Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 138

Văn bản gốc(Tây Tạng)

Trang 10 / 15 (50.000 ký tự/trang)
ག་པ་དེ་ནི་ཆོས་རྣམས་ཀྱི་གཞན་གྱི་དབང་གི་ངོ་བོ་ཉིད་དང་། འཁྲུལ་པ་དང་། ཕྱིན་ཅི་ལོག་དང་། ལོག་
པའི་ཤེས་པ་ཡང་ཡིན་ནོ། །འདི་ལྟར་དེའི་གཟུང་བ་དང་། འཛིན་པའི་རྣམ་པ་ནི་འཁྲུལ་པ་དང་། བསླད་པའི་དབང་འབའ་ཞིག་གི་སྣང་བས་བརྫུན་པའི་ཕྱིར། ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེའི་རང་བཞིན་དེ་ནི་ཡང་དག་པ་མ་ཡིན་པའོ། །ཡང་དག་པ་
ཉིད་གང་ཡིན་ཞེ་ན། བསལ་བ་ཙམ་མོ། །དེ་ཉིད་ཀྱིས་ན་རྣམ་པ་དེ་ནི་འཁྲུལ་པའི་མཚན་མ་དང་། སྤྲོས་པའི་མཚན་མ་ཞེས་བྱ་བར་བརྗོད་དེ། འཁྲུལ་པའི་དམིགས་པ་ཡིན་པའི་ཕྱིར་རོ། །གཉིས་ཀྱི་མཚན་མ་ཞེས་ཀྱང་བྱ་སྟེ། གཉིས་ལྟར་སྣང་བའི་ཕྱིར་རོ། །སྤྲོས་པའི་མཚན་མ་དེ་
ཐམས་ཅད་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ལ་འགག་པར་འགྱུར་ལ། དེས་ན་དེ་ནི་མ་འཁྲུལ་པ་དང་། ཡང་དག་པའི་ཡེ་ཤེས་སུ་ཡང་བརྗོད་དོ། །དེ་ཉིད་ཀྱི་ཕྱིར་དེ་ཡང་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཡིན་ཏེ། མ་འཁྲུལ་པ་ཉིད་ཀྱིས་དེ་ཡོངས་སུ་གྲུབ་པའོ། །ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་
པས་ན་ཡོངས་སུ་གྲུབ་པའོ། །དེ་བཞིན་ཉིད་ནི་གང་གི་ཕྱིར་འགྱུར་བ་མེད་པ་ཉིད་དུ་ཡོངས་སུ་གྲུབ་པས། མི་འགྱུར་བའི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ། །འདིར་གཞན་ཞེས་བྱ་བ་ནི་ཐོག་མ་མེད་པའི་ཕྱིར་རྣམ་པར་མི་རྟོག་པའི་རྒྱུ་ལ་བྱ་ལ། ཡང་དག་པའི་ཡེ་ཤེས་ནི་ཚུ་རོལ་ཏེ། ད་ལྟར་གོམས་
པའི་རྒྱུ་ལས་བྱུང་བའི་ཕྱིར། ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་ཁོ་ན་གཞན་གྱི་དབང་ཡིན་གྱི་ཡང་དག་པའི་ཡེ་ཤེས་ནི་མ་ཡིན་ནོ། །དེ་ལ་ཀུན་དུ་བརྟགས་པའི་ཆོས་དང་། སྤྲོས་པའི་མཚན་མ་རྣམས་ལ་ནི་རྒྱུ་དང་འབྲས་བུ་དགག་པར་བྱ་སྟེ། དེ་རྣམས་བརྫུན་པ་ཡིན་པའི་ཕྱིར་རོ། །གཞན་

དུ་ན་སེམས་དང་སེམས་ལས་བྱུང་བ་གསལ་བའི་ལུས་ཅན་རྣམས་ནི་དག་པ་མ་ཡིན་ཏེ། འཕགས་པ་ལང་ཀར་གཤེགས་པ་ལས་ཇི་སྐད་དུ། རྒྱུ་དང་རྐྱེན་ནི་བཟློག་པ་དང་། །བྱེད་པ་ཡང་ནི་བཀག་པ་ཡིས། །སྐྱེ་བ་མེད་པར་ངས་བཤད་དེ། །སེམས་ཙམ་དུ་ནི་
རྣམ་པར་གཞག །ཅེས་གསུངས་སོ། །ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང་། དངོས་རྣམས་སྐྱེ་བ་ཡོད་མིན་ཞིང་། །འགག་པའང་གང་ན་ཡོད་མིན་ཏེ། །ཤེས་པ་འདི་ཉིད་ཁོ་ན་ནི། །སྐྱེ་ཞིང་འགག་པར་འགྱུར་བ་ཡིན། །འབྱུང་བ་ཆེ་ལ་སོགས་བཤད་པ། །རྣམ་པར་ཤེས་སུ་ཡང་དག་
འདུ། །ཡེ་ཤེས་ཀྱིས་ནི་དེ་བྲལ་ན། །ལོག་པར་རྣམ་བརྟགས་ཅིས་མ་ཡིན། །ཞེས་བྱ་བས་འདི་ཐམས་ཅད་གསུངས་ཏེ། འབྱུང་བ་ཆེན་པོ་ལ་སོགས་པ་གང་གསུངས་པ་དེ་དག་རྣམ་ཤེས་སུ་ཡང་དག་པར་འདུ་བ་སྟེ། དེའི་ནང་དུ་གཏོགས་པར་འགྱུར་ཏེ། ཕྱི་རོལ་གྱི་འབྱུང་བ་ཆེན་
པོ་ལ་སོགས་པ་མེད་པ་བཞིན་དུ་ཡང་བྱིས་པ་རྣམས་དེར་སྣང་བའི་རྣམ་པར་ཤེས་པ་སྐྱེ་ལ། ཤིན་ཏུ་མ་འཁྲུལ་པའི་ཡེ་ཤེས་ཀྱིས་དེ་ནུབ་པར་གྱུར་པས། ལོག་པར་བརྟགས་ཏེ་འཁྲུལ་པའི་རྟོག་པས་སྔར་གྱི་དུས་སུ་བརྟགས་པ་ཉིད་ཀྱི་ཕྱིར། བརྫུན་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་ཚིགས་སུ་
བཅད་པ་གཉིས་པའི་དོན་ཡིན་ནོ། །དེ་ཉིད་ཀྱིས་ན་རྣལ་འབྱོར་སྤྱོད་པ་པ་རྣམས་དང་། དབུ་མ་པ་གྲུབ་པའི་མཐའ་མཚུངས་པ་ཡིན་ནོ། །ཆ་འདི་ཙམ་གྱིས་ནི་ཐ་དད་པ་ཡིན་ཏེ། རྣལ་འབྱོར་སྤྱོད་པ་པ་རྣམས་ནི་བྱིས་པས་གཟུང་བའི་ཆོས་རྣམས་བརྫུན་པའི་ཕྱིར་ཡོད་པ་མ་ཡིན་ལ། རྒྱུ་དང་འབྲས་
