Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 165

Văn bản gốc(Tây Tạng)

Trang 18 / 22 (50.000 ký tự/trang)
་ཤ་ཁ་ར་ལ་སོགས་ཐམས་ཅད་ཀྱང་བུ་རམ་དུ་ཆུད་དོ། །འདི་རྣམས་ཀྱང་སྨན་བུ་རམ་ཞེས་བྱ་བའི་ནང་དུ་གཏོགས་ཏེ་ཞག་བདུན་དུ་འཆང་དུ་དབང་ངོ་། །མདོ་ཡང་མར་དུ་ཆུད་དོ། །མཐོ་རིས་ཀྱི་ཁམས་
ན་འདུག་པ་ཞིག་སྟེ་འདི་ཡང་མར་དུ་གཏོགས་ཏེ་ཞག་བདུན་པའོ། །ཡུངས་མར་དུ་ཚིལ་ལས་བཞུས་ཏེ་བཙགས་པའང་ཆུད་དོ། །ཚིལ་དང་ཆུ་གཉིས་བསྲེས་ཏེ་བསྐོལ་ནས་ཆུ་ནི་སྐམས་ཚིལ་གྱི་ཁུ་བ་ལུས་པ་ཚེགས་ཀྱིས་བཙགས་ནས་ཞག་བདུན་པའི་མར་གྱི་གོར་བཅད་དུ་རུང་།
ཉ་དང་སྦལ་པ་དང་དོམ་དང་ཕག་པའིའོ། །འདི་རྣམས་ཀྱི་ཚིལ་བཙགས་པའང་མར་གྱི་གོར་ཞག་བདུན་པར་བཅང་། འདི་རྣམས་ནི་ནད་པ་མང་པོ་ལ་མཁོ་བས་སོ། །མདོ་ལྟག་མའི་ཚིལ་རྣམས་ནད་པ་ལ་དགོས་པའི་ཕྱིར་བཅངས་ཀྱང་ཉེས་མེད། སོས་ནས་ནད་པའི་ཕྱིར་འདི་

རྣམས་ལས་སློང་ན་སྦྱིན་ནོ། །ཚིལ་འདི་རྣམས་ནད་པའི་ཡོ་བྱད་དུ་བྱས་ཏེ་གསོས་ནས་ལྷག་ན་ནད་པ་གཞན་ལ་སྦྱིན་ཀྱང་ཉེས་མེད། མེད་ན་ནད་ཀྱི་གསོས་པ་ལའོ། །བདག་ནད་སོས་ནས་ཚིལ་གྱི་སྨན་དགེ་སློང་ནད་པ་མེད་ན། དགེ་འདུན་གྱི་སྨན་ཁང་དུ་རུབ་པ་
ལ་གཏད་དོ། །གདུས་པ་དང་བསྐུལ་བ་ཡང་ངོ་། །འབྲས་བུ་དང་མེ་ཏོག་ལ་སོགས་པ་ལྟ་བུ་ལྕགས་ཀྱི་གཞོང་། ཀུན་དུ་ནད་ཀྱི་ཆོ་ག་བྱ་བ་དང་། མིག་ནག་པོར་བསྐུ་བའི་རྩིའང་ནད་སོས་ནས་དགེ་སློང་ནད་པ་ལ་བྱིན། གྲོགས་ནད་པ་མེད་ན་སྨན་ཁང་དུ་དབུལ། འདི་ཡན་ཆད་ཞག་
བདུན་པའི་སྨན་བཤད་པ། ནམ་འཚོ་བར་དུ་བ་ནི་རྩ་བ་དང་སྡོང་བུ་དང་ལོ་མ་དང་མེ་ཏོག་དང་འབྲས་བུའོ། །མིང་གིས་སྨོས་པ་འདི་ལྔ་ཚེ་གཅིག་གི་བར་དུ་བཅང་དུ་རུང་བའི་སྨན་ཡིན་ཏེ་ནད་པས་བརྟགས་ཏེ་བཅང་དུ་རུང་གནང་སྟེ་འོག་ནས་མིང་གིས་སྨོས་པ་རྣམས་ཡིན་ཟས་ཀྱི་དོན་
དུ་མི་ཆོག་པ་ལས་སོ། །མདོ་ལྟག་མ་ལྟ་བུར་རྣམ་པ་ལྔ་ཟས་ཀྱི་གོར་མི་ཆོག་པ་ནི་ཚེ་གཅིག་གི་བར་དུ་བཅང་དུ་གནང་ངོ་། །འདི་ལྟ་སྟེ་མུ་སྟ་དང་ཧ་རི་བྲ་དང་ཤུ་བ་དག་དང་སྒེའུ་གཤེར་དང་བོང་ངའོ། །མིང་གིས་སྨོས་པ་འདི་རྣམས་ནི་རྩ་བའི་སྨན་ཡིན་ནོ། །ཙན་དན་དང་རྩི་བྱི་ཀ་དང་
ཐང་ཤིང་དང་སྐྱེར་པ་འདི་རྣམས་ནི་སྡོང་བུའི་སྨན་ཏེ་ཚེ་གཅིག་ཏུ་བཅང་དུ་རུང་ངོ་། །བ་ཤ་ཀ་དང་ཀོ་ཤ་ཏ་གི་དང་པ་ཏོ་ལ་དང་ནིམ་པ་དང་འདབ་མ་བདུན་པའི་ལོ་མའོ། །མིང་གིས་སྨོས་པ་འདི་རྣམས་ནི་ལོ་མའི་སྨན་ཡིན་ཏེ་ནད་པས་ཚེ་གཅིག་ཏུ་བཅངས་ཀྱང་ཉེས་མེད། མེ་ཏོག་ནི་
བ་ཤ་ཀའི་དང་ནིམ་པའི་དང་འདའ་ཀའི་དང་ན་གའི་པད་ཏ་མོའི་སྙིང་པོ་དང་ངོ་། །མིང་གིས་སྨོས་པ་འདི་རྣམས་ནི་མེ་ཏོག་གི་སྨན་ཡིན་ཏེ་ནད་པས་ཚེ་གཅིག་ཏུ་བཅང་ངོ་། །ཨ་རུ་རའི་དང་ཨམ་ལའི་དང་བྱི་བྱི་ཏ་ཀའི་དང་ན་ལེ་ཤམ་དང་པི་པི་ལིང་ངོ་། །མིང་གིས་སྨོས་པ་འདི་རྣམས་
ནི་འབྲས་བུའི་སྨན་ཡིན་ཏེ་ནད་པས་ཚེ་གཅིག་ཏུ་བཅང་དུ་རུང་ངོ་། །ཛ་ཏུ་ཛ་ཏུ་ཞེས་བྱ་བ་ནི་སྨན་སྤྱིའི་མིང་ཡིན་ཏེ་འོག་ནས་འབྱུང་བའི་རྣམས་སོ། །འདི་ལྟ་སྟེ་ཤིང་ཀུན་དང་སར་པྲ་ར་ས་དང་རྒྱ་སྐྱེགས་དང་པྲ་ཚིལ་དང་སྟ་པ་ཀ་རའོ། །མིང་གིས་སྨོས་པ་འདི་རྣམས་ཀྱི་སྨན་ཀྱང་

ཚེ་གཅིག་ཏུ་བཅང་དུ་དབང་ངོ་། །ཛ་ཏུ་ནི་འདི་ཡན་ཆད་དོ། །ཐལ་བའོ། །འདི་ཡང་འོག་ནས་འབྱུང་བ་རྣམས་ཀྱི་སྤྱིའི་མིང་སྟེ་འོག་ནས་འཆད། འདི་ལྟ་སྟེ་ཏིལ་དང་བ་ལ་ཤ་དང་སརྫི་ཀ་དང་ནས་དང་གྲ་མ་དང་བ་ཤ་ཀ་དང་ཐལ་བའི་ཐལ་བའོ། །མིང་གིས་སྨོས་པ་འདི་རྣམས་
ཀྱི་ཐལ་བའང་སྨན་དུ་འགྱུར་ཏེ་ཚེ་གཅིག་ཏུ་འཆང་དུ་གནང་ཐལ་བའི་སྨན་འདི་ཡན་ཆད་དོ། །ལན་ཚྭའོ། །འདིའང་འོག་ནས་འབྱུང་བའི་སྤྱིའི་མིང་ངོ་། །འདི་ལྟ་སྟེ་སེན་ཏ་པ་དང་ལན་ཚྭ་ནག་པོ་དང་བྱི་ལྔ་དང་། རྒྱ་མཚོ་མཆིང་རྣམས་ཀྱི་དང་རོ་མ་ཁའི་འོ། །མིང་གིས་སྨོས་པ་འདི་
རྣམས་ཀྱང་ཚེ་གཅིག་གི་སྨན་དུ་བཅང་ངོ་། །འདུས་པའོ། །འདི་འང་འོག་ནས་འབྱུང་བ་རྣམས་ཀྱི་སྤྱིའི་མིང་། འདི་ལྟ་སྟེ་ཨ་པྲ་དང་ནིམ་པ་དང་ཀོ་ཤམ་པ་དང་ཤི་རི་ཤ་དང་འཛམ་བུ་དག་གོ། །མིང་གིས་སྨོས་པ་འདི་རྣམས་ཀྱི་ལོ་མའང་སྨན་དུ་རུང་སྟེ་ཚེ་གཅིག་ཏུ་བཅང་དུ་གནང་
ངོ་། །མཆོག་གི་བར་དུ་སྦྱིན། སྨན་སྟེང་མ་རྣམས་ཀྱི་ལོ་མ་གདུས་པའི་ཁུ་བ་ནམ་སྲོས་ཀྱི་བར་དུ་ལན་དུས་བཀྲུས་ཀྱང་རུང་ངོ་། །བཀྲུས་ཏེ་ཡང་ངོ་། །ལྟག་མའི་སྨན་གྱིས་བཀྲུས་པའི་འོག་ཏུ་ཡང་ཆུ་ཐ་མལ་པས་ཀྱང་བཀྲུ། མ་རེག་པར་བཀྲུ་བ་གཅིག་གོ། །ལྟག་མ་ལྟར་འདུས་
པའི་སྨན་གྱིས་བཀྲུ་བ་ནད་ཁ་ཅིག་ལ་བསྲུབ་ཅིང་མཉེ་སྟེ་སྨན་གྱི་ཆུས་བཀྲུས་ནའང་ཕན། གཅིག་ཏུ་ནད་པ་ཁ་ཅིག་ལ་མ་མཉེས་པར་སྤྱི་བོ་ནས་བླུགས་ནའང་ཕན། འདི་ལྟར་འདུས་པ་སྦྱིན། ལྟག་མ་ལྟ་བུ་སྨན་གདུས་པས་རྔོ་དང་གཡན་པ་ལ་སོགས་པ་ལ་ཕན་པའི་ཕྱིར་རྟག་
པར་བཀྲུ། ཟས་ཐལ་བ་དང་བླངས་ན་མ་བླངས་པ་མ་ཡིན་ནོ། །ཟས་ངན་པའི་སྨན་ཆེས་བྱ་བ་ཡང་འོག་ནས་འཆད་པ་རྣམས་ཡིན་ནོ། །འདི་དག་ནམ་འཚོ་བའི་བར་དུའོ། །འོག་ནས་འབྱུང་བའི་སྨན་དེའང་ཚེ་གཅིག་ཏུ་བཅང་དུ་གནང་ངོ་། །དེར་གསུངས་པ་ནི་ཡང་བཤད་པ་
དང་བཅིངས་པ་དང་བཤངས་ཏེ་ནུ་མས་འཚོ་བའི་འོ། །སྨན་དུ་བསྲུངས་པ་ནི་བེའུ་ནུ་མ་འཐུང་བའི་གཅིན་དང་ལྕི་བ་ནི་དུག་ལ་ཕན་པའི་ཕྱིར་བཅང་དུ་གནང་ངོ་། །འདི་ནི་དུག་ལ་ཕན་ནོ། །ལྟག་མའི་བེའུའི་ལྕི་བ་དང་གཅིན་དུག་འཐུངས་མ་ཐག་ཏུ་དེ་འཐུངས་ན་སླར་སྐྱུག་པའི་ཕྱིར་བཅང་ངོ་། །

ཐལ་བ་དང་ཤིང་ཀན་ཙན་དང་ཀ་པྱི་ཏལ་དང་། ཨ་ཤྭ་ཏ་དང་ཨུ་དུམ་བཱ་ར་དང་ནྱ་གྲོ་དྷ་དག་ཀྱང་ངོ་། །མིང་གིས་སྨོས་པ་འདི་རྣམས་ཀྱི་ཐལ་བ་དག་ཀྱང་དུག་ལ་ཕན་པའི་ཕྱིར་ཚེ་གཅིག་ཏུ་བཅངས་ཀྱང་ཉེས་མེད། དེ་ལའོ། །ལྟག་མའི་ཐལ་བ་རྣམས་དུག་འཐུངས་མ་
ཐག་ཏུ་འཐུང་ན་འཚོ་བའི་ཕྱིར་བཅང་ངོ་། །ས་སོར་བཞིའི་འོག་གི་ས་ལ་དགེའོ། །བཤང་གཅི་ལ་སོགས་པས་མ་འབབས་པའི་ས་གཙང་མ་ཟབ་ཏུ་སོར་བཞི་བརྐོས་པའི་འོག་མན་ཆད་ཀྱི་ས་དུག་ལ་ཕན་པའི་ཕྱིར་བཅངས་ཀྱང་ཉེས་མེད། འདི་དད་པའི་དགེ་བསྙེན་ལས་བླངས། མདོ་ལྟག་
མའི་བེའུའི་བཤང་གཅི་དང་སའི་སྨན་ནི་དད་པའི་དགེ་བསྙེན་ཕྱིར་མི་ནུར་བ་ལས་བླང་། ལེན་དུ་གཞུག །བྱིན་ལེན་བྱ། ལྟག་མའི་སྨན་དད་པའི་དགེ་བསྙེན་ལས་བྱིན་ལེན་བྱས་ཏེ་བླང་། ཤ་རློན་པའི་སྨན་ཀྱང་ངོ་། །དགེ་སློང་ན་ན་སྨན་དུ་དད་པའི་དགེ་བསྙེན་གྱིས་འབུལ་ན་ལེན་དུ་དབང་
ངོ་། །དད་པའི་དགེ་བསྙེན་མེད་ན་དགེ་སློང་ན་བ་ཤས་མི་གསོར་མི་རུང་ན་མ་དད་པ་ལས་ཀྱང་བླང་། ཤ་འཚོང་དག་ཀྱང་ཐམས་ཅད་བླང་། དགེ་སློང་ནད་པ་ཤའི་སྨན་གྱིས་མི་གསོར་མི་རུང་བར་གྱུར་ན་དགེ་བསྙེན་དད་པ་ཤ་འཚོང་ལ་ཉོར་བཏང་སྟེ་ཉོས་ལ་ཟོས་ཀྱང་ཉེས་མེད། འདི་དགོས་
སོ། །བདག་ན་བའི་སྨན་དུ་ཤ་དགོས་ན་ལྟག་མ་ལྟར་ཉོ་བའང་མི་རིགས་པ་མ་ཡིན་ཏེ་རིགས་སོ། །དེ་སྟེ་དུས་མ་ཡིན་པར་མཁོ་ན་བ་ལང་རྒན་པའི་བཤང་བ་ལས་ནས་ཀྱིས་བྱ་བའི་སྨན་དེའི་ཕྱིར་བྱ་སྟེ་གཞན་མི་བཟའ། གླང་རྒན་ནས་ཟར་བཅུག་སྟེ་མ་ཆོམས་པ་ལྕི་བའི་ནང་ནས་བཏུས་ཏེ་ཕྱིར་
བཏབ་ལ་ནད་པ་ཕྱི་དྲོ་ཟན་ནམ་ཐུག་པ་བྱས་ཏེ་བཟའ་ཞིང་བཏུང་དུ་གནང་ངོ་། །འདི་ལྟ་བུའི་སྨན་ནད་པས་བཟའ་མི་ནུས་ན་ཟན་དང་ཐུག་པ་གཞན་འཐུང་དུའང་དབང་ངོ་། །དེ་ཟ་ནུས་ན་གཞན་མི་བཟའ། དེ་སྟེ་སྐྱོན་སྣམ་བུར་བཙགས་ཏེ་གཞན་དུ་མ་ཡིན། བ་གླང་གི་ལྟོ་ནས་བྱུང་བའི་
ནས་དེ་བརྔོས་དེ་བཏགས་ལ་སྐྱོ་མར་བྱས་ནས་སྣམ་བུས་བཙགས་པའི་ཁུ་བ་ནད་པ་ལ་བླུད། དེས་མ་ངོམས་སམ་མ་འདྲངས་ན་སྐྱོ་མ་ཉིད་ཀྱང་བླུད། དེ་སྟེ་ཤའི་སྨན་ཀོ་ཀས་བཤངས་པའི་གཞན་དུ་མ་ཡིན། ནད་པའི་སྨན་དུ་སྨན་པས་ཤ་བཙོས་པའི་ཁུ་བ་འཐུངས་ན་ཕན་པར་

བསྒོ་ན་ཕྱི་དྲོ་ཤ་ཁུ་འཐུངས་ཀྱང་ཉེས་མེད། ཤ་ཁུས་སྙིང་མ་ཚིམ་ན་ཤ་གཞན་ཟོས་ཀྱང་ཉེས་མེད། དྲེད་མོའམ་འཕར་བས་ཕྱུགས་ཀྱི་ཤ་ཟོས་པ་དེ་བཞིན་ཐལ་བྱུང་བྱུང་བ་བཟར་རུང་ངོ་ཞེས་སྨན་པས་ཕན་པར་བསྒོ་ན་ཟོས་ཀྱང་ཉེས་མེད། དེ་མ་སོས་ན་སྨན་གཞན་ཀྱང་བྱ། དེ་སྟེ་ཁུ་བ་
ནི་གོས་ཀྱིས་བཙགས་པའི་གཞན་དུ་མ་ཡིན། ནད་པ་ལ་ཕན་པའི་ཕྱིར་ཤ་ཁུ་སྣམ་བུར་བཙགས་ཏེ་འཐུངས་ཀྱང་ཉེས་མེད། ཤ་ཁུས་མ་སོས་ན་སྨན་གཞན་གྱིས་གསོ་བའི་ཕྱིར་སྦྱིན། གཞན་དང་བཅས་ན་ཆོས་ཡོད་པའོ། །ཞག་བདུན་པའི་སྨན་དང་ཐུན་གྱི་སྨན་འདྲེས་ན་
གཉིས་ཀ་དོར་རམ་གཅིག་དོར་བ་བྱེ་བྲག་འོག་ནས་འཆད། དེ་བས་ན་སྔོན་དུ་བརྟགས་པ་དང་ལྷན་ཅིག་ཏུ་འཇུག་གོ། །སྐད་ཅིག་མ་དང་ཐུན་གྱི་སྨན་འདྲེས་ན་སྐད་ཅིག་མའི་དབང་དུ་བྱ། ཐུན་གྱི་སྨན་དང་ཞག་བདུན་པ་འདྲེས་ན་ཐུན་གྱི་དབང་དུ་བྱ། ཞག་བདུན་པ་དང་ཚེ་གཅིག་
པ་འདྲེས་ན་ཞག་བདུན་པ་བཙན་ནོ། །གཟུགས་མ་གྱུར་ན་སྔ་མའི་གཟུགས་མ་ཡིན་ནོ། །མདོ་ལྟག་མ་ལྟར་འདྲེས་ན་དབྱེར་རུང་ན་སྔ་མ་ལྟར་མི་བཙན་གྱི་ཕྱེ་ཤིག །དེ་སྟེའང་འདྲེས་ཏེ་དབྱེར་ཡང་མ་རུང་ན་སྔ་མ་དང་འདྲ་བར་བྱ། དེ་བས་ན་གཞན་ལ་སོ་སོར་བྱས་པ་དེ་ལ་
བདག་གིར་བརྟགས་པས་བརྟགས་ན་མི་འགྲུབ་པར་མི་འགྱུར་རོ། །མདོ་ལྟག་མ་ལྟར་སྨན་འདྲེས་པ་བདག་གི་སོ་སོར་དབྱེ་ནུས་ནས་ཕྱེ་ལ་ཐུན་དང་ཞག་བདུན་པ་དང་ཚེ་གཅིག་པའི་སྔགས་ཀྱིས་སོ་སོར་བཏབ་སྟེ་རིམ་པར་བཅང་ཞིང་བཟའ། ཕྱེ་དང་འབྲས་བུ་བུ་རམ་ཟླུམ་པོ་
གཞག་པ་བདག་ཙམ་གྱིས་བཀྲུས་ན་གྲངས་སུའོ། །འབྲས་སམ་ཕྱེའི་ནང་དུ་བུ་རམ་གཞག་པ་དབྱར་བུ་རམ་ཞུས་ཏེ་ཁ་ཟས་དང་འདྲེས་ན་འབྲས་སམ་ཕྱེ་བསལ་ཏེ་ལྷག་མ་བུ་རམ་གྱི་ནང་ཕྱེ་དང་འབྲས་ཅུང་ཟད་ཅིག་མ་མཐོང་སྟེ་ཁོང་དུ་ལས་པའང་ཕྱི་དྲོ་ཐུན་གྱི་བར་དུ་བཟར་རུང་
ངོ་། །བུ་རམ་དུ་གཏོགས་པའང་བུ་རམ་དུ་ཆུད་དོ། །བུ་རམ་བཙིར་ཏེ་བུ་རམ་དུ་གྱུར་པ་ལས་དབྱར་ཞུས་ཏེ་སླར་བུ་རམ་ལིང་དུ་བྱར་མི་རུང་པ་ལས་ཕྱེ་ཅུང་ཟད་ཅིག་གིས་བསྲེས་ཏེ་བསྐོལ་ནས་སླར་བུ་རམ་ལིང་དུ་ཕྱེས་གཟུངས་བྱས་པ་དང་། དེ་ལྟ་བུ་ཡང་ཕྱི་དྲོ་ཐུན་གྱི་བར་དུ་

