Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 165
Văn bản gốc(Tây Tạng)
Trang 13 / 22 (50.000 ký tự/trang)
་རྐྱལ་དུ་མི་ཆོག་པ་དང་ ཡུར་བ་ཙམ་ཡན་ཆད་རྒལ་བ་ནི་ཉེས་བྱས་སོ། །ཆུ་རྒལ་བའོ། །གྲོགས་མེད་པར་ཆུ་རྒལ་བའི་ལྷག་མ་རྫོགས་སོ།། །།རབ་ཏུ་འབྱུང་བའོ། །ཐུག་ཐུབ་ཏུ་བུད་མེད་རབ་ཏུ་ཕྱུང་ན་ལྷག་མར་འགྱུར་རོ། །མང་པོས་བསྐོས་བདག་པོས་བཏང་རྒྱལ་པོས་གནང་སྟེ་གསད་པའི་ཕྱིར་བ་ལས་ནའོ། ། བུད་མེད་མི་ཤ་ཟ་བ་མ་རུངས་མ་ཡུལ་མིས་ཀྱང་གྲགས་པར་འགྱུར་ནས་རྒྱལ་པོ་ལ་ཕུལ་ཁྱིམ་ཐབ་ཀྱིས་ཀྱང་བཏང་རྒྱལ་པོས་ཀྱང་གསད་པར་ཆད་པ་ལས་དེ་ལྟ་བུའི་བུད་མེད་ཐུག་ཐུབ་ཏུ་རབ་ཏུ་བྱུང་ན་ལྷག་མར་འགྱུར། །མཁན་མོར་ནའོ། །བུད་མེད་ཐུག་ཐུབ་ཏུ་རབ་ཏུ་བྱུང་བ་དེ་མཁན་མོ་ གང་ཡིན་པ་དེ་ལྷག་མར་འགྱུར་རོ། །དེར་ཤེས་ནའོ། །བུད་མེད་མ་རུངས་མ་རྒྱལ་པོ་ལ་གསོལ་ཏེ། གསད་པར་ཆད་པར་ཤེས་བཞིན་པ་ལས་རབ་ཏུ་ཕྱུང་ན་ལྷག་མར་འགྱུར་རོ། །རབ་ཏུ་བྱུང་བའོ། །ཐུག་ཐུབ་ཏུ་རབ་ཏུ་འབྱིན་པའི་ལྷག་མ་རྫོགས་སོ།། །།ཤི་བའི་ནོར་བླངས་པའོ། །ཁྱིམ་ བས་དགེ་སློང་མ་ལ་ནོར་སྦྱིན་པར་ཁས་བླངས་པ་ལས་ཁྱིམ་པ་དེ་ཤི་བ་དང་དེའི་སྒོ་བགགས་ནས་རོ་ཕྱིར་མ་བཏང་ཞིང་སྔོན་ནོར་སྦྱིན་པ་བདས་ན་ལྷག་མ། ལྟུང་བ་མེད་པ་ནི་དགེ་འདུན་གྱི་ནའོ། །ཁྱིམ་པས་དགེ་འདུན་ལ་ནོར་བྱིན་པ་ཁས་བླངས་པ་ལས་ཁྱིམ་པ་ཤི་སྟེ། སྔོན་ནོར་སྦྱིན་པ་དེ་བདས་ཏེ་སྔོན་ནོར་བྱིན་པ་དེ་དགེ་སློང་མ་ལ་བླངས་པ་ནི་ཉེས་མེད་དོ། །དེ་སྟེ་བྱ་བ་ཉུང་ནའོ། །མདོ་ལྟག་མ་ལྟར་ཉེས་པའང་སྒོ་བཅད་ཅིང་མཐུས་བུ་ལོན་དུ་མི་བདའ་བའི་སྔོན་དགེ་འདུན་ལ་ནོར་ཞིག་དབུལ་བར་ཁས་བླངས་ཏེ་ཤི་བའི་ཡང་བསོད་ནམས་ཏེ་དབུལ་བའི་རིགས་སོ་ ཞེས་བྱ་བ་ནི་ཉེས་མེད་དོ། །བླངས་པའོ། །ཁྱིམ་བདག་ཤི་བ་ལས་ནོར་བླངས་པའི་ལྷག་མ་རྫོགས་སོ།། །།མཚམས་ཀྱི་ཕྱི་རོལ་ལ་ཆགས་པའོ། །དགེ་སློང་མའི་དགེ་འདུན་གྱིས་དགེ་སློང་ལ་ཆད་པས་བཅད་ཅིང་བསྐྲད་པ་ལ་དགེ་སློང་མ་ཁ་ཅིག་གིས་མཚམས་ཀྱི་ཕྱི་རོལ་དུ་དོང་སྟེ། ཐུག་ཐུབ་ཏུ་ འཆགས་སུ་བཅུག་ཅིང་ཆད་པས་གནང་བར་བྱས་ན་ལྷག་མར་འགྱུར་རོ། །འཆགས་པའོ། །ཆད་པས་བཅད་པའི་དགེ་སློང་མ་ཐུག་ཐུབ་ཏུ་འཆགས་སུ་བཅུག་ཅིང་ཆད་པ་བྱུང་བའི་ལྷག་མ་རྫོགས་སོ།། །།དཀོན་མཆོག་བཤགས་པ་ནི་འདི་དག་དང་དགེ་སྦྱོང་གཞན་འདྲས་དེར་ཚངས་པའི་སྤྱོད་པ་ སྤྱད་དོ་ཞེས་པའི་ཚིག་འདི་ལ་ཞུགས་པ་མ་བཏང་ནའོ། །དགེ་སློང་མས་སངས་རྒྱས་ཀྱི་ཆོས་དང་མུར་འདུག་གི་ཆོས་སྤྱོད་པ་མི་འདྲ་བ་མེད་དེ། སངས་རྒྱས་ཀྱི་ཆོས་ནི་བཏང་མུར་འདུག་གི་ཚངས་པར་སྤྱོད་པ་བྱའོ་ཞེས་སྨྲས་ན་ལྷག་མར་འགྱུར་རོ། །དགེ་འདུན་དབྱེན་དུ་འཇུག་པ་བཞིན་ནོ། ། མདོ་ལྟག་མ་ལྟར་ལྷག་མར་འགྱུར་བ་ནི་དགེ་འདུན་གྱི་དབྱེན་དུ་ཞུགས་པ་ལ་དགེ་འདུན་གྱིས་ལན་གསུམ་དུ་བསྒོས་ཏེ་མ་བཏང་བ་ལས་ལྷག་མར་འགྱུར་བ་བཞིན་དུ་འདིའང་འདི་སྐད་མ་ཟེར་ཞེས་ལན་གསུམ་དུ་བསྒོ་སྟེ་མ་བཏུབ་ན་ལྷག་མར་འགྱུར་རོ། །འོག་མ་དག་ཀྱང་ངོ་། །འོག་ནས་ལྷག་ མ་འབྱུང་བ་རྣམས་ཀྱང་ལན་གསུམ་དུ་བསྒོ་སྟེ་མ་བཏང་ན་ལྷག་མར་འགྱུར་རོ། །ཕུལ་བའོ། །སངས་རྒྱས་ཀྱི་ཆོས་མི་བྱེད་མུར་འདུག་གི་ཆོས་སྤྱོད་དོ་ཞེས་ཟེར་བའི་ལྷག་མ་རྫོགས་སོ།། །།འདོད་པ་དང་ལྡན་པ་ལ་སོགས་པས་དགེ་སློང་མ་ལ་བསྒོ་བའོ། །མདོ་འོག་མ་སྐད་དུ་འཐབ་མོ་དང་ འཕྱ་བ་ལ་སོགས་པ་བྱེད་པ་ལ་དེ་ལྟར་མ་བྱེད་ཅེས་དགེ་སློང་མ་གཞན་གྱིས་བཅོས་ན་སླར་ཁྱོད་ནི་འདོད་ཆགས་དང་ལྡན་པ་ཞེ་སྡང་དང་ལྡན་པ་གཏི་མུག་དང་ལྡན་པའོ་ཞེས་ཟེར་བ་ལ་དེ་སྐད་མ་ཟེར་ཞེས་ལན་གསུམ་དུ་བསྒོ་སྟེ་མ་བཏང་ན་ལྷག་མའོ། །འཐབ་མོ་དང་འཕྱ་བ་དང་འཁོན་པ་དང་རྩོད་པ་ དགེ་སློང་མ་དང་ལྷན་ཅིག་བཟློག་ནའོ། །འཐབ་མོ་བྱེད་པ་དང་འཕྱ་བ་དང་འཁོན་པ་དང་རྩོད་པ་བྱེད་ཅིང་སྨྲ་བ་ལ་དེ་ལྟར་མ་བྱེད་ཅིག་ཅེས་འདོམས་པའི་ཚེ་དགེ་སློང་མ་ལ་ཁྱོད་འདོད་ཆགས་དང་ལྡན་པ་ཞེ་སྡང་དང་ལྡན་པ་གཏི་མུག་དང་ལྡན་ནོ་ཞེས་བྱས་ཤིང་སླར་བཟློག་ན་ལྷག་མར་འགྱུར། འཐབ་ མོ་ལ་འཇུག་ནའོ། །འཐབ་མོ་ལ་ཞུགས་ཏེ་གཏོང་དུ་མི་བཏུབ་པའི་ལྷག་མ་རྫོགས་སོ།། །།འགྲིལ་ཅིང་འཁོད་པའོ། །གྲོགས་མོ་དང་བསྟེན་ནས་འགྲིལ་ཅིང་འགྲོགས་ན་ལྷག་མར་འགྱུར་རོ། །དགེ་སློང་མ་ནའོ། །འགྲིལ་ཅིང་འགྲོགས་པ་དེ་དགེ་སློང་མ་ཡང་ཡིན་པ་ལས་ལྷག་མར་ འགྱུར། ཏྲོག་ཏྲོག་མོ་དང་ལྟར་ལྟར་མོ་དང་རྙིལ་རྙིལ་མོའི་སྐྱེན་དུ་གྱུར་པའོ། །འགྲོགས་པའི་དགེ་སློང་མ་དེ་རྩེད་མོ་དང་འཕྱར་བ་ལ་སོགས་པ་འདི་རྣམས་ལྟ་བུ་ཞིག་བྱེད་པ་དང་འགྲོགས་ན་ལྷག་མར་འགྱུར་རོ། །བདག་བུད་མེད་འདི་རྣམས་ལྟར་བྱེད་པ་ཞིག་དང་འགྲོགས་ནའང་ལྷག་ མར་འགྱུར་རོ། །བུད་མེད་ཀྱི་འདུ་འཛིར་གཏོགས་པའོ། །བུད་མེད་ཏྲོག་ཏྲོག་མོར་བྱེད་པ་དང་འགྲོགས་པའི་ལྷག་མ་རྫོགས་སོ།། །།དེའི་འདུ་འཛིར་འདོམས་པའོ། །དགེ་སློང་མ་གྲོགས་ལ་ཏྲོག་ཏྲོག་མོ་དང་རྩེད་མོ་ལ་སོགས་པ་གྱིས་ཤིག་ཅེས་བསྒོ་ཞིང་བྱེད་དུ་བཅུག་ནའང་ལྷག་མར་ འགྱུར་རོ། །འདོམས་པའོ། །རྩེད་མོ་གྱིས་ཤིག་ཅེས་འདོམས་པའི་ལྷག་མ་རྫོགས་སོ།། །།དགེ་འདུན་དབྱེན་པ་ལ་སོགས་པ་བཞི་དགེ་སློང་མ་ཡིར་གཏོགས་པའོ། །དབྱེན་དང་རྗེས་སུ་ཕྱོགས་པ་དང་། རིགས་སུན་པ་དང་དག་དཀའ་བ་བཞི་ཡང་དགེ་སློང་ཕའི་བཤད་པ་བཞིན་ དུ་དགེ་སློང་མས་བྱས་ནའང་ལྷག་མར་འགྱུར་རོ། །དགེ་འདུན་གྱི་ལྷག་མ་རྫོགས་སོ།། །།དགེ་འདུན་གྱི་ལྷག་མ་ཉི་ཤུ་རྫོགས་སོ།། །།འདི་མན་ཆད་སུམ་ཅུ་བཞིའི་སྤང་བའི་ལྟུང་བ་ལ་འཆད་དེ། བཅུ་པའོ། །འཆད་པ་དང་འདྲལ་བ་ལ་སོགས་པ་བཅུ་དང་ཕུང་པོ་གཅིག་རིལ་གྱིས་དགེ་ སློང་ཕའི་དང་འདྲའོ། །གསེར་དང་དངུལ་དང་དངུལ་གྱིས་པ་དང་ཉོ་ཚོང་དང་ལྷན་པ་མེད་པ་དང་། འཐག་པ་གཉིས་དང་འཕྲོག་པ་དང་བསྔོས་པ་དང་བསྡུས་པར་ཆུད་པའོ། །གསེར་དང་དངུལ་དང་ཉོ་འཚོང་དང་ལྷུང་བཟེད་ལྷན་པ་མེད་པར་བཟང་པོ་ཚོལ་བ་དང་འཐག་ པ་གཉིས་དང་བྱིན་འཕྲོག་དང་དགེ་འདུན་དབང་བ་གང་ཟག་ལ་བསྔོས་སོ་ཞེས་ཟེར་བ་དང་སྨན་ཞག་བདུན་པ་དང་ཞག་བཅུ་དགུ་ནི་དགེ་སློང་ཕའི་དང་འདྲ་སྟེ་དགེ་སློང་ཕས་བསྲུང་བར་བཤད་པ་བཞིན་དུ་དགེ་སློང་མས་ཀྱང་བསྲུང་ངོ་། །དགེ་སློང་ཕའི་སྤང་བའི་ལྟུང་བ་བཅུ་དགུར་མིང་གིས་ སྨོས་པ་འདི་ལ་མ་གཏོགས་པ་རྣམས་ནི་དགེ་སློང་མའི་སྤང་བའི་ལྟུང་བར་མི་འགྱུར་རོ། །དགེ་སློང་གི་འཁྲུ་བ་ལ་སོགས་པའོ། །དགེ་སློང་མས་དགེ་སློང་ཕའི་གོས་རྙིང་པ་བཀྲུས་ན་སྤང་བའི་ལྟུང་བར་འགྱུར་རོ་ཞེས་ཊཱི་ཀ་ལས་བཤད། དགེ་སློང་མས་གོས་རྙིང་པ་དགེ་སློང་ཕ་ ལ་བཅོལ་ན་སྤང་བའི་ལྟུང་བར་འགྱུར་རོ་ཞེས་འདུལ་བ་འཛིན་པ་ཁ་ཅིག་དང་མོག་ཤ་ལ་འཆད། དེ་ལས་བླངས་པ་དང་། དགེ་སློང་མས་གཉེན་མ་ཡིན་པའི་དགེ་སློང་ཕ་ལས་གོས་བླངས་ན་འང་སྤང་བའི་ལྟུང་བར་འགྱུར་རོ། །དགེ་སློང་མ་བྱིན་པའོ། །དགེ་སློང་མས་སྔར་གྲོགས་ལ་ གོས་བྱིན་པ་ལས་ཕྱིས་གོས་སླར་ཕྲོགས་པ་ན་སྤོང་བའི་ལྟུང་བར་འགྱུར་རོ། །ལྷའི་དད་པ་མི་གཟུང་། དགེ་སློང་མས་འཇིག་རྟེན་གྱི་ལྷའི་གཟུགས་བྲིས་སམ་བྱས་ཏེ་དེ་ལ་ཡུལ་མི་ཡོན་འབུལ་དུ་བཅུག་ནས་ཡོན་བླངས་ན་སྤང་བར་འགྱུར་རོ། །ལྷུང་བཟེད་ལྷག་པ་ཉིན་གཅིག་ལས་རིང་དུ་མི་བཅང་ བའོ། །ལྷུང་བཟེད་ལྷག་པ་བཅངས་ན་སྔགས་ཀྱིས་མ་ཐེབས་སམ་གུད་དུ་མ་བཏང་བར་ཞག་གཉིས་ཀྱི་སྐྱ་རེངས་བྱུང་ན་སྤང་བའི་ལྟུང་བར་འགྱུར། ལྷུང་བཟེད་ཀྱི་འཆང་བའོ། །ལྷུང་བཟེད་ལྷག་པ་ཞག་གཅིག་ལས་འདས་ཏེ་སྔགས་མ་ཐེབས་པའི་སྤང་བའི་ལྟུང་བ་རྫོགས་སོ།། །།ཟླ་བ་ ཕྱེད་ཕྱེད་པའི་ཉིན་མོ་ཐོག་མ་ལ་བསྔོ་བ་མ་བསྔོས་ནའོ། །ཆོས་གོས་ལྔ་དང་ཡོ་བྱད་བཅུ་གསུམ་བདག་གི་ཡིན་པར་བསྔོས་ན་ཟླ་བ་ཕྱེད་ཕྱེད་ཅིང་སྔགས་ཀྱིས་གདབ་དགོས་སོ། །གཞན་སྦྱིན་པར་བསྔོས་པ་དང་གོས་ལྷག་གིས་སྔགས་བཏབ་པ་ནི་མི་དགོས་སོ། །མ་བསྔོས་པའོ། །ཟླ་བ་ཕྱེད་ ཅིང་གོས་སྔགས་ཀྱིས་མ་ཐེབས་པའི་སྤང་བའི་ལྟུང་བ་རྫོགས་སོ།། །།དཔྱིད་ཟླ་ར་བའི་ཐ་མའི་ཉིན་མོ་ཚུན་ཆད་དུ་དྲུབས་པ་ཕྱུང་ནའོ། །དཔྱིད་ཟླ་ར་བ་ཉ་ལ་གདིང་བ་དྲུབས་པ་ལས་འབྱིན་པ་ལས་དེ་ལས་སྔར་གདིང་བ་དྲུབས་པ་ཕྱུང་ན་ཟླ་བ་ལྔའི་ཚེ་རྫས་རྙེད་དོ་ཅོག་སྤང་བའི་ལྟུང་བར་འགྱུར་རོ། ། ལྟུང་བ་མེད་པ་ནི་རྐུན་པོས་ཁྱེར་བ་དགེ་སློང་མའི་ཕྱིར་ནའོ། །དཔྱིད་ཟླ་ར་བའི་ཉ་ལས་སྔར་གདིང་བ་དྲུབས་པ་ཕྱུང་ཡང་ཉེས་མེད་པ་ནི་དགེ་སློང་མང་མོ་ཞིག་ནོར་དང་གོས་རྐུན་པོས་ཁྱེར་དྲུབས་པ་ཕྱུང་ནས་ནོར་དགོས་པ་ནི་ཉེས་མེད་དོ། །དྲུབས་པ་ལས་འབྱིན་པའོ། །གདིང་བ་དྲུབས་པ་དུས་ ལས་སྔར་ཕྱུང་བའི་སྤང་བའི་ལྟུང་བ་རྫོགས་སོ།། །།མ་བྱུང་བའོ། །གདིང་བ་དྲུབས་པ་ལ་དཔྱིད་ཟླ་ར་བའི་ཉ་ལ་འབྱིན་པའི་རིགས་པ་ལས་ཉ་ལས་འདས་ཏེ་དྲུབས་པ་ཕྱུང་ན་ཟླ་བ་ལྔའི་ཚེ་གོས་ཅི་རྙེད་པ་སྤང་བའི་ལྟུང་བར་འགྱུར་རོ། །དེར་རོ། །ཉ་འདས་ནས་ཞག་གཅིག་གི་སྐྱ་རེངས་བྱུང་ན་ སྤང་བར་འགྱུར་རོ། །དྲུབས་པ་དབྱུང་བའོ། །གདིང་བ་དྲུབས་པ་དུས་ལས་འདས་ཏེ་ཕྱུང་བའི་སྤང་བའི་ལྟུང་བ་རྫོགས་སོ།། །།དབྱིག་དང་གསེར་སློང་བའོ། །དགེ་སློང་མས་ནོར་རིན་པོ་ཆེ་དང་། དབྱིག་དང་གསེར་དངུལ་ལ་སོགས་པ་ཁྱིམ་པ་ལས་བླངས་ན་གཉེན་ཡིན་ཡང་རུང་མ་ཡིན་ ཡང་རུང་སྤང་བའི་ལྟུང་བར་འགྱུར་རོ། །རིན་པོ་ཆེ་སློང་བའོ། །རིན་པོ་ཆེ་ཁྱིམ་པ་ལས་སློང་བའི་སྤང་བའི་ལྟུང་བ་རྫོགས་སོ།། །།གཞན་གྱི་ཕྱིར་གོས་རྙེད་པ་ཟས་སུ་བྱས་ཏེ་བཟའ་བའི་ཕྱིར་བསྔོས་པའོ། །གཞན་གྱིས་གོས་ཤིག་བྱིན་ཏེ་འདིས་ཁ་ཕྱིས་སམ་སྣོད་སྤྱད་དམ་གཞན་ཞིག་ ཏུ་བསྒྱུར་ཏེ་སྤྱོད་ཅིག་ཅེས་བསྔོས་ཏེ་བྱིན་པ་ལས་གོས་དེ་ཟས་ཤིག་ཏུ་ཡང་བསྒྱུར་ན་ཟས་དེ་རྣམས་སྤང་བའི་ལྟུང་བའོ། །གོས་ཟ་བར་ཆུད་པའོ། །གོས་གཞན་ཞིག་ཏུ་བསྒྱུར་ཅིག་པར་བྱིན་པ་ལས་ཟས་སུ་བསྒྱུར་བའི་སྤང་བའི་ལྟུང་བ་རྫོགས་སོ།། །།གོས་དང་མལ་སྟན་དང་དབྱར་མོ་ ཐང་གི་ཕྱིར་བ་གང་ཅིག་ལ་ཡང་ཡང་ངོ་། །དགེ་འདུན་ལ་གོས་དང་མལ་སྟན་དང་། གཙུག་ལག་ཁང་གི་ཡོ་བྱད་དུ་འདི་རྣམས་ལས་ཕུལ་བ་ལས་ཟས་སུ་བསྒྱུར་ན་སྤང་བའི་ལྟུང་བ། ལྟག་མའི་ལྟུང་བ་དང་འདི་གཉིས་ཀ་དགེ་འདུན་ལ་ཕུལ་བ་ལས་ཟས་སུ་བསྒྱུར་ཀྱང་རུང་གང་ཟག་ལ་ ཕུལ་བ་ལས་ཟས་སུ་བསྒྱུར་ཀྱང་རུང་སྤང་བའི་ལྟུང་བའོ། །འདི་རྣམས་ཀྱིས་བསྒྱུར་གྱིས་ཤིག་པར་རིན་བྱིན་པ་ལས་ཟས་སུ་བསྒྱུར་ན་གང་ཅི་ཡང་རུང་སྤང་བའོ། །གོས་ལ་སོགས་པ་བཟའ་བར་ཆུད་པའོ། །གོས་ཕུལ་བ་ལ་སོགས་ཟས་སུ་བསྒྱུར་བའི་སྤང་བའི་ལྟུང་ བ་རྫོགས་སོ།། །།དགེ་སློང་མ་འགྲོ་བ་མང་པོའི་ཕྱིར་བསྐུལ་བ་ལས་དེ་བདག་ལ་བསྔོས་པའོ། །དགེ་སློང་མ་བཞི་ཡན་ཆད་མང་པོ་ཞིག་གུད་ནས་འོངས་ཏེ་ཟས་དང་ཡོ་བྱད་ཀྱིས་མི་ཆོག་གོ་ཞེས་བླངས་ལ་གུད་ནས་འོངས་པའི་ཟས་སུ་མ་བྱས་པར་བདག་གིར་བྱས་ཏེ་གཞན་ན་སྤང་ བའི་ལྟུང་བར་འགྱུར། འགྲོ་བ་མང་པོའི་ཕྱིར་བསྔོས་པའོ། །གུད་ནས་འོངས་པའི་ཕྱིར་བླངས་ཏེ་བདག་གིར་བྱས་པའི་སྤང་བའི་ལྟུང་བ་རྫོགས་སོ།། །།དགེ་འདུན་གྱི་ཕྱིར་ན་ཡང་ངོ་། །དགེ་འདུན་གྱི་གཞི་ལ་འཁོད་པའི་ཟས་དང་ཡོ་བྱད་མི་ཆོག་གོ་ཞེས་གུད་ནས་བླངས་ཏེ་དགེ་འདུན་གྱིར་ མ་སྤྱད་པར་བདག་ཉིད་ཀྱིར་བྱས་ན་སྤང་བའི་ལྟུང་བའོ། །དགེ་འདུན་གྱི་ཕྱིར་བསྔོས་པའོ། །དགེ་འདུན་གྱི་ཕྱིར་བསླངས་པ་ལས་བདག་ཉིད་ཀྱིར་བྱས་པའི་སྤང་བའི་ལྟུང་བ་རྫོགས་སོ།། །།ཚིག་བདག་གིར་བྱ་བའི་ཕྱིར་བཅིང་བའི་དོན་དགྲོལ་བའོ། །དགེ་སློང་མས་སྐྱེས་པ་ལས་སྨན་ བསླངས་ཀྱང་རུང་ཉོས་ཀྱང་རུང་སྟེ་འདོད་ཆགས་ལངས་ནས་རིང་དུ་འདུག་པའི་ཕྱིར་སྨན་ཡང་བཅིང་ཡང་བཀྲོལ་བྱེད་ཅིང་འདུག་ན་སྨན་སྤངས་པ་ལ་བདག་ལྟུང་ངོ་། །འགྲེལ་པའོ། །སྨན་ཉོས་པའི་ཚེ་འདོད་ཆགས་ལངས་ཏེ་འཇིག་ཅིང་བཀྲོལ་བའི་སྤང་བའི་ལྟུང་བ་རྫོགས་སོ།། །།སྲང་བརྒྱ་ ལ་སོགས་པ་ཏེ་ཀཱར་ཥཱ་པ་ཎ་ཉི་ཤུ་ལ་སོགས་པའི་རིན་གྱི་གོས་བདག་གིར་བྱ་བའོ། །དགེ་སློང་མའི་གོས་ལྷག་མ་ལྕིད་སྲང་བརྒྱ་མན་ཆད་རིན་ཀཱར་ཥཱ་པ་ཎ་ཉི་ཤུ་རིབ་མན་ཆད་ནི་བཅང་དུ་དབང་སྟེ་ལྕིད་དེ་དང་རིན་དེ་ལས་འདས་པ་ཞིག་དགེ་སློང་མས་བཅངས་ན་སྤང་བའི་ལྟུང་བར་འགྱུར་རོ། ། གོས་ལྕི་བ་འཆང་བའོ། །གོས་ལྕི་བ་རིན་པོ་ཆེ་འཆང་བའི་སྤང་བའི་ལྟུང་བ་རྫོགས་སོ།། །།སྲང་ལྔའི་མཐའ་ཡང་ངོ་། །དར་ལྟ་བུ་ཡང་བ་ཞིག་གི་གོས་འཆང་ན་ལྕིད་ནི་སྲང་ལྔ་རིན་ནི་ཀཱར་ཥཱ་པ་ཎ་ཉི་ཤུ་ཡན་ཆད་ལས་འདས་པ་རིན་སྤང་བར་འགྱུར། གོས་སྤང་བ་འཆང་བའོ། །གོས་རིན་པོ་ ཆེ་ཡང་འཆང་བའི་སྤང་བའི་ལྟུང་བ་རྫོགས་སོ། །སྤང་བ་ཟིན་ཏོ། །སྤང་བ་སུམ་ཅུ་རྩ་བཞིའི་བཤད་པ་ཀུན་རྫོགས་སོ།། །།འདི་མན་ཆད་ལྟུང་བ་བརྒྱ་བརྒྱད་ཅུ་ལ་འཆད་དེ། བདུན་ཅུ་རྩ་གཉིས། ལྟུང་བ་བདུན་ཅུ་རྩ་གཉིས་ནི་དགེ་སློང་ཕའི་འདྲ་སྟེ་བདུན་ཅུ་རྩ་གཉིས་ཀྱི་ནང་དུ་གང་མ་གཏོགས་ པ་ནི་འོག་ནས་འཆད་དོ། །མ་བསྐོས་པ་ལ་སོགས་པ་བཅུ། སྐྲོད་པ་ཡང་ཡང་བསོད་པ་གནས་འདུག་པ་མ་ཕྱུང་བ་ཉུང་བ་རས་ཆེན་དུ་ཆུད་པ་མ་གཏོགས་སོ། །མ་བསྐོས་པ་ལ་སོགས་པའི་འབྱུང་བའི་བཅུ་སྡེ་གཅིག་རིལ་གྱིས་དགེ་སློང་མའི་ལྟུང་བ་མ་གཏོགས་སོ། །སྐྲོད་པ་དང་ཡང་ ཡང་དང་ཁ་ཟས་བཟང་པོ་དང་བསྙེན་གནས་སུ་འདུག་པ་དང་བསྙེན་གནས་སུ་གབ་པ་དང་གོས་བྱིན་པ་སླར་མ་བརྙས་པར་གྱོན་པ་དང་སྐྱོན་ནས་འབོད་པ་དང་རས་ཆེན་དང་འདི་བརྒྱད་ཀྱང་དགེ་སློང་མའི་ལྟུང་བ་ལ་མ་གཏོགས་སོ། །བརྟགས་པ་ནི་དགེ་སློང་གི་སྟེ་རབ་ཏུ་འབྱུང་བ་ལ་ཟང་ཟིང་སྦྱིན་ པའོ། །དགེ་སློང་ཕས་སྤྱན་གཟིགས་དང་ཟས་བྱིན་པ་ནི་བླངས་ཀྱང་ཉེས་མེད་དེ་བརྟགས་པའོ། །ཆུང་མར་སྤྱད་པ་ན་ཡང་ངོ་། །སྔོན་ཁྱོ་བྱེད་བྱེད་པའི་དགེ་སློང་ཕས་སྤྱན་གཟིགས་དང་ཟས་བྱིན་པ་ཡང་བླངས་ཀྱང་ཉེས་མེད་དོ། །དེས་ཀྱང་བླང་ངོ་། །ལྟག་མ་ལྟར་ཉེས་མེད་པས་ན་དགེ་སློང་ ཕོ་མོས་གང་གིས་བླངས་ཀྱང་ཉེས་མེད་དོ། །ལྷན་ཅིག་ཏུ་ཉལ་བ་བུ་མི་ཆེ་བ་མ་གཏོགས་སོ། །དགེ་སློང་མས་སྔོན་གྱི་བུ་ཁྱེའུ་ཆུང་ངུ་ནུ་མ་དང་མ་བྲལ་བ་དང་ལྷན་ཅིག་ཉལ་བ་ཉེས་མེད་དོ། །གནང་བ་ཐོབ་ནའོ། །ལྟག་མ་ལྟར་ཉེས་མེད་པ་ཡང་དགེ་འདུན་མོ་ལ་གསོལ་ཏེ་གནང་བ་ ཐོབ་ན་ཉེས་མེད་དོ། །དེ་ལ་སྦྱིན། དགེ་སློང་མ་བུ་ཆུང་སྟེ་ལྷན་ཅིག་ཏུ་ཉལ་བར་གསོལ་ན་དགེ་འདུན་གྱིས་ཀྱང་གནང་བ་སྦྱིན་ནོ། །བུ་ཡང་ཆུང་ལ་གནང་བ་མ་བྱིན་ན་དགེ་འདུན་ཉེས་བྱས་རེ་རེར་འགྱུར་རོ། །རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་ཡང་ངོ་། །རབ་ཏུ་འབྱུང་བ་ དང་བསྙེན་པར་རྫོགས་པར་བྱས་པ་ལས་མཁན་མོ་ལྟུང་བར་འགྱུར་རོ། །ལོ་བཅུ་གཉིས་མ་རྫོགས་ནའོ། །མཁན་མོ་ལོ་བཅུ་གཉིས་མ་ལོན་ལ་ཆོས་ལྔ་དང་མི་ལྡན་པས་རབ་ཏུ་ཕྱུང་ངམ་བསྙེན་པར་རྫོགས་པར་བྱས་ན་ལྟུང་བར་འགྱུར་རོ། །བདག་བསྙེན་པར་རྫོགས་སོ།། །།ལོ་ བཅུ་གཉིས་སུ་རྩི་བ་ནི་མཁན་མོ་བསྙེན་པར་རྫོགས་ནས་ལོ་བཅུ་གཉིས་མ་ལོན་ན་ལྟུང་བར་འགྱུར་རོ། །ཉུང་བ་འཇོག་པའོ། །བདག་ལོ་བཅུ་གཉིས་མ་ལོན་པར་བསྙེན་པར་རྫོགས་པར་བྱས་པའི་ལྟུང་བ་རྫོགས་སོ།། །།བྱིན་ཅིག་འཁོར་དང་ཚད་མེད་པའི་འཁོར་ བཞག་པར་གནང་བའོ། །དགེ་སློང་མའི་དགེ་འདུན་གྱིས་དགེ་སློང་མ་ལ་སློབ་མ་དང་ཉེ་གནས་འཆང་ཞིང་རབ་ཏུ་འབྱིན་པ་དང་བསྙེན་པར་རྫོགས་པར་བྱེད་པ་གནང་བ་སྦྱིན་ནོ། །ནུས་ན་དེ་གཞག་གོ། །མདོ་ལྟག་མ་ལྟར་གནང་བ་སྦྱིན་པ་ཡང་དགེ་སློང་མ་དེ་ཆོས་ལྔ་དང་ལྡན་ན་ཉེ་ གནས་དང་སློབ་མ་འཆང་བ་གནང་བ་སྦྱིན། ལོ་བཅུ་གཉིས་ཚང་བ་བསྙེན་པར་རྫོགས་པའི་ལོ་ནས་སོ། །ལྟག་མ་ལྟར་ཆོས་ལྔ་དང་ལྡན་ཡང་ལོ་བཅུ་གཉིས་མ་ལོན་ན་གནང་བ་མི་སྦྱིན་གྱི་དགེ་སློང་མ་དེ་ཁྲིམས་རྫོགས་ནས་ལོ་བཅུ་གཉིས་ཀྱང་ལོན་ཆོས་ལྔ་དང་ཡང་ལྡན་ན་སློབ་མ་འཆང་ བར་གནང་བ་སྦྱིན་ནོ། །གཞན་གྱིས་མི་གསོལ་ལོ། །སློབ་མ་འཆང་བར་འདོད་པ་དགེ་སློང་མ་དེ་ལོ་བཅུ་གཉིས་ཀྱང་ལོན་ལ་ཆོས་ལྔ་དང་ཡང་ལྡན་ན་སློབ་མ་འཆང་བར་དགེ་སློང་མ་དེ་ཉིད་ཀྱིས་གསོལ་ལོ། །སྔར་གནང་བ་མ་ཐོབ་པའོ། །དགེ་འདུན་ལ་གསོལ་ཏེ་གནང་བ་མ་ཐོབ་པར་སློབ་ མ་དང་ཉེ་གནས་བཅང་ཤིང་རབ་ཏུ་ཕྱུང་ན་ལོ་བཅུ་གཉིས་ལོན་ཞིང་ཆོས་ལྔ་དང་ལྡན་ཡང་ལྟུང་བར་འགྱུར་རོ། །འཁོར་ཉེ་བར་གཞག་པའོ། །གནང་བ་མ་ཐོབ་པར་ཉེ་བར་འཇོག་པའོ། །དགེ་འདུན་གྱིས་མ་གནང་བར་སློབ་མ་འཆང་བའི་ལྟུང་བ་རྫོགས་སོ།། །།ཚད་མེད་པའི་འཁོར་གཞན་ གྱིས་པའོ། །དགེ་སློང་མའི་དགེ་འདུན་གྱིས་མ་གནང་བར་སློབ་མ་དང་ཉེ་གནས་མང་དུ་འཆང་ན་ལྟུང་བའོ། །གོང་མ་ནི་སློབ་མ་གཅིག་གཉིས་ཙམ་བྱའོ། །ཚད་མེད་པའི་ཉེ་བར་འཇོག་པའོ། །སློབ་མ་དང་ཉེ་གནས་འཁོར་མང་དུ་འཆང་བའི་ལྟུང་བ་རྫོགས་སོ།། །།བསྙེན་པར་རྫོགས་པ་ནི་ ལོ་བཅུ་གཉིས་ཡན་ཆད་བག་མ་བྱས་ནའོ། །དགེ་སྦྱོང་མ་བག་མ་བྱས་པ་ཞིག་ན་ལོ་བཅུ་གཉིས་ལོན་ནོ། །བསྙེན་པར་རྫོགས་པར་རུང་ངོ་། །བཅུ་གཉིས་མ་ལོན་པར་བསྙེན་པར་རྫོགས་པར་བྱས་ན་མཁན་མོ་གང་ཡིན་པ་ལྟུང་བར་འགྱུར་རོ། །ལོ་བཅུ་གཉིས་ལས་ཉུང་བ་བསྙེན་པར་ རྫོགས་པའོ། །ལོ་བཅུ་གཉིས་མ་ལོན་པར་བསྙེན་པར་རྫོགས་པར་བྱས་པའི་ལྟུང་བ་རྫོགས་སོ།། །།གཞན་ནི་ལོ་ཉི་ཤུ་ལས་སོ། །བག་མ་བྱས་པ་ཞིག་ན་ལོ་ཉི་ཤུ་མ་ལོན་པ་ཞིག་བསྙེན་པར་རྫོགས་པར་བྱས་ན་མཁན་མོ་གང་ཡིན་པ་ལྟུང་བར་འགྱུར་རོ། །ལོ་ཉི་ཤུ་ལས་ཉུང་བ་བསྙེན་པར་ རྫོགས་པའོ། །བུད་མེད་ལོ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པ་བྱས་པའི་ལྟུང་བ་རྫོགས་སོ།། །།མཁན་མོས་བསླབ་པ་དག་མ་བྱིན་ནའོ། །མཁན་མོས་དགེ་སྦྱོང་མའི་ཁྲིམས་ཕོག་ལ་དེ་ནས་དགེ་སློབ་མའི་ཁྲིམས་ཕོག་སྟེ་བསྙེན་པར་རྫོགས་པར་བྱ་བའི་རིགས་ན་དེ་ལྟར་རིམ་པས་ ཁྲིམས་མ་ཕོག་པར་བསྙེན་པར་རྫོགས་པར་བྱས་ན་ལྟུང་བར་འགྱུར་རོ། །ཚིག་ལས་རྒལ་བའོ། །དགེ་སློང་མ་དང་དགེ་སློབ་མ་རིམ་པར་མ་སྤར་བར་བསྙེན་པར་རྫོགས་པར་བྱས་པའི་ལྟུང་བ་རྫོགས་སོ།། །།དེས་མ་སྤྱད་པའོ། །དགེ་སློབ་མའི་ཁྲིམས་ཕོག་སྟེ་དགེ་སློབ་མ་ལོ་གཉིས་ མ་སྤྱད་པར་བསྙེན་པར་རྫོགས་པར་བྱས་ན་མཁན་མོ་གང་ཡིན་པ་ལྟུང་བར་འགྱུར་རོ། །བསླབ་པ་མ་བསླབ་པར་བསྙེན་པར་རྫོགས་པར་རོ། །དགེ་སློབ་མ་ལོ་གཉིས་མ་ཚང་བར་བསྙེན་པར་རྫོགས་པར་བྱས་པའི་ལྟུང་བ་རྫོགས་སོ།། །།སྤྱད་དེ་མ་བྱས་ནའོ། །དགེ་སློབ་མ་གཉིས་ སྤྱད་ལ་བསྙེན་པར་རྫོགས་པར་མ་བྱས་ན་མཁན་པོ་གང་ཡིན་པ་ལྟུང་བར་འགྱུར་རོ། །བསླབ་པ་སྤྱད་ནས་བསྙེན་པར་མ་རྫོགས་པའོ། །དགེ་སློབ་མ་ལོ་གཉིས་སྤྱད་ནས་བསྙེན་པར་རྫོགས་པར་མ་བྱས་པའི་ལྟུང་བ་རྫོགས་སོ།། །།དེ་སྟེ་ང་ལ་གོས་བྱིན་ན་དེ་ནས་ཁྱོད་བསྙེན་པར་རྫོགས་པར་ བྱའོ་ཞེས་བསྙེན་པར་རྫོགས་པར་འདོད་པ་ལ་སློང་བའོ། །སློབ་མ་བསྙེན་པར་རྫོགས་པར་བགྱིར་ཅི་གནང་ཞེས་གསོལ་བ་ལ་འཁྱིག་སྟེ་ང་ལ་གོས་བྱིན་ན་བསྙེན་པར་རྫོགས་པར་བྱའོ་ཞེས་སྨྲས་ཏེ་གོས་ཐོབ་ན་ལྟུང་བའོ། །ཆོས་འཚོང་པའོ། །སློབ་མ་ལས་གོས་བླངས་ནས་ བསྙེན་པར་རྫོགས་པར་བྱས་པའི་ལྟུང་བ་རྫོགས་སོ།། །།རབ་ཏུ་འབྱུང་བར་མཐུན་པར་བསྟན་ཏེ་ཁྱིམ་གྱི་འབྱོར་པ་བསྡུས་ནས་རབ་ཏུ་ཕྱུང་བའོ། །བུད་མེད་རབ་ཏུ་འབྱུང་བར་འོངས་པ་ལ་ནོར་རྫས་ལ་སོགས་པ་སྦྱིན་གཏོང་གྱིས་ཤིག །སྦྱིན་གཏོང་བྱས་ཏེ་ནོར་ཟད་དང་རབ་ཏུ་དབྱུང་ངོ་ཞེས་བྱས་ ལ་ནོར་རྫས་སྦྱིན་གཏོང་བྱས་ཏེ་ཟད་པ་དང་རབ་ཏུ་མ་བྱུང་ན་མཁན་མོ་གང་ཡིན་པ་ལྟུང་བར་འགྱུར་རོ། །བསླུས་པའོ། །ནོར་སྦྱིན་གཏོང་བྱས་ཏེ་ཟད་པ་དང་རབ་ཏུ་མ་ཕྱུང་པའི་ལྟུང་བ་རྫོགས་སོ།། །།ལོ་དུས་སུ་རབ་ཏུ་འབྱིན་པའོ། །ལོ་གཉིས་ཀྱིས་བར་དུ་མ་བཅད་ པར་སློབ་མ་རབ་ཏུ་ཕྱུང་ཡང་རུང་བསྙེན་པར་རྫོགས་པར་བྱས་ཀྱང་རུང་སྟེ་མཁན་མོ་ལ་ལྟུང་བར་འགྱུར་རོ། །རྒྱུད་མང་པོའོ། །ལོ་གཉིས་མ་ལོན་པར་རབ་ཏུ་ཕྱུང་བའི་ལྟུང་བ་རྫོགས་སོ།། །།བདག་པོས་མ་གནང་བའོ། །བུད་མེད་ཁྱིམ་ཐབ་མེད་པ་ཕ་མས་མ་གནང་བ་དང་ཁྱིམ་ཐབ་ཡོད་པ་ཁྱིམ་ ཐབ་ཀྱིས་མ་གནང་བར་རབ་ཏུ་ཕྱུང་ན་ལྟུང་བའོ། །མ་གནང་བ་བསྡུས་པའོ། །བུད་མེད་བདག་པོས་མ་གནང་བར་རབ་ཏུ་ཕྱུང་བའི་ལྟུང་བ་རྫོགས་སོ།། །།ལོག་པར་སྤྱོད་དམ། བུད་མེད་མ་རུངས་མ་གཡོན་ཅན་མ་རབ་ཏུ་ཕྱུང་ན་ལྟུང་བའོ། །སྦྲུམ་མ་བུད་མེད་སྦྲུམ་མ་རབ་ཏུ་ཕྱུང་ན་ལྟུང་བའོ། ། མྱ་ངན་གྱིས་མནར་བ། བུད་མེད་མྱ་ངན་མང་དུ་འབྱུང་བ་རབ་ཏུ་སེམས་འཁྲུགས་པ་ཕྱུང་ན་ལྟུང་བ། སྨྱོན་ཐབས་བྱེད་མ། བུད་མེད་སྨྱོན་ཐབས་དང་འཐབ་མོ་ཅན་རབ་ཏུ་ཕྱུང་ན་ལྟུང་བ་བསྙེན་པར་རྫོགས་པར་བྱས་ཀྱང་ངོ་། །མདོ་ལྟག་མ་བཞི་ལྟ་བུའི་བུད་མེད་ལས་བསྙེན་པར་རྫོགས་ པར་བྱས་ནའང་ལྟུང་བའོ། །ཉེས་པ་དང་བཅས་པ་ཉེ་བར་བསྡུས་པ་ཆུད་པའོ། །བུད་མེད་ཉེས་པ་ཡོད་པ་དང་སྐྱོན་ཅན་རབ་ཏུ་ཕྱུང་བ་དང་བསྙེན་པར་རྫོགས་པར་བྱས་པའི་ལྟུང་བ་རྫོགས་སོ།། །།རབ་ཏུ་ཕྱུང་བ་དང་བསྙེན་པར་རྫོགས་པར་བྱས་ནས་ཉེ་བར་མི་སྡུད་པ། སློབ་མ་རབ་ཏུ་ ཕྱུང་ཡང་རུང་བསྙེན་པར་རྫོགས་པ་བྱས་ཀྱང་སྟེ་མཁན་མོས་འཚོ་བའི་ཡོ་བྱད་ཡོད་ཅིང་འབྱོར་བཞིན་དུ་འཚོ་བ་མ་སྦྱར་ཅིང་མ་བསྡུས་ན་ལྟུང་བའོ། །བར་ཆད་ཡོད་པར་མཐོང་བ་ལ་མ་སྤངས་པ། སློབ་མ་ལ་གནོད་པ་སྲོག་ལ་བབ་པའམ་ཚངས་པར་སྤྱོད་པའི་བར་ཆད་དུ་འགྱུར་བ་ཞིག་ཡོད་པར་ ཤེས་ལ་གུད་དུ་མ་སྤས་ཤིང་སྐྱོབ་མ་བྱས་ན་ལྟུང་བའོ། །མ་བསླབས་པ། སློབ་མ་ལ་ཆོས་མ་བསྟན་ཅིང་མ་བསླབས་ན་མཁན་མོ་ལྟུང་བར་འགྱུར། ནད་གཡོག་མ་བྱས་པ། སློབ་མ་ན་བ་ལ་གཡོག་མ་བྱས་ནའང་ལྟུང་བ། གྲོགས་མོ་ན་བ་ལའང་གཡོག་བྱ། ཉེ་གནས་དག་ཀྱང་ངོ་། ། མདོ་ལྟག་མ་རྣམས་ལྟར་ཉེ་གནས་ལ་མ་བྱས་ནའང་ལྟུང་བའོ། །གཡེལ་བར་ཆུད་པའོ། །སློབ་མ་ལ་མཁན་མོ་གཡེལ་བའི་ལྟུང་བ་རྫོགས་སོ།། །།བདག་གི་གཞུག་གནས་སུ་རྒྱ་སྐྱེགས་སྨྱང་སྨྱང་པོ་ནང་དུ་བཅངས་པའོ། །དགེ་སློང་མས་བདག་བདག་གིས་མོ་མཚན་དུ་རྒྱ་སྐྱེགས་ སྨྱང་སྨྱང་པོར་བྱས་ཏེ་བཅུག་ན་ལྟུང་བའོ། །གཞན་གྱིས་བདག་གི་མོ་མཚན་དུ་རྒྱ་སྐྱེགས་སྨྱང་སྨྱང་པོར་བྱས་ཏེ་བཅུག་ན་སྦོམ་པོའོ། །རྒྱུན་ལ་གྱེན་དུ་མི་བཟེད། ཆུ་འབབ་པའི་ཁར་མོ་མཚན་བཟེད་ན་ཉེས་བྱས་སོ། །མངལ་གྱི་སྒོར་མི་བླུགས། སྐྱེས་པའི་ཁུ་བ་ཕྱུང་ཟིན་པ་བདག་གི་མོ་ མཚན་དུ་མི་བླུགས། བླུགས་ན་ཉེས་བྱས། སྣམ་བུ་རིང་པོས་ངོས་བཅིང་བར་མི་བྱ། ཁྱིམ་མི་བུད་མེད་ཁྱིམ་ཐབ་དང་ཐལ་བ་དང་སྐྱེས་པའི་མིག་སྔར་སྡུག་པར་བྱ་བའི་ཕྱིར་རྐེད་པ་རས་ཀྱི་སྣམ་བུས་དཀྲིས་པ་ལྟ་བུར་དགེ་སློང་མས་བྱས་ན་ཉེས་བྱས། ནུ་གབ་ཀྱིས་ནུ་མ་ལ་མ་ཡིན། བུད་མེད་ཁྱིམ་མ་ དང་སྐྱེས་པ་འདོད་ཆགས་སྐྱེ་བ་དང་སྡུག་པར་བྱ་བ་དང་རྒྱོ་བའི་ཚེ་བདེ་ཞིང་མཁྲང་བར་བྱ་བའི་ཕྱིར་ནུ་མ་འཕྱང་དུ་མི་གཏོང་བར་ནུ་གབ་ཀྱིས་དཀྲིས་ན་ཉེས་བྱས། བདེ་བར་བྱ་བའི་བར་ཆད་ཀྱིས་མ་ཡིན། རྒྱོ་ན་བདེ་བ་དང་མིག་སྔར་སྡུག་པར་བྱ་བའི་ཕྱིར་ནུ་མ་སོ་སོ་ན་མཁྲང་བར་འདུག་ཅིང་ ནང་མི་འཕྱར་བར་རས་ཀྱི་བར་དུ་བཅུག་སྟེ་ཁྱིམ་མི་སྒེག་མོ་ལྟར་མི་བྱ་བྱས་ན་ཉེས་བྱས་དཔེ་དེ་བཞིན་ཏེ། མདོ་ལྟག་མ་རྣམས་དང་འདྲ་བར་ཁྱིམ་མི་སྒེག་མོ་ཡོ་བྱད་དྲི་བསུང་གིས་བསྐུ་བ་དང་མིག་རྩིས་བསྐུ་བ་དང་རྒྱན་ལ་སོགས་པར་མི་བྱ་བྱས་ན་ཉེས་བྱས། ཡན་ལག་མ་ཡིན་པ་ལ་སྤྱོད་ པའོ། །ཁྱིམ་མིའི་སྤྱོད་པ་ལྟར་བྱེད་པའི་ལྟུང་བ་དང་ཉེས་བྱས་རྫོགས་སོ།། །།སོར་མོ་ཚིགས་གཉིས་འདས་པར་མོ་མཚན་གྱི་ནང་བཀྲུས་ནའོ། །མོ་མཚན་བཀྲུ་བའི་ཚེ་སོར་མོ་ཚིགས་གཉིས་ལས་འདས་པར་ནང་དུ་བཅུག་ཅིང་བཀྲུས་ན་ལྟུང་བའོ། །ཡན་ལག་མེད་པ་ལས་བྱེད་པའོ། ། མོ་མཚན་དུ་སོར་མོ་བཅུག་པའི་ལྟུང་བ་རྫོགས་སོ།། །།ལག་མཐིལ་གྱི་ཐལ་མོས་འདི་ལ་འབྱིན་པ་ཡང་ངོ་། །འདོད་ཆགས་ཀྱི་ཕྱིར་མོ་མཚན་ཐལ་མོས་བརྡེབས་ན་ལྟུང་བའོ། །ཡན་ལག་མེད་པ་ལ་སྤྱོད་པའི་ཆོ་ག་མ་རུང་བར་བྱེད་པའི་ཚུལ། མོ་མཚན་ལ་ཐལ་མོས་བསྣུན་པའི་ ལྟུང་བ་རྫོགས་སོ།། །།སྤུ་འདྲེག་པར་བྱས་སམ་བྱེད་དུ་བཅུག་ནའོ། །མོ་མཚན་གྱི་སྤུ་བདག་གིས་བྲེགས་སམ་འབྲེག་ཏུ་བཅུག་པ་སྟེ་བྲེགས་ན་ལྟུང་བ། མཆན་ཁུང་གི་སྤུ་བྲེགས་ན་ཉེས་བྱས། གཞུག་གནས་བརྟགས་ནའོ། །མོ་མཚན་གྱི་སྤུ་བྲེགས་ པའི་ལྟུང་བ་རྫོགས་སོ།། །།ཁྱིམ་པ་དང་ལྷན་ཅིག་དབེན་པ་ན་འདུག་པའོ། །ཁྱིམ་པ་སྐྱེས་པ་དང་དབེན་པ་ན་འདོམ་གང་ཚུན་ཆད་དུ་ལྷན་ཅིག་འདུག་ན་ལྟུང་བ། འགྲེང་ནའང་ལྟུང་བའོ། །རྩིག་པ་དང་སབ་མོ་དང་གོས་དང་སྟུག་པོ་དང་མུན་པ་དེར་འགྲུབ་པོ། །དབེན་པ་ནི་རྩིག་པས་ བསྐོར་བ་དང་སབ་མོས་བསྐོར་བ་དང་། ཡོལ་བས་བཅད་པ་དང་ནགས་དང་མུན་པ་དང་འདི་རྣམས་གག་ཀྱང་རུང་སྟེ་དབེན་པ་ཡིན་ཏེ་འདུག་ཅིང་འགྲེང་ན་ལྟུང་བའོ། །དགེ་སློང་དང་ཡང་ངོ་། །དབེན་པར་དགེ་སློང་དང་འདུག་ན་ལྟུང་བའོ། །བླ་གབ་མེད་པར་སྔ་མ་དང་ཡང་ངོ་། །ཐང་ ཡངས་པ་ན་ལམ་རིང་པོ་ནས་གཞན་གྱིས་བལྟར་སྣང་ཞིང་མཐོང་ཡང་ཁྱིམ་པ་དང་འདུག་གམ་འགྲེང་ན་ལྟུང་བའོ། །བླ་མ་དང་ངོ་། །ཐང་ཡངས་པར་དགེ་སློང་དང་འདུག་གམ་འགྲེང་ན་ལྟུང་བའོ། །ལྟུང་བ་མེད་པ་ནི་དེ་གཉིས་དང་ལྷན་ཅིག་ནའོ། །དགེ་སློང་གཉིས་ཡོད་ན་བདག་གཅིག་པུ་དང་ འགྲེང་ཡང་ཉེས་མེད་དོ། །དགེ་སློང་གཅིག་སྐྱ་བོ་གཅིག་དང་གཉིས་འཁོད་པའང་ཉེས་མེད་དོ། །ཁྱིམ་པ་གཉིས་དང་འདུག་ན་ལྟུང་བའོ། །དགེ་སློང་མ་དེའི་ཕྱི་བཞིན་ཞི་བ་སྤྱོད་པ་ན་ཡང་ངོ་། །བདག་དང་གྲོགས་དགེ་སློབ་མ་གཅིག་དང་གཉིས་ཡོད་ན་སྐྱེས་པ་དང་དགེ་སློང་གང་དང་འདུག་ ཀྱང་ཉེས་མེད་དོ། །ཁྱིམ་པ་ལ་རྣ་བ་ཉེ་བར་དག་བྱིན་ནའོ། །སྐྱེས་པ་ཁྱིམ་པ་ལ་དགེ་སློང་མས་རྣ་བར་གཤུབས་ཏེ་སྨྲས་ན་ལྟུང་བའོ། །དེ་བཞིན་ཉིད་ཀྱིས་འཛིན་ནའོ། །སྐྱེས་པས་གཤུབས་ཏེ་རྣ་བར་སྨྲས་ལ་དགེ་སློང་མས་མཉན་ན་ལྟུང་བའོ། །དགེ་སློང་མས་དགེ་སློང་ལ་གཤུབས་ཏེ་སྨྲས་ ནའང་ལྟུང་བའོ། །དེ་ལས་ཀྱང་ངོ་། །དགེ་སློང་ཕས་གཤུབས་ཏེ་སྨྲས་པ་ལ་དགེ་སློང་མས་མཉན་ནའང་ལྟུང་བའོ། །ཁྱིམ་པ་ལས་རིགས་པ་བླང་པའོ། །ཁྱིམ་པ་ལས་དགེ་སློང་མས་སྔགས་དང་ཡི་གེ་བསླབ་ནའང་ལྟུང་བའོ། །དེ་ལས་དེ་ཀློག་པ་ན་ཡང་ངོ་། །དགེ་སློང་མ་ལ་ཁྱིམ་པས་ ཡི་གེ་དང་སྔགས་སློབ་ཏུ་བཅུག་ནའང་ལྟུང་བའོ། །ལྟུང་བ་མེད་པ་ནི་བསད་པ་ལ་སོགས་པའོ། །རྨ་བཅིངས་ཤིང་བཅིངས་སྒྱུས་བཀྲོལ་ནའོ། །དགེ་སློང་མའི་རྐང་ལག་ལ་རྨ་ཡོད་དེ་སྨན་པས་བཅིངས་ཤིང་བཅུག་ནས་འདོད་ཆགས་ལངས་ཏེ་རིང་དུ་ཐོགས་པར་བྱ་བའི་ཕྱིར་ན་ཞིང་མི་བདེ་སྟེ་ དེ་ལྟར་མི་རུང་ཞེས་ལན་དུ་མར་བཅིང་ཞིང་བཀྲོལ་དུ་བཅུག་ནའང་ལྟུང་བའོ། །དེ་བས་ན་ལྟུང་བ་མེད་པ་ནི་བདེ་བའི་ཕྱིར་དངོས་པོ་ལ་ཡང་ངོ་། །ཉེས་མེད་པ་ནི་སྨན་པས་རྨ་བཅིང་བ་ལ་འདོད་ཆགས་ཀྱི་སེམས་མེད་ཅིང་རྙིང་ནས་རྨ་མི་བདེ་སྟེ་འཆིང་ཞིང་འགྲོལ་དུ་བཅུག་པ་ལ་ནི་ཉེས་མེད་ དོ། །མི་རེག་པའི་འདུ་འཛིར་གཏོགས་པའོ། །རེག་པར་དགའ་བའི་ཕྱིར་རྨ་བཅིང་དུ་བཅུག་སྟེ་ལན་དུ་མར་བཅིང་ཞིང་འགྲོལ་བར་བཅུག་པའི་ལྟུང་བའོ། །རྒྱུད་འཆང་ནའོ། །བྱིས་པ་ནད་པ་ཕོ་གསོལ་ཞིང་ཕྱི་བདར་བྱས་ཏེ་འཆང་ན་ལྟུང་བའོ། །འཕེལ་ལ་སྲེད་པའོ། །བྱིས་པ་དང་ འགྲོགས་ཤིང་རྩེ་དགའི་ལྟུང་བ་རྫོགས་སོ།། །།ཁྱིམ་གྱི་བདག་པོ་ལ་མ་ཞུས་པར་ནུབ་མོ་འདས་ནའོ། །ཁྱིམ་བདག་འདུག་པར་མ་གསོལ་ཅིང་མ་ཞུས་པར་ཁྱིམ་པའི་ཁྱིམ་དུ་ཞག་ལོན་ན་ལྟུང་བའོ། །ལྟུང་བ་མེད་པ་ནི་བདག་མོ་བུད་མེད་དེ་ལ་མ་དྲིས་ནའོ། །ལྟུང་བར་མི་འགྱུར་བ་ནི་ ཁྱིམ་བདག་བུད་མེད་ཡིན་ནམ་ཁྱིམ་ཐབ་པས་ཁྱིམ་ཐབ་བུད་མེད་དབང་ཆེ་བ་ཞིག་ན་མ་དྲིས་པར་འདུག་ཀྱང་ཉེས་མེད་དོ། །ནུབ་མོ་མ་བརྟགས་པར་དབེན་པར་གནས་ནའོ། །དགེ་སློང་མའི་གནས་སུ་ནུབ་མོ་སྐྱེས་པ་ལ་སོགས་པ་ཡོད་དམ་མེད། མ་དྲུལ་ཏམ་མ་བལྟས་པར་འདུག་ན་ལྟུང་བའོ། ། ཁང་བུར་དགེ་སློང་མ་གཞན་མེད་པར་ན་ཡང་ངོ་། །དགེ་སློང་མ་གྲོགས་མོ་མེད་པར་ཁང་བུ་གཅིག་གི་ནང་ན་ཉལ་བའང་ལྟུང་བའོ། །ལྟུང་བ་མེད་པ་ནི་བསད་པ་ལ་སོགས་པའོ། །ཉེས་མེད་པ་ནི་ཁང་བུ་གཅིག་གི་ནང་ན་དགེ་སློང་མ་གྲོགས་གཅིག་དང་འདུག་འདུག་པ་ལས་གྲོགས་ དེ་ཤིའམ་བྲོས་སམ་རྐུན་པོས་ཁྱེར་ཏེ་མེད་པར་གྱུར་ནས་འབའ་ཞིག་ལུས་པ་ནི་ཉེས་མེད་དོ། །གནོད་པ་འབྱུང་བའི་སྒོ་སྤང་བའོ། །གནོད་པ་དང་ཉེས་པ་འབྱུང་བའི་ལྟུང་བ་རྫོགས་སོ།། །།དགེ་སློང་མ་དང་ལྷན་ཅིག་ཏུ་ཁྲི་གཅིག་གི་སྟེང་ན་འདབ་ཆགས་སུ་ཉལ་བར་གཏོགས་ པའོ། །དགེ་སློང་མ་དང་ལྷན་ཅིག་རུམ་གཅིག་ཏུ་ཁྲིའམ་མལ་གཅིག་ཏུ་མཐང་ཕྲད་པར་ཉལ་བ་ནི་ལྟུང་བའོ། །ལྟུང་བ་མེད་པ་ནི་འདི་དག་དང་ལྷན་ཅིག་ན་སྟེ་དུ་མའང་བར་ཆད་ཚད་ཐུར་ལ་སོགས་པས་བྱས་ལ་དྲན་པ་ཉེ་བར་བཞག་སྟེ་ཡན་ལག་རེག་པར་མྱོང་བ་ མེད་པར་ཁྲི་མི་གཡོ་བའམ་གདིང་བ་ཕལ་ལའོ། །ལྷན་ཅིག་ཏུ་ཉལ་ཡང་ཉེས་པ་མེད་པ་ནི་གོས་ཀྱིས་མི་ཆོག་ཅིང་མལ་མེད་ན་བར་དུ་རྩང་ཐུར་ལ་སོགས་པས་བཅད་དེ་མཐང་མི་ཕྲད་ཅིང་འདོད་ཆགས་མི་ལྡང་ཞིང་དྲན་པ་ཉེ་བར་བཞག་སྟེ་ཁྲི་མི་གཡོ་ཞིང་སྒྲ་མི་དབྱུང་བ་ལ་ཉལ་བ་ནི་ཉེས་ མེད་དོ། །འབྱོར་ན་ཡང་ཉེས་བྱས་པའོ། །གོས་ཀྱིས་འབྱོར་ཅིང་མལ་ཡོད་བཞིན་དུ་མལ་གཅིག་ཏུ་ལྷན་ཅིག་ཉལ་བ་ནི་བར་ཆད་ཡོད་ཀྱང་ཉེས་བྱས། ལོངས་པས་གནང་བ་དགག་པའོ། །རུམ་གཅིག་ཏུ་ཉལ་བའི་ལྟུང་བ་རྫོགས་སོ།། །།བདག་གི་ཡན་ལག་ལ་དགེ་སློང་མ་འདྲིལ་ དུ་བཅུག་ནའོ། །དགེ་སློང་མའི་ལུས་ལ་དགེ་སློང་མ་གྲོགས་ལྡེ་གུ་ལ་སོགས་པས་འདྲིལ་དུ་བཅུག་ན་ལྟུང་བའོ། །དགེ་སློང་མའི་ཡང་ངོ་། །དགེ་སློང་མའི་ལུས་ལ་དགེ་སློང་མ་ལྡེ་གུ་ལ་སོགས་པས་འདྲིལ་ཞིང་མཉེར་བཅུག་ན་ལྟུང་བའོ། །དགེ་སྦྱོང་མ་ཡང་ངོ་། །དགེ་སྦྱོང་མའི་ འདྲིལ་དུ་བཅུག་ཀྱང་ལྟུང་བའོ། །ཁྱིམ་མ་ཡང་ངོ་། །ཁྱིམ་མས་འདྲིལ་ན་ལྟུང་བ། མུར་འདུག་མས་ཀྱང་ངོ་། །མུར་འདུག་མས་འདྲིལ་ནའང་ལྟུང་བ་འདྲིལ་དུ་བཅུག་ནའང་ཡང་ངོ་། །མདོ་ལྟག་མ་རྣམས་ཀྱི་ནང་ནས་འབྱུང་བ་རྣམས་ཀྱིས་ལུས་ལ་མཉེད་དུ་བཅུག་ཀྱང་ལྟུང་བའོ། ། སྤོས་ཀྱི་རྫས་ཀྱིས་བདག་གི་ཡན་ལག་དྲིལ་ན་ཡང་ངོ་། །སྤོས་དང་དྲི་བསུང་ལ་སོགས་པས་བདག་གི་ལུས་ལ་གཞན་སྐུད་དུ་བཅུག་ཀྱང་རུང་བདག་ཉིད་ཀྱིས་བསྐུས་ཀྱང་རུང་ལྟུང་བ། ཚིགས་མས་ཀྱང་ངོ་། །ཡུངས་མར་ཏིལ་གྱི་ཚིགས་མས་ལུས་ལ་བསྐུས་ནའང་ལྟུང་བ། ལས་ ཀུན་ཆུད་པའོ། །ལུས་ལ་མཉེད་ཅིད་སྐུད་པའི་ལྟུང་བ་རྫོགས་སོ།། །།ལག་པ་སྦྲེལ་ཅིང་ཁྲུས་བྱེད་ན་ཡང་ངོ་། །དགེ་སློང་མ་གྲོགས་དང་ལག་སྦྲེལ་ཅིང་ཆུའི་ནང་དུ་འཁྲུ་བ་ཡང་ལྟུང་བའོ། །ཆུ་ལ་སྤྱོད་པའོ། །ཆུའི་ནང་དུ་འཁྲུ་བའི་ལྟུང་བ་རྫོགས་སོ།། །།བཤད་པའི་ཕྱིར་ རྩྭ་ཨུ་ཤི་རས་བརྐོས་ན་ཡང་ངོ་། །སྐྲ་ལ་རྩྭ་ཨུ་ཤི་རས་བཤད་ན་ཡང་ལྟུང་བའོ། །སོ་མངས་དང་རྩྭ་ཁུར་དང་གསུམ་དུ་གསུངས་པ་དང་སྐྲ་བརྙན་ཡང་ངོ་། །སོ་མངས་དང་ཕག་གཟེ་དང་རྩྭས་བཤད་ནའང་ལྟུང་བའོ། །འདི་གསུམ་ཆར་བསྡུས་ཏེ་གཅིག་ཏུ་བཤད་ཀྱང་ལྟུང་། སོ་སོར་བཤད་ ཀྱང་ལྟུང་། དགེ་སློང་མ་སྐྲ་བརྙན་ཐོགས་ནའང་ལྟུང་བའོ། །ཁྱིམ་པའི་རྒྱན་ཐོགས་ཀྱང་ངོ་། །དགེ་སློང་མས་ཁྱིམ་པའི་རྒྱན་གསེར་དངུལ་དང་རིན་པོ་ཆེ་ལས་བྱས་པ་ཐོགས་ན་ལྟུང་། ཟངས་དང་ལྕགས་ཀྱི་རྒྱན་དུ་བྱས་པ་ཐོགས་ནའང་ཉེས་བྱས། བྱི་བདར་དུ་ཆུད་པའོ། །ལུས་ལ་རྒྱན་ ཐོགས་ཤིང་བྱི་དོར་བྱེད་པའི་ལྟུང་བ་རྫོགས་སོ།། །།བྲོ་བརྡུངས་ན་ཡང་ངོ་། །དགེ་སློང་མས་བྲོ་བརྡུངས་ན་ཡང་ལྟུང་བའོ། །གང་ཅིའི་ཡན་ལག་གིས་ཀྱང་ངོ་། །དགེ་སློང་མ་རྩེད་མོ་བྱེད་ན་ལུས་བསྒྱུར་ཏམ་ཁ་བསྙེར་ཏམ་མིག་བསྒྱུར་བ་ལ་སོགས་པ་ཅི་བྱས་ཀྱང་ལྟུང་བའོ། །གླུ་ལེན་ན་ཡང་ ངོ་། །དགེ་སློང་མས་གླུ་བླངས་ན་ལྟུང་བའོ། །གང་དུ་དེ་དག་ཏུ་དེའི་བསམ་པས་དབྱངས་ཀྱི་བསྒྱུར་བ་ཡང་ངོ་། །ཡི་གེ་ཀློག་པའི་ཕྱིར་བསམས་ཏེ་གཏང་རག་དང་གྲེ་བསྒྱུར་དང་གླུའི་དབྱངས་རོ་འདྲ་བ་བྱས་ནའང་ལྟུང་བའོ། །སིལ་སྙན་བླངས་ན་ཡང་ངོ་། །རྔ་དང་གླིང་བུ་ལ་སོགས་པ་རོལ་ མོའི་ཡོ་བྱད་ལས་བླངས་ཤིང་བུས་ན་ལྟུང་བ། རེག་པའི་ཚེ་ནའང་ལྟུང་བ། ཏྲོག་ཏྲོག་པོར་ཆུད་པའོ། །རྩེ་ཞིང་ཏྲོག་ཏྲོག་པོར་བྱེད་པའི་ལྟུང་བ་རྫོགས་སོ།། །།གདུགས་ཀུན་དུ་སྤྱོད་པར་འགྱུར་བར་འཆང་ན་ཡང་ངོ་། །དགེ་སློང་མས་གདུགས་ཐོགས་ཤིང་སྤྱོད་ནའང་ལྟུང་བའོ། །ལྷམ་ གོང་མེད་ཀྱང་ངོ་། །དགེ་སློང་མས་ལྷམ་གག་ཀྱང་རུང་གྱོན་ན་ལྟུང་བའོ། །ལྟུང་བ་མེད་པ་ནི་དབྱར་མོ་ཐང་ན་མལ་སྟན་བསྲུང་བའི་ཕྱིར་ན་ཡང་ངོ་། །ལྷམ་གྱོན་ཀྱང་ཉེས་མེད་པ་ནི་དབྱར་མོ་ཐང་བདག་གི་གནས་ན་རྐང་པ་བཀྲུས་ཏེ་ཉལ་བའི་ཚེ་མལ་སྟན་ལ་རྐང་པའི་རྡུལ་གྱིས་མི་ཕོག་པར་བྱ་ བའི་ཕྱིར་ལྷམ་གྱོན་པ་ནི་ཉེས་མེད་དོ། །ཁྲིའི་སྟེང་དུ་ཀུན་དུ་སྤྱོད་པ་མྱོང་ན་ཡང་ངོ་། །དགེ་སློང་མ་ཁྲིའི་ཐོག་ན་འདུག་ལ་ཁྲིའི་ཕ་རོལ་ཚུ་རོལ་ནས་སློབ་མ་ལ་སོགས་པ་གཞན་གྱིས་ཐེག་ཅིང་སྤྱོད་ན་ལྟུང་བའོ། །སྒེག་སྒེག་མོར་ཆུད་པའོ། །སྒེག་སྒེག་མོ་བྱེད་པའི་ལྟུང་བ་རྫོགས་སོ།། །། གྲོང་བར་དུ་མ་བསྒོ་བར་འདུག་ན་ཡང་ངོ་། །གྲོང་བར་ཁྱིམ་པའི་ཁྱིམ་དུ་སྟན་ལ་འདུག་ཅེས་མ་བསྒོ་བར་ཐུག་ཐུབ་ཏུ་སྟན་ལ་འདུག་ན་ལྟུང་བའོ། །ཕོ་བརྗིད་ཀྱིས་ཀྱང་ངོ་། །ཕོ་བརྗིད་བྱེད་པའི་ལྟུང་བའོ། །ཆོས་བསྙད་པའི་ཕྱིར་གནས་ཤིང་སྤྱོད་པའི་ཁྱིམ་པའི་མལ་སྟན་ ཁྱིམ་པ་ལ་མ་བསྙད་པར་བོར་ཏེ་སོང་ནའོ། །ཆོས་བཤད་པའི་ཕྱིར་ཁྱིམ་པས་ཁྲི་སྟན་བཏིང་བ་ལ་འདུག་འདུག་སྟེ་ཁྱིམ་པ་མེད་དེ་བདག་གིས་ཀྱང་མ་བརྟུལ་པར་བོར་ཏེ་སོང་ན་ལྟུང་བའོ། །དེའི་མཚམས་བཏང་ན་མཐའོ། །སྟན་མ་བརྟུལ་ཏེ་བོར་ཏེ་སོང་ནས་འདོམ་བཞི་བཅུ་རྩ་འདས་ན་ལྟུང་ བའོ། །བླན་པའོ། །སྟན་མ་བརྟུལ་བའི་ལྟུང་བ་རྫོགས་སོ།། །།སྐུད་པ་འཁལ་ན་ཡང་ངོ་། །གོས་རྒྱུའི་སྐུད་པ་བལ་འཁལ་ན་ལྟུང་བའོ། །ལྟུང་བ་མེད་པ་ནི་རྒྱ་ཅང་དང་ལྕག་ཕོད་ཀྱི་ཕྱིར་ཕྱོགས་དབེན་པར་རོ། །སྐུད་པ་བཀལ་ཀྱང་ཉེས་པ་མེད་པ་ནི་རྒྱ་ཅང་དང་ལྕག་ཕོད་དང་སྐུད་པ་ལས་ པ་ཕྲན་ཚེགས་དབེན་པར་གཞན་གྱིས་མ་མཐོང་བར་བཀལ་བ་ཉེས་མེད་དོ། །དགེ་སློང་མའི་དགེ་འདུན་མའི་གོས་བདག་གིར་བྱས་ན་ཡང་ངོ་། །དགེ་འདུན་ལ་དགོས་པའི་ཕྱིར་ཁྱིམ་པ་ལས་གོས་བསླངས་ཏེ་དགེ་སློང་གིར་མ་བྱས་པར་བདག་གིར་བྱས་ན་ལྟུང་བའོ། །ཟས་བཙོངས་ པ་བྱས་ན་ཡང་ངོ་། །ཁ་ཟས་དང་ཁ་ཟས་ཀྱི་རྒྱུ་འཚོང་བསྒྱུར་ན་ཡང་ལྟུང་བའོ། །ཁྱིམ་པ་ཡིར་གཏོགས་པ་ན་ཡང་ངོ་། །ཁྱིམ་པའི་ལས་མ་གཏོགས་པ་ཅི་ཡང་རུང་བདག་གིས་གྲོགས་བྱས་ན་ལྟུང་བའོ། །ཆང་གི་ལས་མི་བྱ། ཆང་མ་རུང་བར་སོང་བ་ཞིམ་པོར་བྱེད་པ་ལ་སོགས་པ་ཆང་གི་གྲོགས་བྱེད་ ན་ཡང་ཉེས་བྱས། ཆང་འཚོང་བར་མི་བྱ། ཆང་བཙོངས་ན་ཉེས་བྱས། རློན་པ་བཙོས་ན་ཡང་ངོ་། །ཁ་ཟས་མ་ཚོས་པ་སླར་བསླས་ཏེ་བཙོས་པ་ནི་ལྟུང་བ། ལྟུང་བ་མེད་པ་ནི་དགེ་སློང་ཕའི་དགེ་འདུན་དང་སློབ་དཔོན་དང་ཚངས་པ་མཚུངས་པར་སྤྱོད་པའི་ཕྱིར་ན་ཕྱོགས་དབེན་པར་རོ། །ཁ་ཟས་ བཙོས་ཀྱང་ཉེས་མེད་པ་ནི་དགེ་འདུན་ཕོ་དང་སློབ་དཔོན་དང་མཁན་པོ་དང་དགེ་སློང་ཚངས་པར་སྤྱོད་པ་གང་ཟག་གི་ཕྱིར་བྱས་པ་ནི་ཉེས་མེད་དོ། །ཁྱིམ་པའི་བཟོར་ཆུད་པའོ། །ཁྱིམ་མའི་ལས་སྤྱད་པའི་ལྟུང་བ་རྫོགས་སོ།། །།ཟོས་ནས་སྟན་ལས་འཕོས་ཏེ་ཟོས་ན་ཡང་ངོ་། །ཟན་ ཟ་བ་ལས་ལན་མང་དུ་ཡང་ལངས་ཡང་འདུག་བྱེད་ཅིང་འཆག་ཅིང་ཟ་ན་ལྟུང་བའོ། །བཅུད་པའི་ཚུལ་ལོ། །ཟན་སློས་ཤིང་ཟ་བའི་ལྟུང་བའོ། །སྒོག་པ་ཡང་ངོ་། །སྒོག་པ་ཟོས་ན་ལྟུང་བའོ། །འདུས་པར་མི་རིགས་པའོ། །སྒོག་པ་ཟོས་པའི་ལྟུང་བ་རྫོགས་སོ།། །།རྡུལ་གོས་མ་བཅངས་ནའོ། ། མོ་མཚན་ལས་ཁྲག་ཟག་པའི་ཕྱིར་དགབ་པའི་རས་བཅངས་ཤིང་། མ་གཡོགས་ན་ལྟུང་བའོ། །གནས་པར་ཐེ་གུས་ལུས་བཅིང་ངོ་། །དགབ་པའི་རས་ལ་ཐེ་གུས་བཏགས་ཏེ་མི་ལྟུང་བའི་ཕྱིར་ལུས་ལ་བཅིང་ངོ་། །དུས་དུས་སུ་དེ་བཀྲུ་ཞིང་བཙོ། མོ་མཚན་དགབ་པའི་རས་ཁྲག་ མི་འོང་པའི་སྐབས་སུ་བཀྲུ་ཞིང་བཙོ། ཆུའི་རས་ཀྱང་ངོ་། །ཁྲུས་རས་འཁོར་གསུམ་ཡོག་པ་གཅིག་དང་ལུས་ཐམས་ཅད་ཡོག་པ་གཅིག་དང་གཉིས་བཅང་ངོ་། །ཁྲུས་རས་ཆུང་ངུས་མ་གཡོགས་པར་བཀྲུས་ན་ལྟུང་། ཆེན་པོས་མ་གཡོགས་པ་ནི་ཉེས་བྱས་སོ། །དེ་བཅང་། ཁྲུས་ རས་ཆེ་ཆུང་གཉིས་བཅང་ན་ཉེས་བྱས། འཁྲུ་བས་གོས་དེ་བཀྲུས་ན་ཡང་ངོ་། །ཁྲུས་མཁན་ལ་གོས་འཁྲུར་བཅུག་ན་རྙིང་པ་ནི་ལྟུང་བ་སར་པ་ནི་ཉེས་བྱས། དབེན་པ་ཞིག་པར་ཆུད་པའོ། །མོ་མཚན་མ་གཡོགས་པའི་ལྟུང་བའོ། །དགེ་སློང་མའི་གོས་ཁྱིམ་པ་བསྐོན་པའི་ཕྱིར་བྱིན་ ན་ཡང་ངོ་། །དགེ་སློང་མའི་ཆོས་གོས་ཁྱིམ་པ་བསྐོན་ཞིང་སྤྱོད་དུ་བཅུག་ན་ལྟུང་བའོ། །ཆོས་ཀྱི་རྒྱལ་མཚན་ལ་བསྟི་སྟང་མེད་པར་བཅུད་པའོ། །ཆོས་གོས་ཁྱིམ་པ་བསྐོན་པའི་ལྟུང་བ་རྫོགས་སོ།། །།དགེ་སློང་དང་ལྷན་ཅིག་ཏུ་སྦྱར་མ་བརྗེ་ན་ཡང་ངོ་། །དགེ་སློང་མའི་ཆོས་གོས་ ཆེན་པོ་དགེ་སློང་དང་བརྗེ་ན་ལྟུང་བ། ཆོས་གོས་བཞི་ལས་བརྗེས་པ་ནི་ཉེས་བྱས། རྒྱལ་མཚན་བརྗེས་པར་ཆུད་པའོ། །ཆོས་གོས་བརྗེ་བའི་ལྟུང་བའོ། །བསྔགས་པའི་སེར་སྣ་བྱེད་ན་ཡང་ངོ་། །དགེ་སློང་མ་གཞན་ཆོས་མཁས་པ་ལ་སོགས་པའི་ཡོན་ཏན་མཁན་མོའི་མདུན་ དུ་སློབ་མས་བསྔགས་ནས་མཁན་མོས་གནས་འཆར་མ་བཅུག་སྟེ་དེ་ལྟར་ཁྱོད་སུ་མཁས་པའི་གན་དུ་ཞུས་ཤིག་ཅེས་བྱས་ན་ལྟུང་ངོ་། །རིགས་དང་གྲོང་ཕྱུག་པོ་འདི་རྣམས་ངའི་ས་རིས་ཀྱིས་མ་སློང་ཅིག་ཅེས་ཟེར་བ་དང་། གནས་དང་། བདག་གིས་གཙུག་ལག་ཁང་བརྩིགས་ པ་ལ་དགེ་སློང་མ་གཞན་གནས་སུ་འོངས་པ་ལ་མ་བཞག་པ་དང་། རྙེད་པ་དང་། སློབ་མ་བསོད་སྙོམས་ལས་འཁོར་ཏེ་ཟན་བསྟན་པས་ཁ་ཟས་བཟང་པོ་འདི་བྱིན་པའི་གྲོང་དུ་མ་ལོང་ཤིག་ཅེས་ཟེར་བ་དང་། ཆོས་ལ་སེར་སྣ་བྱེད་པ་ཡང་ངོ་། །ཆོས་སློབ་ ཅིང་ཁ་དོན་འབུལ་བ་ལ་ནམ་བྲེལ་ཏེ་ཞེས་མི་བསྟན་པར་བཀྱིགས་པ་དང་། འདི་རྣམས་གང་བྱས་ཀྱང་ལྟུང་བའོ། །འཇུངས་བར་ཆུད་པའོ། །སེར་སྣ་བྱེད་པའི་ལྟུང་བའོ།། །།དགེ་སློབ་མ་དབྱར་མོ་ཐང་ནས་བསྐྲད་པ་ཡང་ངོ་། །དགེ་སློབ་མ་གཙུག་ལག་ཁང་ཡང་རུང་གང་ ཟག་གི་གནས་ཀྱང་རུང་ཁྱིམ་པའི་ཁྱིམ་ཡང་རུང་བསྐྲད་ན་ལྟུང་བའོ། །ཅི་ལྟར་དེ་ལྟར་དགེ་སློང་མ་ལའོ། །བདག་གིས་བསྐྲད་པ་བཞིན་དུ་གཞན་ལ་སྐྲོད་དུ་བཅོལ་ན་ཐབས་ཇི་ལྟར་བྱས་ཀྱང་རུང་བསྐྲད་ན་ལྟུང་བའོ། །གྲོང་བར་དུ་སྔར་འོངས་པ་ལ་ཡང་ངོ་། །དགེ་སློང་མ་སྔ་ན་གྲོང་ བར་ན་ཟན་སློང་ཞིང་འདུག་པ་ལ་ཕྱིས་འོངས་པས་གུད་དུ་སློངས་ཤིག་ཅེས་བསྒོ་ནའང་ལྟུང་། ཕྱིས་འོངས་པ་ལས་མ་འོང་ཤིག་ཅེས་སྔ་ནས་བསྐྲད་ཀྱང་ལྟུང་། བསྐྲད་པར་ཆུད་པའོ། །སྐྲོད་པའི་ལྟུང་བའོ།། །།ལྟ་བ་ངན་པ་ལ་སོགས་པས་རྒོལ་ནའོ། །ལྟུང་བ་མན་ཆད་གཅིག་ལས་ ཉེས་པ་ཞིག་བྱུང་ངོ་ཞེས་སྐུར་ན་ལྟུང་བའོ། །འཚེ་བར་ཆུད་པའོ། །སྐུར་ཅིང་འཚེ་བའི་ལྟུང་བའོ།། །།མནའ་འདོར་བ་ཡང་ངོ་། །དགེ་སློང་མས་མནའ་བོར་ན་ལྟུང་བའོ། །བཟློག་པས་སྟོན་པར་ཆུད་པའོ། །མནའ་འདོར་བའི་ལྟུང་བའོ། །ཁྲོས་པར་བདག་ལ་བསྣུན་ནའོ། །བདག་ ལ་བདག་ཁྲོས་ཤིང་བདག་ལ་བརྡེགས་སམ་ལུས་རྡེབས་ན་ལྟུང་བའོ། །མི་བརྟན་པར་སྒྱུར་བར་བྱེད་པའོ། །བདག་ལ་རྡེག་པའི་ལྟུང་བའོ།། །།དགེ་སློང་མའི་དགེ་འདུན་རྣམས་ལ་འཕྱ་བའོ། །དགེ་སློང་མའི་དགེ་འདུན་ལ་ཉེས་སོ་ཞེས་འཕྱས་བྱེད་ན་ལྟུང་བའོ། །རྒྱབ་ཡང་ངོ་། ། དགེ་འདུན་ལ་རྒྱ་གང་ཟེར་ཞིང་སྤྱོད་ནའང་ལྟུང་བའོ། །འཁོར་གྱི་ཐུ་བོ་ལ་ཆུ་འཐོར་བའོ། །དགེ་སློང་ཕ་ལ་ཆུས་གཏོར་ན་ལྟུང་བའོ། །ལྟུང་བ་མེད་པ་ནི་བརྒྱལ་ནའོ། །དགེ་སློང་ཕ་བརྒྱལ་བ་ལ་ཆུས་འཐོར་བ་ནི་ཉེས་མེད་དོ། །དགེ་སློང་ལ་མཆིལ་མས་མི་གདབ། དགེ་སློང་ཕ་ལ་ མཆིལ་མས་གཏོར་ན་ཉེས་བྱས། རྐོག་ཏུ་དགེ་སློང་པ་ལ་དམིགས་ཏེ་ཐུབ་འདི་ཅེས་བྱས་ན་ཉེས་བྱས་རབ་ཏུ་འབྱུང་བ་འདི་ལ་མི་བརྒྱད། དགེ་སློང་ཕོ་མོ་དང་དགེ་སློང་མ་ལ་སྤྱོ་ཞིང་བརྒྱད་ན་ཡང་ཉེས་བྱས། གཉིས་ཀྱང་དེ་བཞིན་ནོ། །དགེ་སློང་ཕོ་མོ་གཉིས་ལ་སྤྱོ་ཞིང་བརྒྱད་ན་ཡང་ ཉེས་བྱས། དགེ་སློང་གི་མདུན་དུ་སྤྱོད་ཡུལ་མི་སྤྱད། དགེ་སློང་སློང་མོ་སྤྱོད་པ་ལ་དགེ་སློང་མས་དགེ་སློང་མ་མཐོང་བར་སྔོན་དུ་ཁྱིམ་པའི་ཁྱིམ་དུ་སོང་སྟེ་ཡིབས་ནས་དགེ་སློང་འོངས་པ་དང་ཟན་མ་བཙོས་སོ་ཞེས་ཁྱིམ་པ་ཡིན་པ་སྐད་དུ་སྨྲས་ཏེ་དགེ་སློང་སླར་བཟློག་ཅིང་གཡོ་བྱས་ན་ལྟུང་བ། ཟམ་པ་མི་བརྟེན་པ་ལ་དགེ་སློང་དང་ལྷན་ཅིག་ཏུ་མི་འགྲོ། །ཟམ་པ་ལྡེམ་པ་ལ་དགེ་སློང་སྔར་བཏང་ཞིང་དགེ་སློང་མས་ཕྱི་བཞིན་འགྲོ་སྟེ་ཟམ་པ་བསྒུལ་ན་ཉེས་བྱས། དགེ་སློང་མཐོང་མ་ཐག་ཏུ་སྟན་ལས་འཕོ། །དགེ་སློང་ཕ་འོང་བ་མཐོང་ནས་དགེ་སློང་མ་མཁས་ཤིང་ན་རྒན་ཀྱང་སྟན་ ལས་འཕག་གོ། །འདུག་ནས་འགྲེང་བ་འདི་ལ་འདུག་ཅེས་བསྒོ། །དགེ་སློང་ལ་འདུག་ལ་དགེ་སློང་མ་འགྲེང་ཞིང་འཁོད་པ་ལ་འདུག་ཤིག་ཅེས་མ་སྨྲས་ན་དགེ་སློང་ཕ་ཉེས་བྱས། མ་བྱས་ན་གསོལ་ཏེ་འདུག་པར་བྱ། དགེ་སློང་ཕས་དགེ་སློང་མ་ལ་འདུག་མི་ཟེར་ན་འདུག་ན་ཉེས་ སམ་མ་ཉེས་ཞེས་ཞུས་ལ་འཁོད་དོ། །ལྕི་བར་འགྱུར་བ་བཅང་བར་ཆུད་པའོ། །དགེ་འདུན་དང་དགེ་སློང་ལ་འཕྱ་ཞིང་འཆལ་བའི་ལྟུང་བའོ། །དགེ་སློང་མའི་འཐབ་མོ་ལ་ནུས་པ་ཡོད་ལ་ཞི་བར་མ་བྱས་ནའོ། །དགེ་སློང་མ་འཐབ་ཅིང་འཁོད་པ་ལ་བདག་གིས་ཐབ་མོ་ཞི་བར་ནུས་ལ་ མ་བཅུག་ན་ལྟུང་བའོ། །འཁྲུག་པ་གཡེལ་བའོ། །འཐབ་པ་མ་བཅུག་པའི་ལྟུང་བའོ། །དད་པ་བྱིན་ནས་གནས་པའོ། །དགེ་འདུན་མའི་ལས་ཅི་བྱེད་ཀྱང་རུང་དད་པའི་འདྲི་བ་ལ་དད་པ་སྔར་བྱིན་པ་ཡིན་མོད་ཅེས་ཕྱི་མ་མི་སྟེར་ཅིང་ཁྱིག་ན་ལྟུང་བའོ། །ག་མ་སྤྲའི་རྩེད་མོར་ཆུད་པའོ། ། དད་པ་མི་སྟེར་ཅིང་ག་མ་སྤྲ་བྱེད་པའི་ལྟུང་བའོ། །ཟླ་བ་ཕྱེད་ཕྱེད་ཅིང་དགེ་སློང་ལ་འཆད་པའི་སྟོན་པར་མྱོང་ནའོ། །ཟླ་བ་ཕྱེད་ཕྱེད་ཅིང་དབྱར་མོ་ཐང་དུ་དགེ་སློང་ཕ་ལས་ཆོས་འཆད་པ་སྤྱན་མ་དྲངས་ཤིང་མ་བཤད་དམ། ཕོའི་གཙུག་ལག་ཁང་དུ་ཆོས་ཉན་དུ་མ་སོང་ན་ལྟུང་བའོ། །དགེ་ སློང་མེད་པར་གསོ་སྦྱོང་བྱེད་པའོ། །གསོ་སྦྱོང་བྱེད་པའི་ཚེ་དགེ་སློང་ཕ་ཀུན་ལས་དད་པ་མ་དྲིས་ན་ལྟུང་བ། གསོལ་བའི་ལས་ཀྱིས་ཆོས་འཆད་པར་བསྐོས་པའི་དགེ་སློང་ཞིག་ཡོད་ན་དེ་ལ་དད་པ་དྲིས་པས་ཆོག་སྟེ་ཀུན་ལ་མ་དྲིས་ཀྱང་ཉེས་མེད་དོ། །དགེ་སློང་མེད་པའི་ གནས་སུ་དབྱར་ཚུལ་དུ་ཞུགས་པའོ། །དགེ་སློང་གི་གཙུག་ལག་ཁང་ནས་བར་རྒྱང་གྲགས་ཕྱེད་ལས་རིང་པ་ཞིག་ཏུ་ཚུལ་དུ་ཞུགས་ན་ལྟུང་བའོ། །དབྱར་ཚུལ་དུ་ཞུགས་པ་ལས་དགེ་འདུན་གཉིས་ལ་གནས་གསུམ་གྱིས་མ་བྱུང་ནའོ། །དགེ་སློང་མ་ཚུལ་ནས་བྱུང་བའི་ཚེ་དགེ་འདུན་ ཕོ་མོ་གཉིས་ལ་སོགས་པ་ལ་ལྟུང་བ་སྡེ་ལྔ་ལ་མཐོང་བ་དང་ཐོས་པ་དང་དོགས་པ་ཡོད་ན་རྒོལ་ཅིག་ཅེས་སྐབས་ཕྱེ་ལ་ཚུལ་ནས་འབྱུང་སྟེ་དེ་ལྟར་མ་བྱས་ན་ལྟུང་བར་ཡང་འགྱུར། ཚུལ་འབྱུང་བའི་ལས་སུ་ཡང་མི་རུང་། ལྕི་བའི་ཆོས་ལས་འགལ་བར་ཆུད་པའོ། །ལྕི་བའི་ཆོས་ ལས་རྒལ་བའི་ལྟུང་བའོ། །དབུལ་པོ་ལ་དྲུབས་པ་སློང་བའོ། །གདིང་བ་འདྲུབ་པའི་གོས་ཁྱིམ་བདག་དབུལ་པོ་ལ་བསླངས་ན་ལྟུང་བའོ། །དྲུབས་པ་དབྱུང་བའི་ཕྱིར་ཚོགས་པའི་དགྲོལ་བ་མ་བྱིན་ནའོ། །དྲུབས་པ་འབྱིན་པའི་ཚེ་བདག་དགེ་འདུན་ནང་དུ་མ་འདུས་སམ་དད་པས་མ་ བྱིན་ན་ལྟུང་བའོ། །གོས་བགོ་བའི་ཕྱིར་ན་ཡང་ངོ་། །དྲུབས་པ་ཕྱུང་ནས་དགེ་འདུན་ནོར་འགོད་པ་ལ་དད་པས་མ་བྱིན་ན་ལྟུང་བའོ། །དེས་ནོར་མི་འདོད་ན་མ་བྱས་པའོ། །དགེ་འདུན་ནོར་འགོད་པ་ལ་བདག་ནོར་སྐལ་མི་འདོད་དེ་མི་ལེན་ཏམ་མཚམས་ཀྱི་ཕྱི་རོལ་དུ་སོང་ན་ཉེས་མེད་དོ། ། ཕ་རོལ་ལ་ཕོངས་པར་སྤྱོད་པར་ཆུད་པའོ། །ཕ་རོལ་པོ་ཕོངས་ཤིང་མི་བདེ་བར་འགྱུར་བའི་ལྟུང་བའོ། །དབྱར་མོ་ཐང་ལ་མ་བྱས་པར་སོང་བའོ། །གུད་དུ་འགྲོ་སྟེ་དགེ་སློང་མ་གཞན་མེད་ན་ལྷ་ཁང་གི་སྲུང་མ་མ་བཞག་གམ་གཞན་ལ་མ་བཅོལ་བར་སོང་ན་ལྟུང་བའོ། །མཚམས་ གཏང་བའོ། །ལྟུང་བ་ནི་སོང་ནས་འདོམ་བཞི་བཅུ་རྩ་དགུ་འདས་ན་ལྟུང་བའོ། །དབྱར་མོ་ཐང་གི་གླ་མི་བླང་། གཙུག་ལག་ཁང་གླར་བཏང་ཞིང་གླ་བླངས་ན་ཉེས་བྱས། ཁྱིམ་གྱི་དོན་དང་བདག་གི་དོན་ཀྱང་མ་ཡིན། ལྷ་རིས་ཀྱི་ཞིང་དང་ནོར་ལ་སོགས་པ་སྔར་ཐང་བཅད་དེ་ཁྱིམ་པ་ གང་ཡང་རུང་སྦྱོར་ཞིང་འདུག་པ་ལ་ཁེ་ཡོད་པའི་ཕྱིར་སྔ་མ་ལས་ཕྲོགས་ཏེ་གཞན་ལ་བྱེད་དུ་བཅུག་ན་ལྟུང་བ། དབྱར་མོ་ཐང་ལ་རྒྱས་པར་བྱེད་པར་ཆུད་པའོ། །གཙུག་ལག་ཁང་ལ་རྒྱས་པར་བྱེད་པའི་ལྟུང་བའོ།། །།དབྱར་གྱི་བར་དུ་ཡུལ་རྒྱུ་བ་སྤྱོད་པའོ། །དབྱར་ཚུལ་དུ་ཞུགས་ནས་དགེ་སློང་ མ་གནས་གུད་དུ་ཞག་གཅིག་ཀྱང་མི་དབང་སྟེ་གུད་དུ་སོང་ཞིང་ཞག་ལོན་ན་ལྟུང་བའོ། །ལྟུང་བ་མེད་པ་ནི་བར་ཆད་མངོན་པར་འདུག་པའོ། །ཚུལ་ན་འདུག་པའི་ཚེ་སྲོག་ལ་དམའ་བ་དང་ཚངས་པར་སྤྱོད་པའི་བར་ཆད་དུ་འགྱུར་བའི་རྐྱེན་ཅིག་བྱུང་བ་ནི་གུད་དུ་སོང་ཡང་ཉེས་མེད་དོ། ། དབྱར་གནས་ནས་མ་སྤྱད་པའོ། །དབྱར་གྱི་ཚུལ་ནས་བྱུང་ནས་ཚུལ་ན་འདུག་འདུག་པའི་གནས་དེ་ལས་གུད་དུ་འཕོས་ཏེ་མ་སོང་ན་ལྟུང་བའོ། །གནས་གུད་དུ་སོང་སྟེ་ཞག་གཅིག་ལོན་ན་ཚུལ་གྱི་ཚེ་གནས་གནས་པ་དེར་སླར་གནས་ན་ལྟུང་བར་མི་འགྱུར་རོ་ཞེས་ཊཱི་ཀ་ལས་འཆད། ཉིན་གཅིག་གུད་དུ་སོང་སྟེ་སླར་གནས་པ་ཙམ་གྱིས་ལྟུང་བར་མི་འགྱུར་རོ་ཞེས་འདུལ་བ་འཛིན་པ་ཁ་ཅིག་གིས་བཤད། དགོས་པ་ཡོད་ལ་འཁོར་དུ་སྤྱོད་པའི་ལམ་ན་རྐུན་པོ་དང་ཆོམ་པོ་དང་གཅན་གཟན་ལ་སོགས་པ་འཇིགས་པའི་རྐྱེན་ཡོད་བཞིན་དུ་དགེ་སློང་མ་ལམ་དུ་ཞུགས་ཏེ་ སོང་ན་ལྟུང་བའོ། །འཁྲུགས་པར་ཡང་ངོ་། །ཡུལ་འཁྲུགས་ཤིང་གཅིག་ལ་གཅིག་གནོད་པར་བྱེད་ཅིང་དམག་འགྱེད་པ་ལྟ་བུ་ཡོད་བཞིན་དུ་ཞུགས་ཏེ་སོང་ན་ལྟུང་བའོ། །སྤྱོད་པ་དང་མི་སྤྱོད་པར་ཆུད་པའོ། །གུད་དུ་སོང་བ་དང་མ་སོང་བའི་ལྟུང་བའོ། །ལྷའི་རིགས་ལ་སོགས་པ་ དང་། །མུར་འདུག་གི་གནས་སུ་སོང་སྟེ་རྒོལ་བར་བྱེད་པའོ། །མུར་འདུག་གི་ལྷའི་འཁོར་དང་མུར་འདུག་གི་གྲོང་དང་ཞང་བློན་དང་མི་དྲ་མ་ལ་སོགས་པའི་ཁྱིམ་དུ་སོང་ཞིང་ཆོས་བསྙེམས་ཤིང་གོལ་དུ་འགྲོ་ན་ལྟུང་བའོ། །འདྲི་ཞིང་རྨེད་པའི་སྐབས་མ་བྱས་པར་རོ། །དགེ་སློང་ཕ་ ལ་ཆོས་ཉན་ན་སྔར་བཤད་དུ་ཅི་གནང་ཞེས་མ་གསོལ་བར་འདྲི་ཞིང་བཤད་པ་ལ་ཉན་ན་ལྟུང་བའོ། །སྟན་བྱིན་ཏེ་དགའ་བར་བྱོས་ལ་སྡེ་དྲིས་ཏེ་སྐབས་བྱོས་ཤིག །དགེ་སློང་ཕ་ལ་ཆོས་བཤད་པར་གསོལ་བ་ཡང་སྟན་བཏིང་སྟེ་བསྟི་སྟང་བྱས་ལ་འདུལ་བ་དང་མ་ལྟ་བུ་གང་འཛིན་པ་ དྲི་སྟེ་བདག་འདྲི་བ་དང་མཐུན་པ་ཞིག་འཛིན་ན་ཆོས་བཤད་པར་གསོལ་བ་གདབ་པོ། །སྨྲ་བར་ཆུད་པའོ། །སྨྲ་བ་ལས་ལྟུང་བར་འགྱུར་རོ། །ཕྱི་རོལ་གྱི་སར་གཅིག་པུ་འགྲོ་ནའོ། །མཚན་མོ་དགེ་སློང་མ་གཅིག་པུ་ཕྱི་རོལ་ཆེ་ཆུང་དུ་སོང་ན་ལྟུང་བའོ། །རྩྭ་སྔོན་ པོ་ལ་བཤང་བ་འདོར་བའོ། །རྩྭ་ལ་སོགས་པ་སྔོན་པོ་སྐྱེ་བའི་ཐོག་ཏུ་བཤང་གཅི་བཏང་ཞིང་བོར་བའང་ལྟུང་བའོ། །ལྟུང་བ་མེད་པ་ནི་ན་ནའོ། །ནད་པ་ནི་བཤང་གཅི་རྩྭ་སྔོན་པོའི་གནས་སུ་འགྲོ་མི་ཕོད་པ་ནི་མ་གཏོགས་སོ། །རྩྭ་སྔོན་པོས་ཐམས་ཅད་དུ་ཡོག་ན་ཡང་ངོ་། །རྩྭ་སྔོན་པོས་ཐམས་ཅད་དུ་གཡོགས་ཏེ་ བཤང་གཅི་བྱ་བའི་ས་མེད་ན་བཤང་གཅི་བྱས་ཀྱང་ཉེས་མེད་དོ། །རྩིག་པའི་འགྲམ་དུ་མ་བརྟགས་པར་རོ། །བཤང་གཅི་སྣོད་ཀྱི་ནང་ནས་འདོར་ན་རྩིག་དྲུང་ལ་སོགས་པ་ན་ཅི་ཡོད་པ་བརྟགས་ཤིང་དོར་རོ། །ལྟུང་བ་མེད་པ་ནི་པུ་ཤུས་བསྐོར་བའི་རྩིག་པ་ནའོ། །ཁང་པ་པུ་ཤུ་ཅན་གྱི་ སྟེང་ནས་བཤང་གཅི་འདོར་བ་ནི་བལྟ་ཞིང་བརྟག་ཏུ་མི་རུང་བས་མ་བརྟགས་པར་བོར་ཡང་ཉེས་མེད་དོ། །མི་གཙང་བར་བོར་བ་མི་དོར། བཤང་གཅི་དང་མི་གཙང་བ་འདམ་རྫབ་ཏུ་བོར་བ་དང་མི་དོར། བཤང་བར་ལྡན་པར་རོ། །བཤང་གཅི་བྱེད་པའི་ལྟུང་བའོ། །འབའ་ ཞིག་པའི་ལྟུང་བ་རྫོགས་སོ། །དགེ་སློང་མའི་ལྟུང་བ་བརྒྱ་བརྒྱད་ཅུ་རྫོགས་སོ།། །།དགེ་སློང་མའི་སོ་སོར་མཐོལ་བ་བཅུ་གཅིག་ལ་འཆད་དེ། བདག་གི་ཕྱིར་རིགས་གཞན་དུ་འོ་མ་བླངས་ཏེ་འཐུངས་ན་མི་ན་ནའོ། །བདག་མི་ན་བར་གཉན་མ་ཡིན་པ་ལས་འོ་མ་བླངས་ན་སོ་ སོར་མཐོལ་བའོ། །དེ་སློང་བ་ནི་ཉེས་བྱས་པའོ། །འོ་མ་ལག་ཏུ་མ་ཐོབ་ཅིང་མ་འཐུངས་ཀྱི་བར་དུ་སློང་བའི་ཚེ་ཉེས་བྱས། ཞོ་དང་མར་སར་དང་ཞུན་མར་དང་ཡུངས་མར་དང་སྦྲང་རྩི་དང་བུ་རམ་དང་ཤ་དང་ཉ་ཤ་དང་ཤ་སྐམ་རྣམས་སོ། །མིང་གིས་སྨོས་པ་འདི་རྣམས་དགུའང་ མི་ན་བར་གཉེན་མ་ཡིན་པའི་ཁྱིམ་བདག་ལས་བསླངས་ཤིང་ཟོས་ན་ལྟུང་བའོ། །འདི་ཐོབ་སྟེ་གཞན་སློང་ན་འབྲི་བ་མ་ཡིན་ནོ། །འོ་མ་བསླངས་པ་ལས་ཞོ་ལ་སོགས་པ་གང་ཐོབ་ཀྱང་མཐོལ་བའོ། །ངན་པ་ཡང་ངོ་། །ཁ་ཟས་ཚོད་མ་ལ་སོགས་པ་ངན་པ་ཞིག་བསླངས་པ་ ལས་བཟང་པོ་རྣམ་བཅུ་པོ་གང་ཐོབ་ཀྱང་མཐོལ་བ། འདི་ཐོབ་ནའང་དེར་ཆུད་དོ་ཞེས་བསླངས་པ་ལས་དར་བ་ཐོབ་པ་ལྟ་བུ་མཐོལ་བའོ། །ཞོ་བསླངས་པ་ལས་རྩབ་མོ་ལྟ་བུའང་མཐོལ་བའོ། །འདི་ཉེས་བྱེད་དོ། །དགེ་སློང་མ་ཚོད་མ་ལ་སོགས་པ་སློང་བའང་ཉེས་བྱས། སེང་ གེ་ཡང་ངོ་། །དགེ་སློང་གིས་སོ་སོར་མཐོལ་བ་བཞི་ལས་ཐ་མ་དགེ་བསྙེན་ཕྱུག་པོ་དབུལ་པོར་སང་བ་ལ་མི་བསླང་བར་དམ་བཅས་པ་ལ་བསླངས་པ་ནི་སོ་སོར་མཐོལ་བའོ། །སོ་སོར་མཐོལ་བའོ། །སོ་སོར་མཐོལ་བ་བཅུ་གཅིག་རྫོགས་སོ།། །།བསླབ་པ་མང་པོ་ལ་འཆད་དེ། བརླ་སྣང་བར་ ཤམ་ཐབས་མི་བགོ། །ཁྱིམ་མི་མོ་འདྲོན་པོ་ཡོ་ལང་གི་ཕྱིར་གོས་ཀྱི་འོག་ཏུ་རྐུབ་ཀྱི་རྦོད་བཅུག་སྟེ། རྐུབ་གློ་བོར་འདུག་པ་འདྲ་བ་དགེ་སློང་མས་མི་བྱ། ཆགས་པའི་གྲོང་བར་དུ་མི་འགྲོ། །དགེ་སློང་མ་འདོད་ཆགས་ཀྱི་སེམས་ཡོད་ན་གྲོང་བར་དུ་མི་འགྲོ། །གཞན་འདོད་ཆགས་ ཡོད་པའི་གྲོང་དུའང་མི་འགྲོ། །དགེ་སློང་གི་ཡང་ངོ་། །དགེ་སློང་ཕའི་བསླབ་པ་མང་པོ་ཐམས་ཅད་ཀྱང་དགེ་སློང་མས་བསྲུང་ངོ་། །བསླབ་པའོ། །དགེ་སློང་མའི་བསླབ་པ་མང་པོ་རྫོགས་སོ། །དགེ་སློང་མའི་རྣམ་པར་འབྱེད་པ་རྫོགས་སོ། །དགེ་སློང་མའི་ཁྲིམས་འདུལ་བ་རྣམ་པར་ འབྱེད་པའི་ནང་ནས་འབྱུང་བའི་མདོ་རྫོགས་སོ།། །།འདི་མན་ཆད་པ་རི་བ་ཤ་ལ་འཆད་དེ། ཉེས་བྱས་པ་ནི་ཞིག་པ་དང་མ་སྐྱེས་པས་ལྟུང་བར་སྦྱར་ནའོ། །དེ་ཞེས་འབྱུང་བའི་མདོ་མན་ཆད་ལ་འཆད་དེ། དགེ་སློང་ཕས་ཕམ་པ་ཕྱུང་སྟེ་ཁྲིམས་ཞིག་པ་དང་ཁྲིམས་རྫོགས་པར་བྱས་པ་ ལས་མ་ཆགས་པ་རྣམ་གཉིས་ནི་ཕས་ཕམ་པ་མན་ཆད་ཉེས་བྱས་ཡན་ཆད་ལྟུང་བ་སྡེ་ལྔ་ལས་གང་བྱས་ཀྱང་རུང་ཐམས་ཅད་ཉེས་བྱས་སོ། །དགེ་སློང་ཕས་ཁྲིམས་ཕུལ་བ་དང་། ཁྲིམས་མ་ཕོག་པར་ཐུག་ཐུབ་ཏུ་རང་བྱིག་ཤུར་ཞུགས་པ་གཉིས་ནི་ཕས་ཕམ་པ་མན་ཆད་གང་བྱས་ ཀྱང་ཁྱིམ་པ་དང་འདྲ་བས་ཉེས་བྱས་ཡོད་པར་མི་བརྩིའོ། །བསྙེན་པར་རྫོགས་པའི་རབ་ཏུ་འབྱུང་བས་བླངས་པ་འགལ་ན་ཡང་ངོ་། །དགེ་སྦྱོང་ཕོ་དང་དགེ་སྦྱོང་མོ་དང་དགེ་སློབ་མ་གསུམ་ནི་དགེ་སྦྱོང་ཉིད་ཀྱི་ཁྲིམས་བཅུ་དང་དགེ་སློབ་མ་ཉིད་ཀྱི་ཁྲིམས་ཉི་ཤུ་རྩ་གཉིས་ལས་གང་ བྱས་ཤིང་དྲལ་ཀྱང་རུང་སྟེ་ཉེས་བྱས་སོ། །ཉེས་བྱས་དེ་མཐོལ་བས་ཚངས་པས་ཕྱིས་ཁྲིམས་དབོག་ཏུ་རུང་ངོ་། །དགེ་སྦྱོང་གིས་ཕས་ཕམ་པ་བཞི་སྤྱད་པ་དང་དགེ་སྦྱོང་གི་ཁྲིམས་མ་ཆགས་པས་དགེ་སྦྱོང་གི་ཁྲིམས་བཅུ་ལས་གང་དྲལ་ཀྱང་ཉེས་བྱས་ཏེ་མཐོལ་ པས་ཚངས་སོ། །མཐོལ་བ་ནི་དགེ་སློང་གཅིག་གི་དྲུང་དུ་མཐོལ་ལོ། །དེའི་ཕྱོགས་ཡིད་ཀྱིས་ན་ཡང་ངོ་། །དགེ་སྦྱོང་ཕོ་མོ་དང་དགེ་སློབ་མ་ཉིད་ཀྱི་ཁྲིམས་མ་གཏོགས་པར་དགེ་སློང་ཕ་དང་དགེ་སློང་མས་བསྲུང་ངོ་ཅོག་ལས་གང་ཡང་རུང་སྟེ་སྤྱད་ཅིང་དྲལ་ན་ཁྲིམས་བཅུ་ཉིདམ་ ཡིན་མོད་ཀྱི། ཁྲིམས་བཅུའི་ཆར་གཏོགས་ཤིང་འདྲ་བའི་བག་ཡིན་པས་ཉེས་བྱས་སུ་འགྱུར་ཏེ་ཁར་མཐོལ་མི་དགོས་ཀྱི་ཡིད་ལ་འགྱོད་པས་ཚངས་ཤིང་འབྱང་བར་འགྱུར་རོ། །དགེ་སློང་ཕོ་མོས་བསྲུང་བ་ལས་མིང་གིས་སྨོས་པ་འདི་བརྒྱད་ནི་དགེ་སློབ་མས་བསྲུང་བ་མ་ཡིན་ ཏེ་དྲལ་ཀྱང་ཉེས་བྱས་མེད་པས་ཡིད་ཀྱིས་འགྱོད་ཀྱང་མི་དགོས་ཏེ་བརྒྱད་གང་ཞེ་ན་གོས་ལྷག་པ་དང་ལྷུང་བཟེད་དང་ཞག་འདས་པའི་ལྟུང་བ་དང་ཆོས་གོས་བྲལ་བའི་ལྟུང་བ་དང་མེ་ལ་རེག་པའི་ལྟུང་བ་དང་སྤགས་ནས་ཟ་བའི་ལྟུང་བ་དང་། འབྲས་བུ་ས་བོན་གྱི་གྲོང་བཅོམ་པའི་ལྟུང་བ་ དང་རྩྭ་སྔོན་པོའི་སྟེང་དུ་བཤང་གཅི་དོར་བ་དང་ཤིང་མི་གང་ཡན་ཆད་ལ་འཛེགས་པ་དང་འདི་བརྒྱད་ནི་དགེ་སློབ་མས་བསྲུང་མི་དགོས་ཏེ་ཉེས་མེད་དོ། །དགེ་སློབ་མས་བསྲུང་མི་དགོས་པ་བརྒྱད་ཀྱི་སྟེང་དུ་གཞན་རིན་པོ་ཆེ་ལ་འཛིན་པ་དང་། ས་རྐ་བ་དང་ཁ་ཟས་བྱིན་ལེན་མ་བྱས་ པར་ཟ་བའི་ལྟུང་བ་དང་ཁ་ཟས་དང་ཞག་ལོན་ཏེ་སྤགས་པ་ཟ་བའི་ལྟུང་བ་དང་རྩི་ཤིང་གཅོད་པའི་ལྟུང་བ་དང་འདི་ལྔས་བསྣན་ཏེ་བཅུ་གསུམ་ནི་དགེ་སྦྱོང་གིས་མ་བསྲུངས་ཤིང་དྲལ་ཀྱང་ཉེས་མེད་དོ། །མིང་གིས་སྨོས་པ་འདི་རྣམས་མ་གཏོགས་པར་དགེ་སྦྱོང་དང་དགེ་སློབ་མས་ ཁྲིམས་ནོས་ཤིང་བླངས་པ་བཅུ་དང་ཉི་ཤུ་གཉིས་ནི་གང་དྲལ་ཀྱང་ཉེས་བྱས་སོ། །དགེ་སྦྱོང་ཕོ་མོ་དང་དགེ་སློབ་མས་ཚུལ་དྲལ་བ་ཡང་ཉེས་བྱས་ཏེ་མཐོལ་དགོས་སོ། །གསོ་སྦྱོང་གི་དུས་སུ་མཐོལ་ཚངས་མ་བྱས་པ་དང་དགེ་སྦྱོང་མ་དང་དགེ་སློབ་མ་དགེ་འདུན་སྡེ་གཉིས་ལ་ཚུལ་ ནས་མ་བྱུང་བ་ཡང་ཉེས་བྱས་ཏེ་མཐོལ་དགོས། ཁྲིམས་བཅུའི་ཆར་གཏོགས་ཤིང་བག་འདྲ་བ་དྲལ་ན་ཉེས་བྱས་སུ་འགྱུར་ཞིང་ཡིད་ཀྱིས་འགྱོད་དེ་ཚངས་པ་ནི་ཁྲིམས་བཅུ་སོ་སོར་འདི་འདྲར་སྡུད་དེ་སོ་སོར་གཏོགས་ཤིང་བསྡུས་པ་གང་ཞེ་ན། ཐོག་མ་བྱིག་ཤུའི་ཚུལ་མནོས་ ཤིང་བླངས་པས་ན་ཁྱིམ་པའི་རྒྱན་དང་ཁྱིམ་པའི་སྤྱོད་དོ་ཅོག་ལྟར་བྱེད་ན་ཡིད་ལ་འགྱོད་དེ་ཚངས་པའི་ཉེས་བྱས་ཏེ་བྱིག་ཤུའི་ཚུལ་མནོས་ཤིང་བླངས་པའི་ནང་དུ་བསྡུ་བའོ། །མ་བྱིན་པར་བླངས་ན་ཉེས་བྱས་ཏེ་མཐོལ་དགོས་པ་ཡིན་ན་བདག་གིར་དགོས་པའི་ཕྱིར་སློང་ཞིང་ཚོལ་ བ་ལ་སོགས་པ་རྐུ་བའི་ཆར་གཏོགས་ཤིང་བག་འདྲ་བའི་ཕྱིར་ཡིད་ལ་འགྱོད་པས་ཚངས་པའི་ཉེས་བྱས་ཏེ་མ་བྱིན་པར་ལེན་པའི་ནང་དུ་བསྡུའོ། །གསེར་ལ་རེག་པ་ནི་ཉེས་བྱས་པ་སྟེ་མཐོལ་བ་ཡིན་ན་གསེར་དངུལ་བྱས་སོ་ཅོག་དང་རིན་པོ་ཆེ་དང་རིན་པོ་ཆེ་ལ་གཏོགས་སོ་ ཅོག་ལ་བཟུང་བ་ནི་གསེར་དངུལ་གྱི་ཆར་གཏོགས་པས་ཉེས་བྱས་ཏེ་ཡིད་ཀྱིས་འགྱོད་པ་ཚངས་པར་གྱུར་ཏེ་གསེར་དངུལ་ལ་མི་རེག་པའི་ནང་དུ་བསྡུའོ། །ཕྱི་དྲོ་ཟན་ཟོས་པ་ནི་མཐོལ་དགོས་པའི་ཉེས་བྱས་ཡིན་ཏེ་ཁ་ཟས་མ་བརྟགས་པ་སྒོག་པ་ལ་སོགས་པ་ཟོས་པ་ནི་ཡིད་ལ་འགྱད་དེ་ ཚངས་པའི་ཉེས་བྱས་ཏེ་ཕྱི་དྲོ་ཟན་མི་ཟ་བའི་ནང་དུ་བསྡུའོ། །རོལ་མོ་གླུ་གར་བྱས་ན་མཐོལ་དགོས་པའི་ཉེས་བྱས་ཡིན་ཏེ་ཆུའི་ནང་དུ་རྩེ་བ་ལ་སོགས་པ་རྩེའོ་ཅོག་རོལ་མོ་གླུ་གར་གྱི་ཆར་གཏོགས་ཤིང་བག་འདྲ་བའི་ཕྱིར་ཡིད་ལ་འགྱོད་ཅིང་ཚངས་པའི་ཉེས་བྱས་ཏེ། རོལ་མོ་གླུ་གར་གྱི་ ནང་དུ་བསྡུའོ། །མི་ཚངས་པར་སྤྱོད་ནའང་མཐོལ་དགོས་པའི་ཉེས་བྱས་ཡིན་ཏེ་འདོད་ཆགས་ཀྱི་སེམས་ཀྱིས་ཕོ་མཚན་ལ་འཛིན་པ་དང་ཁུ་བ་འབྱིན་པ་དང་གཅིག་གི་སྟེང་དུ་གཅིག་ཞོན་པ་ལ་སོགས་པ་བྱེད་དོ་ཅོག་ཡིད་ལ་འགྱོད་དེ་ཚངས་པའི་ཉེས་བྱས་ཏེ་མི་ཚངས་པར་སྤྱོད་པའི་ ནང་དུ་བསྡུའོ། །སྲོག་གཅོད་ན་མཐོལ་དགོས་པའི་ཉེས་བྱས་ཡིན་ཏེ་བརྡེག་པ་དང་འཇུ་བ་དང་ནན་ལ་འདོར་བ་ལ་སོགས་པ་གནོད་པར་བྱེད་དོ་ཅོག་ཡིད་ལ་འགྱོད་དེ་ཚངས་པའི་ཉེས་བྱས་ཏེ་སྲོག་གཅོད་པའི་ནང་དུ་བསྡུའོ། །ཆོས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་ཞེས་ཐོག་མ་ཁས་ བླངས་པས་དགེ་སློང་དང་དགེ་འདུན་དང་ཆོས་དང་མི་འགྲོགས་པར་ཁྱིམ་པ་དང་ཤན་པ་དང་རོལ་མོ་མཁན་དང་ཆང་འཚོང་བ་དང་མུར་འདུག་པ་ལ་སོགས་པ་དང་འགྲོགས་ཤིང་བསྟེན་པ་ཡང་ཡིད་ལ་འགྱོད་པས་ཚངས་པའི་ཉེས་བྱས་ཏེ་ཆོས་དང་དགེ་འདུན་ལ་ སྐྱབས་སུ་སོང་བའི་ནང་དུ་བསྡུའོ། །ཐོག་མ་སངས་རྒྱས་ལ་སྐྱབས་སུ་འགྲོའོ་ཞེས་ཁས་བླངས་པས་ན་སངས་རྒྱས་ལ་བསྟེན་ཅིང་གུས་པར་བྱ་བ་ཡིན་ཏེ་ཚུལ་ཁྲིམས་བསྲུང་བ་ལ་གཡེལ་བ་དང་དཀོན་མཆོག་གསུམ་ལ་མ་གུས་ཤིང་རིམ་གྲོ་ཆུང་བ་ལ་སོགས་པ་ཐམས་ཅད་སངས་ རྒྱས་ལ་སྐྱབས་སུ་སོང་བའི་ཕྱིར་གཏོགས་ཤིང་བག་འདྲ་བས་ཡིད་ལ་འགྱོད་པས་ཚངས་པའི་ཉེས་བྱས་ཏེ་སངས་རྒྱས་ལ་སྐྱབས་སུ་སོང་བའི་ནང་དུ་བསྡུས་ཏེ་སངས་རྒྱས་ལ་མ་གུས་པ་ནི་མཐོལ་དགོས་པའི་ཉེས་བྱས་སོ། །ཐོག་མ་ཤཱཀྱའི་རྗེས་སུ་འབྱུང་ངོ་ཞེས་བྱ་བས་ན་ཤཱཀྱའི་ རྗེས་སུ་སློབ་ཅིང་ཉེས་མེད་པར་དག་པར་བྱ་བ་ཡིན་ཏེ་མཐོལ་ཚངས་མ་བྱས་ཤིང་ཉེས་པ་མ་མཐོལ་ཏོ་ཅོག་ཤཱཀྱའི་རྗེས་སུ་འབྱུང་བའི་ནང་དུ་བསྡུའོ། །ཕྱི་དྲོ་ཁ་ཟས་ཟོས་ན་མཐོལ་དགོས་པའི་ཉེས་བྱས་ཡིན་ཏེ་ཁ་ཟས་མ་བརྟགས་པ་སྒོག་པ་ལ་སོགས་པ་ཟོས་པ་ནི་ཡིད་ལ་འགྱོད་པས་ ཚངས་པའི་ཉེས་བྱས་ཏེ་ཕྱི་དྲོ་ཁ་ཟས་མི་ཟ་བའི་ནང་དུ་བསྡུའོ། །སློབ་པ་བྱིན་པ་ནི་མཚུངས་སོ། །སློབ་པ་བྱིན་པའི་དགེ་སློང་གིས་ཀྱང་དགེ་སློང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་ཅི་ལྟར་བསྲུང་བ་བཞིན་བྱ་ཞིང་བསྲུང་ངོ་། །སློབ་པ་བྱིན་པ་ལ་དགེ་སློང་ལ་ལ་ཞིག་གིས་བསྐྲད་དམ། བརྡེགས་ སམ། གོས་བྱིན་ཏེ་སླར་འཕྲོགས་པ་ན་དགེ་སློང་ལ་བྱས་པ་བཞིན་དུ་ལྟུང་བར་འགྱུར་རོ། །དགེ་སློང་ནན་དི་ཀ་ཞེས་བྱ་བ་ཐོག་མ་ནས་མཐོལ་བར་བསམས་ནས་མི་ཚངས་པར་སྤྱད་ནས་དེ་མ་ཐག་ཏུ་སངས་རྒྱས་ལ་མཐོལ་དུ་སོང་སྟེ་ཚེ་གཅིག་གི་བར་དུ་སློབ་པ་བྱིན་པ་ལ་གནས་ཤིང་ ཆད་པ་བྱེད་ཕོད་དམ་ཞེས་སྨྲས་ནས་ཕོད་དོ་ཞེས་ཁས་བླངས་པའི་ཕྱིར་སློབ་པ་བྱིན་ཏེ་གཞག་པ་ལས་བཅས། རབ་ཏུ་མ་རྫོགས་པ་དང་དེ་བཞིན་ནོ། །སློབ་པ་བྱིན་པ་ཉིད་ཀྱིས་ནི་དགེ་སློང་བཞིན་དུ་བསྲུང་དགོས་པ་ཡིན་ན་དགེ་སློང་རྣམས་ཀྱིས་ནི་སློབ་པ་བྱིན་པ་དེ་ལ་དགེ་སྦྱོང་དང་འདྲ་ བར་ལྟའོ། །དགེ་སྦྱོང་དང་འདྲ་བས་བྱིན་ལེན་བྱ་བ་དང་མི་བླ་མའི་ཆོས་སྨྲ་བ་དང་དེས་ཟན་ཟོས་པ་དང་ལྷན་ཅིག་ཏུ་ཉལ་བ་ལ་སོགས་པ་ཡང་དགེ་སྦྱོང་ལ་ཉེས་པར་འགྱུར་བ་དང་མི་འགྱུར་བ་བཞིན་དུ་སློབ་པ་བྱིན་པ་ཡང་དེ་དང་འདྲ་བར་འགྱུར་རོ། །དེར་མ་ཡིན། སློབ་པ་བྱིན་པ་མང་ ཞིག་ཡོད་ན་ནང་གཅིག་ལ་གཅིག་དགེ་སློང་ཡོན་ཏན་དང་ལྡན་པ་ནང་གཅིག་ལ་གཅིག་རུང་བ་དང་མི་རུང་བ་བཞིན་དུ་སློབ་པ་བྱིན་པ་ནང་ཡང་དེ་བཞིན་ཏེ་གཅིག་གིས་བྱིན་ལེན་བྱས་ན་དེར་བཟར་རུང་གཅིག་གིས་བཙོས་སམ་སྤགས་པ་བྱས་ན་གཞན་གྱིས་བཟར་མི་རུང་བ་ལ་ སོགས་པ་ཀུན་འདྲ་བར་བསྲུང་ངོ་། །དགེ་སློབ་མ་ཡང་ངོ་། །སློབ་པ་བྱིན་པ་དང་དགེ་སློབ་མ་གཉིས་སུ་ཡང་མི་འདྲ་སྟེ། དགེ་སློབ་མ་ཡང་དགེ་སྦྱོང་དང་འདྲ་བར་ལྟ་སྟེ་དགེ་སློབ་མས་བྱིན་ལེན་བྱས་པ་དང་སྤགས་པ་དང་བཙོས་པ་ལ་སོགས་པ་སློབ་པ་བྱིན་པས་བཟར་རུང་ངོ་། །སློབ་པ་ བྱིན་པས་སྤགས་པ་ལ་སོགས་པ་དགེ་སློབ་མ་ལ་མི་རུང་ངོ་། །རྒྱུད་གཞན་ལྟ་བུས་སྤྱད་པ་ན་དགེ་སློང་དུ་འདུ་ཤེས་པ་ཐོབ་ན་ཡང་ངོ་། །དགེ་སློང་རྫུ་འཕྲུལ་ཤེས་པའམ་སྨན་གྱི་ཆོ་ག་ཞིག་གིས་ཕྱུགས་སམ་གཞན་ཞིག་ཏུ་འཕྲུལ་ཏེ་མི་ཚངས་པར་སྤྱོད་ན་སྤྱོད་པའི་ཚེ་དགེ་སློང་ལས་ བསྲུང་བ་འཕྲུལ་བར་ཤེས་བཞིན་དུ་མི་ཚངས་པར་སྤྱད་ན་ཕམ་པར་འགྱུར་རོ། །མ་ཐོབ་ན་འབྲིའོ། །དགེ་སློང་ལས་ཕྱུགས་སམ་གཞན་དུ་འཕྲུལ་ཏེ་མི་ཚངས་པར་སྤྱོད་པའི་ཚེ་དགེ་སློང་ལས་འཕྲུལ་པ་འཕྲུལ་པར་མི་ཤེས་ན་སྦོམ་པོ། །སྔོན་གྱི་རིམ་གྱིས་སྦྱར་ན་ཡང་ངོ་། །ཁྱིམ་ པའི་ཚིག་གཞན་ཞིག་ལ་བཅོལ་ཏེ་རྐུར་བཅུག་ནས་དེས་ནོར་བླངས་པ་དང་རབ་ཏུ་འབྱུང་བ་དང་དུས་མཉམ་པ་ཞིག་ཏུ་གྱུར་ན་དེ་ཚུན་ཆད་ནི་ཉེས་བྱས་ཡང་བར་འགྱུར་རོ། །ནོར་བླངས་པ་དེས་ཁྱེར་ཏེ་འོངས་ནས་དགེ་སྦྱོང་རབ་ཏུ་བྱུང་བ་དེས་བླངས་ན་ཉེས་བྱས་ལྕི་བ། དགེ་སྦྱོང་གི་ ཚེ་ནོར་ཞིག་རྐུར་བཏང་སྟེ་རྐུན་པོ་དེས་ནོར་བླངས་པ་དང་དགེ་སྦྱོང་དེས་བསྙེན་པར་རྫོགས་པའི་ཚེ་དུས་མཉམ་པ་ཞིག་ཏུ་གྱུར་ན་དེ་ཚུན་ཆད་ནི་སྦོམ་པོའོ། །ནོར་རྐུར་བཅུག་པ་དེས་ནོར་ཁྱེར་ཏེ་འོངས་ཏེ་བསྙེན་པར་རྫོགས་པ་དེས་ནོར་དེ་བླངས་ན་ཕམ་པའོ། །དེ་བཞིན་དུ་ཕ་རོལ་ ལའོ། །དགེ་སློང་ཞིག་གིས་མི་གཞན་ཞིག་ནོར་རྐུར་བཅུག་པ་ལས་དགེ་སྦྱོང་སླར་ཁྱིམ་པར་བབས་པ་ན། དགེ་སྦྱོང་བྱེད་པའི་ཚེ་རྐུར་བཏང་བས་ནི་ཉེས་བྱས་ཡང་བ་གཅིག་ཡོད་ཀྱི་ཕྱིས་ཁྱིམ་པར་བབས་པའི་ཚེ་ཉེས་བྱས་ཡོད་པར་མི་བརྩི། དགེ་ སློང་ཞིག་གིས་ནོར་རྐུར་བཏང་བ་ལས་དགེ་སློང་དེ་དགེ་སྦྱོང་དུ་བབས་ན་རྐུར་བཏང་བའི་ཚེ་ནི་སྦོམ་པོ། དགེ་སྦྱོང་དུ་བབས་པའི་ཚེ་ནོར་བླངས་ཀྱང་ཉེས་བྱས། དགེ་སྦྱོང་ཡང་མ་བྱས་པར་ཁྱིམ་པར་བབས་པ་ནི་ཉེས་བྱས་ཀྱང་མེད་དོ། །རྫས་ཀྱང་བཅད་པའོ། །སྲིན་བུ་འབའ་ཞིག་ལ་ སྟན་སར་པ་བྱས་ན་ལྟུང་བར་འགྱུར་བ་བཞིན་དུ་དར་རམ་མེན་ཏྲི་འབའ་ཞིག་ལས་བྱས་པའི་སྟན་ཀྱང་ལྟུང་བར་འགྱུར། བལ་ནག་པོ་འབའ་ཞིག་ལས་སྟན་བྱེད་པའི་འང་ཕྱེད་སྲིན་བལ་བཟང་པོ་ལྟ་བུ་དང་བསྲེས་ཏེ་བྱས་ནའང་ལྟུང་བའོ། །མཚུངས་པ་ཡང་ངོ་། །སྲིན་བལ་དང་དར་བཞིན་ དུ་དེ་དང་འདྲ་བ་ཁ་ཆེ་དར་དང་དུ་གུ་ལ་དང་སེ་བོ་དར་གྱི་རྒྱུ་ལ་སོགས་པ་སྲིན་བལ་དང་འདྲ་བ་ཀུན་གང་ལས་བྱས་ཀྱང་ལྟུང་བར་འགྱུར་རོ། །མཚན་འཕོས་ན་ཡང་གང་གི་ཞིང་གིས་སོ། །དགེ་སློང་གི་ཕས་ཕམ་པ་བཞི་ལ་གང་ཡང་རུང་བྱེད་པའི་ཚེ་མཚན་གྱུར་ཀྱང་ཕམ་པར་འགྱུར་རོ། ། དགེ་སློང་མས་ཀྱང་མཐུན་པའི་ཕས་ཕམ་པ་བཞི་ལས་གང་སྤྱད་ཀྱང་རུང་སྤྱོད་པའི་ཚེ་མཚན་འཕོས་ན་ཕམ་པར་འགྱུར་རོ། །མོའི་གནད་པའི་ཕས་ཕམ་པ་ནི་དགེ་སློང་མ་གནད་པའི་ཚེ་མཚན་གྱུར་ན་ཕམ་པ་ཡིན་ཏེ་སྦོམ་པོའོ། །དགེ་སློང་ཁུ་བ་འབྱིན་པའི་འཕྲོ་ལས་མོ་མཚན་དུ་གྱུར་ པ་ནི་ཕོའི་ལྷག་མ་ཡིན་ཏེ་མོའི་ལྟུང་བར་བརྩིའོ། །འབྲི་བའི་ཕྱིར་ན་དེའི་སྦྱོར་བས་སོ། །དགེ་སློང་ཕ་གཉིས་མཐང་སྤྲད་དེ་ཉལ་ན་ཉེས་བྱས་ཡིན་ན་མཐང་སྤྲད་པ་ཅི་ཉལ་བའི་ཚེ་གཉིས་ཀ་མོར་གྱུར་ན་ཉེས་བྱས་སོ། །དགེ་སློང་མ་གཉིས་མཐང་སྤྲད་དེ་ཉལ་ན་ལྟུང་བ་ཡིན་ཏེ་མཚན་གྱུར་ ཀྱང་ལྟུང་བའོ། །ལྟུང་བ་དང་ཉེས་བྱས། བྱས་པ་ནི་དེ་བཞིན་ནོ། །མདོ་ལྟག་མའི་ལྟག་མ་ལ་འཆད་དེ། དགེ་སློང་ཁུ་བ་འབྱིན་པ་ལ་ཆུང་ཞིག་གིས་མོ་མཚན་དུ་མ་གྱུར་གྱི་བར་དུ་མོར་གྱུར་པའི་ཕྱིར་ཕོའི་ལྷག་མ་མི་བརྩིའོ། །མོའི་ལྟུང་བར་བརྩིའོ། །དགེ་སློང་མ་གློས་ཕབ་ སྟེ་ཉལ་བའང་ཆུང་ཞིག་གིས་ཕོ་མཚན་དུ་མ་གྱུར་ཀྱང་ཕོར་གྱུར་པའི་ཕྱིར་མོའི་ཕམ་པར་མི་བརྩིའི་ཕོའི་སྦོམ་པོའོ་ཞེས་ཊཱི་ཀ་ལས་འཆད་དེ། འདུལ་བ་འཛིན་པ་ཁ་ཅིག་ན་རེ་གནང་བའི་ཚེ་ཉིད་ཕམ་པ་ཡིན་པས་ཕྱིས་ཕོར་གྱུར་པ་བས་ལྷར་འགྱུར་ཀྱང་མི་ཕན་ཏེ་སྦོམ་པོ་མ་ཡིན་ཏེ་ཕམ་ པའོ། །ཁུ་བ་འབྱིན་པ་ཡང་འཕགས་པའི་ཚེ་ལྷག་མར་གྱུར་པ་ཡིན་པས་ཕྱིས་མོར་འགྱུར་བ་མི་བརྩན་ཏེ་ལྟུང་བ་མ་ཡིན་ཏེ་ལྷག་མའོ། །འབྲི་ཡང་བདག་གིའོ། །དགེ་སློང་མས་མོ་མཚན་དུ་རྒྱ་སྐྱེགས་བཅུག་པ་དང་ཁུ་བ་ཕྱུང་བ་ལ་སོགས་པའི་ཚེ་ཕོ་མཚན་དུ་གྱུར་པ་ནི་མཚན་ གྱུར་ཏེ་ཕོ་མཚན་ནས་ཁུ་བ་ཕྱུང་བ་ཡང་མཚན་གྱུར་པ་མི་བརྩན་ཏེ་ལྟུང་བར་ཟད་དོ། །ཞག་བཅུ་ལས་ཉུང་བ་ཡང་ཆའིའོ། །དགེ་སློང་ཕའི་ལྷུང་བཟེད་ཞག་བཅུ་འདས་ཏེ་སྔགས་ཀྱིས་མ་ཐེབས་ན་ལྟུང་བ་ཡིན་པ་ལས་ཞག་བརྒྱད་དགུ་ཞིག་ལོན་ཏེ་སྔགས་ཀྱིས་མ་ཐེབས་པར་མོ་ མཚན་དུ་གྱུར་ན་སྔར་ཞག་དགུ་འདས་པ་མི་བརྩིའོ། །ནམ་མཚན་གྱུར་པ་ནས་ཞག་གཉིས་འདས་ན་མོའི་ལྟུང་བར་འགྱུར་བར་བརྩི། དགེ་སློང་མའང་མཚན་གྱུར་ནས་ཞག་གཉིས་མི་བརྩིའི། མཚན་གྱུར་པ་ཚུན་ཆད་ཕོའི་ཐད་དུ་ཞག་བཅུར་བརྩིའོ། །ཞིང་མ་ཡིན་པར་འཇིག་གོ། །དགེ་ སློང་མ་ཕོ་མཚན་དུ་གྱུར་ན་དགེ་སློང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ནི་བསྲུང་གི་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ལས་མ་གཏོགས་པ་དགེ་སློང་མའི་ཁྲིམས་བླ་ཐབས་སུ་ཡོད་པ་བརླ་སྣང་བར་ཤམ་ཐབས་མི་བགོ་བ་དང་། འདོད་ཆགས་དང་བཅས་ཏེ་གྲོང་དུ་མི་འགྲོ་བ་ལ་སོགས་ པ་ནི་མ་བསྲུངས་ཀྱང་ཉེས་མེད་དོ། །བཅབས་པའི་ཉེས་ནི་དེར་མ་ཡིན་པ་མ་ཡིན་ནོ། །དགེ་སློང་མ་དགེ་འདུན་ལྷག་མ་བྱུང་སྟེ་བཅབས་པ་ཡོད་བཞིན་དུ་ཕོ་མཚན་དུ་གྱུར་པ་ནི་བཅབས་པའི་ཆད་པ་བྱ་མི་དགོས་ཀྱི་ཕོའི་ཐང་དུ་ཞག་དྲུག་མགུ་བ་བྱས་པས་ཆོག་གོ། །དགེ་སློང་ཕོ་ལྷག་ མ་བྱུང་སྟེ་བཅབས་པ་ཡོད་བཞིན་དུ་མོ་མཚན་དུ་གྱུར་ན་བཅབས་པའི་ཆད་པ་དགོས་ཀྱི་མོའི་ཐང་དུ་ཟླ་བ་ཕྱེད་མགུ་བ་བྱས་པས་ཆོག་གོ། །ཆད་པ་བཅད་པ་ཡང་འབྲས་བུ་མེད་དོ། །དགེ་སློང་ཕོ་ཞིག་ལྷག་མ་བྱུང་ནས་མགུ་བ་བྱེད་དེ་ཞག་གཅིག་མ་འཁོར་བར་མཚན་གྱུར་ན་སྔར་མགུ་ བ་བྱས་པ་མི་བརྩན་ཏེ། དགེ་སློང་མའི་ཐད་དུ་མགུ་བ་ཞག་བཅོ་ལྔ་མགོ་ནས་བཟུང་སྟེ་བྱ་དགོས་སོ། །དགེ་སློང་མོ་ཞིག་ལྷག་མ་བྱུང་སྟེ་མགུ་བ་ཞག་བཅོ་ལྔ་ལ་ཞག་གཅིག་མ་འཁོར་བར་ཕོ་མཚན་དུ་གྱུར་ན་སྔ་མ་བྱས་པ་མི་བརྩན་ཏེ་དགེ་སློང་ཕོའི་ཐད་དུ་མགུ་ བ་ཞག་དྲུག་མགོ་ནས་བཟུང་སྟེ་བྱའོ། །དེར་ཚུལ་ཡང་འཕོས་སོ། །མཚན་གྱུར་པའི་ཚེ་ལྟུང་བ་དང་མི་ལྟུང་བ་ལ་སོགས་པ་ནི་ལྟག་ཏུ་བཤད་པ་རྣམས་ཡིན་མཚན་གྱུར་ཟིན་ནས་ནི་ཕོར་གྱུར་ནའང་ཕོའི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་བསྲུང་ངོ་། །མོར་གྱུར་ན་མོའི་ཁྲིམས་ སུམ་བརྒྱ་དྲུག་ཅུ་རྩ་བཞི་བསྲུང་ངོ་། །དེའི་ཚེ་བདག་གིས་བྱེད་དོ། །དགེ་སློང་བསམ་གཏན་དུ་ཞུགས་ཏེ་དེའི་ཚེ་ན་དགྲ་བཅོམ་པར་འགྱུར་བ་ཞིག་བསད་ནའང་ཕས་ཕམ་པ་དང་མཚམས་མེད་པ་གཉིས་ཡོད་དོ། །དེའི་ཚེ་ཉིད་ནི་དགྲ་བཅོམ་པར་མ་གྱུར་གྱི་ཕྱིས་རིང་པོ་མི་ཐོགས་པར་ དགྲ་བཅོམ་པར་འགྱུར་བ་ཞིག་ལ་གསད་པའི་ཕྱིར་མཚོན་གྱིས་བཏབ་ན་འཕྲལ་དུ་ནི་མ་ཤིའི་ཕྱིས་དགྲ་བཅོམ་པར་གྱུར་ཏེ་ཤི་ཡང་ཕས་ཕམ་པར་ཟད་དེ་མཚམས་མེད་པར་མི་འགྱུར་རོ། །གཞན་ལས་སྐྱེས་པའང་བདག་གི་རྒྱུད་མ་ཡིན་པ་མ་ཡིན་ནོ། །རྒྱལ་པོ་ཨ་ཤྭ་ ཀ་ལ་ཚང་པ་ཞིག་གིས་ས་མུ་དྲའི་ཕ་རོལ་གྱི་བྲག་གི་དྲུང་ན་སྒོ་ང་ཆེ་བ་ལ་བཟང་བ་གཉིས་ཤིག་རྙེད་དེ་ཕུལ་ནས་སྒོ་ང་དེ་ཚོང་བྱས་ཏེ་བཞག་པ་ལས་སྒོ་ངའི་ནང་ནས་མི་གཉིས་ཤིག་བྱུང་སྟེ་དེ་གཉིས་བསྙེན་པར་རྫོགས་པར་གྱུར་ཏེ་དེ་ལྟ་བུ་ཕ་མ་མི་མ་ཡིན་པ་བྱོལ་སོང་ལས་སྐྱེས་པ་བསད་ནའང་ ཕས་ཕམ་པར་འགྱུར་རོ། །རྒྱུད་གཞན་ལྟ་བུ་སྤྱོད་པ་བསད་ན་ཡང་ངོ་། །དགེ་སློང་ལས་ར་ལུག་གམ་གཞན་གྱི་གཟུགས་སུ་སྔགས་སམ་སྨན་གཅིག་གིས་སྤྲུལ་ཅིང་འདུག་པ་ལ་མིར་མི་ཤེས་བཞིན་དུ་བསད་ཀྱང་གསོད་པའི་ཚེ་ཉེས་བྱས། ཤི་ན་ཕམ་པར་འགྱུར། མིར་ཤེས་ ཏེ་བསད་ན་ཉེས་བྱས་དང་སྦོམ་པོ་དང་ཕམ་པ་གསུམ་ཆར་ཡོད་དོ། །གནས་གཞན་དུ་གྲུབ་ན་གཞན་མ་ཡིན་ནོ། །དགེ་སློང་ཕོ་མོ་དང་དགེ་སྦྱོང་མ་ཡིན་ཕོ་མོ་དང་དགེ་སློབ་མ་དང་ཁྱིམ་པ་ལ་སོགས་པ་གང་བསད་ཀྱང་ཕམ། བྱིས་པ་དང་རྒན་པོ་དང་མངལ་ན་འདུག་པ་དང་གཞོན་ནུ་ དང་འདི་རྣམས་ལས་གང་བསད་ཀྱང་ཕམ་པར་འགྱུར་རོ། །དེའི་ཉེས་པ་མེད་པར་ཞུགས་ནས་བཅད་པའོ། །ལྷག་མར་འགྱུར་བའི་ཁང་པ་ཞིག་བརྩིག་བརྩིག་པ་ལས་དགེ་སློང་དེ་ཁྱིམ་པར་ཞུགས་ནས་བརྩམས་པའི་ཉེས་པ་ཅི་ཡོད་དུ་ཟད་དེ་ཉེས་པ་གཞན་ཡོད་པར་མི་བརྩི་སྟེ་ སླར་དགེ་སློང་དུ་ཞུགས་ཏེ་ཁང་པ་དེ་བརྩིགས་ན་ཡང་ཐོག་མ་བརྩམས་པ་ཚུན་ཆད་ཀྱི་ཉེས་བྱས་བརྩིས་ཏེ་བསྡུས་ནས་ལྷག་མར་མི་འགྱུར་གྱི་ཕྱིར་ནམ་ཞུགས་ནས་འཕྲོ་ལས་བརྩིགས་པའི་ཉེས་པ་ཅི་ཡོད་པ་ལ་ལོགས་ཤིག་ཏུ་བརྩིའོ། །གདིང་བ་ཞིག་བྱ་བར་བརྩམས་པ་ལས་ སླར་ཁྲིམས་ཕུལ་པ་ཡང་དེ་དང་འདྲའོ། །བཏང་ཡང་ངོ་། །ཁང་པ་དང་གདིང་བ་བྱེད་བྱེད་པ་ལས་འཕྲོ་བོར་ཏེ་བཏང་ན་ཡང་སྔ་མ་ཅི་ཙམ་ཟིན་པ་ཕན་ཆད་ཀྱི་ཉེས་བྱས་ནི་ཡོད་དོ། །བཏང་བ་ཚུན་ཆད་ཀྱི་ཉེས་བྱས་ནི་མི་བརྩིའོ། །དུ་མ་དངོས་པོ་གཅིག་ལས་བཅས་པ་ཇི་སྙེད་པར་བྱས་ པའོ། །རིགས་ངན་ཀོ་ལོང་འདི་ཞེས་སྨྲས་ན་སྐྱོན་གྱི་ལྟུང་བ་ཡང་གཉིས་ཡོད། བརྫུན་གྱི་ལྟུང་བ་ཡང་གཉིས་ཡོད་པ་དང་ཡང་གཅིག་ཏུ་ན་ཕྱི་དྲོ་ཟན་ཟ་ཞིང་འདུག་པ་ལ་ཅི་བྱེད་ཅེས་འདྲི་ན་ཅང་མི་བྱེད་ཅེས་སྨྲ་བ་ལ་ཕྱི་དྲོ་ཟན་ཟོས་པའི་ལྟུང་བ་གཅིག །བརྫུན་གྱི་ལྟུང་བ་གཅིག་དང་ གཉིས་ཡོད། མེ་མར་གྱི་འོད་ལ་རབ་ཏུ་མ་རྫོགས་པའི་བུད་མེད་དང་ཉལ་བ་ལ་མེ་མར་གྱི་འོད་ལ་ཉལ་བའི་ཉེས་བྱས་གཅིག་དང་བུད་མེད་དང་ཉལ་བའི་ལྟུང་བ་གཅིག་དང་རབ་ཏུ་མ་རྫོགས་པ་དང་ཉལ་བའི་ལྟུང་བ་གཅིག་ཡོད་པ་བཞིན་དུ་ཉེས་བྱས་གཅིག །བྱུང་བ་ལས་ལྟུང་བ་ དང་ཉེས་བྱས་མང་དུ་ཡོད་པར་རིག་པར་བྱའོ། །དེ་ཆད་པ་དེར་ཆུད་དོ། །ཕས་ཕམ་པ་བཞི་ནི་དཔེར་རྒྱལ་པོ་དང་འདྲ་སྟེ་རྒྱལ་པོའི་ས་རིས་སུ་གཏོགས་པའི་འབངས་ཐམས་ཅད་རྒྱལ་པོའི་འཁོར་དུ་ཆུད་རིས་སུ་གཏོགས་ཏེ། དེ་བཞིན་དུ་ཕས་ཕམ་པ་ཡང་སོ་སོའི་འཁོར་དུ་ ལྷག་མ་དང་ལྟུང་བ་དང་ཉེས་བྱས་ཡན་ཆད་ཆ་འདྲ་བ་རྣམས་གཏོགས་ཤིང་ཆུད་དེ་ཐམས་ཅད་ཕས་ཕམ་པའི་སྡེར་འདྲ་འདྲར་བསྡུའོ། །མི་ཚངས་པར་སྤྱོད་པའི་ནང་དུ་བུད་མེད་དང་ཞག་ཏུ་ཉལ་བ་དང་དགེ་སློང་མ་ལ་མ་བསྒོས་པར་ཉི་མ་ནུབ་ཏུ་ཆོས་འཆད་པ་དང་དབེན་པ་ན་འགྲེང་ པ་དང་འདུག་པ་དང་བུད་མེད་ལ་འཆད་པ་དང་བུད་མེད་ལམ་གྲོགས་སུ་ཁྲིད་པ་ལ་སོགས་པ་ལྟུང་བ་དང་། ཉེས་བྱས་ཀྱི་ནང་ནས་བུད་མེད་ལས་ཉེས་པར་འགྱུར་ཞིང་མི་ཚངས་པའི་ཆར་གཏོགས་པ་ཐམས་ཅད་མི་ཚངས་པའི་ཕས་ཕམ་པའི་ནང་དུ་བསྡུའོ། ། བྱིན་ལེན་མ་བྱས་པ་དང་གཉེན་མ་ཡིན་པ་ལ་ཟས་དང་གོས་སློང་བ་དང་། མ་བོས་པར་ཆོས་སྟོན་ལ་སོང་བ་ལ་སོགས་པ་རྐུ་བ་དང་ཆ་འདྲ་ཞིང་ཐུག་ཐུབ་ཏུ་བྱེད་དོ་ཅོག་མ་བྱིན་པར་ལེན་པའི་ཕས་ཕམ་པའི་ནང་དུ་བསྡུའོ། །དགེ་སློང་ལ་བརྡེག་པ་དང་གཟས་པ་དང་གནོད་པར་བྱེད་ དོ་ཅོག་ལྟུང་བ་སྡེ་བཞིའི་ནང་ནས་གསོད་པའི་ཆར་གཏོགས་ཤིང་འདྲ་བ་འབྱུང་ངོ་ཅོག་སྲོག་གཅོད་པའི་ནང་དུ་བསྡུའོ། །སྐྱོན་ནས་འབོད་པ་དང་ཤེས་བཞིན་གྱི་ལྟུང་བ་ལ་སོགས་པ་སྨྲས་པའི་ཚིག་ལ་ཉེས་པར་འགྱུར་རོ་ཅོག་བརྫུན་གྱི་ཆར་གཏོགས་ཤིང་འདྲ་བ་ཀུན་བླ་མ་མིའི་ ཆོས་སུ་སྨྲ་བའི་ནང་དུ་བསྡུའོ། །ཐམས་ཅད་དུ་ཕྱུང་བ་ནི་མཐའ་མ་མ་ཡིན་ན་དགེ་འདུན་གྱི་ལྷག་མའོ། །སྐྱེས་པའི་སྒོ་གཉིས་དང་བུད་མེད་ཀྱི་སྒོ་གསུམ་དུ་མི་ཚངས་པར་སྤྱད་དེ་ཁུ་བ་མ་ཕྱུང་ཡང་ཕམ་པའོ། །བུད་མེད་ཆུང་ངུ་མི་ཚངས་པར་སྤྱད་དུ་མི་བཟོད་པ་ལ་མི་ཚངས་ པར་སྤྱད་དེ་ཁུ་བ་བྱུང་ཡང་སྦོམ་པོའོ། །དེ་བཞིན་དུ་ཁ་དང་རྐུབ་ཀྱི་སྒོར་བྱས་ཏེ་གྲུབ་ཀྱང་སྦོམ་པོའོ། །སྟེང་ཆུང་ཞིང་བྱིས་པ་ཡིན་པས་དགའ་བའི་ཤས་ཆུང་བའི་ཕྱིར་རོ། །མགོ་བཅད་པའི་ཁ་དང་སྒོ་གསུམ་ཉམས་པ་དང་ཕག་བཅོས་པ་མི་ཚངས་པར་སྤྱད་པ་ནི་སྦོམ་པོའོ། ། སྒོ་གསུམ་ཉམས་པ་ལ་བྱས་པ་ལ་སོགས་པ་ནི་ཕམ་པའོ། །སྒོ་གསུམ་ཉམས་པར་བྱས་ཏེ་ཁུ་བ་ཕྱུང་བ་ནི་ལྷག་མ་གཅིག་དང་ལྷག་མའི་སྦོམ་པོ་གཅིག་དང་ཉེས་བྱས་ཀྱང་ཡོད་དོ། །བྱས་པ་དུ་མའི་འབྲས་བུ་ལྟུང་བར་མི་གཞག་གོ། །གསེར་ཕྱེའམ་པ་ནེའམ་དོང་ ཙེའམ་འགྲོན་བུའམ་ནས་འབྲས་ལ་སོགས་པ་ཕུང་པོར་འདུག་པ་ལ་སྔ་ཕྱིར་ཚག་བུར་བླངས་ཤིང་རྐུ་ན་ཅི་ཙམ་ཐོབ་ཀྱང་རུང་ཕུང་པོ་མ་ཟད་ཀྱི་བར་དུ་རིན་ཐང་མ་ཚང་ན་ཕམ་པར་མི་འགྱུར་རོ། །དགེ་སློང་ལམ་དུ་ཞུགས་ཏེ་བལ་རྙེད་པའི་ལྟུང་བ་ཡང་ཞྭ་དང་ལྕག་ཕོད་ལ་སོགས་པའི་ རྒྱུ་ཙམ་སྔ་ཕྱིར་ལན་མང་དུ་བསྐྱས། དེ་ཁྱེར་བ་ནི་བསྐྱ་བ་རྫོགས་ནས་བལ་ཅི་ཙམ་