བུར་ངེས་པ་དང་། གཉུག་མའི་རང་བཞིན་རང་རིག་པ་འཁྲུལ་པ་དང་བྲལ་བས་གསལ་བའི་ལུས་ནི། བདེན་པ་ཁོ་ནར་འདོད་དོ། །དབུ་མ་པ་རྣམས་ནི། རྒྱུ་དང་འབྲས་བུར་སྣང་བའི་རང་བཞིན་དང་། སོ་སོ་རང་གིས་རིག་པ་འཁྲུལ་པའི་མཚན་མ་རྣམས་སྒྲོ་བཏགས་པ་མ་ཡིན་པ་རྣལ་མ་བསལ་
བའི་ལུས་ཀྱི་ཆོས་རྣམས་ཀྱང་ཤིན་ཏུ་ཕྲ་བ་བརྟགས་མི་བཟོད་པས་ཡོད་པ་ཡང་མ་ཡིན་ལ། མེད་པ་ཡང་མ་ཡིན་པར་འདོད་དོ། །གང་ཡང་ཁ་ཅིག་ཆོས་རྣམས་ཀྱི་གསལ་པའི་རང་བཞིན་ཇི་ལྟ་བ་དེ་བཞིན་དུ་སྔོན་པོ་ལ་སོགས་པའི་རྣམ་པ་ལ་ཡང་དེ་བཞིན་ནོ་ཞེས་ཟེར་བ་དེ་ནི། ལུང་དང་རིགས་པ་

དང་བྲལ་བའི་ཕྱིར་འཐད་པར་འོས་པ་མ་ཡིན་ནོ། །གང་ཡང་དབུ་མ་པ་ཁ་ཅིག་ན་རེ་ཀུན་རྫོབ་སེམས་དང་སེམས་ལས་བྱུང་བ་ཡོད་པ་དེ་བཞིན་དུ། ཕྱི་རོལ་དོན་ཀྱང་ཡོད་པ་མ་ཡིན་ལ། དོན་དམ་པར་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱང་རང་བཞིན་གྱིས་འཁྲུལ་པའི་ཕྱིར། རང་རིག་
པའི་ངོ་བོར་ཡོད་པ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས། སེམས་ཅན་ཐམས་ཅད་ཀྱི་དོན་རྣམ་པ་ཐམས་ཅད་དུ་ལྷུན་གྱིས་གྲུབ་པར་བྱ་བའི་ཕྱིར་ཡིད་བཞིན་གྱི་ནོར་བུ་ལྟར་གཟུགས་ཀྱི་སྐུ་བྱིན་གྱིས་བརླབས་ནས་བཞག་སྟེ། ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་སུམ་དུ་མཛད་དོ། །
དེ་ཡང་གང་གི་ཕྱིར་ཇི་ལྟར་ཆོས་ཐམས་ཅད་དོན་དམ་པར་ཤིན་ཏུ་མེད་པ་དེ་བཞིན་དུ། སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ཀྱང་དོན་དམ་པར་ཤིན་ཏུ་མེད་པས། སེམས་དང་སེམས་ལས་བྱུང་བ་རྣམས་ཤིན་ཏུ་འགགས་པ་ནི་རྗེས་སུ་མཐུན་པས་ཡང་དག་པར་རྟོགས་པ་ཡིན་ཏེ། གཞན་
ལ་དེ་ནི་མི་རུང་བའི་ཕྱིར་རོ་ཞེས་ཟེར་བ་དེ་ནི་ལུང་དང་བསྟན་བཅོས་ཐམས་ཅད་དང་། ཚད་མ་རྣམས་ལས་ཕྱི་རོལ་དུ་གྱུར་པ་ཡིན་པས་ལམ་ངན་པ་དེ་ལྟ་བུ་དེ་དག་ནི་ཐག་བསྲིངས་ཏེ་སྤང་བར་བྱའོ། །ཅི་སྟེ་ཀུན་རྫོབ་ཀྱི་བདེན་པ་གང་ཡིན་ཞེ་ན། བྱིས་པ་རྣམས་ཀྱི་ཡུལ་དུ་གྱུར་པའི་དོན་ནོ། །དོན་
དམ་པའི་བདེན་པ་གང་ཞེ་ན། འཕགས་པ་རྣམས་ཀྱི་ཡུལ་དུ་གྱུར་པའི་དོན་ནོ། །གཉི་ག་ལ་ཡང་རྣམ་པ་གསུམ་གསུམ་སྟེ། བརྟགས་པའི་ཀུན་རྫོབ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་དེ་ཐ་སྙད་ཙམ་ཡིན་པའི་ཕྱིར་རོ། །རྟོག་པའི་ཀུན་རྫོབ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་དེ་ལོག་པའི་ཤེས་པ་ཡིན་
པའི་ཕྱིར་རོ། །གསལ་བར་བྱེད་པའི་ཀུན་རྫོབ་ནི། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དེ། དེ་ནི་མཚན་མར་གྱུར་པ་དེ་ལས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་སྟོན་པའི་ཕྱིར་རོ། །དེ་ལ་དོན་དམ་པ་ནི། སྟོང་པ་ཉིད་དེ་ཡེ་ཤེས་དམ་པའི་ཡུལ་ཡིན་པའི་ཕྱིར་རོ། །ཐོབ་པ་དོན་དམ་པ་ནི་མྱ་ངན་ལས་འདས་
པ་སྟེ། ཡེ་ཤེས་དམ་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །རྟོག་པ་དོན་དམ་པ་ནི་ཡང་དག་པའི་ཡེ་ཤེས་ཏེ། འདི་ལ་དོན་དམ་པ་ཡོད་པས་ཞེས་བྱ་བའི་ཕྱིར་རོ། །གང་ཡང་མདོ་ལས་སེམས་དེ་ནི་སེམས་མ་ཡིན་ཏེ། དེ་ནི་ཡོད་པ་དང་མེད་པ་ལས་འདས་པའི་ཕྱིར་རོ་ཞེས་གསུངས་པ། དེའི་དོན་ནི་

གསལ་བའི་རང་བཞིན་ཡིན་པ་དེའི་ཕྱིར་སེམས་ཙམ་མོ། །འཛིན་པའི་ངོ་བོ་མེད་པའི་ཕྱིར་སེམས་མ་ཡིན་ནོ། །དེ་བཞིན་དུ་འཛིན་པའི་མཚན་ཉིད་ཀྱིས་ནི་ཡོད་པ་མ་ཡིན་ནོ། །གསལ་བའི་མཚན་ཉིད་ཀྱིས་སེམས་མེད་པ་ཡང་མ་ཡིན་ནོ་ཞེས་བྱ་བ་འདི་ཡིན་ནོ། །དེ་སྐད་
དུ་འཕགས་པ་ལང་ཀར་གཤེགས་པ་ལས། །བློ་ཡིས་རྣམ་པར་གཞིགས་ན་ནི། །ངོ་བོ་ཉིད་དུ་གཟུང་དུ་མེད། །དེ་ཕྱིར་དེ་དག་བརྗོད་མེད་དང་། །རང་བཞིན་མེད་པར་བསྟན་པ་ཡིན། །བློ་ཡིས་རྣམ་པར་དཔྱད་ན་ནི། །གཞན་དབང་མེད་ཅིང་ཀུན་བརྟགས་མེད། །ཡོངས་སུ་གྲུབ་པ་དངོས་