བཟར་རུང་ངོ་། །བསྔོས་པ་ལ་སོགས་པ་མི་སྐྱེའོ། །ཞག་བདུན་པ་དང་ཚེ་གཅིག་པ་དང་ཐུན་ལྟ་བུའི་སྨན་ནི་སོ་སོའི་བརྟགས་པས་བརྟགས་ན་ཐུན་གྱི་ལྟུང་བར་མི་འགྱུར་རོ། །ནད་པའི་ཕྱིར་བཟའ་ཕྱིར་བསྔོས་ཤིག་མདོ་ལྟག་མ་ལྟར་ཞག་བདུན་པ་དང་
ཚེ་གཅིག་ཏུ་གནང་བ་ནི་ནད་པ་དབང་ངོ་། །བདག་གི་དུས་ཀྱི་མཐའ་པའི་བར་དུའོ། །ཐུན་གྱིར་བསྔོས་པ་ཞག་བདུན་པར་བསྔོར་མི་རུང་ཞག་བདུན་པའི་ཚེ་གཅིག་པར་མི་བསྔོ། །ནད་པར་མི་བཟའ། ཐུན་དང་ཞག་བདུན་པ་དང་ཚེ་གཅིག་གི་སྨན་བརྟགས་པ་ནི་སྔ་དྲོ་བརྟགས་ཏེ་
གཞག་གོ། །བྱིན་བླངས་པའོ། །བརྟགས་པ་རྣམས་བྱིན་ལེན་མ་བྱས་པར་མི་བརྟག་གོ། །བྱིན་ལེན་མ་བླངས་པ་དང་འདྲེས་པ་བསྲུང་། བྱིན་ལེན་བླངས་པ་ནི་བྱིན་ལེན་བྱས་པ་དང་མ་བྱས་པ་མི་བསྲེའི་བྱིན་ལེན་བྱས་ལ་སྔགས་གདབ་པོ། །དེ་བས་ན་ལག་བསྙལ། བྱིན་ལེན་
བྱ་བ་ལག་པ་དྲི་མ་ཅན་གྱིས་མི་བླང་བླངས་པ་དང་བདག་གི་ལག་ཏུ་བྱིན་ལེན་མ་བྱས་པར་ས་ལ་བཞག་ཏེ་སྔགས་ཀྱིས་བཏབ་པ་དང་། སྤོགས་པ་དང་། སྤགས་པ་དང་། བྱིན་ལེན་མ་བྱས་པ་དང་། བྱིན་ལེན་མ་བྱས་པར་བདག་ཉིད་ཀྱིས་བླངས་སྔགས་བཏབ་པ་དང་། ནང་དུ་བསྲུབས་
ཤིང་། མཚམས་ཀྱི་ནང་དུ་དགེ་སློང་དང་ཞག་ལོན་པའི་ཟས་དང་། བཙོས་པ་དང་། མཚམས་ཀྱི་ནང་ནས་བཙོས་པའི་ཁ་ཟས་དང་། བསྔོས་པ་མི་སྐྱེའོ། །མིང་གིས་སྨོས་པ་འདི་རྣམས་ཐུན་དང་ཞག་བདུན་པ་དང་ཚེ་གཅིག་པའི་སྔགས་ཀྱིས་གདབ་ཏུ་མི་རུང་། བཙོག་པ་
ནི་བྲོ་དང་བ་ལས་ལོག་ནའོ། །སྤགས་པ་སྟེ་ཐུན་གྱི་བཏུང་བར་སྦྱར་ལ་ཉུག་པོ་ལས་སྐྱུར་པོར་གྱུར་པ་དང་། དང་བ་ལས་རྙོག་མ་ཅན་ཀྱང་ཐུན་མ་འདས་ཀྱང་ཟོས་ན་སྤགས་པར་འགྱུར། བསྔོས་པ་འོག་མ་དང་ལྷན་ཅིག་ཏུ་མི་སྤྱད་ཐུན་དུ་བསྔོས་པ་དང་ཞག་བདུན་པ་
དང་ལྷན་ཅིག་བསྲེས་ཏེ་མི་སྤྱད་ཀྱིས་སྨན་གྱི་རིམ་པའི་དཔེར་རོ། །ཐུན་དང་ཞག་བདུན་པ་དང་ཚེ་གཅིག་པར་བསྔོས་པ་མ་གཏོགས་པར་མིག་གི་སྨན་དང་རྣ་བ་དང་སྣར་ལྡུགས་པ་ནི་སྔ་དྲོའང་རུང་ཕྱི་དྲོའམ་ནམ་ཡང་བསྐུར་རུང་ངོ་། །བྱུག་པ་བྱའོ། །ལྷག་མ་ལྟ་བུའི་སྨན་མིག་ན་

ན་སྨན་བྱུག་གོ། །སྨན་གྱི་ཕྱིར་མ་ཡིན་ན་མ་ཡིན། ལྟག་མ་ལྟར་སྨན་གྱིས་བསྐུ་བ་མིག་ན་ན་བསྐུའི་མི་ན་བར་མི་བསྐུའོ། །འདིའི་སྣོད་དུ་ཐུབ་པའོ། །ལྟག་མའི་མིག་སྨན་ཟངས་དང་ཁར་བའི་ནང་དུ་བླུགས་ན་གཡའ་འོང་བའི་ཕྱིར་རྭ་དང་གཡའ་མེད་པར་བླུག་གོ། །ཁུ་བ་བྱུག་ན་
གབ་ཚེའི་འོ། །མིག་ལ་སོགས་པའི་སྨན་ཁུ་བ་རྣམས་ནི་སྦའི་གབ་ཚེ་ནང་དུ་བླུགས་རྡོ་གུ་བྱུག་ན་སྒྱེའུ་འོ། །སྨན་རྡོ་གུ་རྣམས་ནི་སྣོད་སྒྱེའུ་ནང་དུ་བླུགས། མེ་ཏོག་དང་། མེ་མར་གྱི་དུ་བ་མིག་ལ་ཕན་པ་དང་། བཙོས་པ་དང་། སྨན་སྣ་ཚོགས་ལས་བཙོས་ཏེ་མིག་སྨན་དུ་འགྱུར་བ་དང་།
ཕྱེ་མའི་བྱུག་པར་ནི་བུ་གུའི་སྨན་ཕྱེ་མ་དང་རྣམ་པ་འདི་གསུམ་གྱི་སྣོད་ནི་སྨྱིག་མའི་དུམ་བུར་བླུགས་ཏེ་གཞག །ཐུར་མ་བཅང་། སྨན་མིག་ལ་བྱུག་པའི་རྣམས་ལག་པས་བྱུགས་ནའོ། །མི་གཟེ་བའི་ཕྱིར་ལྕགས་ཀྱི་ཐུར་མ་མདེའུ་རྔལ་མ་འདྲ་བས་བྱུག །ལྕགས་དང་ཟངས་དང་མིང་
བུ་མི་ལས་དགེ །ཐུར་མའི་རྒྱུ་ནི་ལྕགས་དང་ཟངས་ལ་དགེ་སྟེ་མིང་བུ་མི་ཞེས་བྱ་བ་བལ་ཡུལ་གྱི་ཟངས་སྦྲང་བུ་དང་ལྕགས་མཉེན་པོ་ལ་བྱས་ན་བཟང་ངོ་། །བཅང་བ་ནད་པས་སྨན་གཞན་པའི་ཕྱིར་སྣོད་ཁ་མངས་སོ། །དགེ་སློང་ནད་པས་སྨན་སྣ་ཚོགས་གཞག་པའི་ཕྱིར་རས་གཉིས་
སྦྱར་ལ་ཐད་ཀར་སྐུད་པས་བཙེམས་ཏེ་ཁ་མང་པོར་འདུག་པའི་ནང་དུ་སྨན་སོ་སོར་གཞག །དེར་མི་གྲུབ་ན་བཅེར་བའམ་ཐུམ་པོར་གཞག་སྨན་མང་སྟེ་ལྟག་མ་ལྟར་སྣོད་དུ་གཞུག་ཏུ་མི་རུང་ན་ཕྱི་མ་རྣམས་ནི་སོ་སོར་ཕུར་མར་བྱ། རྡོག་རྡོག་པོ་དང་ཆེན་པོའི་རྣམས་སོ་སོར་
གཞག་པ་ཕུར་མར་བྱས་ལགནམ་ལ་གདགས་པའམ་བཅེར་ཏེ་བཞག །མི་རུལ་བའི་ཕྱིར་དུས་དུས་སུ་བསྐམ་ཞིང་བཞག །སྨན་མི་རུལ་པ་དང་རླན་པར་མི་འགྱུར་བའི་ཕྱིར་དུས་དུས་སུ་བསྐམ། ཉི་གྲིབ་ལའོ། །སྨན་བསྐམ་པ་བར་བར་ཉི་མ་ལ་བསྐམ་ཞིང་གྲིབ་མ་ལ་བསྲད།
ཉི་མ་འབའ་ཞིག་ལ་བསྐམས་ན་མཐུ་འབྲི་བའི་ཕྱིར། བསྐམས་ན་མཐུ་འབྲིའོ། །ཉི་མ་འབའ་ཞིག་ལ་བསྐམ་ནའང་ནད་ལ་མི་ཕན་པའི་ཕྱིར། གྲིབ་མ་འབའ་ཞིག་ལ་བསྐམས་ནའང་ནད་ལ་མི་ཕན་པའི་ཕྱིར་སྔ་མ་ལྟར་བསྐམ་པར་བྱ། མ་རུང་བར་འགྱུར་བའི་ཕྱིར་འབབ་ན་

བདག་གིས་བརྟུལ། སྨན་སྐམ་དུ་བཅུག་པ་ལས་མེས་ཚིག་གམ་ཤ་བྱུང་བ་ལ་སོགས་པ་རྐྱེན་གཅིག་བྱུང་ངམ་ཆར་པ་བབ་ན་དགེ་སློང་བདག་གིས་བརྟུལ་ཀྱང་སྤགས་པའི་ཁ་ཟས་སུ་མི་འགྱུར་རོ། །བསྙེན་པར་རྫོགས་པ་མེད་ནའོ། །ལྟག་མ་ལྟར་བརྟུལ་
བའང་དགེ་སྦྱོང་དང་ཁྱིམ་པ་མེད་ན་གདོད་བདག་གིས་བརྟུལ་ལོ། །སྨན་གྱི་ཕོར་བུ་བཅང་། དགེ་སློང་ལྷུང་བཟེད་གཅིག་ལས་བཅང་དུ་མི་གནང་ན་སངས་རྒྱས་ཀྱིས་ཕན་པར་གསུངས་ཏེ་སྨན་བཏུང་བའི་ཕོར་བུ་ཟངས་དང་ཁར་བ་ལས་བྱས་པ་བཅང་། སྨན་གྱི་གཟར་བུ་ཡང་ངོ་། །
སྨན་དཀྲུག་ཅིང་བསྔོ་བ་དང་བཅུ་བ་ལག་པ་ཚ་བར་མི་འགྱུར་བར་བྱ་བའི་ཕྱིར་ལྕགས་སམ་ཟངས་ལས་གཟར་བུ་བྱས་ཏེ་བཅང་། བརྣངས་པས་ཕྱི་བཞིན་ཕོར་བུ་བཅང་། །ཟན་བཟའ་བའི་ཚེ་བརྣངས་པར་གྱུར་ན་ཆུས་འཕུལ་བར་བྱ་བའི་ཕྱིར་ཕོར་བུའི་ནང་ཆུས་བཀང་སྟེ་གམ་དུ་གཞག །
ནད་པ་ལན་ཚྭའོ། །ནད་པའི་བད་ཀན་ལ་ཕན་པའི་ཕྱིར་ཚ་རྡོག་ཟླུམ་པོར་བདར་ཏེ་མིད། བད་ཀན་གྱི་སྟེང་དུ་འཕོག་ན་བད་ཀན་སླར་བྱུང་བར་ཕན་ཏེ་རྒྱ་མཚོའི་ལན་ཚྭ་མ་རྙེད་ན་ཐ་མལ་བ་བཅང་། འདི་གཞག་པའི་སྦུ་བུ་དགེའོ། །ལན་ཚྭའི་སྨན་གཞག་པའི་སྣོད་ལས་བྱས་ཏེ་དེར་
གཞུག །གཅི་བས་བཙོས་པའོ། །ལྟག་མའི་སྨན་གྱི་སྣོད་ལས་བྱས་པ་ཁྲག་དང་མི་གཙང་བས་རེག་པ་བཀྲུ་བའི་ཕྱིར་ཟངས་ཀྱི་ནང་དུ་བ་ལང་གི་གཅི་བ་དང་བསྲེས་ཏེ་བཙོས་ན་འདག་པར་འགྱུར་རོ། །མེད་ན་ཉེས་མི་འབྱུང་བའི་ཕྱིར་ཁ་གབ་བྱ། ལྟག་མའི་སྨན་གྱི་སྣོད་ལ་རྡུལ་
མི་འོང་བའི་ཕྱིར་ཁ་གབ་བྱ། འདི་ལྟ་བུ་ལས་སོ། །ཁ་གབ་ཀྱི་རྒྱུ་ནི་རྭ་ལས་བྱ་སྟེ་བཀྲུ་བ་ནི་སྔ་མ་དང་འདྲ་སྟེ་བསུང་གིས་ཀུན་དུ་སྤགས་པའི་སའོ། །བཤང་བ་དང་ཁ་ལག་བཀྲུ་བ་ས་རང་ལས་བསུང་བྱུང་བ་དེ་ལྟ་བུས་བཀྲུས་ཀྱང་མི་རིགས་པ་མ་ཡིན་ཏེ་བཀྲུས་ཀྱང་གནང་འཆད་དུའང་གནང་།
ཆུ་བསྲོ་བའི་ཕྱིར་ལྕགས་ཀྱི་ཐུ་ལུམ་མོ། །ལྕགས་ཀྱི་ཐུ་ལུམ་བསྲེགས་ཏེ་ཆུར་བཅུག་ན་ཆུ་དྲོན་པོར་འགྱུར་བའི་ཕྱིར་བཅངས་ཀྱང་ཉེས་མེད་དོ། །ཐམས་ཅད་ལ་མཁོ། ལྕགས་ཀྱི་ཐུ་ལུམ་ནི་ནད་པ་དང་མི་ན་བ་གཉི་ག་ལ་བཅང་དུ་གནང་ངོ་། །དེ་བྱུང་བའི་དེ་ལ་ལྕགས་ཐག་གིས་

གདགས། ལྕགས་ཀྱི་ཐུ་ལུམ་མེར་བསྲེགས་ཏེ་དེ་ལ་སླར་དབྱུང་དུ་ལག་པ་མི་ཚ་བའི་ཕྱིར་ལྕགས་ཐག་ཕྲེའུས་བཏགས་ལ་དབྱུང་སྲེག་པའི་ཚེ་འཇི་བ་གཤེར་བས་གནན། ཐུ་ལུམ་བསྲེགས་པའི་ལྕགས་འཇི་བས་གཡོགས་ལ་ཐུ་ལུམ་བསྲེག །ཟས་ཀྱིས་རེག་པ་སྲེག་ན་གནས་
མེད་དོ། །ལྕགས་ཀྱི་ཐུ་ལུམ་ཟས་ཀྱིས་རེག་པ་དགེ་སློང་ནད་པ་ཞིག་ཆུ་དྲོན་པོར་བཏུང་དགོས་པར་གྱུར་ན་ཟས་ཀྱིས་འབགས་པའི་ཆུ་བསྲེས་ཏེ་འཐུངས་ཀྱང་ཉེས་མེད་པ་ནི་ཆུ་བསྲེས་པའི་ཚེ་སྤགས་པ་ཡང་བར་འགྱུར་རོ། །བརྟགས་པ་ནི་སྔར་བསྲོ། །བརྟགས་པའི་ཆུ་དང་ཕྱི་རོལ་
ཆེ་ཆུང་གི་ཆུ་བསྲོ་ན། ལྕགས་ཀྱི་ཐུ་ལུམ་བསྲེགས་པས་བརྟགས་པའི་ཆུ་འཐུང་བ་སྔར་བསྲོ། །ཕྱིས་སྤྱད་པའི་འོ། །ཕྱི་རོལ་ཆེ་ཆུང་གི་ཆུ་ཕྱིས་བསྲོ། །སྔར་བསྲོ་ན་ལྕགས་ཀྱི་ཐུ་ལུམ་མི་བཅང་བའི་ཕྱིར་རོ། །མས་གསོ་བའི་འཆང་ནད་པ་ལ་སྨན་པས་ཕན་པར་རྐུབ་ནས་གྱེན་དུ་
གཅེའུ་གཙུགས་པོའི་ནང་དུ་མར་བླུགས་ཏེ་གློ་བརྫང་བ་བཞིན་དུ་དེ་ལྟར་བྱས་ཀྱང་རུང་ངོ་། །གཞན་གྱིས་བསླང་ནུས་པ་ལས་འདི་བྱས་ན་སྦོམ་པོའོ། །མདོ་ལྟག་མ་ལྟར་སྨན་བྱ་བ་ཡང་གཞན་ཅིས་ཀྱང་གསོ་མ་ནུས་ན་གདོད་ལྟག་མའི་སྨན་ཐབས་སུ་བྱ། དེ་ལ་མི་ཚངས་པར་བྱ་
བའམ་དགའ་བར་འདོད་པའི་ཕྱིར་གཅེའུ་བཅུག་ཅིང་བྱེད་ན་ཕས་ཕམ་པའི་སྦོམ་པོའོ། །ཟངས་སམ་ཁར་བའི་སྦུ་གུ་ནི་དགེ་བའི་ལྕགས་ན་ཡིན་ནོ། །སྟེང་མའི་རྐུབ་ཏུ་གཞུག་པའི་སྦུ་གུའི་རྒྱུ་ནི་ཟངས་སམ། ལྕགས་མཉེན་པོ་ལས་བྱས་ཏེ་སྲིད་སོར་བཞི་བཅུ་ལ་རྐུབ་ཀྱི་ནང་དུ་སོར་བཞི་བཅུ་
ལ་ཕྱི་རོལ་དུ་སོར་བརྒྱད་བཞག་སྟེ། སྲང་དུ་འགྲོ་བ་དང་ཕྱི་རོལ་ན་འདུག་པའི་མཚམས་སུ་ཀུན་དེའི་མགོ་འདྲ་བར་བྱ། དེ་བཞིན་དུ་མཚོན་གྱིས་གསོ་བའོ། །ནད་པའི་སྨན་ནི་བྱས་ཀྱང་མ་སོས་ན་གཏར་ག་བྱ། སྨན་གྱིས་གསོར་རུང་བ་ལ་གཏར་ག་བྱས་ན་ཕས་ཕམ་པའི་སྦོམ་པོར་འགྱུར་རོ། །
འདི་ནི་གཏར་ག་གདབ་པ་ལས་གདོད་ལ་གཞན་མི་བྱ། གཏར་ག་གདོད་ལ་བྱ་ན་རྩ་ག་ལ་འདུག་པའི་སྟེང་དུ་བྱས་པ་ནི་ཉེས་མེད་དོ། །རྩ་མེད་པར་བྱས་ན་ཕས་ཕམ་པའི་སྦོམ་པོའོ། །ལུས་ལ་ནི་ཡོད་པ་དང་མེད་པ་གཉིས་ཀ་སྨན་པས་བསྒོ་བ་བཞིན་དུ་བྱས་ཀྱང་ཉེས་མེད་དོ། །མཁྲེན་

