསྡུས་ཏེ་ཅི་ཆགས་པ་སྦྱིན་ནོ། །གང་དེ་དང་ལྷན་ཅིག་ཏུ་འཐམས་པ་དེ་ལ་སྦྱིན་ན་མ་བླང་། དགེ་སློང་ཤི་བ་དེ་དང་ཁྱིམ་པ་ཞིག་ཏུ་འཐམས་ཏེ་ཁྱིམ་
པའི་ནོར་ནི་སྔར་བླངས་ཀྱི་རིན་མ་བྱིན་པ་ཞིག་ཡོད་ནའང་འཐམས་པའི་ཚིག་བཞིན་དུ་རིན་བཅལ་ཞིང་སྦྱིན་ནོ། །རིན་བཅལ་དུ་མེད་ནའང་ཁོའི་ནོར་དངོས་སླར་སྦྱིན་ནོ། །དེས་ནི་མ་ཡིན་ནོ། །དགེ་སློང་ཤི་བ་ད་ལས་ཤིག་བྱེད་དུ་བཅུག་སྟེ་སླས་སྦྱིན་པར་བྱས་པ་ཞིག་ཡོད་ནའང་ཤི་བ་དང་
འཐམས་པ་བཞིན་དུ་གླ་སྦྱིན་ནོར་དངོས་ཀྱང་བླང་ངོ་། །འདི་ཚངས་པ་མཚུངས་པར་སྤྱོད་པ་ལ་ཆགས་པར་མི་འགྱུར། དགེ་སློང་ཤི་བ་ལ་གཞན་གྱི་བུ་ལོན་ཞིག་ཆགས་ཏེ་ཤི་བའི་ནོར་ཀུན་བཅལ་ཀྱང་མ་འཁོར་བ་ནི་མ་འཁོར་དུ་ཟད་ཚངས་པར་བྱིན་ཀྱང་ཉེས་མེད་དོ། །དཀོན་མཆོག་
གི་བླངས་ཏེ་ཡོད་ན་དེ་ཇི་རྙེད་པ་དེ་རྙེད་ལས་སར་པ་ལས་བསྙམས་ཏེ་བགོ །དགེ་སློང་ཤི་བ་དེ་ལ་གཞན་ཞིག་གིས་ཟོང་ཕོག་སྟེ་ལས་བྱེད་དུ་བཅུག་པ་ལས་མ་བྱས་སམ་རྐྱེན་ཆད་དུ་ལུས་ན་ཡང་ཤི་བའི་ནོར་ལས་ཅི་ཆོག་པ་སྤངས་ཏེ་གཞག་པ་ལ་ལྷག་མ་བགོ །ནད་པའི་གཡོག་དང་
བཅས་ན་དེ་འཐོབ་པའི་ཡོ་བྱད་དྲུག་ལ་མི་བསྔོ། །དགེ་སློང་ཤི་བའི་ནད་གཡོག་བྱེད་བྱེད་པ་ནི་ཤི་བའི་ནོར་བགོ་བའི་སྐལ་བ་ལ་མ་གཏོགས་པར་ཆོས་གོས་གསུམ་དང་ལྷུང་བཟེད་དང་ཆུ་ཚགས་དང་གདིང་བ་དྲུག་དབང་ངོ་། །རབ་དང་འབྲིང་དང་མཐའ་མར་བཅས་པའོ། །དགེ་སློང་ཤི་
བ་དེ་ལ་ཆོས་གོས་དང་ལྷུང་བཟེད་དང་གདིང་བ་མང་པོ་ཞིག་ཡོད་ན་ཐམས་ཅད་བཟང་པོ་ལས་མི་དབང་སྟེ་བཟང་ངན་སྤེལ་ལ་ཕམ་རྒྱལ་མེད་པར་དྲུག་སྦྱིན་ནོ། །དུ་མ་ན་དེའི་སྤྱིའོ། །ནད་གཡོག་མང་པོ་ཞིག་ཡོད་ནའང་གྲངས་མང་དུ་ལྷག་པར་མི་དབང་གི་དྲུག་ལས་སྤྱིར་བགོའོ། །