མེད་ན། །བློ་ཡིས་ཇི་ལྟར་རྣམ་པར་བརྟག། །རང་བཞིན་མེད་ཅིང་རྣམ་རིག་མེད། །དངོས་པོ་མེད་ཅིང་ཀུན་གཞི་མེད། །བྱིས་པའི་རོ་དང་མཚུངས་པ་ཡི། །རྟོག་གེ་ངན་པས་འདི་དག་བརྟགས། །དངོས་པོ་མཚན་མ་རྣམ་རིག་གི །ཡིད་ལྡོག་གཡོ་བ་གང་ཡིན་ལས། །ང་ཡི་སྲས་
རྣམས་རབ་འདས་ནས། །རྣམ་པར་མི་རྟོག་པ་ཡིས་དཔྱོད། །ཅེས་གསུངས་སོ། །འདིའི་དོན་གང་ཡིན་ཞེ་ན། འདིའི་དོན་བློ་ཞེས་བྱ་བ་ནི་བསམས་པ་ལས་བྱུང་བའི་ཤེས་རབ་བོ། །ངོ་བོ་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་རང་གི་མཚན་ཉིད་དེ། གཟུང་བ་དང་འཛིན་པ་གཉིས་ཀྱིས་བསྡུས་པའོ། །
དེ་ནི་ཞེས་བྱ་བ་ནི་ཆོས་རྣམས་ཏེ། འདི་ཙམ་གྱིས་ནི་ཀུན་བརྟགས་པའི་ངོ་བོ་ཉིད་མེད་པར་བསྟན་ཏོ། །གང་གི་ཕྱིར་ཀུན་བརྟགས་པ་མེད་པ་དེ་བས་ན། རང་གི་བློ་ལས་ཐ་དད་པའི་གཟུང་བ་རྣམ་པར་དཔྱད་ན། གཞན་དབང་དང་ཡོངས་སུ་གྲུབ་པའི་ངོ་བོ་དག་ཀྱང་ཀུན་བརྟགས་པའི་ངོ་བོ་ཉིད་དུ་འགྱུར་
བས་མེད་པ་ཡིན་ན། དེ་ཇི་ལྟར་རྣལ་འབྱོར་པ་དོན་དམ་པ་དོན་དུ་གཉེར་བས་བློ་བརྟག་པར་བྱ་ཞིང་བསྒོམ་པར་བྱ་སྟེ། ནུས་པར་ཅིའི་ཕྱིར་མི་བྱ་ཞེས་བྱ་བའི་དོན་ཏོ། །འདི་ནི་ཚིགས་སུ་བཅད་པ་གཉིས་པའི་དོན་ཏོ། །རང་བཞིན་ནི་གཉིས་ཀྱི་མཚན་མའོ། །རྣམ་རིག་དང་དངོས་པོ་ནི་གཉིས་སོ། །
ཀུན་གཞིའི་མངོན་པར་ཞེན་པའི་ཡུལ་ཏེ། ཀུན་དུ་བརྟགས་པ་བཞི་པ་ནས། དོན་དམ་པའི་བར་དུ་ཐམས་ཅད་ཡོད་པ་མ་ཡིན་ཏེ། བྱིས་པ་རྣམས་ཀྱིས་རྣམ་པར་བརྟགས་པ་འབའ་ཞིག་ཏུ་ཟད་དོ། །རོ་ཞེས་བྱ་བ་ནི་འཕགས་པའི་ཡེ་ཤེས་མེད་པའི་ཕྱིར་རོ། །རྟོག་གེ་ངན་པས་བརྟགས་ཞེས་བྱ་བ་

ནི་རྣམ་པར་རྟོག་པ་ལས་མ་འདས་པའོ། །དེ་དག་ནི་རྣམ་པར་རྟོག་པ་ལས་མ་འདས་པའི་རྣལ་འབྱོར་པ་ལ་སྨད་པ་སྟེ་ཚིགས་སུ་བཅད་པ་གསུམ་པའི་དོན་ཏོ། །དེ་ལས་འདས་པའི་བསྔགས་པ་ནི་ཚིགས་སུ་བཅད་པ་བཞི་པའི་དོན་ཏོ། །ཐེག་པ་ཆེན་པོའི་དོན་མདོར་བསྡུས་པ་ནི་འདི་ཡིན་ཏེ།
འཕགས་པ་ལང་ཀར་གཤེགས་པ་ལས་ཇི་སྐད་དུ། ཆོས་ལྔ་དང་ནི་རང་བཞིན་དང་། །རྣམ་པར་ཤེས་པ་བརྒྱད་ཉིད་དང་། །བདག་མེད་གཉིས་ཀྱི་དངོས་པོས་ནི། །ཐེག་པ་ཆེན་པོ་མ་ལུས་བསྡུས། །ཞེས་གསུངས་སོ། །དེ་ལ་ཆོས་ལྔ་ནི་མིང་དང་རྒྱུ་མཚན་དང་། རྣམ་པར་རྟོག་པ་དང་།
དེ་བཞིན་ཉིད་དང་། ཡང་དག་པའི་ཡེ་ཤེས་སོ། །འདིར་ཡིད་ཀྱི་བརྗོད་པ་ལ་གནས་པའི་སྒྲ་ནི་མིང་ངོ་། །དོན་ནི་རྒྱུ་མཚན་ནོ། །རྣམ་པར་རྟོག་པ་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའོ། །དེ་བཞིན་ཉིད་ནི་སྟོང་པ་ཉིད་དོ། །ཡང་དག་པའི་ཡེ་ཤེས་ནི་འཇིག་རྟེན་ལས་འདས་པའི་ཡེ་
ཤེས་སོ། །བདག་མེད་པ་གཉིས་ནི། གང་ཟག་ལ་བདག་མེད་པ་དང་། ཆོས་ལ་བདག་མེད་པའོ། །དེ་དག་ནི་ཇི་ལྟ་བ་བཞིན་དུ་གྱུར་པའི་ཐོས་པ་ལས་བྱུང་བའི་ཤེས་རབ་བོ། །བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ནི་རང་བཞིན་མེད་པའོ་ཞེས་གསུངས་པ་འདི་ཇི་ལྟ་བུ་ཞེ་ན།
གང་གི་ཕྱིར་གཟུགས་ནི་གཟུགས་ཀྱི་རང་བཞིན་གྱིས་སྟོང་ཞེས་བྱ་བ་ནས། ཇི་སྲིད་སངས་རྒྱས་ཀྱི་ཆོས་ཀྱི་བར་ནི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་རང་བཞིན་གྱིས་སྟོང་པའོ་ཞེས་བྱ་བའི་བར་དུ་སྟེ། གང་གི་རང་བཞིན་ཉེ་བར་བཟུང་ནས། འདི་གཟུགས་སོ་ཞེས་གཟུགས་ཀྱི་རང་གི་ངོ་བོ་དང་མི་ཕྱེད་
པ་ཉིད་དུ་སྐྱེ་བོ་རྣམས་ཀྱིས་རྟོགས་ཏེ། གཟུགས་དེའི་རང་བཞིན་ཡིན་པས་ན་གཟུགས་ཉིད་དོ། །དེ་ཡང་མིང་ཙམ་ཡིན་པའམ། མིང་དང་དབྱེར་མེད་པའི་སྤྱིའི་གཟུགས་ཉིད་དུ་འགྱུར་གྲང་ན། དེ་ལ་མིང་གང་ཡིན་པ་དེ་ནི། དེའི་ངོ་བོ་མ་ཡིན་པའི་ཕྱིར་དེ་ནི་དེའི་རང་བཞིན་གྱིས་སྟོང་པ་ཉིད་དོ། །སྤྱིའི་