པ་ལས་བཅད་པར་མི་བྱ། དགེ་སློང་མཁྲེན་པས་བཏགས་ཏེ་གཞན་བྱུང་བ་སྨན་པ་ན་རེ་བཅད་ན་ཕན་ནོ་ཞེས་ཟེར་ཀྱང་སྨན་པའི་ངག་མི་ཉན་ཏེ་མི་བཅད་དོ། །མཚོན་གཞན་གང་གིས་ཀྱང་ངོ་། །ལྟག་མ་ལྟར་མཚོན་གྱིས་མི་བཅད་པ་བཞིན་དུ་མཚོན་མ་ཡིན་པ་རྒྱུས་
པ་དང་རྟ་རྔ་དང་སོ་ལ་སོགས་པས་མི་གཅད་དོ། །སྨན་དང་སྔགས་ཀྱིས་གསོ། །སྨན་དང་སྔགས་ཀྱི་ཆོ་ག་བྱ་ཞིང་གསོ། །གཏུམ་པོས། གཞན་འབྱུང་བ་ལ་སོགས་ཏེ་ནད་ཐམས་ཅད་བདག་དང་འཁོན་ཡོད་པའི་སྨན་པ་གསོར་མི་གཞུག །གསོ་བའི་ཕྱིར་ནུབ་མོ་ཟ་བ་མི་རིགས་
པ་མ་ཡིན། དགེ་སློང་ནད་པ་ལ་སྨན་པས་ཕན་པར་བསྒོ་ན་ཕྱི་དྲོ་བཟའ་བ་དང་བཅའ་བ་ཟོས་ཀྱང་ཉེས་མེད། འདི་ལ་བྱིན་ལེན་མ་བྱས་པས་རྩེག་པ་མ་བརྟགས་པར་མ་དོགས་ཤིག །དགེ་སློང་ནད་པ་ནི་ན་བའི་རྐྱེན་གྱིས་བྱིན་ལེན་མ་བྱས་པ་དང་སྤགས་པའང་ཟོས་ཀྱང་ཉེས་མེད་དོ། །
གསོ་བའི་ཕྱིར་དྲིལ་བའི་དུ་བ་བཏུང་། དགེ་སློང་གློ་དང་ཆམ་པ་ན་བ་ལ་གྱོ་མོའི་ནང་དུ་བ་མར་དང་ཕྱེ་གཉིས་བསྲེས་ཏེ་དེའི་དུ་བ་བཏང་ངོ་། །སྤུ་བུས་འདི་སྦྱར་རོ། །དུ་བ་བཏུང་བ་ནི་དུ་བ་འབྱུང་བར་གྱོ་མོ་བརྟོལ་བའི་ནང་དུ་སྦུ་བུ་བཅུག་ལ་སྦུ་བུ་དེའི་ཁར་བཅུག་ལ་དུ་བ་བཏུང་ངོ་། །ལྕགས་
ཀྱིས་བྱ། ལྟག་མ་ལྟར་བཏུང་བའི་སྦུ་བུ་ནི་ལྕགས་ལས་བྱས་ཏེ་ལྕགས་མེད་ན་སྨྱིག་མ་ལས་བྱས་ཀྱང་ཉེས་མེད་དོ། །སོར་བཅུ་གཉིས་ན་དགེ་སྟེ་མི་རྣོ་མི་རྩུབ་པར་རོ། །ལྟག་མ་ལྟར་དུ་བ་རྔུབ་པའི་སྦུ་བུ་སོར་བཅུ་གཉིས་མན་ཆད་བརྒྱད་ཡན་ཆད་གང་བྱས་ཀྱང་རུང་སྟེ་རྩེ་མོ་མི་རྣོ་བ་
དང་ཐག་ཐུག་མེད་པར་བྱ། སྣོད་མར་རམ་ཡུངས་མར་གྱིས་བསྐུས་ཤིང་གཞག །དུ་བ་རྔུབ་པའི་ལྕགས་ཀྱི་སྦུ་བུ་བཙས་མི་འཁྱེར་བའི་ཕྱིར་མར་གྱིས་བསྐུས་ལ་ཕྱིས་བདག་ནའམ་དགེ་སློང་གྲོགས་ན་བའི་ཕྱིར་མི་དོར་བར་སྦ། བ་ལང་གི་སོའམ་གོས་ཀྱི་གདང་དེ་ལ་གཞག །དུ་བ་
རྔུབ་པའི་སྦུ་བུ་སྒྱེའུར་བཅུག་ལ་བ་ལང་སོའི་གོས་ཀྱི་གདང་ངམ་གོས་ཀྱི་གདང་གང་ཡང་རུང་བ་ལ་གདགས། བཀྲུ་བའི་ཕྱིར་མེར་གཞུག །དུ་བ་རྔུབ་པའི་ལྕགས་ཀྱི་སྦུ་བུ་ཆུས་མི་འདག་གི་མེར་བསྲེགས་ན་འདག་གོ། །སྣའི་ལས་བྱ། མཚུལ་པ་སུབས་པ་དང་ཀླད་པ་ན་བའི་ཕྱིར་

སྨན་པ་ན་རེ་ཆུ་ནས་སྨན་འཐུང་ཞིག་ཅེས་ཟེར་ན་འཐུངས་ཀྱང་ཉེས་མེད། འདི་ནི་སྣའི་བྱ་བར་འགྱུར་རོ། །སྣའི་ནང་དུ་སྨན་བླུགས་པ་ནི་ལྕགས་ལས་བྱེའུ་འདྲ་བར་བྱས་ལ། ཆུ་ལ་གཅེའུ་གཉིས་འཛག་པར་བྱས་ལ། སྣ་བུ་ག་གཉིས་ཀྱི་ནང་དུ་སྨན་བླུགས། བཅུ་གཉིས་པ་མི་རྣོ་བ་
དགེའོ། །ལྟག་མ་ལྟར་སྣར་བླུགས་པའི་གཅེའུ་གཉིས་མི་རྣོ་བ་བྱ། འདི་བྱ། གོང་མ་ལྟར་སྣར་བླུགས་པའི་གཅེའུ་གཉིས་ལྕགས་སམ་ཟངས་ལས་བྱ། ཤ་རྗེན་པ་སྨན་གྱི་ཕྱིར་ཤ་རྗེན་བཟའ། དགེ་སློང་ནད་པ་སྨན་གཞན་གྱིས་མི་འཚོ་སྟེ་སྨན་པ་ན་རེ་ཤ་རྗེན་ཟོ་ཞེས་བསྒོ་ན་
ཟོས་ཀྱང་ཉེས་མེད། དེ་ཟ་མི་ཕོད་ན་ཐབས་སོ། །ནད་པ་ཤ་རྗེན་ཟ་མི་ནུས་ན་ཐབས་འོག་མ་ནས་འབྱུང་བ་ལྟར་བྱ། མིག་སྣམ་བུས་དགབ། ཤ་རྗེན་མིག་གིས་མི་མཐོང་བར་བྱ་བའི་ཕྱིར་ཤ་མ་འོངས་པའི་མདུན་དུ་མིག་སྣམ་བུས་གཡོགས་མི་ལྡང་བའི་ཕྱིར་བསུང་ཞིམ་པོ་དང་བསྲེས་ཏེའོ། །ཤ་རྗེན་ཟོས་པ་
སླར་སྐྱུགས་པར་དོགས་པའི་ཕྱིར་སྤོད་བསུང་ཞིམ་པོ་དང་བསྲེས་ཏེ་བཟའོ། །འབགས་པ་ཕྱུང་སྟེ་ཡིད་དུ་འོང་བའི་བཟའ་བ་དང་བཅའ་བ་མདུན་དུ་བཞག་སྟེ་དགོགས། ལྟག་མ་ལྟར་ཤ་རྗེན་ཟོས་ཟིན་ནས་ཕྱིས་མི་སྐྱུགས་པ་དང་། མི་དགའ་བར་མི་འགྱུར་བའི་ཕྱིར་མིག་གཡོགས་པ་མ་
ཤུས་པའི་མདུན་དུ་ཁ་ར་དང་ལ་དུ་བསུང་ཞིམ་པོ་བཀྲམ་ལ་མིག་གཡོགས་པ་སྣམ་བུ་བཤུ། འདི་ལས་གཞན་པའི་ཕྱིར་འདི་ནི་སྦོམ་པོའོ། །བདག་དང་མི་ན་སྨན་པས་ཀྱང་ཕན་པར་མ་བསྒོ་བར་ཤ་རྗེན་ཟོས་ན་དབྱེན་གྱི་སྦོམ་པོའོ། །མིའི་ཤ་ནི་ཐམས་ཅད་དུའོ། །མིའི་ཤ་ནི་དགེ་སློང་
ནའང་རུང་མི་ན་ནའང་རུང་སྨན་པས་བསྒོའང་རུང་ཟར་མི་གནང་ངོ་། །ཟོས་ན་དབྱེན་གྱི་སྦོམ་པོའོ། །ཕྱིར་བྱས་པས་ཤེས་ན་མི་བཟའ། བདག་གི་ཕྱིར་ཕ་རོལ་གྱི་ཕྱུགས་ཞིག་བསད་དེ་ཤ་བྱིན་ཏེ་ཤེས་བཞིན་དུ་ཟོས་ན་ནའང་རུང་མི་ན་ནའང་རུང་ཉེས་མེད། སྟག་གི་གོད་ལ་མ་ཡིན། སེང་གེ་མ་
གཏོགས་པ་སྟག་ལ་སོགས་པས་ཕྱུགས་སམ་གཅན་གཟན་གྱིས་ཟོས་པའི་ལྷག་མ་ཡང་བཟའ་བར་རེ་བའི་སེམས་ཡོད་པ་བདག་གིས་བླངས་ན་ཉེས་བྱས་བ་ལང་དང་རྟ་དང་ཀླུ་དག་མ་ཡིན། འདི་རྣམས་མིང་གིས་སྨོས་པའི་ཤ་ཟོས་ན་ཉེས་བྱས། རྨིག་པ་གཅིག་པའི་དང་། ཝ་དང་སྤྲེའུ་

དང་། ཤིང་རྟ་དང་བྱ་རོག་དང་སོ་བྱ་དང་ཁྱུང་དང་འོལ་བ་དང་འུག་པ་དང་དེ་ལས་གཞན་ཡང་རོ་ལ་ཟ་བའི་བྱ་བ་ཀ་དང་ཛ་ཏུ་ཀ་དང་། སྦལ་པ་དང་སྲིན་བུ་འགའ་འདུས་པ་ཀ་དག་གོ། །མིང་གིས་སྨོས་པ་འདི་རྣམས་ཀྱི་ཤ་ཟོས་ན་ཉེས་བྱས། འདི་བཅད་
པའི་ཤ་མ་ཡིན་ནམ་ཞེས་བྱིན་ལེན་བྲིམ་པ་ལ་དྲི། ཤ་ཞིག་གཞན་གྱིས་བྱིན་ན་མ་ཉོའམ་འདྲིམ་ན་ལྟག་མ་མིང་གིས་སྨོས་པ་འདི་རྣམས་ཀྱི་ཤ་མ་ཡིན་ནམ་ཞེས་དྲིས་ཏེ་ཡིན་ན་མི་བཟའ་བ་དང་། ལུག་དང་རའི་ཤ་ནི་བཟར་མི་རུང་། དུ་མ་ན་དང་པོ་པས་དེ་དྲི། ལྟག་མ་ལྟར་འདྲིམ་ན་འདྲི་
བ་ནི་གནས་བརྟན་གྱིས་བྱ། ཕྲི་ན་དྲུང་ན་པས་སོ། །གནས་བརྟན་གྱིས་བརྗེད་ན་དྲུང་ན་སུ་འདུག་པས་ཀྱང་དྲི། བ་གླང་དང་མིའི་འོ་མ་མི་བཏུང་། མིང་གིས་སྨོས་པ་འདི་རྣམས་ཀྱི་འོ་མ་དགེ་སློང་མི་ན་བས་མི་བཏུང་། ནད་པ་ནི་སྨན་པས་ཕན་པར་བསྒོ་ན་འཐུང་དུ་དབང་ངོ་། །མ་སྨད་
པ་ནི་པགས་པའི་རྨ་ལ་གླན་པས་ན་བླུགས་པ་ནེ་མིག་བྱུག་པ་སྟེ་མི་བཟའ་རྣམས་ཀྱིས་སོ། །ལྟག་ཏུ་ཤ་བཟར་མི་རུང་བའི་རྣམས་དང་འོ་མ་རྣམ་གཉིས་ཟོས་ན་ཉེས་བྱས་སུ་འགྱུར་གྱི་མི་བཟའ་བར་འབྲས་སམ་སྣ་ལ་ཕན་པའི་ཕྱིར་གླན་པ་དང་སྲབ་ཅིང་འདུག་པ་ལ་སོགས་པ་ལུས་ཀྱི་ཕྱིར་ལོགས་
སུ་སྤྱད་པ་ནི་ཉེས་མེད་དོ། །ནད་པས་ཆང་ངམ་ཡུངས་མར་རམ་མར་དང་བསྲེས་པ་བཏུང་། དགེ་སློང་ནད་པ་ལ་ཕན་པར་བྱ་བའི་ཕྱིར་མར་རམ་ཡུངས་མར་གྱི་ནང་དུ་ཆང་ཉུང་ཟད་ཅིག་བླུགས་ཏེ་འཐུངས་ཀྱང་ཉེས་མེད། ཉེས་མེད་པ་ནི་ཆང་མ་ཡིན་པ་ནའོ། །ལྟག་མ་ལྟར་མར་དང་
བསྲེས་པའི་ཆང་ཡང་ཁ་དོག་ཀྱང་ཆང་མི་འདྲ་རོ་དང་བསུང་ཡང་ཆང་མི་འདྲ་ན་བཏུང་དུ་རུང་ངོ་། །བསྐོལ་བས་འབྱོར་ཏོ། །ཆང་ཟངས་གང་ཙམ་བསྐོལ་ནས་ཕྱེད་ཙམ་དུ་གདུབས་བསུང་མི་བྲོ་རོ་དང་ཁ་དོག་ཀྱང་ཆང་མི་འདྲ་ན་འཐུང་དུ་རུང་། འདི་སར་བཅུག་པ་ལ་ནས་བརྔོས་པས་
བླུགས་ཏེ་ཚར་གྱུར་ནའོ། །ཆང་བུམ་གང་ཙམ་སའི་འོག་ཏུ་བཅུག་ལ་ཡོས་ཚིག་པར་བརྔོས་ཏེ་ཆང་གི་ནང་དུ་བླུགས་ཏེ་བྱིབས་ཏེ་བཞག་ན་ཚར་འགྱུར་ཏེ་ཁ་དོག་ཀྱང་ཆང་མི་འདྲ་རོའང་ཆང་མི་བྲོ་ན་ཉེས་མེད། རྒུན་ཆང་བསྐོལ་ན་ར་རོ་བར་མི་འགྱུར། རྒུན་ཆང་བསྐོལ་ཏེ་འཐུངས་

པས་རའང་མི་རོ་ལ་བསུང་ཆང་མི་བྲོ་ན་འཐུངས་ཀྱང་ཉེས་མེད། སོ་སོར་མ་བྱས་ན་ཡོད་པ་མ་ཡིན་ནོ། །རྒུན་འབྲུ་དང་བུ་རམ་ཤིང་དང་ཏིལ་ལྟ་བུ་དགེ་སློང་གྲོགས་ཀྱིས་རེག་པ་བྱིན་ལེན་མ་བྱས་པ་ཟོས་ན་ལྟུང་བར་འགྱུར་ནས་དེ་རྣམས་ཀྱི་ཁུ་བ་བཙིར་བ་དགེ་སློང་གྲོགས་ཀྱིས་བྱིན་
ལེན་མ་བྱས་པར་རེག་པ་འཐུངས་པ་ནི་ཉེས་བྱས་སོ། །བག་ཆགས་པར་གྱུར་ན་ཡོད་པའོ། །སྨོད་དམ་ཆུ་ཁ་ཟས་ཀྱིས་འབགས་པ་ཞིག་ལས་ཟས་བཙོས་ཏེ་ཟོས་པ་རྣམས་ཀྱིས་ཉེས་བྱས་སུ་འགྱུར། གཞན་གྱིས་འབགས་པར་མི་ཤེས་ན་གཞན་ལ་ནི་ཉེས་བྱས་མེད་ཀྱི་སུས་ཤེས་བཞིན་
དུ་བྱིན་པ་དེ་ལ་ཀུན་གྱི་ཉེས་བྱས། ཆང་ལ་བསྲེས་པ་འབྲལ་བའི་ཕྱིར་ཆང་གི་བསུང་གིས་སྤགས་པའི་རྩ་བ་དང་སྡོང་པོ་དང་ལོ་མ་དང་མེ་ཏོག་དང་འབྲས་བུ་དང་སྨན་སྐམ་པོའི་ཕྱེ་མའི་ཆུས་སོ། །དགེ་སློང་ཆང་དད་ཆེ་བ་ལ་ཆང་དང་འབྲལ་བའི་ཕྱིར་མིང་གིས་སྨོས་པ་འདི་རྣམས་
སྨོད་དུ་བཅུག་སྟེ་གླུམ་གྱི་རླངས་པ་ལས་གཏུགས་ཏེ་དེ་ཆུ་དང་བསྲེས་ཏེ་རོ་སྐྱུར་ཙམ་ཅུང་ཟད་ཆང་བྲོ་བ་འཐུངས་ཀྱང་ཉེས་མེད་དོ། །ཆང་གི་སྣོད་ལ་སྤྱད་པའི་གནས་ལ་སྤགས། གོང་མའི་ཕྱེ་མ་རྣམས་རས་དཀར་པོའི་ཐུམ་པོར་བྱས་ལ་ཆང་རླངས་པ་ལ་སྦྱང་། མ་རེག་པར་
བསྲུངས་ཏེ་དེ་བས་ན་བྲི་བ་བརྒྱལ་བ་ཞི་ནས་སོ། །གོང་མ་ལྟར་ཆང་ལ་སྦྱངས་པ་ནི་ཆང་ལ་མ་རེག་པར་ཆང་གི་སྤང་མ་ཁ་ནས་ཕྲིས་ཏེ་བྱས་ཀྱང་རུང་ཆང་གཞོན་ནུ་ནམ་མས་ཡར་རྒལ་བ་ཞིག་མེད་ན་གདོད་སྦྱང་། དེ་བཞིན་དུ་རོ་དང་འབྲལ་བར་བྱེད་པ་དང་དུས་མ་ཡིན་པའི་སྐོམ་ལ་ཟས་
ཀྱང་ངོ་། །མེ་ཏོག་དང་འབྲས་བུ་ལ་ལ་ལྟག་མ་ལྟར་ཕྱེ་མ་བྱ་བ་ནི་རོ་ཁ་བ་དང་མངར་བ་ལས་མི་བྱའི་ཉུག་པ་དང་སྐྱུར་པ་ལས་བྱ། འདི་འདྲ་བར་བཏུང་བ་ཚེ་གཅིག་པ་དང་ཞག་བདུན་པ་ལ་བྱའི་འཕྲལ་དུ་བཏུང་བ་མི་ལ་བྱ་སྟེ་ཁ་ཟས་ཀྱིས་འབགས་ན་ལྟུང་བའི་ཕྱིར་མ་འབགས་པར་བྱ།
མཛེས་པར་ན་དགེ །ཁ་བ་དང་མངར་བའང་རོ་མི་ཞིམ་པས་མི་མཛེས་པ་མ་ཡིན་རྣམ་པ་ཅིག་ཏུ་རྙོག་མ་དང་སྐྱོ་མ་ལྟ་བུ་ཡོད་ན་མཛེས་པའི་ཕྱིར་རས་ཀྱིས་བཙགས་ལ་གཙང་མར་བྱས་ཏེ་བཏུང་། དེ་བས་ན་རས་མ་དཀར་པོས་ཐུམ་པོ་བྱ། ལྟག་མ་ལྟར་གཙང་སྦྲ་དང་དང་བར་བྱ་བ་ནི་