ནད་པ་ཤི་ནས་དེའི་ཕྱིར་སོང་ན་སྦྱིན། ནད་པ་ཤི་བའི་ཚེ་ནད་གཡོག་རང་དོན་ལ་མཚམས་ཀྱི་ཕྱི་རོལ་དུ་འཕྱན་དུ་སོང་ན་ཡོ་བྱད་དྲུག་དང་ཤི་བའི་ནོར་སྐལ་ལ་མི་དབང་ངོ་། །ནད་པའི་དོན་ལ་སོང་བ་ནི་དབང་ངོ་། །འདི་ལ་ཤི་བའི་ནོར་མི་རིགས་སོ། །དེ་ནད་གཡོག་དགེ་སློང་མ་དང་དགེ་

སློང་ཆད་པ་བཅད་པ་ཞིག་བྱེད་བྱེད་པ་ནི་ཡོ་བྱད་དྲུག་ལས་མི་དབང་ངོ་། །གཞན་ཚུལ་དུ་ཞུགས་པ་ལ་མ་ཡིན་ནོ། །དགེ་སློང་གཙུག་ལག་ཁང་གཞན་དུ་ཚུལ་དུ་ཞུགས་པ་ཞིག་གིས་ནད་གཡོག་བྱས་ནའང་ཡོ་བྱད་དྲུག་དང་ཤི་བའི་ནོར་སྐལ་དབང་ངོ་། །འདི་
བསྙེན་པར་རྫོགས་པ་ཐམས་ཅད་ལའང་རིགས་སོ། །ནད་གཡོག་དགེ་སློང་ཞིག་བྱེད་བྱེད་ནའང་ཤི་བའི་ནོར་སྐལ་ལ་ཐང་དགེ་སློང་གི་ཐང་བཞིན་དུ་དབང་། ཡོ་བྱད་དྲུག་ཀྱང་དབང་ངོ་། །ནད་པས་བྱིན་ཅིག་ཅེས་སྨྲས་པ་ལ་ཕྲིན་ཇི་ལྟར་སྨྲས་པ་ལྟར་བྱའོ། །དགེ་སློང་ཤི་བ་དེས་ཁ་ཆེམས་
བཞག་སྟེ་ནོར་བྱིན་ཅིག་ཅེས་སྨྲས་པ་ཞིག་ཡོད་པ་ལས་ནད་གཡོག་ལ་སོགས་པས་མ་བྱིན་ན་ནོར་འགོད་པའི་ཚེ་སྨྲས་ལ་ཁ་ཆེམས་བཞིན་དུ་སོ་སོར་སྦྱིན་ནོ། །དབང་མེད་པ་ནི་ཤི་བ་ན་འདི་ལ་ཤི་བ་དག་གི་ནོར་སྒྲུབས་ཤིག་ཅེ་ནའོ། །ནད་པའི་ཁ་ཆེམས་ལ་ང་ཤི་ན་མི་འདི་ནོར་འདི་
ཙམ་ཞིག་བྱིན་ཅིག་ཅེས་ཟེར་བ་ནི་ཁ་ཆེམས་མི་བཙན་ཏེ་སྤྱིར་བགོའོ། །ཁ་ཆེམས་ལྟག་ནས་བྱུང་བ་ནི་མ་ཤིའང་སྦྱིན་པར་ཆད་པ་ལ་བྱ། འདི་ནི་ཤི་ན་གདོད་བྱིན་གྱི་མ་ཤི་ན་མི་སྦྱིན་པར་བྱས་པ་ལ་བྱ། དབང་བ་ནི་ཁྱིམ་པའིའོ། །ཁྱིམ་པ་ཞིག་ཤི་བའི་ནོར་དགེ་འདུན་དང་དགེ་སློང་
ལ་ཕུལ་ཅིག་ཅེས་ཁ་ཆེམས་གཞག་པ་ནི་བླངས་ཀྱང་ཉེས་མེད་དོ། །ཕུལ་ནས་ཁྱིམ་པ་ཤི་ན་ཁྱེའུ་དང་ཆུང་མ་ནི་ཅི་བདེར་བྱ། ཁྱིམ་པས་ནད་པའི་ཁ་ཆེམས་ཀྱིས་སྐྱེས་པ་དང་བུད་མེད་ལ་སོགས་པ་མི་ཕུལ་བ་ནི་བཀོལ་དུ་བཏང་ངོ་། །བ་ལང་དང་རྟ་དང་རྔ་མོ་དང་བོང་བུ་དང་དྲེའུ་དང་
གོ་ཆ་དག་རྒྱལ་པོ་ལ་ཕུལ། མིང་གིས་སྨོས་པ་འདི་རྣམས་ཡོན་དུ་ཕུལ་བ་ནི་རྒྱལ་པོ་ལ་སྦྱིན་ནོ། །མཚོན་ཆ་ནི་མི་སྦྱིན་ནོ། །གསུམ་ལ་དབྱིག་དང་གསེར་དང་གཞན་དང་བྱས་པ་དང་མ་བྱས་པའོ། །རིན་པོ་ཆེ་དག་ཀྱང་ངོ་། །དབྱིག་དང་གསེར་དང་དངུལ་ལ་སོགས་པ་རིན་པོ་ཆེ་ཕུལ་བ་