ངོ་བོ་ཉིད་ཀྱང་། སྐད་ཅིག་མ་མ་ཡིན་པ་ཉིད་བཀག་པས་རང་གི་ངོ་བོར་མེད་ལ་མིང་དང་ཐ་མི་དད་པ་ཡང་ཤིན་ཏུ་མེད་པ་ཡིན་པས་གཅིག་ཏུ་གཟུགས་ཀྱི་ངོ་བོ་ཉིད་མ་ཡིན་ཏེ། གཟུགས་ཀྱི་རང་བཞིན་དེས་གཟུགས་སྟོང་པ་ཉིད་དོ། །དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་ཀྱི་བར་དུའོ། །ཅི་སྟེ་དངོས་

པོའི་ངོ་བོ་ཉིད་ཁོ་ན་ཚིག་དང་རྣམ་པར་རྟོག་པའི་ཡུལ་དུ་གྱུར་པ་ཡིན་ན། དངོས་པོ་མེད་པར་དེ་དག་ཡོད་པར་མི་འགྱུར་བས། སྔོན་གྱི་དུས་སུ་རྒྱལ་པོ་མང་པོས་བཀུར་བ་འབྱུང་ངོ་ཞེས་བྱ་བ་དང་། མ་འོངས་པའི་དུས་སུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དུང་ཞེས་བྱ་བ་འབྱུང་བར་
འགྱུར་རོ་ཞེས་བྱ་བ་ལ་སོགས་པར་མི་འགྱུར་ཞིང་། བརྫུན་དུ་སྨྲ་བ་དང་། ལོག་པར་ཞེན་པར་ཡང་མེད་པར་འགྱུར་ལ། སྒྲ་རྟག་ཅེས་བྱ་བ་དང་། མི་རྟག་ཅེས་བྱ་བ་འདོད་པ་ཐ་དད་པར་ཡང་མི་འགྱུར་ཏེ། རང་བཞིན་འགལ་བ་དག་ནི་གཅིག་ལ་མི་རུང་བའི་ཕྱིར་རོ། །དེ་བས་ན་དངོས་པོ་རྣམས་མིང་གིས་ཉེ་བར་
མཚོན་པའི་རང་བཞིན་མེད་པས་རང་བཞིན་མེད་པ་ཉིད་དོ། །འདི་སྐད་དུ་འཕགས་པ་ལང་ཀར་གཤེགས་པ་ལས། །མིང་ནི་གང་དང་གང་དག་གིས། །ཆོས་གང་ཞིག་ནི་མངོན་བརྗོད་པ། །དེ་ནི་དེ་ལ་ཡོད་མིན་ཏེ། །ཆོས་རྣམས་ཀྱི་ནི་ཆོས་ཉིད་ཡིན། །ཞེས་གསུངས་ཏེ། འདིའི་བཤད་པ་ནི་རབ་ཏུ་
བྱེད་པ་སུམ་ཅུ་པ་ལས། རྣམ་པར་རྟོག་པ་གང་གང་གིས། །དངོས་པོ་གང་གང་རྣམ་བརྟགས་པ། །དེ་ཉིད་ཀུན་དུ་བརྟགས་པ་ཡི། །རང་བཞིན་ཡིན་ཏེ་དེ་མེད་དོ། །ཞེས་གསུངས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་། །ཕྱི་རོལ་གཟུགས་ནི་ཡོད་མ་ཡིན། །རང་གི་སེམས་ནི་ཕྱི་རོལ་སྣང་། །
ཞེས་བྱ་བ་དང་། རྒྱལ་བའི་སྲས་དག་ཁམས་གསུམ་པ་འདི་ནི་སེམས་ཙམ་མོ་ཞེས་གསུངས་ཏེ། སེམས་དང་། ཡིད་དང་། རྣམ་པར་ཤེས་པ་དང་། རྣམ་པར་རིག་པ་ཞེས་བྱ་བ་ནི་རྣམ་གྲངས་སོ། །དེ་ལྟར་གང་གི་ཕྱིར་ཆོས་ཐམས་ཅད་རྣམ་པར་རིག་པ་ཙམ་གྱི་རང་བཞིན་ཡིན་པའི་ཕྱིར་
རོ། །གཟུང་བ་དང་འཛིན་པའི་ངོ་བོ་ཉིད་དང་བྲལ་བས་རང་བཞིན་མེད་པ་ཉིད་དོ། །ཅི་སྟེ་འདི་དག་རྣམ་པར་ཤེས་པ་ཙམ་གྱི་རང་བཞིན་ནོ་ཞེས་བྱ་བ་འདི་ལ་རིགས་པ་ཅི་ཡོད་ཅེ་ན། བརྗོད་པར་བྱ་སྟེ། འདི་ལ་ཆོས་རྣམས་བདག་ཉིད་ཀྱིས་གསལ་བའི་ངོ་བོ་ཉམས་སུ་མྱོང་བས་གྲུབ་པ་ཡིན་ལ། གསལ་བ་དེ་
ཡང་རབ་ཏུ་སྣང་བ་དང་། སོ་སོར་སྣང་བ་དང་། གསལ་བཞིན་པ་ཞེས་བྱའོ། །དེ་ཡང་བེམས་པོ་ཡང་མ་ཡིན་པ་སྟེ། ལྐོག་ཏུ་གྱུར་པ་མ་ཡིན་ཞིང་ཡོངས་སུ་གསལ་བའོ། །དེ་གྲུབ་པ་མ་ཡིན་ན་ནི། གང་ཡང་སྣང་བར་མི་འགྱུར་བས། ཐམས་ཅད་མ་གྲུབ་པར་ཐལ་བར་འགྱུར་རོ། །གྲུབ་

ན་ནི་དེ་ཉིད་ཤེས་པ་ཡིན་པས་ཆོས་ཐམས་ཅད་ཤེས་པའི་རང་བཞིན་དུ་གྲུབ་པར་འགྱུར་རོ། །འདིར་སྤྱོད་པ་ཅན་དག་ན་རེ། གཟུང་བའི་ཡུལ་གྱི་ཆོས་གསལ་བ་ཡིན་ཞེས་བྱ་བ་ནི། བདག་ཉིད་ཀྱིས་མྱོང་བས་བདེན་ན། དེ་ཡང་ཤེས་པར་བྱ་བ་ཡིན་གྱི། ཤེས་པའི་མཚན་ཉིད་ནི་མ་ཡིན་ནོ་
ཞེས་ཟེར་ན། དེ་ཡང་མ་རིགས་ཏེ། གང་གི་ཕྱིར་གསལ་བའི་བདག་ཉིད་སོ་སོར་ངེས་པ་ཉམས་སུ་མྱོང་ན། སྔོན་པོ་ལ་སོགས་པ་སོ་སོར་ཉམས་སུ་མྱོང་བ་གྲུབ་ཀྱི། དེ་ལས་མ་གཏོགས་པའི་རྒྱུ་སྟོང་སྙེད་ཚོགས་པར་གྱུར་ཀྱང་མ་ཡིན་ནོ། །དེ་བས་ན་འདི་ཐ་དད་པར་འཇོག་པར་བྱེད་པ་དང་། རྒྱུའི་
ཚོགས་ཀྱི་མཐར་ཐུག་པ་ཡིན་པས། མྱོང་བར་བྱེད་པའི་བྱེད་པ་པོ་ཡིན་པ་ཉིད་དེ། འདིས་ཤེས་པར་བྱེད་པས་ཤེས་པ་ཞེས་བྱ་བའམ། འདི་ཉིད་རིག་ཅིང་ཤེས་པའི་ངོ་བོ་ཡིན་པས་ཤེས་པ་ཡིན་པར་རིགས་སོ། །དེ་གཉི་གས་ཆོས་ཐམས་ཅད་ཤེས་པའི་རང་བཞིན་གྱི་ངོ་བོར་གྲུབ་པ་ཡིན་ཏེ། དེ་ལས་