རས་དཀར་པོའི་ནང་དུ་ལྟག་མའི་སྡོང་པོ་དང་མེ་ཏོག་དང་ལོ་མ་བཅུག་ལ་བཙིར་ན་དང་བ་དང་གཙང་སྦྲར་འགྱུར་བའི་ཕྱིར་དེ་ལྟར་བྱའོ། །ནད་པས་ཀྱང་ཆང་རྩྭའི་ཏོར་ཏོ་འང་མི་བཏུང་ངོ་། །ནད་པ་དང་མི་ན་བས་ཀྱང་རུང་ཏེ་ཆང་ཉིད་ནི་ཆུང་ངུ་དང་རྩྭ་མཆོག་ཙམ་ཡང་
འཐུང་དུ་མི་གནང་ངོ་། །དགེ་བསྙེན་དང་ཐམས་ཅད་ཀྱང་སྦྱིན། དགེ་སློང་རྣམ་བཞི་དང་དགེ་བསྙེན་མན་ཆད་ཁྱིམ་པ་སུ་ལ་ཡང་རུང་ཆང་བླུད་ན་ཉེས་བྱས། དགེ་སློང་རྣམ་བཞིས་ཀྱང་གཞན་ལ་ཆང་བླུད་ན་ཉེས་བྱས། དགེ་བསྙེན་མན་ཆད་ཀྱིས་གཞན་ལ་ཆང་བླུད་ན་བསོད་
ནམས་མ་ཡིན་པ་སྡིག་པ་སྐྱེའོ། །གསོ་བའི་ཕྱིར་མ་གཏོགས་པ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་སྟེ་ལྷག་མ་ཐམས་ཅད་དོ། །ཕས་ཕམ་པ་བཞི་དང་ཆང་ལྟ་བུ་ནི་སྲོག་ལ་བབ་ཀྱང་མི་བཏུང་ཞིང་མི་དྲལ་ལོ། །ལྟག་ཏུ་རྨེ་བ་ཅན་གྱི་ཤ་མི་བཟའ་བ་དང་མི་དང་རྟའི་འོ་མ་མི་
འཐུང་བ་དང་ཆང་མར་དང་བསྲེས་པ་དང་བསྐོལ་བ་ལ་སོགས་པ་ནི་གཞན་གྱིས་མི་འཚོ་ན་དབེན་པར་འཐུངས་ཀྱང་ཉེས་མེད་དོ། །བཙང་དང་སྒོག་སྐྱ་དང་རྒྱ་སྒོག་ཀྱང་མི་བཟའ། མིང་གིས་སྨོས་པ་འདི་རྣམས་མི་བཟའ་ཟོས་ན་ཉེས་བྱས་སོ། །ནད་པས་ནི་དབེན་པར་རོ། །ལྟག་མ་
ལྟ་བུའི་སྒོག་པ་རྣམས་ནད་པས་ནི་ཆོ་ག་ལ་ཕན་པའི་ཕྱིར་མཚམས་ཀྱི་ཕྱི་རོལ་དུ་དབེན་པར་བཟའ། ཟ་བ་དང་དེའི་འོག་ཏུ་བཙང་ནི་ཞག་བདུན་དགེ་སློང་གིས་སྒོག་པ་བཙང་ཟོས་ནས་ཞག་བདུན་པ་སོང་སྟེ་གཙུག་ལག་ཁང་དུ་འཇུག །སྒོག་སྐྱ་ནི་ཞག་གསུམ། སྒོག་སྐྱ་ཞག་ཏུ་ཟོས་
ན་རུང་ཟོས་ནས་ཞག་གསུམ་ཟོས་ཏེ་གཙུག་ལག་ཁང་དང་དགེ་འདུན་གྱི་ནང་དུ་འཇུག་གོ། །རྒྱ་སྒོག་ནི་ཞག་གཅིག་ལས་གཙུག་ལག་ཁང་དུ་མི་སྤྱད། དགེ་སློང་གིས་དབེན་པར་རྒྱ་སྒོག་ནི་ལྟག་མ་བས་རོ་ཆུང་བའི་ཕྱིར་ཞག་གཅིག་བསངས་ཏེ་གཙུག་ལག་ཁང་དུ་འགྲོ། མལ་སྟན་ལ་
མི་སྤྱད། ལྟག་ཏུ་སྒོག་པ་རིམ་པ་གསུམ་ལ་ཞག་ཏུ་བསངས་པ་བཞིན་དུ་དགེ་འདུན་གྱི་མལ་སྟན་ལ་ཞག་གཅིག་གི་རིམ་པ་བཞིན་མི་སྤྱད། བཤང་སར་མི་འཇུག །ལྟག་མའི་ཞག་གྲངས་རིམ་པ་བཞིན་དུ་དགེ་འདུན་གྱི་བཤང་སར་མི་འཇུག །གཟགས་པར་མ་ཡིན། ལྟག་མའི་

ཞག་རིམ་པ་བཞིན་གཅིན་གཅི་བའི་སར་ཀྱང་མི་འཇུག །དགེ་འདུན་གྱི་ནང་དུ་མི་འཇུག །ལྟག་མའི་སྒོག་པ་རྣམས་ཟོས་ཏེ་ཞག་གྲངས་མ་ཚང་བར་དགེ་འདུན་གྱི་ནང་དུ་མི་འགྲོ། མཆོད་རྟེན་གྱི་མཚམས་སུ་མ་ཡིན། སྒོག་པ་ཟོས་ཏེ་ཞག་གྲངས་མ་ཚངས་པར་མཆོད་རྟེན་ལ་
ཕྱག་འཚལ་དུ་མི་འགྲོ །དེའི་ཚད་ནི་འདོམ་མོ། །བདག་དང་པའི་ཤས་ཆེ་སྟེ་མཆོད་རྟེན་ལ་ཕྱག་མི་འཚལ་དུ་མི་རུང་ན་མཆོད་རྟེན་དང་བར་འདོམ་གང་ཙམ་གྱིས་བཅད་ལ་བསྐོར། ཁྱིམ་པ་ལ་ཆོས་མི་བཤད། སྒོག་པ་ཟོས་པའི་ཞག་གྲངས་མ་ཚང་པར་ཁྱིམ་པ་ལ་ཆོས་མི་བཤད།
དད་པའི་དགེ་བསྙེན་ཕྱིར་མི་ནུར་བ་ལ་བཤད་ཀྱང་ཉེས་མེད། གྲོང་དུ་མི་འགྲོ །སྒོག་པ་ཟོས་པའི་ཞག་གྲངས་མ་ཚང་བར་གྲོང་དང་ཁྱིམ་དང་ཁྱིམ་དུ་མི་འགྲོ །འགྲོ་བ་མང་པོའི་ཕྱོགས་སུ་མ་ཡིན་སྒོག་པ་ཟོས་ཏེ་ཞག་མ་ཚང་བར་དགེ་འདུན་འདུ་བའི་སའམ་མི་མང་པོ་འདུ་བའི་སར་མི་
འགྲོ །མཐར་ཁྲུས་སོ། །སྒོག་པ་ཟོས་ཏེ་ཞག་གྲངས་ཚང་ན་ཁྲུས་བྱ། གོས་ལ་བསུང་བ་བསལ། བདག་སྒོག་པ་ཟ་བའི་ཚེ་གོས་ལ་རེག་པ་རྣམས་མེད་པར་བྱས་ཏེ་ཐབས་འོག་ནས་འཆད། བཀྲུ་བ་དང་བདུགས་སོ། །གོང་མ་ལྟར་གོས་སྒོག་པས་རེག་པ་ནི་བཀྲུས་ལ་སྒོག་
པའི་རོ་མེད་པར་བྱ་བའི་ཕྱིར་པོག་གམ་སྤོས་ཀྱིས་བདུག །རྫིང་བུ་ཚུན་ཆད་ལ་ལོ་ཉེས་པའོ། །འོག་ནས་མདོ་རྫིང་བུ་ཞེས་བྱུང་བ་ཡན་ཚད་ལོ་ཉེས་པའི་ཚེ་དབང་བ་ལ་འཆད་དེ། ཕྱི་རོལ་བཞིན་དུ་བཙོ་གནས་པ་ལ་ཡང་བསྔོས་ཏེ་བརྟགས་ནའོ། །ལོ་ཉེས་ཀྱི་ཚེ་མཚམས་ཀྱི་ནང་དུ་
བཙོས་པ་དང་། མཚམས་ཀྱི་ནང་དུ་ཞག་གཅིག་ལོན་པའི་ཟས་དང་དགེ་སློང་གིས་བཙོས་པ་དང་བྱིན་ལེན་མ་བྱས་པ་དང་། དགེ་སློང་གིས་ཚང་མང་ནས་བླངས་ཏེ་གུད་དུ་ཟ་བ་དང་ཕྱི་དྲོ་འབྲས་བུ་རྒུན་འབྲུ་ལ་སོགས་པ་དང་། ཤིང་ཏོག་པུ་ཀ་རེ་ལ་སོགས་པ་ཕྱི་དྲོ་ཡང་ཡང་ཟ་བ་དང་།
བདག་གིས་བཙོས་པ་དང་ཕྱི་དྲོ་རྒུན་དང་འབྲས་བུ་པ་ཀ་རེ་ལ་སོགས་པ་འདི་བརྒྱད་ཀྱང་ཕྱི་དྲོ་ལོ་ཉེས་པའི་ཚེ་བཟར་དབང་ངོ་། །བསྔོའོ། །ལོ་ཉེས་པའི་ཚེ་མཚམས་ཀྱི་ནང་དུ་ཚང་མང་དང་སྲིས་འཚོད་བསྔོར་རུང་ངོ་། །ལོ་ཉེས་མ་བྱུང་བའི་ཚེ་བསྔོར་མི་དབང་ངོ་ཞེས་ཏི་ཀ་ལས་འཆད་

དོ། །ལོ་ཉེས་པ་མ་བྱུང་ཡང་སྔགས་ཀྱིས་གདབ་ཅིང་བསྔོར་རུང་ངོ་ཞེས་འདུལ་བ་འཛིན་པས་བཤད་དོ། །ཤིང་དྲུང་དང་བ་ལང་གི་གནས་དང་མུར་འདུག་གི་གནས་དང་རྒྱལ་པོའི་གྲོང་གི་དངོས་པོ་དང་དགེ་སློང་མའི་དབྱར་མོ་ཐང་གཙུག་ལག་ཁང་གི་ཕྱི་རོལ་གྱི་ཁྱིམ་ས་
དང་སྒོ་ཕུབས་དང་ཁྱམས་དང་བསྲོ་གང་གི་གནས་སུ་ཡང་མ་ཡིན་ནོ། །མི་དགེ་སློང་གི་ཚང་མང་དང་སྲིས་མཛོད་མིང་གིས་སྨོས་པ་འདི་རྣམས་ཀྱི་གནས་སུ་ལོ་ཉེས་པ་དང་མ་ཉེས་པ་འདྲ་སྟེ་བསྔོར་མི་དབང་། བླ་གབ་མེད་པ་དང་མིའི་གནས་དང་མཆོད་རྟེན་གྱི་གནས་དང་། ཁྱིམ་གྱི་
གནས་སུ་ཡང་ངོ་ཞེས་གཞན་ལས་སོ། །མིང་གིས་སྨོས་པ་འདི་རྣམས་ཀྱི་གནས་སུ་ཚང་མང་དང་སྲིས་མཛོད་བྱར་མི་རུང་ངོ་ཞེས་འདུལ་བ་འཛིན་པ་ཁ་ཅིག་གིས་བཤད། བསྒྲུབ་པ་དང་བཙོ་བ་དེར་མི་བྱ། ལྟག་ཏུ་ཤིང་དྲུང་དང་ཞེས་བྱ་བ་མན་ཆད་གཞན་ལས་སོ་ཞེས་བྱ་བ་ཡན་
ཆད་མི་གནས་སུ་ཚང་མང་དང་སྲིས་མཛོད་བསྔོ་བ་མ་གཏོགས་ཀྱི་སྣོད་སྤྱད་གཞག་པ་དང་ཁ་ཟས་བཙོ་བའང་གནས་དེར་མི་བྱའོ། །བཙོ་བ་བཟླས་པ་མི་བྱ་བ་ཡང་ངོ་། །ལྟག་ཏུ་མིང་གིས་སྨོས་པ་འདི་རྣམས་ཀྱི་གནས་སུ་ཁ་ཟས་བཙོས་ཟིན་པ་ཞིག་སླར་བཙོ་བའམ་མ་ཚོས་པ་བཙོ་བའི་
གནས་ཀྱང་དེར་མི་བྱ། དེ་ལ་དུས་བཞི་སྟེ། ཚང་མང་དང་སྲིས་མཛོད་བརྟགས་ན་རུང་བའི་གནས་བཞི་ཡོད་དེ་འོག་ནས་འཆད་པ་ཡིན་ནོ། །ཐོག་མའི་ཕ་གུ་འཇོག་པ་ནའོ། །ཐོག་མ་གཙུག་ལག་ཁང་རྩིག་ཅིང་རྨང་འདིང་བ་ན་ཚང་མང་དང་སྲིས་མཛོད་དུ་བསྔོས་ནའང་རུང་། སྟེང་དུ་
ལས་སར་པ་དང་བཅས་པ་ནའོ། །ཁང་པ་བརྩིགས་ཏེ་གཞག་ཀུན་ཟིན་ལ་སྐྱང་ནུལ་ལམ་རི་མོ་ཙམ་མ་ཟིན་པར་བསྔོས་ནའང་རུང་ངོ་། །གཞན་གྱི་དུས་དགེ་སློང་གི་གནས་མ་བྲལ་བའོ། །གཙུག་ལག་ཁང་ཟིན་ཏེ་དགེ་སློང་ནང་དུ་ལྷགས་ནས་ཟླ་བ་དང་ཞག་དུ་ལོན་ཀྱང་རུང་སྟེ། གཙུག་
ལག་ཁང་དང་དགེ་སློང་གཅིག་ཀྱང་ཞག་དུ་མ་བྲལ་ན་བསྔོས་ན་རུང་ངོ་། །གནས་སུ་མ་གྱུར་པ་ནི་འདི་དག་མེད་པ་ལས་དགེ་སློང་དག་བྱིན་ནའོ། །དགེ་སློང་གིས་གཙུག་ལག་ཁང་ཡོང་མ་བཏང་སྟེ་སྟོང་པར་འགྱུར་བ་ལས་དགེ་སློང་ཁ་ཅིག་གུད་ནས་ལྷགས་ཏེ་ཞག་མ་ལོན་པར་ཚང་

མང་དང་སྲིས་མཛོད་བསྔོས་ཀྱང་རུང་རྣམ་པ་གཅིག་ཏུ་གཙུག་ལག་ཁང་གི་ནང་གི་དགེ་སློང་ཐམས་ཅད་མཚམས་ཀྱི་ཕྱི་རོལ་དུ་དང་སྟེ་སྐྱ་རེངས་བྱུང་ནས་སླར་གཙུག་ལག་ཁང་དེའི་ནང་དུ་ཞག་མ་ལོན་པར་གསོལ་བ་དང་ཞུ་བའི་ལས་ཀྱིས་བསྔོས་ན་ཚང་མང་དང་སྲིས་མཛོད་དུ་རུང་ངོ་། །
བྱ་བ་གཞན་བརྩམས་པ་དང་ཞི་བ་དག་ལ་དེའོ། །གཙུག་ལག་ཁང་སྟོང་པར་བོར་ལ་དགེ་སློང་གུད་ནས་ལྷགས་པས་ཁང་བུ་འགོད་པ་དང་ཆུ་ལྟ་བ་ལ་སོགས་པའི་ལས་ཅིའང་མི་བྱ་བར་ཐོག་མར་ཚང་མང་དང་སྲིས་མཛོད་བསྔོའོ། །ཐམས་ཅད་དགེ་འདུན་གྱི་ལས་སོ། །ལྟག་
ཏུ་གནས་བཞིར་བསྔོར་གནང་པ་གང་ཟག་གི་འོག་ནས་འཆད་དེ། འདི་ནི་དགེ་སློང་གི་དགེ་འདུན་གྱིས་གསོལ་བ་དང་ཞུ་བ་གཉིས་ཀྱི་ལས་ཀྱིས་བསྔོ། ཐོག་མ་ནི་གང་ཟག་གི་ལས་ཀྱང་ངོ་། །བསྔོ་བ་རྣམ་བཞི་ལྟག་ཏུ་བཤད་པ་ལ་རྨང་བཙུགས་པ་དང་ཅུང་ཟད་མ་ཟིན་པའི་ཚེ་དང་
གཉིས་ནི་གང་ཟག་གཅིག་གིས་བསྔོས་ཀྱང་རུང་ངོ་། །ལས་སར་པས་སོ། །ལྟག་ཏུ་གང་ཟག་གིས་བསྔོའོ་ཞེས་བྱ་བ་ནི་གཙུག་ལག་ཁང་སློང་བའི་ལས་བྱེད་པའི་དགེ་སློང་གིས་བསྔོ་བ་ལ་བྱའོ། །ཐོག་མ་འབའ་ཞིག་གིས་སོ། །ལྟག་ཏུ་ལས་སར་པ་བས་བྱ་ཞེས་བྱ་བ་ནི་དགེ་
སློང་དེ་ཉིད་ཀྱིས་བྱ་བ་ལ་བྱའི་གཞན་གྱིས་བསྔོར་མི་རུང་ངོ་། །ལྟག་མའི་གང་ཟག་གིས་བསྔོ་བ་ནི་དགེ་འདུན་གྱི་སྤྱིར་བསྔོའོ་ཞེས་ཁར་བརྗོད་དོ། །གཉིས་པོ་ལ་དགེ་སློང་མང་པོ་དགོངས་ཏེའོ། །ལྟག་ཏུ་གང་ཟག་གཅིག་གིས་ཐོག་མའི་གནས་གཉིས་བསྔོ་བའི་ཚེ་གན་ན་དགེ་སློང་
མན་ཆད་ཡོད་ན་བཙན་པ་དགོངས་ཤིག་གནས་འདི་ནི་དགེ་འདུན་གྱི་ཚང་མང་དུ་འགྱུར་རོ་ཞེས་སྨྲས་པས་ཀྱང་བསྔོས་པར་ཆུད་དོ། །གང་ན་དགེ་འདུན་དུ་ཚང་པ་ནི་གསོལ་བ་དང་ཞུ་བས་བསྔོའོ། །མཚམས་གཅིག་ནི་གཙུག་ལག་ཁང་ཟིན་ནས་ནང་དགེ་སློང་ལྷགས་པ་ཞག་དང་ཟླ་བ་དུ་
ལོན་ཀྱང་རུང་སྟེ་དགེ་སློང་གཅིག་དང་ཡང་མ་བྲལ་ན་དགེ་འདུན་འདུས་ནས་གསོལ་བ་དང་ཞུ་བའི་ལས་ཀྱིས་ཚང་མང་སྲིས་མཛོད་བསྔོར་རུང་། ཅི་ཙམ་ན་འོངས་ཏེ་གནས་པ་དེ་ཙམ་དང་མཉམ་པར་བརྟགས་པ་བཞི་པའི་གནས་ཞེས་ཚིག་གིས་བརྗོད་ཅིང་སྨྲ། གཙུག་ལག་