ནི་སུམ་ཆ་གཅིག་སངས་རྒྱས་ལ་དབུལ། སུམ་ཆ་གཅིག་ཆོས་ལ་དབུལ། སུམ་ཆ་གཅིག་དགེ་འདུན་ལ་དབུལ་ལོ། །རྒྱལ་པོ་མ་བྱིན་ན་ཕམ་པར་ཡང་འགྱུར་རོ། །འོན་ཏེ་གཞན་ཡོད་དམ་དེའི་ཆ་ལས་ལྷག་ཀྱང་ངམ་དེ་སྟེ་མ་ཡིན་ཀྱང་དེ་བཞིན་དུ་སངས་རྒྱས་ལ་ནི་མུ་ཏིག་དག་གོ། །

ཁྱིམ་པས་ནོར་ཕུལ་བ་དེ་ལ་ནོར་གཞན་དང་མུ་ཏིག་འདྲེས་སམ་མུ་ཏིག་འབའ་ཞིག་ཡོད་ཀྱང་རུང་སྟེ་རིན་ཐང་བརྩིས་ཏེ་མུ་ཏིག་རྣམས་ནི་སངས་རྒྱས་ལ་དབུལ་ལོ། །མ་ཕུལ་ན་སྦོམ་པོར་ཀྱང་འགྱུར་རོ། །ཚོན་ཆེན་པོ་ཡང་ངོ་། །ཚོན་ཆེན་པོ་བརྒྱད་དུ་གཏོགས་པ་ཞིག་ཕུལ་
ནའང་དགེ་སློང་གིས་སྤྱད་དུ་མི་རུང་བའི་ཕྱིར་སངས་རྒྱས་ལ་དབུལ་ལོ། །བཏགས་ཏེ་དྲི་གཙང་ཁང་སྐྱང་ནུལ་བྱུག །སངས་རྒྱས་ལ་མུ་ཏིག་དང་ཚོན་ཆེན་པོ་ཕུལ་ན་བསྲེས་ཏེ་བཏགས་ལ་སངས་རྒྱས་ཀྱི་དྲི་གཙང་ཁང་གི་རི་མོ་དང་སྐྱང་ནུལ་དུ་བྱུག །དེ་ལས་གཞན་སངས་རྒྱས་ཀྱི་ནི་
གཟུགས་དང་དྲི་གཙང་ཁང་དང་མཆོད་རྟེན་གྱི་ཡོ་བྱད་དུ་བསྒོ། །ནོར་བུ་རིན་པོ་ཆེ་ལ་སོགས་པ་ནི་སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་རྒྱན་ནམ་བཙོངས་ལ་གཟུགས་དང་མཆོད་རྟེན་དུ་བརྩིག །ཆོས་ཀྱི་ནི་སངས་རྒྱས་ཀྱི་ཚིག་བྲི་བ་དང་སེང་གེའི་ཁྲིའོ། །ཆོས་ཀྱི་སྐལ་བར་ཕུལ་བ་རྣམས་ནི་
ཆོས་ཀྱི་ཡི་གེ་བྲི་བ་དང་ཡི་གེ་ཀླག་པའི་ཁྲི་ལ་སོགས་པ་བྱ། ཐེག་པ་ནི་གཟུགས་ལའོ། །ཁྱོགས་དང་ཤིང་རྟ་ལ་སོགས་པ་ཕུལ་བའི་ཡུལ་བསྐོར་བའི་གཟུགས་བཞག་པའི་ཕྱིར་སྐུ་གཟུགས་ལ་དབུལ་ལོ། །རྒྱལ་མཚན་ལ་དེའི་འོད་མ་དང་ཡུ་བ་དག་དེ་ལ་རིགས་པའོ། །ཤིང་རིང་