མ་གཏོགས་པའི་ཤེས་པ་སྒྲུབ་པའི་ཚད་མ་མེད་པའི་ཕྱིར། ཤེས་པའི་རྒྱུ་རྣམས་ཉེ་བ་ལས་དེ་ཉིད་སྐྱེས་པར་མཐོང་བའི་ཕྱིར་རོ། །རིགས་པ་ཅན་ལ་སོགས་པ་ན་རེ། གསལ་བ་དེ་བསྟན་པ་འདི་ནི་ཤེས་བྱ་དང་། ཤེས་པའི་ཆོས་ཀྱི་མཚན་ཉིད་མ་ཡིན་ཏེ། ཕྱི་རོལ་གྱི་ཡུལ་ལ་ཤེས་པ་ནང་
ནས་སྐྱེས་པས་གསལ་བར་གྱུར་པ་ཡིན་ལ། ཤེས་པ་ལ་ཡང་དེ་ཤེས་པ་སྐྱེས་པས་གསལ་བར་གྱུར་པའོ་ཞེས་ཟེར་ན། དེ་ཡང་ཤིན་ཏུ་རིགས་པ་མ་ཡིན་ཏེ། དོན་རྣམས་ཀྱི་གསལ་བ་ཉམས་སུ་མྱོང་བས་གྲུབ་པ་འདི་གསལ་བར་ནི་ཚངས་པས་ཀྱང་མི་ནུས་པའི་ཕྱིར་དང་། དེ་མེད་པར་
གྱུར་ན་སྔོན་པོ་ལ་སོགས་པ་མྱོང་བར་བྱ་བ་ནི། བརྒྱ་བྱིན་གྱིས་ཀྱང་མི་ནུས་ཏེ། ཤེས་པ་སྐྱེས་པར་གྱུར་ཀྱང་སྔོན་པོ་ལ་སོགས་པའི་རང་བཞིན་ཡོངས་སུ་གསལ་བ་མ་ཡིན་པ་ལྐོག་ཏུ་གྱུར་པ་དེ་བཞིན་དུ་གནས་པའི་ཕྱིར་རོ། །དེ་ལྟར་ཤེས་པ་ལ་ཡང་ཤེས་པ་གཞན་སྐྱེས་སུ་ཟིན་ཀྱང་གསལ་བ་
མ་ཡིན་པས། ཤེས་པ་ཡང་གསལ་བ་མ་ཡིན་ལ། འགྲོ་བ་ཐམས་ཅད་ལོང་བ་དང་། ལྐུགས་པར་ཐལ་བར་འགྱུར་རོ། །མ་ཡིན་ཏེ་ཤེས་པས་དོན་གསལ་བར་མྱོང་ངོ་ཞེས་སྨྲས་སོ་ཞེ་ན། རྣམ་པར་ཤེས་པ་གསལ་བ་ལས་ཐ་དད་པར་འགྱུར་ལ། ཇི་ལྟར་གསལ་བར་འགྱུར། ཡོངས་སུ་

བཅད་པས་སོ་ཞེ་ན། གསལ་བ་མ་ཡིན་པར་ཇི་ལྟར་གཅོད་པར་འགྱུར། ཅི་སྟེ་གསལ་བ་ཡིན་ནོ་ཞེ་ན། གསལ་བ་དེ་ཉིད་ཡོངས་སུ་གསལ་བ་དང་། གསལ་བཞིན་པ་དང་། མྱོང་བ་ཞེས་བྱ་ན། གསལ་བ་དེ་ཇི་ལྟར་ཤེས་བྱའི་ཆོས་མ་ཡིན། ཤེས་བྱའི་
ཆོས་སུ་གྲུབ་པ་ཉིད་ཀྱིས་ན་ལྷག་མ་སྔར་བཤད་པ་བཞིན་དུ་འགྱུར་རོ། །གཞན་དག་ན་རེ་ཤེས་པ་ནི་གསལ་བའི་རང་བཞིན་ཡིན་པས། རང་གི་ངང་གིས་གསལ་བ་ཡིན་ལ། ཡུལ་ནི་དེའི་རང་བཞིན་མ་ཡིན་པས་ཤེས་པ་དང་འབྲེལ་པའི་དབང་གིས་གསལ་བར་འགྱུར་རོ་ཞེས་ཟེར་ཏེ། དེ་
དག་ལྟར་ན་ཡང་དེའི་རང་བཞིན་མ་ཡིན་པས་གསལ་བ་མ་ཡིན་ལ། གསལ་བར་བྱས་པས་གསལ་བར་ཡང་གྱུར་ཞེས་བྱ་བ་ནི་ཕན་ཚུན་འགལ་བར་ཡང་འགྱུར་རོ། །ཡང་ཇི་ལྟར་འབྲེལ་པས་དེས་དོན་རིག་པར་འགྱུར། ཚོགས་པ་གཅིག་ལ་རག་ལས་པའི་འབྲེལ་པས་བསྡུས་པས་སོ་
ཞེ་ན། མིག་ཀྱང་མིག་གི་རྣམ་པར་ཤེས་པས་རིག་པར་འགྱུར་རོ། །ཡུལ་མ་ཡིན་པར་འགྱུར་རོ་ཞེ་ན། གསལ་བ་མེད་ན་གཟུགས་ཀྱང་ཇི་ལྟར་ཡུལ་དུ་གྱུར་འདིས་ཡུལ་ཡིན་པའི་ཕྱིར་རིག་གོ་ཞེས་བྱ་བ་ཡང་གསལ་ཏོ། །གཞན་དག་ན་རེ་མར་མེའི་འོད་རེག་པའི་བུམ་པ་ལ་སོགས་པ་
བཞིན་དུ། ཤེས་པའི་གསལ་བ་དང་ཕྲད་པས་གསལ་བར་འགྱུར་རོ་ཞེས་ཟེར་ཏེ། དེའི་ལྟར་ན་ཡང་མེ་ཏོག་དང་འབྲས་བུ་ལ་སོགས་པའི་གཟུགས་མིག་གི་རྣམ་པར་ཤེས་པས་མྱོང་བ་དེ་ནི་དེའི་དྲི་དང་རོ་དང་རེག་བྱ་ཡང་མྱོང་བར་འགྱུར་ཏེ། ཕྲད་པ་ལས་བྱེ་བྲག་མེད་པའི་ཕྱིར་རོ། །གལ་ཏེ་ཡུལ་
མ་ཡིན་པའི་ཕྱིར་རོ་ཞེ་ན། དེ་ཡང་བཤད་ཟིན་ཏོ། །དེའི་ཕྱིར་སྔོན་པོ་ལ་སོགས་པ་མྱོང་བ་ཐམས་ཅད་ནི་ཤེས་པ་ཉིད་ཡིན་གྱི་ཕྱི་རོལ་གཟུང་བའི་དོན་ནི་མ་ཡིན་ནོ། །མདོ་སྡེ་པ་རྣམས་ན་རེ་འདི་ནི་ཁོ་བོ་ཅག་ཀྱང་མི་འདོད་པ་མ་ཡིན་ཏེ། རྣམ་པར་ཤེས་པ་ཐམས་ཅད་རྣམ་པ་དང་བཅས་པ་ཡིན་ཏེ།
འདི་ལྟར་དོན་གང་དག་གིས་རྣམ་པར་ཤེས་པའི་མེ་ལོང་ལ་གཟུགས་བརྙན་གཞག་པར་གྱུར་པས། རྣམ་པར་ཤེས་པ་དེས་དེའི་གཟུགས་བརྙན་མྱོང་ཡང་ཉེ་བར་བརྟགས་པ་བྱས་ན། མེ་ལོང་གི་ངོས་ལ་རང་གི་བྱད་ཀྱི་གཟུགས་བརྙན་མཐོང་བ་བཞིན་དུ་དེ་མྱོང་བར་བཞག་གོ། །དེ་ཡང་མེ་ལོང་ལ་

ཕྱི་རོལ་གྱི་དོན་མཐོང་བ་ནི་ཤིན་ཏུ་མཐུན་པ་མ་ཡིན་པས་ཅུང་ཟད་འཁྲུལ་པ་ཡིན་ལ། བློའི་མེ་ལོང་ལ་སྣང་བ་ནི་ཤིན་ཏུ་མཐུན་པའི་ཕྱིར་ཅུང་ཟད་ཀྱང་ཤིན་ཏུ་འཁྲུལ་པ་མ་ཡིན་ནོ་ཞེས་ཟེར་ཏེ། དེ་དག་གི་ཡང་ཤེས་པ་དེས་འབྲེལ་པ་གང་གིས་དོན་དེ་མྱོང་བར་འགྱུར། དེ་ལས་བྱུང་བའི་འབྲེལ་པས་སོ་