ཁང་སྟོང་པར་བོར་བ་ལ་དགེ་སློང་གུད་ནས་ལྷགས་པས་ཚང་མང་དང་སྲིས་མཛོད་བསྔོ་བ་དང་མཚམས་གཅིག་གི་དགེ་སློང་ཐམས་ཅད་ར་བའི་ཕྱི་རོལ་དུ་སྐྱ་རེངས་བྱུང་བ་ལ་གཙུག་ལག་ཁང་དུ་ལྷགས་ཏེ་བསྔོ་བ་དང་དེ་གཉིས་ནི་གསོལ་བ་དང་ཞུ་བ་གཉིས་ཀྱི་ལས་
བརྗོད་ལ། དགེ་སློང་ཐམས་ཅད་ཀྱིས་གནས་འདིར་བྱའོ་ཞེས་བརྗོད་དོ། །འདི་དུ་མ་ལ་གཅིག་པུས་གཙུག་ལག་ཁང་གི་བྱ་བ་བྱས་ཀྱང་མི་མཛེས་པ་མ་ཡིན་ནོ། །མཚམས་ཆེན་པོ་གཅིག་གི་ནང་ནས་གཙུག་ལག་ཁང་མང་ཞིག་གི་དགེ་འདུན་གནས་གཅིག་ཏུ་འདུས་ཏེ་གཙུག་
ལག་ཁང་གཅིག་གི་ཚང་མང་དང་སྲིས་མཛོད་གསོལ་བ་དང་ཞུ་བའི་ལས་ཀྱིས་བསྔོས་ན་གཙུག་ལག་ཁང་གཞན་ཐམས་ཅད་ཀྱི་ཚང་མང་སྲིས་མཛོད་ཀྱང་བརྟགས་པར་འགྱུར་རོ། །ཐ་དད་དུ་གྱུར་པ་ལ་འདིས་བདུག་པར་བཤད། མཚམས་ཆེན་པོ་གཅིག་གི་ནང་ན་གཙུག་ལག་
ཁང་མང་ཞིག་འདུག་པའི་དགེ་སློང་གཅིག་ཏུ་འདུས་ཏེ། ལྟག་མ་ལྟར་ཚང་མང་བསྔོས་ན་ཁ་ཟས་མཚམས་ཀྱི་ནང་དུ་ཞག་ལོན་པ་དང་བཙོས་པ་གཉིས་ཀྱང་མཚམས་ཆེན་པོ་གཅིག་གི་ནང་གི་གཙུག་ལག་ཁང་ཐམས་ཅད་ཀྱིའང་དབང་ངོ་། །འདི་གཉིས་ནི་མུ་གེའི་ཚེ་མ་ཡིན་ཀྱང་
དབང་ངོ་། །འདི་མན་ཆད་ནས་འབྱུང་བ་ཁ་གཅིག་ནི་མུ་གེའི་ཚེའང་དབང་ངོ་། །དགེ་སློང་གིས་བཙོས་པ་དང་། ལོ་ཉེས་ནས་མུ་གེའི་ཚེ་ཚང་མང་བརྟགས་ཀྱང་རུང་མ་བརྟགས་ཀྱང་རུང་བདག་གིས་བཙོས་ཀྱང་རུང་གྲོགས་ཀྱིས་བཙོས་ཀྱང་རུང་བཟར་དབང་ངོ་། །བླང་བའི་བྱིན་
ལེན་སྤྱད། དགེ་སློང་གིས་སྔར་ཁ་ཟས་རེག་པ་ཕྱིས་བྱིན་ལེན་བྱས་ཏེ་ཟོས་ན་ཉེས་མེད་དོ། །ནང་པར་གྱི་ཟས་ཀྱང་ངོ་། །མུ་གེའི་ཚེ་ཡང་ཡང་ཟོས་ཀྱང་ཉེས་མེད་དོ། །ཐུག་པ་ནི་ཐམས་ཅད་དུའོ། །ཐུག་པ་ནི་ཉེས་ཀྱང་རུང་མ་ཉེས་ཀྱང་རུང་ཡང་ཡང་མི་ཆུད་དེ་འཐུང་དུ་དབང་ངོ་། །བྱིན་
བླངས་ནས་སྤངས་དང་བླངས་པ་ཡང་ངོ་། །བསོད་སྙོམས་བླངས་ཏེ་བདག་གིས་ཅི་ཆོག་ཙམ་ཞིག་ལོང་ཤིག་སྤངས་ཏེ་ལྷག་མ་མི་ཟ་བར་བསམ་པ་དེ་སླར་བླངས་ཏེ་ཟོས་ཀྱང་ཉེས་མེད་ཟ་བའི་ཚེ་ལངས་ཏེ་ཡང་འདུག་ནས་ཟོས་ཀྱང་ཉེས་མེད་དོ། །དེ་ལྷག་མ་བླངས་པར་ལྡང་བ་ཡང་ངོ་། །

ཟན་བཟའ་བར་ས་ལ་འདུག་སྟེ་ཟོས་ན་དེ་ཆོག་གོ་ཞེས་བྱས་ཏེ་སླར་གཏོང་བ་ལས་ཡང་སླར་འོན་ཅིག་ཅེས་བྱས་ཏེ་ཟོས་ཀྱང་རུང་ལངས་ཏེ་ཡང་སླར་འདུག་ན་ཟོས་ཀྱང་ཉེས་མེད་དོ། །མུ་གེའི་ཚེ་མགྲོན་དུ་སོང་བའི་ལྷག་མ་ཟོས་ཀྱང་དབང་སྟེ་ཉེས་མེད་དོ། །འདི་བསག་གོ། །ལོ་ཉེས་
པའི་ཚེ་བདག་ལ་ཡོན་བདག་གིས་ཟས་མང་ཞིག་མདུན་དུ་བཞག་སྟེ་བྱིན་ན་ཅི་ཡོག་ཙམ་ཟོས་ཀྱང་། ལྷག་མ་ཡང་ཁྱིའུ་དབང་ངོ་། །ཤིང་གི་དུས་པ་དེར་གསུངས་པ་ནི་འདི་ལྟ་སྟེ་རྒུན་འབྲུ་དང་བལ་པོ་སེའུ་དང་། ཁ་རྫུ་ར་དང་སྟར་ག་དང་འབའ་སྟ་མ་དང་བེའུ་འབྲུ་དང་ཐང་ཤིང་དང་འབའ་
འབྲུ་དང་སིན་ཙི་ཏི་ཀ་དག་གོ། །མིང་གིས་སྨོས་པ་འདི་རྣམས་ལོ་ཉེས་པའི་ཚེ་སྔ་དྲོ་ཡང་ཡང་ཟར་རུང་ངོ་ཞེས་བྱི་ཛ་ཡ་བར་མས་བཤད། ཕྱི་དྲོ་ཡང་བཟར་རུང་ངོ་ཞེས་བྱི་ཤུ་ཏས་བཤད། རྫིང་བུ་ཡང་ངོ་། །ལྟག་ཏུ་རྫིང་བུ་ཡན་ཆད་ལོ་ཉེས་ཀྱི་ཚེ་བཟར་རུང་ངོ་ཞེས་ཟེར་བ་ནི་འདི་ཡན་ཆད་དོ། །
དེར་གསུངས་པ་ནི་འདི་ལྟ་སྟེ་པདྨོའི་རྩ་བ་དང་འཛེར་བུ་དང་འབེ་ཏ་དང་ཨུཏྤ་ལའི་རྩ་བ་དང་པདྨོའི་ས་བོན་ནོ། །ལོ་ཉེས་ཀྱི་ཚེ་རྫིང་བུའི་ནང་ནས་སྐྱེས་པ་འདི་རྣམས་ཀྱང་བཟར་རུང་ངོ་། །སྨན་གྱི་དངོས་པོའོ། །ཕྲན་ཚེགས་ལ་སོགས་པའི་མདོ་རྫོགས་སོ།། །།རྒྱལ་པོའམ་རྒྱལ་པོའི་
ཆེད་དུ་ཁས་མི་བླང་། རྒྱལ་པོ་ཤིའམ་མེད་དེ་འབངས་ཕལ་ན་རེ་དགེ་སློང་ཁྱོད་ཀྱིས་རྒྱལ་པོའམ་རྒྱལ་ཚབ་བམ་བློན་པོ་ཆེན་པོ་གྱིས་ཤིག་ཅེས་ཟེར་ནའང་ཁས་མི་བླང་། དགེ་འདུན་གྱི་ཕྱིར་གྲོང་བླང་། དགེ་འདུན་ལ་གྲོང་ཁྱེར་དང་ཁོར་ཡུག་དང་ཁང་ཁྱིམ་འབུལ་ན་བླང་། ཞིང་ཡང་ངོ་། །
དགེ་འདུན་ལ་ཞིང་ཕུལ་ནའང་བླང་ངོ་། །དེ་ཡལ་བར་མི་དོར། ལྟག་ཏུ་གྲོང་དང་ཞིང་བྱིན་པ་ལྟ་བུ་རྨོ་བརྐོ་དང་ཞལ་ཏ་བྱ། འདིའི་ཆ་སྦྱིན། བདག་གིས་ཞིང་རྨོ་མི་ནུས་ན་ཐུན་ཤས་སུ་བཏང་། ཆ་བླང་ཤིང་ཐུན་ཤས་སུ་བཏང་བ་སླར་མི་སྟེར་ན་བླང་། བྱེད་པས་གཙུག་ལག་ཁང་དུ་བསྐུར།
ཁྱིམ་པ་ལ་ཐུན་ཤས་སུ་བཏང་བ་དགེ་སློང་ཉིད་ཀྱི་ཁུར་དུ་མི་བསྐུར་གྱི་ཁྱིམ་པ་སྐྱེད་དུ་བཞུག །བདག་གི་ཐོག་མར་རོ། །དགེ་སློང་དང་ཁྱིམ་པ་གཉིས་ཐུན་ཤས་བགོས་ན་དགེ་འདུན་དབང་བ་སྔར་ཁྱིམ་པ་སྐྱེད་དུ་གཞུག་གོ། །ཕྱིས་བྱས་ན་ཆར་པ་འོང་གིས་དོགས་པའི་ཕྱིར་རོ། །

བསྲུང་བའི་ཕྱིར་དགེ་སློང་བསྐོ་ཞིང་གི་ཤས་དང་གྲོང་གི་དཔྱ་བླང་བའི་ཚེ་དགེ་སློང་དཔྱ་བ་གཅིག་གཞུག །སྐྱེ་བ་དང་འགོད་པ་དང་གཉིས་ཀ་དང་གང་ཡང་རུང་བར་མི་མངོན་ན་མི་བསླང་། ཀླུས་དགོན་པར་གཙུག་ལག་ཁང་སྤྲུལ་པ་དྲུག་སྡེས་ཀླན་ཀ་
བཙལ་བ་ལས་བཅས། གཞན་དུ་ན་དྲན་པ་ཤེས་བཞིན་མདུན་དུ་བྱས་ཏེ་དེར་འཇུག་གོ། །ལྟག་མ་ལྟ་བུ་མ་ཡིན་རྒྱུ་ག་ལས་འོངས་པའང་ཤེས་ལས་ཟད་པར་འགྱུར་བའང་ཤེས་ན་རྒྱུ་ལྷག་ཆད་ཅི་ཡོད་པ་བརྩིས་ཀྱང་ཉེས་མེད། དགེ་འདུན་གྱི་ཕྱིར་གཡོག་བླང་། ཡོན་བདག་
དད་པས་དགེ་འདུན་ལ་ཡོན་དུ་གཡོག་ཕུལ་ན་བླངས་ཀྱང་ཉེས་མེད། གང་ནས་སྒྲས་གཙུག་ལག་ཁང་དུ་ཡོང་བ་དེར་ཁང་པ་བརྩིག་པར་བྱ། གཙུག་ལག་ཁང་གི་རྐྱེན་དུ་ཡོན་བདག་དད་པས་གྲོང་ཕུལ་བའམ་རྩེ་རྒོད་ལྟ་བུ་གཙུག་ལག་ཁང་གི་འདབ་ཅ་ཅོ་དང་སྒྲ་མི་ཐོས་
པ་ཙམ་གྱི་ཚོང་དུ་གནས་ཁང་བྱས་ལ་གཞག །དེ་སྟེ་ལས་བྱེད་ན་ཟས་བྱིན་པ་བྱ། རྩེ་རྒོད་དང་ལྷ་བྲན་དགེ་འདུན་གྱི་ལས་བྱེད་ན་ཟས་དང་གོས་དགེ་འདུན་གྱིས་སྦྱིན། བ་ལང་དང་མ་ཧེ་དང་ར་ལུག་དང་བལ་གླང་དང་རྟ་དང་རྔ་མོ་དང་བོང་བུ་དང་འབྲུ་རྗེན་པ་དང་སྣོད་དག་ཀྱང་ངོ་། །མིང་གིས་
སྨོས་པ་འདི་རྣམས་དགེ་འདུན་ལ་ཕུལ་ན་བླངས་ཀྱང་ཉེས་མེད། འདི་མཆོད་རྟེན་ལ་མ་བརྟགས་པ་མ་ཡིན། གྲོང་དང་ཞིང་དང་རྫས་ལ་སོགས་པ་མཆོད་རྟེན་ལ་ཡོན་དུ་ཕུལ་ན་བླངས་ཀྱང་ཉེས་མེད། ཁ་གཟར་བཅང་། ཟས་བཟའ་བའི་ཚེ་ཁ་གཟར་བཅངས་ཀྱང་ཉེས་མེད། ཚྭ་ཁུག་
ཀྱང་ངོ་། །ཚྭ་ཁུག་བཅངས་ཀྱང་ཉེས་མེད་འདི་དག་དང་ཕྱི་བཞིན་དུ་བཏུང་བའི་ཕོར་བུ་ལས་གཞན་པའི་ཁར་བའི་སྣོད་གང་ཟག་གིས་མི་བཅང་། གང་ཟག་གིས་ཁར་བའི་ཁ་གཟར་དང་ཁར་བའི་ཚྭ་ཁུག་དང་ཆུ་ལྟ་བ་དང་རྣངས་པའི་བཞིན་དུ་ཆུས་འཕུལ་བའི་སྣོད་འདི་རྣམས་བཞི་
ལས་གཞན་གང་ཟག་གིས་མི་བཅང་། ཀུན་དགའ་བ་བཅང་། གཙུག་ལག་ཁང་གི་ར་བའི་ལས་བྱེད་པའི་གཡོག་རྙེད་ན་བཅང་། མ་རྙེད་ན་གླ་བྱ་བ་ཡིན། མཚུངས་པའི་བྱིས་པ་བསྲུང་བའི་ཕྱིར་འབུལ་ན་བླང་ཁྱིམ་པ་རྟག་པར་བུ་ཤི་བས་ཕྱིས་བུ་གཅིག་བདོག་སྟེ་ཤི་ནས་དགེ་སློང་

གི་གཡོག་ཏུ་ཕུལ་ན་དགེ་སློང་གིས་བླངས་ལ་གཙུག་ལག་ཁང་དུ་གཞག །བུ་མོ་ན་དགེ་སློང་མའི་གཙུག་ལག་ཁང་དུ་གཞག །དེའི་མཚན་མ་མགུལ་བར་གོས་གདགས་པ་ཡིན་ནོ། །འདྲེག་གིས་མི་ཁྱེར་བར་བྱ་བའི་ཕྱིར་དགེ་སློང་གིས་ཆོས་གོས་ཀྱི་ཚལ་བུ་མགུལ་དུ་གདགས།
རྐེད་པར་ཡང་ངོ་། །ཆོས་གོས་ཀྱི་ཚལ་བུ་རྐེད་པར་བཏགས་ཀྱང་རུང་ངོ་། །སྙིང་རྗེའི་སེམས་ཀྱིས་བསྲུང་། བྱིས་པ་བདག་གི་གན་དུ་བཞག་པ་དེ་ཕྱིས་གཡོག་ཏུ་བྱ་བའམ་འདི་བཅངས་ཀྱང་བྱ་དགའ་མང་ཞིག་བྱིན་དུ་རེ་བའི་ཕྱིར་ནི་མི་བསྲུང་གི་ཕོངས་ཏེ་སྐྱབས་ཚོལ་བའི་ཕྱིར་སྙིང་རྗེས་
བརྩི་བར་བྱའོ། །དེའི་གཉེན་གྱིས་ཕུལ་ན་བླང་། བྱིས་པ་བཞག་པ་དེའི་ཕ་མའམ་གཉེན་གྱིས་སྤྱན་གཟིགས་སམ་གོས་ཤིག་དགེ་སློང་དེ་ལ་ཕུལ་ན་བླངས་ཀྱང་ཉེས་མེད། མཐར་རྔན་པ་ཡང་ངོ་། །ལྟག་མ་ལྟར་བྱིས་པ་བཞག་པ་ཕྱིས་མ་ཤི་སྟེ་སོས་ནས་དེའི་ཕྱིར་ཕ་མས་དད་དེ་ནོར་
དང་རྫས་བྱིན་ན་ལེན་དུ་གནང་ངོ་། །ངེས་དྲིན་ཤེས་པར་ཡང་ངོ་། །ལྟག་མ་ལྟར་བྱིས་པ་གསོས་པ་དེ་ཉིད་ཀྱིས་ཁྱོད་ཀྱི་ཡིན་ནོ་ཞེས་ཟེར་ཞིང་ནོར་འབུལ་ན་ལེན་དུ་དབང་ངོ་། །རྔན་པ་མི་བླང་། དགེ་སློང་གིས་བྱིས་པ་གསོས་ཏེ་མ་ཤི་བ་རྔན་པ་བྱིན་ཞེས་མི་བྱ། འབྲས་བུ་ལ་སོགས་པ་བདག་
གིར་བྱ། ཡོན་བདག་གིས་ཤིང་ཏོག་ལ་སོགས་པ་དགེ་འདུན་དང་གང་ཟག་ལ་འབུལ་ན་སུས་ཕུལ་ཀྱང་ལེན་དུ་དབང་། མར་དང་ཏིལ་དང་སྦྲང་རྩི་དང་བུ་རམ་གྱི་རྫ་མ་ཡང་ངོ་། །མིང་གིས་སྨོས་པ་འདི་རྣམས་རྫ་མ་བཀང་སྟེ་དགེ་འདུན་དང་གང་ཟག་གང་ལ་ཕུལ་ཀྱང་
ལེན་དུ་དབང་ངོ་། །དེའི་སྣོད་ཀྱང་ངོ་། །ལྟག་མ་རྣམས་ཀྱི་སྣོད་རྫ་མ་ལ་སོགས་པ་ཕུལ་ཀྱང་ལེན་དུ་དབང་ངོ་། །དེའི་གཞི་བཞག །རྫ་མའི་ཞབས་སུ་ལྕུག་སྐོར་གྱི་གཞི་གཞག་བཤང་གཅི་དང་ཆང་གི་སྣོད་དག་མི་སྤྱད། རྫ་མ་ལ་སོགས་པའི་སྣོད་བཤང་གཅིས་རེག་པའམ་ཆང་གིས་རེག་པ་ཡོན་དུ་ཕུལ་ཀྱང་མི་
བླང་། བདག་ཅག་ཡོད་ནའང་སྤང་། བཙོ་བ་དང་བསྲེག་པ་དགེ་འདུན་གྱི་ཕྱིར་བསྲུང་བ་བྱ། ཁ་ཟས་བཙོ་བ་དང་ཁུར་བ་ལ་སོགས་པ་བསྲེག་ཅིང་བཙོ་བ་ཡང་དགེ་འདུན་གྱི་ཕྱིར་དགེ་སློང་གིས་འདི་བསྲེག་འདི་ཚོས་ཞེས་བྱས་ཀྱང་བཙོས་པར་མི་ཆུད། མཁན་པོ་བྱི་ཤུ་ཏས་ནི་ཁ་ཟས་འཚེད་

