Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 165
Văn bản gốc(Tây Tạng)
Trang 14 / 22 (50.000 ký tự/trang)
ཐོབ་ཀྱང་སྔ་ཕྱིར་བསྐྱས་པས་ལྟུང་བར་མི་འགྱུར་རོ། །ཁྱིམ་པ་དད་པས་ཟན་བྱིན་ཏེ། ལྷུང་བཟེད་གསུམ་ལས་ལྷག་ན་ལྟུང་བ་ཡང་སྔ་ཕྱིར་ལྷུང་བཟེད་རེ་རེ་ནས་བསྐྱས་ན་ལྷུང་བཟེད་དུ་ཐོབ་ཀྱང་ལྟུང་ བར་མི་འགྱུར་རོ། །ཕྱེད་བྱས་ན་ཕྱེད་བྱེད་པའོ། །གདིང་བ་གསར་དུ་བྱས་རྐེད་ཆད་དུ་བཏང་ན་ལྟུང་བ་ཕྱེད་དེ་ཉེས་བྱས་སོ། །གོས་བྱིན་ཏེ་སླར་ཕྲོགས་པ་ཡང་ལག་པས་བཟུང་སྟེ་ཕྲོགས་པ་ལས་སླར་བཏང་ན་ཉེས་བྱས། དེ་བཞིན་དུ་གཉེན་མ་ཡིན་པ་ལ་གོས་འཁྲུ་བ་དང་ བརྫུན་དུ་སྨྲ་བ་དང་གོས་འཐག་ཏུ་བཅོལ་བ་ལ་སོགས་པ་ཀུན་རངས་པར་མ་བྱས་ཀྱི་ཕྱེད་ཙམ་ནས་རྐེད་ཆད་དུ་བཏང་བ་ནི་ཉེས་བྱས། ཁ་ན་མ་ཐོ་བ་འབྲི་བའི་ཆ་ལས་ན་འབྲིའོ། །ལྟག་ཏུ་ཕས་ཕམ་པ་དང་དགེ་འདུན་གྱི་ལྷག་མ་ལ་སྐུར་ནས་ལྷག་མ་དང་ལྟུང་བའོ་ཞེས་དམིགས་བསྟན་པ་ཡིན་ ན་ལྟུང་བར་འགྱུར་བ་ཞིག་ལས་སྐུར་ན་ཉེས་བྱས། ཉེས་བྱས་ལས་སྐུར་ན་ཉེས་བྱས་ཡང་བའོ། །ཐམས་ཅད་དུ་ཐེ་ཚོམ་དུ་ཞུགས་ན་བསམས་པའོ། །བདག་གི་དགྲ་ཞིག་གསད་པར་སོང་སོང་བ་ལས་བདག་གི་ཕ་དང་གཉིས་གོས་འདྲ་བའི་ཕྱིར་ཐེ་ཚོམ་ཟོས་ནས་གང་ཡིན་གཏོལ་ མེད་པར་བསད་ན་ཕ་ཡིན་པར་གྱུར་ན་ནི་མཚམས་མེད་པ་དང་ཕམ་པ་གཉིས་ཀ་ཡོད་དོ། །དགྲ་བོ་ཡིན་ན་ཕམ་པར་ཟད་དོ། །མི་གསོད་དུ་སོང་སོང་བ་ལས་མུན་པའི་ཁྲོད་ལྟ་བུ་ན་ཕྱུགས་སམ་མི་ཡིན་དུ་གཏོལ་མེད་དེ་ཐེ་ཚོམ་ཟ་བཞིན་དུ་བསད་ན་མི་ཡིན་ན་ནི་གསོད་པར་སྦྱོར་བའི་ཚེ་ཉེས་ བྱས། བསད་ན་ཕམ་པའོ། །ཕྱུགས་ཡིན་ན་ནི་གསོད་པར་སྦྱོར་བའི་ཚེ་ཉེས་བྱས་སྦོམ་པོ་གསོད་པས་ན་ལྟུང་བའོ། །འདུ་ཤེས་ཀྱིས་ན་སྦྱོར་བའི་ཡན་ལག་གོ། །ཕྱུགས་ཡིན་པར་ཤེས་ཏེ་བསད་པ་ལས་མི་ཡིན་པར་གྱུར་ན་སྦྱོར་བའི་ཚེ་ལྟུང་བའི་ཉེས་བྱས། བསད་པས་ནི་ཕམ་ པའོ། །མི་ཡིན་པར་བསམས་ཏེ་བསད་པ་ལས་ཕྱུགས་ཡིན་པར་གྱུར་ན་གསོད་པར་སྦྱོར་བའི་ཚེ་ཕམ་པའི་ཉེས་བྱས་དང་སྦོམ་པོ་ཡོད་དོ། །བྱོལ་སོང་ཡིན་པས་བསད་པ་ནི་ལྟུང་བའོ། །བསམ་པ་དེ་ལས་སོ། །ཕྱུགས་ལ་བསད་པའི་ཕྱིར་མདའ་འཕངས་པ་ལས་དེ་ལ་མ་ཕོག་སྟེ་ མི་ཞིག་ལ་ཕོག་སྟེ་ཤི་བ་ནི་བྱོལ་སོང་བསད་པར་སྦྱར་བས་ཉེས་བྱས། མི་ཤི་བ་ནི་ཉེས་མེད་དོ། །དགེ་སློང་གཞོན་ནུ་ཞིག་གིས་ཕ་རྒན་པོ་འགྲོ་མི་ཕོད་པ་ལ་གསོད་སེམས་མེད་ཀྱི་མྱུར་དུ་ཕྱིན་པར་བྱ་བའི་ཕྱིར་ལེགས་པར་བསམས་ཏེ་ཕུལ་ཞིང་ཁྲིད་པ་ལས་ བུབ་སྟེ་ཤི་བ་ནི་ཕའི་གླད་པ་ལ་སྦྲང་མ་ཟ་བ་ལ་བུས་སྐྲོད་པ་དང་སྦྲང་མ་འགྲོར་མ་རུང་སྟེ་ཚིག་པ་ཟོས་ནས་སྦྲང་མ་ལ་བརྡེག་པའི་ཕྱིར་བེར་ག་གཅིག་བསྣུན་པ་དང་ཕ་གླད་པ་གས་ཏེ་ཤི་བའི་ཚེ་སྔ་མའི་ལན་དུ་ལྟག་མ་ལྟར་ཕ་ཤི་བའི་འབྲས་བུར་སྨིན་པ་ཡིན་ཏེ་གསོད་སེམས་མེད་པས་ ཕས་ཕམ་པའི་ཉེས་པ་མེད་དོ། །མི་ཚངས་པར་སྤྱོད་པ་དང་ཁུ་བ་ཕྱུང་བ་ཡང་མ་ཡིན་ནོ། །མི་ཚངས་པར་སྤྱད་པའི་ཕྱིར་བུད་མེད་དང་དུས་བྱས་ནས་མི་ཚངས་པར་སྤྱད་པའི་ཕྱིར་ཟིན་པ་དང་བུད་མེད་དུས་བྱས་པ་མ་ཡིན་ཏེ་གཞན་ཞིག་ན་ཐོག་མ་དམིགས་པའི་བུད་མེད་མ་ཡིན་པས་ཕམ་པར་མི་ འགྱུར་བ་མ་ཡིན་ཏེ་ཕས་ཕམ་པའོ། །མུན་པ་ཁྲོད་ན་རྟ་དང་མི་ཚངས་པར་སྤྱོད་པར་བསམས་ཏེ་སྤྱད་པ་ལས་དྲེའུ་ཞིག་ལ་མི་ཚངས་པར་སྤྱད་པར་གྱུར་ནའང་འདུ་ཤེས་མི་བརྩོན་ཏེ་ཕས་ཕམ་པའོ། །མཆན་ཁུང་དུ་ཁུ་བ་དབྱུང་བར་བསམས་ཏེ་བྱས་པ་ལས་ཟིན་པའི་འོག་ཏུ་བརླ་ ལ་སོགས་པ་གཞན་ཞིག་ཏུ་ཕྱུང་བར་གྱུར་ན་འདུ་ཤེས་མི་བརྩན་ཏེ་ལྷག་མར་འགྱུར། མི་བདེན་པ་ཉན་པ་ཡང་ངོ་། །བླ་མ་མིའི་ཆོས་མི་དེ་ལ་སྨྲའོ་ཞེས་བསྔོས་ཏེ་སྨྲས་པ་ལས་མི་གཞན་ཞིག་ལ་སྨྲས་ན་ཡང་ཕམ་པར་འགྱུར་རོ། །ཁྲིམས་དབུལ་བ་ཡང་མི་འདི་ལ་ཁྲིམས་ དབུལ་ལོ་ཞེས་བསྔོས་ཏེ་སྨྲ་བར་བསམས་པ་ལས་གཞན་ཞིག་ལས་ཁྲིམས་དབུལ་ལོ་ཞེས་བྱས་ན་སྔར་དམིགས་པ་མི་བརྩན་ཏེ་ཕུལ་བར་འགྱུར་རོ། །ཡན་ལག་ཐམས་ཅད་དུ་བཟུང་བར་འགྲོར་རུང་ན་བསྙེན་ནུས་པའོ། །དགེ་སློང་གིས་མི་ཚངས་པར་སྤྱད་པ་ལས་ཕ་རོལ་པོ་ དང་འཕགས་པར་ཆེ་ཆུང་ཁྱེར་ཏེ་ལུས་དང་མཚན་ཚུན་ཆད་དུ་མི་མཐུན་ཞིང་མི་འབྱོར་པ་ཞིག་ཡིན་ན་ཕམ་པར་མི་འགྱུར་རོ། །འབྲི་བ་ནི་ཚུན་ཆད་པ་གཞན་ནོ། །འོག་ནས་འབྱུང་བའི་འདི་མན་ཆད་ནི་ཉེས་པ་འབྲི་བར་འགྱུར་ཏེ་བུད་མེད་རྔོན་ཅན་ནམ་ཤུ་བ་ཅན་ནམ་ངན་སྐྱུགས་ཀྱིས་ བསྐུས་པ་ལ་བཟུང་ན་སྦོམ་པོར་འབྲི་བ་ལྟ་བུ་ལ་བྱའོ། །དེ་ལས་ཀྱང་དུ་མར་བྲལ་ནའོ། །བུད་མེད་ཤུ་བ་ཅན་ལ་བདག་གི་ལག་ཀྱང་ཤུ་བའམ་རྔོ་ཅན་གྱིས་བཟུང་ན་ཉེས་སོ། །མིར་ཕྱུགས་ཀྱང་ངོ་། །ཕྱུགས་ལ་བཟུང་བ་ཡང་མཆུའམ་མོ་མཚན་ནམ་སྙིལ་ལ་སོགས་པ་སྤུ་ མེད་པ་ལ་བཟུང་བ་ནི་སྦོམ་པོའོ། །སྤུ་དང་བལ་བཟུང་བ་ནི་ཉེས་བྱས་བདག་གི་ལག་པ་ཤུ་བ་ཅན་གྱིས་ཕྱུགས་ཀྱི་ཤ་ལས་བཟུང་ཡང་ཉེས་བྱས། རྫུ་འཕྲུལ་མ་ཡིན་པའི་ཆོས་རེག་པ་ལ་མ་གཏོགས་ཏེ་ཡན་ལག་གོ། །འཕྲུལ་པའི་བུད་མེད་ནམ་མཁའ་ལ་འདུག་པ་ལ་སྨྱེན་ ཚིག་དང་ཀུན་སྤྱོད་སྨྲས་པ་ནི་ལྷག་མར་མི་འགྱུར་ཏེ་སྦོམ་པོའོ། །བདག་ཉིད་འཕྲུལ་ཏེ་ནམ་མཁའ་ལ་འདུག་ནས་བུད་མེད་ལ་སྨྱེན་ཚིག་དང་ཀུན་སྨྲ་བ་ནི་བདག་གི་དབང་འགྱུར་བས་ལྷག་མར་འགྱུར་རོ། །ཟེད་ཟེད་པོ་མེད་པར་རེག་ན་ཡང་ངོ་། །ལྷག་མ་རྣམས་སྦོམ་པོ་དང་ཉེས་ བྱས་འབྲི་བ་ནི་ཤ་རུལ་ཅིང་ཤུ་བ་ཅན་དུ་གྱུར་པས་དགའ་བའི་ཤས་ཆུང་བའི་ཕྱིར་འབྲིའོ། །ག་ག་ཚིལ་ཡང་ངོ་། །ག་ག་ཚིལ་བྱེད་པ་ཡང་ཕ་རོལ་གྱི་ཤ་ཤུ་བ་དང་རྔོ་ལ་སོགས་པས་བཏབ་པ་ལས་བྱས་ན་ནི་ལྟུང་བ་ལས་བྲིས་ཏེ་ཉེས་བྱས་བདག་གི་ལག་པ་རྔོ་ཅན་གྱིས་ཕ་རོལ་རྔོན་ ཅན་ལ་བྱས་པ་ནི་ཉེས་བྱས་ཡང་བ། གཞན་བཞིན་དུ་སེན་མོ་དང་སོ་དང་ཤ་མེད་པའི་རུས་པ་དང་སྤུའོ། །བུད་མེད་ཀྱི་སོ་དང་སེན་མོ་དང་ཤ་ནི་མེད་ཀྱི་རུས་པ་སྣང་བ་ལ་བཟུང་བ་ནི་སྦོམ་པོའོ། །བུད་མེད་ཀྱི་སེན་མོ་དང་སོ་དང་རུས་པ་ལ་དགེ་སློང་གིའང་དེ་རྣམས་ཀྱིས་རེག་ནའང་ཉེས་ བྱས་སོ། །བུད་མེད་ཀྱི་ལུས་ཀྱི་སྤུ་ལ་བཟུང་ན་སྦོམ་པོའོ། །བུད་མེད་ཀྱི་ལུས་ཀྱི་སྤུ་ལ་དགེ་སློང་གི་ལུས་ཀྱི་སྤུས་རེག་པ་ནི་ཉེས་བྱས། མི་རྒྱུད་ལ་སྤྱོད་པའོ། །ག་ག་ཚིལ་བྱེད་པ་དང་གོས་སློང་བ་དང་སྨྱེན་བྱེད་པ་དང་སྨྱེན་ཚིག་ཏུ་སྨྲ་བ་ལ་སོགས་བྱོལ་སོང་དང་འདྲེ་ལས་ལྟུང་བར་འགྱུར་གྱི་ མིའི་རྒྱུད་ལས་ལྷག་མ་དང་ལྟུང་བར་འགྱུར་རོ། །རང་བཞིན་མ་སྟོར་བའོ། །སྨྱེན་ཚིག་དང་ཀུན་སྤྱོད་དང་ག་ག་ཚིལ་ལ་སོགས་པ་དང་གོས་དང་ཟས་སློང་བ་ལ་སོགས་པ་རྣམས་ནི་སྨྱོས་ཤིང་རང་བཞིན་སྟོར་པ་ལས་བྱས་པ་ནི་ཉེས་པ་འབྲི་བར་འགྱུར་རོ། །མི་ཚངས་པར་སྤྱོད་པ་དང་རྐུ་བ་དང་ ཁུ་བ་ཕྱུང་བ་འབྲི་བར་མི་འགྱུར་ཏེ་ལྷག་མ་དང་ཕམ་པར་འགྱུར་རོ། །དེ་བཞིན་དུ་མ་ནིང་དང་མཚན་གཉིས་པའོ། །མ་ནིང་དང་མཚན་གཉིས་པ་ལ་གོས་བསླངས་པ་དང་གོས་བཙོས་པ་དང་ཡན་ལག་ལས་བཟུང་བ་ལ་སོགས་པ་ཡང་འབྲི་སྟེ་སྦོམ་པོ་དང་ཉེས་བྱས་ སུ་འགྱུར་རོ། །སྤྱོད་པ་བཞིན་དུ་རེག་པའོ། །བུད་མེད་ཆུས་ཁྱེར་བ་བཟུང་བ་དང་། །བུ་མོ་འཕང་དུ་འདུག་པ་དང་སྒོར་འདོམས་ཏེ་ཕྲད་ནས་རེག་པ་ནི་སྔོན་ཁྱིམ་མི་སྤྱོད་པ་ནི་རེག་པ་བཞིན་དུ་ཉེས་མེད་དོ། །ཕྱེད་བཞིན་དུ་ཕྱི་རོལ་གྱི་རབ་ཏུ་བྱུང་བ་དང་། མུར་འདུག་ཐལ་བ་ཅན་དང་མི་ཐོད་ཅན་ ལ་སོགས་པ་ཁོ་བོ་བདག་གི་ཆོས་ལ་རབ་ཏུ་བྱུང་བ་ལ་གོས་དང་ལྷུང་བཟེད་བསླངས་སམ་གོས་འཐག་ཏུ་བཅུག་གམ་གོས་ཀྱི་རིན་བྱིན་པའི་ཕྱིར་སྤགས་ཏེ་བཞག་པ་ལ་བསྐུལ་པ་ལ་སོགས་པ་བྱས་པ་ནི་འབྲི་སྟེ་ཉེས་བྱས། ཁྱིམ་མི་བཞིན་ཏེ་མ་སྐྱེས་པ་དང་ཞིག་པའི་ཡང་ངོ་། །ཡོ་བྱད་མ་ ཚངས་པ་ལ་སོགས་པ་ཁྲིམས་མ་ཆགས་པ་དང་ཕས་ཕམ་པར་འགྱུར་ཏེ་ཁྲིམས་ཞིག་པ་ལ་ནི་ལྷུང་བཟེད་དང་གོས་བསླངས་པ་དང་འཐག་ཏུ་བཅོལ་བ་ལ་སོགས་པ་ནི་ཁྱིམ་པ་ལ་བྱས་པ་དང་འདྲ་བར་ལྟུང་བར་འགྱུར་རོ། །བསྙེན་པར་རྫོགས་པ་མ་ཞིག་པ་ནི་དགེ་སློང་ཕ་དགེ་སློང་མའོ། ། དགེ་སློང་མ་ལམ་དུ་ཞུགས་པ་དང་མཚན་མོ་ཕྱི་རོལ་དུ་གྲོགས་མེད་པར་སོང་ན་ཁྲིམས་ཞིག་པར་འགྱུར་བ་ཡང་གྲོགས་ཁྲིམས་ཆགས་ཤིང་མ་ཉམས་པར་གྲོགས་སུ་ནུས་ཀྱི་ཁྲིམས་མ་ཆགས་པའམ་ཞིག་པ་ནི་གྲོགས་སུ་མི་ཆུད་དེ་ཞིག་པར་འགྱུར་རོ། །དགེ་སློང་ཕས་བརྡེགས་པ་དང་ གཟས་པ་དང་བསྐྲད་པ་དང་ཟན་བཅད་པ་ལ་སོགས་པ་དང་ཕ་རོལ་དགེ་སློང་ཁྲིམས་ཆགས་ཤིང་མ་ཞིག་པ་ལས་ལྟུང་བར་འགྱུར་རོ། །བདག་གི་ཕྱོགས་སུ་གཏོགས་པ་ནི་མཚན་དང་ཉེ་བར་འགྲོ་བས་སོ། །དགེ་སློང་དགེ་བ་ལ་ལྟ་ཞིང་ཕྱོགས་པའི་རྣམས་ཀྱིས་མི་དགེ་བ་ལ་ལྟ་ཞིང་ ཕྱོགས་པའི་རྣམས་བསྐྲད་ཅིང་བརྟགས་པ་ནི་ལྟུང་བར་མི་འགྱུར་གྱི། དགེ་བ་ནང་བསྐྲད་ཅིང་བརྡེགས་པ་དང་མི་དགེ་བ་ནང་བསྐྲད་ཅིང་བརྡེགས་པ་ལས་ལྟུང་། དགེ་སློང་མའང་དེ་བཞིན་དགེ་བ་རྣམས་ནང་བསྐྲད་པ་ལས་ལྟུང་བར་འགྱུར་རོ། །མཚན་མ་པ་ནི་དེར་ཆུད་དེ་ཁྱིམ་པ་ནི་མི་འབྲིའོ། ། བདག་རང་གིས་ཐུག་ཐུབ་ཏུ་བྱིག་ཤུའི་ཚུལ་དུ་མགོ་བྲེགས་ཏེ་ཞུགས་ནས་མཁན་པོ་དང་སློབ་དཔོན་མེད་པས་ཁྱིམ་པ་དང་འདྲ་བར་བལྟ་སྟེ་ཁྱིམ་པ་ལས་མི་རུང་བའི་རྣམས་ཀྱང་ཐུག་ཐུབ་ཏུ་ཞུགས་པ་ལ་བྱས་ན་ལྟུང་བ་དང་ཉེས་བྱས་ལ་སོགས་པ་སོ་སོར་དེ་བཞིན་དུ་འགྱུར་རོ། །ཁྱིམ་ པར་བྱར་རུང་བའི་རྣམས་ཀྱང་དེ་བཞིན་དུ་ཐུག་ཐུབ་ཏུ་ཞུགས་པས་བྱར་རུང་ངོ་། །འདུལ་བ་འཛིན་པ་ཁ་ཅིག་ན་རེ་ཁྱིམ་པ་དང་མི་འདྲ་སྟེ་མུར་འདུག་རབ་ཏུ་བྱུང་བ་དང་འདྲ་བར་ཉེས་བྱས་སུ་འགྱུར་རོ་ཞེས་བཤད། རབ་ཏུ་བྱུང་བའི་རྫས་བརྟགས་པར་ཚང་བཞིན་པ་ལ་སོགས་པ་ཡང་ངོ་། ། གོས་སྔགས་ཀྱིས་མ་ཐེབས་ཏེ་ཞག་འདས་ན་ལྟུང་བར་འགྱུར་བ་ནི་དགེ་སློང་གིས་གོས་སུ་བརྟགས་པ་རས་ལ་སོགས་པ་རྣམ་པ་བདུན་ལས་སྔགས་ཀྱིས་མ་ཐེབས་ན་སྤང་བའི་ལྟུང་བར་འགྱུར་རོ། །གོས་མ་བརྟགས་པ་རེའུ་དང་རྔ་མོ་ལ་སོགས་པ་སྔགས་ཀྱིས་མ་ཐེབས་ཏེ་ཞག་འདས་ པ་ནི་སྤང་བར་མི་འགྱུར་ཏེ་ཉེས་བྱས་སོ། །གཉེན་མ་ཡིན་པའི་ཁྱིམ་པ་ལ་གོས་བླངས་པ་ཡང་བརྟགས་པ་བསླངས་པ་ལས་སྤང་བའི་ལྟུང་བར་འགྱུར་རོ། །མ་བརྟགས་པར་བསླངས་པ་ནི་ཉེས་བྱས་སོ། །ལྷུང་བཟེད་སྔགས་ཀྱིས་མ་ཐེབས་ཏེ་ཞག་འདས་པ་ན་སྤང་བའི་ལྟུང་བར་ འགྱུར་བ་ཡང་ཁ་དོག་བཙོས་ཤིང་ཚད་དུ་ཕྱིན་པ་སྔགས་མ་ཐེབས་ན་སྤང་བའི་ལྟུང་བར་འགྱུར་རོ། །གཉེན་མ་ཡིན་པའི་ཁྱིམ་པ་ལས་ལྷུང་བཟེད་བཟང་པོ་ལྷག་པ་བསླངས་ན་སྤང་བར་འགྱུར་བ་ཡང་ཚད་མ་ཁ་དོག་བསྒྱུར་བ་ཐོབ་ན་སྤང་བར་འགྱུར་རོ། །བདག་གི་དོན་དེ་ལ་གཙོ་བོར་བ་ ཡང་ངོ་། །གཉེན་མ་ཡིན་པ་ལས་ལྷུང་བཟེད་དང་གོས་དང་ཟས་བསླངས་པ་ལྟུང་བར་འགྱུར་བ་ཡང་བདག་གི་ཕྱིར་བསླངས་པ་ལས་སྤང་བར་འགྱུར་རོ། །གཞན་གྱི་ཕྱིར་བསླངས་ན་ཉེས་བྱས་སུ་འགྱུར་རོ། །གསོལ་བ་ནི་དོན་ཆུད་པས་ནའོ། །གཉེན་མ་ཡིན་པ་གོས་དང་ཟས་དང་ ལྷུང་བཟེད་སློང་བ་དང་ཤེས་བཞིན་གྱིས་བརྫུན་སྨྲ་བ་ལ་སོགས་པ་སྐད་མཐུན་ཞིང་བརྡ་ཕྲད་དེ་དོན་ཆུད་པའི་མི་ལ་བྱས་ན་ལྟུང་བར་འགྱུར་རོ། །བརྡ་མི་ཕྲད་པ་ལ་བྱས་པ་ནི་བརྡས་དོན་གོ་ཡང་ཉེས་བྱས་སོ། །སྨྲ་ཞིང་ཆུད་པ་སྟེ་གསོད་པ་དང་བདག་གི་ཕྱིར་བརྐུས་པ་ནི་མ་ཡིན། སྲོག་ གཅོད་པ་དང་མ་བྱིན་པར་ལེན་པ་ནི་མདོ་ལྟག་མ་ལྟར་སྐད་མི་མཐུན་ཞིང་བརྡ་མི་ཕྲད་པ་ལ་ཉེས་པར་མི་འགྱུར་བ་མ་ཡིན་གྱི་བརྡ་མི་ཕྲད་པ་ལ་བྱས་ཀྱང་ཕམ་པར་འགྱུར་རོ། །བརྡས་བསྟན་ཏེ་གོ་ནས་བྱེད་དུ་བཅུག་ན་ཕམ་པར་འགྱུར་རོ། །ཡི་དམ་བཅས་པ་ནི་དེར་མ་ཡིན། ལྐུགས་པ་དང་འོན་པ་ཁར་མ་སྨྲས་པ་སེམས་ལ་ཡི་དམ་བཅས་པ་ཡང་ཡི་དམ་དུ་འགྱུར་ཏེ་སྡིག་བྱས་པ་ཡིད་ཀྱིས་མཐོལ་ན་ཡང་ཚངས་པར་འགྱུར། སངས་རྒྱས་ལ་ཕྱག་འཚལ་བ་དང་སྐྱབས་སུ་འགྲོ་བ་དང་ཁར་སྨྲ་མ་ནུས་ཀྱང་བསོད་ནམས་སུ་འགྱུར་རོ། །འོན་པ་དང་གླེན་པ་དང་ལྐུགས་ པ་གསུམ་ཆར་འདུས་པའི་མི་ནི་ཡི་དམ་བཅས་པར་མི་ཆུད་དོ། །སྣོད་དེའོ། །ཆོས་གོས་དང་ལྷུང་བཟེད་ལ་སོགས་པ་སློང་བ་དང་བརྫུན་དུ་སྨྲ་བ་ནི་ཕ་རོལ་གྱི་མི་དེ་བདག་དང་བརྡའང་ཕྲད་པ་ལ་དེས་གཞན་ལའང་སློང་ནུས་པ་ཞིག་ལ་བྱས་པ་ནི་ལྟུང་བར་འགྱུར་རོ། །གཞན་ལ་སློང་མི་ནུས་ པ་ཞིག་ལ་སྨྲས་པ་ནི་ལྟུང་བར་མི་འགྱུར་ཏེ་འབྲིའོ། །ངག་གིས་སོ། །བརྫུན་དང་སྨྱེན་ཚིག་ལ་སོགས་པ་ནི་བདག་གི་ཁ་ནས་ཚིག་ཏུ་སྨྲས་པ་ལས་ལྟུང་གི་བརྡ་དང་མཚན་མས་བྱས་པ་ནི་འབྲི་སྟེ་ཉེས་བྱས་སོ། །ཁར་ཚིག་ཏུ་མ་སྨྲས་ཀྱང་ཉེས་པར་འགྱུར་བ་ཡོད་དེ། སྨྱེན་ལྟ་བུ་བརྡ་གོ་ བར་ལྷག་མར་འགྱུར། ཀུན་སྤྱོད་དང་སྨྱེན་ཚིག་དང་སློང་བ་ཡང་ཁར་ཚིག་ཏུ་སྨྲས་པ་ལས་ལྷག་མ་དང་ལྟུང་བར་འགྱུར་རོ། །རང་གིས་སོ། །ཟས་དང་གོས་ལ་སོགས་པ་ནི་སློང་བ་ལ་སོགས་པ་ནི་བདག་ཉིད་ཀྱིས་བསླངས་པ་ལས་ལྟུང་བར་འགྱུར་གྱི་འཕྲིན་དང་ཡི་གེ་ལ་སོགས་ པས་བྱས་པ་ནི་འབྲི་སྟེ་ཉེས་བྱས། མ་བྱིན་པར་ལེན་པ་དང་སྲོག་གཅོད་པ་ལ་སོགས་པ་ནི་བདག་ཉིད་ཀྱིས་མ་བྱས་ཀྱང་གཞན་ལ་བྱེད་དུ་བཅུག་ནའང་ཕམ་པར་འགྱུར་རོ། །བདག་གིས་བརྗོད། སྨྱེན་ཚིག་དང་ཀུན་སྤྱོད་དང་གཉེན་མ་ཡིན་པ་ལ་གོས་དང་ཟན་སློང་བ་ལ་སོགས་པ་ནི་ བདག་ཉིད་ཀྱི་ཕྱིར་སྨྲས་ཤིང་བརྗོད་པ་ལས་ལྷག་མ་དང་ལྟུང་བར་འགྱུར་གྱི་གཞན་གྱི་ཕྱིར་བསླངས་ཤིང་བརྗོད་པ་ནི་འབྲི་སྟེ་ཉེས་བྱས་སོ། །བདག་གིས་བསྔོས་ན་བྱེད་པའོ། །ས་བོན་དང་རྩི་ཤིང་འཇོམས་པ་དང་མེ་འབུད་ལ་སོགས་པ་བདག་གིས་མངོན་སུམ་དུ་བྱེད་དུ་བཅུག་ན་ལྟུང་། མངོན་ སུམ་པ་ཡིན་པར་བྱོས་ཤིག་ཅེས་བསྒོ་སྟེ་བྱེད་དུ་བཅུག་པ་ནི་ཉེས་བྱས་སོ། །རྣམ་པར་འབྱེད་པར་གཏོགས་པ་ཀུན་དུ་བཤད་པ་རྫོགས་སོ།། །།པ་རི་བ་ཤ་འདི་ལ་འདུལ་བ་དྲིས་པ་དང་དངོས་པོ་དང་ཕྲན་ཚེགས་དང་བྱེ་བྲག་ཏུ་གདོན་མི་ཟ་བ་བཞིའི་མདོ་ལས་ཀྱང་འཆད་ཅིང་ཡོད་མོད་ ཀྱི་འདུལ་བ་རྣམ་པར་འབྱེད་པའི་ནང་ནས་འབྱུང་བ་མང་སྟེ། འདུལ་བ་རྣམ་པར་འབྱེད་པའི་ནང་དུ་གཏོགས་པར་བཤད་དེ་པ་རི་བ་ཤ་རྫོགས་སོ།། །།དངོས་པོ་བཅོ་བརྒྱད་ཡོད་པ་ལ་མགོར་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པའི་ཆོ་ག་དང་གནས་བཅའ་བ་གསུམ་ལ་དངོས་པོ་རེ་ རེར་བརྩིའོ། །དེ་ལ་གནས་པ་ནི་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་གཉིས་ཀའི་སྤྱིར་གཏོགས་སོ། །རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པའི་ཆོ་ག་གཉིས་ནི་འདུལ་བ་རྣམ་པར་འབྱེད་པ་ལ་སོགས་པ་གཞིའི་ནང་ནས་ཀྱང་འབྱུང་མོད་ཀྱི་འདུལ་བ་དངོས་པོའི་ནང་ནས་ཕལ་ཆེར་ འབྱུང་བས་ན་གཞི་དངོས་པོའི་ནང་དུ་གཏོགས་པར་བཤད་དོ། །བསྙེན་པར་རྫོགས་པའི་ཆོ་ག་མན་ཆད་པ་རི་བ་ཤ་འདི་ཡན་ཆད་ནི་འདུལ་བ་རྣམ་པར་འབྱེད་པའི་ནང་དུ་གཏོགས་སོ། །གསོ་སྦྱོང་གི་དངོས་པོ་འདི་མན་ཆད་མཇུག་ཡན་ཆད་ནི་འདུལ་བ་དངོས་པོའི་ནང་དུ་གཏོགས་སོ། །གཞི་ དེས་འཛིན་ནོ། །གསོ་སྦྱོང་གི་དངོས་པོ་ལ་འདི་མན་ཆད་འཆད་དེ། རྒྱུ་བར་ཞུགས་ན་ཐུབ་པ་མི་བསྒོམ། དགོན་པའང་མི་རུང་གྲོང་དུའང་རུང་རྒྱུ་ཞིང་འགྲོ་བའི་ཚེ་བསམ་གཏན་མི་བྱ། འདུ་བར་མ་ཡིན། ལམ་ཀ་དང་མི་མང་པོ་འདུ་བའི་ཁྲོད་དུ་བསམ་གཏན་མི་བྱ། འཁྲུག་པ་དང་ གཅན་གཟན་དང་སྨྱོན་ཐབས་ཅན་སྤང་བའི་ལྟུང་བ་རིགས་སོ། །ཕལ་མོ་ཆེ་འཁྲུག་ཅིང་ཀླག་ཅོར་ཟེར་བ་དང་གཅན་གཟན་གྱིས་གཙེ་ཞིང་གནོད་པར་བྱེད་པ་དང་། སྨྱོན་པ་དང་སྨྱོན་ཐབས་སུ་ཀུ་རེ་བྱེད་པ་ལ་སོགས་པའི་དྲུང་དུ་བསམ་གཏན་མི་བྱ། སྤང་བའི་གནས་བྱ། དགེ་ འདུན་གྲོས་བྱས་ཏེ་བསམ་གཏན་གྱི་ཁང་པ་དབེན་ཞིང་ཡངས་པར་བརྩིག་པར་གསོལ་བ་དང་ཞུ་བའི་ལས་ཀྱིས་བྱ། ཁང་བུ་གཉིས་ཀྱི་བར་གྱི་ཁྱམས་སུའོ། །བསམ་གཏན་གྱི་ཁང་པ་བྱ་བ་ནི་ཕ་རོལ་ཚུ་རོལ་ཁང་ཕྲན་དུ་བྱས་ལ་དབུས་སུ་བཀད་ས་ཁྱམས་སུ་བྱ། ལྔ་འམ་ དྲུག་གོ། །ཁང་ཕྲན་བྱ་བ་ནི་མི་མང་ཉུང་ལས་ཁང་པ་མིག་ལྔ་དྲུག་ཡན་ཆད་དུ་བྱས་ཀྱང་རུང་ངོ་། །སྒོ་དང་སྒོ་ལེབ་སྒྲ་མི་ཟེར་བ་དང་དྲང་པའི་ཐབས་ཀྱང་ངོ་། །ཁང་ཕྲན་དང་དབུས་ཀྱི་བཀད་ས་སྒོ་གདོད་སྒོ་ལེབ་ཀྱང་གཞུག་སྒོ་ལྕིས་སྒྲ་མི་ཟེར་བར་ཐབས་ཅི་ ཡོད་པས་བྱ། སྒོ་གཅད་ཅིང་དབྱེ་བའི་ལག་ཟུངས་ཀྱང་བཅའ། སྐར་ཁུང་ནི་བླར་སུམ་ཆ་བོར་ནས་ཕྱི་རུབ་ལ་ནང་ཡངས་ན་དགེའོ། །ཁང་པ་སྐར་ཁུང་གདོད་པའི་ཐབས་ནི་འདི་འདྲ་བར་བྱས་ནང་དུ་སྣང་ཡེལ་ཆེ་སྟེ་དེ་ལྟར་བྱའོ། །ཤར་བུ་དང་དབུས་ཀྱི་བཀད་ས་སྒོ་གདོད་སྒོ་འཕར་ དང་རྐེད་གཏན་དང་གཟེར་གཏན་དང་ཟུངས་དང་ར་རྐང་ཅན་གྱི་དབྱིག་པ་ཡང་ངོ་། །སྐར་ཁུང་གི་རྐྱེན་འདི་རྣམས་ཀྱང་བྱས་ན་རྐུན་པོ་དང་བྱ་ལ་སོགས་པ་མི་ཤོར་བར་བྱའོ། །བཀད་སར་མི་ཤོང་ན་སྟེང་གི་ཡང་ཏོག་ཏུ་ཡང་ངོ་། །བསམ་གཏན་བྱེད་པའི་མི་མང་སྟེ་དབུས་ཀྱི་བཀད་ས་ དང་ཁང་ཕྲན་དུ་མི་ཤོང་ན་ཁང་པའི་ཡང་ཏོག་ཏུ་ཡང་ཁང་པའི་ཡང་ཏོག་བྱས་ལ་དེར་ཡང་བསམ་གཏན་བྱ། བཟེག་པའི་ཕྱིར་སྐས་བྱ། ཡང་ཏོག་ཏུ་བཟེག་པའི་ཕྱིར་བཀད་སའི་གྲྭ་གཅིག་ཏུ་སྐས་བྱ། མི་ལྟུང་བའི་ཕྱིར་རྟེན་ཀྱང་བསྐོར། སྐས་ལས་ཕན་ཚུན་དུ་མི་ལྟུང་བར་བྱ་བའི་ ཕྱིར་ཕ་རོལ་ཚུལ་རོལ་དུ་ཤིང་ཐགས་ཀྱིས་བརྟན་པར་བྱ། དེ་ལ་མི་གཡོ་བའི་ཕྱིར་ལྕགས་ཀྱི་གཟེར་བུ་གདབ། སྐས་ཀྱི་ཤིང་ཐགས་ཀྱི་རྟེན་ལ་མི་འགུལ་ཞིང་བརྟན་པར་བྱ་བའི་ཕྱིར་ལྕགས་ཀྱི་གཟེར་གྱིས་གདབ། ཕྱི་རོལ་དུ་སྤང་བའི་བཀད་ས་ཁང་བུའི་ཕྲེང་བ་ཡང་ངོ་། །མི་མང་སྟེ་ བསམ་གཏན་གྱི་སར་མི་ཤོང་ན་ཁང་པའི་ཕྱི་རོལ་ཁོ་ར་ཁོར་ཡུག་ཏུ་ཁང་ཕྲན་གྱིས་དངར་ལ་སྒོ་ནང་དུ་བལྟ་བར་བྱ། །སྒོའི་མངོན་སུམ་དུ་སྒོ་མི་བྱ། །ཁང་ཕྲན་གྱི་སྒོ་གདོད་པ་གཅིག་གི་ཐད་ཀར་གཅིག་མི་བྱའི་སྣོལ་དུ་བྱ་ཞིང་གདོད་དོ། །སྒོ་གང་བྱ། ཕྱི་སྒོ་ལ་སོགས་པ་སྒོ་གང་ བྱ། ཕུག་ཀྱང་བྱའོ། །བསམ་གཏན་གྱི་ས་བྲག་ཕུག་དང་སའི་ཕུག་བྱས་ཏེ་དེར་བསམ་གཏན་བྱས་ཀྱང་ཉེས་མེད་དོ། །འདུག་པའི་ཕྱིར་སའི་སྟེགས་བུ་ཡང་ངོ་། །བསམ་གཏན་དུ་འདུག་པའི་འོག་ཏུ་སའི་སྟེགས་བུ་བྱས་ཀྱང་ཉེས་མེད། ཁྲིའུ་ཡང་ངོ་། །ཁྲིའུའི་སྟེང་དུ་བསམ་གཏན་ བྱས་ཀྱང་ཉེས་མེད། དེའི་ཁོ་ར་ཁོར་ཡུག་ཏུ་ཁྲུ་བཞིས་འཁོར་ན་དགེའོ། །བསམ་གཏན་བྱ་བའི་ཁྲིའུ་གྲྭ་བཞི་ངོས་གཅིག་ལ་ཁྲུ་གང་ཡོད་པར་བྱས་ན་དགེ་ཞིང་རན་པར་འགྱུར་རོ། །དེ་ལས་ཆེར་བྱས་ཀྱང་ཉེས་མེད། བརྟགས་པ་རྣམ་ལྔའོ། །ཁྲིའུའི་དྲ་བ་ལ་སོགས་པ་རྣམ་ པ་ལྔས་བརྟག་ཏུ་རུང་ངོ་། །གྲེས་མ་དང་གསོ་མ་དང་བ་ལ་རྫ་དང་ལྷས་མ་དང་སྤའི་ཤུན་ཕྲགས་ཞེས་སོ། །ཁྲིའུའི་ཐག་པ་རྣམ་ལྔར་རུང་བ་ནི་མིང་གིས་སྨོས་པ་འདི་རྣམས་སོ། །དེ་ལ་ཤིང་བལ་ཅན་གྱི་གདིང་། ཁྲིའུའི་སྟེང་དུ་ཤིང་བལ་ཅན་བར་ཚངས་ཅན་གྱི་སྟན་གདིང་། དེ་ ལ་ཀུན་དུ་མཐོས་ལྷག་ན་དགེའོ། །སྟན་ཁྲིའུ་ལས་མཐོ་གང་འཁོར་བས་ལྷག་པར་བྱས་ན་དགེའོ། །ཨར་ཀ་དང་ཀ་ཤ་དང་ཀེ་ར་ཀ་དང་བུ་ཀ་དང་ཤལ་མ་ལི་དག་གི་ཤིང་བལ་གྱིས་གཡོགས། སྟན་གྱི་བར་ཚངས་སུ་གཞུག་པའི་ཤིང་བལ་ནི་མིང་གིས་སྨོས་པ་འདི་རྣམས་གང་ཡང་རུང་ ངོ་། །བལ་དང་གསོ་མ་དང་ཤིང་བལ་དང་རས་མ་དང་ལོ་མའི་ཚོགས་དག་གིས་ཀྱང་ངོ་། །སྟན་གྱི་བར་ཚངས་སུ་གཞུག་པའི་ཤིང་བལ་མ་གཏོགས་པར་མིང་གིས་སྨོས་པ་འདི་རྣམས་ལས་བྱས་ཀྱང་རུང་ངོ་། །གནས་པའི་ཕྱིར་དོན་གྱི་བར་དུ་སྐབས་སུ་སྐབས་སུ་བྱ་རོག་གི་རྐང་པ་ སྦྱིན། སྟན་གྱི་བར་དུ་ཤིང་བལ་ལ་སོགས་པ་བཅུག་ན་ཕན་ཚུན་དུ་མི་འཆུགས་པར་བྱ་བའི་ཕྱིར་སྐུད་པའི་ནན་དུ་བྱ་རོག་གི་རྗེས་འདྲ་བས་མནན། གཉིད་འོང་ན་བུམ་བུ་བཅང་། བསམ་གཏན་བྱེད་པའི་དུས་ན་མི་ཡུར་བར་བྱ་བའི་ཕྱིར་བུམ་བུ་བཅངས་ཀྱང་ཉེས་མེད་དོ། །ཐ་གུས་རྣ་ བ་ལ་གདགས་བུམ་བུ་ཆུས་བཀང་ལ་ཐ་གུས་རྣ་བ་ལ་གདགས། དབྱིག་པས་དལ་གྱིས་གཟུགས། བསམ་གཏན་པ་ཡུར་བ་བསླང་བའི་ཕྱིར་གཅིག་ལས་གཅིག་དབྱུག་པས་དལ་གྱིས་བཙུགས་ལ་བསླང་། མི་སྣད་པའི་ཕྱིར་བྲེ་བཞིན་དུ་བཅད་དམ་རས་མས་དཀྲི། བསླང་ བའི་ཕྱིར་གཟུགས་པའི་དབྱུག་པ་མི་སྣང་བར་བྱ་བའི་ཕྱིར་ཤིང་ཁ་དྲང་པོར་བཅད་ར་དས་ཀྱང་དཀྲི་ཕོ་ལོང་འཕང་། བསམ་གཏན་པ་ཡུར་བ་ལ་ཕོ་ལོང་འཕངས་ཏེ་བསླངས་ཀྱང་ཉེས་མེད། ཐ་གུས་བརྟགས་ཏེ་སླར་དྲང་། ཕོ་ལོང་འཕངས་ནས་སླར་བླངས་ཏེ་བླང་མི་དགོས་པའི་ ཕྱིར་ཐ་གུས་གདགས། དེའི་མདུན་དུ་མེ་མར་གཞག །བསམ་གཏན་བྱེད་པའི་མདུན་དུ་མེ་མར་བུད་དེ་གཞག་ན་མི་ཡུར་བ་ལ་ཕན། རྐང་པ་བརྐྱང་། ཡུར་ན་རྐང་པ་ཡ་གཅིག་བརྐྱང་གཞན་ཡང་ངོ་། །རྐང་པ་ཡ་གཅིག་བརྐྱང་སྟེ་མ་ཕན་ན་རྐང་པ་གཉིས་ ཀ་བརྐྱང་། བཅག །རྐང་པ་གཉིས་ཀ་བརྐྱང་སྟེ་མ་ཕན་ན་ལངས་ཏེ་བཅག་གོ། །མི་འཁྲུལ་པའི་ཕྱིར་ཐ་གུ་བྲེས་ཏེ་སྦུ་བུར་བཅུག་ལ་ཐ་གུས་བཏགས་ཏེའོ། །མཚན་མོ་བཅག་ན་མི་འཁྲུལ་པར་བྱ་བའི་ཕྱིར་འཆག་སར་ནམ་མཁའ་ལ་ཐག་བུས་བྲེས་ཏེ། ཐག་བུ་ལ་ཡང་མིག་ གམ་ཤིང་སྦུ་གུ་ཅན་བཅུག་ལ་དེ་ལ་ཡང་ཐག་བུ་ལས་ལག་པས་བཟུང་ལ་བཅག་གོ། །ལྷམ་དང་བཅས་ཏེ་མ་བཅག །འཆག་པའི་ཚེ་བསམ་གཏན་ལ་གཞན་མི་འདོགས་པར་བྱ་བའི་ཕྱིར་ལྷམ་མི་བགོ། །བར་བུར་གྱིས་མི་བཅག་པར་དྲེའུ་རྔོག་གདིང་། འཆག་པའི་ གཞིར་རྡུལ་མི་ལྡང་བ་དང་རྐང་པ་ལ་མི་ཟུག་པའི་ཕྱིར་དྲེའུ་རྔོག་བཏིང་ཡང་ཉེས་མེད་དོ། །ཉི་མ་གསུམ་ཞིང་སྤང་བའི་རྐང་བསྐུ། བསམ་གཏན་བྱེད་པའི་ཉི་མ་གསུམ་ཞིང་ནད་དང་མིག་ལ་ཕན་པའི་ཕྱིར་རྐང་པ་ལ་སྣུམ་དང་བསུང་གིས་བསྐུ། མ་ཕོད་ན་དེར་ཉལ། བསམ་ གཏན་པ་ཡུར་བ་ཐབས་ལྟག་མ་རྣམས་ལྟར་བྱེད་དེ་ཡུར་བ་ལ་མ་ཕན་ན་ཉལ་ལོ། །སྒོ་བཅད། ཉལ་བའི་ཚེ་ཁང་བུའི་སྒོ་བཅད་དོ། །གློས་ཀྱང་ཕབ་སྟེའོ། །ཉལ་བའི་ཚེ་གློས་ཀྱང་ཕབ་སྟེ་ཉལ་ཀྱང་ཉེས་མེད་དོ། །བསྒོའོ། །སྤོང་བའི་མེ་ལ་རྩེ་བ་ཡང་ངོ་། །བསམ་གཏན་ བྱེད་པ་རྣམས་ཀྱིས་ཞལ་ཏ་བྱེད་པ་དང་གྲོང་འཛིན་པ་གཅིག་དགེ་སློང་སུ་དད་པ་ལ་བསྒོ། དེའི་ཚུལ་ལངས་ནས་ཆག་ཆག་དང་ཕྱག་དར་དང་རབ་ཏུ་གཞོན་ནུའི་ལྕི་བས་སྐྱང་ནུལ་སྦྱིན། ནང་པར་སྔར་ལངས་ཏེ་བསམ་གཏན་གྱི་སར་མིང་གིས་སྨོས་པ་འདི་རྣམས་ལས་སུ་ བསྐོས་པའི་དགེ་སློང་དེས་བྱ། སྟན་གདིང་། ལས་སུ་བསྐོས་པ་དེས་བསམ་གཏན་པ་རྣམས་སྟན་གདིང་། མི་གཙང་བའི་གནས་བཀྲུ། ཁང་པའི་ནང་ན་བཤང་ས་ཡོད་ན་ཁ་ལ་ངན་སྐྱུགས་ཆགས་པ་ཡོད་ན་ལས་བྱེད་པས་བཀྲུ། ཆག་ཆག་ལ་སོགས་པའོ། ། བཤང་ས་དེར་ཆག་ཆག་དང་མཎྜལ་དག་བྱ། ཕྱི་བ་དང་ས་དང་ཆུ་ཡང་གཞག །རྐུ་བ་ཕྱིའི་འཇི་བ་རིལ་བུ་དང་། རྡོ་དང་ཆུ་ལ་སོགས་པ་བཤང་སར་ལས་སུ་བསྐོས་པས་དེར་གཞག །འོང་བའི་ཕྱིར་གཎྜཱི་སྦྱིན། དུས་གསུམ་མཆོད་པ་ལ་སོགས་པ་དགེ་འདུན་གར་འདུའང་རུང་སྟེ་ གཎྜཱི་བརྡུང་ངོ་། །བརྡུང་པའི་ཐབས་འོག་ནས་འཆད། གཡོགས་པའི་སྟེང་དེར་བཞག་གཎྜཱི་ཁང་ཐོག་ཏུ་བརྡུང་བའི་སར་ཆར་པ་ལ་སོགས་པས་མི་གཤེར་པའི་ཕྱིར་ཐོག་བོར་བའི་འོག་ཏུ་གཞག །དགེ་འདུན་འདུ་བའི་ཕྱིར་ན་རྒྱུན་གསུམ་དང་དེ་ཙམ་གྱིས་བསྣུན་པར་རོ། །དགེ་འདུན་ ནང་ནུབ་དུས་སུ་འདུ་ན་ནི་ཆེ་ཆུང་སྦྲེངས་པ་ལས་ལན་གསུམ་བརྡབ་པ་ལ་མཇུག་ཏུ་དྲག་པོ་ལན་གསུམ་དུ་གཏོགས། ལས་བསླངས་པའི་ཕྱིར་ན་ཡང་སྟེ། རྒྱུན་དང་གཅིག་གོ། །འཕྲལ་ལ་ལས་ཞིག་བྱེད་པའི་ཕྱིར་དགེ་འདུན་བསྡུ་བ་ནི་ཆེ་ཆུང་དུ་སྦྲེངས་པ་རྒྱུན་གཅིག་དང་མཇུག་ཏུ་ དྲག་པོ་གཅིག་བརྡབ་པོ། །རྒྱུན་གསུམ་བཟླས་པ་ལ་བརྒྱབ་པ་གཉིས་ཞེས་གཞན་དག་གིའོ། །ལས་ལ་འདུ་བ་ལ་ཆེ་ཆུང་དུ་སྦྲེངས་པ་རྒྱུད་གསུམ་དང་མཇུག་ཏུ་དྲག་པོ་གཅིག་བརྡབ་པོ། །གཉིས་བརྡབ་ཀྱང་རུང་མདོ་ལྟག་མ་དང་གང་དགའ་བ་བྱའོ། །ཤི་བ་གདེག་པའི་ཕྱིར་ ན་དུམ་དུམ་པོར་རོ། །དགེ་སློང་ཤི་བའི་ཕྱིར་བསྡུ་བ་ནི་ཐབས་དྲག་དལ་དང་རྒྱུན་གྱི་གྲངས་མེད་དེ་དུམ་བུ་དུམ་བུར་བྱ། རྒྱུད་གཅིག་དང་བརྒྱབ་སྟེ་ཞེས་གཞན་དག་གིའོ། །ཤི་བ་ལས་བསྡུ་བའི་ཕྱིར་ཆེ་ཆུང་དུ་སྦྲེངས་པ་རྒྱུད་གཅིག་དང་མཇུག་ཏུ་དྲག་པོ་གཅིག་བརྡབ་ཀྱང་རུང་ སྟེ་མདོ་ལྟག་མ་དང་འདི་གཉིས་གང་བྱས་ཀྱང་རུང་ངོ་། །སྤང་བའི་ཕྱིར་ན་ཁར་གསིལ་གྱིས་སོ། །བསམ་གཏན་ལ་འདུ་བ་ནི་སེག་ཆད་དང་དྲིལ་བུ་གང་གིས་བརྡ་བྱས་ཀྱང་རུང་ངོ་། །ཀ་ཏི་ཞེས་གཞན་དག་གིས་སོ། །བསམ་གཏན་ལ་འདུ་བ་ལ་གཎྜཱི་ཆུང་ངུ་ཀ་ཏི་ཞེས་བྱ་ བ་བརྡུངས་ཀྱང་རུང་ངོ་། །གློ་བུར་དུ་གཅིག་ན་ནམ་ཆོག་ཏུའོ། །ཆུ་དང་མེ་ལ་སོགས་པ་གློ་བུར་གཅིག་བྱུང་ན་གློ་བུར་ནམ་ཞི་བའི་བར་དུ་འདོད་འདོད་བརྡུང་ངོ་། །གློ་བུར་ཞི་བ་ལ་ཕན་ནོ། །བཟའ་བར་འདུ་བའི་ཕྱིར་ན་གཉིས་ཀ་སྟེ། གཎྜཱི་ཀ་ཏི་དང་གཎྜཱི་སྦྱིན་ནོ། །དྲོ་ཀར་གདུགས་ ཚོད་ལ་འདུ་བ་ལ་ནི་གཎྜཱི་ཆེ་ཆུང་གཉིས་ཀ་བརྡུང་ངོ་། །སྐབས་སུ་བསྡད་དེའོ། །གཎྜཱི་ཆུང་ངུ་དྲོ་ཀར་སྔར་བརྡུངས་ནས་སྐུ་བླའི་གཟུགས་བཀྲུ། ཁ་ཟས་བརྟག་པའི་ཞལ་ཏ་བྱས་ཟིན་ནས་གདོད་གཎྜཱི་ཆེན་པོ་བརྡུང་ངོ་། །ཚོགས་ཆེ་སྟེ་གཎྜཱི་བྱིན་པས་མ་གྲུབ་ ཅིང་མ་གོ་ན་དུང་འབུད་དོ། །དགེ་འདུན་མང་སྟེ་གཎྜཱི་བརྡུངས་པས་མི་ཐོས་ཤིང་མི་འདུས་ན་མི་གཉིས་ཀྱིས་དུང་གཉིས་ཐབས་ཅིག་དུ་འབུད་དོ། །རྔ་བརྡུང་། དུང་སྦྲེལ་མ་བུས་ཀྱང་མི་འདུས་ན་རྔ་བོ་ཆེ་བརྡུང་ངོ་། །གཎྜཱི་ས་ན་མི་འགྲོ་བར་མི་བྱ། གཎྜཱི་དང་རྔ་བརྡུངས་མ་ཐག་ ཏུ་འདུ་བ་མི་བཅད་པར་དགེ་འདུན་གྱི་ནང་དུ་འགྲོའོ། །མ་སོང་ན་ཉེས་བྱས། མི་མྱུར་བར་མ་ཡིན། དགེ་འདུན་གྱི་ནང་དུ་འགྲོ་བ་ཡང་ལེ་ལོར་བྱས་ཏེ་མ་འདུག་པར་གཎྜཱི་བརྡུངས་མ་ཐག་ཏུ་འགྲོའོ། །དགོས་པ་འབྱོར་པའི་དུས་ཀྱི་ལས་ན་ཅི་བདེར་བྱའོ། །བསམ་གཏན་དུ་ཞུགས་ པའི་རྣམས་ཀྱིས་དུས་མི་རིགས་པའི་ཕྱིར་གདུགས་ཚོད་བབ་པ་དང་ཐོ་རངས་སྔར་བསླང་པ་དང་ནམ་གྱི་གུང་ལ་ཉལ་དུ་བཟུང་བའི་ཚོད་ལ་སོགས་པ་ལས་སུ་བསྐོས་པའི་བྱ་ཞིང་སྦྲན་ནོ་ཞེས་བྱི་ཛ་ཡ་བར་མས་བཤད། གཎྜཱི་བརྡུང་བའི་ཚེ་བདག་དགེ་བ་གཞན་ཞིག་རྒྱུན་དུ་ སྤྱོད་དེ་བར་ཆད་དུ་མི་རུང་ན་མ་སོང་ཡང་ཉེས་མེད་དོ་ཞེས་བྱི་ཤུ་ཏས་བཤད། སུམ་རྒྱུད་བྱིན་ཏེའོ། །བསམ་གཏན་པ་རྣམས་ལངས་ཏེ་འདོང་པའི་ཚེ་སུམ་རྒྱུད་བཀླག །འདི་ནི་རན་པར་སྦྱིན། སུམ་རྒྱུད་བཀླག་པ་མི་རིང་བར་རན་པར་བྱ། སྦྱིན་པ་ལས་འཆགས་པ་བྱ། ཟས་ ཟོས་པའི་འོག་ཏུ་སྦྱིན་བདག་ལ་སོགས་པའི་ཕྱིར་སྦྱིན་པའི་ཚིགས་སུ་བཅད་པ་ཀླག །རན་པར་རོ། །སྦྱིན་པའི་ཚིགས་སུ་བཅད་པ་རན་པ་མི་རིང་བར་བྱ། མེལ་ཙེ་བ་ནི་ཐ་མ་ནས་འགྲོ། བསམ་གཏན་ལས་འགྱེས་པའི་ཚེ་ལས་སུ་བསྐོས་པའི་དགེ་སློང་དེས་ལས་དང་ཞལ་ཏ་ དག་བྱས་ནས་ཕྱི་བཞིན་དུ་འགྲོའོ། །འོང་བ་ན་སྔོན་དུའོ། བསམ་གཏན་ལ་འདུ་བའི་ཚེ་ཐ་མ་ན་མི་འདུག་པར་སྔོན་དུ་སོང་སྟེ་ལས་དང་ཞལ་ཏ་བྱའོ། །འོན་ཏེ་དེ་ལྟ་བུའི་རྐྱེན་ཅིག་གིས་ལྡེ་མིག་སྦ་བ་བྱས་ན་བསྟན་ཏོ། །ལས་སུ་བསྐོས་པ་དགེ་སློང་དེ་རྐྱེན་ཅིག་གིས་གུད་དུ་འགྲོ་ན་ ལྡེ་མིག་འདི་ན་ཡོད་དོ་ཞེས་གྲོགས་ལ་བསྟན་ཏེ་འགྲོའོ། །གསོ་སྦྱོང་གི་དངོས་པོ་སྟེ་ཞི་གནས་ཀྱི་གསོ་སྦྱོང་དུ་ཆུད་པའོ། །བསམ་གཏན་གྱི་ཞི་གནས་ཀྱི་གསོ་སྦྱོང་རྫོགས་སོ།། །།བཅོ་ལྔའི་གསོ་སྦྱོང་བྱེད་པ་ལ་འཆད་དེ། གསོ་སྦྱོང་མངོན་པར་བསྐོ། །དགེ་འདུན་གྱིས་ གསོལ་བ་དང་ཞུ་བའི་ལས་ཀྱིས་གསོ་སྦྱོང་བྱ་བའི་ས་ཐམས་ཅད། བྱས་པ་དང་སྐྱེས་པ་ཟིན་པའི་དངོས་པོར་རོ། །དེའི་ཕྱི་རོལ་གྱི་མཚམས་ནི་འདོམ་དང་བཅས། གསོ་སྦྱོང་གི་ཁང་པ་རྩིག་པ་ཆུ་དང་གད་པ་ལ་སོགས་པ་ཡོད་ན་བར་འདོམ་གང་གིས་བཅད་ལ་གཙང་ བ་དང་ཡངས་པ་དང་མི་རྩེད་པར་བརྩིག་གོ། །དགེ་འདུན་དང་པར་རོ། །གསོ་སྦྱོང་གི་ཁང་པ་བརྩིག་པ་དགེ་འདུན་ཀུན་ལ་དད་པ་དྲིས་ཏེ་གར་དད་པར་བྱ། ལས་དག་ཀྱང་དེའི་གནས་སོ། །གསོ་སྦྱོང་གི་ཁང་པ་དེར་ཚུལ་ནས་འབྱུང་བ་དང་ཚུལ་དུ་འཇུག་པ་དང་བསྙེན་པར་རྫོགས་པར་བྱེད་ པ་ལ་སོགས་པའི་ལས་ཀྱང་དེར་བྱའོ། །མཚམས་བཅད། དགེ་འདུན་གནས་པ་ལ་སྤྱོད་པ་བདེ་བའི་ཕྱིར་མཚམས་བཅད་དོ། །དཔག་ཚད་ཕྱེད་དང་གསུམ་གྱི་མཐར་རོ། །མཚམས་བཅད་པ་ནི་བར་དུ་ཆུ་ལ་སོགས་པ་མཚམས་གཞན་གྱིས་མ་ཆོད་ན་དཔག་ཚད་ཕྱེད་དང་གསུམ་ཚུན་ ཆད་དུ་བཅད་དུ་རུང་ངོ་། །རྡོ་དང་རྩིག་པ་དང་ཀ་བ་དང་ཤིང་རློན་པ་དང་ར་བ་དང་གད་པ་དང་ཁྲེ་ལམ་དང་ཆུ་འཐུང་བ་ལ་སོགས་པ་ཕྱོགས་སོ་སོར་དམིགས་པར་ཤེས་པའི་དགེ་སློང་གིས་དགེ་འདུན་གྱི་དྲུང་དུ་ཀུན་བསྒྲགས་པ་ནི་བསྟན་པའི་མཚན་ཏེ་ལས་བྱ། མཚམས་བཅད་པའི་མཚན་ མ་ནི་མིང་གིས་སྨོས་པ་འདི་རྣམས་ལས་མཚམས་བཙུགས་ཏེ་དགེ་འདུན་ཐམས་ཅད་འདུས་ནས་ཀུན་ཤེས་པར་བྱས་ཏེ་གསོལ་བ་དང་ཞུ་བའི་ལས་ཀྱིས་བཅད་མཚན་མ་ནི་ཕྱོགས་བཞི་རེ་རེ་བཙུགས་པས་ཆོག །གནང་བ་བྱས་ན་དེར་ཆོས་གོས་དང་མི་འབྲལ་མཚམས་བཅད་ན་རྒན་པོ་ དང་ནད་པ་ཆོས་གོས་མི་ཐེག་པ་དགེ་འདུན་གྱིས་ཆོས་གོས་དང་མི་འབྲལ་བར་གནང་བ་བྱིན་ན་ཆོས་གོས་དང་འབྲལ་བར་མི་འགྱུར་རོ། །འདི་བྱ་རྒན་པོ་དང་ནད་པ་ཆོས་གོས་དང་འབྲལ་བའི་གསོལ་བ་གདབ་སྟེ་མི་ཐེག །བདེན་ན་དགེ་འདུན་གྱིས་གནང་བ་སྦྱིན་ནོ། །ཐམས་ཅད་ཀྱི་ ཕྱིར་དཀྱིལ་འཁོར་བྱ་བར་བསྐོ། སྔ་མ་མ་བཏང་ན་ནང་དུ་བཅད་པ་མི་སྐྱེ། མཚམས་སྔ་མ་བཅད་པ་མ་བཀྲོལ་བར་ཕྱི་མ་བཅད་ཀྱང་མཚམས་བཅད་པར་མི་འགྱུར་རོ། །མཚམས་བཏང་ངོ་། །མཚམས་གཉིས་ཚིག་གཅིག་གིས་བཅད་པའམ་བཏང་དུ་རུང་ ངོ་། །མཚམས་གཉིས་སོ་སོར་གཅོད་དེ་བར་ཉེ་ན་བར་དུ་ཐག་པ་བྲེས་ཏེ་མཚམས་གཉིས་ཀ་ཐག་པས་ནོན་པར་བྱས་ལ། ཕ་རོལ་ཚུ་རོལ་གཉིས་ཀར་དགེ་འདུན་དུ་ལངས་པར་འཁོད་པ་ལ་བར་དུ་དགེ་སློང་གཅིག་འདུག་སྟེ་གསོལ་བ་དང་ཞུ་བ་བྱས་ན་ཚིག་གཅིག་གིས་མཚམས་ གཉིས་བཅད་པར་འགྱུར་རོ། །དགྲོལ་བའང་དེ་བཞིན་དུ་བྱར་རུང་། ལས་ཀྱིས་མཚམས་མ་བཅད་པའི་གནས་ཀྱི་མཚམས་རྩིག་པའོ། །གསོལ་བ་དང་ཞུ་བས་མཚམས་མ་བཅད་ན་གཙུག་ལག་ཁང་གི་ཕྱིར་ཚུན་ཆད་མཚམས་སུ་གཏོགས་པའོ། །ཝའི་ཆུ་བབ་པ་གང་དུ་ ལྟུང་བ་ཡང་ངོ་། །གཙུག་ལག་ཁང་གི་ཕྱིར་མེད་པ་ཞིག་ན་ཁང་པའི་ཝའི་ཆུ་ཕྱི་རོལ་དུ་ལྟུང་བའི་རྗེས་ཚུན་ཆད་མཚམས་སུ་གཏོགས་སོ། །གྲོང་གི་ན་མཚམས་ཀྱི་མཐའོ། །གྲོང་ཁྱེར་ཞིག་ན་གནས་ན་ར་བ་དང་སབ་མ་དང་འོབས་གསུམ་གང་ཡང་རུང་བར་བྱ་གང་བབ་པ་ལ་སོགས་ པ་གོང་དུ་བཤད་པ་ཡིན་ནོ། །དགོན་པར་ན་ཕྱོགས་སོ་སོར་རྒྱང་གྲགས་ཀྱི་མཐའོ། །དགོན་པ་ན་གནས་ཏེ་བར་མཚམས་གཞན་གྱིས་མ་ཆོད་ན་རྒྱང་གྲགས་གཅིག་ཚུན་ཆད་རང་མཚམས་སུ་ཆུད་དོ། །གསོ་སྦྱོང་གི་དངོས་པོ་སྟེ་གནས་སུ་ཆུད་པའོ། །གསོ་སྦྱོང་ལ་འདུ་བའི་ མཚམས་གཅིག་ན་གནས་པ་ཀུན་དུ་དགོས་པ་དང་མཚམས་བཅད་པའོ། །དད་པ་བྱིན་ན་དེ་དག་གིས་འདུ་བ་འགྲུབ་པོ། །གསོ་སྦྱོང་ལ་འདུ་བ་ནད་པ་དང་རྒན་པོར་འདུ་བར་འོང་མི་ནུས་ཏེ་དད་པ་ཕུལ་ནས་འདུས་པ་དང་འདྲ་སྟེ་གསོ་སྦྱོང་དུ་རུང་ངོ་། །མཚམས་གཅོད་པ་ལ་མ་ཡིན། མཚམས་གཅོད་པའི་ཚེ་ནི་ནད་པ་དང་རྒན་པོ་ཡང་དད་པ་དབུལ་དུ་མི་རུང་སྟེ་ཁྱོགས་ལ་བླང་ངམ་དགེ་འདུན་ནད་པའི་གན་དུ་དོང་སྟེ་མཚམས་བཅད་དགོས་སོ། །སློབ་པ་བྱིན་པ་ལས་དེས་བསླང་བའམ་བརྟག་པའོ། །མཚམས་གཅོད་པ་ལ་སློབ་པ་བྱིན་པ་ལས་ཐ་དད་པ་བླང་ ན་ལས་སུའང་རུང་དད་པ་ཕུལ་བར་ཀྱང་ཆུད་དོ། །དེ་ལ་དགེ་སློང་དུ་འདུ་ཤེས་གཞག་ནའོ། །སློབ་པ་བྱིན་པ་ལས་དད་པ་བླང་བ་ནི་ཐོག་མ་སློབ་པ་བྱིན་པ་ལ་དགེ་སློང་དུ་འདུ་ཤེས་གཞག་པ་ནི་དད་པ་བླང་དགོས་ཀྱི་འདུ་ཤེས་མ་བཞག་པ་ནི་དད་པ་བླང་མི་དགོས་སོ་ཞེས་ཀྱང་བཤད། དད་པ་ལེན་པའི་ཚེ་ན་དགེ་སློང་མ་ཡིན་སྙམ་དུ་བསམས་ན་དད་པ་བླང་པར་མི་ཆུད་དེ་ལས་སུ་མི་རུང་ངོ་ཞེས་ཀྱང་བཤད། མི་སྦྱིན་ནོ། །སློབ་པ་བྱིན་པ་ཞིག་དད་པ་ལེན་དུ་འོངས་ན་དད་པ་མི་སྦྱིན་ནོ། །སྨྱོན་པར་གནང་བ་མི་བྲེལ་བ་ཡིན་ནོ། །དགེ་སྦྱོང་སྨྱོན་པ་ཐམ་ཐོམ་ཅན་ལས་བྱེད་པའི་ཚེ་གློ་ བུར་དུ་འགྲོ་བ་ཞིག་ཡོད་ན་དགེ་འདུན་གྱིས་གསོལ་བ་དང་ཞུ་བའི་ལས་ཀྱིས་མི་འདུ་བ་དང་དད་པ་མི་བླང་པར་གནང་བྱིན་ན་དད་པ་མ་བླངས་ཀྱང་ལས་སུ་རུང་ངོ་། །ཀུན་གཙང་བ་བྱིན་པ་ནི་གཅིག་ཏུའོ། །དད་པ་ལེན་པ་འོང་ན་དབུལ་བའི་ཚིག་ནི་བདག་བར་ཆད་ཀྱི་ཆོས་ཀྱང་གཙང་། དགེ་ འདུན་ལས་བྱེད་པ་ལའང་དད་དོ་ཞེས་བྱ། བདག་གཙང་ངོ་ཞེས་མ་བྱས་ན་ཉེས་པ་ཡོད་པས་འཕྲིག་ཅིང་དོགས་པར་འགྱུར་རོ། །གཙང་ངོ་ཞེས་མི་ཟེར་ན་བར་ཆད་ཡོད་དམ་ཞེས་དྲིས་ལ་ཡོད་ན་མཐོལ་དུ་གཞུག །གསོ་སྦྱོང་དུའོ། །མདོ་ལྟག་མ་ལྟར་ཀུན་གཙང་ངོ་ཞེས་བྱ་བའི་ཚིག་ནི་ གསོ་སྦྱོང་གི་ཚེ་དད་པ་དབུལ་བ་ལ་དགོས་སོ། །འབྱུང་བ་ན་ཡང་ངོ་། །ཚུལ་ནས་འབྱུང་བའི་ཚེའང་དད་པ་ཕུལ་ན་ལས་སུ་རུང་ངོ་། །དེ་བྱིན་པས་སོ། །ཚུལ་ནས་འབྱུང་བའི་ཚེ་དད་པ་ཕུལ་བ་གཅིག་པུས་མི་ཆོག་གི་བདག་ལ་ཁྲིམས་ཉམས་པར་མཐོང་བ་དང་ཐོས་པ་དང་དོགས་པ་ཡོད་ན་ རྒོལ་ཅིག་ཅེས་སྐབས་དབྱེ་བ་དང་བཅས་ཏེ་དད་པ་དབུལ་ལོ། །འདི་ལྟར་དེ་དག་བྱའོ། །གསོ་སྦྱོང་ལ་ཀུན་གཙང་ངོ་ཞེས་དད་པ་དབུལ་ལོ། །འདི་ལྟར་དེ་དག་བྱའོ། །གསོ་སྦྱོང་ལ་ཀུན་གཙང་ངོ་ཞེས་དད་པ་འབུལ་བ་དང་ཚུལ་གྱི་ཚེ་ཉེས་པ་ཡོད་ན་རྒོལ་ཅིག་ཅེས་བྱས་ནས་དད་པ་འབུལ་བའི་ཚིག་ དད་པ་ལེན་པ་ལ་བྱའོ། །ཚུལ་འདི་དག་མནོད། །མདོ་ལྟག་མ་ལྟར་དད་པ་འབུལ་ན་དད་པ་ལེན་པས་ཀྱང་དེ་ལྟར་མི་གནང་གིས་འདོང་ཞེས་མི་བྱའི་ཟེར་བ་བཞིན་དུ་དད་པ་བླང་ངོ་། །སྡེ་སྡེར་དད་པ་ལ་སོགས་པ་བསྐུལ་ཏེ་ལས་བྱེད་ན་མི་རིགས་པ་མ་ཡིན་ནོ། །མཚམས་གཅིག་གི་ནང་དུ་ གསོ་སྦྱོང་ལ་སོགས་པ་དགེ་འདུན་སོ་སོར་བྱེད་ན་གཅིག་ལ་གཅིག་དད་པ་བྱིན་ཏེ་བསྐུལ་ན་སོ་སོར་བྱས་ཀྱང་ལས་སུ་རུང་ངོ་། །ཚིག་མཚུངས་པ་བརྩམས་ན་བྲལ་བ་མ་ཡིན་ནོ། །དད་པ་ལེན་པས་རབ་ཏུ་འབྱུང་བ་དང་གསོ་སྦྱོང་དང་ཚུལ་ནས་འབྱུང་བ་ལ་སོགས་པ་ལས་མང་ པོ་ཞིག་དད་པ་གཅིག་ཅར་བླང་དུ་རུང་ངོ་། །གཅིག་གི་དུ་མ་ལ་བླངས་པ་མ་ཡིན་ནོ། །མདོ་ལྟག་མའི་ནང་ནས་འབྱུང་བ་བཞིན་དུ་མི་མང་མོ་ཞིག་ལས་དད་པ་བླངས་ཀྱང་རུང་ངོ་། །ཆད་པ་ནི་འདི་བརྗོད་ནུས་ནའོ། །མདོ་ལྟག་མ་གཉིས་ལྟར་མང་དུ་བླང་དུ་རུང་བ་ནི་བདག་གིས་མི་བརྗོད་ཅིང་ ཟློས་ནུས་པ་ཚུན་ཆད་དད་པ་བླང་དད་པ་ལེན་པའི་མི་ཉིད་ཀྱང་ཚིག་གསལ་ཞིང་སྨྲ་མཁས་པས་དད་པ་བླང་ངོ་། །ཅི་ལྟ་ཅི་ལྟ་བུས་ཀྱང་འདིའི་སྦྱིན་པ་ལ་མི་ནུས་པས་ཀྱང་གྲུབ་པོ། །ནད་པ་ཚབས་པོ་ཆེ་ཞིག་ལས་དད་པ་ལེན་ཏེ་དྲིས་པའི་ལན་སྨྲ་མི་ནུས་ན་ཡི་གེ་དང་མཚན་མ་དང་ཚིག་ཟུར་ལ་ སོགས་པ་ཅི་ལྟ་བུས་ཀྱང་དད་པ་བྱིན་པར་བླང་ངོ་། །ཆུད་དོ། །ལུས་ཀྱིས་ཀྱང་ངོ་། །ནད་པ་དེས་སྨྲ་མི་ནུས་ཤིང་དད་པའི་བརྡ་ལུས་ཀྱི་ཡན་ལག་གིས་བྱེད་ནའང་དད་པ་བླངས་པར་ཆུད་དོ། །ཅི་ལྟར་མི་ཕོད་ནའང་དགེ་འདུན་དེར་འདོང་ངམ་དེ་ཁྱོགས་ལས་བསླང་། གསོ་སྦྱོང་ལ་སོགས་པའི་ ལས་བྱེད་པ་ལ་ནད་པ་ལ་དད་པ་བླང་དུ་ནད་པ་དེ་དབུགས་ནི་མ་ཆད་ཀྱི་ལུས་དང་ངག་གི་བརྡ་དང་མཚན་མ་བྱེད་མི་ནུས་ཀྱང་རུང་དད་པ་དབུལ་ནུས་ཀྱང་མཚམས་བཅད་པའི་ཚེ་དད་པ་ཕུལ་བས་ལས་སུ་མི་རུང་བའི་ཕྱིར་དགེ་འདུན་གྱི་ནང་དུ་དད་པ་ཁྱོགས་ལས་བླངས་ཏེ་ལས་བྱའོ། །ཡང་ན་ ནད་པའི་དྲུང་དུ་དགེ་འདུན་སོང་སྟེ་ལས་བྱའོ། །དེ་བླངས་ཏེ་མི་བརྒྱུག །དད་པ་ལེན་པས་དད་པ་བླངས་ཏེ་དྲག་ཏུ་མི་བརྒྱུག །མི་དྲང་། མི་མཆོང་དད་པ་བླངས་ནས་དྲག་ཏུ་འང་མི་འགྲོ་མཆོང་ཞིང་ཡང་མི་འགྲོ། །ཕྱི་རོལ་དུ་མི་རྒལ། དད་པས་བླངས་ནས་ཡུར་བ་དང་མཚམས་ལ་ སོགས་པའི་ཕྱི་རོལ་དུ་མི་འགྲོ། ཕྱིར་ལས་མ་ཡིན། དད་པ་བླངས་ནས་ཕྱི་སྒོ་འདས་ཤིང་ཡང་མི་འགྲོ། ར་བའི་ཕྱི་རོལ་ནས་བོས་ཤིང་ཡང་དད་པ་མི་བླང་། ནམ་མཁའ་ལ་མི་འདུག །དད་པ་ལེན་པའི་ཚེ་གཅིག་ནམ་མཁའ་ལ་མི་འདུག་པ་ལའང་བྱ། དད་པ་བླངས་ནས་ནམ་མཁའ་ ལ་མི་འདུག་པ་ལའང་བྱ། ཕྱི་རོལ་དུ་མ་ཡིན། དད་པ་བླངས་ནས་མཚམས་ཀྱི་ཕྱི་རོལ་དུ་མི་འགྲོ། ཁོལ་བོར་ཏེ་རྐང་རྟེན་གཞན་ལ་མི་འགྲོ། །གྲུ་སྐས་དང་ས་སྐས་ལྟ་བུ་ལ་རིམ་པ་གཅིག་བོར་ཏེ་མི་འགྲོ་བ་ནི་དད་པ་ལེན་པའི་མིའོ། །གཞན་ཡང་དེ་བཞིན་ཁོལ་བོར་ཏེ་མི་འགྲོ། ། སྐས་ཀེའི་རྐང་རྟེན་ལས་ཡང་ངོ་། །ས་སྐས་དང་གྲུ་སྐས་མ་ཡིན་པ་སྐས་ཐ་མལ་པ་ཐང་མ་སྐས་ལའང་བར་དུ་གཅིག་བོར་ཏེ་མི་འགྲོ། དད་པ་བླངས་ནས་འདི་ལྟར་མི་འགྲོ། །ལྐོག་མ་ཙམ་གྱི་ཆུ་ལ་མི་འཇུག །དད་པ་བླངས་ནས་ལྐོག་མ་ཙམ་ནུབ་པའི་ཆུ་ལ་མི་འབོག །ཉལ་བ་དང་ མཉམ་པར་འཇུག་པར་མི་བྱ། དད་པ་བླངས་ནས་ཉལ་བའམ་བསམ་གཏན་དུ་འཇུག་པར་མི་བྱ། རིམ་གྲོ་མེད་པའང་མི་སྨད་པ་མ་ཡིན་ནོ། །མདོ་ལྟག་མ་རྣམས་ལྟར་དད་པ་བླངས་ནས་ལེ་ལོ་བྱས་ན་དགེ་འདུན་གྱིས་སྤྱོ་ཞིང་བརྒྱད་དོ། །དགེ་སློང་ལ་སྨྲ། དད་པ་བླངས་ནས་སླར་ འབུལ་བ་ནི་དགེ་སློང་གང་ལ་ཡང་རུང་གཅིག་ལ་དད་པ་ཕུལ་བས་ཆོག་གོ་ཞེས་འདུལ་བ་འཛིན་པ་ཁ་ཅིག་གིས་བཤད། དགེ་འདུན་ལའོ། །གཞན་དག་ཀྱང་ངོ་། །དགེ་འདུན་སྤྱིར་དད་པ་མ་ཕུལ་ན་མི་རུང་ངོ་ཞེས་ཀྱང་འདུལ་བ་འཛིན་པ་ཁ་ཅིག་གིས་བཤད་དོ། །དགོངས་ཤིག་བཙུན་པ་ ཞེས་རིམ་དུའོ། །དད་པ་བླངས་ནས་འབུལ་བའི་ཚེ་ན་དགོངས་ཤིག་བཙུན་པ་ཞེས་སྨྲས་ཏེ་གཙང་བ་དང་དད་པ་ལ་སོགས་པའི་ཚིག་མ་ནོར་བར་རིམ་བཞིན་དུ་སྨྲའོ། །དགེ་འདུན་གྱི་དབུས་སུ་མ་ཕྱིན་པར་དུས་འདས་སམ་ཁྱིམ་མིར་ཤེས་པར་བྱས་ན་བླངས་པ་མ་ཡིན་ནོ། །དད་པ་ལེན་དུ་ བཏང་བས་དེས་དད་པ་བླངས་ནས་དགེ་འདུན་གྱི་ནང་དུ་མ་ཕྱིན་པར་ལམ་དུ་ཤིའམ་ཁྲིམས་ཕུལ་ཏེ་ཁྱིམ་པར་བབས་ན་དད་པ་བླངས་པ་མི་ཆུད་དོ། །ཕྱིན་ན་ནི་བླངས་པའོ། །དད་པས་ལེན་ལེན་པའི་མི་དེ་དགེ་འདུན་ནང་དུ་ཕྱིན་ནས། དད་པ་འབུལ་བའི་ཚིག་མ་སྨྲས་པར་ཁྲིམས་ཕུལ་ལམ་ ཤི་བ་ནི་དད་པ་བླངས་པར་ཆུད་དོ། །གཞན་གྱི་ཚེས་བཅོ་ལྔ་དགེ་སློང་བཟུང་ནས་དགེ་སློང་དེ་ཐང་ཤིག །དགེ་སློང་གྲོགས་ཤིག་གཞན་གྱིས་བཙོན་དུ་བཟུང་སྟེ་མཚམས་གཅིག་གི་ནང་ན་འདུག་ཀྱང་རུང་གུད་ན་འདུག་ཀྱང་རུང་གསོ་སྦྱོང་གི་ཚེ་ཡུས་བདག་ལ་ཐོང་ཤིག་ཅེས་བྱ། ངེད་ཀྱིས་ ཚངས་པ་མཚུངས་པར་སྤྱོད་པའོ་ཞེས་དེ་ལ་སྨྲོས་ཤིག །ལྟག་མ་ལྟར་ཐོང་ཤིག་ཅེས་བྱ་བའི་ཚིག་ནི་ངེད་ཅག་ཚངས་པ་མཚུངས་པར་སྤྱོད་པ་སྟེ་ཚུལ་གྱིས་གསོ་སྦྱོང་བྱ་དགོས་ཏེ་མི་བཏང་ན་ཁྱོད་ལ་སྡིག་ཏུ་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ་ཐོང་ཤིག་ཅེས་བྱ། མ་བཏང་ན་འདི་དང་ཁོ་བོ་ཅག་ལྷན་ཅིག་ཏུ་ཆུང་ཟད་ཀྱི་བྱ་བ་ཞིག་ཡོད་དོ་ཞེས་སྔ་མ་དང་བཅས་ཏེའོ། །མདོ་ལྟག་མ་ལྟར་བྱས་ཀྱང་མ་བཏང་ན་ལྟག་མའི་ཚིག་ཀྱང་སྨྲས་ལ་དགེ་སློང་འདི་དང་ངེད་ཅག་འཐམ་ཞིང་བྱ་བ་ཞིག་ཡོད་ཀྱི་མི་བཏང་དུ་མི་རུང་ངོ་ཞེས་བྱ། དེ་སྟེ་ཡང་ན་དཀྱིལ་འཁོར་བྱ། མདོ་ལྟག་མ་རྣམས་ལྟར་བྱ་སྟེ་མ་བཏང་ན་རྐྱེན་བྱུང་བའི་ཕྱིར། མཚམས་ཆེན་པོ་མ་བཀྲོལ་ཀྱང་བླ་སྟེ་མཚམས་བུ་ཆུང་མིག་རས་ཀྱིས་བཅད་ལ་གསོལ་བ་དང་ཞུ་བའི་ལས་བྱ་མི་དགོས་དེའི་ནང་དུ་གསོ་སྦྱོང་བྱར་རུང་ངོ་། །ཕྱིས་ཀྱང་དེ་འཐར་བའི་ཕྱིར་ནན་ཏན་མི་བྱ་བར་མི་བྱ། གསོ་སྦྱོང་ གི་དུས་ལ་བབ་པའི་ཚེའང་དགེ་སློང་བཙོན་དུ་བཟུང་བ་དེ་ལ་ཅིའི་ཐབས་ཀྱིས་ཀྱང་བཙོན་ལས་ཐར་བར་ནན་ཏན་བྱའོ། །དོགས་པར་གྱུར་ན་བྲེལ་ཏོ། །གསོ་སྦྱོང་བྱེད་པའི་ཚེ་དགེ་སློང་འདྲ་བ་ཞིག་གུད་ནས་འོང་བར་མཐོང་བཞིན་དུ་ཡང་རུང་དུས་ཀྱིས་གུད་ནས་གསོ་སྦྱོང་བྱེད་པའི་ཕྱིར་འོང་ བར་ཤེས་ཏེ་དོགས་བཞིན་དུ་གསོ་སྦྱོང་བྱས་ན་བྲེལ་ཅིང་མི་བདེ་བར་འགྱུར་བའི་ཕྱིར་གསོ་སྦྱོང་མི་བྱ་བར་བསྡད་དོ། །སོ་སོར་འགྱུར་བ་འདོད་པའི་ཡིད་ཀྱིས་ལས་བྱས་ན་སྦོམ་པོར་འགལ། མཚམས་གཅིག་གི་ནང་ན་དགེ་འདུན་གཞན་ལ་དད་པ་མ་དྲིས་པར་བཞི་ལྔ་ཞིག་གི་མ་བསྡུས་ ཤིང་དད་པ་མ་དྲིས་ཀྱང་བླ་མོད་ཅེས་བྱ་སྟེ་གསོ་སྦྱོང་བྱས་ན་ལས་སུ་ཡང་མི་རུང་ལ་དབྱེན་གྱི་སྦོམ་པོར་འགལ་ལོ། །ཐེ་ཚོམ་མམ་ཆད་པར་བརྟགས་ན་ཉེས་པ་མི་ལྡང་བར་མི་བྱེད་དོ། །མདོ་ལྟག་མ་ལྟར་དད་པ་མ་བླངས་ཀྱང་བླ་མོད་ཅེས་ཏེ་གསོ་སྦྱོང་བྱས་ན་སྦོམ་པོར་འགྱུར་བ་ནི་དད་པ་མ་དྲིས་ན་རུང་ ངམ་མི་རུང་གཏོལ་མེད་དེ་ཐེ་ཚོམ་ཟ་བཞིན་དུ་བྱས་པའང་བླ། དད་པ་མ་བླངས་ཀྱང་རུང་ཞེས་འཆད་པར་བསམས་ཏེ་གསོ་སྦྱོང་བྱས་ཀྱང་རུང་སྦོམ་པོར་འགྱུར་རོ། །སྙིང་ནས་བཙལ་ན་གཙང་མར་བྱེད་དོ། །གསོ་སྦྱོང་བྱེད་པའི་ཚེ་མཚམས་ཀྱི་ནང་ན་དགེ་སློང་ལུས་པ་ཡོད་དམ་མེད་སྙིང་ ནས་བཙལ་ཅིང་བོས་པས་མ་རྙེད་དེ་མེད་པར་རྟོགས་ན་གསོ་སྦྱོང་བྱས་ཀྱང་ལུས་སུ་རུང་སྟེ་ཕྱིས་དགེ་སློང་ཡོད་པར་གྱུར་ཀྱང་བླའོ། །བརྟག་པ་ཙམ་མ་ཡིན། སྙིང་ནས་མ་བཙལ་གྱི་ལེ་ལོ་བྱས་ཏེ་འོལ་ཕྱི་ཙམ་དུ་བཙལ་བ་ན་དགེ་སློང་ཡོད་པར་གྱུར་ན་ལས་སུ་མི་རུང་ངོ་། །ཚོལ་བ་དང་དགྲ་ དང་མཐོན་པོར་འདུག་སྟེ་ཕྱོགས་སུ་ལྟ་བ་ནི་དེའོ། །དགེ་སློང་ཡོད་དམ་མེད་བཙལ་བ་ནི་སྒྲས་ཀྱང་བོས། །ས་མཐོན་པོ་ནས་ཀྱང་ལྟ། ཞིབ་ཏུའང་བཙལ་ཏེ་མ་རྙེད་ན་བཙལ་བར་ཆུད་དེ་ཉེས་མེད་དོ། །གསོ་སྦྱོང་གི་དངོས་པོ་སྟེ་འདུ་བར་ཆུད་པའོ། །གསོ་སྦྱོང་ལ་འདུ་བའི་ཆོ་ག་འཆང་བའོ། ། གསོ་སྦྱོང་བྱ་སྟེ་བཅོ་ལྔའི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་བཤད་པས་སོ། །གསོ་སྦྱོང་བྱ་བ་ནི་ཚེས་བཅོ་ལྔ་ཞིང་ཟླ་བ་ཕྱེད་ན་འདུག་སྟེ་སོ་སོར་ཐར་པ་ཁ་ཏོན་དུ་འདུལ་བ་འཛིན་པ་གཅིག་གིས་ཀླག་གོ། །ཚུལ་ནས་བྱུང་ནས་ནི་འདི་མ་གྲུབ་པ་མ་ཡིན་ནོ། །ཚུལ་ནས་འབྱུང་བའི་ཚེ་ནི་ ཚུལ་ནས་འབྱུང་བ་ཉིད་སོ་སོར་ཐར་པ་ཡིན་པས་སོ་སོར་ཐར་པ་བཀླག་མི་དགོས་སོ། །གསོལ་བ་དང་གཙུག་ལག་སྔར་བརྗེད་དེ་དེ་ནས་བཤད་པའོ། །སོ་སོར་ཐར་པ་བཀླག་པ་ནི་ཐོག་མ་སྟོཏྟྲ་བཀླག་ལ་དེ་ནས་གསོལ་བ་དང་ཞུ་བའི་སྔགས་གསོན་ཅིག་བཙུན་པའི་དགེ་འདུན་གྱི་གསོ་སྦྱོང་ བཅུ་བཞིའམ་བཅོ་ལྔ་སྟེ་ཞེས་ཟེར་བའི་ལེའུ་བཀླག །དེའི་གཞི་བཤད་པར་རྒྱས་པར་བརྗོད་དེ་བསྒྲུབ་སོ་སོར་ཐར་པའི་གཞི་བཤད་ཟིན་ནས་ཕས་ཕམ་པའི་མགོ་ལ་མ་རེག་པར་གཞན་མདོའི་མིང་སྨོས་ལ་སྨད་ཏྲ་ཀླག་ནའང་རུང་ངོ་ཞུ་བ་ཡང་ངོ་། །སོ་སོར་ཐར་པ་བཞི་འཆད་པའི་ལྟག་ན་ གསོལ་བ་དང་ཞུ་བའི་སྔགས་འབྱུང་བ་རྫོགས་ནས་གཞན་མདོར་བཀླགས་ཏེ་སྨད་ཏྲ་ཀླག་ཏུ་ནི་མི་རུང་ངོ་། །ལྷག་མ་ནི་ཐོས་པའོ་ཞེས་བསྙད་ནའོ། །ཕས་ཕམ་པ་བཞིའི་མཇུག་རྫོགས་ན་འདི་མན་ཆད་ནི་སྔོན་ཆད་ཐོས་པ་ཡིན་ནོ་ཞེས་བྱས་ཏེ་གཞན་མདོར་བཀླག་པ་སྨད་ཏྲ་བཀླགས་ཀྱང་རུང་ དགེ་འདུན་གྱི་ལྷག་མ་མཇུག་རྫོགས་པར་བཀླགས་ཏེ་མན་ཆད་མདོ་སྨོས་ལ་འདི་མན་ཆད་སྔོན་ཆད་ཐོས་པ་ཡིན་ནོ་ཞེས་བྱས་ལ་སྨད་ཏྲ་ཀླག་ཀྱང་རུང་གཉིས་མི་མངོན་པ་ཡན་ཆད་བཀླགས་ལ་འདི་མན་ཆད་སྔོན་ཆད་ཐོས་པ་ཡིན་ནོ་ཞེས་བྱ་སྟེ་སྨད་ཏྲ་ཀླག་ཀྱང་རུང་ངོ་། །སྡེ་བརྩམས་པ་རྫོགས་པར་རོ། ། མདོ་ལྟག་མ་རྣམས་ལྟར་སོ་སོར་ཐར་པ་ཀློག་པ་ལ་ཚིགས་སུའང་བཅད་ཅིང་སྨད་ཏྲ་ཀླག་ཏུ་རུང་བ་རྣམ་བཞི་ལ་གང་ཡང་རུང་སྟེ་ཚིག་གཅིག་མ་རྫོགས་པར་རྐང་ཆད་དུ་བྱ་སྟེ་སྔོན་ཆད་ཐོས་པ་ཡིན་ནོ་ཞེས་མདོར་བཀླགས་ཏེ་སྨད་ཏྲ་ཀླག་ཏུ་མི་རུང་ངོ་། །ཚིག་བཞིར་བཅད་པ་ གང་ཡང་རུང་སྟེ་གཅིག་རྫོགས་ནས་མན་ཆད་མདོར་བཀླགས་ཏེ་སྨད་ཏྲ་བཀླག་གོ། །བཞི་ལ་རེག་ན་ཐམས་ཅད་དོ། །སོ་སོར་ཐར་པ་བཀླག་པ་མདོ་ལྟག་མ་རྣམས་ལྟར་རྣམ་བཞིར་ཚིགས་སུ་བཅད་པ་འདས་ནས་སུམ་ཅུ་སྤང་བའི་ལྟུང་བའི་མགོ་ལ་རེག་སྟེ་ཆུང་ཟད་སྨོས་ནས་ནི་རྐེད་དུ་བཅད་དེ་ སྔན་ཆད་ཐོས་པའོ་ཞེས་མདོར་ཀླག་ཏུ་མི་རུང་གི་མཇུག་ཏུ་ཐལ་བར་བཀླག་དགོས་སོ། །ཟླ་བ་ཕྱེད་འདས་པ་དེའི་ཀུན་བརྟག་ཞག་བཅོ་ལྔ་འདས་ནས་ཟླ་བ་ཕྱེད་ཀྱི་ཚེ་སོ་སོར་ཐར་པ་ཀླག་པའི་དུས་ན་བདག་ལ་ལྟུང་བ་སྡེ་ལྔ་ལས་ཉེས་པར་གྱུར་པ་ཅི་ཡོད་དྲན་པར་བསམ། འདུ་བར་འགྱུར་བའི་ ཚེའོ། །མདོ་ལྟག་མ་ལྟར་བསམ་པའི་དུས་ནི་སོ་སོར་ཐར་པ་ཀླག་པའི་མདུན་དུ་བསམ་ཞིང་དྲན་པར་བྱ། ཚོར་བ་སོ་སོར་བྱ་སྟེ་ཐམས་ཅད་དུ་འདུག་གོ། །མདོ་ལྟག་མ་གཉིས་བསམས་ནས་ཕས་ཕམ་པ་ཡོད་ན་ནི་དགེ་འདུན་གྱི་ནང་དུ་མི་འཇུག་པར་གུད་དུ་འབྱུང་ངོ་། །ལྷག་མ་ཡོད་དམ་ སོ་སོར་མཐོལ་བ་ཞིག་ཡོད་ན་གྲོགས་གཅིག་ལ་དཔང་གཙུགས་ནས་བརྟགས་ཏེ་གཞག །སོ་སོར་མཐོལ་བ་དགེ་འདུན་གྱི་གྲངས་ཚང་སྟེ་མཐོལ་དུ་རུང་བ་དང་ལྟུང་བ་དང་ཉེས་བྱས་ལས་པ་མཐོལ་ཚངས་བྱའོ། །འདུས་ནས་དྲན་པའམ་ཡིད་གཉིས་སུ་ན་དྲུང་ན་མོ་ལ་བསྔོ། དགེ་འདུན་འདུས་ ཟིན་ཏེ་སོ་སོར་ཐར་པ་བཀླགས་པས་བསྐུལ་བས་ཉེས་པ་དྲན་ན་དྲུང་ན་འདུག་པའི་དགེ་སློང་གཅིག་ལ་མཐོལ་ཚངས་བྱའོ། །ལས་བྱེད་པ་ནི་སེམས་ལའོ། །སོ་སོར་ཐར་པ་ཁ་ཏོན་ཀློག་པ་ཉིད་ཀློག་པའི་ཚེ་ཉེས་པ་བྱས་པར་དྲན་ན་ལངས་ཏེ་གཞན་ལ་མཐོལ་བའི་མི་རིགས་སྟེ་བདག་ཉིད་ཀྱིས་ཡིད་ ལ་མཐོལ་བས་ཆོག་གོ། །དེ་སྟེ་བདག་ལ་མེད་ལ་བཅོ་ལྔ་ལ་ཤེས་ན་མཛའ་བ་ལ་མཐུན་པར་ནན་ཏན་བྱ། དགེ་སློང་གཞན་ཀུན་ཁྲིམས་རལ་ཅིང་ཉེས་པ་ཡོད་དེ་དགེ་སློང་གཅིག་གཅིག་གཙང་སྟེ་མཐོལ་ཚངས་བྱེད་དུ་མི་བཏུབ་ན་དགེ་སློང་གཙང་མ་དེས་ཐམས་ཅད་མཐོལ་དུ་གཞུག་པར་ ཐབས་བྱ་བའི་ཕྱིར་བདག་དང་གང་མཛའ་བའི་གྲོགས་པོ་བདག་ལ་མཐོལ་ཚངས་བྱེད་དུ་ཇེ་གཞུག་གོ། །མཐོལ་ཚངས་བྱེད་དུ་ཇི་ལྟར་གཞུག་པའི་ཐབས་ནི་འོག་ནས་བཤད་པ་ཡིན། ཚེ་དང་ལྡན་པ་གང་གིས་འདི་ལྟ་བུ་བྱས་ན་དེ་ཅིར་འགྱུར་ལྟུང་བ་ལྟ་བུ་དང་བཅས་པའོ། །འོ་ན་ཚེ་དང་ ལྡན་པས་དེ་འདི་ལྟ་བུ་དག་མ་བྱས་སམ་བྱས་སྟེ་དེ་ལྟར་ཡོད་ན་ནི་ཚེ་དང་ལྡན་པ་ལྟུང་བ་དང་བཅས་པའོ། །ཚེ་དང་ལྡན་པ་ང་གཅིག་པུ་མ་ཡིན་ཏེ་དགེ་འདུན་ཐམས་ཅད་ཀྱང་དོན་འདི་ལའོ། །ཚེ་དང་ལྡན་པ་ཚུར་ཤོག་བདག་གི་ལྟུང་བ་ཆོས་ཇི་བཞིན་དུ་བྱས་སོ། །དགེ་འདུན་ཐམས་ཅད་ཀྱིས་ ཅི་བྱ་ཞེས་རིམ་གྱིས་མཐོང་བའི་ལམ་དུ་སྟེ་ལྷག་མ་རྣམས་ཀྱིས་འདོང་ན་གཤེགས་སུ་གཞུག་གོ། །དགེ་སློང་ཉེས་པ་མེད་པ་གཙང་མ་དེས་མཛའ་བོ་ཉེས་པ་ཡོད་པ་དེ་ལ་དེ་ཉིད་ཀྱི་ཉེས་པ་དམིགས་ནས་ཕྱུང་སྟེ་འདི་ལྟ་བུ་ཞིག་བྱས་ན་ལྟུང་བར་འགྱུར་རམ་དྲིའོ། །དེ་ལྟར་དྲིས་པ་དང་ཉེས་པའི་ དམིགས་འདིར་འགྱུར་རོ་ཞེས་ཟེར་ན་ཁྱོད་ལའང་དེ་ལྟ་བུ་ཡོད་ན་མཐོལ་ཅིག་ཅེས་བྱ། །དེ་སྐད་བྱས་པ་དང་མཛའ་བོ་ན་རེ་དགེ་སློང་གཞན་ཡང་དེ་ལྟ་བུ་སྤྱོད་དེ་མཐོལ་ཅི་དགོས་ཞེས་ཟེར་ན་དགེ་སློང་གཞན་ཉེས་པ་བྱེད་པ་སྨོས་ཅི་དགོས་ཁྱོད་བདག་གི་ཉེས་པ་མཐོལ་ཅིག་ཅེས་བྱས་ཏེ་མཐོལ་ དུ་གཞུག །མཐོལ་དུ་གཞུག་པ་ནི་དགེ་སློང་གཞན་ཀུན་གྱིས་ཀྱང་མཐོང་བར་ལམ་ཀར་ས་མཐོན་པོར་ཙོག་ཙོག་པོར་གཞག་ལ་མཐོལ་དུ་བཅུག་དང་ཉེས་པ་ཡོད་པ་གཞན་འཕྲིག་ཅིང་འཛེམ་པའི་ཕྱིར་ཁྱོད་ང་ཁོ་གཉིས་ཅི་བྱེད་ཅེས་འདྲིར་འོངས་ཏེ་དེ་དྲིས་པ་དང་མཛའ་བོ་དེས་དྲང་པོར་ སྨྲས་དང་གཞན་ཀུན་ཟླ་བལྟ་སྟེ། །གཅིག་ལ་གཅིག་མཐོལ་བར་འགྱུར་རོ། །ཐབས་དེ་ལྟར་གཉིས་གཙང་བར་གྱུར་པ་དང་དེ་ལ་ཐམས་ཅད་མཐོལ་བར་བྱའོ། །མི་འདོད་ན་དེ་ལ་དེས་མི་བསྐུལ་ལོ། །ཐབས་ལྟག་ཏུ་སྨོས་པ་ལྟར་བྱ་སྟེ་མི་དགའ་བར་འགྱུར་ཞིང་མཐོལ་ཚངས་བྱེད་དུ་མི་ བཏུབ་ན་མཐོལ་ཚངས་བྱོས་ཞེས་དྲག་ཏུ་མི་བསྐུལ་ལོ། །འོན་ཏེ་བཅོ་ལྔའི་ཚེ་དེ་ལྟུང་བ་མཚུངས་པར་དྲན་ནམ་ཡིད་གཉིས་ཀྱིས་ན་བདག་གིས་བཤགས་པའི་གནས་དག་ཏུ་གང་དུ་ཡང་བཏང་སྟེ་འཛིན་པ་འབྱོར་པའི་ཕྱིར་རོ། །དགེ་འདུན་ཐམས་ཅད་ལ་ལྟུང་བ་འདྲ་བར་ཡོད་ན་གཅིག་ལ་གཅིག་ མཐོལ་ན་ཚངས་པར་མི་འགྱུར་ཏེ་ལྟུང་བ་མཚུངས་པར་ཡོད་དོ། །ཤེས་སམ་ལྟུང་བ་ཡོད་པར་འདྲའམ། མི་འདྲ་གཏོལ་མེད་དེ། ཐེ་ཚོམ་ཡོད་ན། དགེ་སློང་གཙང་མ་ལོགས་ཤིག་ཏུ་མཐོལ་དགོས་ཏེ། དགེ་འདུན་རིལ་གྱིས་གུད་དུ་མཐོལ་དུ་འདོང་དུ་མི་རིགས་ ཀྱི། །དགེ་སློང་གཅིག་གམ་གཉིས་ཤིག་དགེ་སློང་གཙང་མ་ག་ལ་ཡོད་པར་མཐོལ་ཚངས་བྱེད་དུ་དགྱེའོ། །དགེ་སློང་མཐོལ་དུ་བཀྱེ་བ་དེ་སླར་འཁོར་ན་དགེ་སློང་ཐམས་ཅད་ཀུན་དེ་ལ་མཐོལ་ན་ཚངས་པར་འགྱུར་རོ། །མི་འབྱོར་ན་བསྔོ་བ་གསོལ་བར་འདོད་པར་རོ། །མདོ་ལྟག་མ་ལྟར་ གུད་དུ་དགེ་སློང་གཙང་མ་ལ་མཐོལ་དུ་དགྱེར་གུད་ན་དགེ་སློང་གཙང་མ་མེད་ན་ལྟུང་བ་སྤྱིའི་སྔགས་བྱས་ཏེ་སོ་སོར་ཐར་པ་ཀླག་ནའང་ཚངས་པར་འགྱུར་རོ། །བཞི་མན་ཆད་ཀྱིས་ཀྱང་གཙུག་ལག་ཁང་གི་བྱ་བ་བརྟན་པར་རོ། །དགེ་འདུན་དུ་མ་ཚང་བར་ཏེ་དགེ་སློང་བཞི་མན་ཆད་ཅིག་འཁོད་ ནའང་དགེ་འདུན་མང་དུ་འཁོད་པའི་ཚུལ་བཞིན་དུ་གསོ་སྦྱོང་བྱ་ལ་རེག་པར་བཤམས་ཏེ་ཞལ་ཏ་བྱའོ། །ཞལ་ཏ་དང་ལས་བྱ་བའི་ཐབས་ནི་འོག་ནས་འཆད། སྟན་གདིང་བ་ཡང་མི་ཉམས་པར་རོ། །དགེ་འདུན་དུ་མ་ཚང་ཡང་དགེ་འདུན་མང་དུ་འཁོད་པ་བཞིན་དུ་སྟན་ལ་སོགས་པ་གདིང་སྟེ་ཞིབ་ཏུ་འོག་ ནས་འཆད་ཆག་ཆག་དང་ཕྱག་དར་དང་རབ་ཏུ་གཞོན་ནུའི་ལྕི་བའི་སྐྱང་ནུལ་བྱུག །སེང་གེའི་ཁྲི་དང་སྟན་གདིང་། མེ་མར་དང་ཆོས་བསྙད་པའི་སྦྱིན་པ་བྱ། ཕྱོགས་མཐོན་པོར་འདུག་ལ་ཕྱོགས་བཞིར་བལྟ། དགེ་འདུན་མ་ཚངས་ཡང་མིང་གིས་སྨོས་པ་འདི་རྣམས་ཚུལ་བཞིན་དུ་བྱ་སྟེ་དགེ་སློང་ གུད་ནས་འོང་ངམ་མི་འོང་ཕྱོགས་བཞིར་བལྟ་ཞིང་བྱ་ར་བྱས་ལ་བསྡད་དོ། །དགེ་སློང་དག་མཐོང་ན་འདི་ལྟར་ཚེ་དང་ལྡན་པ་རིངས་པར་རིངས་ཐབས་སུ་སྦྱིན། ལྟག་མ་ལྟར་བསྡད་པ་ལས་དགེ་སློང་ཞིག་གུད་ནས་འོང་བ་མཐོང་ན་ཚེ་དང་ལྡན་པ་ལ་གོར་རིངས་སྦྱིན་ནོ་ཞེས་བྱ། དེ་རིང་དགེ་འདུན་གྱི་ གསོ་སྦྱོང་ནམ་འབྱུང་བ་བཅོ་ལྔའོ་ཞེས་པའི་ཚིག་གིས་སོ། །རིངས་པར་ཤོག་ཤིག་པའི་ཚིག་ནི་རིངས་པར་ཤོག་ཤིག་པའི་དགེ་འདུན་གྱི་གསོ་སྦྱོང་ལ་བབ་པའམ་ཚུལ་ནས་བྱུང་བའི་དུས་ལ་བབ་ཀྱིས་རིངས་སུ་ཤོག་ཤིག་ཅེས་བྱ། བཞིར་མ་ཚང་བས་ཀྱང་བསྔོ་བའོ། །དགེ་སློང་བཞིར་མ་ཚང་སྟེ་ གསུམ་མན་ཆད་ཅིག་འདུག་ནའང་གཅིག་ལ་གཅིག་ཉེས་པ་ཅི་ཡོད་པ་བརྟགས་ཏེ་དཔང་བཙུགས་ཏེ་གཞག་གོ། །ནམ་དུས་ཀྱི་བར་བསྡད། དགེ་སློང་བཞིར་མ་ཚང་སྟེ་བརྟགས་ཏེ་གཞག་པ་དགེ་སློང་གུད་ནས་འོངས་པ་སྐྱ་རེངས་ཤར་གྱི་བར་དུ་བསྡད་དོ། །མ་འོངས་ན་གདོད་བརྟག་གོ། །འབའ་ ཞིག་ན་འདུག་སྟེའོ། །གསོ་སྦྱོང་གི་ཚེ་དགེ་སློང་གཞན་མེད་དེ་བདག་གཅིག་པུར་ཟད་ན་ཡིད་ལ་དགྲ་བཅོམ་པ་བཞུགས་པར་བསམ་སྟེ་ཉེས་པ་ཅི་ཡོད་པ་དེ་བརྟགས་ཏེ་གཞག་གོ། །གཞན་དང་ལྷན་ཅིག་ན་ལྷག་མ་དང་ཉེ་བར་རོ། །གསོ་སྦྱོང་གི་ཚེ་གྲོགས་ལ་བསྡད་དེ་འོངས་ནས་བསྣན་ཏེ་དེས་ཀྱང་ བཞིར་མ་ཚང་ན་གཅིག་ལ་གཅིག་བརྟགས་ཏེ་གཞག་པ་ལའང་བྱ། དགེ་སློང་མང་དུ་མེད་དེ་གཉིས་སུ་འདུག་ན་ཉེ་བར་ཙོག་ཙོག་པོར་ཕས་འདུག་ཚུས་འདུག་སྟེ་གཅིག་ལ་གཅིག་བརྟག་གོ། །གསུམ་ན་འཁོད་དེའོ། །དགེ་སློང་བཞིར་མ་ཚང་སྟེ་གསུམ་ཞིག་ཡོད་ལ་སྐྱ་རེངས་བར་དུ་བསྡད་ དེ་མ་འོངས་ན་གསུམ་ཆར་ཁྲིའུའི་སྟེང་དུ་འཁོད་དེ་འདུག་ལ་བརྟགས་ཏེ་གཞག །དེ་བཞིན་དུ་བཞི་པ་འབྱུང་བ་ཡང་ངོ་། །གསོ་སྦྱོང་གི་ཚེ་ན་དགེ་སློང་བཞི་ཡོད་ན་གསོ་སྦྱོང་དུ་རུང་སྟེ་སོ་སོར་ཐར་པ་བཀླག །ཚུལ་ནས་འབྱུང་བའི་ཚེ་ནི་དགེ་སློང་ལྔར་མ་ཚང་ན་ཚུལ་ནས་འབྱུང་བའི་ལས་སུ་མི་ རུང་སྟེ་གཅིག་ལ་གཅིག་བརྟག་པ་ནི་སང་ཕོད་ཀྱི་ཚུལ་ནས་འབྱུང་བའི་ཚེ་གྲངས་ཚང་བར་བྱའོ་ཞེས་བསམ། སོ་སོར་ཐར་པའི་མདོ་འཆད་པ་དེའི་ཚེ་གནས་ན་མེད་པར་ཤེས་ན་གསོ་སྦྱོང་ལ་མི་བསྡད་དོ། །སོ་སོར་ཐར་པ་ཀློག་ཅིང་ཆོ་ག་ཤེས་པ་མེད་ན་གསོ་སྦྱོང་གི་དུས་ཀྱི་བར་དུ་མི་བསྡད་པར་ སོ་སོར་ཐར་པ་ཁ་ཏོན་ཤེས་པ་གང་ལ་འདུག་པའི་གན་དུ་འགྲོ་བའམ་བཙལ་ཏེ་འཇུག་པར་བྱའོ། །གང་ན་འདི་ལས་རྒལ་བ་དེར་ཚུལ་དུ་མི་འཇུག་གོ། །སོ་སོར་ཐར་པ་ཁ་ཏོན་དང་ཆོ་ག་ཤེས་པ་མེད་ན་ཚུལ་དུ་ཞུགས་ཀྱང་དྲལ་དགོས་པའི་ཕྱིར་ཚུལ་དུ་མི་འཇུག་པར་ཚོལ་དུ་འགྲོའོ། །སྔོན་གྱི་ཚུལ་ དུ་ཞུགས་པ་མི་བསྲུང་ངོ་། །ཚུལ་སྔ་མར་ཚུལ་དུ་ཞུགས་པ་ལས་སོ་སོར་ཐར་པའི་ཁ་ཏོན་དང་ཆོ་ག་ཤེས་པ་ཤིའམ་གུད་དུ་སོང་ངམ། ཁྱིམ་པར་བབས་ན་ཚུལ་མི་བསྲུང་བར་ཤེས་པ་ཚོལ་དུ་འགྲོའོ། །ཕྱི་མ་ཟླ་བ་གཉིས་ལས་འདས་པར་རོ། །ཚུལ་ཕྱི་མར་ཞུགས་པ་ལས་སོ་སོར་ཐར་པ་ ཤེས་པ་ཤིའམ་མེད་པར་གྱུར་ན་ཟླ་བ་གཉིས་ཀྱི་བར་དུ་ཚུལ་ཁྲིམས་བསྲུངས་ལ་དེ་ནས་དྲལ་ཏེ་ཚུལ་དང་ཆོ་ག་ཤེས་པ་ཚོལ་དུ་འགྲོའོ། །དངོས་པོ་དང་ལས་དང་འཐོབ་པ་དང་གཡོག་འཁོར་སྤང་བ་འཆད་པ་བཙལ་ལོ། །སོ་སོར་ཐར་པ་ཤེས་པ་མེད་དེ་སྤྱན་འདྲེན་ན་ཁང་བུ་ བཟང་པོར་བསྡམས་ཏེ་སྦྱིན་པ་དང་དགེ་འདུན་གྱི་ལས་སུ་མི་གཞུག་པ་དང་དགེ་འདུན་གྱི་ཟས་དང་ཡོན་ལ་སོགས་པ་སྐལ་བ་གཞན་གྱི་བཞིན་དུ་སྦྱིན་པ་དང་། དགེ་སློང་དང་ཁྱིམ་པ་ལས་གཡོག་སྦྱིན་པར་ཁང་བླངས་ཏེ་སྤྱན་དྲང་ངོ་། །མདོ་སྡེ་འཛིན་པའི་འོག་ནས་གདུགས་དང་རྒྱལ་ མཚན་དང་བ་དན་དག་གིས་བསུ། མདོ་སྡེ་འཛིན་པ་མཁས་པ་ཞིག་སྤྱན་མ་དྲངས་ཀྱང་གུད་ནས་འོང་བར་ཐོས་ན་མིང་གིས་སྨོས་པ་འདི་རྣམས་ཀྱིས་བཀུར་སྟི་བྱ་སྟེ་མཆོད་ཅིང་བསུའོ། །འདུལ་བ་དང་མ་ལྟ་བུ་དག་ལ་ཡང་ངོ་། །གུད་ནས་སྤྱན་མ་དྲངས་པར་འདུལ་བ་དང་མ་ལྟ་བུ་འཛིན་པ་ཞིག་ འོང་བར་ཐོས་ནའང་མདོ་སྡེ་འཛིན་པ་བཞིན་དུ་བསུ་བར་བྱའོ། །དཔག་ཚད་ཕྱེད་དང་གསུམ་དུའོ། །བསུ་བའི་ཚད་ནི་དཔག་ཚད་ཕྱེད་དང་གསུམ་དུ་བསུའོ། །མ་ནུས་ན་རྒྱང་གྲགས་ལྔར་རོ། །དཔག་ཚད་ཕྱེད་དང་གསུམ་དུ་བསུ་མ་ནུས་ན་རྒྱང་གྲགས་ལྔ་ཙམ་དུ་བསུའོ། །གསུམ་མམ་ དཔག་ཚད་ཕྱེད་དམ་རྒྱང་གྲགས་སམ་རྒྱང་གྲགས་ཕྱེད་དམ་ར་བའམ་ཚིག་འཇམ་པོས་བསུ་སྟེ་ལྷུང་བཟེད་དང་ཆོས་གོས་བླང་ངོ་། །ལྟག་མ་ལྟར་བསུ་བ་མ་ནུས་ན་དཔག་ཚད་ཕྱེད་དེ་རྒྱང་གྲགས་བཞིར་བསུ་དེར་ཀྱང་བསུ་མ་ནུས་ན་རྒྱང་གྲགས་ཕྱེད་དམ་ར་བའི་ཕྱི་རོལ་ཙམ་དུའང་ བསུའོ། །བསུ་བའི་ཚེ་འཛུམ་ཞིང་མདངས་ཅན་དུ་བྱས་ལ་བདེ་བར་བྱོན་ཏམ་ཞེས་བྱས་ལ་དེ་ལྟར་སྨྲ་ཞིང་ལྷུང་བཟེད་དང་ཆོས་གོས་ལ་སོགས་པ་བླང་ཞིང་བསུ། ཁྲུས་བྱ། གུད་ནས་འོངས་ཏེ་བསུ་བ་དེ་ཁྲུས་བྱ་ལུས་དག་མཉེ། དགེ་འདུན་གྱིས་ཀྱང་སྣུམ་ཐོབ་པར་རོ། །གུད་ནས་ འོངས་ཏེ་བསུ་བ་དེ་དགེ་འདུན་གྱིས་ཀྱང་ཁ་ཟས་བཟང་པོས་མགྲོན་བྱ་ཞིང་ལུས་བསྐུ་བའི་སྣུམ་ལ་སོགས་པ་སྦྱིན། དངོས་པོ་ལ་སོགས་པ་སྤང་བ་སྦྱིན། མདོ་སྡེ་དང་འདུལ་བ་དང་མ་ལྟ་བུ་འཛིན་པ་སྤྱན་དྲངས་ཀྱང་རུང་རང་འོངས་ཀྱང་རུང་ཁང་བུ་དང་གཡོག་ལ་སོགས་པ་སྦྱིན་ཏེ་སོ་སོར་ ཐར་པ་ཤེས་པ་སྤྱན་དྲངས་པ་བཞིན་དུ་བྱའོ། །ཆོས་མཉན་པ་ཡང་ངོ་། །མཁན་པོ་མཁས་པ་གུད་ནས་འོངས་ན་བསྟི་སྟང་དང་མགུ་བར་བྱ་ཞིང་རྟག་པར་འདུག་པར་བྱ་བའི་ཕྱིར་ཡི་གེ་གྲ་བཙུགས་པ་དང་ཁ་དོན་མཚན་རངས་བྱ། བསྟན་པ་འཛིན་པ་ལ་འདི་ལྟར་དགེ་སློང་ཕྲག་དོག་ ན་ཆུད་པར་རོ། །དགེ་སློང་མཁས་པ་ལ་གུད་ནས་འོངས་པ་ལ་བསུ་ཞིང་བསྟི་སྟང་བྱས་པ་དང་མཁས་པ་གཞན་ཕྲག་དོག་ལངས་ན་ཕྲག་དོག་བྱའི་མི་རིགས་ཀྱི་གཅིག་ཏུ་ན་རིམ་གྲོ་གྱིས་ཤིག་པར་སངས་རྒྱས་ཀྱི་བཀའི་གཞུང་ལས་འབྱུང་། གཅིག་ཏུ་ན་སངས་རྒྱས་ཀྱིས་བསྟན་པའི་ཚིག་ཁོ་ལ་ ཡོད་པས་རིམ་གྲོ་བྱ་བའི་རིགས་ཏེ་དེ་ལ་ཕྲག་དོག་སྐྱེས་ན་སྡིག་ཏུ་འགྱུར་གྱི་མ་བྱེད་ཅིག་ཅེས་གྲོས་གདབ། གསོ་སྦྱོང་ནམ་འབྱུང་བ་མ་བྱས་པར་དེའི་ཉིན་མོ་ཡོད་ན་བདག་གི་གནས་ནས་མི་འགྲོ། །གསོ་སྦྱོང་ལ་བབ་པའི་ཉིན་པར་དང་། ཚུལ་ནས་འབྱུང་བའི་ཚེ་གསོ་སྦྱོང་དང་ཚུལ་གྱི་ ལས་མ་བྱས་པར་གུད་དུ་མི་འགྲོ་སོང་ན་ཉེས་བྱས། དེ་སྟེ་དེ་ཉིད་ན་རྣམ་པར་ཐོས་པ་ནི་མ་ཡིན་ནོ། །རྐྱེན་གཅིག་གིས་མི་འགྲོར་མི་རུང་བ་ལ་ཕ་རོལ་དུ་འགྲོ་བའི་གནས་དེ་ན་གསོ་སྦྱོང་དང་ཚུལ་ནས་འབྱུང་བའི་ཆོ་ག་དང་ཁ་ཏོན་ཤེས་པ་ཡོད་ན་མ་བྱས་པར་སོང་ཡང་ཉེས་མེད་དོ། །འཐབ་ མོ་བྱེད་པ་དག་ལ་མཐར་ཞིང་དམ་པའི་ཚུལ་ཅན་དང་ཕྲད་དོ་ཞེས་བསམས་ན་ཡང་ངོ་། །བདག་ཅག་འཁོད་པ་ན་དགེ་སློང་འཐབ་མོ་པ་ཡོད་དེ་རྟག་ཏུ་འཁྲུག་ཅིང་མི་འདུམ་ན། ཚུལ་དང་ལྡན་ཞིང་མི་འཁྲུག་པའི་དགེ་འདུན་གྱི་གན་དུ་འགྲོ་བར་བསམས་ན་གསོ་སྦྱོང་མ་བྱས་པར་སོང་ཡང་ ཉེས་མེད་དོ། །དམ་པའི་ཚུལ་ཅན་གྱི་དགེ་སློང་ལས་འཐབ་མོ་བྱེད་པའི་དགེ་སློང་གན་དུ་མི་འགྲོ། །དགེ་སློང་ཚུལ་དང་ལྡན་ཞིང་མི་འཁྲུག་ལ་འཚོ་བའི་ཡོ་བྱད་མི་བཟད་པ་ཞིག་ན་ཡང་དགེ་སློང་འཁྲུག་ཅིང་འཐབ་རྩོད་པ་འཚོ་བའི་ཡོ་བྱད་བཟང་ཞིང་འབྱོར་དུ་ཟིན་ཀྱང་ཚུལ་ཅན་བོར་ཏེ་ འཐབ་མོ་ཅན་འཁོད་པའི་གནས་སུ་མི་འགྲོ་བར་ཚུལ་ཅན་གན་ན་གནས་སོ། །དགེ་སློང་དང་བཅས་པ་ནས་དགེ་སློང་མེད་པར་མ་ཡིན་ཏེ། དགེ་སློང་ཚུལ་དང་ལྡན་པ་དང་གནས་པ་ལས་ཚུལ་དང་མི་ལྡན་པའི་གནས་སུ་དགེ་སྦྱོང་མེད་པ་དང་འདྲ་སྟེ་མི་འགྲོ། །གཅིག་ཏུ་ན་གཙུག་ལག་ཁང་དགེ་ སློང་ཡོད་པའི་གནས་ནས་དགེ་སློང་མེད་པའི་གནས་གཙུག་ལག་ཁང་སྟོང་བར་མི་འགྲོ་བ་ལའང་བྱ། མ་ལུས་པར་རམ་གཞན་རྐྱེན་གཅིག་གམ་ལུས་དང་སེམས་བདེ་བའི་དབང་གིས་ན་མ་ཡིན་ནོ། །ལྟག་མ་རྣམས་ལྟར་འགྲོར་མི་རུང་བ་ལ་དགེ་འདུན་ཐམས་ཅད་རིལ་ གྱིས་འདོང་བ་དང་སྲོག་ལ་དམན་ཞིང་དགེ་སྦྱོང་གི་ཚུལ་སྟོར་བར་འགྱུར་བ་དང་སེམས་འཁྲུགས་ཤིང་མྱ་ངན་དུ་གྱུར་པ་དང་། ཡུལ་གྲོང་ཁྱེར་ཏེ་ལུས་ལ་ནད་དུ་གྱུར་ཏེ་རྐྱེན་འདི་རྣམས་ལྟ་བུ་ཞིག་བྱུང་ནས་དགེ་སློང་འཐབ་མོ་པ་དང་གཙུག་ལག་ཁང་སྟོང་པར་སོང་ཡང་ཉེས་མེད་དོ། །གསོ་ སྦྱོང་དང་འབྱུང་བ་མ་བྱས་པ་གནས་པ་འགྲོ་བར་མི་བཏང་། སློབ་མ་དང་འཁོར་ལས་གསོ་སྦྱོང་དང་ཚུལ་ནས་འབྱུང་བའི་ལས་མ་བྱས་པར་གུད་དུ་འགྲོ་ཞེས་ཟེར་ན་གནས་བརྟན་གང་བྱེད་པས་མ་དགྱེ་ཤིག །བཀྱེ་ན་ཉེས་བྱས། དེ་ལྟ་བུའི་གཟུགས་ཀྱི་རྐྱེན་དམ་པའི་ཚུལ་ཅན་སྟོན་པ་དང་ ལྡན་པ་ཞིག་ན་གནས་ཆེ་གེ་མོ་པ་དེར་འཕོས་ཤིག་ཅེས་བསྒོའོ། །སློབ་མ་དང་འཁོར་ལས་གུད་དུ་མི་གཏོང་བར་གཞག་ཏུ་ལུས་དང་སྲོག་ལ་དམའ་ཞིང་དགེ་སྦྱོང་གི་ཚུལ་སྟོར་བ་ཙམ་གྱི་རྐྱེན་ཅིག་བྱུང་ན་ཕ་རོལ་གྱི་གནས་དེ་ན་དགེ་སློང་ཚུལ་དང་ལྡན་པ་དང་མི་ལྡན་པ་དང་། གསོ་སྦྱོང་ བྱེད་པ་དང་མི་བྱེད་འདྲེན་མར་འཁོད་ན་དགེ་སློང་ཚུལ་དང་ལྡན་ཞིང་གསོ་སྦྱོང་བྱེད་པ་དང་འགྲོགས་ལ་གསོ་སྦྱོང་བྱོས་ཤིག །ཚུལ་ནས་བྱུང་སྟེ་སོང་ཤིག་ཅེས་བསྒོ་ནས་བཏང་ཡང་ཉེས་མེད་དོ། །བསྒོ་བ་འདི་ལས་མི་རྒལ་མདོ་ལྟག་མ་ལྟར་མཁན་པོས་བསྒོ་སྟེ་བཏང་བ་ལ་མཁན་པོས་ བསྒོ་བ་བཞིན་དུ་སློབ་མས་ཀྱང་མཉན་ཅིང་བྱའོ། །བརྟགས་པ་ནི་ཕྱིས་འོང་བའི་ཕྱིར་ཡང་འདི་དག་བྱ་བར་རོ། །གསོ་སྦྱོང་གི་ཚེ་སྔ་ན་གཞི་ན་འཁོད་པའི་དགེ་སློང་གིས་གསོ་སྦྱོང་དང་ཚུལ་ནས་བྱུང་བའི་ལས་བྱས་ཟིན་པའི་འོག་ཏུ་གུད་ནས་དགེ་སློང་དག་ཅིག་འོངས་ཏེ་ངེད་ལས་འདིར་བྱ་བར་རོ་སྟེ་ འོངས་པ་ཡིན་ན་སླར་ལས་བསླ་སྟེ་བྱ་ར་ཅི་གནང་ཞེས་ཟེར་ན་སླར་བསླ་སྟེ་བྱ་བའི་རིགས་སོ། །ཡང་དག་པར་བྱས་པ་དེར་འདུག་པར་འདོད་ནའོ། །མདོ་ལྟག་མ་ལྟར་སླར་བསླ་སྟེ་བྱ་བའི་ལས་སུ་མ་རུང་ངམ་མཐོལ་བ་མ་ཚངས་པའི་ཐེ་ཚོམ་ཡོད་ན་སླར་བསླ་སྟེ་བྱ་བའི་རིགས་ཐེ་ཚོམ་མེད་ཀྱང་གསོལ་ ན་བསླ་སྟེ་བྱ་བའི་རིགས་སླར་འདུས་ཏེ་མ་བྱས་ཀྱང་ཉེས་མེད་དོ། །མཐུན་པའི་སྤྱོད་པ་ན་ཡང་ངོ་། །གཙུག་ལག་ཁང་གི་རྐྱེན་དུ་གཏོགས་པའི་དགེ་སློང་ལས་ཁ་ཅིག་གུད་དུ་དོང་བའི་འོག་ཏུ་གཞི་བས་གསོ་སྦྱོང་བྱས་ཟིན་ནས་གུད་དུ་འདོང་བ་འཁོར་ཏེ་གསོ་སྦྱོང་བསླས་པར་གསོལ་ནའང་བཟླས་པའི་ རིགས་དགེ་སློང་འདྲོན་པོ་སྔ་ཕྱིར་ཆད་པ་ལས་སྔ་མས་བྱས་ཟིན་ཏེ་ཕྱི་མ་མ་བྱས་ན་སླར་བཟླས་ཏེ་བྱ་བའི་རིགས་སོ། །འདུ་བ་ཡང་དེ་དག་བསླང་མདོ་ལྟག་མ་རྣམས་ལྟར་སླར་བསླས་པར་གསོལ་ཏེ་མ་བཏུབ་ན་དད་པ་དྲིས་ཏེ་ཕྱིས་འོངས་པའི་རྣམས་ནང་གསོ་སྦྱོང་བྱའོ། །མ་ཐོབ་ན་མཚམས་ཀྱི་ ཕྱི་རོལ་དུ་བྱ། མདོ་ལྟག་མ་ལྟར་དད་པ་མ་སྟེར་ན་མཚམས་ཀྱི་ཕྱི་རོལ་དུ་དོང་སྟེ་གསོ་སྦྱོང་བྱའོ། །འགྲུབ་པ་ནི་བྱེད་པའི་ཚེ་འོངས་ཏེ་ལྷག་མ་མྱོང་ནའོ། །དགེ་སློང་བཞི་ལ་འཁོད་པས་གསོ་སྦྱོང་བྱེད་དེ། སོ་སོར་ཐར་པ་ཀློག་པ་མཇུག་ཏུ་མ་ཕྱིན་ཚུན་ཆད་དུ་སླེབས་ན་ཕྱིས་འོངས་པ་དེ་རྣམས་ཀྱང་ གསོ་སྦྱོང་བྱས་པར་ཆུད་དོ། །ཕྱིས་འོངས་པ་རྣམས་གཅིག་ལ་གཅིག་མཐོལ་བ་ནི་ཚུལ་གྱི་མཚམས་ཀྱི་ཕྱི་རོལ་དུ་མཐོལ་ཞིང་བརྟགས་ལ་ནང་དུ་འགྲོ་བ་ཡིན་ནོ། །གང་ཡང་གནས་ནས་མ་སོང་ན་གདོན་མི་ཟ་བར་རོ། །དགེ་སློང་གཞི་བས་གསོ་སྦྱོང་བྱས་ཟིན་ཏེ་གྱེས་ལ་དགེ་སློང་ཕྱིས་ ལྷགས་པས་གསོ་སྦྱོང་བྱེད་པའི་གནས་སུ་དགེ་སློང་འགའ་ཙམ་ཞིག་སླེབས་ན་དགེ་སློང་སྔ་མ་གྱེས་པ་ཀུན་སླར་བསྡུས་ཏེ་གསོ་སྦྱོང་གྱིས་ཤིག །འོངས་པ་མང་ན་ཡང་ངོ་། །མདོ་ལྟག་མ་ལྟར་སླར་འདུ་བ་ཡང་དགེ་སློང་ཕྱིས་ལྷགས་པ་མང་ན་འདུ་དགོས་སོ། །གཞི་བ་མང་ན་མ་འདུས་ཀྱང་ཉེས་ མེད་དོ། །དུས་ཀྱང་མང་པོའི་ཕྱིར་གཞུག་གོ། །དགེ་སློང་གཞི་བ་དང་གུད་ནས་འོངས་པ་ཚེས་གྲངས་བཅུ་བཞི་དང་བཅོ་ལྔའི་དུས་མི་མཐུན་ན་མི་གྲངས་གང་མང་པའི་ཁར་དོར་རོ། །མཉམ་ན་གནས་པས་སོ། །ཚེས་གྲངས་མི་མཐུན་ལ་མི་གྲངས་མཉམ་ན་གཞི་ལ་ཡོད་པའི་དགེ་སློང་བཞིན་དུ་ བྱའོ། །གཞི་བས་གསོ་སྦྱོང་བྱས་ཏེ་ཕྱིས་དགེ་སློང་ལགས་ན་སླར་འདུ་བ་ཡང་གྲངས་མཉན་ན་གཞི་བ་བརྩན་ཏེ་མ་འདུས་ཀྱང་ཉེས་མེད་དོ། །དེ་ཡང་ངོ་། །སླར་འདུ་དགོས་པ་ནི་དགེ་སློང་ཕྱིས་འོངས་པ་གྲངས་མང་ན་སྔ་མས་ལས་ཟིན་ཀྱང་མི་ཕན་ཏེ་འདུ་དགོས་སོ། །གསོ་སྦྱོང་གི་ཚུལ་དུ་ཆུད་ པའོ། །གསོ་སྦྱོང་དུ་ཆུད་དམ་མི་ཆུད་པའི་ཆོ་ག་བཤད་པའོ། །བསམ་གཏན་ལས་མི་བསླང་། དགེ་སློང་བསམ་གཏན་དུ་བཞུགས་པ་ལ་སྡང་བའམ་བསླང་བར་མི་བྱ་བསླང་ན་ཉེས་བྱས། སྟོན་པ་མེད་པར་བསམ་གཏན་མི་བྱ། བསམ་གཏན་གྱི་ལུང་སྟོན་པའི་མཁན་པོ་ མེད་པར་ཐུག་ཐུབ་ཏུ་བསམ་གཏན་མི་བྱ། བུམ་བུ་དང་ཕོ་ལོང་གི་སྦྱར་བ་ཡང་རིགས་སོ། །བསམ་གཏན་བྱེད་པ་དང་གསོ་སྦྱོང་བྱེད་པའི་ཚེ་ཡུར་ན་བུམ་བུ་རྣ་བ་ལ་བཏགས་པ་དང་ཕོ་ལོང་གིས་བརྡེག་པ་འང་ཉེས་མེད་དེ་རིགས་སོ། །བརྩོན་འགྲུས་མི་གློད། དགེ་བ་ཅི་སྤྱོད་ཀྱང་རུང་ལུས་དང་ སེམས་ཀྱིས་རྒྱུན་མི་འཆད་པར་བྱ། ལུས་ནའམ་རྐྱེན་བྱུང་ཡང་སེམས་རྒྱུན་མི་འཆད་པར་བྱ། མདོ་བཞིན་དུ་འདི་ཡང་ངོ་། །མདོ་སྡེའི་ནང་ནས་བརྩོན་འགྲུས་བྱ་བ་བཞིན་དུ་བརྩོན་འགྲུས་ཆེར་བསྐྱེད་དགོས་ཏེ་ཟན་གྱིས་འགྲངས་ཏེ་སྙོམ་ནའང་ཡོན་བདག་གི་བསོད་ནམས་སྐྱེད་པའི་ཕྱིར་བརྩོན་ འགྲུས་བསྐྱེད་དགོས་སོ། །མ་འགྲངས་སུ་ཟིན་ཀྱང་བརྩོན་འགྲུས་བསྐྱེད་དགོས་ཏེ་ཤ་ཟད་པགས་པ་བསྙིལ་གྱི་བར་དུ་བསྒྲིམ་པ་ལ་བྱ། མདོ་སྡེ་ལས་བསམ་པའི་རྒྱུད་བྱུང་བ་བཞིན་དུ་འོག་ནས་འབྱུང་བ་དང་ཉལ་ཁར་བསམ་པ་ལའང་བྱ། ཡན་ལག་དང་། ལུས་རང་ཉམ་དུ་མི་བྱ་བར་ སེང་གེ་ཐབས་སུ་ནེ་བན་ལྟར་ཉལ་བ་ལ་བྱ། སེམས་དང་གོས་ཀྱང་མི་གཡེལ་བར་ཉལ་བརྟག །སྔོན་ཁྱིམ་པ་དང་མི་དགེ་བའི་ལས་སྤྱད་པ་དྲན་པར་མི་བྱའི་དགེ་བ་ལ་རྒྱུན་མི་འཆད་ཅིང་ནང་པར་སྔར་ལྡང་བར་བསམས། ཆོས་གོས་དང་ཤམ་ཐབས་དང་སྐེ་རགས་ལ་སོགས་པ་འཐོར་བར་མི་ གཞག་གི་མི་སྤྲུག་ཅིང་ལྟབ་ལ་གནས་གཅིག་ཏུ་གཞག་པ་ལ་བྱ། མི་ན་བར་ཉིན་པར་མི་ཉལ། མི་ན་བར་ཉིན་པར་ཉལ་ན་ཉེས་བྱས། རྐེད་པ་ན་བས་པུས་འཁྱུད་ཀྱི་སྣམ་བུ་བཅང་། རྐེད་པ་ན་བས་པུས་འཁྱུད་བཅངས་ཀྱང་ཉེས་མེད། དབང་པོ་ནང་དུ་ཆུད་ཡིད་ཕྱིར་མ་སོང་བར་བཅག་སྟེ་མི་ ནུར་གསལ་པོ་དྲང་པོར་རོ། །འཆག་པའི་ཚེ་དབང་པོ་དྲུག་ནང་དུ་བསྡུས་ཏེ་སེམས་ཡུལ་ལ་མ་བྲོས་པར་འགྲོས་དལ་བར་ཡང་མི་བྱ། དྲག་ཏུ་ཡང་མི་འགྲོ། ལུས་ལྷོད་ལྷོད་པོ་དང་རྙོལ་རྙོལ་པོར་མི་བྱ་བར་གསལ་པོར་བྱས་ལ་དྲང་པོར་བཅག་གོ། །མི་ནུས་ན་ཐག་བུ་དྲང་། འཆག་པའི་ ལམ་དྲང་པོར་འགྲོར་མི་ནུས་ན་ཐག་བུ་དྲངས་ལ་དེའི་འགྲམ་ཆུ་དག་བཅག་གོ། །ཁ་ཏོན་བྱེད་པའི་འཆག་སའི་ཚད་ནི་ཁྲུ་བཅུ་གཉིས། ཁ་ཏོན་བྱེད་པའི་འཆག་སའི་ཚད་ནི་ཁྲུ་བཅུ་གཉིས་ཚུན་ཆད་དུ་བྱའོ། །སྤོང་བའི་ནི་བཅོ་བརྒྱད་དོ། །བསམ་གཏན་བྱེད་པའི་འཆག་ས་ཁྲུ་ཚད་མ་བཅོ་ བརྒྱད་ཚུན་ཆད་དུ་བཅག་གོ། །དེར་ཐག་བུ་དྲངས་ཏེ་བྱ། འཆག་ས་བྱེད་པའི་ཚེ་ཐག་བུ་ལ་ཁྲུས་གཅལ། དེ་ཚད་བཞིན་དུ་སྦྱར་ལ་ཐག་བུས་བྲེས་ཏེ་དྲང་པོར་བྱ། དགེ་སློང་གིས་འདུག་ནས་ཆོས་བཤད། སངས་རྒྱས་ཞལ་བཞུགས་སུ་ཟིན་ཀྱང་དགེ་སློང་གིས་ཆོས་བཤད་དུ་རུང་སྟེ་ས་ལ་འདུག་ ལ་བཤད་དོ། །དུ་མ་ན་གཅིག་གིས་སོ། །མི་མང་དུ་འཁོད་ཀྱང་ཆོས་འཆད་པ་གཉིས་སུ་མི་བྱའི་གཅིག་གིས་བཤད་དོ། །གང་སུས་ཀྱང་ངོ་། །ཆོས་འཆད་པ་ནི་གང་མཁས་པ་གཅིག་གིས་བཤད་དོ། །མ་བསྐོས་པར་ཡང་མ་ཡིན་ཏེ། ཆོས་བཤད་དུ་མི་གསོལ་བར་བདག་གིས་མདོར་ཏོ། ། ཆོས་བཤད་པར་མི་བྱ། དེ་སྟེ་དེའི་དངོས་འོངས་ན་ནི་མ་ཡིན། ཆོས་བཤད་དུ་གསོལ་བ་དང་ཆོས་སྟོན་བྱས་ནས་དེའི་རྗེས་ལ་ཡོན་བདག་ལ་ཆོས་བཤད་པ་ནི་ཉེས་མེད་དོ། །འཁོར་དུ་མ་ཡིན། མི་ཕལ་མོ་ཆེ་འཁོད་པ་ལ་གྲངས་མང་དུ་བཅད་དེ་ཕུང་བུ་ཕུང་བུར་བྱ་སྟེ་གཅིག་གི་སྒྲ་གཅིག་གིས་ཐོས་ པར་མི་བཤད། འཁོར་ཕྱེད་དུ་མ་ཡིན། མི་ཕལ་མོ་ཆེ་འཁོད་པ་ལ་གཅིག་གིས་མགོ་ནས་བཤད། གཅིག་གིས་མཇུག་ནས་བཤད་དེ་གཅིག་གི་སྒྲ་གཅིག་གིས་ཐོས་པར་མི་བྱ་སྟེ་མི་ཐོས་པར་བཤད། དེ་གཉིས་ཀྱི་གཅིག་ཏུ་མ་ཡིན། ཁྲི་བཤམས་ཏེ་ཆོས་བཤད་པ་གཉིས་ཀྱིས་ཅིག་ ཅར་ལྷན་ཅིག་ཏུ་སྨྲ་ཞིང་བཤད་པར་མི་བྱ། རྒན་རབས་ཀྱིས་སོ། །ཆོས་བཤད་པ་ནི། རྒན་རབ་ཞིང་ཆོས་མཁས་པ་བཙུན་པ་རྣམས་ཀྱིས་བཤད། དེ་སྟེ་མང་ན་སྟན་གཉིས་གསུམ་བཞག་སྟེའོ། །ན་རྒན་པ་མང་ལ་ཆོས་འཆད་མཁས་པ་མེད་ཀྱི་གྲལ་དམའ་བའི་ནང་ནས་ཆོས་བཤད་མཁས་ པ་ཡོད་ན་གྲལ་སྤར་ཏེ་གོང་དུ་གཉིས་གསུམ་ཙམ་གྱི་གྲལ་གཞག་ལ་དེའི་འོག་ཏུ་འཆད་པ་གཞག །དེ་སྟེ་སྟན་མེད་ན་མ་ཡིན་ནོ། །ཆོས་འཆད་མཁས་པ་དེ་རྒན་པོ་གཉིས་གསུམ་གྱི་འོག་ན་འདུག་ན་སྟན་སྤར་མི་དགོས་པ་ལའང་བྱ། སེང་གེའི་ཁྲི་ཡང་ངོ་། །ཆོས་འཆད་མཁས་པ་དེ་ སེང་གེའི་ཁྲི་བཤམས་ཏེ་དེའི་སྟེང་དུ་འཆད་དུ་བཅུག་ནའང་འདུག་སྟེ་བཤད་ནའང་ཉེས་མེད། མཆིལ་མའི་ཆོལ་ཟངས་ཞོག་ཤིག །ཆོས་འཆད་པའི་དྲུང་དུ་ཆོལ་ཟངས་མཆིལ་མའི་སྣོད་བཞག་ཀྱང་ཉེས་མེད་དོ། །དེར་གདིང་བ་སྦྱིན། མཆིལ་མའི་སྣོད་ཆོལ་ ཟངས་ཀྱི་ནང་དུ་འོག་མ་དག་གཞག །བྱེ་མའམ་ཐལ་བས་སོ། །ཆོལ་ཟངས་སུ་བྱེ་མའམ་སའམ་ཐལ་བ་བླུགས་ཏེ་གཞག །དུས་དུས་སུ་བཀྲུ། མཆིལ་མ་རིང་དུ་བཞག་ན་སེམས་ཅན་དུ་གྱུར་པས་དུས་དུས་སུ་བཀྲུ། ནུབ་མོ་ཆོས་བསྙད་པར་བྱ། ནུབ་མོ་ཐོག་ཐག་ཏུ་ཁ་ཏོན་བྱ་ ཞིང་ཡི་གེ་ཀླག་དགོས་ཏེ་དུས་མ་ཡིན་པ་ནི་འོག་ནས་འཆད། དེ་ལྟར་ཀླག་དགོས་པ་ནི་ངོས་བཞི་མགོན་པོ་དང་རིམ་པའི་ལྷ་གཙུག་ལག་ཁང་གི་འཁོར་དུ་དུས་དེར་འོང་བའི་ཕྱིར་དད་པ་དང་དགའ་བ་བསྐྱེད་པར་བཀླག་གོ། །ཚེས་བརྒྱད་དང་ཉི་ཤུ་གསུམ་ལ་མགོན་པོ་དང་ལྷ་བྲན་གྱི་གཡོག་ འོང་བའི་ཕྱིར་ཡི་གེ་བཀླག །བཅུ་བཞི་དང་། ཚེས་བཅུ་བཞི་དང་ཉི་ཤུ་དགུ་ལ་མགོན་པོ་ལ་སོགས་པའི་དུ་འོང་བའི་ཕྱིར་ཡི་གེ་བཀླག །བཅོ་ལྔ་དང་སུམ་ཅུ་ལ་མགོན་པོ་དང་ལྷ་ཉིད་འོང་བའི་ཕྱིར་ཡི་གེ་བཀླག་གོ། །ནད་པ་ནི་འདི་མ་བྱས་ཀྱང་ཉེས་མེད་དོ། །དུས་དྲུག་གི་ནུབ་མོ་ཆོས་དང་ཁ་དོན་ཀློག་པ་ལ་ ནད་པ་ནི་མ་འོངས་ཀྱང་ཉེས་མེད། མ་བཀླག་ཀྱང་ཉེས་མེད་དོ། །བཤད་པའི་ཕྱིར་བསྒོ་བའི་ཚེ་ཁས་མི་བླང་བར་བྱ། ནུབ་མོ་ཆོས་ཁ་དོན་ཀློག་པའི་རེས་སུ་བསྐོས་ན་སུས་བསྐོས་ཀྱང་རུང་ངག་མཉན་ནོ། །མི་ནུས་པ་ལ་སོགས་པ་བསྒོ་བ་ལ་གསོལ། ཁ་ཏོན་དང་ཀློག་མི་ནུས་པ་ཞིག་ཡིན་ ཏེ་བསྐོས་ན་སུ་བསྐོ་བ་དེ་ལ་བདག་གིས་ནི་མི་ནུས་ན་སྒྱིན་པ་གཅིག་བཙལ་ཏེ་བཏང་ངོ་ཞེས་གསོལ། འཆད་པ་མེད་ན་རིམ་གྱིས་འདོན་ཅིང་བཤད། ཁ་དོན་མང་དུ་ཤེས་པ་མེད་དམ་མང་དུ་མི་ཐོན་ན་ཆུང་ཟད་ཤེས་པ་ཀུན་རིམ་དུ་བརྗེ་ཞིང་ཡང་བཀླག་གོ། །མཐར་ན་ཚིགས་སུ་བཅད་པ་གཅིག་ ཀྱང་ངོ་། །ཁ་དོན་ཉུང་ངུ་ཡང་མི་ཤེས་ན་རེས་ཀྱིས་ཚིགས་སུ་བཅད་པ་རེ་རེ་ཙམ་ཡང་བཀླག་སྟེ། ནུབ་མོ་རིང་དུ་ཐུབ་ཅིང་མཚན་ཟད་པར་བྱ་བའི་ཕྱིར་ཚིགས་སུ་བཅད་པ་དེ་ལན་མང་དུ་བཟླས་སོ། །མེ་མར་དེར་བྱ། ནུབ་མོ་ཆོས་ཁ་དོན་ཀློག་པའི་ཕྱིར་མེ་མར་བུད་པ་ལའང་བྱ། མགོན་ པོ་སྣང་ཡེལ་ཆེ་བར་མེ་མར་ཁ་མང་དུ་བཀྲམ་སྟེ་བུད་པ་ལའང་བྱ། ཟླ་བ་ཕྱེད་འདྲ་བའམ་རྫིང་བུ་འདྲ་བའི་ཆོས་བསྙད་པའི་གཏམ་བྱ་སྟེ་མཐངས་སུའོ། །ཆོས་བཤད་པའི་དྲལ་ཐབས་ནི་ཟླ་བ་ཁམ་པ་འདྲ་བའམ། རྫིང་བུ་འདྲ་བར་དང་རང་ལ་མ་ཡིན་མན་དུ་འགྲོ་བའི་ཕྱིར་གྲལ་གྱི་སྐབས་བོར་ཏེ་མཐངས་ གདོད། བླ་གབ་མེད་པར་ཆོས་བསྙད་ན་བླ་རེ་གདགས་ཐང་བླ་གབ་མེད་པ་ལ་ཆོས་འཆད་ན་རས་ལ་སོགས་པའི་བླ་རེ་གདགས་སོ། །རླུང་ངམ་ཆར་པ་ན་གཞུག །ཐང་ལ་ཆོས་འཆད་པར་བླ་རེ་གདགས་པ་ལས་རླུང་དང་ཆར་པ་བབ་ན་བསྡུ། དེའི་ཕྱིར་ཆོས་བསྙད་པར་མི་གཏོང་། བླ་རེ་བསྡུས་ ཀྱང་ཆོས་འཆད་པ་གཏོང་དུ་མི་རུང་སྟེ་ཁང་པ་ཡོད་ནའང་དེར་འཕོས་ལ་ཆོས་ཤོད་ཅིག །གནས་བརྟན་སྔར་སོང་ནས་ཁ་རོག་སྟེ་སྐད་ཅིག་འདུག་ན་འདིར་ཆོས་འཆད་དམ་གཞན་བསྐོ་ཏེ་དགེ་སློང་ཆོས་སྨྲོས་ཤིག་ཅེས་སོ། །ཆོས་འཆད་པའི་ཚེ་གནས་བརྟན་ཐོག་མར་སོང་ལ་ཁྲིའི་སྟེང་དུ་སྐད་ ཅིག་མི་སྨྲ་བར་འདུག་ལ་དེ་ནས་ཆོས་བཤད་དོ། །ཡང་ན་དགེ་སློང་ཆོས་ཤེས་པ་ལ་ཤོད་ཅིག་ཅེས་བསྐོ་ཞིང་སྨྲའོ། །འཆད་པའི་ཚེ་ཉན་ཏེ་དེ་སྟེ་ཆོས་ན་སྤྲོ་བར་བྱ། ཆོས་འཆད་པའི་ཚེ་གཞུང་བཞིན་དུ་མ་ནོར་བར་བཟང་ཞིང་གསལ་བར་འཆད་ན་དེ་ལ་ཡི་རང་བར་བྱ་སྟེ་བསྟོད་ལ་སྤྲོ་བར་ བྱའོ། །འོན་ཏེ་མ་ཡིན་ན་བཟློག །ཆོས་འཆད་པ་དེས་འཁྲུལ་ཅིང་ལོག་པར་བཤད་དམ་ཆོས་མ་ཡིན་པ་ཞིག་སྨྲ་ན་དགག་ཅིང་བཟློག་གོ། །ཁྱིམ་པ་དེར་འོངས་ན་ཆོས་ཀྱི་གཏམ་བྱ། དུས་དྲུག་གི་ནུབ་མོ་ཆོས་བསྙད་པའི་ཚེ་ཁྱིམ་པ་ལ་སོགས་པ་ཉན་ཅིང་བལྟར་འོངས་ན་ཆོས་བསྙད་ཅིང་བསྟན་ ཏོ། །མུར་འདུག་བར་དུ་གཅོད་ན་ཆད་པས་རབ་ཏུ་བཅད་དེ་ཁྲོས་པ་དང་འཁྲུགས་པས་ནི་མི་བསྟན། ཆོས་འཆད་པའི་ཚེ་མུར་འདུག་པ་ལ་སོགས་པ་ཀླན་ཀ་ཚོལ་ཞིང་རྒོལ་ན་འཐབ་མོ་དང་བརྡེག་བཙོག་མི་བྱ་བའི་འགབ་ཟུངས་དང་ལྟག་ཆོད་དང་ཤིང་ལོག་གམ་ཚིག་ཐུབ་པར་དག་གི་ཆད་པས་ བཅད་དེ་ཚིག་གིས་ཐུབ་ནས་སེམས་གྲོལ་བར་བྱའི་འཁྲུགས་ཤིང་ཁྲོས་པར་མི་བྱའོ། །འཁོར་ཁྲིད་དེ་ཆད་པར་མི་འགོ། །ཆོས་འཆད་པའི་འཕྲོ་ལས་གནས་བརྟན་གྱིས་བདག་གི་སློབ་མ་ཁྲིད་དེ་གུད་དུ་མི་འགྲོ་བ་ལའང་བྱ། ཆོས་འཆད་པའི་ཚེ་མཉན་ཅིང་འཁོད་པ་ལས་ཁ་དྲངས་ཏེ་གུད་ དུ་ཁུད་པར་གྲྭ་བཙུགས་ཤང་མི་བཤད་པ་ལའང་བྱ། དེ་ཉིད་འདོད་ན་ཆོས་ཀྱི་སྒོར་གཞུག །གནས་བརྟན་དོན་ཡོད་དེ་གུད་དུ་སོང་བ་ལས་སློབ་མ་ཆོས་ཉན་ཅིང་འཁོད་པ་བདག་གི་ཕྱི་བཞིན་འོངས་ན་མ་འོང་བར་ཁྱེད་ཅིག་ཅེས་ཆོས་ཉན་དུ་གཟུད་པ་ལའང་བྱ། ཁོ་ཆོས་མི་ འདོད་པ་ལ་ནན་གྱིས་མི་བཤད། ཆོས་མི་བཙུན་པར་འགྱུར་བའི་ཕྱིར་བཤད་དུ་གསོལ་ན་བཤད་པར་བྱའོ། །བསྟི་སྟང་དང་བཅས་བདག་པོ་དང་བཅས་དམའ་བའི་སེམས་ཀྱིས་འཇུག །ཆོས་འཆད་པའི་མཁན་པོ་དེས་ཀྱང་ང་རྒྱལ་མི་བྱ་བའི་བདག་གི་བླ་ན། སངས་རྒྱས་དང་དགྲ་བཅོམ་པའི་ཆོས་ ཀྱི་བདག་པོ་བཞུགས་ཏེ་དེ་ནི་མཆོད་ཅིང་བསྟི་སྟང་བྱ་བའི་གནས་ཡིན་གྱི་བདག་ནི་སེམས་ཅན་ཐམས་ཅད་ཀྱི་བྲན་ཡིན་པ་སྙམ་དུ་བསམས་ཏེ་ང་བཅག་པ་ལའང་བྱ། ཆོས་ཉན་པ་རྣམས་ཀྱིས་ཀྱང་ཆོས་འཆད་པ་ལ་ཆོས་ཀྱི་བདག་པོ་སྟོན་པ་ཡིན་པའི་ཕྱིར་བསྟི་སྟང་དང་རིམ་གྲོར་བྱས་ཏེ་གུས་པར་བྱ། ནན་ཏན་དུ་བཤད། ཆོས་འཆད་པས་བཤད་པའི་ཚེ་ལེ་ལོ་མི་བྱའི་གཞུང་བཞིན་དུ་མ་འཁྲུལ་བར་ནན་ཏན་དུ་སེམས་རྩེ་གཅིག་ཏུ་བསྡུས་ཏེ་ཆོས་བཤད་དོ། །ཆོས་ལ་བསྟི་སྟང་དང་བཅས་ཏེ་བསྟན་པར་རོ། །ཆོས་འཆད་པའང་དེས་ཆོས་བཙུན་ཞིང་ལྕི་བར་བསྟི་སྟང་སྐྱེད་ཅིང་ཚིག་དྲག་དལ་མ་ཁྱེར་ བར་བསྟན་པར་བཤད་དོ། །ཡིད་མི་གཡེང་། ཆོས་འཆད་པ་དེས་འཆད་པའི་ཚེ་ན་ཤ་ཆང་དང་གསེར་དངུལ་དང་ནོར་རྫས་དང་སྔོན་ཁྱིམ་པའི་སྤྱོད་པ་ལ