ཞེ་ན། མིག་ཀྱང་མིག་གི་རྣམ་པར་ཤེས་པས་མྱོང་བར་འགྱུར་རོ། །འོན་ཏེ་འདྲ་བའི་དབང་གིས་སོ་ཞེ་ན། དོན་གཅིག་མཐོང་བའི་སྐྱེ་བོ་མང་པོ་རྣམས་ཀྱི་ཤེས་པ་ཡང་ཕན་ཚུན་མཐོང་བར་ཐལ་བར་འགྱུར་རོ། །འོན་ཏེ་དེ་ལས་སྐྱེ་བ་དང་། དེར་སྣང་བ་གཉི་གས་སོ་ཞེ་ན། མཚུངས་པ་དེ་མ་ཐག་
པའི་རྐྱེན་ཡང་ཡུལ་དང་མཚུངས་པར་ཡུལ་དུ་འགྱུར་རོ། །ཡང་བདག་ཉིད་ཀུན་གྱིས་མཚུངས་ན་ནི། ཤེས་པ་ཡང་བེམས་པོ་ཉིད་དུ་འགྱུར་རོ། །ཕྱོགས་འགའ་ཞིག་གིས་མཚུངས་སོ་ཞེ་ན། ཀུན་གྱིས་ཐམས་ཅད་རིག་པར་འགྱུར། མི་སླུ་བའི་ཤེས་པ་ཡང་དོན་ལས་གཅིག་ཏུ་སྐྱེ་བ་མ་ཡིན་
ཏེ། རྨི་ལམ་བདེན་པས་འཁྲུལ་པའི་ཕྱིར་རོ། །དེའི་ཕྱིར་ཕྱི་རོལ་གྱི་དོན་ནི་ཡོད་པ་མ་ཡིན་པ་ཉིད་དོ། །ཅི་སྟེ་དོན་རྣམས་བདེན་པ་མ་ཡིན་ཏེ། རྣམ་པར་ཤེས་པ་དོན་དུ་སྣང་བ་ཡིན་ན། ཡུལ་དང་དུས་ལ་སོགས་པ་ངེས་པར་ཇི་ལྟར་སྣང་བར་འགྱུར་ཞེ་ན། དོན་མེད་པར་ཡང་ཐོག་མ་མེད་པ་ནས་
ཀུན་དུ་བརྟགས་པའི་བག་ཆགས་ཀྱིས་དཀྲུགས་པའི་སེམས་ཉིད་ཡུལ་དང་དུས་ལ་སོགས་པ་ངེས་པའི་དོན་དུ་སྣང་བའི་ཤེས་པ་སྐྱེ་བར་འགྱུར་ཏེ། གཉིད་ཀྱིས་ཉམས་པའི་རྨི་ལམ་བཞིན་ནོ། །དེ་སྐད་དུ་འཕགས་པ་ལང་ཀར་གཤེགས་པ་ལས། ཇི་ལྟར་བྱིས་པས་རྣམ་བརྟགས་པའི། །ཕྱི་རོལ་དོན་ནི་
ཡོད་མིན་ཡང་། །བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་འབྱུང་། །ཞེས་གསུངས་ཏེ། བག་ཆགས་ཀྱིས་དཀྲུགས་པ་ནི་ཉེ་བར་བཅོམ་པའོ། །ཇི་ལྟར་ན་གཅིག་ལ་མང་པོ་རྣམས་ཀྱི་ཤེས་པ་འཁྲུལ་པ་མཚུངས་ཤེ་ན། ཉེ་བར་བཅོམ་པ་མཚུངས་པའི་ཕྱིར་ཏེ།
རབ་རིབ་ཀྱིས་མིག་ཉེ་བར་བཅོམ་པ་མཚུངས་པ་རྣམས་ལ་སྐྲ་ཤད་དང་། ཤ་སྦྲང་ལ་སོགས་པ་ལ་སྣང་བ་མཚུངས་པ་བཞིན་ཏེ། ལ་ལར་རྨི་ལམ་མི་བདེན་བཞིན་དུ། བག་ཆགས་མཐུག་པོའི་དབང་གིས་མི་སླུ་བར་སྣང་ངོ་། །དེའི་ཕྱིར་ཡང་གཟུང་བ་ཡང་ཅི་ཡང་མེད་ལ་འཛིན་པ་ཡང་ཅུང་ཟད་ཀྱང་

མེད་དོ། །ཆོས་ཐམས་ཅད་གཟུང་བ་དང་འཛིན་པས་སྟོང་པའི་རྣམ་པར་ཤེས་པ་ཙམ་མོ། །གཞན་ཡང་ཁམས་བཅྭ་བརྒྱད་པོ་འདི་ཐ་དད་པའི་གཅིག་མ་ཡིན་ནོ། །གཟུགས་ཀྱི་ཁམས་ཀྱང་གཅིག་མ་ཡིན་ནོ། །ལུས་དང་ཁྱིམ་དང་། ལྗོན་ཤིང་ལ་སོགས་པ་ཐ་དད་པའི་
ཕྱིར་རོ། །ལུས་ཀྱང་གཅིག་མ་ཡིན་ཏེ། ལག་པ་དང་རྐང་པ་ལ་སོགས་པ་ཐ་དད་པའི་ཕྱིར་རོ། །ལག་པ་ཡང་གཅིག་མ་ཡིན་ཏེ་མཛུབ་མོ་ལ་སོགས་པ་ཐ་དད་པའི་ཕྱིར་རོ། །མཛུབ་མོ་ཡང་གཅིག་མ་ཡིན་ཏེ་ཚིགས་ལ་སོགས་པ་ཐ་དད་པའི་ཕྱིར་རོ། །ཚིགས་ཀྱང་གཅིག་མ་ཡིན་ཏེ། དེའི་ཚེ་ཐ་དད་
པའི་ཕྱིར་རོ། །ཚིགས་ལ་སོགས་པའི་ཆ་ཡང་ཆ་ཤས་དང་བཅས་པ་གཅིག་མ་ཡིན་ནོ། །ཅི་སྟེ་རྡུལ་ཕྲ་རབ་ཆ་ཤས་མེད་པ་གཅིག་ཏུ་འགྱུར་རོ་ཞེ་ན། མ་ཡིན་ཏེ་རྟག་ཏུ་རགས་པར་སྣང་བའི་ཕྱིར་དང་། རྡུལ་ཕྲ་རབ་གཅིག་མཐོང་བ་མེད་པའི་ཕྱིར་རོ། །རྡུལ་ཕྲ་རབ་མང་པོ་ཕན་ཚུན་ལྡན་པས་དེ་ལྟར་
མཐོང་བ་བཞིན་ནོ་ཞེས་ཟེར་ན། གལ་ཏེ་ཆ་ཤས་ཀྱི་སྦྱོར་བ་ནི། ཆ་ཤས་མེད་པའི་རྡུལ་ཕྲ་རབ་ཏུ་མི་འགྱུར་ལ། ཅི་སྟེ་ཆ་ཤས་མེད་པར་སྦྱོར་ན་ནི། དེའི་ཚེ་དེ་དག་ཐ་མི་དད་པས། སའི་དཀྱིལ་འཁོར་ཡང་རྡུལ་ཕྲ་རབ་གཅིག་ཏུ་འགྱུར་ལ། སའི་དཀྱིལ་འཁོར་དང་འབྲེལ་པའི་གཟུགས་གཞན་སྣང་བ་
རྣམས་ཀྱང་། སའི་དཀྱིལ་འཁོར་དང་གཉིས་སུ་མེད་པར་ཐམས་ཅད་རྡུལ་ཕྲ་རབ་གཅིག་གི་ཚད་དུ་འགྱུར་ལ་དེ་ལྟར་ནི་མ་ཡིན་ཏེ། དེ་བས་ན་རྡུལ་ཕྲ་རབ་མང་པོའམ། ཅིག་ཤོས་ཀྱང་རུང་སྟེ་གཅིག་ཏུ་གྱུར་པ་ནི་འགའ་ཡང་མེད་དོ། །གཟུགས་གཅིག་མེད་པས་ན། དེ་འདུས་པ་ཡིན་པའི་ཕྱིར་དུ་མ་