པའི་ཚེ་དགེ་སློང་ཐོ་ངན་གཅིག་སྤྱན་དུ་གཞག་ཅེས་བཤད། ཟས་འོངས་ཀྱི་བར་དུ་ཐེལ་གྱིས་མ་བཞག་པར་འཇུག་ཅིང་མི་སྤྱོད། བསོད་སྙོམས་བླང་བའི་ཚེ་ཟས་མི་འོངས་པར་ལྷུང་བཟེད་ལག་པའི་མཐིལ་དུ་བཞག་ཅིང་མི་བསླང་ཟས་གཡོགས་པ་བཅང་། ལྷུང་
བཟེད་ཁ་བཅད་པའི་རས་བཅངས་ཀྱང་ཉེས་མེད། ཁར་བའི་སྣོད་དང་གཞི་འདི་དག་སྤྱིའི་མ་ཡིན་པར་མ་དོགས་ཤིག །ལག་ཏུ་ཁར་བའི་སྣོད་རྣམ་བཞི་ལས་གང་ཟག་སྤྱོད་དུ་མི་གནང་བ་བཞིན་དུ་དགེ་སློང་མའང་འཆང་དུ་མི་གནང་། ནད་པ་མོ་ཞྭ་བཅང་བ་མ་བརྟགས་
པར་མ་ཡིན་ནོ། །དགེ་སློང་མ་ན་བའི་ཚེ་ཞྭ་ཇི་ལྟ་བུ་རུང་བཅང་དུ་གནང་། འཁར་གསིལ་གྱི་སྒྲ་མ་བྱུང་བར་ཟས་ཀྱི་ཕྱིར་གྲོང་དུ་མི་འཇུག་གྲོང་དུ་བསོད་སྙོམས་ལེན་པའི་ཚེ་འཁར་གསིལ་གྱི་སྒྲ་མ་ཕྱུང་བར་ཟན་མི་བླང་། དེ་བཅང་། མཁར་གསིལ་བཅང་། རིགས་སུ་འཇུག་པ་ཤེས་
པར་ནན་ཏན་བྱ། གྲོང་དུ་སློང་བའི་ཚེ་ལམ་སྲང་གྱ་གྱུ་མང་དུ་འདུག་ན་ཐོག་མའི་ལམ་སྲང་མི་ནོར་བར་བསམ་ཞིང་། ཕྱི་ཤུ་ཏས་ནི་གྲོང་མང་དུ་ཡོད་ན་རིམ་གྱིས་བསོད་སྙོམས་བསླང་ཞེས་བཤད་མངོན་མཚན་བྱ་བའི་ཕྱིར་ཟས་དོར་བ་ལ་སོགས་པས་སོ། །གྲོང་དུ་འཇུག་པའི་ཚེ་དགེ་སློང་དེས་
རྒྱུས་མི་ཤེས་ཏེ་ལམ་ནོར་གྱིས་དོགས་ན་སུའི་གཙུག་ལག་ཁང་ག་ལས་གར་འདུག་པ་ཡིད་ལ་མཚན་མར་བཟུང་བ་དང་ཕྱེ་ལ་སོགས་པར་མདོ་མདོར་ག་ལས་འོངས་པར་གཏོར། བྱི་ཤུ་ཏས་ནི་གྲོང་སྟུག་པོ་ལ་ཟས་ལན་གཉིས་པ་བླངས་ཀྱིས་དོགས་པའི་ཕྱིར་མཚན་མ་གདབ་པ་ལ་བཤད།
ཆོས་ཀྱི་ཚོང་པས་འཚོ་བར་མི་བརྟག་ཆོས་བཤད་པའི་གླ་མི་བླང་བ་དང་མི་འདི་ལ་ཆོས་བཤད་ན་ཟས་དང་སྨན་དང་གོས་ལ་སོགས་པ་བྱིན་པར་རེ་བའི་ཕྱིར། དེའི་ཕྱིར་ཆོས་མི་བཤད་ཆུ་མ་གྲུ་བ་ན་ཞོ་ཁུ་དག་གིས་རྐང་པ་བཀྲུ། ཆུ་དཀོན་པའི་སར་ཆུ་མེད་དེ་ཁྱིམ་པས་ཆུར་ཁུ་ཞིག་བྱིན་ན་
དེ་འང་བརྟགས་ཏེ་རྐང་པ་བཀྲུ་འོ། །རྩྭའི་ཐུམ་པོ་ལ་འདུག་ཀྱང་རུང་དགེ་སློང་སྟན་མེད་ན་རྩྭའི་ཐུམ་པོ་ལ་འདུག་ཀྱང་ཉེས་མེད་དོ། །དབེན་པར་བླ་གབ་མེད་པས་བཞག །ལྷག་མ་ལྟར་རྩྭ་སྟན་ལ་ནུབ་མོ་ཉལ་བ་ནང་པར་ལངས་ནས་རྩྭ་སྟན་དེ་བསྡུས་ཏེ་དབེན་པར་བཞག །སྤུངས་ཏེ་ཡང་ངོ་། །

དགེ་སློང་མང་ན་རྩྭ་སྟན་མང་དུ་སྤུང་། རྣམ་གཅིག་ཏུ་ལྟག་མ་ལྟར་ཉལ་བ་ལས་ལངས་ན་སྤུངས་ཏེ་བཞག་ཀྱང་ཉེས་མེད། ཟིན་ནས་དོར། ནུབ་མོ་ཞག་ལོན་ནས་རྩྭ་སྟན་དེ་བསྐུར་བ་མ་ཡིན་གྱི་དོར་རོ། །ཕལ་ཆེ་ན་དུ་མར་བྱའོ། །དགེ་སློང་ཕལ་ཆེར་འདུས་ན་གྲལ་རིམ་དུ་མར་བྱས་ཀྱང་རུང་
སྟེ་འོག་ནས་འཆད་དོ། །ལྔ་བརྒྱ་བར་ཡང་ངོ་། །ལྟག་མ་ལྟར་ཉིས་སྟོང་སུམ་སྟོང་ཞིག་ཡོད་ན་ལྔ་བརྒྱ་ལྔ་བརྒྱར་ཕྲེང་བ་བྱ། རྒན་རིམས་སོ་སོ་ནས་བསོག །དགེ་སློང་མང་པོས་འདུས་ན་རྒན་པོ་རྣམས་གྲལ་ལོགས་ཤིག་ཏུ་བྱ། གཞོན་ནུའང་ལོགས་ཤིག་ཏུ་གྲལ་བྱས་ལ་རྒན་
གཞོན་གྱི་ཟས་ཀྱང་སོ་སོར་གཞག །འདྲིམ་པ་ནི་མི་བཞོད་པར་ཞལ་ཏ་བསྐོ། དགེ་སློང་གཅིག་འདྲིམ་པ་བཞོད་དམ་མི་བཞོད་པའི་སྤྱན་དུ་བཞག །ཐོག་མར་ཟས་ལ་གཏོགས་པས་བཟའ་ཐོ་ངན་དང་སྤྱན་ཕྱིས་ལས་འབྲེལ་པའི་ཕྱིར་ཟན་དགེ་འདུན་པས་སྔར་ཟོས་ཀྱང་ཉེས་མེད། རྒན་
རིམས་སུ་འཁོད་པའི་ཕྱིར་སྦྱིན་པའི་ཕྱིར་དུ་བ་མང་ན་དགེ་སློང་དག་བསྐོ། དགེ་སློང་རྒན་པོ་དང་གཞོན་ནུ་དང་དགེ་སློང་ཞིག་འདུག་ན་འདྲིམ་པ་ལ་མཉམ་པའི་ཕྱིར་སོ་སོར་བཀང་དུ་བཅུག་ལ་ཞལ་ཏ་བ་མང་དུ་བསྐོས། སོ་སོར་འདྲིམ་གཉིས་སམ་གསུམ་བོར་ནས་འདིར་དགེ་སློང་མ་ཅི་བདེར་
འཁོད་དོ། །དགེ་སློང་མ་ཚར་གཅིག་ཏུ་བཀང་ན་ལྟག་ཏུ་སྟན་རིམ་པ་གཉིས་གསུམ་བོར་ལ་འདུག་པར་བྱའོ། །བཟའ་བའི་གནས་སུ་སྒྲ་བསྐྱུངས་ཏེ་འདེང་ངོ་། །ཟས་བཟའ་བའི་ཚེ་གྲོང་དང་གཙུག་ལག་ཁང་འདྲ་སྟེ་ཅ་ཅོ་མེད་པར་སྒྲ་བསྐྱུངས་ཏེ་འདུག །རབ་ཏུ་བསྡམས་པའི་ཚུལ་
གྱིས་སོ། །ཟན་ཟ་བའི་ཚེ་ལུས་དང་ངག་དང་ཡིད་བསྡམས་ཏེ་བཟའ། མཛེས་པར་རོ། །ཟས་ཟ་བའི་སྤྱོད་ལམ་བཞིར་མཛེས་པར་བྱ། དེ་བཞིན་དུ་འཁོད་དོ། །སྟན་ལ་འདུག་པའི་ཚེ་གོང་མ་རྣམས་བཞུགས་ལ་འདུག་གོ། །བཟའ་བ་རྐང་པས་མི་བརྫི། ཁ་ཟས་ཀྱི་བག་ལ་རྐང་པས་མི་བརྫི།
ལྷུང་བཟེད་ཀྱི་གཞི་རྐང་པས་མི་བརྫི་ལྷུང་བཟེད་ཀྱི་གཞི་ཤོ་མའམ་གཞོང་པ་ལ་སོགས་པ་ཡང་རྐང་པས་མི་བརྫི། སེམས་མི་གཡེང་བར་དྲན་པ་མངོན་པར་བཞག་སྟེ་བསོད་སྙོམས་བླང་། ཟས་བྱིན་ལེན་བྱེད་པའི་ཚེ་སེམས་ཡན་མན་དུ་མི་གཏོང་བར་བསམ་པའི་རྒྱུད་བཞིན་དུ་བླང་མི་འཐོར་

བར་ལུས་ཀྱི་ཚད་དུའོ། །ཁ་ཟས་བླང་བའི་ཚེ་སྣོད་ལས་ཡན་མན་དུ་མི་འཐོར་བར་བྱ་བ་དང་བདག་འགྲངས་པ་ཙམ་དུ་བླང་ངོ་། །འདི་དག་ནི་མི་བསྲེ། ཟན་ཟ་བའི་ཚེ་ཕྱེ་དང་འབྲས་བུ་མི་བསྲེ་རྣམ་པ་གཅིག་ཏུ་གྲོགས་ཀྱི་ཟན་སྐལ་དང་མི་བསྲེ་བར་བླང་། མི་དཀྲུག །
བསོད་སྙོམས་ལེན་པའི་ཚེ་འོ་མ་དང་ཚོད་མ་དཀྲུགས་ཤིང་མི་སྡུག་པར་མི་བྱ། ཟན་ཟ་བའི་ཚེ་ཡང་མི་སྡུག་པར་མི་བྱ། རབ་ཏུ་དགབ། བདག་ཟན་ཟ་བའི་ཚེ་དབེན་པར་བཟའ། རྣམ་པ་གཅིག་ཏུ་གྲོགས་ཀྱི་ཟན་ལེན་པ་གཡོག་བྱས་ཏེ་བསྐུར། དུས་ལས་འདས་པར་མི་དཀྲི། གྲོགས་
ཀྱིས་ཟས་ལེན་དུ་བཅོལ་བ་དུས་མ་འདས་པར་བླང་ཞེས་བྱི་ཤུ་ཏས་བཤད། ནད་པ་དང་ནད་གཡོག་དང་དཀོར་བ་དང་ཕས་འོངས་པ་དང་ཚུས་འོངས་པ་འདི་རྣམས་ནི་ཚང་མང་ནས་དུས་ལས་སྔར་ལེན་ཅིང་བཟར་ཡང་དབང་ངོ་། །གང་ལས་སྤྱན་དྲངས་པ་ལས་དེ་ལས་གཞན་རྙེད་དེ་བདག་
གིར་བྱ་བ་མི་རིགས་པ་མེད་དོ། །ཡོན་བདག་གིས་སྔར་ཐུག་པའམ་ཚོད་མ་ལ་སྤྱན་དྲངས་པ་ལ་ཕྱིས་ལ་དུའམ་ཞིམ་དགུ་ཞིག་སྦྱར་ཏེ་གསོལ་ཀྱང་བཟར་དབང་ངོ་། །ཉེས་མེད་པ་ནི་བདག་གིས་ཟས་ཟ་བ་ལས་གཞན་ལས་བླངས་ནའོ། །བདག་གིས་ཟས་ནར་མ་ཞིག་ཟ་ཞིང་འདུག་པ་
ལ་ཡོན་བདག་གམ། གྲོགས་པོའམ་དགེ་སློང་ངམ་ཞིག་གིས་སྤྱན་གཟིགས་སམ་ཟས་ཤིག་བྱིན་ན་དེ་དང་བཅས་ཏེ་ཟོས་ན་ཉེས་མེད་དོ། །དེར་ཆུད་པ་བཞིན་དུ་གཞན་གྱིས་སྤྱན་དྲངས་ཏེ་འདུག་པ་ལས་དེས་གནང་ནས་གཞན་གྱིས་བྱིན་ནའོ། །ཡོན་བདག་གཅིག་གིས་དགེ་འདུན་སྤྱིར་
སྤྱན་དྲངས་པ་ལས་ཡོན་བདག་དེའི་གནས་ན་ཟན་བཟའ་བའི་ཚེ་སྦྱིན་བདག་གཞན་ཞིག་གིས་སྤྱན་གཟིགས་སྣ་འགའ་ཞིག་དགེ་འདུན་ལ་འདྲིམ་ཞེས་ཟེར་ན་སྔར་སྤྱན་དྲངས་པའི་ཡོན་བདག་གིས་བྲིམས་ཤིག་ཅེས་ཟེར་ན་བྲིམ་ཀྱང་ཉེས་མེད། འདྲིམ་དུ་མི་རུང་ངོ་ཞེས་ཟེར་ན་མི་བྲིམ། སྒྲའི་
སྦྱོར་བར་བསམས་པའི་དོན་གྱིས་ཚུལ་ཏེ་གྲགས་པའི་མ་ཡིན་ནོ། །ཡོན་བདག་དད་པ་ལ་ལ་ཞིག་གིས་དགེ་སློང་ལ་སངས་རྒྱས་ཁྱོད་ལ་ཡོན་འབུལ་ལོ་ཞེས་ཟེར་བའི་ཚེ་ཡིད་ལ་བདག་དགའ་བ་དང་འཚེ་བར་མ་བསམས་ན་ཡོན་བླངས་ཀྱང་ཉེས་མེད། བླངས་ཏེ་མི་བཏང་། ཡོན་ལ་སོགས་

པ་བྱིན་ནོ་ཅོག་ལ་དགོངས་སམ་མི་དགོངས་པ་སྔར་བརྟགས་ཏེ་བླངས་གིས་བླངས་ཟིན་ནས་སླར་མི་སྦྱིན་ནོ། །ལྟ་བ་དང་། དགེ་སློང་གིས་དགེ་བར་ལྟ་བ་ལས་ཡོན་བླངས་ཏེ་ལོག་པ་ལ་ལྟ་བ་ལ་བྱིན་ན་བདག་ལ་གཉེར་དུ་འགྱུར་བའི་ཕྱིར་ཉེས་བྱས། ཚུལ་ཁྲིམས་དང་ལྡན་པ་ལས་བླངས་
ཏེ། དགེ་སློང་གིས་ཚུལ་ཁྲིམས་དང་ལྡན་པ་ལས་ཡོན་བླངས་ཏེ་ཕས་ཕམ་པ་ལ་སོགས་ཏེ་ཚུལ་ཁྲིམས་དང་མི་ལྡན་པ་ལ་བྱིན་ན་བུ་ལོན་དུ་འགྱུར་བའི་སྟེང་དུ་ཉེས་བྱས། གཞན་རིམ་བཞིན་དུ་བྱིན་པ་དང་། མདོ་ལྟག་མའི་རིམ་པ་ལྟར་ཚུལ་ཁྲིམས་དང་ལྡན་པ་དང་དགེ་སློང་དགེ་བར་
ལྟ་བ་ལས་ཡོན་བླངས་ཏེ་ཚུལ་ཁྲིམས་དང་མི་ལྡན་པ་དང་ལོག་པར་ལྟ་བ་ལ་བྱིན་ན་དད་པའི་ཡོན་བདག་གི་བསོད་ནམས་སུ་མི་འགྱུར་བས་དགེ་སློང་ལ་བུ་ལོན་དུ་འགྱུར་བའི་སྟེང་དུ་ཉེས་བྱས་ཞེས་བཤད་དོ། །ཁམ་ལ་སོགས་པ་ཆུང་ངུ་བྱ་བ་ལས་ལྷག་པར་བླངས་ཏེ་ཟོས་ན་དད་པས་བྱིན་
པ་ཆུད་གསན་པའོ། །ཡོན་བདག་དད་པ་ལ་ལ་ཞིག་གིས་དགེ་སློང་མགྲོན་དུ་བོས་ཏེ་ཁ་ཟས་ལ་སོགས་པ་སྣ་མི་ཉུང་བ་ཞིག་འདྲིམ་ན་བདག་འགྲངས་པ་ཙམ་གྱི་ཚོད་བླང་གི་མ་འོང་པར་བླངས་ནས་ལྷག་རོལ་ལ་སོགས་པར་བྱས་ན་ཡོན་བདག་གི་ཟས་ཆུད་ཟོས་པའི་ཉེས་བྱས་ཞེས་བཤད།
བརྒྱ་ལ་ཆོག་པ་ཙམ་དུ་སྤགས་ཏེ་བླངས་པ་ལས་མ་འགྲངས་ན་ཕྱིས་བསྣན་ཏེ་ཟོས་པ་ནི་ཉེས་མེད་དོ། །ཕ་དང་མ་དང་ནད་པ་དང་རབ་ཏུ་བྱུང་བར་འདོད་པ་དང་། སྦྲུམ་པ་དང་། འདུལ་བར་འདོད་པ་དང་། ཟས་ལ་རེག་པ་དང་། ཁྱིམ་པ་ཡང་འོངས་ན་དེ་ལས་བགོ་བར་བྱ། དགེ་སློང་གིས་
དད་པའི་ཡོན་བདག་ལས་བསོད་སྙོམས་སུ་བླངས་ཏེ་མ་དད་པ་དང་ཚུལ་ཁྲིམས་ལོག་པར་ལྟ་བ་ལ་ཟན་བྱིན་ན་བུ་ལོན་དུ་གྱུར་པའི་སྟེང་དུ་ཉེས་བྱས་པ་ཡིན་ན་བདག་གིས་བསོད་སྙོམས་རན་པར་བླངས་པ་ལས་མིང་གིས་སྨོས་པ་འདི་རྣམས་ལ་བགོས་ཏེ་བྱིན་པ་ནི་ཉེས་མེད་དོ། །ཁམ་གྱི་
ཆངས་པ་བཞག །དགེ་སློང་ཟན་ཟ་བའི་ཚེ་ཟན་གྱི་ཆངས་པ་གཅིག་སྔར་བཅད་ལ་གཞག །བཟའ་བ་ནི་མི་བསྔོ། །མདོ་ལྟག་མ་ལྟར་ཟན་གྱི་ཆངས་པ་བཞག་པ་དེ་འདི་སྦྱིན་ནོ་ཞེས་གཅིག་ལ་མི་བསྔོ་ཕྱུགས་ཀྱང་སྦྱིན་མདོ་ལྟག་མ་ལྟར་ཟན་གྱི་ཆངས་པ་བཞག་པ་དེ་མདུན་དུ་མི་དང་