པོ་དང་འོད་མ་ཕུལ་བ་ནི་འཕེན་ཤིང་དང་རྒྱལ་མཚན་གྱི་ཡུ་བ་བྱའོ། །གཞན་དང་ལག་ཆ་དག་ནི་དགེ་འདུན་ལའོ། །ཤིང་ཐུང་ངུ་དང་ལག་ཆ་ལ་སོགས་པ་ནི་དགེ་འདུན་ལ་དབུལ་ཏེ་སྤྱི་ལྟར་སྤྱད་པའི་ཐབས་ནི་འོག་ནས་འཆད། འཁར་གསིལ་དང་ཁབ་དང་མཚོན་དུ་བྱས་ཏེ་དེ་དག་
བྲིམ་ལྕགས་སམ། མཚོན་ཆ་ནི་ཁབ་དང་འཁར་གསིལ་དང་གྲི་ལ་སོགས་པ་བྱ་སྟེ་དགེ་འདུན་ལ་བྲིམ། གཞན་དགེ་འདུན་གྱི་ནི་གཞག་པ་དང་མཆོད་རྟེན་དང་བགོ་བ་ཅི་རིགས་པའོ། །དགེ་འདུན་ལ་ཕུལ་བའི་ནོར་ལ་ཁ་ཅིག་ནི་གཞག་ཁ་ཅིག་ནི་སོ་སོར་བགོ །ཁ་ཅིག་ནི་མཆོད་
རྟེན་དང་འདི་རྣམས་གསུམ་དུ་སྦྱར་ཏེ། གང་བཞག་ཅིང་བགོ་བ་ནི་འོག་ནས་འཆད། ཞིང་དང་ཁྱིམ་དང་ཚོང་དུས་དང་། མལ་སྟན་དང་མགར་པའི་དང་ལྕགས་ཀྱི་དང་སྐྲ་འདྲེག་གི་དང་། རྫ་མཁན་གྱི་དང་། ཤིང་མཁན་གྱི་དང་། རེ་ལྡེ་མཁན་དག་གི་ཡོ་བྱད་དང་བྲན་མོ་དང་

ལས་བྱེད་པ་དང་། མི་ལྷག་མ་དང་། བ་ལང་དང་། མ་ཧེ་དང་། ར་ལུག་དང་། སྨན་དང་། སངས་རྒྱས་ཀྱིས་བསྟན་པའི་གླེགས་བམ་དང་། མིང་གིས་སྨོས་པ་འདི་རྣམས་ནི་དགེ་འདུན་གྱི་སྤྱིར་སྤྱད་ཅིང་བཀོལ་བ་ཡིན་པས་མི་བགོ་བར་གཞག་གོ། །
མྱུར་དུ་བྲིམ་པར་མ་བསྒྲུབ་པ་ནི་སྔ་མར་རིགས་སོ། །ཁྱིམ་པ་དེ་གུད་དུ་བུ་ལོན་ཆགས་ཏེ་དཔང་རྒྱ་ཕུལ་ནས་དཔང་རྒྱ་འདི་དོས་ཤིག་ཅེས་ཟེར་ནའང་བླངས་ཏེ་བཞག་པ་ལ་བྱ། རས་ཡུག་ཆེན་དང་རེའུ་རས་དང་ལྷམ་བོལ་མེད་དང་། ལྷམ་སྒྲོ་གུ་ཅན་དང་། ཡུངས་མར་གྱི་
འབྲག་དང་། བུམ་བུ་དང་རིལ་བ་སྤྱི་ལུགས་དང་། མིང་གིས་སྨོས་པ་འདི་རྣམས་ནི་འཕྲལ་དུ་དགོས་ཏེ་སྤྱད་པ་ལ་བྱ། གཞན་གྱི་གླེགས་བམ་དང་། མུར་འདུག་གི་ཡི་གེ་ཏར་ཀ་དང་བྱཱ་ཀ་ར་ཎ་ལ་བྱ། ཡི་གེ་དང་། སྨན་དཔྱད་ཀྱི་ཡི་གེ་ལའང་བྱ་བུ་ལོན་འཕྲལ་དུ་ཁུགས་པའི་དཔང་
རྒྱའང་བྱ། ཁ་དོག་དག་ནི་གོས་བཙོས་པའི་ཚོན་རྩི་ལ་བྱ། གཉིས་སུའོ། །གསུམ་གྱིར་ནི་འབྲས་དང་ནས་དང་། ཏིལ་དང་བལ་སྲན་དང་དམ་པ་མ་ཡིན་པ་འབྲས་དག་ནི་ཟས་དང་སྐོམ་དུའོ། །མིང་གིས་སྨོས་པ་འདི་རྣམས་ནི་མཆོད་སྟོན་དུ་བྱ་ཞིང་སྤྱད་དོ། །གོས་ཀྱི་དངོས་པོའོ།། །།