ཡང་མེད་དེ། དེ་བས་ན་གཟུགས་ཀྱི་ཁམས་གང་ཡང་གཅིག་གམ། དུ་མའམ། གཅིག་ཀྱང་མ་ཡིན་དུ་མ་ཡང་མ་ཡིན་པའམ། དངོས་པོ་བགྲོད་པ་གཞན་ཡང་མེད་པས་གཟུགས་ཀྱི་ཁམས་ནི་དངོས་པོ་མེད་དེ་བརྫུན་པ་ཁོ་ན་ཡིན་ནོ། །གཟུགས་ཀྱི་ཁམས་ཇི་ལྟ་བ་བཞིན་དུ། སྒྲ་དང་དྲི་དང་རོ་དང་
རེག་བྱའི་ཁམས་དང་། མིག་དང་། རྣ་བ་དང་། སྣ་དང་ལྕེ་དང་ལུས་ཀྱི་ཁམས་རྣམས་ཀྱང་རྡུལ་ཕྲ་རབ་འདུས་པ་ཙམ་ཡིན་པའི་ཕྱིར་རོ། །དེ་ལྟར་དམིགས་པ་རྣམ་པ་ལྔ་དང་། རྟེན་རྣམ་པ་ལྔ་མེད་པས། མིག་ལ་སོགས་པའི་རྣམ་པར་ཤེས་པ་ལྔའི་ཁམས་ཀྱང་ཡོད་པར་མི་འགྱུར་རོ། །དེ་དག་

མེད་པས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱང་ཡོད་པར་མི་འགྱུར་ཏེ། སྲིད་ན་ཡང་དེའི་ཚེ་རྣམ་པར་ཤེས་པ་ཞེས་བརྗོད་པར་བྱའི། ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བའི་བྱེ་བྲག་གི་དོན་ནི་མེད་དོ། །ཡིད་ཀྱི་ཁམས་ཀྱང་ཡོད་པ་མ་ཡིན་ཏེ། འདི་ལྟར་རྣམ་པར་ཤེས་པ་དྲུག་པོ་གང་ཡིན་པ་འགགས་པ་
དེ་ཉིད་ཡིད་ཀྱི་རྣམ་པར་ཤེས་པ་ཕྱི་མ་སྐྱེ་བའི་རྟེན་དུ་གྱུར་པས་ཡིད་ཀྱི་ཁམས་ཞེས་བྱ་བར་འདོད་པས། རྣམ་པར་ཤེས་པ་དྲུག་ལས་མ་གཏོགས་པ་རྫས་སུ་ཡོད་པ་མ་ཡིན་ཏེ། བཏགས་པར་ཡོད་པ་ཙམ་མོ། །རྣམ་པར་ཤེས་པ་དྲུག་པོ་བཀག་པས་དེ་ཡང་མེད་པར་འགྱུར་ཏེ། དེ་བས་ན་ཡིད་ཀྱི་ཁམས་
ཀྱང་ཡོད་པ་མ་ཡིན་ནོ། །དེ་མེད་པས་ཀྱང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་མེད་དོ། །ཆོས་ཀྱི་ཁམས་མ་ལུས་པར་འགྱུར་རོ་ཞེ་ན་དེ་ཡང་སྐྱེ་མཆེད་བཅུ་ལས་མ་གཏོགས་པའི་གཟུགས་དང་སེམས་ལས་བྱུང་བའི་ཆོས་རྣམས་དང་། སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་རྣམས་དང་། འདུས་མ་
བྱས་རྣམས་སོ། །དེ་ལ་རེ་ཞིག་གཟུགས་ནི་གཟུགས་ཀྱི་ཁམས་བཞིན་དུ་ཡོད་པ་མ་ཡིན་ཏེ། རྡུལ་ཕྲ་རབ་འདུས་པ་ཙམ་ཡིན་པའི་ཕྱིར་རོ། །ཅི་སྟེ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་རྡུལ་ཕྲ་རབ་འདུས་པ་མ་ཡིན་ནོ་ཞེ་ན། འོ་ན་གཟུགས་ཅན་མ་ཡིན་པར་ཅིའི་ཕྱིར་མི་འདོད་དེ། སློབ་དཔོན་གྱིས་
ཀྱང་རྣམ་པར་རིག་བྱེད་མ་ཡིན་པ་རྫས་སུ་འདོད་པ་བཀག་ཟིན་ཏོ། །སེམས་ལས་སྐྱེས་པས་ན་སེམས་ལས་བྱུང་བ་སྟེ། སེམས་དང་ཡིད་དང་རྣམ་པར་ཤེས་པ་རྣམ་གྲངས་ཡིན་ལ། དེས་ན་རྣམ་པར་ཤེས་པ་དྲུག་བཀག་པས་སེམས་ལས་བྱུང་བ་ཡང་བཀག་པར་འགྱུར་རོ། །གཞན་ཡང་སེམས་ལས་
བྱུང་བ་དག་ནི་སེམས་དང་རྟེན་དང་། དམིགས་པ་ཐ་དད་པ་མེད་པར་འདོད་དོ། །དེས་ན་རྟེན་དྲུག་བཀག་པས་ཀྱང་དེ་དག་དགག་པར་བྱའོ། །དམིགས་པ་དྲུག་ཀྱང་བཀག་པ་དང་འགེགས་པར་འགྱུར་བས་སོ། །སེམས་དང་མི་ལྡན་པའི་འདུ་བྱེད་གཞན་དག་ལས་གུད་ན་མེད་པར་ཅི་རིགས་པར་ཤེས་པར་བྱའོ། །
འདུས་མ་བྱས་རྣམས་ཀྱང་འདུས་མ་བྱས་ཀྱི་དངོས་པོ་རྣམས་ལས་ཐ་དད་པར་འགྱུར་བའི་ལུས་ཀྱི་རྫས་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་ཆོས་ཀྱི་ཁམས་ཀྱང་མེད་ལ་དེ་མེད་པས་དེའི་དམིགས་པ་བཀག་པའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱང་མེད་དོ། །དེ་ལྟར་ཁམས་བཅྭ་བརྒྱད་མེད་ལ། ཁམས་

རྣམས་བཀག་པས། སྐྱེ་མཆེད་རྣམས་དང་། ཕུང་པོ་རྣམས་བཀག་པ་ཡང་གྲུབ་པ་ཡིན་ནོ། །ད་ནི་ཇི་ལྟར་ཕུང་པོ་ལ་སོགས་པ་མེད་ན། དེར་སྣང་བར་འགྱུར་ཞེ་ན། དེ་དག་མེད་ཀྱང་བག་ཆགས་ཀྱིས་དཀྲུགས་པའི་སེམས་ཉིད་དེར་སྣང་བའི་ཤེས་པ་སྐྱེ་བར་འགྱུར་
བ་ནི་སྔར་བཤད་པ་བཞིན་ནོ། །དེ་སྐད་དུ་ལང་ཀར་གཤེགས་པ་ལས། ཇི་ལྟར་མེ་ལོང་ལ་ནི་གཟུགས། །གཅིག་དང་གཞན་པ་རྣམས་སྤངས་པ། །སྣང་ཡང་དེ་ན་ཡོད་མ་ཡིན། །དེ་བཞིན་དངོས་རྣམས་ངོ་བོ་ཉིད། །ཅེས་གསུངས་སོ། །སྔོན་པོ་ལ་སོགས་པ་འདི་དག་ཤེས་པའི་རྣམ་པ་