ཕྱུགས་སུ་ཕྲད་པ་ལ་སྦྱིན། བཟའ་བ་མ་ཟིན་པའི་ཕྱིར་གཞག་པ་ལས་མི་སྦྱིན། དགེ་སློང་གཞན་ལ་ཟན་ཞིག་སྦྱིན་ན་ཟན་ཁར་མ་བཅུག་པའམ་འགྲངས་པའི་འོག་ཏུ་སྦྱིན་གྱི་བདག་ཟ་བཞིན་དུ་གཞན་ལ་མི་སྦྱིན། སྤྱན་དྲངས་ཏེ་དད་པས་བྱིན་པ་མ་ཡིན། ཡོན་
བདག་དད་པ་ལ་ལ་ཞིག་གིས་སྤྱན་གཟིགས་དང་ཟས་ལ་སོགས་པ་དགེ་སློང་ཁྱོད་འབའ་ཞིག་ཟོ་ཤིག་ཅེས་ཟེར་བའི་ཚེ་བདག་འབའ་ཞིག་གིས་བཟའ་བར་ཁས་བླངས་པ་ལའང་གྲོགས་པོ་ལ་སོགས་པ་གཞན་ལ་མི་སྦྱིན། ལྷུང་བཟེད་ཀྱི་གནས་ཀྱི་ཟས་ཀྱི་ལྷག་མ་དག་ལ་ཅི་བདེ་
ཞེས་བྱའོ། །བདག་ཟས་ཟོས་པའི་ལྷག་མ་ལ་ཅི་བདེར་ཟོ་ཤིག་ཅེས་བྱས་ཏེ་འགྲོ །གནས་པ་དག་གཏོར་མ་སྦྱིན་བདག་ཟས་ཟ་བའི་ཚེ་ལྷ་ཁང་བསྲུང་བའི་ལྷ་སྲིན་ལ་སོགས་པ་ལ་གཏོར་མ་བྱིན། དེའི་རྟོག་པའི་རྗེས་སུ་སྔ་དྲོ་ལ་སོགས་པའོ། །མདོ་ལྟག་མ་ལྟར་གཙུག་ལག་ཁང་
གི་འཁོར་དུ་གཏོར་མ་གཏང་བའི་ནི་ཁ་ཅིག་སྔ་དྲོ་ཁ་ཅིག་ཕྱི་དྲོ་སྦྱིན་པ་ཡོད་པས་སྔ་དྲོ་དང་ཕྱི་དྲོ་མི་ནོར་བར་དུས་དུས་སུ་སྦྱིན། རྟོག་པ་ཐ་དད་ཐ་དད་དུའོ། །གཙུག་ལག་ཁང་གི་སྲུང་མའི་ལྷ་ལ་ཁྱིམ་པས་མཆོད་པ་ཡོད་དེ་ཁྱིམ་པས་སྔ་དྲོ་དང་ཕྱི་དྲོ་མཆོད་པ་ཡོད་པའི་དུས་བཞིན་
དུ་མཆོད་ཅིང་གཏོར་མ་སྦྱིན། གཅིག་ཆུར་མ་གྱུར་པའི་གནས་ཀྱི་ཨ་མྲ་མི་བཟའ། ཤིང་ཏོག་ཨ་མྲ་མ་སྨིན་པར་མི་བཟའ་དེ་བཞིན་དུ་ཀུ་ཤུ་དང་། ཁམ་བུ་དང་རྒུན་འབྲུ་ལ་སོགས་པའང་མ་སྨིན་པར་མི་བཟའ། རྩ་བ་དང་སྡོང་པོ་དང་ལོ་མ་དང་མེ་ཏོག་དང་འབྲས་བུ་དང་བཅའ་བ་
འབྲས་ཆན་དང་སྣ་ཚོགས་དང་ཕྱེ་དང་ཤ་དང་ཁུ་བ་དང་འོ་མ་དང་ཞོ་དང་མར་སར་དང་ཉ་ཤ་དང་ཤ་སྐམ་དག་ལ་བརྟགས་པ་མ་ཡིན། མིང་གིས་སྨོས་པ་འདི་རྣམས་ནི་བརྟགས་པ་ཡིན་ཏེ་ཟོས་ཤིང་འཐུངས་ཀྱང་ཉེས་མེད་དེ་རྣམ་པ་འདི་བཅོ་ལྔ་ལ་ཐོག་མ་ལྔ་ནི་བཅའ་བའོ། །
བར་མ་ལྔ་ནི་བཟའ་བའོ། །ཐ་མ་རྣམས་ནི་བཏུང་བ་ཡིན། སོ་མ་དང་ཡུངས་ཀར་གྱི་རྩ་བ་དང་སྡོང་པོ་དང་ལོ་མ་དང་མེ་ཏོག་དང་འབྲས་བུ་ལ་སོགས་པའི་ཐུག་པ་མི་འཐུང་བར་མ་དོགས་ཤིག །མིང་གིས་སྨོས་པ་འདི་རྣམས་ལས་ཐུག་པར་བྱས་པ་ཞིག་དགེ་སློང་གིས་འཐུངས་ཀྱང་བརྟགས་

པ་སྟེ་ཉེས་མེད། རྟའི་ཕྱིར་ཁུ་བས་སོ། །བདག་གི་ལུས་གསོ་བ་དང་བརྟས་པར་བྱ་བའི་ཕྱིར་འོ་མ་དང་ཤ་ཁུ་ལྟ་བུ་འཐུངས་ཀྱང་ཉེས་མེད། ཆུས་ཀྱང་ངོ་། །བདག་གི་ཉམས་བརྟས་པར་བྱ་བའི་ཕྱིར་ཁུ་བ་དང་འོ་མ་ལ་སོགས་པ་མེད་ན་ཕྱེ་དང་ཆུར་སྦྱར་བའི་ཟན་དང་ཐུག་པ་བཏུང་རྐྱལ་པར་
བཅུག་པ་མ་བརྟགས་པ་མ་ཡིན། རྐྱལ་པའི་ནང་དུ་ཁ་ཟས་ལ་སོགས་པ་བཅུག་པ་ཞིག་དགེ་སློང་གིས་ཟོས་ཀྱང་མ་བརྟགས་པ་མ་ཡིན་ཏེ་ཉེས་མེད། སྣོད་དུ་ཟས་བཟའ་བ་དང་བརྟག་པའོ། །ཟངས་དང་ཁར་བ་ལ་སོགས་པའི་སྣོད་སྤྱད་ཀྱི་ནང་དུ་ཟས་ཟ་བའི་ཚེ་སྨན་སྣོད་སྙམ་དུ་བསམས་
ཏེ་ཟོས་ཀྱང་ཉེས་མེད། ཤིང་གི་ཡང་ངོ་། །ཤིང་རྡོ་ལྟ་བུ་ཞིག་ལས་ཕོར་དེབ་ཏུ་བྱས་པ་བསྲེ། རྡོ་ཡང་ངོ་། །བསྲེ་བསྐུས་པ་དང་མ་བསྐུས་པ་འདྲ་སྟེ་དགེ་སློང་གིས་སྤྱད་ཅིང་བཅངས་ཀྱང་ཉེས་མེད། ཟས་སྤྱད་པ་ཡང་ངོ་། །རྡོ་ལ་སོགས་པའི་ཕོར་དེབ་ཀྱི་ནང་དུ་ཟན་ཟོས་ལ་ཟོས་པའི་འོག་ཏུ་
དག་པར་བཀྲུས་ན་ཕྱིས་ཀྱང་དེའི་ནང་དུ་བཟར་རུང་། བཀྲུ་བ་ནི་གནས་པའི་གཏོགས་པའོ། །མདོ་ལྟག་མ་ལྟར་རྡོ་དང་ཤིང་ལས་བྱས་པའི་སྣོད་སྤྱད་དུ་གཏོགས་པ་རྣམས་མཁན་པོ་ཉིད་ཀྱིས་མི་བཀྲུ་བའི་མཁན་པོ་ཟན་ཟ་བའི་སྔ་རོལ་དུ་གནས་འཆའ་བ་དང་། དགེ་སྦྱོང་ལ་སོགས་པས་
དག་པར་བཀྲུས་ཏེ་མདུན་དུ་གཞག །ཟོས་ནས་ཀྱང་ངོ་། །མཁན་པོ་ཟས་ཟོས་པའི་འོག་ཏུ་གནས་འཆའ་བ་ལ་སོགས་པས་དག་པར་བཀྲུས་ཏེ་གནས་སུ་གཞག །ཕ་རོལ་པོ་དང་ལྷན་ཅིག་ཏུ་སྣོད་གཅིག་ཏུ་མི་བཟའ། ཁྱིམ་པ་ལ་སོགས་པ་མང་ཞིང་མི་དབེན་པའི་སར་དགེ་སློང་གྲོགས་དང་
གཞོང་པ་གཅིག་གི་ནང་དུ་ཟན་མི་བཟའ། ལམ་དུ་སྣོད་མེད་ན་བཟའ། ལམ་དུ་ཞུགས་ཏེ་སྣོད་ཀྱིས་ཕོངས་ན་གཞོང་པ་གཅིག་གི་ནང་དུ་མི་གཉིས་བཟར་རུང་། དགེ་སློང་དང་ངོ་། །མདོ་ལྟག་མ་ལྟར་གཉིས་སྣོད་གཅིག་གི་ནང་དུ་བཟར་རུང་བའང་དགེ་སློང་དང་བཟར་རུང་གི་དགེ་སྦྱོང་
དང་བཟར་མི་རུང་ངོ་། །གཞན་གྱི་ལག་བཏེག་ནས་བདག་གིས་གཞུག །མདོ་ལྟག་མ་ལྟར་སྣོད་གཅིག་གི་ནང་དུ་ཟ་བའི་ཚེ་ལག་པ་འདོམ་པར་འགྱུར་བའི་ཕྱིར་ཕ་རོལ་གྱི་ལག་པ་གཏེག་ནས་བདག་གིས་གཞུག །དགེ་སྦྱོང་དང་ལྷན་ཅིག་ཏུའང་གཞན་བཞིན་དུ་མི་རུང་།

སྣོད་མེད་ཀྱང་དགེ་སྦྱོང་དང་ལྷན་ཅིག་མི་བཟའི་སྤགས་ཏེ་སྦྱིན། ཟན་གུད་དུ་མི་གྲུབ་ན་བྱིན་ལེན་མ་ཞིག་པར་བྱས་ཏེ་ལྷན་ཅིག་ཟོས་ཀྱང་ཉེས་མེད། བརྟག་པ་བསྒོངས་ཏེ་སྦྱིན། ལམ་དུ་ཞུགས་པའི་ཚེ་མི་ཐོགས་པར་བྱ་བའི་ཕྱིར་གཡོག་ལ་སོགས་པ་ལ་ཟན་ཟོས་
ཤིག་པར་བསྒོའོ་ཞེས་བྱི་ཛ་ཡ་བར་མས་བཤད། དགེ་སྦྱོང་ཟས་གུད་དུ་སྦྱིན་ན་མི་འབྲུལ་བར་སྦྱིན་ཞེས་བྱི་ཤུ་ཏས་བཤད། གཉེན་བསམ་པས་གསོལ་ན། ཐམས་ཅད་དུའང་དབེན་པའི་ས་ཕྱོགས་སུའོ། །གཉེན་ཞིག་གིས་ང་དང་ལྷན་ཅིག་མི་བཟའ་མི་རུང་ཞེས་དུས་ཀྱིས་བཙུས་ཏེ་
གསོལ་ན་སུས་ཀྱང་མི་མཐོང་བར་དབེན་པའི་ཕྱོགས་སུ་བཟའ། བྱིན་ལེན་མ་ཞིག་པ་དང་ཡང་བྱིན་ལེན་མ་བླངས་པ་དང་མ་འདྲེས་པར་བསྲུང་། མདོ་ལྟག་མ་ལྟར་ཁྱིམ་པ་ལ་གཉེན་ནམ་དགེ་སྦྱོང་དང་ལྷན་ཅིག་ཏུ་སྣོད་གཅིག་ཏུ་བཟའ་བའི་ཚེ་བདག་གི་ལག་པ་གཡོན་པས་སླེའུའམ་གཞོང་པའི་
མཐེ་མ་མ་ཤོར་བར་གཟུང་ལ་ལག་པ་གཡས་བྱིན་ལེན་བྱས་ཏེ་བཟའ། ལྷམ་དང་བཅས་ཏེ་མི་བཟའ། ཟན་ཟ་བའི་ཚེ་ལྷམ་མི་བགོའོ། །ནད་པས་མནན། ནད་པས་ནི་ལྷམ་ཕུད་ལ་ཟན་ཟ་བའི་ཚེ་ས་གྲང་མོ་ལ་སོགས་པས་གནོད་པར་འགྱུར་བའི་ཕྱིར་ལྷམ་རྐང་པའི་འོག་ཏུ་མནན་ཏེ་བཟའ།
སྒྲེན་མོའམ་གོས་གཅིག་པར་མ་ཡིན་སྒྲེན་མོའམ་ཁྱེད་རེངས་སུ་བྱས་ཏེ་ཟན་མི་བཟའ། ནད་པ་ལ་ནི་ལྟུང་བ་མེད་དོ། །ནད་པ་ནི་ཁྱེད་རེངས་མ་དང་སྒྲེན་མོར་ཟོས་ཀྱང་ཉེས་མེད་དོ། །གཡོག་གིས་འདི་དབེན་པར་བྱ། མདོ་ལྟག་མ་ལྟར་ནད་པ་སྒྲེན་མོ་ཟ་བའི་ཚེ་ནད་གཡོག་གིས་སྦྲའམ་གུར་ལྟ་
བུ་ཕུབ་སྟེ་སུས་ཀྱང་མི་མཐོང་བར་བྱ། ནུས་ན་རྔུལ་གཟན་ལ་གནས། ནད་པ་མི་ནུས་ན་རྔུལ་གཟན་ཙམ་གྱོན་ཏེ་ཟས་ཟོས་ཀྱང་ཉེས་མེད། ཕྱོགས་དབེན་པར་རོ། །མདོ་ལྟག་མ་ལྟར་རྔུལ་གཟན་ཙམ་གྱོན་ཀྱང་མི་ནུས་ན་ནད་གཡོག་གིས་དབེན་པར་བཞག་སྟེ་ཟན་སྦྱིན། ཟ་བའི་ཕྱིར་འདུག་
པ་ལ་འདི་དང་འོ་ན་བྱིན་ལེན་ཞེས་འདྲིམ་པ་ལ་མི་བསྒོ། མི་ན་བར་ཟན་ཟ་བའི་ཚེ་ཟས་འདི་དང་འདི་འདོད་ཅེས་འདྲིམ་པ་ལ་བསྒོ་ཞིང་མི་བསླང་། ལྟུང་བ་མེད་ན་ནད་པ་དང་འབྱོར་པ་སྟེ། ནད་པས་ནི་ཟས་གང་འདོད་པ་བསླངས་ཀྱང་ཉེས་མེད་དོ། །འདི་ལྟ་སྟེ་མི་གཞན་པ་ལ་བཅོས་པ་དང་།

ནད་པ་རླུང་ནད་ཆེ་བ་དང་གྲང་པའི་ནད་ལ་ཁ་ཟས་དྲོད་བག་སློང་བའང་ཉེས་མེད། མེ་དྲག་པ་ལ་གཟེན་པ་པོའོ། །ཚ་བའི་ནད་ཀྱིས་བཏབ་པ་ལ་ཁ་ཟས་གྲང་བག་བསླངས་པའང་ཉེས་མེད། ནད་པའི་འདུ་ཤེས་སུ་བདག་ནད་པ་དང་། ཟས་བཟའ་བ་སྨན་དུ་འདུ་ཤེས་པར་གཞག །ཟས་ཟ་བའི་
ཚེ་བདག་ནི་ནད་པ་ཡིན་ཟན་ནི་སྨན་ཡིན་པར་བསམས་ཏེ་བཟའ། དྲན་པ་ཡང་ངོ་། །ཟས་ཟ་བའི་ཚེ་བསམས་པའི་རྒྱུད་མ་བརྗེད་པར་བྱས་ཏེ་ཟ་བ་དང་ཐུ་ཐུ་ཧུ་ཧུ་ལ་སོགས་པ་བྱས་སམ་མ་བྱས་དྲན་པར་བྱ་སྐྱེས་པ་དང་འདྲ་བ་དང་། ཟས་བཟའ་བའི་ཚེ་མི་གཙང་བ་ལས་སྐྱེས་པར་བསམས་ཏེ་མི་
ཆགས་པར་བཟའ། འབྲས་དང་ཁ་ཟས་ལ་སོགས་པ་སྲིན་བུ་དང་སྐྲ་དང་མི་ལྤགས་འདྲ་བར་བསམས་ཏེ་མི་ཆགས་པར་བསམ། གྱུར་པ་དང་། ཁ་ཟས་ཟོས་ནས་སྨེ་བ་དང་མི་གཙང་བར་གྱུར་པར་བསམས་ཏེ་མི་ཆགས་པར་བཟའ། དགྲ་དང་། ཟས་ཀྱི་ཕྱིར་གཅིག་ལ་གཅིག་གསོད་ང་
དང་གནོད་པར་བྱེད་པས་དགྲ་དང་འདྲ་བར་བསམ། ཟག་པ་དང་། ཟས་འདི་ཟོས་ནས་སླད་རོལ་ཆེ་ཆུང་ལྟ་བུར་ཟག་སྟེ་འགྲོ་བས་མི་རྟག་པ་དང་བཙོག་པར་བསམས་ཏེ་བཟའ། རྐྱེན་དག་གིས་ཆོ་ག་དང་། ཁ་ཟས་འདི་ནི་མི་དང་ཕྱུགས་ལ་སོགས་པས་ཉོན་མོངས་པར་བརྩལ་ཞིང་རྨོས་པ་ལས་སྐྱེས་པ་
ཡིན་པས་མི་ཆགས་པ་དང་མི་གཙང་བར་བསམས་ཏེ་བཟའ། བརྩལ་བ་དང་། ལས་དང་ཉོན་མོངས་པ་སྤྱད་དེ་ཟས་རྙེད་པ་ཡིན་པས་དཀའ་བ་ལྟ་བུར་བསམས་ཏེ་བཟའ། དབང་གཞན་ལ་ལུས་པ་དང་། ཟས་ཟ་བའི་ཚེ་ཡོན་བདག་རྒྱལ་པོ་ལྟ་བུ་ཞིག་གིས་བྱེད་ནའང་ཡོན་བདག་དགའ་ན་
ནི་སྟེར། མི་དགའ་ན་ནི་མི་སྟེར། བྲམ་ཟེ་དང་ཁྱིམ་པ་ལྟ་བུ་ཞིག་ལ་སློང་བའི་ཚེའང་དགའ་ན་ནི་སྟེར། མི་དགའ་ན་ནི་མི་སྟེར་བས་དབང་གཞན་ལ་ལུས་པར་བསམས་ཏེ་བཟའ། ནད་པའི་དང་བཅས་པ་དང་། ཟས་ཟ་བའི་ཚེ་ཁ་ཟས་སྨན་དུ་འགྱུར་བ་དང་། སྨན་དུ་མི་འགྱུར་བ་གཉིས་
བསྲེས་ཏེ་ཟོས་ནའང་ནད་དུ་འགྱུར་ཁ་ཟས་སྔ་མ་མ་ཞུ་བར་ཕྱི་མ་ཟོས་ནའང་ནད་དུ་འགྱུར། ཕྱི་དྲོ་ཟས་ཟོས་ནའང་ནད་དུ་འགྱུར་བ་ཡིན་ཏེ་ཟས་འདི་ཟོས་ནས་ནད་དུ་འགྱུར་བ་ཡིན་ནོ་སྙམ་དུ་བསམས་ཏེ་བཟའ། སོ་སོར་འགྲོ་བ་རྣམས་ལ་མངོན་པར་གཞག་པ་མི་མཐུན་པར་རོ། །ཟས་ཟོས་

