Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 165
Văn bản gốc(Tây Tạng)
Trang 15 / 22 (50.000 ký tự/trang)
་སེམས་མ་བྲོས་པར་བསྡུས་ཏེ་བཤད་དོ། །རིགས་ལ་གྲོལ་བའི་ཚིག་གིས་སོ། །ཆོས་འཆད་པའི་ཚེ་ཚིག་མགོ་མཇུག་མེད་པར་འདྲེས་ པར་རྐྱང་བར་མི་བཤད་ཀྱི་ཚིགས་སུ་ཆོད་ཅིང་བྱེ་བྲག་ཕྱེད་པར་གསལ་པོར་བཤད་དོ། །ཐོད་རྒལ་དུ་མ་ཡིན་ཆོས་འཆད་པས་གཞུང་གཅིག་མ་རྫོགས་པར་རྐེད་ནས་བཅད་དེ་གཞུང་གཞན་གྱི་མགོ་ནས་བཟུང་སྟེ་མི་བཤད། རྒྱུད་འབྱོར་བ། ཐོག་མ་བསོད་ནམས་བཤད་དེ་དེ་ནས་ན་རག་དང་ མི་དགེ་བ་བསྟན། དེ་ནས་ལས་ཀྱི་འབྲས་བུ་དང་མྱ་ངན་ལས་འདས་པའི་འབྲས་བུ་རིམ་བཞིན་བཤད་དོ། །བྱམས་པ་སྙིང་རྗེ་བ། ཆོས་འཆད་པའི་ཚེ་ཞེ་སྡང་མེད་པར་སྙིང་རྗེར་བྱས་ལ་ཁྲོ་སེམས་མི་བསྐྱེད་ཀྱི། བྱམས་པ་དང་སྙིང་རྗེ་བའི་ཕྱིར་བླ་ན་མེད་པར་གདོན་པར་བསམས་ཏེ་བཤད་དོ། ། ཟང་ཟིང་མེད་པའི་སེམས་ཀྱིས་སོ། །ཆོས་བཤད་པའང་བཀུར་སྟི་དང་ཁེ་དང་ནོར་རྫས་ལ་སོགས་པ་འདོད་པའི་ཕྱིར་ཟང་ཟིང་ཡོད་པའི་སེམས་ཀྱིས་ཆོས་མི་བཤད་པ་ལའང་བྱ། དགའ་སྲེད་མགུ་བར་བྱ། ཆོས་མཉན་པས་ཀྱང་ཆོས་འཆད་པ་ལ་སེམས་དང་ཞིང་དགའ་བར་བྱ་བ་དང་བཤད་པ་ འདིས་མི་ཆོག་གི་མང་དུ་མཉན་ཅིང་བསླབ་པའི་ཕྱིར་སྲེད་པར་བྱ་བ་དང་བཤད་པའི་ཆོས་ལ་རྗེས་སུ་ཡི་རངས་ཤིང་མགུ་བར་བྱའོ། །མ་ཟིན་ཀྱང་དོན་གྱི་དབང་གིས་ན་མི་བསྡད། ཆོས་འཆད་པའི་ཚེ་ན་ཚིག་བརྗེད་དམ་གློའམ་ལུད་པ་ལྟ་བུ་ལངས་ནས་བསམས་ཤིང་བལྟས་ཏེ་བསྡད་ལ་བཤད་པ་ལ་བྱ། ཆོས་ འཆད་པའི་རྒྱུད་མ་རྫོགས་པར་རྗེས་མ་འོངས་ན་མཇུག་རྫོགས་ཀྱི་བར་དུ་རྗེས་མ་སྡོད་དུ་གཞུག་པ་ལ་བྱ། དབྱངས་ཀྱིས་ཆོས་བཤད། ཆོས་བཤད་པ་ལ་སེམས་སྐྱེ་ཞིང་དགའ་བར་གྱུར་ན་དབྱངས་སྙན་པས་ཆོས་བཤད་ཀྱང་ཉེས་མེད། ལངས་ནས་བྱེ་བྲག་ཏུ་བྱ། ཆོས་འཆད་འཆད་པ་ ལས་ཟིན་ཏེ་འགྲོ་ཁར་ཆོས་འདྲི་བ་ཞིག་འོངས་ནས་འགྲེང་བཞིན་དུ་ཆོས་བཤད་ཀྱང་ཉེས་མེད་པ་ལའང་བྱ། དྲངས་ཏེ་དོན་གཏམ་དུའོ། །གཞུང་བསྡུས་ཏེ་འཆད་ནའང་ཚིག་འབྱོར་པར་བཤད་པ་ལའང་བྱ། དབྱངས་དང་ཚིག་ལ་དོན་ཅི་ལྟ་བུ་ཞེས་འདྲི་ན་དེའི་དོན་བཤད་པ་ལའང་བྱ། དབྱེ་ ཞིང་སྦྱར། ཆོས་བཤད་པ་དེས་གཞུང་འདི་ལྟར་དྲངས་ན་འདི་དང་མཐུན་ནོ། །འདི་དང་མི་མཐུན་ནོ་ཞེས་བཤད་པ་ལའང་བྱ། གཞུང་གི་ནང་དུ་ལ་ལས་རང་བཟོ་བཅུག་པ་ཞིག་ཡོད་ན་འདི་ཚིག་དེ་ཕྱུང་སྟེ་གཞུང་བཞིན་བཤད་ཅིང་བསྟན་པ་ལའང་བྱའོ། །དགེ་འདུན་གྱི་གནས་བརྟན་གྱིས་ཉི་མ་ བགྲང་། དགེ་འདུན་གྱི་གནས་བརྟན་གྱིས་ཞག་དང་ཉི་མ་བགྲངས་ཏེ་ཚེས་གྲངས་བཟུང་། སྐུད་པས་བརྒྱུས་པའི་ཤིང་བྲན་གྱིས་སྤོ་ཞིང་ངོ་། །ཚེས་གྲངས་གཟུང་བའི་ཐབས་ནི་སྐུད་པ་ལས་ཤིང་བུ་བཅོ་ལྔ་བརྒྱུས་ལ་ཚེས་གྲངས་ཀྱི་མིང་སོ་སོར་བྲིས་ཏེ་ཤིང་སྦུ་གུ་ཅན་གཅིག་གིས་བར་ གཅད་བྱས་ལ་ཞག་གཅིག་ལོན་ཞིང་སྦུ་གུ་ཅན་གྱི་ནང་ནས་ཤིང་བུ་གཅིག་དྲང་། གཙུག་ལག་ཁང་སྐྱོང་གིས་དེར་འོངས་ཤིང་དགེ་འདུན་ལ་ཞུ། གཙུག་ལག་ཁང་སྐྱོང་གིས་དགེ་འདུན་གྱི་གནས་བརྟན་ལ་ཚེས་གྲངས་དྲིས་ལ་དགེ་བརྟགས་ཀྱི་ཚེས་གྲངས་འདི་འདས་སོ་ཞེས་དགེ་འདུན་ ལ་སྨྲ། བྱེ་བྲག་གིས་སོ། །གནས་བརྟན་གྱིས་ཚེས་གྲངས་མ་འཁྲུལ་བར་བྱ་ཞིང་ཚེས་གྲངས་ཀྱི་མིང་དང་ཟླ་བ་གྱེན་ཐུར་བྱེ་བྲག་ཕྱེད་པར་བྱ། ཟླ་བ་ཕྱེད་ཐ་དད་དུའོ། །ཚེས་གྲངས་སྨོས་པའི་ཚེ་ཟླ་བ་ཡར་གྱི་ཞག་འདི་འདས་སོ་ཞེས་བྱ་བ་དང་། ཟླ་བ་མར་གྱི་ ཞག་འདི་འདས་སོ་ཞེས་བྱ་བ་མ་འཁྲུལ་བར་བྱ། གཙུག་ལག་ཁང་གི་བདག་པོ་དང་ལྷའི་ཕྱིར་ཚིགས་སུ་བཅད་པ་ལྷོགས་ཤིག་ཅེས་དགེ་སློང་ལ་བསྒོ་བའི་ཚིག་གོ། །དགེ་བརྟགས་ཀློག་པའི་ཚེ་གཙུག་ལག་ཁང་གི་བདག་པོ་དང་ལྷའི་ཕྱིར་ཚིགས་སུ་བཅད་པ་ལྷོགས་ཤིག་ཅེས་ཀྱང་སྨྲ་ སྟེ་སྨྲ་བའི་ཚིག་ཉིད་འོག་ནས་ཞིབ་ཏུ་འཆད། དེ་མ་ཐག་ཏུའོ། །དགེ་བརྟགས་ཀློག་པས་མདོ་ལྟག་མ་སྐད་དུ་སྨྲས་པ་དང་། དགེ་འདུན་རྣམས་ཀྱིས་ཀྱང་ཚིགས་སུ་བཅད་པ་གཉིས་བཀླག་གོ། །དེར་ཡང་ཟླ་བ་ཕྱེད་ཀྱི་ཚེས་གཅིག་སྟེ་གཙུག་ལག་ཁང་གི་བདག་པོ་དང་གཙུག་ལག་ཁང་གི་ལྷ་ རྣམས་ཀྱི་ཕྱིར་ཚིགས་སུ་བཅད་པ་ལྷོགས་ཤིག་ཅེས་སོ། །ཚིགས་སུ་བཅད་པ་ལྷོགས་ཤིག་པའི་ཚིག་ནི་ཚེས་གཅིག་གམ་གཉིས་ཀྱང་རུང་འདས་པ་ཡིན་ཏེ་གཙུག་ལག་ཁང་གི་བདག་པོ་དང་ལྷའི་ཕྱིར་ཚིགས་སུ་བཅད་པ་ཚིག་འདི་གོ་རིམས་བཞིན་དུ་བྱའོ། །གཙུག་ལག་ཁང་གི་བདག་པོ་སྤྱན་ འདྲེན་པའི་ཚིག་ཀྱང་སྟེ་འདི་ཞེས་བྱ་བའི་སྦྱིན་བདག་གིས་དགེ་སློང་གི་དགེ་འདུན་མཆོད་པར་སྤྱན་འདྲེན་གྱི་དེ་ལ་བཙུན་པ་རྣམས་ཀྱིས་དགེ་བའི་ཡིད་ཀྱིས་ཐུགས་རྗེས་གཟིགས་ཤིག་ཅེས་སོ། །མདོ་ལྟག་མ་ལྟར་སྨྲས་པའི་རྗེས་བཞིན་དུ་ཡོན་བདག་སུ་ཡིན་པས་སང་བཤོས་ལ་སྤྱན་འདྲེན་གྱི་ དགེ་འདུན་གྱིས་ཐུགས་རྗེས་དགོས་ཤིག་ཅེས་མདོ་འདིའི་ཚིག་བཞིན་དུ་སྨྲས་ཞག་ཉུང་བ་ཡང་གཞུག །གསོ་སྦྱོང་བྱ་བ་ནི་ཟླ་བ་ཞག་མ་ཚང་བའི་རྣམས་ལ་ཚེས་བཅུ་བཞི་ཞིང་བྱའོ། །ཚེས་བཅུ་བཞི་ཞིང་བྱ་བའི་ཟླ་བ་ནི་དཔྱིད་ཟླ་འབྲིང་པོ་དང་དབྱར་ཟླ་ར་བ་དང་དབྱར་ཟླ་ཐ་ཆུངས་དང་སྟོན་ཟླ་འབྲིང་པོ་དང་ དགུན་ཟླ་ར་བ་དང་དགུན་ཟླ་ཐ་ཆུངས་དྲུག་ཤི་བའི་ཚེས་བཅུ་བཞིའི་གསོ་སྦྱོང་དུ་བྱའོ། །ཟླ་བ་ཕྱེད་ལས་འདས་པའི་དུས་ལ་ཞག་བཅོ་ལྔར་མི་ཐུབ་སྟེ་བཅུ་བཞི་ལ་གསོ་སྦྱོང་བྱ་བ་ནི་ཟླ་བ་དྲུག་གོང་དུ་སྨོས་པ་ཡིན་གྱི་གཞན་ཐམས་ཅད་ནི་བཅོ་ལྔའི་གསོ་སྦྱོང་དུ་བྱའོ། །ཟླ་བ་ལྷག་པའང་བྱ་སྟེ་རྒྱལ་པོའི་ རྗེས་སུ་འཇུག །རྒྱལ་པོས་ཟླ་བ་ཤོལ་འདུམས་ཤིག་ཏུ་བསྒྱུར་བ་བརྩིས་ནའང་དགེ་སློང་གིས་ཞག་གྲངས་བརྩིས་པ་མི་བརྩན་གྱི་རྒྱལ་པོས་བརྩིས་པ་བཞིན་དུ་གསོ་སྦྱོང་བྱ། སྐར་མཁན་གྱི་ཕྱིར་འཇུག་ཅིང་སྐར་མའི་རྒྱུད་ཀྱི་རྗེས་སུ་ཡང་ངོ་། །སྐར་མཁན་གྱིས་བརྩིས་ཏེ་ཤོལ་འདུམས་ཡོད་ པ་ཞིག་ཏུ་གྱུར་ན་སྐར་མཁན་གྱིས་བརྩིས་བཞིན་དུ་ཚེས་གྲངས་བརྩི་ཞིང་གསོ་སྦྱོང་བྱའོ། །ཚེས་གྲངས་བརྩི་བའི་ཕྱིར་དགེ་སློང་གིས་སྐར་མའི་རྒྱུད་བསླབས་ཀྱང་ཉེས་མེད་པའང་བྱའོ། །མ་བརྟགས་གསོ་སྦྱོང་གི་བར་དུ་མ་བསྡད་པར་སྟོང་པ་ཞེས་མཚམས་མི་བཅིང་། ལྷ་ཁང་སྟོང་ པ་དགེ་སློང་གནས་སམ་མི་གནས་གཏོལ་མེད་པར་བདག་ཅག་གནས་པར་བྱ་བའི་ཕྱིར་མཚམས་མི་བཅད་གཙུག་ལག་ཁང་སྟོང་པ་དེར་དགེ་སློང་གནས་སམ་མི་གནས་བརྟགས་པ་ནི་གསོ་སྦྱོང་གི་ཞག་དུས་ཀྱི་བར་དུ་བསྡད་དེ་མ་འོངས་ན་མཚམས་བཅད་ཀྱང་ཉེས་མེད། གསོ་སྦྱོང་བར་དུ་ མ་བསྡད་པར་མཚམས་བཅད་ན་ཉེས་བྱས། ཡན་ལག་མ་ཡིན་པ་ནི་མ་སྐྱེས་པར་ཤེས་པའི་བཅད་པའོ། །གཙུག་ལག་ཁང་གི་མཚམས་སྔར་བཅད་ཟིན་ལ་མཚམས་བཅད་དམ་མ་བཅད་གཏོལ་མེད་དེ་མི་ཤེས་ཀྱང་རུང་བཅད་པར་ཤེས་བཞིན་དུ་ཡང་རུང་སྟེ་མཚམས་སྔགས་ཀྱིས་མ་བཀྲོལ་ལམ་ཞིག་ པ་མ་ཡིན་ན་ཕྱིས་བཅད་ཀྱང་མཚམས་བཅད་པར་མི་འགྱུར་བའི་སྟེང་དུ་ཉེས་བྱས་ཀྱང་ཡོད་དོ། །དེ་མེད་ན་ཡང་བཏང་བའོ། །མཚམས་སྔགས་ཀྱིས་བཀྲོལ་བ་དང་། དགེ་སློང་ཀུན་གུད་དུ་དོང་སྟེ་ཞག་ལོན་པ་དང་དགེ་སློང་ཕ་ཀུན་མོ་མཚན་དུ་གྱུར་པ་དང་། དགེ་སློང་ཀུན་ཤི་སྟེ་ལྷ་ཁང་སྟོང་པར་ གྱུར་པ་དང་། དགེ་སློང་ཀུན་ཁྲིམས་ཕུལ་བ་དང་། དགེ་སློང་ཀུན་མཚམས་མེད་པ་དང་། ཕས་ཕམ་པར་གྱུར་པ་དང་། དགེ་སློང་ཀུན་མུར་འདུག་ཏུ་ཞུགས་པ་དང་། རྣམ་པ་འདི་བདུན་ལྟ་བུ་ཞིག་ཏུ་གྱུར་ན་མཚམས་ཞིག་པ་ཡིན་ནོ། །བརྟགས་པའི་གནས་ཀྱང་ངོ་། །ཚང་མང་དུ་ བསྔོས་ཏེ་གསོལ་བ་དང་ཞུ་བའི་ལས་བྱས་པའང་གོང་མའི་རྣམ་པ་བདུན་དུ་སྨོས་པ་གང་ཡང་རུང་། གཅིག་ལྟར་གྱུར་ན་གསོལ་བ་དང་ཞུ་བའི་ལས་ཞིག་པ་ཡིན་ཏེ་ཕྱིས་བྱ་དགོས་སོ། །མ་བརྟགས་པ་ནི་མཚམས་ལ་མཚམས་བསྐོར་བའོ། །མཚམས་སྔར་བཅད་ཟིན་པ་ལ་ཕྱིས་མཚམས་ བཅད་ཀྱང་མཚམས་མི་ཆགས་སོ། །བརྟགས་པ་ནི་འཁོར་དང་དགེ་སློང་མའི་དབྱར་མོ་ཐང་དང་ཁྲོན་པ་ཡང་ངོ་། །མཚམས་ཀྱི་ཕྱི་རོལ་ཀྱང་རུང་མཚམས་སྔ་མ་བཅད་པའང་རུང་སྟེ། འཕྲལ་ལ་སོགས་པ་དང་ཞུ་བའི་ལས་ཀྱིས་མཚམས་བུ་ཆུང་ངུ་བཅད་ལ་གསོ་སྦྱོང་ བྱས་ནའང་རུང་མཚམས་བུ་ཆུང་མ་བྱས་ཀྱང་རུང་། དགེ་སློང་མའི་གཙུག་ལག་ཁང་དུ་འདོང་སྟེ་དད་པ་དྲིས་ལ་གསོ་སྦྱོང་བྱས་ཀྱང་རུང་། ཤིང་གཅིག་འདུག་པའི་མཚམས་ཀྱིས་དུ་མ་བཞིའི་མཚམས་སོ། །མཚམས་གཉིས་གསུམ་ཞིག་སོ་སོར་གཅོད་དེ་ཀུན་གྱི་བར་ན་ཤིང་ངམ་རྡོ་ ཞིག་ཡོད་ན་མཚམས་དེ་ཀུན་གྱི་མཚམས་ཤིང་ངམ་རྡོ་དེ་གཅིག་པུ་ལ་གཟུགས་སུ་རུང་ངོ་། །བརྟན་པ་དེ་མཚན་མའོ། །མཚམས་ཀྱི་མཚན་མ་གཟུགས་པ་ནི་བྲག་གམ་ཕ་བོང་ངམ་ཞིང་ལྟ་བུ་བརྟན་པ་ལས་གཟུགས་སོ། །འདི་ལྟར་གྱུར་པ་མ་ཡིན་པ་ནི་འཕྲུལ་དང་སྒྱུ་མས་བྱས་པའོ། ། མཚམས་ཀྱི་མཚན་མ་མི་བརྟན་པ་སྤྲིན་ནམ། ན་བུན་ནམ། སྒྱུ་མར་སྤྲུལ་ཅིང་འདུག་པ་ལྟ་བུ་ལ་མཚན་མར་མི་གཟུགས། མི་བརྟན་པའི་ཟླ་བ་དང་ཉི་མའི་འོད་ལ་སོགས་པའི་རླབས་སོ། །མཚམས་ཀྱི་མཚན་མ་ཟླ་བ་དང་ཉི་མའི་འོད་ཟེར་དང་གྲིབ་མ་ལྟ་བུ་དང་ཆུའི་རླབས་སྐྱེད་འབྲིར་འགྱུར་ བ་ལ་མཚན་མ་མི་གཟུགས། མཚམས་ཀྱི་ཆུ་ནི་མཚམས་གཞན་དང་འདྲའོ། །རྫ་མ་དང་ཟངས་ཀྱི་ནང་དུ་ཆུ་བླུགས་ལ་དེའི་ནང་དུ་ཆོས་གོས་བཅུག་ལ་ཆོས་གོས་དེ་སྣོད་ལ་མ་རེག་པར་སྐྱ་རེངས་བྱུང་ནའང་བྲལ་བའི་ལྟུང་བ་ལའང་བྱ། མཚམས་བཅད་པའི་ནང་དུ་ཆུ་འབབ་ཅིང་སྐམ་པ་ཞིག་ ཡོད་ནའང་འབབ་པའི་ཚེ་ནི་ཆུ་ཕན་ཆད་མཚམས་གཅིག་ཏུ་མི་རུང་སྐམ་པའི་ཚེ་ནི་མཚམས་སུ་རུང་ངོ་། །བར་ཆད་ན་གཅིག་ཏུ་མེད་དོ། །མཚམས་བཅད་ནས་མཚམས་ཀྱི་ནང་དུ་ཆུ་འབབ་ན་མཚམས་བཅད་པས་བརྩིར་མི་རུང་སྟེ་ཆུས་མཚམས་སུ་བཟུང་ངོ་། །དེ་སྟེ་ཟམ་པ་བརྟན་ན་ནི་ཡུལ་ བཞིན་ནོ། །ཆུ་དེ་ལ་ཟམ་པ་བཟང་པོ་ཞིག་ཡོད་ན་ནི་ཆུས་ཆོད་ཀྱང་མཚམས་གཅིག་པ་དང་འདྲའོ། །ཞིག་པ་ལས་སླར་བྱས་ན་རྗེས་སུ་འཇུག་པའོ། །ཆུ་ལ་ཟམ་པ་ཡོད་པ་དེ་ཞིག་སྟེ་སླར་བཅོས་པར་བསམས་ན་ཟམ་པ་མ་ཐོགས་ཀྱི་བར་དུ་ཞག་གིས་ཆོད་ཀྱང་ཞིག་པར་མི་འགྱུར་ཏེ་ཆོས་གོས་དང་ བྲལ་བར་ཡང་མི་འགྱུར། སྦྱོར་བ་མ་བཏང་ན་ཡང་ངོ་། །ཟམ་པ་བཅོས་པར་བསམས་ན་ཞག་གིས་ཆོད་ཀྱང་རུང་བ་ནི་ཟམ་པ་ཞིག་ནས་མཁར་ལན་མགོ་ཟུགས་ཏེ་རྩོམ་བཞིན་ན་རུང་གི་མཁར་ལན་མ་ཟུགས་ལ་ཕྱིས་བཅོས་པར་སེམས་པ་ནི་མི་རུང་ངོ་། །ཞག་བདུན་ལས་འདས་ན་མ་ཡིན་ནོ། ། བཅོས་པར་བསམས་ན་རུང་བ་ནི་ཞག་བདུན་ཚུན་ཆད་རུང་གི་ཞག་བདུན་ལས་འདས་ན་བཅོས་པར་བསམས་ཤིང་མཁར་ལན་མགོ་ཟུགས་གཅིག་གིས་རྒྱུན་མ་ཆད་པར་བྱས་ཀྱང་མི་རུང་ངོ་། །ནམ་མཁའི་ན་བར་ཆད་དུ་འགྱུར་རོ། །མཚམས་ཀྱི་མཚན་མ་ནམ་མཁའ་ལ་མི་རུང་སྟེ་ནམ་ མཁའ་ལ་མཚམས་ཀྱི་མཚན་མ་བཙུགས་ཀྱང་མི་ཆུད་དོ། །འདི་ཡོད་ཀྱང་མི་སྤྱོད་པ་མ་ཆོད་པ་ལྟ་ག་ལ་ཞིག །ནམ་མཁའ་ཡོད་དུ་ཟིན་ཀྱང་གཟུང་ཞིང་བསྔོར་མེད་ན་མཚམས་ཀྱི་མཚན་མ་ཅི་ལས་གཟུང་སྟེ་ག་ལ་རུང་། དབུས་ནས་དཔག་ཚད་ཕྱེད་དང་གསུམ་གྱི་མཐའི་མཚམས་ ལས་ལྷག་པར་གཅོད་དུ་མི་སྐྱེའོ། །མཚམས་བཅད་པའི་ཚད་དཔག་ཚད་ཕྱེད་དང་གསུམ་ཚུན་ཆད་ནི་བཅད་དུ་རུང་གི་དཔག་ཚད་ཕྱེད་དང་གསུམ་ལས་རིང་བ་ཕན་ཆད་ནི་གསོལ་བ་དང་ཞུ་བའི་སྔགས་ཀྱིས་མཚམས་བཅད་ཀྱང་མཚམས་མ་བཅད་པ་དང་འདྲ་སྟེ་སྔགས་ཀྱང་མི་འཆགས་ མཚམས་ཀྱང་མེད་དོ། །དེ་བཞིན་དུ་བླ་དང་འོག་དང་སྲ་བ་ལ་བཅད་པའང་ཐང་བཞིན་ནོ། །ལུང་པ་ལ་སུལ་གཅོང་རོང་ཞིག་ཏུ་མཚམས་གཅོད་ན་རི་གཅིག་ནས་གཅིག་གི་བར་ནམ་མཁའ་ལ་ཁ་དྲང་དུ་མི་བཅད་ཀྱི་སའི་གཞི་གྱེན་ཐུར་ཅི་ལྟར་འདུག་པ་བཞིན་དུ་འདོམ་གྲངས་ཀྱིས་བཅལ་ཏེ་ དཔག་ཚད་ཕྱེད་དང་གསུམ་དུ་བཅད་དོ། །མི་སྐྱེ་བ་ནི་མི་འབྲལ་བར་གནང་བ་ལས་མཚམས་མ་བཅད་ནའོ། །གསོལ་བ་དང་ཞུ་བའི་ལས་ཀྱིས་མཚམས་བཅད་ན་རྒན་པོ་དང་ནད་པ་ལས་ཆོས་གོས་དང་མི་འབྲལ་བའི་གནང་བ་བྱིན་ཀྱང་འབྲལ་བར་འགྱུར་རོ། །བཅད་པ་མེད་ན་མེད་དོ། ། མཚམས་བཅད་དེ་ཆོས་གོས་དང་མི་འབྲལ་བར་གནང་བ་བྱིན་པ་ལས་མཚམས་ཞིག་པ་རྣམ་པ་བདུན་གང་ཡང་རུང་། གཅིག་བྱུང་ན་ཆོས་གོས་དང་མི་འབྲལ་བར་གནང་བ་བྱིན་པ་ཞིག་སྟེ་བྲལ་བར་འགྱུར་རོ། །དེས་ན་མ་ཡིན་ནོ། །དགེ་སློང་རྒན་པོ་དང་ནད་པ་ཆོས་གོས་དང་འབྲལ་བར་གནང་ བ་དེ་ཤིའམ་ཁྲིམས་ཕུལ་ལམ་གནང་བ་སླར་ཕྲོགས་ཀྱང་མཚམས་ནི་ཞིག་པར་མི་འགྱུར་རོ། །མཆོད་རྟེན་དང་དྲི་གཙང་ཁང་གི་བར་དང་གསོ་སྦྱོང་གི་དངོས་པོར་གསོ་སྦྱོང་གི་ཚེ་ཕྱགས། གསོ་སྦྱོང་བྱེད་པའི་དུས་སུ་མཆོད་རྟེན་དང་དྲི་གཙང་ཁང་དང་གསོ་སྦྱོང་ བྱེད་པའི་སར་ཕྱག་དར་དང་མཎྜལ་དང་། ཆག་ཆག་ལ་སོགས་པ་བྱས་ཏེ་མེ་ཏོག་གིས་བརྒྱན་ཏོ། །དད་པ་བྱིན་པ་པ་ནི་དགེ་འདུན་ལ་བྱིན་པའོ། །གསོ་སྦྱོང་ལ་འདུ་བའི་ཚེ་བྲེལ་ཏམ། ན་ན་དགེ་འདུན་ལ་དད་པ་ཕུལ་ནས་འདུས་པ་དང་འདྲ་སྟེ་ལས་སུ་རུང་ངོ་། །གང་སུས་ཀྱང་ དེའི་ཕྱིར་དེ་ཞུ་བར་གྱིས་ཤིག །དེ་མཚམས་ཀྱི་ཕྱི་རོལ་ན་གནས་ན་མི་སྦྱིན་སྦྱིན་དུ་མི་འཇུག །དད་པ་ལེན་པ་ལས་བར་དུ་ཆུའམ་ར་བས་ཆོད་ན་དད་པ་བླངས་པར་མི་ཆུད་པའི་ཕྱིར་བདག་གིས་ཀྱང་དད་པ་མི་འབུལ་ཏེ་དད་པ་ལེན་པས་ཀྱང་འབུལ་དུ་མི་གཞུག་ཅིང་དད་པ་མི་བླང་། ཕུལ་ཀྱང་ དད་པ་ཕུལ་བར་མི་ཆུད། སྦྱིན་དུ་མི་གཞུག །མཚམས་ཀྱི་ཕྱི་རོལ་ནས་བདག་གིས་ཀྱང་མི་ལེན་ཁོ་བོ་སྦྱིན་དུ་ཡང་མི་གཞུག །གཅིག་ནས་གཅིག་ཏུ་མ་ཡིན་དད་པ་ལེན་དུ་བསྐོས་པའི་མི་དེས་གཞན་ལ་བཅོལ་ཏེ་དད་པ་ལེན་དུ་མི་བཏང་། དེ་ལྟར་བྱས་ན་དད་པ་འབུལ་བ་དང་དད་པ་ ལེན་པར་བསྐོས་པའི་དགེ་སློང་གཉིས་ཉེས་བྱས་སོ། །ཉེས་བྱས་པ་ནི་ན་བ་དང་དབང་མེད་པ་དང་གསོག་དང་ཚངས་པར་སྤྱོད་པའི་བར་ཆད་ཀྱིས་འཇིགས་པ་ལས་བྱིན་ནའོ། །དད་པ་ལེན་པར་བསྐོས་པ་དེས་དད་པ་བླངས་ནས་དགེ་འདུན་ལ་དད་པ་དབུལ་བ་བདག་ཉིད་ཀྱིས་མ་ཕུལ་བར་མི་ གཞན་ལ་བཅོལ་ཏེ་དབུལ་དུ་བཅུག་ན་ཉེས་བྱས་སོ། །དད་པ་གཞན་ལ་དབུལ་དུ་བཅུག་ཀྱང་ཉེས་མེད་པ་ནི་སྲོག་ལ་དམའ་བ་དང་ཚངས་པར་སྤྱོད་པའི་བར་ཆད་དུ་འགྱུར་བ་དང་། བདག་ལ་དབང་མེད་པ་མེད་པའི་རྐྱེན་ཅིག་བྱུང་སྟེ་གུད་དུ་འགྲོ་བར་འགྱུར་ཏེ་རིངས་ན་གྲོགས་གཅིག་ལ་ དད་པ་དབུལ་དུ་བཅོལ་ཀྱང་ཉེས་མེད་དོ། །མ་གུས་པས་མ་ཞུས་ནའོ། །དད་པ་བླངས་ན་བླངས་ཀྱི་མ་གུས་པའི་ཕྱིར་མ་ཕུལ་ཡང་བླ་ཞེས་བསམས་ཏེ་འདུག་པ་ནི་དགེ་འདུན་གསོ་སྦྱོང་གི་ལས་ནི་རུང་གི་དགེ་སློང་དེ་ཉེས་བྱས་སོ། །ཉེས་མེད་པ་ནི་འདིས་འཇིགས་ཏེ་ཕྱིའི་མཚམས་ནས་བླངས་པའོ། ། དད་པས་བླངས་ནས་འབུལ་དུ་འགྲོ་བའི་ལམ་ན་དགྲའམ་གནོད་པར་བྱེད་པ་ཞིག་ཡོད་ན་མཚམས་ཀྱི་ཕྱི་རོལ་ནས་བསྐོས་ཏེ་དགེ་འདུན་ལ་དད་པ་ཕུལ་ཡང་ཉེས་མེད་དོ། །གཙུག་ལག་ཁང་སྐྱོང་གིས་གསོ་སྦྱོང་གི་ཚུལ་ཤིང་འདྲིམ་པ་ནས་དགེ་སློང་དགོངས་ཤིག །དགེ་སློང་གྲངས་མང་སྟེ་ ངོས་མི་ཚོལ་ན་གཙུག་ལག་ཁང་སྐྱོང་གིས་གསོ་སྦྱོང་གི་ཚེ་ཚུལ་ཤིང་བྲིམ་ལ་ཤིང་བསྡུས་ཏེ་ཚང་ངམ་མ་ཚང་ཤིང་མི་བགྲང་ངོ་། །རབ་ཏུ་ཐོན་པའི་ཚིག་ཕྱེད་ཀྱང་མི་འཁྲུལ་བར་ཤོད་ཅིག །གསོ་སྦྱོང་བྱེད་པའི་ཚེ་སོ་སོར་ཐར་པ་ཁ་དོན་དུ་ཀློག་པ་ནི་ཚིག་ཅུང་ཟད་ཀྱང་མི་འཁྲུལ་བར་ཀློག་ ནུས་པ་གཅིག་གིས་བཀླག་གོ། །དགེ་འདུན་གྱི་གནས་བརྟན་གྱིས་སོ། །སོ་སོར་ཐར་པ་ཁ་དོན་ཀློག་པ་བསྐོས་པ་ནི་ལས་བྱེད་པ་དགེ་སློང་གིས་གནས་བརྟན་གྲལ་མཐོན་པོ་ན་འདུག་པ་མེ་ཏོག་བྲིམས་ཏེ་བྱེད་དུ་གཞུག་གོ། །མི་ནུས་ན་གཉིས་པོས་ཀྱང་ངོ་། །གྲལ་ཐོག་མ་པས་ཁ་དོན་ ཀློག་མི་ནུས་ན་དེའི་འོག་ནས་འདུག་པ་ལ་མེ་ཏོག་བྱིན་ཏེ་བྱེད་དུ་གཞུག་གོ། །གསུམ་པོས་ཀྱང་ངོ་། །དེས་ཀྱང་མ་ནུས་ན་གཉིས་ཀྱི་འོག་ནས་དགེ་སློང་སུ་འདུག་པ་ལ་མེ་ཏོག་བྱིན་ཏེ་ཀློག་ཏུ་གཞུག་གོ། །དེས་ཀྱང་ན་རེ་མོར་རོ། །དེས་ཀྱང་མ་ནུས་ན་དེ་གསུམ་ཁ་དོན་ཅི་ཤེས་པ་ལས་ གཅིག་གི་མཇུག་གཅིག་གིས་མཐུད་དེ་ཁ་དོན་ཟེར་དུ་གཞུག་གོ། །མི་ནུས་ན་གཞན་ལ་བསྐོ། །དེ་གསུམ་གཅིག་གིས་གཅིག་མཐུད་དེ་བྱར་ཡང་མི་ནུས་ན་འོག་ན་ཁ་ཐོན་ཤེས་པ་སུ་ཡོད་པ་ལ་མེ་ཏོག་བྱིན་ཏེ་བྱེད་དུ་གཞུག་གོ། །མི་བཏུབ་ན་དགེ་འདུན་གྱིས་སོ། །ཁ་ཐོན་ཤེས་པ་དེ་བྱེད་ དུ་མི་བཏུབ་ན་དགེ་འདུན་ཀུན་གྱིས་བསྐོས་ཏེ་བྱེད་དུ་གཞུག་གོ། །བརྟག་པ་ཡང་ངོ་། །སོ་སོར་ཐར་པ་ཁ་ཐོན་ཤེས་ཤིང་ཚིག་མི་འཁྲུལ་བར་མཁས་པ་ཞིག་ཡོད་ན་རྟག་ཏུ་དེ་སོ་སོར་ཐར་པ་ཁ་ཐོན་བྱེད་དུ་གཞུག་གོ། །ལུས་ན་ལྷག་མ་གཞན་གྱིས་སོ། །སོ་སོར་ཐར་པ་མི་གཅིག་གིས་ ཁ་ཐོན་མཇུག་ཏུ་མ་ཕྱིན་ཏེ་ལྷག་མ་ལུས་ན་སུ་ཤེས་པ་གཅིག་གིས་བརྗེས་ཏེ་འཕྲོ་ནས་བཟུང་སྟེ་བྱའོ། །དུམ་བུ་དུམ་བུར་བཟུང་སྟེ་ནམ་འབྱོར་གྱི་བར་དུའོ། །མདོ་ལྟག་མ་ལྟར་གཅིག་གིས་མཐུད་དེ་མ་ནུས་ན་མི་དུ་མས་གཅིག་གི་མཇུག་གཅིག་གིས་མཐུད་དེ་མཇུག་ཏུ་ཕྱིན་ཕྱིན་དུ་ བྱའོ། །མི་རིགས་པ་ནི་འཇིགས་པ་དང་བཅས་པའི་གནས་མཛེས་པར་འདོད་དེ་གྲོང་དང་མི་ཉེ་བར་གསོ་སྦྱོང་བྱེད་པའོ། །འཇིགས་ས་ཞིག་ཏུ་མེ་ཏོག་དང་གཟིང་མ་བཟང་པོའི་ཕྱིར་གཙུག་ལག་ཁང་ནས་བྱུང་སྟེ་དེར་གསོ་སྦྱོང་བྱས་ན་ཉེས་བྱས། མི་འདུག་པར་ འགྲོགས་ཏེ་དོང་བ་ན་ཡང་བྱ། ལམ་དུ་ཞུགས་པ་ལ་གསོ་སྦྱོང་བྱར་ལམ་གྲོགས་དང་བྲལ་ན་འགྲོ་ཞིང་ལམ་གྲོགས་ཁྱིམ་པ་དང་འགྲོགས་བཞིན་དུ་སོ་སོར་ཐར་པ་བཀླག་གོ། །སྒྲ་མི་འདོད་ན་མདོས་སོ། །ལྟག་མ་ལྟར་ཀླག་ཏུ་འཇིགས་པའི་ཕྱིར་ལམ་གྲོགས་གཤེ་ན་སྒྲ་བསྐྱུངས་ཏེ་མདོ་ ཙམ་བཀླག་གོ། །དེ་ལྟར་ཡང་ན་བསྔོ། །ལྟག་མ་ལྟར་ཤུབ་བུར་བཀླག་ཏུ་ལམ་གྲོགས་གཤེ་ན་ཉེས་པ་ཅི་ཡོད་པ་གྲོགས་ལ་དཔང་བཙུགས་ཏེ་བརྟགས་ལ་གཞག །ཁ་ན་མ་ཐོ་བ་མེད་པ་ནི་དད་པ་ལ་གཙོ་བོ་སྟེ་དགའ་བར་འགྱུར་ན་བསྙད། དགེ་བསྙེན་ཁྲིམས་ཐོས་ཀྱང་ཕྱིར་མི་ནུར་ཞིང་ མི་འགྱུར་བ་དང་མི་དགའ་བར་མི་འགྱུར་བ་དགེ་འདུན་གྱི་རག་ལུས་ཤིང་ཞལ་ཏ་བྱེད་པའི་དགེ་བསྙེན་དད་པ་ཆེན་པོ་ཞིག་ན་གསོ་སྦྱོང་གི་ཆོ་ག་དང་ཁྲིམས་ལ་སོགས་པ་བསྟན་ཀྱང་ཉེས་མེད་དོ། །འདུག་ན་གསོ་སྦྱོང་བྱ། ཁྱིམ་པ་ཞིག་གསོ་སྦྱོང་གི་ཆོ་ག་ལ་ལྟ་འདོད་དེ་མི་བལྟར་མི་རུང་ཞེས་ཟེར་ཏེ་ འདུག་ན་དྲུང་ན་འདུག་བཞིན་དུ་གསོ་སྦྱོང་བྱས་ཀྱང་ཉེས་མེད་དོ། །རིང་བ་ཞིག་ན་ཁྱིམ་པ་འདུག་ཀྱང་བཤད་དེ། བདག་ན་ཚབས་ཆེ་སྟེ་ཤི་ལ་ཐུག་པ་དང་མི་རྒོད་ལ་སོགས་པས་གསད་པར་བཤམས་ཏེ་འཆི་བར་འགྱུར་ཞིང་དགེ་སློང་གྲོགས་ལ་མཐོལ་དུ་མི་སླེབས་ན་ཁྱིམ་པ་ལ་བདག་གི་ཉེས་པ་ ཅི་ཡོད་པ་ཚངས་སུ་བྱ། དེ་ལ་ཆོ་ག་བསྙད། མི་རྒོད་ལ་སོགས་པ་མི་སྲུན་པ་ཞིག་གིས་ཁྲིམས་ལ་མ་བསྟན་ན་གསད་དོ་རྡེག་གོ་ཞེས་ཟེར་ན་ཁྲིམས་བསྟན་ཀྱང་ཉེས་མེད། རྒྱལ་པོ་ལ་ཡང་བསྙད། རྒྱལ་པོ་ཁྲིམས་འདྲི་ན་བསྟན་ཀྱང་ཉེས་མེད། མཐའ་ལ་ཕན་ཆད་མི་སྐྱེ་བ་མ་ཡིན་སོ་སོར་ཐར་ པའི་གཞི་བཀླགས་ཟིན་ཏེ་རྐྱེན་ཅིག་བྱུང་སྟེ་རྐེད་ཆད་དུ་བཞག་སྟེ་མན་ཆད་མཇུག་ཏུ་ཕྱིན་པར་མ་བཀླག་ཀྱང་གསོ་སྦྱོང་དུ་ཆུད་དོ། །བཤད་པ་དང་དེ་ཙམ་པ་དང་དུས་དང་ཆད་པ་བདག་དེ་བཞིན་དུ་མ་བླངས་ན་འདིར་ཆོས་མ་ཡིན་ནོ། །རྣ་ལམ་ནས་འདས་ན་སོང་བའོ། །ལྟག་ནས་སྔ་མ་གསོ་སྦྱོང་ ཟིན་ཏེ་གྱེས་པ་ལས་ཕྱི་མས་མཇུག་སླེབས་ན་སླར་འདུས་ཤིང་དེས་བྱུང་བའི་ཚད་ནི་ཕྱི་མ་འོངས་ནས་སྔ་མ་གཞན་ནི་གྱེས་ཀྱི་དགེ་སློང་གཞན་ཅིག་འགའ་ཞིག་གཏམ་ཐ་མལ་པར་སྨྲས་པའི་སྒྲ་ཐོས་ཚུན་ཆད་ཅིག་ན་འདུག་སྟེ་སླེབས་ན་གསོ་སྦྱོང་བྱེད་པའི་ས་ཉིད་ལས་འཕགས་ཏེ་གྱེས་ཀྱང་སླར་འདུ་ དགོས་སོ། །རྣམ་པར་འབྱེད་པ་ལ་སོགས་པར་ཆུད་པའོ། །གསོ་སྦྱོང་གི་ཆོ་ག་འདུལ་བ་རྣམ་པར་འབྱེད་པའི་ནང་ནས་འབྱུང་བའི་དངོས་པོའོ། །གསོ་སྦྱོང་གི་དངོས་པོ་རྫོགས་སོ། །གསོ་སྦྱོང་གི་བཤད་པའི་དངོས་པོ་རྫོགས་སོ།། །།དབྱར་ཚུལ་དུ་འཇུག །དབྱར་ཟླ་འབྲིང་ པོ་ནས་སྟོན་ཟླ་འབྲིང་པོ་ཉའི་བར་དུ་ཡང་རུང་། དབྱར་ཟླ་ཐ་ཆུངས་ཉ་ནས་སྟོན་ཟླ་ཐ་ཆུངས་ཉའི་བར་དུ་ཡང་རུང་། སྔ་ཕྱི་གང་ཡང་རུང་ལ་ངལ་བསོ་བའི་ཕྱིར་ཚུལ་དུ་འཇུག་གོ། །ཟླ་བ་གསུམ་དབྱར་ཚུལ་དུ་འཇུག་པའི་ཟླ་བ་གསུམ་གྱི་བར་དུ་བསྲུང་ངོ་། །ཚེས་ཞག་གཅིག་དབྱར་ཟླ་ འབྲིང་པོ་ལ་ཚུལ་དུ་འཇུག་སྟེ་དེ་ནི་ཚུལ་སྔ་མའོ། །དབྱར་ཟླ་འབྲིང་པོ་དེ་མ་ཐག་པ། དབྱར་ཟླ་འབྲིང་པོའི་ཚེས་བཅུ་དྲུག་ཅེས་བྱ་བ་ནི་དབྱར་ཟླ་འབྲིང་པོ་ཉ་བྲི་བ་ཞག་གཅིག་ལ་བྱའོ། །དབྱར་ཟླ་ཐ་ཆུངས་ལ་ཡང་ངོ་། །ཚུལ་ཕྱི་མ་ནི་དབྱར་ཟླ་ཐ་ཆུངས་ཚེས་བཅུ་དྲུག་ལ་འཇུག་གོ། །གཙུག་ ལག་ཁང་བརྒྱན། ཚུལ་དུ་འཇུག་པའི་ཚེ་གཙུག་ལག་ཁང་གི་རལ་ཚེམས་དང་རི་མོ་གསོ་བ་དང་རྒྱན་ལ་སོགས་པ་གདགས་ཤིང་ཕྱི་བདར་བྱ། ཞག་བཅུའམ་ཟླ་བ་ཕྱེད་ན་འགྱུར་བ་ནའོ། །མདོ་ལྟག་མ་ལྟར་གཙུག་ལག་ཁང་བརྒྱན་པ་ནི་གཙུག་ལག་ཁང་ཆེ་ན་ཟླ་བ་ཕྱེད་ནས་བརྒྱན། གཙུག་ལག་ཁང་ཆུང་ན་ཞག་བདུན་ཙམ་ནས་བརྒྱན། ཞག་བདུན་ནམ་བརྒྱད་དུ་ཡང་གཞན་ལས་སོ། །ཚུལ་དུ་འཇུག་པའི་ཚེ་གཙུག་ལག་ཁང་བརྒྱན་པ་ནི་གཞུང་ཁ་ཅིག་ལས་གཙུག་ལག་ཁང་ཆེན་ཞག་བརྒྱད། ཆུང་ན་ཞག་བདུན་མན་ཆད་བརྒྱན་ཏོ་ཞེས་ཀྱང་འབྱུང་སྟེ་ལྟག་མ་དང་གཉིས་ གར་དགའ་བར་བྱའོ། །སྔ་དེ་ཉིན་མལ་སྟན་བསོག །སང་ཚུལ་དུ་འཇུག་པའི་དུས་ལ་བབ་ན་དེ་རིང་དགེ་འདུན་གྱི་མལ་སྟན་ལས་སོ་སོར་བརྙས་པ་དང་འཐོར་བ་ཀུན་ཁྲི་ཡན་ཆད་བསྡུ་ཞིང་བསོག །རྐང་པའི་ཆོལ་ཟངས་ཡན་ཆད་དོ། །ཚུལ་དུ་འཇུག་པའི་ཞག་གཅིག་གི་སྔ་ནས་མལ་སྟན་བསྡུ་བ་ ནི་ཆོལ་ཟངས་ཡན་ཆད་བསྡུས་ཏེ་གཞག་གོ། །དེ་ལེན་པས་བསྒོ། །ཚུལ་དུ་ཞུགས་པའི་སྔ་དེ་ཉི་མ་ལ་བསྟན་པ་ཉིད་འབྱུང་སྟེ་གསར་གྱིས་བརྗེ་དགོས་ཏེ་གསར་དགེ་འདུན་གྱིས་གཏི་མུག་དང་རང་དབང་དང་ཞེ་སྡང་འཇིགས་པ་དང་མཐོ་བ་སེམས་ཅན་དང་འདི་རྣམས་ལྟ་བུ་ དང་མི་ལྡན་ཞིང་མེད་པ་ལས་བསྐོ། །མི་ནུས་ན་དུ་མས་སོ། །མལ་སྟན་རྫི་བསྐོ་བ་གཅིག་གིས་མི་ཆོག་ཅིང་ལག་གིས་མི་ཁྱབ་ན་གཉིས་གསུམ་ཡན་ཆད་དུས་ཆོག་བར་བསྐོ། །དུས་བྱུག་པ་བསུང་གིས་ཏེ་སློབ་མར་གྱུར་པ་ལ་གོས་དཀར་པོས་གཡོགས་ལ་བཞག་པ་ཚུལ་ཤིང་སྟེ་ རྒན་རིམས་སུ་བཞག་ལ་འདི་དང་འདིའི་གནས་འོག་ཁྲིམས་ཏེ་གང་ཁྱོད་ཀྱི་ནང་ནས་དང་བ་འོག་ཁྲིམས་འདིས་གནས་འདི་རང་དབྱར་ཚུལ་དུ་ཞུགས་ན་དེས་ཚུལ་ཤིང་ལོང་ཤིག །ཚུལ་དུ་འཇུག་པའི་ཉིན་པར་ཚུལ་ཤིང་སྤོས་དང་གུར་ཀུམ་ལ་སོགས་ པ་བསུང་གིས་བསྐུས་ལ་སློ་མར་བཅུག་ལ་རས་དཀར་པོས་གཡོགས། །དེའི་ཚེ་འོག་ཁྲིམས་བསྒོ་སྟེ་འོག་ཁྲིམས་ནི་འདུག་པའི་འཐབ་མོ་མི་གླེང་བ་དང་ལྟུང་བ་སྡེ་ལྔ་ལ་ནོངས་པའི་དམིགས་ཤིག་ཡོད་ནའང་མི་བརྒལ་བར་བྱ་བ་དང་བརྒལ་བ་ཞིག་ཡོད་ནའང་ཚུལ་དུ་འཇུག་པའི་ཚེ་རྒོལ་ ཅིག་ཅེས་བྱ་བ་དང་ཚུལ་འདིར་འཇུག་འདོད་ན་ཚུལ་ཤིང་ལོང་ཤིག་ཅི་མི་འདོད་ན་མ་ལེན་ཅིག་ཅེས་བྱ་བ་དང་ཉེས་པ་སྤྱོད་པ་ཞིག་ཡོད་ནའང་ཆད་པས་མི་བཅད་པར་དམ་བཅའ་བ་ལ་སོགས་པའི་འོག་ཁྲིམས་བསྒོ། དེའི་འོག་ཏུ་ཚུལ་ཤིང་འདྲིམ་པའི་དགེ་སློང་མ་ཡིན་པ་གཞན་གཅིག་ གིས་དགེ་འདུན་ཚུལ་དུ་འཇུག་སྟེ་ཚུལ་དུ་འཇུག་པར་འཚལ་ལོ་ཞེས་གསོལ་ཞེས་གསོལ་བའི་སྔགས་བྱའོ། །དེའི་འོག་ཏུ་ཚུལ་ཤིང་འདྲིམ་པའི་དགེ་སློང་གིས་ཚུལ་ཤིང་འདྲིམ་མོ། །ཚུལ་ཤིང་འདྲིམ་པ་ནི་རྒན་རིམས་ནས་བྲིམ་མོ། །ཚུལ་དུ་འཇུག་པའི་ཚེ་ལས་གོ་རིམས་འདི་ བཞིན་དུ་བྱ་སྟེ་ཁ་ཅིག་ནི་མདོ་དམིགས་ཀྱིས་འོག་ནས་འཆད་པ་རྣམས་ཡིན། ཁྱེད་ཀྱི་ནང་ན་འགས་དབྱར་གྱི་ནང་དུ་དགེ་འདུན་གྱི་དབུས་སུ་འཐབ་མོ་མ་སྐྱེད་གཅིག །ཚུལ་དུ་འཇུག་པའི་ཚེ་འོག་ཁྲིམས་སུ་བཅའ་བའི་ཚིག་འདི་ཡང་བསྒོ་དགོས་ཏེ་ཚུལ་ན་འཁོད་པ་ཟླ་བ་གསུམ་གྱི་ ཚེ་དགེ་འདུན་གྱི་ནང་དུ་འཐབ་མོ་དང་འཁྲུག་ལང་མ་བྱེད་ཅིག་ཅེས་ཁྲིམས་སུ་བཅའ། གང་ཁྱེད་ཅུང་ཟད་ཤེས་ན་དེས་ན་སྨྲོས་ཤིག །མདོ་ལྟག་མ་ལྟར་ཚུལ་གྱི་ཚེ་འཐབ་མོ་རྒོལ་ཞིང་མ་གླེངས་པར་ཚུལ་ཁྲིམས་ཀྱི་ཕྱི་ནས་གླེང་བ་ཞིག་ཡོད་དམ་ཉེས་པ་བརྒལ་བ་ཞིག་ཡོད་ན་ད་གྱིས་ཤིག་ཅེས་ ཀྱང་བསྒོ། །གང་གིས་དབྱར་གྱི་དབུས་སུ་དགེ་འདུན་ལ་འཐབ་མོ་སྐྱེད་པར་གྱུར་ན་དེ་ལ་དགེ་འདུན་གྱིས་ཕྱིས་བརྟགས་པར་དགོངས་ཤིག་ཅེས་དགེ་འདུན་ལ་བསྒོ། །ཚུལ་དུ་ཞུགས་ཟིན་ནས་དགེ་སློང་ལ་ལ་ཞིག་གིས་ཉེས་པ་ཞིག་བྱས་སམ་འཐབ་མོ་བསྐྱེད་ནའང་ཆད་པས་འཕྲལ་དུ་ མི་བཅད་པར་ཚུལ་ནས་བྱུང་ནས་སྤངས་ཤིང་ཆད་པས་བཅད་ཅིང་སྦྱར་བར་བརྟགས་ཏེ་གཞག་གོ་ཞེས་ཀྱང་དགེ་སློང་ཀུན་ལ་བསྒོ་ཞིང་འོག་ཁྲིམས་སུ་བཅའ། ལེན་པ་དང་འཇུག་པའི་ཕྱིར་དགེ་འདུན་གྱིས་ཞུ། ཚུལ་ཤིང་མ་བྲིམ་པའི་མདུན་དུ་ཚུལ་ཞིང་འདྲིམ་པར་བསྐོས་པའི་དགེ་ སློང་མ་ཡིན་པ་དགེ་སློང་ལས་པ་གཅིག་གིས་དགེ་འདུན་ཚུལ་དུ་འཇུག་ཅིང་ཚུལ་ཤིང་བྲིམ་མོ་ཞེས་གསོལ་བའི་སྔགས་བྱ། ཚུལ་ཤིང་བྲིམ། མདོ་ལྟག་མ་ལྟར་སྔགས་བྱས་ཟིན་ནས་བྲིམས་ནས་སྔ་དེ་ཉིད་ཚུལ་ཤིང་འདྲིམ་པར་བསྐོས་པའི་དགེ་སློང་གིས་ཚུལ་ཤིང་བྲིམ་མོ། །ཐོག་ མར་སྟོན་པའི་བླང་། ཚུལ་ཤིང་བྲིམ་པ་ནི་ཐོག་མར་སངས་རྒྱས་ཀྱི་ཚུལ་ཤིང་གཅིག་གཞག །དགྲ་བཅོམ་པའི་ཚུལ་ཤིང་སྐལ་བ་གཅིག་གཞག །གཞན་གྱིས་སྟན་ཕྱེད་བོར་ཏེའོ། །ཚུལ་ཤིང་འདྲིམ་པ་ལ་ལེན་པའི་ཚེ་ན་སྟན་ལས་འཕགས་ཏེ་གུས་པར་བླང་ངོ་། །སློབ་དཔོན་ མཁན་པོས་དགེ་སྦྱོང་གིའོ། །དགེ་སྦྱོང་གི་ཚུལ་ཤིང་ནི་མཁན་པོ་དང་སློབ་དཔོན་གྱིས་བླང་ངོ་། །འཁོད་པ་ཡང་འདི་བཞིན་ཏེ་མཐའ་ནས་སོ། །དགེ་འདུན་ཐམས་ཅད་ལ་ཚུལ་ཤིང་བྲིམས་ཟིན་པའི་འཇུག་ཏུ་གཙུག་ལག་ཁང་གི་སྲུང་མའི་ལྷ་ལ་ཚུལ་ཤིང་གཅིག་བསྔོས་ཏེ་གཞག་གོ། ། དལ་གྱིས་གཞག །ཚུལ་ཤིང་བླངས་ནས་སླར་གཞག་པའི་ཚེ་མ་ཁྲོལ་བར་དལ་གྱིས་གཞག །བགྲངས་ཏེ་གནས་འདི་ན་དགེ་སློང་འདི་སྙེད་ཀྱི་ཚུལ་ཤིང་བླངས་སོ་ཞེས་སྦྲན། ཚུལ་ཤིང་བྲིམས་ཏེ་བསྡུས་ནས་ཚུལ་ཤིང་བགྲངས་ལ་མི་འདི་སྙེད་ཀྱིས་ཚུལ་ཤིང་བླངས་ཏེ་ཚུལ་དུ་ ཞུགས་སོ་ཞེས་དགེ་འདུན་ལ་བསྙད་ཅིང་སྨྲ། གནས་ཀྱི་དངོས་པོ་ལེན་དུ་འཇུག །ཚུལ་དུ་ཞུགས་པའི་འོག་ཏུ་ཁང་བུ་སོ་སོའི་རྐྱེན་ལ་སོགས་པ་དགེ་སློང་རྣམས་སོ་སོར་ཁང་བུ་སྦྱིན་ཞིང་བགོ །ཐ་མར་ས་དང་ཟུང་ང་བླངས་ཏེ་མདུན་དུ་འདུག་ལ། དད་པ་ཐོག་མར་ བསྐྱེད་དེ་གནས་བརྟན་གྱི་གཙུག་ལག་ཁང་ཆེ་གེ་མོ་ཞིག་སྟེ་རྙེད་པ་དང་བཅས་གོས་དང་བཅས་ཀྱིས་བཞེས་ཤིག་ཅེས་ཡོན་ཏན་ཅི་བཞིན་པར་རོ། །ཁང་བུ་བགོ་བ་ནི་ཁང་བུ་སོ་སོའི་སྒོ་ལྕགས་དང་ཟུང་ང་བསྡུས་ཏེ་དགེ་འདུན་གྱི་མདུན་དུ་བསོགས་པ་ལ་སྒོ་ལྕགས་འདི་ནི་ཁང་བུ་འདིའི་ཡིན་ཏེ་རྐྱེན་ མང་ཉུང་འདི་ཙམ་ཡོད་དོ་ཞེས་མིག་རེ་རེ་ནས་ཀུན་གྱི་རྐྱེན་ཅི་ཡོད་པ་བཤད་ལ། དགེ་སློང་རྒན་ཞིང་ཡོན་ཏན་དང་ལྡན་མི་ལྡན་རིམ་བཞིན་དུ་དབུལ་ཞིང་བསྒོའོ། །ལྷུང་བཟེད་བཞིན་དུ་བླངས་པ་ལ་སོགས་པའོ། །ལྷུང་བཟེད་སྤང་བ་ལྟུང་བར་འགྱུར་ཏེ་དགེ་འདུན་ལ་བྲིམས་པ་ལས་གྲལ་ཐོག་མ་ པས་མི་འདོད་ཅེས་བྱས་ནས་ཐུར་དུ་ཐལ་བ་ལས་ལན་གསུམ་གྱི་བར་དུ་སླར་སློང་ན་སླར་བྱིན་པ་བཞིན་ཁང་བུ་མི་འདོད་ཅེས་བྱས་པ་ལས་སླར་བླངས་ན་ལན་དུ་བསླངས་པ་བཞིན་དུ་ཉེས་བྱས་རེ་རེ་སྟེ་ལན་གསུམ་དུ་བསླངས་པའི་ཐ་མ་ལ་སྦྱིན། མ་བྱིན་ན་དགེ་འདུན་འཁྲུག་པར་འགྱུར་བའི་ཕྱིར་རོ། ། བགོ་བར་ཤེས་པ་ལ་མཆོད་རྟེན་དང་དགེ་འདུན་གྱི་དོན་མ་ཡིན་པར་སོང་ན་གྲལ་རིམ་དུ་བགོའོ། །ཚུལ་དུ་འཇུག་ཅིང་ཁང་བུ་འགོད་པར་ཤེས་བཞིན་དུ་རང་དོན་ལ་གུད་དུ་སོང་ན་དགེ་འདུན་གྱིས་ཀྱང་ཁོའི་སྐལ་བའི་ཁང་བུ་རིམ་བཞིན་དུ་མ་བཞག་པར་བགོས་ཀྱང་ཉེས་མེད་དོ། །ཁང་བུ་ལྷག་ ན་ནི་སུ་མི་འདོད་པའི་ཁང་བུ་ནང་པ་ལ་སྐལ་བ་བཞག་གོ། །དཀོན་མཆོག་གི་ཕྱིར་དགེ་འདུན་གྱིས་བསྐོས་ཏེ་བཏང་བ་ནི་ཁང་བུ་རིམ་བཞིན་དུ་སྐལ་བ་སྦྱིན་ནོ། །ཤིང་དྲུང་དང་སྔོན་པོ་དང་གསིང་མ་དང་སྒང་ལ་ཡང་ཇི་ལྟར་རྒན་པའི་རིམས་སུ་བགོ །དགེ་སློང་ལམ་དུ་ཞུགས་ཏེ་འདོད་པ་ཞིག་ ན་ནས་རྒན་པའི་རྣམས་ལ་གྲང་ན་ནི་དྲོ་བའི་ས་སྦྱིན། ཚ་བ་ཞིག་ན་གྲིབ་མ་དང་བསིལ་བའི་སར་གཞག་གོ། །ཁང་བུས་མི་ཆོག་ན་གཉིས་ལ་སོགས་པ་སྟེ་མཐར་ན་གདིང་བ་ཙམ་གྱིས་སོ། །ཁང་བུ་བགོས་ཏེ་གྲངས་ཀྱིས་མི་ཆོག་སྟེ་མི་མང་ན་ཁང་བུ་མིག་གཅིག་ལ་མིག་གཉིས་གསུམ་ཡན་ཆད་དུ་ ཤོང་ཤོང་དུ་གཞག་གོ། །དེ་ལྟར་བྱས་ཀྱང་མི་མང་སྟེ་མི་ཤོང་ན་ཁང་བུའི་ནང་དུ་གདིང་བ་བཀྲམ་སྟེ་གདིང་བ་དུ་ཤོང་བ་བཞིན་དུ་མི་ཡང་དེ་སྙེད་དུ་འཁོད་དུ་གཞུག་གོ། །ལྷུང་བཟེད་དང་རིལ་བ་སྤྱི་བླུགས་དང་གོ་འདུན་དང་སོ་ཤིང་གི་གནས་སྤགས་ཏེའོ། །མདོ་ལྟག་མ་ལྟར་མི་མང་སྟེ་མི་ ཤོང་བ་གདིང་བའི་ཚད་ཀྱི་གྲངས་ཀྱིས་བགོས་པ་ལ་མི་དེ་རྣམས་ཀྱི་རིལ་བ་དང་ལྷུང་བཟེད་ལ་སོགས་པ་ཡོ་བྱད་གཞག་པའི་སར་གདིང་བ་གཅིག་གིས་མི་གྲངས་ལ་མ་གཏོགས་པར་ལྷག་པར་གཞག །སྒོ་ཁང་དང་སྐས་ཁང་དང་ཁྱམས་དང་འཁོད་པའི་དང་ཁྲུས་ཁང་དག་ནི་མི་བགོའོ། ། མིང་གིས་སྨོས་པ་འདི་རྣམས་ནི་དགེ་འདུན་གྱི་སྤྱིའི་སྤྱོད་པ་ཡིན་པས་མི་ཅི་ལྟར་མང་ཡང་མི་བགོ་བར་བཞག་གོ། །མལ་སྟན་ལ་མཚན་མོ་མ་ཡིན། མལ་སྟན་བགོ་བ་ནི་ཉིན་པར་འགོད་ཀྱི་མཚན་མོ་མི་འགོད་དོ། །ནད་པ་གནས་པའི་ཁང་བུ་གཞན་ལ་མ་ཡིན། ཁང་བུ་བགོ་བའི་ཚེ་ ནད་པ་འདུག་ན་ནི་རིམ་དུ་བགོ་ཞིང་སྐྱོ་བར་མི་བྱ་བར་ནད་པ་གཞི་ལ་གཞག་སྟེ་གཞན་རིམ་པར་བགོའོ། །དེ་ཐོབ་པར་མི་འགྱུར་ན་མི་སྦྱིན་པར་མི་བྱ། ནད་པ་འདུག་པའི་ཁང་བུ་དེ་དགེ་སློང་ཡོན་ཏན་དང་ལྡན་པའི་རྐྱེན་ཡིན་གྱི་ནད་པས་མི་མཐོལ་བ་ཞིག་ཡིན་ཀྱང་ན་བ་བརྩན་པས་མི་སྤོ་ བར་གཞག་གོ། །དེ་དང་གཡོག་ཏུ་ལས་བྱེད་དུ་མི་གཞུག །དགེ་འདུན་གྱི་ལས་ཀྱང་དགེ་སློང་ནད་པ་དང་ནད་གཡོག་སུ་བྱེད་པ་མི་བསྐོ་བར་གཞག་གོ། །མཛེ་ཅན་དགེ་འདུན་གྱི་མལ་སྟན་ལ་མི་སྤྱད། དགེ་སློང་མཛེ་བྱུང་བ་དགེ་འདུན་གྱི་མལ་སྟན་དང་ཁང་བུ་ལ་སོགས་པ་ལ་སྤྱོད་དུ་ མི་གཞུག་སྟེ་ཁོ་ཉིད་ལ་གཉེར་དུ་འགྱུར་བའི་ཕྱིར་རོ། །མཐའ་འཁོབ་ཀྱི་གཙུག་ལག་ཁང་སྦྱིན། དགེ་སློང་མཛེ་ཅན་གཞག་པའི་གནས་ནི་གཙུག་ལག་ཁང་གི་མཐའ་དབེན་པ་གར་བ་གཅིག་ཏུ་དགེ་སློང་གཞན་དང་མི་འདྲེ་བར་གཞག་གོ། །གནས་པ་དང་བཅས་པ་དང་གཞན་དགེ་ འདུན་གྱི་ཁྱམས་དང་བཀད་ས་དང་། སྒོ་གང་དང་ཕྱི་ཁྱམས་དང་འཆག་ས་དང་གྲིབ་ཤིང་གི་བར་དུ་མ་ཡིན། དགེ་སློང་མཛེ་ཅན་དེ་དགེ་སློང་གཞན་གནས་ཤིང་སྤྱོད་པའི་ཁང་བུ་དང་། སྤྱོད་པའི་ཁྱམས་ལ་སོགས་པ་མིང་གིས་སྨོས་པ་འདི་རྣམས་གང་ཡང་རུང་སྟེ་གནས་ཤིང་སྤྱོད་དུ་མི་ གཞུག་གོ། །བཤང་གཅིའི་གནས་སུ་མི་གཞུག །མཛེ་ཅན་དེ་དགེ་འདུན་གྱི་བཤང་གཅིའི་སར་ཡང་མི་འཇུག །འདི་ལ་སྙིང་རྗེར་གཡོག་སྦྱིན། དགེ་སློང་མཛེ་ཅན་དེ་ལ་སྙིང་རྗེ་བའི་ཕྱིར་དགེ་འདུན་གྱིས་ཡོན་དང་ཟས་ཀྱི་སྐལ་བ་དང་གོས་དང་ཁྱིམ་པ་ལས་གཡོག་ གཅིག་ཀྱང་སྦྱིན། དགོན་པ་པ་རྣམས་ཀྱི་ལྷུང་བཟེད་དང་ཆོས་གོས་གཞག་པའི་ཕྱིར་རྟག་ཏུ་གནས་བསྐོ། །དགེ་སློང་དགོན་པ་ལ་འཇིགས་པའི་རྐྱེན་ཡོད་དེ་གཙུག་ལག་ཁང་དུ་རྟེན་བཅའ་བའི་ཕྱིར་ལྷུང་བཟེད་དང་ཆོས་གོས་ལ་སོགས་པ་གཞག་པའི་ས་ཀུན་གྱི་སྤྱིར་ཁང་བུ་མིག་གཅིག་ བསྔོ་སྟེ་གཞག་གོ། །དབྱར་ཚུལ་དུ་འཇུག་ཁར་འབའ་ཞིག་འོང་བར་གྱུར་ན་དངོས་པོ་དང་མལ་སྟན་གཞག །ཚུལ་དུ་འཇུག་པའི་ཚེ་གུད་ནས་དགེ་སློང་གཞན་གནས་དེར་ཚུལ་དུ་འཇུག་ཏུ་འོང་བའི་ཕྱིར་ཁང་བུ་ཡོད་ན་རྐྱེན་དང་བཅས་པར་སྟ་གོན་བྱས་ལ་གཞག །ཚུལ་གཅིག་པུའང་ མ་ཡིན་ཏེ། ཁང་བུ་ཡོད་ན་དགེ་སློང་གཞན་འོང་བའི་ཕྱིར་རྟག་པར་གཞག་གོ། །ཚུལ་དུ་ཞུགས་པ་བས་མང་དུ་ལྷགས་ན་སླར་བགོ །ཚུལ་དུ་ཞུགས་ཏེ་ཁང་བུ་དང་མལ་སྟན་བགོས་ཟིན་པ་ལས་ཕྱིས་དགེ་སློང་མང་ཞིག་ལྷགས་ན་ཚུལ་དུ་ཞུགས་པ་ནི་མི་གཅིག་གི་མལ་སྟན་དང་ཁང་བུ་ ནི་སླར་བསྡུས་ལ་བགོ །ཚུལ་འོག་མར་ཞུགས་ན་མ་ཡིན་ནོ། །ཚུལ་ཕྱི་མར་ཞུགས་ནས་མལ་སྟན་དང་ཁང་བུ་བགོས་ཟིན་པ་ལས་ཕྱིས་དགེ་སློང་དག་གཅིག་གུད་ནས་ལྷགས་ན་དུ་ལྷགས་ཀྱང་རུང་སྟེ་སླར་མི་བགོའོ། །ཆོག་ན་གཉིས་ལ་སོགས་པའོ། །མལ་སྟན་དང་ཁང་བུ་མང་ལ་དགེ་སློང་ཉུང་ ན་ཁང་བུ་དང་མལ་སྟན་ཕྲུགས་དུ་ཡང་རུང་སྟེ་ཅི་ཐོབ་ཐོབ་ཏུ་མང་དུ་སྦྱིན་ནོ། །གཅིག་གི་ཕྱིར་མལ་སྟན་མི་བླང་། དགེ་འདུན་འང་རུང་སྟེ་གནས་དེར་ཞག་གཅིག་ལས་མི་ཐོགས་པ་ཞིག་ན་ཞག་གཅིག་གི་ཕྱིར་མལ་སྟན་ཁང་བུ་མི་མནོད་དོ། །ལ་ལ་ན་ནོད་པ་ཡོད་ཀྱང་དགེ་འདུན་གྱིས་མ་བྱིན་ ཡང་ཉེས་མེད། རྙེད་པ་འདོད་པར་གཙུག་ལག་ཁང་མ་ཡིན་ནོ། །ཡོན་བདག་གིས་ཁང་པ་སྦྱར་བ་ལ་ཁང་བུ་ལ་ལ་ནི་རྐྱེན་དང་ཡོ་བྱད་མང་བར་སྦྱར། ལ་ལ་ཉུང་ངུ་སྦྱར་ཏེ་རྐྱེན་མང་ཉུང་དང་བཟང་ངན་ཡོད་པ་ཞིག་འགོད་པ་ན་གནས་བརྟན་ནམ་གྲལ་མཐོ་བས་འདམས་ཏེ་ཁྱེར་ན་ཉེས་བྱས་སོ། ། དགེ་འདུན་གྱིས་གང་འདོད་པ་ངོམས་ཤིག་ཅེས་བསྒོ་བ་ནི་ཉེས་མེད། ཐམས་ཅད་སྤྱད་མི་ཉུང་ལ་ཁང་བུ་མང་སྟེ་སྐལ་བ་མང་དུ་ཐོབ་ན་ལྷག་པར་མི་གཞག་གི་ཐབས་འོག་ནས་འབྱུང་བ་ལྟར་སྤྱད་དོ། །ལ་ལ་ལ་སྔ་དྲོའི་ཀློག་པ་དང་ཁ་ཏོན་གྱི་གནས་དང་འཆག་པ་ལས་འགའ་བྱ། མི་གཅིག་ ལ་ཁང་བུ་ཐོབ་ན་ལ་ལར་ཡི་གེ་ཀློག་ཅིང་ཁ་ཐོན་བྱ། ལ་ལར་འཆག་པ་སྟེ་ཁང་བུ་དང་མིག་རེ་ལས་སྣ་རེ་བྱའོ། །ལ་ལར་གུང་གི་དང་མཚན་མོའོ། །ཁང་བུ་མང་དུ་ཐོབ་ན་ཁ་ཅིག་གི་ནང་དུ་ཉི་མ་གུང་གི་ཚེ་ལས་སྤྱད། ལ་ལར་མཚན་མོའི་སྤྱོད་པ་བྱ། གཞན་ལྷུང་བཟེད་དང་ཆོས་གོས་ གཞག་པའི་གནས་མཚན་མོ་གཞན་ཡང་འདི་ལྟར་དེ་ལ་རིགས་སོ། །ཁང་བུ་མང་དུ་ཐོབ་ན་ཁ་ཅིག་གི་ནང་དུ་ལྷུང་བཟེད་ཆོས་གོས་གཞག །ཁ་ཅིག་གི་ནང་དུ་ཉལ་མལ་བྱ་བ་ལ་སོགས་པ་མིག་རེ་ནས་སྣ་རེ་སྤྱད་དོ། །དེ་ལྟར་ལས་སྣ་རེ་སྤྱད་པ་ནི་ཡོན་ཏན་རྣམ་གཉིས་ཡོད་དེ་གཅིག་ཏུ་ན་བདག་ལ་ ཡང་ཡངས་ཤིང་བདེ། །གཅིག་ཏུ་ན་ཡོན་བདག་གིས་ཡོན་བསྐྱེད་ཅིང་བསོད་ནམས་སུ་འགྱུར་བའི་ཕྱིར་རོ། །ཚུལ་དུ་ཞུགས་པས་གནས་ཀྱི་དངོས་པོ་གས་པ་དང་གོགས་པ་སླར་བཅོས་སོ། །ཚུལ་དུ་ཞུགས་ནས་ཁང་བུ་དགོས་པས་མི་ཆོག་གི་ཁང་བུའི་ཞིག་རལ་དང་གས་ཤིང་གོགས་པ་ ལ་སོགས་པ་བཅོས་ཤིང་གླན་ཏོ། །ཚུལ་དུ་མ་ཞུགས་པའི་ཚེ་ཡང་འདི་བཞིན་བྱའོ། །དབྱར་མོ་ཐང་ལ་ཡང་དབྱར་ཚུལ་དུ་ཞུགས་པའི་དགེ་སློང་མ་དག་གི་བཅོས། དགེ་སློང་མ་རྣམས་ཀྱང་ཚུལ་དུ་ཞུགས་པའི་ཚེ་དབྱར་མོ་ཐང་ཞིག་རལ་བ་དང་གས་ཤིང་གོགས་པར་གྱུར་ན་དགེ་སློང་ཕ་ གི་དང་འདྲ་བར་བདག་བདག་གིས་གནས་ལ་སྒོ་ཚེ་མི་བྱ་བར་སྤྱིས་བཅོས་སོ། །འཐབ་མོ་པ་འཇུག་པར་མི་འགྲུབ་པའི་ཕྱིར་དགུན་དང་དཔྱིད་དུ་མལ་སྟན་བླང་བར་བྱ། དགུན་དང་དཔྱིད་དང་དབྱར་དུས་གསུམ་མལ་སྟན་དང་ཁང་བུ་སླར་བསྡུས་ཤིང་ཁོང་མཉམ་པར་བགོ །དེ་ལྟར་བྱ་བ་ནི་ཁོ་ན་ མཉམ་པའི་ཕྱིར་རོ། །ཡང་གཅིག་ཏུ་གུད་ནས་དགེ་སློང་འཐབ་མོ་ཞིག་འོང་ན་འཐབ་མོ་པ་དེ་བདག་གཅིག་གི་ནང་དུ་མི་གཞག་པའི་ཕྱིར་མལ་སྟན་དང་ཁང་པ་ལྷག་པར་མི་གཞག་པར་བགོ །ཐམས་ཅད་བགོ །ལྟག་ཏུ་སྒོ་ཁང་ལ་སོགས་པ་མི་བགོ་ཞེས་བྱུང་བ་ཡང་མ་བགོས་ན་འཐབ་ མོ་པ་འདུག་ཅིང་ཐེན་དུ་འོང་གིས་སྒོ་གང་དང་ཁྱམས་ལ་སོགས་པ་ཀུན་བགོ་འཐབ་འོག་ནས་འཆད། འདི་ལྟ་སྟེ་གཙུག་ལག་ཁང་གི་འཁོར་ཡངས་ཀྱང་ངོ་། །ལྷག་མ་ཐམས་ཅད་བགོས་ཤིང་བྱ་བ་ནི་སྒོ་གང་དང་སྣམ་ཕྱི་ས་ལ་སོགས་པ་ཀུན་སོ་སོར་བགོས་ཏེ་འཐབ་ མོ་པ་འདུག་པའི་གནས་མེད་པར་བྱ། ཁྱམས་ཀྱང་དེ་བཞིན་ནོ། །དགེ་འདུན་འདུ་བའི་ཁྱམས་ཀྱང་དགེ་འདུན་འདུ་བས་ཞེས་པ་ཡིན་ཏེ་མི་བགོ་འདྲ་མོད་ཀྱི་འཐབ་མོ་པ་འོངས་པར་ཐོས་ན་དེ་ཡང་བགོ། །དེ་སོང་ཕྱིན་ཆད་དེ་ལྟར་མི་འཇུག །འཐབ་པ་འོངས་པའི་ཕྱིར་རྟག་ཏུ་སྨོས་པ་ལྟར་ བགོས་པ་ལས་འཐབ་མོ་པ་སླར་སོང་སྟེ་མི་འོང་ན་སྤྱི་ལ་འདུག་པའི་ཁང་བུ་ཁྱམས་ལ་སོགས་པ་རྣམས་ཐལ་བྱུང་དུ་བགོས་ཏེ་བཞག་པ་མ་ཡིན་གྱི་སླར་བཀྲོལ་ཏེ་སྤྱི་ལ་གཞག །རང་བཞིན་དུ་འཇུག་པའི་ཕྱིར་དགག་པར་མི་བྱ། །དགེ་སློང་ཡོན་ཏན་དང་ལྡན་པ་ཞིག་འོངས་ནས་འཐབ་མོ་པ་ ལྟར་ཁང་བུ་མི་སྦྱིན་པ་མ་ཡིན་གྱི་ཚུལ་བཞིན་དུ་ཁང་བུའི་སྐལ་བ་གཞག་གོ། །འགྱུར་བའི་ཕྱིར་ན་མ་ཡིན་པ་འགོད་པའི་ཚེ་བདག་གི་གནས་སུ་བྱའང་རུང་གྲོགས་པའི་གནས་སུ་བྱའང་རུང་སྟེ་སོང་ཕོད་ནས་འདུག་པའི་ཕྱིར་ད་ནས་སྐལ་བ་ནོད་ཅིང་སྒོ་ལྕགས་བཅུག་ནས་མཐུས་མནན་པ་ ལྟ་བུར་མི་བྱ། འདི་དུས་ཆེ་གེ་མོ་ཞིག་ནས་བདག་ཞག་གཅིག་གམ་དེའི་ཆར་མཆིས་སོ། །ཁང་བུ་འགོད་པའི་སྐལ་བ་གར་བབ་པ་ནམ་འདུག་གི་བར་དུ་ཐལ་བྱུང་མནོད་ཀྱི་དབྱར་ནི་བསེལ་བ་འདིར་འདུག་གོ། །དགུན་ནི་དྲོ་བ་འདིར་འདུག་གོ། །ཞག་ལྔ་ཞིག་འདིར་འདུག་ཞག་དྲུག་ཅིག་ འདིར་འདུག་གོ་ཞེས་ཟེར་ཞིང་གནས་གཅིག་ཏུ་མ་བཅད་པར་མནོད་པར་མི་བྱའོ། །འདིར་སློབ་དཔོན་ཆེ་གེ་མོ་ཞིག་གིར་འགྱུར་མཁན་པོ་ཡིར་འགྱུར་ལྷན་ཅིག་ཏུ་སྤྱོད་པ་ཡིན་འདི་ཉེ་གནས་ཀྱིར་འདིར་གཏམ་ཟླ་བོ་ལ་སོགས་པ་ཡིར་ཞེས་གཙུག་ལག་ཁང་ལ་མི་བགོ། །ཁང་བུ་འགོད་ པའི་ཚེ་སློབ་དཔོན་མཁན་པོ་དང་སློབ་མ་དང་ཉེ་གནས་དང་མཛའ་བོ་དང་གྲོགས་པོ་ལ་སོགས་པ་གང་ཡང་རུང་སྟེ་འགའ་ཞིག་ན་འདུག་སྟེ་ཕྱིར་འོང་བར་གྱུར་ཏེ་དེའི་ཕྱིར་བདག་གིས་ཁང་བུའི་སྐལ་བ་སྔ་ནས་མནོས་ཏེ་མི་གཞག་གོ། །དེ་ལྟར་མནོས་ན་ཉེས་བྱས། མི་མནོད། མདོ་ལྟག་མ་ལྟར་ བདག་གི་སྐལ་བའི་ཁང་བུ་རོག་གཅིག་གིས་མནོས་ཏེ་བཞག་ཅིང་འདུག་ན་མནོད་དུ་མི་དབང་བ་ལས་མནོས་ཏེ་མ་བརྟགས་པ་ཡིན་པས་བདག་ཀྱང་འདིར་མི་འདུག་གོ། །ཁར་བའི་རུབ་མ་པ་བྱ་ཚང་ལ་ཐབས་ཀྱི་ཕྱིར་བསྒོ། །དགེ་སློང་གཅིག་གསོལ་བ་དང་ཞུ་བའི་ལས་བྱས་ལ་ཁར་བ་བསྐུར་ ཏེ་བྱ་ཚང་འཇིག་ཏུ་གཞུག་བྱ་ཚང་ཅི་ལྟ་བུར་གཞིག་པ་ནི་ཐབས་འོག་ནས་འཆད་སྒོ་ང་མེད་ན་གཞིག །བྱ་ཚང་གཞིག་པ་ནི་སྒོ་ང་མེད་ན་གཞིག་གོ། །དགེ་འདུན་གྱིས་མ་བསྒོས་པར་བྱ་ཚང་བཤིག་པ་ནི་ཉེས་བྱས་པ་གོང་ནས་འཆད་པ་ཡིན། ཕྲ་མོ་རྣམས་ལ་མི་འཕེལ་བར་སྐུད་པས་ དཀྲི་བུང་བ་དང་ཁ་བརྒྱད་ཀྱི་ཚང་ཞིག་གཙུག་ལག་ཁང་ན་འདུག་ན་མང་དུ་མི་འཕེལ་བར་བྱ་བའི་ཕྱིར་སྐུད་པས་ཚང་དཀྲིས་ཏེ་གཞག་ན་ཆེར་མི་འཕེལ་ཞིང་གུད་དུ་འཕོ་བར་འགྱུར་རོ། །མལ་སྟན་ལ་སོགས་པ་སྦྱིན། མལ་བགོ་བ་ནི་དགེ་སྦྱོང་ཡན་ཆད་མཉམ་པར་བགོ། །ཡོད་ན་དུ་མར་ ཡང་ངོ་། །མལ་སྟན་གྲངས་དུ་མ་ཡོད་ན་ཕྲུགས་དུ་མ་ཅི་ཐོབ་ཐོབ་ཏུ་བགོ། །ཁྲི་ཆེན་པོ་ཡང་བགོ། །འདུག་པའི་ཁྲི་ཆེན་པོ་རྒྱབ་རྟེན་ཅན་དང་ཁྲི་ཆུང་ངུ་ཡང་བགོའོ། །གདིང་བ་ཡང་ངོ་། །ཡོན་བདག་གིས་རེ་ལྡེ་དང་སྟན་ལ་སོགས་པ་སྦྱར་བ་ཞིག་ནའང་ཅི་ཐོབ་པ་ཙམ་དུ་བགོ། །དགེ་འདུན་ གྱི་གཡོགས་པའི་མལ་སྟན་མི་གཙང་བ་དང་ཟག་པས་ཆུད་གཟོན་པའི་དགེ་སྦྱོང་སུ་ལ་ཡང་མི་སྦྱིན། དགེ་འདུན་གྱི་མལ་སྟན་གདིང་བ་ཤིང་བལ་དང་སྲིན་བལ་དང་བལ་ལ་སོགས་པའི་བར་ཚངས་ཅན་དགེ་སློང་འོག་རྫིང་ཅན་མི་སྦྱིན་ནོ། །སྟན་ཐ་མལ་པ་རྐྱང་པ་ནི་བཀྲུར་རུང་བའི་ཕྱིར་སྦྱིན་ནོ། ། དགེ་སློང་མ་ལ་ཡང་མ་ཡིན། མདོ་ལྟག་མ་ལྟར་དང་འདྲ་བར་གདིང་བ་བར་ཚངས་ཅན་དང་དགེ་སློང་མའི་ཡང་དགེ་སྦྱོང་ཟ་གུ་ལ་མི་སྦྱིན། དེ་དེར་གནས་པར་གྱུར་ན་གཙུག་ལག་ཁང་གི་མཐའ་འཁོབ་ཏུ་སྦྱིན། དགེ་སློང་ཕོ་མོ་དང་དགེ་སློང་ཕོ་མོ་ལས་ཟ་གུ་འོག་རྫིང་ཅན་ཞིག་ཡོད་ན་ གཙུག་ལག་ཁང་གི་མཐའ་འཁོབ་ཁང་བུ་ངན་པ་ཞིག་ཏུ་གཞག་གོ། །མལ་སྟན་ན་ལྷག་མ་ངན་པ་ལས་སོ། །དགེ་སློང་ཕོ་མོ་དང་དགེ་སྦྱོང་ཕོ་མོ་འོག་རྫིང་ཅན་ལ་མལ་སྟན་ཡང་ངན་པ་ལས་སྦྱིན། ཁྱེད་སུ་ལའང་དགེ་འདུན་གྱི་མལ་སྟན་ལ་གདིང་བ་མེད་པར་མ་སྤྱོད་ཅིག །མལ་སྟན་ གྱི་རུབ་མ་པས་ཟླ་བ་ཕྱེད་ཕྱེད་ཅིང་དགེ་སློང་རྣམས་ལ་གདིང་བ་མེད་པ་དང་ཚས་ངན་པར་མ་བྱ་ཤིག་པར་བསྒོ་ཤིག །བརྟགས་པའི་གདིང་བ་ཅན་མ་ཡིན། མལ་སྟན་གྱི་རུབ་མ་པས་གདིང་བ་མེད་པར་མ་བྱ་ཤིག་ཅེས་བསྒོ་བ་ལ་གདིང་བའི་མཚན་མ་ཙམ་དུ་འོག་ སྐ་ལ་སོགས་པ་ཆུང་དུས་གདིང་བའི་སྐྱིན་པར་བཏིང་སྟེ་ཉལ་བར་མི་བྱ། དྲི་མ་ཅན་གྱི་གདིང་བ་མ་ཡིན་ནོ་ཞེས་བསྒོ་ཤིག །གདིང་བ་དྲི་མ་ཅན་གྱི་དགེ་འདུན་གྱི་མལ་སྟན་ལ་གདིང་ཞིང་མི་ཉལ། ཟླ་བ་ཕྱེད་ཕྱེད་ཅིང་བརྟག །མལ་སྟན་གྱི་རུབ་མ་པས་གདིང་བ་མེད་པ་མ་བྱ་ཤིག་ ཅེས་བསྒོ་བ་བཞིན་དུ་མཉན་ཏམ་མ་མཉན་པར་བརྟག་པའི་ཕྱིར་ཟླ་བ་ཕྱེད་ཕྱེད་ཅིང་སྒྲོན་མ་ཐོགས་ཏེ་ཉལ་ཁར་བལྟ། དུས་ལས་འགལ་བར་སྤྱོད་ན་ཕྲོགས་ལ་ཞུས་ཏེ་གནས་པ་ན་གནས་པའོ། །མལ་སྟན་རྫིས་གདིང་བ་མེད་པ་དང་དྲི་མ་ཅན་དང་བརྟག་པ་ཙམ་བྱེད་ཅིག་ཅེས་བསྒོ་བ་ལས་ ཟླ་བ་ཕྱེད་ཅིང་བྱུལ་བའི་ཚེ་བསྒོ་བ་བཞིན་དུ་མ་བྱས་ན་དགེ་སློང་ངམ་དགེ་སྦྱོང་དེའི་སློབ་དཔོན་ལ་དེ་ལྟར་བྱེད་དུ་མ་གཞུག་ཤིག་མལ་སྟན་རྫིས་བསྒོ། །དེ་ལྟར་བསྒོ་བ་ནས་སློབ་དཔོན་ན་རེ་ངའི་ངག་མི་ཉན་གྱི་ཅི་བདེར་བྱོས་ཤིག་ཅེས་ཟེར་ན་མལ་སྟན་ཕྲོགས་ལ་དྲུབས་ཏེ་གཞག ། གཞན་ན་དགེ་འདུན་ལའོ། །དགེ་སློང་རྒན་པོ་གནས་བརྟན་དུ་ཆུད་པ་ཡན་ཆད་གཅིག་གིས་མལ་སྟན་བསྒོ་བ་བཞིན་དུ་ཚས་མ་བྱས་ན་མལ་སྟན་ཚས་ངན་ཏེ་ཞེས་བསྒོ་སྟེ། ཉན་དུ་མ་བཏུབ་ན་དགེ་འདུན་ལ་ཞུས་ཏེ་སླར་དབྲོག །སྦྱིན་བདག་ཆེ་གེ་མོ་ཞིག་དོན་བསྒྲུབ་པ་ཆེ་གེ་མོ་ ཞིག་ཡུལ་གྱི་གྲོང་ཆེ་གེ་མོ་ཞིག་ཏུ་སོང་དགེ་འདུན་རྣམས་ཚུལ་དུ་འཇུག་གོ་ཞེས་ཞུ། ཚུལ་དུ་འཇུག་པའི་ཚེ་མིང་གིས་སྨོས་པ་འདི་རྣམས་སྨོས་ཏེ་འཇུག་གོ། །ཚུལ་དུ་ཞུགས་པའི་ཚེ་སྦྱིན་བདག་གི་མིང་འདི་ཞེས་བྱ་བ་དང་དོན་སྒྲུབ་ཅིང་ཞལ་ཏ་བྱེད་པ་མིང་འདི་ཞེས་བྱ་བ་དང་ཡུལ་གཙུག་ ལག་ཁང་མིང་འདི་ཞེས་བྱ་བའི་གནས་སུ་དགེ་འདུན་འདི་རྣམས་ཚུལ་དུ་འཇུག་གོ་ཞེས་ཞག་གཅིག་གི་སྔོན་ལོགས་སུ་སྨོས་ཏེ་ཁོང་དུ་ཆུད་པར་བྱས་ལ་ཚུལ་དུ་འཇུག །མ་བྱུང་བ་དང་། ཉེས་པ་དང་ལྟར་ནི་མ་བྱུང་ན་ཕྱིས་འབྱུང་ངམ་མི་འབྱུང་གཏོལ་མེད་པར་མི་བྱའི་བརྟགས་ཏེ་མི་འབྱུང་བ་ རྟོགས་ན་ཚུལ་དུ་འཇུག་པ་ལ་བྱ། གསོལ་བ་ནི་ཐེ་ཚོམ་དང་། བདག་གི་ཚུལ་ཁྲིམས་ལས་ཉེས་པ་ཞིག་བྱུང་ན་ཐེ་ཚོམ་ཟོས་པ་དང་གཞན་ཞིག་གིས་བརྒལ་ཏེ་ཐེ་ཚོམ་སེལ་བའི་མི་ཡོད་ན་ཚུལ་དུ་འཇུག་པ་ལ་བྱ། གཞན་ཡང་སྡུག་བསྔལ་དང་། ལུས་ཀྱི་སྡུག་བསྔལ་ཁ་ཟས་དང་སྡིག་ སྦུར་དང་སེམས་ཅན་གྱི་གནོད་པར་བྱེད་པ་ཡོད་དམ་མེད་བརྟགས་ཏེ་དེ་ལྟ་མི་བདེ་ཡང་ཕྱིས་བདེ་བར་གྱུར་ན་ཚུལ་དུ་འཇུག་པ་ལ་བྱ། ཡིད་མི་བདེ་བ་དང་། སེམས་འཁྲུགས་ཤིང་མི་བདེ་བར་གྱུར་ནའང་ཚུལ་དུ་མི་འཇུག་སྟེ་ལྟག་མ་དང་འདྲ། བསྲུང་བ་དང་། བདག་གི་ལུས་ལ་གནོད་ཅིང་གཙེ་ བ་ཞིག་བྱུང་ན་ཕ་སྐྱབས་དང་ར་མདའ་བྱེད་པ་ཡོད་དམ་མེད་བརྟགས་ཏེ་མེད་ན་མི་འཇུག་པ་ལ་བྱ། ནད་གཡོག་ཏུ་ཚངས་པ་མཚུངས་པར་སྤྱོད་པ་ལས་འགྱུར་བར་རེ་བ་དང་། ཚུལ་དུ་ཞུགས་ན་བདག་གི་གྲོགས་ཚངས་པ་མཚུངས་པར་སྤྱོད་པ་ནད་གཡོག་བྱེད་དུ་བཏུབ་པ་དང་། ནད་གཡོག་ ཡོད་དམ་མེད་བརྟགས་ཏེ་མེད་ན་ཚུལ་དུ་མི་འཇུག་ཡོད་ན་ཚུལ་དུ་འཇུག་པ་ལ་བྱ། གནས་དང་། བདག་ཚུལ་དུ་ཞུགས་ན་གནས་ཁང་ཡོད་དམ་མེད་པ་དང་། ཡོད་ཀྱང་ངན་ཏེ་ཉོན་མོངས་པར་འགྱུར་ན་ཚུལ་དུ་མི་འཇུག །ཡུལ་དང་། ཡུལ་འཁྲུག་ཅིང་དགྲ་དང་ཆོམ་པོ་ལ་སོགས་པ་ཡོད་ དམ་མེད་བརྟགས་ཏེ་ཡོད་ན་མི་འཇུག །ཟས་དང་། གནས་དེ་ན་དགེ་འདུན་གྱི་ཟས་སྦྱིན་ནམ་སྦྱིན་པ་དང་། བསླང་དུ་རྙེད་པ་བརྟགས་ཏེ་མི་རྙེད་ན་ཚུལ་དུ་མི་འཇུག །སྨན་དང་། གནས་དེ་ན་སྨན་ཡོད་དམ་མེད་བརྟགས་ཏེ་སྨན་མེད་ན་མི་འཇུག །སྦྱིན་པ་བརྟགས་ཏེ་ཚུལ་དུ་འཇུག་གོ། ། མིང་གིས་སྨོས་པ་འདི་རྣམས་སྦྱིན་ཞིང་སྦྱོར་བ་ཡོད་དམ་མེད་བརྟགས་ཏེ་ཡོད་ན་ཚུལ་དུ་འཇུག་མེད་ན་མི་འཇུག །གཡོགས་པར་དགེ་སློང་གི་མདུན་དུའོ། །ཚུལ་དུ་འཇུག་པ་ནི་ཁང་པ་ཐོག་མེད་པར་ཚུལ་དུ་མི་འཇུག་སྔགས་བྱེད་པའི་ཚེ་དགེ་སྦྱོང་ངམ་དགེ་སློང་མ་ལ་སྔགས་མི་བྱ། བདག་གཅིག་ པུ་ཡང་སྔགས་མི་བྱ། དགེ་སློང་གི་གན་དུ་སྔགས་བྱས་ཏེ་ཁང་པ་ཐོག་ཡོད་པར་འདུག །གཙུག་ལག་ཁང་དུ་མར་མ་ཡིན། གཙུག་ལག་ཁང་བཞི་ལྔ་ཙམ་ཞིག་མཚམས་འདབ་ཆགས་སུ་སྦྲེལ་དུ་རུང་ན་མཚམས་ཀྱི་མདོར་རེ་ལྡེ་བཏིང་ལ་དེའི་སྟེང་དུ་ཚུལ་གྱིས་སྔགས་བྱས་སྟེ་ ཁང་པ་ཀུན་དུ་གནས་པར་བྱས་ན་ཚུལ་དུ་འཇུག་པར་ནི་འགྱུར་ཁང་པ་དེ་དུ་ཡོད་པ་བཞིན་དུ་ཉེས་བྱས་རེ་རེར་འགྱུར་རོ། །གང་ན་དགེ་སློང་དང་སྒོར་མ་བཅས་པ་མ་ཡིན་ཚུལ་དུ་འཇུག་པ་ན་ཁང་པ་སྒོ་དང་བཅས་པ་ལ་དགེ་སློང་རོགས་ཀྱང་ཡོད་ན་ཚུལ་དུ་འཇུག་གོ། །འདི་ གཉིས་གང་མེད་ཀྱང་རུང་གཅིག་མེད་པར་ཚུལ་དུ་ཞུགས་ན་ཉེས་བྱས་སོ། །སྦྱིན་བདག་དང་དོན་སྒྲུབ་པ་དང་ཡུལ་གྲོང་དང་གཡོག་ཡོད་ན་བརྗོད། །ལྟག་ཏུ་སྦྱིན་བདག་དང་དོན་སྒྲུབ་པ་དང་། ཡུལ་དང་གཙུག་ལག་ཁང་གི་མིང་བརྗོད། མ་བསྐོས་པར་མཚམས་ཀྱི་ཕྱི་རོལ་དུ་སྐྱ་ རེངས་ཤར་བར་མི་བྱ། ཚུལ་དུ་ཞུགས་ནས་ཟླ་བ་གསུམ་གྱི་ཚེ་གནས་གཞན་གར་ཡང་མི་འགྲོ། །འགྲོ་བ་ཞིག་ཏུ་གྱུར་ནའང་སྔགས་ཀྱིས་མ་བཏབ་པར་སོང་སྟེ་སྐྱ་རེངས་བྱུང་ན་ཚུལ་ཞིག་པར་འགྱུར་རོ། །སྔགས་ཀྱིས་བཏབ་ན་ཞག་བདུན་ཚུན་ཆད་འགྲོར་རུང་ངོ་། །ཆོས་ཀྱི་དོན་ཞག་ བདུན་དུ་བསྔོ། །ཞག་བདུན་དུ་འགྲོར་གནང་བ་ཡང་ཆོས་ཀྱི་དོན་འོག་ནས་འབྱུང་བ་རྣམས་ལྟ་བུ་ཞིག་གི་ཕྱིར་འགྲོ་བ་ནི་ཞག་བདུན་པའི་སྔགས་རུང་ངོ་། །ཆོས་ཀྱི་དོན་མ་ཡིན་པ་ཁ་ཟས་དང་རང་ཉམས་ཀྱི་ཕྱིར་འགྲོ་བ་ནི་སྔགས་བཏབ་ཀྱང་ཚུལ་ཞིག་གོ། །འདི་ལྟ་སྟེ་ཀུན་དགའ་ར་བ་ དབུལ་བ་དང་། ཡོན་བདག་དད་པ་ཞིག་གིས་ཞིང་དང་ནོར་རྫས་དང་གྲོང་ཁྱིམ་ཞིག་དབུལ་ཏེ་སྤྱན་འདྲེན་ན་ཞག་བདུན་པའི་སྔགས་ཀྱིས་བཏབ་ན་ཚུལ་གྱི་ཚེ་འགྲོར་དབང་། གཙུག་ལག་ཁང་སློང་བ་དང་། གཙུག་ལག་ཁང་གསར་ཞིག་བསླངས་ཏེ་ཞལ་བསྲོ་བའི་ཚེ་སྤྱན་འདྲེན་ན་ཚུལ་གྱི་ ཚེ་སྔགས་ཀྱིས་བཏབ་སྟེ་འགྲོར་དབང་ངོ་། །མལ་སྟན་སྦྱིན་པ་དང་། ཡོན་བདག་དད་པ་ཞིག་གིས་མལ་སྟན་དང་ནོར་རྫས་ཤིག་སྦྱིན་པའི་ཕྱིར་སྤྱན་འདྲེན་ན་ཚུལ་གྱི་ཚེ་སྔགས་བཏབ་ན་འགྲོར་རུང་ངོ་། །རྟག་པའི་བཤམས་པ་དང་། དགེ་འདུན་ནམ་གཙུག་ལག་ཁང་དུ་རྟག་པར་ཟན་སྦྱོར་ བའི་ཕྱིར་སྤྱན་འདྲེན་ཅིང་འབོད་ནའང་འགྲོར་རུང་ངོ་། །མཆོད་རྟེན་སློང་བ་དང་། ཙེ་ཏི་དང་སྐུ་གཟུགས་ལ་སོགས་པ་ཞིག་བྱས་ཏེ་ཞལ་བསྲོ་ཞིང་སྤྱན་དབྱེ་བའི་ཕྱིར་སྤྱན་དྲོང་ན་འགྲོར་རུང་། སྲོག་ཤིང་ཙེ་ཏིའི་སྲོག་ཤིང་གཟུགས་པར་འདོད་པ་དང་། རྒྱལ་མཚན་གཟུགས་པ་དང་། ཆོས་ ཀྱི་རྒྱལ་མཚན་ནམ་བདན་ཤིང་ཞིག་བཙུགས་པའི་ཕྱིར་མཆོད་རྟེན་ལ་འདོད་པ་དང་། མཆོད་པ་བྱ་བ་དང་། དཀོན་མཆོག་ལ་ཡོན་དབུལ་ཞིང་མཆོད་པའི་ཕྱིར་འདོད་པ་ནི་ཚུལ་གྱི་ཚེ་འགྲོར་རུང་སྟེ་མཆོད་པ་ནི་འོག་ནས་འབྱུང་བ་རྣམས་ཡིན་ནོ། །ཡུང་བ་དང་གུར་གུམ་དང་ཙན་དན་གྱིས་ཆག་ ཆག་འདེབས་པ་དང་། མིང་གིས་སྨོས་པ་འདི་རྣམས་ལྟ་བུས་མཆོད་པའི་ལས་བྱེད་པ་ལས་བོས་པ་དང་། ཀླག་པ་དང་། ཡི་གེ་ཁ་དོན་དང་ཀློག་པ་ཟུར་མི་ཕྱིན་ཅིང་མི་ཤེས་པའི་ཕྱིར་འབོད་པ་དང་བདག་མི་ཤེས་ཏེ་ཀློག་སློབ་ཏུ་འགྲོ་བ་དང་། ཐེ་ཚོམ་བསལ་བ་དང་། ཁྲིམས་ལྕི་ཡང་དང་ཞིག་ མ་ཞིག་པ་ལ་སོགས་པ་ལ་ཐེ་ཚོམ་ཁྱེར་བའི་འབོད་པའང་རུང་བ་དག་ཐེ་ཚོམ་ཁྱེར་ཏེ་མཁན་པོ་མཁས་པའི་གན་དུ་འདྲིར་འགྲོ་བ་དང་། །ལྟ་བར་ཞུགས་པ་སྤོང་བ་དང་། དགེ་སློང་གཅིག་གིས་གཅིག་སྡིག་པ་ལ་ལྟ་བར་གྱུར་ཏེ་དེའི་ཕྱིར་སྡིག་པ་ལ་ལྟ་བ་དེ་དང་དབྲལ་བར་བྱ་བའི་བོས་ཀྱང་རུང་ བདག་རང་འགྲོ་ཡང་རུང་སྟེ་སོང་བ་དང་། རོགས་གསོལ་ཞིང་འཆགས་པ་དང་། དགེ་སློང་གཅིག་ན་རེ་ངའི་སློབ་མ་ཉེས་པར་སྤྱོད་ཅིང་ལོག་པར་ལྟ་བ་སྟེ་ངའི་ངག་ནི་མི་ཉན་ན་ཁྱོད་ཀྱིས་བསྒོ་ཞིང་མི་གདམས་སུ་མི་རུང་གིས་ཤོལ་ཅེས་བོས་ཏེ་འགྲོ་བ་དང་། ཆད་པ་ལ་སོགས་པ་བཞི་སྦྱིན་པ་དང་། ཆད་ པ་དང་རྩ་བའི་ཆད་པ་དང་མགུ་བ་དང་རྩ་བའི་མགུ་བ་བཞི་ལས་གང་ཡང་རུང་བ་བྱེད་པ་ཞིག་དགེ་འདུན་གྲངས་མ་ཚང་བའི་ཕྱིར་འབོད་པ་དང་། འབྱུང་བ་དང་། དགེ་འདུན་ལྷག་མ་བྱུང་བ་ཞིག་དབྱུང་བའི་ལས་བྱེད་དེ་དགེ་འདུན་ཉི་ཤུར་མ་ཚང་བའི་ཕྱིར་འབོད་པ་དང་། ནད་པའི་ཡིད་བརྟན་པ་ དགེ་སློང་ལའོ། །དགེ་སློང་ནད་པ་ཞིག་སེམས་འཁྲུགས་ཤིང་མི་དགའ་སྟེ་ཚིག་པ་ལ་མཛའ་བའི་ཕྱིར་ཕྲད་ན་དགའ་ཞིང་ཡི་རང་བར་འགྱུར་ལ་ངག་ཉན་པའི་ཕྱིར་བཀུག་སྟེ་འགྲོ་བ་དང་མིང་གིས་སྨོས་པ་འདི་རྣམས་ཀྱི་ཕྱིར་སྔགས་ཀྱིས་བཏབ་སྟེ་སོང་ན་ཚུལ་ཞིག་པར་མི་འགྱུར་རོ། ། དགེ་སློང་མ་ལྕི་བའི་ཆོས་ཀྱིས་མགུ་བར་བྱེད་པ་སྦྱིན་པ་ཡང་ངོ་། །དགེ་སློང་མ་ལྕི་བའི་ཆོས་ཤིག་ཤིག་པར་འགྱུར་ཏེ་མགུ་བར་བྱེད་པའི་དགེ་འདུན་གྲངས་མི་ཆོག་པའི་ཕྱིར་འབོད་ན་ཚུལ་གྱི་ཚེ་སྔགས་བཏབ་སྟེ་དགེ་སློང་ཕ་དང་དགེ་སློང་མ་གང་སོང་ཡང་ཉེས་མེད་དོ། །དགེ་སློང་མ་ལ་ ཚངས་པར་སྤྱོད་པ་སྐྱེད་པའི་སྡོམ་པའི་ཕྱིར་རོ། །དགེ་སློབ་མ་ཚངས་པར་སྤྱོད་པའི་གནས་སྡོམ་པ་ནོད་པའི་ཕྱིར་ཚུལ་གྱི་ཚེ་དགེ་སློབ་མ་སྔགས་བཏབ་སྟེ་སོང་ཡང་ཉེས་མེད་དོ། །བསྙེན་པར་རྫོགས་པ་ཡང་ངོ་། །དགེ་སྦྱོང་ལས་ཁྲིམས་རྫོགས་པར་བྱེད་དེ་དགེ་ འདུན་གྲངས་མ་ཚང་བའི་ཕྱིར་འབོད་པའང་སྔགས་ཀྱིས་བཏབ་སྟེ་སོང་ན་ཉེས་མེད་དོ། །དེར་དགེ་སྦྱོང་ཡང་ངོ་། །ཁྱིམ་པ་ཞིག་དགེ་སྦྱོང་དུ་རབ་ཏུ་འབྱུང་བའི་ཕྱིར་འབོད་ན་ཚུལ་གྱི་ཚེ་སྔགས་བཏབ་སྟེ་སོང་ཡང་ཉེས་མེད་དོ། །དགེ་སྦྱོང་མ་སློབ་པའི་སྡོམ་པ་སྦྱིན་པ་དང་། དགེ་སྦྱོང་མ་ཞིག་ དགེ་སློང་མའི་ཁྲིམས་ནོད་པའི་ཕྱིར་དགེ་སློང་མ་ལས་འབོད་ན་ཚུལ་གྱི་སྔགས་ཀྱིས་བཏབ་སྟེ་སོང་ཡང་ཉེས་མེད་དོ། །མགོ་དཀྲི་བ་དང་། མི་གཞོན་ནུ་ཞིག་ཐོད་བཅིང་བའི་དུས་ལ་བབ་སྟེ་མི་མང་པོ་ཞིག་བསྡུས་ཏེ་བཀྲ་ཤིས་བྱེད་པའི་ཕྱིར་ཚུལ་གྱི་ཚེ་འབོད་ནའང་སྔགས་ཀྱིས་བཏབ་སྟེ་ སོང་ཡང་ཉེས་མེད། རྡུལ་བཀྲུ་བ་དང་། བུད་མེད་བུ་བྱུང་བའི་འོག་ཏུ་ཁྲུས་བྱས་ཏེ་བཀྲ་ཤིས་པའི་ཕྱིར་འབོད་པ་དང་། ཕུང་པོ་འཇོག་པ་དང་། བུས་སྐྲ་འདྲེག་འདྲེག་པ་ལས་ཕུད་བུ་འཇོག་པའི་ཚེ་བཀྲ་ཤིས་པའི་ཕྱིར་འབོད་པ་དང་། རལ་བུ་འབོག་པ་དང་། བྱིས་པའི་སྐྲ་རལ་བུར་ འདུག་འདུག་པ་ལས་འདྲེག་པའི་ཚེ་བཀྲ་ཤིས་ཀྱི་ཕྱིར་འབོད་པ་དང་། །རྣ་ཆའི་སྐྱེད་པའི་ཁྱིམ་པ་དང་ཁྱིམ་མ་ལའོ། །རྣ་ཆ་གཅིག་གསར་དུ་ཐོགས་ཏེ་བཀྲ་ཤིས་པའི་ཕྱིར་འབོད་དེ་སོང་བ་དང་མིང་གིས་སྨོས་པ་འདི་རྣམས་གང་ཡང་རུང་སྟེ་ཁྱིམ་བདག་བོའམ་མོ་ཞིག་དགེ་སློང་ཕོ་མོ་གང་ཡང་ རུང་ཚུལ་གྱི་ཚེ་སྔགས་ཀྱིས་བཏབ་སྟེ་སོང་ན་ཚུལ་མི་འཇིག་ལ་ཉེས་མེད་དོ། །དགེ་འདུན་གྱི་ལྷག་མ་མ་གཏོགས་པར་བསྙེན་པར་མ་རྫོགས་པ་ལ་སྔ་མ་ཡང་ངོ་། །དགེ་འདུན་གྱི་ལྷག་མ་བྱུང་སྟེ་ཆད་པ་དང་རྩ་བའི་ཆད་པ་དང་། མགུ་བ་དང་རྩ་བའི་མགུ་བ་འདི་བཞི་དང་། དགེ་འདུན་གྱི་ ལྷག་མ་འབྱིན་པ་དང་སྔ་མ་མ་གཏོགས་པར་ལྷག་ནས་ཆོས་ཀྱི་དོན་གྱི་ཕྱིར་འགྲོར་རུང་ངོ་ཞེས་བྱ་བ་མན་ཆད་ཚུལ་གྱི་ཚེ་སྔགས་ཀྱིས་བཏབ་སྟེ་སོང་ཡང་ཉེས་མེད་དོ་ཞེས་འབྱུང་བ་ཐམས་ཅད་གང་ཡང་རུང་སྟེ་ཁྱིམ་པ་ཞིག་གིས་སྤྱན་འདྲེན་ཞིང་འབོད་ནའང་ཚུལ་གྱི་ཚེ་སྔགས་ཀྱིས་བཏབ་སྟེ་སོང་ ན་ཉེས་མེད་དེ་ཚུལ་མི་ཞིག་གོ། །ཁྱིམ་པ་ལ་བཤད་པར་བཟོད་པའོ། །དགེ་སློང་ལ་ཁྱིམ་པས་ཉེས་པའི་དམིགས་པར་སྐུར་པ་བཏབ་ན། དགེ་འདུན་གྱིས་ལྷུང་བཟེད་ཁ་ཕུབ་པ་ལས་ཕྱིས་ཁྱིམ་པས་བཟོད་པར་གསོལ་ཞིང་སྤྱན་འདྲེན་ནའང་ཚུལ་གྱི་ཚེ་སྔགས་བཏབ་སྟེ་སོང་ཡང་ཉེས་མེད་དོ། ། ཟས་དང་སྨན་དང་གཡོག་དེ་དག་མེད་ལ་མེད་པས་འཚོ་མི་ནུས་ན་རྒལ་ཚུལ་དུ་ཞུགས་པ་ལས་ཁ་ཟས་དང་སྨན་དང་གཡོག་ལ་སོགས་པ་འཚོ་བའི་ཡོ་བྱད་མེད་དེ་གུད་དུ་འགྲོ་དགོས་པའི་རྐྱེན་ཅིག་བྱུང་ན་འཚོ་བ་ག་ལ་ཡོད་པར་སོང་ཡང་ཚུལ་ནི་ཞིག་པར་འགྱུར་ཉེས་བྱས་ནི་མེད་དོ། །དགེ་སྦྱོང་དང་ འཚོ་བ་དང་ཚངས་པའི་བར་ཆད་དུ་འགྱུར་ན་ཡང་ངོ་། །དགེ་སློང་གྲོགས་ཐམས་ཅད་ཚུལ་ཁྲིམས་ལ་གཡེལ་ཏེ་སྲིན་བུ་མི་རྟོག་ཅིང་ཆུ་མི་འཚག་པ་དང་སྤགས་པའི་ཁ་ཟས་ལ་སོགས་པ་ཟ་བ་དང་བཏུང་བའི་སྡིག་པ་སྤྱོད་དེ་བདག་གཅིག་པུས་ནི་དགེ་འདུན་གྱི་ལས་ཀུན་མི་ནུས་ཀྱི་བདག་གི་དོན་ དགེ་སྦྱོང་གི་འབྲས་བུ་དགྲ་བཅོམ་པའི་རིམ་པ་བཞི་ལ་བར་དུ་གཅོད་ཅིང་སྡིག་པར་འགྱུར་བ་དང་བདག་འཚོ་བའི་སྲོག་ལ་བབས་པ་དང་། ཚངས་པར་སྤྱོད་པའི་བར་ཆད་དུ་འགྱུར་བ་དང་རྐྱེན་འདི་རྣམས་ལྟ་བུ་ཞིག་བྱུང་ན་ཚུལ་གྱི་ཚེ་གུད་དུ་སོང་ན་ཚུལ་ནི་ཞིག་ཉེས་བྱས་ནི་མེད་དོ། །མི་མཐུན་པར་ སེམས་བསྐྱེད་པ་དང་། ཡུལ་གྱི་རྣམས་ཀྱིས་བདག་གི་སེམས་མི་བདེ་ཞིང་སྡིག་པ་སྤོང་བར་འགྱུར་བ་ཞིག་ན་ཡུལ་གཞན་རྣམས་ལས་སེམས་བདེ་ཞིང་དགེ་བར་སེམས་བདེ་བར་འགྱུར་བ་ཞིག་ཡོད་དེ་ཚུལ་གྱི་ཚེ་སོང་ཡང་ཚུལ་ནི་ཞིག་ཉེས་བྱས་ནི་མེད་དོ། །སྡིག་པ་ངག་གིས་བརྗོད་ཅིང་དགེ་འདུན་ གྱི་དབྱེན་དུ་འཇུག་ན་ཡང་ངོ་། །ཡུལ་གྱི་རྣམས་ལས་སེམས་འགྱུར་བ་བཞིན་དུ་ཁ་ནས་སྡིག་པ་སྨྲ་ཞིང་སྡིག་པའི་གྲོགས་བྱེད་པར་འགྱུར་ན་ཡུལ་བདེ་བ་གཞན་དུ་འཕོས་ཀྱང་ཉེས་མེད་དོ། །དེ་དག་ཞི་བར་གྱུར་ན་མི་འགྲོ་བར་མི་བྱ། དགེ་སློང་ཞིག་དབྱེན་ལ་ཞུགས་ཏེ་བདག་གིས་གྲོས་བཏབ་ ན་དབྱེན་ལ་མི་འཇུག་པར་ནུས་པ་དང་དབྱེན་ལ་ཞུགས་ཟིན་པ་ལས་སླར་ཟློག་ནུས་པ་ཙམ་གྱི་ཚོད་ནི་ཚུལ་དྲལ་ཏེ་སོང་ན་ཞིག་ཉེས་བྱས་ནི་མེད་དོ། །མ་སོང་ན་ཉེས་བྱས་སོ། །སོང་ན་མི་རྒལ་བར་མི་བྱ། མདོ་གོང་མ་ལྟར་འགྲོ་བ་ལ་ཞག་བདུན་གྱིས་སླར་འཁོར་བ་ཞིག་སྟེ་ཞག་བདུན་པའི་སྔགས་ བཏབ་པ་ལས་ཞག་བདུན་གྱི་བར་དུ་སླར་མ་བཟློག་ཤིག་དབྱེན་མ་བཏང་ན་ཞག་བདུན་ལས་འདས་པར་འདུག་ཀྱང་ཚུལ་ནི་ཞིག་ཉེས་བྱས་ནི་མེད། དབྱར་གྱི་གནས་སུ་གནས་པར་དམ་བཅས་པ་མི་བཅའ་བར་མི་བྱ། ཡོན་བདག་གཅིག་གིས་ཚུལ་གྱི་ཚེ་འཚོ་བ་སྦྱར་ཏེ་ འདུག་པར་འཐམས་པའང་རུང་ཆོས་སྡེ་སྣོད་གསུམ་བཤད་པའི་ཕྱིར་གསོལ་ཏེ་འཚོ་བ་སྦྱར་ནས་ཚུལ་གྱི་ཚེ་བཞག་པའང་རུང་འདུག་པར་ཁས་བླངས་པ་ལས་གུད་དུ་སོང་ན་ཉེས་བྱས་སོ། །གསོ་སྦྱོང་གཅིག་པའི་གནས་སུ་འདི་ལྡང་བ་མེད་དོ། །དགེ་འདུན་ཚུལ་ཐ་དད་དུ་མཚམས་སོ་སོར་ ཞུགས་ལ་གསོ་སྦྱོང་གཅིག་ཏུ་འདུས་ཤིང་བྱེད་ན་གཙུག་ལག་ཁང་དེ་གཉིས་སྔགས་ཀྱིས་མ་ཐེབས་པར་ཞག་ཏུ་གནས་ཀྱང་ཚུལ་ཞིག་པར་མི་འགྱུར་ཏེ་ཉེས་མེད་དོ། །ཡོད་ན་ནི་རྙེད་པ་གཅིག་པའོ། །གཙུག་ལག་ཁང་སོ་སོར་ཐ་དད་དུ་ཞུགས་ལ་གསོ་སྦྱོང་ནི་གཅིག་ཏུ་མི་བྱེད་ཀྱི་ཁ་ཟས་ལྷག་པར་ སྤྱིར་བསྲེས་ཤིང་ཟ་བ་ནི་གཙུག་ལག་ཁང་དེ་གཉིས་ལྷག་མ་ལྟར་གནས་སུ་མི་རུང་སྟེ་སྔགས་མ་ཐེབས་ན་ཚུལ་ཞིག་གོ། །དབྱར་གྱི་དངོས་པོའོ། །དབྱར་ཚུལ་དུ་འཇུག་པའི་ཆོ་ག་བཤད་པའོ།། །།སྡེ་ལྔ་ཆར་ཡང་ཚུལ་དུ་འཇུག་པར་བྱེད་པའོ། །དགེ་སློང་ཕོ་མོ་དང་དགེ་སྦྱོང་ཕོ་མོ་དང་དགེ་ སློབ་མའང་ཚུལ་དུ་འཇུག་དགོས་སོ། །དགེ་སྦྱོང་འབའ་ཞིག་མ་ཡིན་ནོ། །དགེ་སློང་དང་མཁན་པོ་ལ་སོགས་པ་མེད་ན་དགེ་སྦྱོང་འབའ་ཞིག་ཉི་ཚེ་ཚུལ་དུ་འཇུག་ཏུ་མི་རུང་ངོ་། །ཚུལ་དུ་ཞུགས་ན་ཚུལ་དུ་ཞུགས་པར་མི་འགྱུར་ན་ཉེས་བྱས་གྲངས་མེད་དོ། །ལོར་མ་ལོན་པ་ཡང་ངོ་། །མཁན་ པོ་དང་གནས་བརྟན་མེད་པར་དགེ་སློང་ལོ་གཅིག་ཏུ་མ་ལོན་པ་ཉི་ཚེ་ཚུལ་དུ་འཇུག་པར་མི་བྱའོ། །དེ་དག་ལ་ཚུལ་དུ་ཞུགས་པ་མི་འཆགས་པ་མ་ཡིན་ནོ། །མདོ་གོང་མ་གཉིས་ལྟར་བཤད་པ་དགེ་སྦྱོང་དང་ལོ་མ་ལོན་པ་ཚུལ་དུ་ཞུགས་ཀྱང་ཚུལ་དུ་ནི་མི་རུང་ངོ་། །མལ་སྟན་མི་བླང་མི་བྱ། དགེ་ སློང་དང་ལོ་མ་ལོན་པ་ཚུལ་དུ་ཞུགས་པས་གནས་བརྟན་མེད་པའི་ཕྱིར་མལ་སྟན་མི་བགོ་བ་མ་ཡིན་ཏེ་བགོས་ཀྱང་ཉེས་མེད་དོ། །སྡུད་པ་མེད་ཀྱང་མ་ཡིན་ནོ། །དགེ་འདུན་གྱི་མལ་སྟན་གྱི་རྫིའམ་སྡུད་པ་དང་འགོད་པའི་མི་མེད་པར་མལ་སྟན་ཡོད་ན་བདག་ཅག་གིས་བགོས་ཀྱང་ཉེས་མེད་དོ། ། མ་བགོས་པར་བསྡུ་བ་མ་ཡིན་ནོ། །དགེ་འདུན་གྱིས་མལ་སྟན་རྫིར་མ་བསྐོས་པར་མལ་སྟན་ཐུག་ཐུབ་ཏུ་ཕྱུང་སྟེ་བརྙེན་པོར་མི་བཏང་། མ་བྱུང་བ་ལ་སོགས་པར་སྡེ་སྣོད་འཆང་བ་དང་འཐབ་མོ་བྱེད་པ་ཡོད་དམ་མེད་པ་ཡང་དེར་མ་ཆུད་པ་མ་ཡིན་ནོ། །ལྟག་ཏུ་ཉོན་མོངས་པར་འགྱུར་བ་དང་ཐེ་ ཚོམ་སྐྱེ་བར་འགྱུར་པ་དང་འཐབ་ཅིང་འཁྲུག་པ་ཡོད་ན་ཚུལ་དུ་མི་འཇུག་གོ་ཞེས་འབྱུང་བ་ལ་སྡེ་སྣོད་གསུམ་ཤེས་པའི་མཁན་པོ་ཡོད་ན་མྱ་ངན་དང་ཐེ་ཚོམ་སེལ་ཅིང་འཁྲུག་པ་ཞི་བར་འགྱུར་བའི་ཕྱིར་ཚུལ་དུ་ཞུགས་ཀྱང་ཉེས་མེད་དོ། །སྡེ་སྣོད་གསུམ་ཤེས་པ་མེད་ན་མྱ་ངན་དང་ཐེ་ཚོམ་སྐྱེ་ཞིང་ འཁྲུལ་བར་འགྱུར་བའི་ཕྱིར་འཕྲལ་དུ་བདེ་བའང་ཚུལ་དུ་མི་འཇུག་གོ། །ཚུལ་དུ་མ་ཞུགས་ཀྱང་གནས་མ་བཏང་ན་གནས་པའོ། །ཚུལ་དུ་འཇུག་པའི་སྔགས་ཀྱིས་མ་བཏབ་ཅིང་ཚུལ་དུ་མ་ཞུགས་ཀྱང་ཚུལ་ཟླ་བ་གསུམ་གནས་གཅིག་ན་འདུག་ཅིང་གུད་དུ་མ་སོང་སྟེ་ཞག་མ་ལོན་ན་ ཚུལ་དུ་ཞུགས་པ་དང་འདྲ་སྟེ་ཡོན་ཏན་བཅུ་ཡང་འཐོབ་པར་འགྱུར་ཏེ་འོག་ནས་འཆད། ནམ་མཁའ་ལ་ཚུལ་དུ་ཞུགས་པ་ནི་མི་སྐྱེའོ། །རྫུ་འཕྲུལ་ཅན་ཞིག་གིས་ནམ་མཁའ་ལ་ཚུལ་དུ་ཞུགས་ཏེ། ཟླ་བ་གསུམ་དུ་གནས་པ་ནི་ཚུལ་དུ་ཞུགས་པར་མི་འགྱུར་རོ། །གྲུར་མ་ཡིན་ཏེ་མ་ གཏོགས་པ་ནི་ས་ལ་བརྟེན་པའམ་བཅིངས་སམ་ས་ལ་རྟེན་པ་བརྟེན་པར་བར་ཆད་འབྱུང་བར་མི་ཤེས་ནའོ། །གྲུའི་ནང་དུ་ཚུལ་དུ་ཞུགས་པའང་ཚུལ་དུ་ཞུགས་པར་མི་འགྱུར་རོ། །གྲུ་ས་ལ་བརྟེན་ཅིང་ཆུས་འཕགས་པར་མི་འགྱུར་བ་དང་ཉག་ཐག་ཤིང་ལ་བཏགས་ཏེ་མི་འཕགས་པ་དང་ ཉིན་པར་ཉག་ཐག་བཀྲོལ་ནས་ཡན་མན་དུ་དྲངས་ཏེ་ནང་པར་སྐྱ་རེངས་མ་བྱུང་བར་ཉག་ཐག་སླར་བརྟགས་པ་ནི་ཚུལ་དུ་ཞུགས་ཀྱང་ཚུལ་ཞིག་པར་མི་འགྱུར་རོ། །འཇིག་པ་ནི་ད་འི་ལྟ་བ་ལ་གནས་ཏེ་ཆོས་མ་ཡིན་པའི་སྐྱབས་སུ་སོང་ནས་སྐྱ་རེངས་ཤར་ནའོ། །དགེ་སློང་སེམས་མུར་འདུག་ གམ་ལོག་པར་ལྟས་པར་འགྱུར་ཏེ་ལུས་ནི་དགེ་སློང་གི་ཚུལ་དུ་འདུག་ལ་སེམས་ལོག་པ་ལ་དད་པའི་ཕྱིར་ལོག་པ་ལ་ལྟ་བ་གཞན་མཚམས་ཀྱི་ནང་དུ་འཇུག་ཀྱང་དེ་དང་ལྷན་ཅིག་ཏུ་དེའི་གནས་སུ་ཞག་ལོན་ཏེ་སྐྱ་རེངས་བྱུང་ན་ཚུལ་ཞིག་པར་འགྱུར། ཐེ་ཚོམ་གྱིས་ནི་མ་ཡིན་ནོ། །ཚུལ་དུ་ཞུགས་ ལ་ཚུལ་དུ་ཞུགས་སམ་མ་ཞུགས་ཐེ་ཚོམ་ཟ་བར་གྱུར་ན་ཡང་ཚུལ་ཞིག་པར་མི་འགྱུར་ཏེ་ཚུལ་དུ་ཞུགས་པར་མི་འགྱུར་རོ། །མཐའ་གཞན་དྲུག་ཏུ་བསྔོས་པ་ནི་མི་ལྡང་ངོ་། །ཚུལ་གྱི་ཞག་བདུན་གྱི་སྔགས་གྱིས་བཏབ་སྟེ་འགྲོར་རུང་བ་ཡིན་ན་ཞག་དྲུག་ན་ཚུལ་ནས་འབྱུང་ བའི་མདུན་དུ་ཞག་བདུན་པའི་སྔགས་ཀྱིས་བཏབ་སྟེ་ཆོས་ཀྱི་དོན་དང་སྲོག་ལ་བབ་པའི་ཕྱིར་གུད་དུ་སོང་ཡང་ཞག་གཅིག་གི་སྐྱ་རེངས་བྱུང་བ་ན་ཚུལ་ཞིག་པར་འགྱུར་རོ། །ཞིག་པ་ནི་ཚུལ་དུ་ཞུགས་ནས་དགོས་པ་མེད་པར་དེ་ལས་མ་ལོག་གམ་གནས་ནའོ། །ལྟག་ཏུ་ཆོས་ཀྱི་དོན་ལ་སོགས་པའི་ ཕྱིར་འགྲོ་ན་ཞག་བདུན་གྱི་སྔགས་ཀྱིས་བཏབ་སྟེ་འགྲོར་དབང་ངོ་ཞེས་མིང་གིས་སྨོས་ཏེ་བཤད་པ་འདི་རྣམས་ལ་ཆོས་ཀྱི་དོན་ལ་སོགས་པ་ཕ་རོལ་གྱི་ལས་ཟིན་པར་འགྱུར་ན་ལས་ཟིན་པར་ཐོས་བཞིན་དུ་གཞི་ནས་སོང་ཡང་རུང་ལམ་དུ་ཐོས་ཏེ་སླར་མ་ལོག་ཀྱང་ཞག་ལོན་ཏེ་སྐྱ་རེངས་བྱུང་ན་ཚུལ་ ཞིག་པའོ། །ཆོས་ཀྱི་དོན་གྱི་ཕྱིར་ཞག་བདུན་པའི་སྔགས་ཀྱིས་བཏབ་སྟེ་སོང་བ་ལས་སྔར་ཟིན་ན་ཞག་བདུན་མ་ལོན་གྱི་བར་དུ་མི་འགྲོའོ་ཞེས་ཟེར་ཞིང་འདུག་པ་ནི་ཚུལ་ཞིག་པའོ། །དེའི་མཐའ་ནི་ཞག་བདུན་ཚུན་ཆད་དོ། །ཆོས་ཀྱི་དོན་གྱི་ཕྱིར་འགྲོར་དབང་ངོ་ཞེས་གོང་དུ་མིང་གིས་སྨོས་ པ་རྣམས་ཀྱང་ཞག་བདུན་པའི་སྔགས་ཀྱིས་བཏབ་ན་རུང་གི་དེ་ལས་ཞག་མང་བའམ་སྔགས་ཀྱིས་བཏབ་ཀྱང་མི་ཕན་ཏེ་ཚུལ་ཞིག་པའོ། །གནང་བ་མ་ཐོབ་པ་དེ་ནི་མཐའོ། །གུད་དུ་འགྲོ་བར་དགེ་འདུན་ལས་གནང་བ་ཐོབ་པ་ནི་ཆོས་ཀྱི་དོན་གྱི་ཕྱིར་ན་ཞག་བཞི་བཅུར་འགྲོར་གནང་སྟེ་ དེ་ནི་མ་གཏོགས་པར་ཞག་བདུན་འདས་ཏེ་བརྒྱད་ཀྱི་སྐྱ་རེངས་བྱུང་ན་ཚུལ་ཞིག་པར་འགྱུར་རོ། །གཞན་ཡང་ནུབ་བཞི་བཅུའོ། །ངོ་མཚར་གྱི་རྐྱེན་ཅིག་བྱུང་ན་དགེ་འདུན་གྱིས་ཞག་བཞི་བཅུའི་བར་དུ་འགྲོར་དབང་བར་གནང་བ་སྦྱིན་ནོ། །དེ་ལྟར་བྱིན་ནས་ཕྱི་མ་གནས་པའི་ཚེ་ཞག་ མང་པོ་ཡང་ཚུལ་ཞིག་པར་མི་འགྱུར་རོ། །དེ་སྦྱིན་རྐྱེན་བྱུང་ཏེ་ཞག་བཞི་བཅུར་འགྲོར་གནང་བ་རིགས་ན་དགེ་འདུན་གྱིས་གནང་བ་སྦྱིན་ནོ། །མ་བྱིན་ན་ཉེས་བྱས་སོ། །དེ་ལས་ལྷག་པར་ཕྱི་ལོགས་སུ་མི་གནས་སྡེ་ལྔ་ཆར་ཡང་འདི་བཞིན་ནོ། །ཞག་བཞི་བཅུར་དགེ་འདུན་གྱིས་གནང་སྟེ་ སོང་ལས་ཞག་བཞི་བཅུ་འདས་ཀྱང་རུང་དོན་ནི་སྔར་གྲུབ་ཀྱི་ཞག་བཞི་བཅུ་མ་ལོན་གྱི་བར་དུ་མི་འགྲོ་ཞེས་འཁྱམ་ཞིང་འདུག་པ་ནི་ཞིག་པར་འགྱུར་རོ། །དགེ་སློང་ཕོ་མོ་དང་དགེ་སྦྱོང་ཕོ་མོ་དགེ་སློབ་མ་ལྔ་ཆར་ཀྱང་ཞག་བཞི་བཅུར་འགྲོ་བ་ཆོ་ག་མཚུངས་སོ། །འདི་མཚམས་ཀྱི་ནང་དུ་ སྐྱེའོ། །ཞག་བཞི་བཅུའི་སྔགས་མནོད་པ་ཡང་ཚུལ་དུ་ཞུགས་པའི་གནས་ཉིད་ནས་ནོད་ཀྱི། གནས་གཞན་ནས་ནོད་ན་སྔགས་བྱས་པར་མི་ཆུད་དོ། །དགེ་སློང་གི་མདུན་དུའོ། །ཞག་བཞི་བཅུའི་སྔགས་མནོད་པ་ནི་བདག་གཅིག་པུ་མ་ཡིན་གྱི་དགེ་སློང་གཅིག་ལས་མནོད་དོ། །དགེ་སྦྱོང་ དགེ་སློང་ལས་མནོད་དོ། །མ་དོགས་ཤིག་མ་ཆུད་པ་མ་ཡིན་པ་ནི། མིང་གིས་སྨོས་པ་འདི་རྣམས་ཀྱང་ཞག་བདུན་གྱི་སྔགས་ཀྱིས་བཏབ་སྟེ་སོང་ཡང་ཞིག་པར་མི་འགྱུར་ཏེ་ཞིག་པར་འགྱུར་བ་མ་དོགས་ཤིག །མུར་འདུག་ཏུ་ལྟ་བ་དབྱེ་བའི་ཕྱིར་དང་། མུར་འདུག་གཅིག་ལ་སངས་ རྒྱས་ཀྱི་ཆོས་བཤད་པ་ན་མུར་འདུག་གི་ཆོས་འདོར་ཞིང་སངས་རྒྱས་ཀྱི་ཆོས་ལ་ཕྱོགས་པར་འགྱུར་བ་ཙམ་གྱི་ཚོད་ན་ཚུལ་གྱི་ཚེ་སྔགས་བཏབ་སྟེ་སོང་ཡང་ཉེས་མེད། གཉེན་ལ་བྱ་བ་དང་། གཉེན་ལ་ཆོས་བཤད་པའི་ཕྱིར་དང་ན་བའི་ཕྱིར་དང་སེམས་དགའ་བའི་ཕྱིར་ངོ་ཕྲད་དུ་ འགྲོ་བ་དང་། ཆུད་པ་དང་། བདག་ཁ་ཐོན་དང་ཀློག་པ་ལ་སོགས་པ་དོན་མ་ཆུད་ཅིང་མ་གོ་བ་གོ་བར་བྱ་བའི་ཕྱིར་འགྲོ་བ་དང་། ལྷག་པར་ཆུང་བ། དགྲ་བཅོམ་པའི་རིམ་པ་ལྟ་བུ་གདོན་མི་ཟ་བ་དང་ཐོབ་པར་འགྱུར་བའི་གདེང་ཡོད་པའི་ཕྱིར་མཁན་པོ་དང་སློབ་དཔོན་ལ་ཉན་དུ་འགྲོ་བ་དང་། བདག་འདོད་པ་བསལ་བའི་དོན་དུ་འགྲོ་བའི་ཕྱིར་དེ་བྱས་ནའོ། །ལྟུང་བ་སྡེ་ལྔ་ལས་ཐེ་ཚོམ་དུ་གྱུར་པ་ཞིག་ན་ཐེ་ཚོམ་བསལ་བའི་ཕྱིར་མཁན་པོ་མཁས་པའི་གན་དུ་འགྲོ་བ་དང་འདི་རྣམས་ཀྱི་ཕྱིར་འགྲོ་བ་ཡང་ཞག་བདུན་གྱི་སྔགས་ཀྱིས་བཏབ་སྟེ་སོང་ན་ཉེས་མེད་དོ། །ཚུལ་དུ་ཞུགས་ཏེ་ འདུག་པ་སྤང་བ་མི་བྱ་ཚུལ་དུ་ཞུགས་པ་ཟླ་བ་གསུམ་གྱི་ཚེ་དགེ་སློང་སྡེ་ལྔ་ལས་སངས་རྒྱས་ཀྱིས་གསུངས་པ་བར་དུ་གཅོད་པར་མི་འགྱུར་རོ་ཞེས་ཟེར་བ་བསྐྲད་པའི་རིགས་པ་ཡང་མི་བསྐྲད་པར་ཆད་པས་མི་བཅོད་པར་བརྟགས་ཏེ་གཞག་གོ། །དེ་བཞིན་དུ་ཆད་པ་ཕྲེའུ་དང་སྤྲོ་བ་ཡང་མི་ བླང་ངོ་། །ཕས་ཕམ་པ་ནི་བསྐྲད་དོ། །བཞི་ལ་སོགས་པར་ཆུད་དོ། །ཚུལ་གྱི་ཚེ་ཟན་སྦྱར་གྱིས་འདུག་ཤིག་ཅེས་ཁས་བླངས་ཏེ་སོང་ན་ཉེས་བྱས་པར་འགྱུར་བ་བཞིན་དུ་ལྷུང་བཟེད་སྦྱིན་ནོ་ཞེས་བྱ་བ་ལས་མ་བྱིན་པ་དང་ཆོས་གོས་སྦྱིན་ནོ་ཞེས་བྱས་པ་ལས་སོང་བ་དང་ཆོས་ བཤད་དོ་ཞེས་ཁས་བླང་པ་ལས་མ་སོང་ཡང་ཉེས་བྱས་སོ། །དབྱར་གྱི་དངོས་པོ་རྫོགས་སོ།། །།ཁ་རོག་པའི་ཡི་དམ་མི་བཅའ། མུར་འདུག་གི་དཀའ་ཐུབ་ཁ་རོག་པར་འདུག་ན་མྱ་ངན་ལས་འདའ་བར་འགྱུར་ཞེས་ཟེར་བ་ལྟ་བུ་ཁ་རོག་པར་འདུག་པའི་ཡི་དམ་མི་བཅའ། །འདི་ལ་ ཞུགས་ན་གྲོལ་བ་གཙང་མ་བར་ན་སྦོམ་པོའི་ཉེས་བྱས་པའོ། །མདོ་གོང་མ་ལྟར་མི་སྨྲ་བ་ཡང་མུར་འདུག་གི་དཀའ་ཐུབ་ཀྱི་མི་སྨྲ་བར་བྱས་པ་ལྟ་བུ་ནི་དབྱེན་གྱི་སྦོམ་པོར་འགྱུར་རོ། །གྱི་ན་མི་སྨྲ་བར་འདུག་པར་བསམས་པ་ནི་ཉེས་བྱས་སོ། །མཐོང་བ་དང་ཐོས་པ་དང་དོགས་པས་ཚུལ་དུ་ ཞུགས་པ་ལས་དགེ་འདུན་གྱིས་དབྱུང་། ཚུལ་ནས་འབྱུང་བའི་ཚེ་དགེ་འདུན་ཀུན་ལ་ཁྱེད་ཀྱིས་བདག་ལ་ལྟུང་བ་སྡེ་ལྔ་ལས་གང་ཡང་རུང་ཉེས་པར་མཐོང་བ་དང་ཐོས་པ་དང་དོགས་པ་ཞིག་ཡོད་ན་རྒོལ་ཅིག་ཅེས་སྐབས་ཕྱེ་བའི་སྔགས་འདི་བྱས་ཏེ་དབྱུང་ངོ་། །དབྱར་གྱི་མཐའ་ཉིན་ མོའོ། །ཚུལ་ནས་གནས་པ་ནི་ཚུལ་སྔ་མ་དབྱར་ཟླ་འབྲིང་པོ་ཉ་ལ་ཞུགས་པ་ནི་སྟོན་ཟླ་འབྲིང་པོ་ཚེས་བཅོ་ལྔ་འབྱུང་ངོ་། །ཚུལ་ཕྱི་མ་དབྱར་ཟླ་ཐ་ཆུངས་ཚེས་བཅུ་དྲུག་ལ་ཞུགས་པ་ནི་སྟོན་ཟླ་ཐ་ཆུངས་ཚེས་བཅོ་ལྔ་ལ་འབྱུང་ངོ་། །ཡུལ་ཞུ་སྟེ་ཕྱགས་པ་ཚུན་ཆད་ཞག་འདི་ཙམ་ན་དགེ་འདུན་ འབྱུང་བར་འགྱུར་གྱིས་ཁྱེད་ཞུགས་ཤིག །ཚུལ་ནས་འབྱུང་བའི་ཞག་བཅུ་གཅིག་ཙམ་གྱི་སྔོན་ལོགས་སུ་ཉེ་འཁོར་གྱི་ཡུལ་མི་དང་ལྷ་འཕངས་ལ་སོགས་པ་ལ་འདི་ཙམ་ན་དགེ་འདུན་ཚུལ་ནས་འབྱུང་གི་གཙུག་ལག་ཁང་དུ་འདུ་ཤིག་ཅེས་བྱ། གཙུག་ལག་ཁང་བརྒྱན། ཚུལ་ནས་འབྱུང་བའི་ ཚེ་གཙུག་ལག་ཁང་བརྒྱན། ཁང་བུ་རྩེག་མ་གླན། ཡུལ་བསྐོར་བའི་གཟུགས་ཀྱི་ཁང་བུ་སྦྱར་ཅིང་བཅོས། དྲི་གཙང་ཁང་བྲི། དྲི་གཙང་ཁང་ལ་སོགས་པའི་རི་མོ་བྲི་མཆོད་རྟེན་དག་ཕྱི་ཞིང་བསང་། སྐུ་གཟུགས་དང་མཆོད་རྟེན་ལ་སོགས་པ་ལྕེ་ཏི་བཀྲུ་བཤལ་དང་ཕྱག་བདར་ བྱ། སེང་གེའི་སྟན་བརྒྱན། ཁ་དོན་ཀློག་པའི་སེང་གེའི་སྟན་བརྒྱན། དེ་རིང་ནུབ་མོ་ཐམས་ཅད་དུ་ཆོས་བསྟན་པར་འགྱུར་གྱིས་དེར་ཁྱེར་བ་བྱིན་ཅིག་ཅེས་ནས་ཡུལ་ཞུ། མདོ་ལྟག་མ་རྣམས་ནི་ཞག་ལྔ་དྲུག་གམ་བདུན་ནས་བྱ་བའི་ཆོ་ག་འདི་རྣམས་ནི་ཚུལ་ནས་འབྱུང་བའི་སྔ་དེ་ཉིན་ནས་ སྦྱར་ཞིང་བྱའོ། །དོ་མོད་མཚན་རངས་ཁ་ཐོན་ཀློག་ཅིང་ཆོས་མཉན་གྱི་དགེ་འདུན་ཀུན་འདུས་ཤིག་ཅེས་བགོས་ཏེ་རེས་ཀྱིས་ཁ་ཐོན་བྱེད་དུ་གཞུག་གོ། །ཡུལ་མི་ལ་སོགས་པ་བསྡུས་ཏེ་ཆོས་ཉན་དུ་གཞུག །མདོ་སྡེ་དང་འདུལ་བ་དང་མ་མོ་འཛིན་པ་ལ་བསྐོས་ཏེ་ཚེས་བཅུ་བཞིའི་ནུབ་ མོ་ཐམས་ཅད་དུ་ཆོས་བསྟན་པ་སྦྱིན་དུ་གཞུག །ཁ་ཐོན་ཀློག་ཏུ་གཞུག་པ་ནི་མདོ་སྡེ་དང་འདུལ་བ་དང་མ་ལྟ་བུ་འཛིན་པ་ལ་སོགས་པ་ལས་ལས་རེས་ཀྱིས་ནུབ་མོ་ཐོག་ཐག་ཏུ་ཁ་ཐོན་ཏུ་གཞུག་གོ། །གཞན་དུ་ཡང་དེ་དག་ལས་ཀྱི་ཚུན་ཆད་དུ་ཆོས་གདོན་མི་ཟ་བའི་གཏམ་གྱིས་ནུབ་མོ་ བཟླའོ། །ཚུལ་ནས་འབྱུང་བའི་ཚེས་བཅུ་བཞིའི་ནུབ་མོ་ནི་དགེ་སྐོས་འབའ་ཞིག་མི་ཉལ་གྱི་དགེ་སློང་གཞན་རེས་ཁ་དོན་ཀློག་ཅིང་ཆོས་བསྙད་པ་ཙམ་གྱིས་ཆོག་གི་གཞན་ནི་གཉིས་ཀྱིས་མི་ཐུབ་ན་ཉལ་ཀྱང་ཉེས་མེད། ཚེས་བཅུ་ལྔའི་ནུབ་མོ་ནི་ཐམས་ཅད་ཉལ་དུ་མི་གནང་སྟེ་ཆོས་བསྙད་ཅིང་ འཆད་པའི་རྗེས་ལ་ཚུལ་ནས་འབྱུང་ངོ་། །སྐྱ་རེངས་བྱུང་བས་མཆོད་པ་ཚུན་ཆད་འབྱུང་བ་ལས་སོ། །ཚེས་བཅོ་ལྔའི་ནུབ་མོ་བཅུ་དྲུག་གི་སྐྱ་རེངས་མ་བྱུང་ཚུན་ཆད་དུ་ཚུལ་ནས་འབྱུང་བར་བྱའོ། །སྐྱ་རེངས་བྱུང་ན་ལས་སུ་མི་རུང་ངོ་། །འབྱིན་པའི་དགེ་སློང་བསྐོ། ཚུལ་ནས་འབྱིན་པའི་ དགེ་སློང་སྔགས་འདེབས་པ་སུ་དད་པ་ལས་བསྒོ། །གཅིག་གིས་མི་ནུས་ན་དུ་མས་ཀྱང་ངོ་། །སྔགས་འདེབས་པའི་དགེ་སློང་གཅིག་གིས་མི་ཆོག་ན་དུ་ཆོག་པར་བསྐོ། །ཕྲེང་ལས་ཆ་ཆར་བགོས་པ་ཡང་རིགས་སོ། །སྔགས་འདེབས་པའི་དགེ་སློང་མང་དུ་ བསྐོས་ནས་ཕྲེང་བ་པོས་རེ་རེ་ཚན་ཚན་དུ་བསྐོས་པ་ལ་སྔགས་གདབ་པོ་ཞེས་སྐལ་སྐལ་དུ་བསྒོ། །དེ་འཇག་མའང་བྲིམ་མོ། །སྔགས་འདེབས་པའི་དགེ་སློང་གིས་སྔར་དགེ་འདུན་ལ་རྩྭ་འཇག་མ་བྲིམ་མོ། །ཚུལ་ནས་འབྱུང་བའི་ཕྱིར་གཞན་གྱིས་དགེ་འདུན་ལ་ཞུ། ཚུལ་ནས་འབྱུང་བའི་ཚེ་རྩྭ་འཇག་མ་རིམས་ཟིན་ནས་དགེ་སློང་སུའང་རུང་ལས་པ་གཅིག་གིས་དགེ་འདུན་ཚུལ་ནས་འབྱུང་བར་བྱའོ་ཞེས་ཞུ་བའི་སྔགས་བྱ། དགེ་སློང་སོ་སོར་ཚུལ་ནས་འབྱུང་བའི་བར་དུ་མདུན་དུ་འདུག་གོ། །མདོ་ལྟག་མ་ལྟར་སྔགས་བྱས་པའི་ འོག་ཏུ་དགེ་སློང་སྔགས་འདེབས་པ་སོ་སོ་མདུན་མདུན་དུ་འདུག་ལ་རྩྭའི་ཏོར་ཏོ་ལས་བཟུང་སྟེ་སྔགས་བྱའོ། །སོ་སོར་སྔགས་ཤེས་ན་རང་རང་གིས་བྱ་སྟེ་སྔགས་པ་དབང་དུ་གཞག་གོ། །དེ་ལས་འབྱུང་བས་སྨྲ་བ་ལན་གསུམ་དུའོ། །ཚུལ་ནས་འབྱུང་བའི་སྔགས་བྱ་བ་ནི་ལན་གསུམ་ དུ་བཟླས་སོ། །གཉིས་ནི་དེ་ཙམ་དུ། མིང་གིས་སྨོས་པ་འདི་རྣམས་གང་ཡང་རུང་སྟེ་རྐྱེན་ཅིག་བྱུང་ན་སྔགས་ལན་གཉིས་བཏབ་པས་ཀྱང་ཚུལ་ནས་འབྱུང་པར་འགྱུར་ཏོ། །ནད་པ་ནད་གློ་བུར་ཅིག་བྱུང་བ་དང་། མྱོས་པ་དང་སེམས་སྟོར་ཏེ་མི་དྲན་པར་གྱུར་པ་དང་། མལ་སྟན་གྱུར་པ། མལ་སྟན་ཞིག་བླ་གབ་མེད་པ་ལ་ལུས་ཏེ་ཆར་གྱིས་མ་རུང་བར་གྱུར་པའམ། དུས་འདའ་བའམ། སྐྱ་རེངས་བྱུང་དུ་ཉེ་སྟེ་སྔགས་རྫོགས་པར་བྱར་མི་ཁོམ་པ་དང་། གློ་བུར་དུ་བྱུང་བར་གྱུར་ནའོ། །ཆུ་དང་མེ་ལ་སོགས་པ་འཕྲལ་དུ་གློ་བུར་དུ་རྐྱེན་ཅིག་བྱུང་བ་དང་འདི་རྣམས་གང་བྱུང་ ཡང་རུང་སྟེ་སྔགས་ལན་གཉིས་བཏབ་ཀྱང་རུང་། དེ་ཙམ་གྱིས་གཅིག་གོ། །སྔགས་འདེབས་པའི་ཚེ་རྐྱེན་ཅིག་བྱུང་སྟེ་ལན་གཉིས་སུ་ཟློས་སུ་ཡང་མ་ཁོམ་ན་ལན་གཅིག་གིས་ཀྱང་ཚུལ་ནས་བྱུང་བར་འགྱུར་རོ། །ཕྲེང་ཟད་ནས་དེ་དག་ཕན་ཚུན་དུའོ། །དགེ་འདུན་ཀུན་ལ་སྔགས་ཀྱིས་ བཏབ་ཟིན་ནས་མཇུག་ཏུ་སྔགས་འདེབས་པ་ན་ནང་གཅིག་གི་མདུན་དུ་གཅིག་འདུག་སྟེ་སྔགས་བྱའོ། །མེད་ན་གཞན་ལས་ཡང་རུང་། སྔགས་འདེབས་པ་གཅིག་ཏུ་ཟད་དེ་འདེབས་པའི་གྲོགས་མེད་ན་དགེ་སློང་སུ་ཡང་རུང་གཅིག་གི་དྲུང་དུ་འདུག་སྟེ་འབྱུང་བའི་སྔགས་བྱའོ། །དགེ་འདུན་ ཐམས་ཅད་བྱུང་ངོ་ཞེས་དེ་སྐད་དུ་དགེ་འདུན་ལ་བྱའོ། །ཀུན་སྔགས་བཏབ་ཟིན་ནས་ལས་བྱེད་པའི་དགེ་སློང་གཅིག་གིས་དགེ་འདུན་ཐམས་ཅད་ཚུལ་ནས་བྱུང་བར་གྱུར་ཏོ་ཞེས་དགེ་འདུན་གྱི་ནང་དུ་སྨྲའོ། །དགེ་བར་བྱུང་ངོ་། །ཤིན་ཏུ་བྱུང་ངོ་ཞེས་ཐམས་ཅད་ཀྱིས་བརྗོད། །མདོ་ལྟག་མ་ལྟར་ དགེ་སློང་གཅིག་གིས་བརྗོད་མ་ཐག་ཏུ་དགེ་འདུན་ཐམས་ཅད་ཀྱིས་དགེ་བར་བྱུང་ངོ་ཞེས་བརྗོད་དོ། །གང་ཅི་ཡང་ཁབ་ཡན་ཆད་བདག་གི་དངོས་པོ་འབྱུང་བར་གང་གིས་བརྩམས་ཏེ་དེ་བཟུང་ནས་དགེ་འདུན་ལས་དེ་ཐོབ་བོ། །བཙུན་པ་དག་གིས་འདི་ལྟ་བུ་གཟུགས་ཀྱི་དངོས་པོས་དབྱར་ གནས་པའི་དགེ་སློང་གི་དགེ་འདུན་འབྱུང་ངོ་ཞེས་སོ། །དགེ་འདུན་ཚུལ་ནས་བྱུང་ཟིན་ནས་དགེ་འདུན་ལ་ཡོན་འབུལ་བའི་འོས་ཅི་ཡོད་ཀྱང་རུང་སྟེ་དགེ་འདུན་ལ་དངོས་པོ་འདི་འབུལ་ན་འོས་སམ་རིགས་སམ་ཞེས་སྨྲས་ཏེ་ཁ་ཐོན་དུ་བྱེད་བྱེད་པ་དེས་འབུལ་ལོ། །དགེ་སློང་གཞན་གྱིས་ཀྱང་ ཡོན་གྱི་འོས་ཡོད་ན་ཐམས་ཅད་ཀྱིས་དབུལ་ལོ། །ཡོན་ཕུལ་ཞིང་དངོས་པོ་འདི་བཞེས་པའི་རིགས་སམ་འོས་སམ་ཞེས་སྨྲས་ཏེ་དགེ་འདུན་ཀུན་ཁ་རོག་འཁོད་ན་བཞེས་པར་གནང་བ་ཡིན་ཏེ་ཕུལ་ཅིག །དེ་ནས་དགེ་སྦྱོང་དབྱུང་ངོ་། །དགེ་སློང་རྣམས་ཚུལ་ནས་བྱུང་ཟིན་པའི་འོག་ཏུ་དགེ་ སྦྱོང་རྣམས་ལ་དབྱུང་བའི་སྔགས་བྱའོ། །དེ་ནས་དགེ་སློང་མའོ། །དགེ་སྦྱོང་ཚུལ་ནས་བྱུང་ཟིན་ནས་དགེ་སྦྱོང་མ་རྣམས་སྔགས་བྱས་ཏེ་ཚུལ་ནས་དབྱུང་ངོ་། །བྱུང་བ་བཞིན་དུ་བསྔོས་ཏེ་སོང་བ་ཚུན་ཆད་དེ་དག་དབྱུང་བ་དང་ལྷན་ཅིག་བྱས་ནའོ། །ཚུལ་ནས་བྱུང་བའི་ཁར་སླེབས་སུ་རེ་སྟེ་ ཞག་བདུན་པའི་སྔགས་ཀྱིས་བཏབ་སྟེ་གུད་དུ་སོང་སོང་བ་ལས་ཞག་གྲངས་འཁྲུལ་ཏེ་སོང་སོང་བའི་གནས་དེ་ན་དགེ་འདུན་ཚུལ་ནས་འབྱུང་ཞིང་འཁོད་ན་ཐལ་བྱུང་ཚུལ་ནས་འབྱུང་བ་དེ་ནི་ནང་དུ་ཞུགས་ཏེ་བྱུང་ཡང་ཚུལ་ནས་བྱུང་བར་ཆུད་དོ། །དེ་ལྟར་ཚུལ་ནས་བྱུང་སྟེ་སླར་སོང་སོང་བ་ལས་ བདག་ཉིད་ཀྱི་དགེ་འདུན་ཚུལ་ནས་བྱུང་བ་ཡང་སླེབས་ན་དེའི་ནང་དུ་ན་བདག་ཚུལ་ནས་འབྱུང་མི་དགོས་སོ། །བུད་མེད་དང་གྱུར་པ་ནི་མ་ཡིན། དགེ་སློང་བུད་མེད་ཀྱི་མདུན་དུ་ཚུལ་ནས་འབྱུང་བ་དང་དགེ་སློང་མའི་མདུན་དུ་ཚུལ་ནས་འབྱུང་བའི་བྱུང་བར་མི་ཆུད་དོ། །དགེ་སློང་མའང་དགེ་ སློང་མ་གྲོགས་ཀྱི་མདུན་དུ་ཚུལ་ནས་བྱུང་བར་མི་ཆུད་ཀྱི་དགེ་སློང་གི་མདུན་དུ་གཉིས་ཀས་རྩ་ལས་བཟུང་སྟེ་སྔགས་བྱའོ། །གནས་པར་མི་ནུས་ན་གང་བསྐྲད་པའི་དགེ་སློང་ལ་བྱ་སྟེ