ལེབ་ལེབ་པོ་དང་ལེབ་ལེབ་པོའི་ཕྱེད་དུ་མཉམ་པར་བྱ། ཆོས་གོས་ཀྱི་ཚལ་བུ་རིང་ཐུང་དུ་འདུག་པ་ལ་རིང་པོའི་ཕྱེད་ཀྱི་ཚད་དུ་ཐུང་ངུ་བྱའོ། །བཅལ་བའི་ཕྱིར་ཆག་ཤིང་བཅང་། ཀ་ཤ་དྲུབ་པའི་ཚལ་བུ་བཅལ་བའི་ཕྱིར་ཆག་ཤིང་བཅངས་ཀྱང་ཉེས་མེད་དོ། །འདབ་
མའི་དངོས་པོ་ཡང་ངོ་། །ཚལ་བུ་སྣོལ་མ་ཆུར་འགྲོ་བ་དང་ཞེང་དུ་འགྲོ་བ་དང་ཐ་མ་བསྐོར་བ་ཞེང་ཚད་ཆེ་ཆུང་མ་ཁྱེར་བར་མཉམ་པར་བྱ། དེ་ཙམ་དུ་ཆག་ཤིང་བཅང་། ཚལ་བུའི་ཞེང་ཚད་ཀྱི་ཆག་ཤིང་ཡང་བཅང་། འདིའི་མཐའ་ནི་རབ་ཏུ་ཆེ་ན་སོར་བཞིའོ། །ཚལ་བུའི་སྣེ་སྣོལ་
དུ་འགྲོ་བ་དང་མཐའ་བསྐོར་བའི་ཞེང་ཚད་ནི་སོར་བཞིར་བྱའོ། །བྱ་རོག་གི་མཐོ་ཡང་ངོ་། །ཚལ་བུའི་ཞེང་ཚད་བྱ་རོག་གི་རྐང་པའི་ཚད་དུ་བྱས་ཀྱང་རུང་། ཆུང་ངུ་ནི་ཕྱེད་དང་གསུམ་པའམ་མཐེ་བོའི་ངོས་སོ། །ཚལ་བུ་ཆུང་ངུ་ཕྱེད་དང་གསུམ་དང་ཚོན་གང་དུ་བྱས་ཀྱང་

ཉེས་མེད་དེ་ཞེང་ཚད། ས་ལ་གོས་མི་གདིང་། ཆོས་གོས་འཚེམ་བའི་ཚེ་གཞི་མེད་པར་མི་གདིང་། གདིང་བ་དེའི་ཕྱིར་བྱ། ཆོས་གོས་ས་ལ་མི་གཞག་པའི་ཕྱིར་གདིང་བ་བྱ། ཤིང་གིའམ་སྨྱིག་མའི་ལས་གྲུ་བཞིར་རོ། །གདིང་བ་བྱ་བ་ནི་ཤིང་ངམ་སྨྱིག་མ་ལས་གསེག་བྱ།
རེ་ལྡེ་དང་སྤར་ལས་བྱས་ཀྱང་རུང་། བྱས་པ་བཅིངས་པའི་ཕྱིར་སྲད་བུའི་སྐབས་ཀྱི་ཕྱིར་དེ་བུ་གུ་ཞེས་སོ། །ཆོས་ཀྱི་འོག་ཏུ་གདིང་བ་གྲུ་བཞི་ལ་ཐ་མ་གྲུ་བཞིར་བུ་གུ་ཕུག་སྟེ་བརྒྱངས་ལ་བཙེམས་ཀྱང་ཉེས་མེད་དོ། །ཆོས་གོས་ཅི་ཙམ་པར་རོ། །ཆོས་གོས་ཀྱི་འོག་ཏུ་གདིང་བ་
བྱ་བའི་ཚད་ནི་ཆོས་གོས་ཇི་ཙམ་པ་དང་མཉམ་པར་བྱ། མཚོན་གྱིས་དྲ། ཆོས་གོས་དྲ་བ་ནི་མཚོན་གྱིས་དྲས་ཀྱང་ཉེས་མེད་དེ་བཅང་། གྲི་བཅངས་ཀྱང་ཉེས་མེད། བྱ་རོག་གི་མཆུ་ལྟ་བུའམ་བྱ་གག་གི་སྒྲོ་ལྟ་བུར་རོ། །གྲིའི་གཟུགས་ནི་འདི་ལྟ་བུ་ལ་བྱ། ལ