པའི་ལས་བཞི་ཆ་གཅིག་ནི་བདག་གི་ཁོང་ན་སྲིན་བུ་འདུག་པས་ཟོས་བཞི་ཆ་གཅིག་ནི་ཁོང་གི་མེས་གདུངས་བཞི་ཆ་གཅིག་ནི་ངན་སྐྱུག་ཏུ་བྱུང་། བཞི་ཆ་གཅིག་ནི་བཙག་ཏུ་གྱུར་ཏེ་ཟས་ཟ་བའི་ཚེ་འདི་ལྟར་རྣམ་བཞིར་གྱུར་པ་སོ་སོར་བསམས་ཏེ་མ་ཟོས་ན་ཉེས་བྱས།
དྲན་པ་ཉེ་བར་གཞག་པ་སྟེའོ། །བྱིན་ལེན་བྱེད་པའི་ཚེའང་གྲོང་དུ་སྨོས་པ་རྣམས་མི་གཙང་བ་དང་མི་རྟག་པར་བསམས་ཏེ་བླང་། མ་འཁྲུགས་པའི་སེམས་ཀྱིས་སོ། །ཟན་ཟ་བའི་ཚེ་སེམས་མ་འཁྲུགས་པ་དང་མི་གཡེངས་པར་བྱ་སྟེ་བཟའ། ཤེས་བཞིན་པ་དང་། ཟས་ཟ་བའི་ཚེ་
མང་པོ་བསླབ་པའི་ནང་ནས་འབྱུང་བ་ལས་འགལ་ལམ་མ་འགལ་དྲན་པར་བྱ་བ་དང་འགྲངས་པ་ལས་ལྷག་པར་མི་བླང་། སྒྲ་བསྐྱུངས་ཏེའོ། །ཟན་ཟ་བའི་ཀླག་ཆོར་དང་གད་མོ་མི་བྱ་བར་བཟའ། འདི་མི་བྱ། རྐང་ལག་དང་ཕོར་སྣོད་ལ་སོགས་པ་ཟས་ཟ་བའི་ཚེ་མི་བརྡབ། ཐུག་པ་སྒྲ་མི་
བསླང་། ཐུག་པ་འཐུང་པའི་ཚེ་ཧུབ་སྒྲ་མི་བྱ། བཀྲུམ་བཀྲུམ་སྟེ་མ་ཡིན། ཟན་ཟ་བའི་ཚེ་ཁ་ཟས་སྐམ་པོ་ཞིག་འོངས་ན་སྒྲ་བཀྲུམ་བཀྲུམ་མི་ཟེར་བར་བཟའ། སྒྲ་བྱེད་པ་ཆུ་ལ་སོགས་པས་སྤངས་ཏེའོ། །སཱུ་ཏྲ་ལྟག་མ་ལྟར་ཁ་ཟས་སྐམ་པོ་ཞིག་འོངས་ན་སྒྲར་མི་འགྱུར་བར་སྤངས་ཏེ་བཟའ།
བཟའ་བའི་ཕྱིར་བསིལ་ན་མ་ཡིན་ནོ། །རོལ་མོ་ལ་སོགས་པ་བྱེད་བཞིན་དུ་ཟས་མི་ཟ་སྟེ་སྡོད་ཅིག་ཅེས་བྱ། བཤད་པ་བྱེད་པ་ན་མ་ཡིན། དགེ་འདུན་མང་པོ་ཟས་ཟོས་ཟིན་པའི་འོག་ཏུ་གནས་བརྟན་གྱིས་སྦྱིན་པའི་བཤགས་པ་བྱེད་པའི་ཚེ་ཟན་མི་བཟའ། དེ་ཐོས་ནའོ། །སཱུ་ཏྲ་ལྟག་མ་ལྟར་
གནས་བརྟན་གྱིས་སྦྱིན་པའི་འཆགས་པ་བྱེད་པ་ཐོས་བཞིན་དུ་ཟན་མི་བཟའ། མ་ཐོས་པར་ཟོས་པ་ནི་ཉེས་མེད་དོ། །དུས་འདས་ན་ཚིགས་སུ་བཅད་པ་གཉིས་གསུམ་དུའོ། །སཱུ་ཏྲ་ལྟག་མ་ལྟར་གནས་བརྟན་ཚིགས་བཅད་ཀློག་པའི་ཚེ་ཚིགས་བཅད་ཟིན་ཟིན་དུ་བསྡང་ན་གདུགས་
ཚོད་མི་ཐུབ་པ་ཙམ་གྱི་ཚོད་ན་ཤློ་ཀ་གཉིས་གསུམ་ཙམ་བཀླག་པའི་འོག་ཏུ་ཟན་ཟོས་པ་ཉེས་མེད། ཟོས་ན་ཞལ་ནས་གསུངས་པ་བརྗོད་དོ། །དགེ་སློང་སུའང་རུང་སྟེ་ཟན་ཟོས་ཟིན་ནས་ཚིགས་བཅད་གཅིག་བྱ། སྤྱན་དྲངས་ཏེ་ཟོས་ན་སྦྱིན་པའི་བཤགས་པ་དང་ཆོས་བཤད་པ་

དག་བྱ། གུད་དུ་མགྲོན་དུ་བོས་ཏེ་ཟན་ཟོས་ཟིན་པའི་འོག་ཏུ་སྦྱིན་བདག་མདུན་དུ་བཞག་སྟེ་ཚིགས་བཅད་དང་ཆོས་བཤད་དག་བྱ། ཐམས་ཅད་ཟོས་པར་ཤེས་ནས་སོ། །སཱུ་ཏྲ་ལྟག་མ་ལྟར་གནས་བརྟན་གྱི་ཚིགས་བཅད་དང་ཆོས་བཤད་པ་ནི་ཟས་ཟོས་ཟིན་ནས་བྱ། བལྟ་སྟེའོ། །སཱུ་
ཏྲ་ལྟག་མ་ལྟར་གནས་བརྟན་གྱིས་སྦྱིན་པའི་བཤགས་པ་བྱ་བའི་ཚེ་ཐམས་ཅད་ཟན་ཟོས་ཟིན་ནམ་མ་ཟིན་བརྟགས་ལ་ཟིན་ན་བྱ། དུ་མའི་དང་པོས་སོ། །དགེ་སློང་མང་ཞིག་འཁོད་ཀྱང་ཚིགས་བཅད་དང་ཆོས་བཤད་པ་ནི་གྲལ་དཔོན་གྱིས་བྱ། མི་ནུས་ན་གཞན་ནུས་པ་ལ་བཅོལ། སཱུ་ཏྲ་
ལྟག་མ་ལྟར་ཚིགས་བཅད་དང་ཆོས་བཤད་ལ་སོགས་པ་གྲལ་དཔོན་གྱིས་མི་ནུས་ན་འོག་མ་ལ་བཅོལ་ཀྱང་ཉེས་མེད། དེ་སྟེ་མ་བྱས་པར་འགྲོའམ་རྐྱེན་གཅིག་གིས་ནི་དགེ་སློང་ལས་གཡོག་སྦྱིན། དགེ་འདུན་མགྲོན་དུ་བོས་པ་ལས་ཟན་ཟོས་ཀྱི་འོག་ཏུ་ཚིགས་བཅད་དབྱར་མི་སླེབས་
པར་རྐྱེན་གཅིག་གིས་འདོད་ན་གྲལ་དཔོན་ཚིགས་བཅད་བྱེད་པའི་གཡོག་བཅང་། བཅུ་ཙམ་བསྐོས་ཏེ་འདོད་ཅེས་བྱི་ཛ་ཡ་བར་མས་བཤད། གྲལ་དཔོན་གྱིས་ཚིག་སྦྱར་དུ་མི་རིངས་ཏེ། ཆོས་འཆད་པ་དང་ཚིགས་བཅད་བྱེད་པ་བསྒོ་ཏེ་འགྲོ་ཞེས་བྱི་ཤུ་ཏས་བཤད། མཐར་ན་
བཞིའོ། །སཱུ་ཏྲ་ལྟག་མ་ལྟར་གྲལ་དཔོན་གྱིས་སྦྱིན་པའི་བཤགས་པ་བྱེད་པའི་གཡོག་དགེ་སློང་བཅའ་བཅུ་ཙམ་བཞག་ཏུ་མེད་ན་དགེ་སློང་བཞི་མན་ཆད་བཞག་བྱིན་པས་ཀྱང་རྐྱེན་གཅིག་གིས་ན་ཞུས་ཏེའོ། །སཱུ་ཏྲ་ལྟག་མ་ལྟར་གནས་བརྟན་ཚིགས་བཅད་བྱེད་པ་གཡོག་ཏུ་བསྐོས་
པ་རྣམས་ཀྱང་རྐྱེན་གཅིག་བྱུང་སྟེ་རིངས་ན་དགེ་འདུན་གཞེས་ཤིག་ཅེས་ཞུས་ཏེ་རྐྱེན་སར་ཚིགས་བཅད་བྱས་ཏེ་འདོང་། སྦྱིན་པའི་བཤགས་པར་དགའ་བོ་དང་བསྙེན་དགའ་བོའི་མིང་དབྱུང་། སྦྱིན་པའི་བཤགས་པ་བྱེད་པའི་སྦྱིན་བདག་ལ་སྨོན་ལམ་བཏབ་པའི་འོག་ཏུ་དགའ་བོ་དང་
བསྙེན་དགའ་བོའི་མིང་ནས་ཕྱུང་སྟེ་ཚེ་རིང་བ་དང་བདེ་བར་ཤོག་ཤིག་ཅེས་དགེ་འདུན་གྱིས་སྨོན་ལམ་གདབ། མིད་པ་གཉིས་ཏེ་དུས་མ་ཡིན་པར་བྱུང་ན་ཐོག་མའི་གཉིས་གསུམ་པོར་ལ་ཁ་བཀྲུས་ཏེ་མིད་དོ། །ཕྱུགས་ལ་མིད་པ་གཉིས་ཡོད་དེ་ཟས་དང་ཆུ་ལ་སོགས་པ་མིད་པའང་ཐ་

དད་པར་ཟས་ལ་སོགས་པ་སྔར་ཟོས་ནས་མཚན་མོ་སླར་ལྡང་ངོ་། །དགེ་སློང་ལ་ལ་ཞིག་ཕྱུགས་བཞིན་དུ་ཁ་ཟས་ཟོས་པའི་འོག་ཏུ་སྐྱུག་ཅིང་སླར་ལྡང་ན་ལན་གཉིས་གསུམ་ཕྱིར་བོར་ཏེ་ཁ་བཀྲུའོ། །དེ་ཕྱིན་ཆད་མི་དོར་སླར་མིད་དོ། །འདི་ཁ་ཟས་མ་ཡིན་པ་ནི་
མ་ཡིན་ནོ། །སྐྱུག་བུ་ལྟ་བུའི་འདྲོག་ལ་ཁ་ཟས་བྱུང་ན་སླར་མིད་ཀྱི་ཕྱིར་དོར་ཏེ་ཁ་བཀྲུ། ལྟར་མིད་ན་ཉེས་བྱས། དེ་བས་ན་དུས་མ་ཡིན་པར་སྐྱུགས་པ་དང་ལངས་ནས་ནི་གཞན་གྱིས་ཀྱང་བཀྲུའོ། །སཱུ་ཏྲ་གོང་མ་ལྟར་སྐྱུག་བུའི་འདྲོག་ལ་ཁ་ཟས་འབྱུང་བ་དང་རེས་འགའ་ན་བའི་ཕྱིར་
སྐྱུགས་པ་བྱུང་བའི་འོག་ཏུ་སླར་མིད་ན་དུས་མ་ཡིན་པའི་ཟས་སུ་འགྱུར་བས་ཐམས་ཅད་ཕྱིར་བོར་ལ་ཁ་བཀྲུ། མ་བཅས་པའི་ཕྱོགས་སུ་མཆིལ་མ་མི་དོར། མཆིལ་མ་དོར་བའི་གནས་སུ་བྱས་པ་མ་ཡིན་པ་གཙུག་ལག་ཁང་ལ་སོགས་པས་བཟང་ངོ་ཅོག་ཏུ་མཆིལ་མ་མི་དོར། གཏར་
གཏར་པོ་མ་ཡིན། ས་ཐང་བུ་བཟང་པོ་གཏར་གཏར་པོར་ཕྱགས་པར་ལུད་པ་མི་དོར། དེའི་སྒྲ་ཡང་གནས་བརྟན་གྱི་མདུན་དུ་མི་བྱ། ལུད་པའི་སྒྲ་ལ་སོགས་པ་གནས་བརྟན་དང་བླ་མའི་མདུན་དུ་མི་བྱ། བཟའ་བ་མ་ཡིན། ཟན་ཟ་བའི་ཚེ་གྲོགས་པོ་ལ་སོགས་པ་སྐྱུག་བྲོ་བའི་ཕྱིར་ལུད་
པའི་སྒྲ་མི་བྱ། ཡང་ཡང་དུ་ནི་ལྷག་མ་ལའང་མ་ཡིན། གནས་བརྟན་གྱི་འོག་མའི་མདུན་དུ་ལན་འགའ་ནི་མ་གཏོགས་ཏེ་ལན་མང་དུ་ལུད་པའི་སྒྲ་མི་བྱ་ཞེས་བྱི་ཤུ་ཏས་བཤད། དགེ་སློང་གྲོགས་པོའི་མདུན་དུ་ཟས་མི་ཟ་བའི་ཚེའང་ལུད་པའི་སྒྲ་ལ་སོགས་པ་འདོད་འདོད་དུ་མི་བྱ་ཞེས་བྱི་ཛ་
ཡ་བར་མས་བཤད། མི་ནུས་ན་གཞན་དུ་འགྲོའོ། །ལུད་པ་དང་མཆིལ་མ་ལ་སོགས་པ་འདོད་འདོད་འོངས་ཏེ་དེ་དགག་ཏུ་མི་བཏུབ་ན་གནས་དབེན་པར་སོང་སྟེ་ས་མི་གཙང་བར་མཆིལ་མ་དོར། གཞན་ལ་མི་བདེ་བར་མི་བྱ། ལུད་པ་འདོར་བ་ནི་གཞན་ལ་ཆགས་པ་དང་གཞན་ལ་མི་
མཛེས་པར་མི་དོར། སྔུར་ཅིང་མི་ཉལ། གྲོགས་བསམ་གཏན་བྱེད་པ་ལ་གནོད་པའི་ཕྱིར་སྔུར་བཞིན་དུ་མི་ཉལ། བཅག་གམ་གཞན་དུ་འགྲོ །ལྟག་མ་ལྟར་སྔུར་པ་འབྱུང་བ་ནི་གན་རྐྱལ་དུ་ཉལ་ན་སྔུར་པ་འབྱུང་སྟེ་གློས་ཉལ་ན་སྔུར་བ་མི་འབྱུང་སྟེ་དེ་ལྟར་སྔུར་པ་བྱུང་ན་གྲོགས་ལ་

མི་གནོད་པའི་ཕྱིར་འཆག་ཏུ་འགྲོ། །དེའི་སྣོད་འོག་བ་ལང་གི་རྨིག་པ་ལྟ་བུའམ་གཞི་དང་བཅས་པའོ། །ནད་པ་གུད་དུ་འགྲོ་མི་ནུས་ན་མཆིལ་མ་དོར་བའི་གཞི་བ་ལང་གི་རྨིག་པ་ལྟ་བུའི་ཆོལ་ཟངས་བཅང་། འདི་ཉེ་བར་གཞག །ཆོལ་ཟངས་ནད་པའི་གམ་དུ་གཞག །འདིར་
གདིང་བ་སྦྱིན་ཏེ་ས་ཚིག་པའམ་བྱེ་མའམ་ཐལ་བས་སོ། །ཆོལ་ཟངས་ཀྱི་ནང་དུ་བྱེ་མའམ་ཐལ་བ་བཏིང་སྟེ་བཞག་པའི་སྟིང་དུ་མཆིལ་མ་དོར། སྦྲང་མ་དག་སྤངས་པར་ཐབས་ཀྱིས་སོ། །ཆོལ་ཟངས་ཀྱི་ནང་དུ་སྦྲང་མ་མི་འདུ་བར་བྱ་བའི་ཕྱིར་སྦྲང་ཡབ་བཅངས་ལ་བསྐྲད། དྲི་ང་བ་
མེད་པའི་ཕྱིར་དང་སྲོག་ཆགས་སུ་མི་འགྱུར་བར་བྱ་བའི་ཕྱིར་དུས་དུས་སུ་བཀྲུ་བསྐམ། ལྟག་མ་ལྟ་བུ་ཆོལ་ཟངས་མཆིལ་མའི་དྲི་མི་ཞིམ་པ་དང་སྲིན་བུར་འགྱུར་བའི་དུས་དུས་སུ་བཀྲུ་ཞིང་བསྐམ། དེའི་དུས་ཀྱི་ཕྱིར་གཞན་གཞག །ལྟག་མ་ལྟར་བཀྲུ་ཞིང་སྐམ་པའི་ཚེ་འཐེབ་གཞན་གཅིག་
བྱས་ཏེ་གཞག །མི་བྲེལ་བའི་ཕྱིར་གཙུག་ལག་ཁང་གི་གྲྭ་བཞིར་ཀ་བའི་དྲུང་དུ་མཆིལ་མའི་སྣོད་གཞག །གཙུག་ལག་ཁང་ན་དགེ་འདུན་གྱི་སྤྱིར་གྲྭ་བཞིར་མཆིལ་མའི་སྣོད་རེ་རེ་གཞག་ན་དགེ་སྦྱོང་ཡན་ཆད་གནས་བརྟན་མན་ཆད་མཆིལ་མ་དོར་བར་བྱ། ཆོལ་ཟངས་ཀྱི་གཞིའང་གཞག་བྱེ་
མས་གདིང་བའང་ལྟག་མ་དང་འདྲ། སྒྲ་དང་བཅས་པའི་རླུང་གི་ལས་མི་བྱ། མི་མང་པོ་འདུས་པའི་ནང་དུ་ཕྱེན་སྒྲ་ཆེན་པོ་མི་གཏོང་།