ཡིན་པར་གྱུར་ཀྱང་། དངོས་པོ་མེད་ཅིང་བརྫུན་པ་ཡིན་ཏེ། ཤེས་པའི་བདག་ཉིད་ཡིན་ཡང་གཅིག་དང་དུ་མ་ཉིད་དང་བྲལ་བའི་གནས་སྐབས་སུ་གྱུར་པའི་ཕྱིར་དང་། བག་ཆགས་ཀྱིས་བཅོམ་པའི་སྒྲས་ཀྱང་བག་ཆགས་ཀྱིས་ཉམས་པ་ལས་སྐྱེས་པའི་འཁྲུལ་པའི་མཚན་མར་གསུངས་པའི་
ཕྱིར་རོ། །འོ་ན་བརྫུན་པ་དེ་ཇི་ལྟར་དེར་སྣང་བར་འགྱུར་ཞེ་ན། གསལ་བ་དང་ལྷན་ཅིག་ཏུ་བརྫུན་པའི་བདག་ཉིད་དུ་འབྲེལ་པའི་དབང་གིས་སོ། །འདི་ལྟར་རྣམ་པར་ཤེས་པ་ཉིད་གསལ་བའི་རང་བཞིན་ཡིན་པ་ལས་གསལ་བཞིན་པ་ཡིན་ལ། ཐོག་མ་མེད་པའི་བག་ཆགས་ཀྱིས་བསླད་པའི་དབང་
གིས་འཁྲུལ་ནས། སྔོན་པོ་ལ་སོགས་པའི་རྣམ་པར་བརྫུན་པ་ཡང་། རྨི་ལམ་བཞིན་དུ་གསལ་བཞིན་པར་སྣང་བ་ཡིན་པས་སྔོན་པོ་ལ་སོགས་པ་གསལ་བར་གྲུབ་སྟེ། གསལ་བའི་བདག་ཉིད་མ་བཏགས་པར་དེ་མི་རུང་བའི་ཕྱིར་རོ། །སྔོན་པོ་ལ་སོགས་པ་དེ་གསལ་བཞིན་པ་ཡིན་ཡང་གནོད་
པ་ཡོད་པའི་ཕྱིར་བརྫུན་པ་ཡང་གྲུབ་པོ། །དེ་བརྫུན་པར་གྲུབ་པས་ན་དེའི་བདག་ཉིད་དེ་ཡང་བརྫུན་པར་གྲུབ་པོ། །ཡང་གསལ་བ་དེ་རིག་པ་ནི་འཁྲུལ་པ་དང་བྲལ་བས་མངོན་སུམ་ཡིན་པའི་ཕྱིར་དངོས་པོ་ཉིད་དུ་གྲུབ་པ་ཡིན་ཏེ། གང་གི་ཕྱིར་གསལ་བ་ནི་གསལ་བ་ཉིད་ཀྱིས་གཉུག་མའི་རང་བཞིན་
ཡིན་ཏེ། གང་གི་མྱོང་བ་འདི་འཁྲུལ་པར་འཇོག་པའི་བསླད་པས་གཞག་པ་མེད་པའི་ཕྱིར་རོ། །ཡང་སྔོན་པོ་ལ་སོགས་པའི་རང་བཞིན་ཡིན་པའི་ཕྱིར་བསླད་པས་བྱས་པར་འགྱུར་ལ། །དེ་ལྟར་གྱུར་པས་ན་དེ་མྱོང་བ་ཡང་འཁྲུལ་པར་འགྱུར་རོ། །དེ་བས་ན་སྔོན་པོ་ལ་སོགས་པ་ལ་ནི་གནོད་པ་

འཇུག་པའི་སྐབས་ཡོད་ཀྱི་གསལ་བ་ལ་ནི་མ་ཡིན་ནོ། །རྣལ་འབྱོར་སྤྱོད་པ་པ་དང་། དབུ་མ་པ་ཤེས་པ་རྣམ་པ་དང་བཅས་པར་སྨྲ་བ་ཁ་ཅིག་ན་རེ། སྔོན་པོ་དང་གསལ་བ་དག་བརྫུན་པ་དང་བརྫུན་པ་མ་ཡིན་པར་གྱུར་ན། ཆོས་འགལ་བ་ཉིད་ཀྱིས་ན་དེའི་བདག་ཉིད་དུ་འཐད་པར་མི་འགྱུར་ལ། དེའི་
བདག་ཉིད་མ་ཡིན་ན་ཡང་སྔོན་པོ་ལ་སོགས་པ་གསལ་བར་མི་འགྱུར་ན་སྔོན་པོ་ལ་སོགས་པ་ནི་གསལ་བ་ཡིན་ཏེ། སྒྲོ་བཏགས་པའི་དངོས་པོར་གྱུར་པའི་གསལ་བ་ལས་གཞན་མ་ཡིན་པའི་ཕྱིར་སྔོན་པོ་ལ་སོགས་པ་ནི་སྒྲོ་མ་བཏགས་པའི་དངོས་པོར་གྱུར་པ་ཡིན་ནོ་ཞེས་ཟེར་ཏེ། དེ་དག་གི་ལྟར་ན་གསལ་བ་ཐམས་
ཅད་ཕྱིན་ཅི་མ་ལོག་པའི་རང་གི་ངོ་བོ་མྱོང་བའི་ཕྱིར། ཐམས་ཅད་འཁྲུལ་པ་མེད་པར་འགྱུར་རོ། །དེས་ན་སེམས་ཅན་ཐམས་ཅད་རྟག་ཏུ་གྲོལ་བར་འགྱུར་ལ། རྟག་ཏུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དུ་འགྱུར་རོ། །ཅི་སྟེ་རྣམ་པར་རྟོག་པའི་བློ་འཁྲུལ་པས་རང་གི་སྣང་བ་དོན་མེད་པ་ལ་
དོན་དུ་མངོན་པར་ཞེན་པའི་ཉེས་པ་ཡོད་པའི་ཕྱིར་མ་ཡིན་ནོ་ཞེ་ན། གསལ་བས་མངོན་པར་ཞེན་པར་བྱ་བ་ཡིན་བཞིན་དུ། ཇི་ལྟར་དེ་ལ་དེ་གསལ་བར་མི་འགྱུར། ཅི་སྟེ་གསལ་ན་ནི་གསལ་བ་ཉིད་དང་། དེའི་དོན་དག་ཉིད་དེའི་བདག་ཉིད་དུ་འགྱུར་བས། དོན་མེད་བཞིན་དུ་ཞེས་བྱ་བར་ཡང་མི་
འགྱུར་བས། འདས་པའི་མང་པོས་བཀུར་བ་དང་། མ་འོངས་པའི་དུས་དག་དང་། སྒྲ་རྟག་པ་དང་། བདག་ཡོད་པ་དང་། བ་ལང་ཉིད་དོ་སྙམ་པ་ལ་སོགས་པ་ཐམས་ཅད་རང་གི་མཚན་ཉིད་གསལ་བར་མྱོང་བའི་ངེས་པའི་བདག་ཉིད་དུ་འགྱུར་རོ། །རང་གི་མཚན་ཉིད་ཀྱང་བརྡ་དང་འདྲེ་བར་མི་རིགས་
པས། རྣམ་པར་རྟོག་པའི་བློ་ཡང་མེད་པར་འགྱུར་རོ། །དེ་བས་ན་བ་ལང་གསལ་བ་ཐམས་ཅད་ཀྱི་ཐུན་མོང་དུ་གྱུར་པ། བ་ལང་ཉིད་ཅེས་བྱ་བའི་བློ་མངོན་པར་བརྗོད་པའི་རང་བཞིན་ཅན། བསླད་པའི་དབང་གིས་བརྫུན་པར་སྣང་བ་ཡིན་ལ། དེ་ལྟར་སྣང་བ་ལ་འདི་ནི་བ་ལང་ཡིན་ནོ། །མངོན་པར་
ཞེན་པར་འདོད་པར་བྱ་སྟེ། རང་གི་མཚན་ཉིད་སྣང་བ་མ་ཡིན་ཡང་། འཁྲུལ་པའི་དབང་གིས་མངོན་པར་ཞེན་པ་དེ་ལྟ་བུ་ལ་ནི་ཉེས་པ་མེད་པའི་ཕྱིར་རོ། །གང་གི་ཕྱིར་བསླད་པའི་དབང་གིས་བློ་འཁྲུལ་ཏེ། དེ་ལ་གང་གི་ཚེ་བ་ལང་མ་ཡིན་པ་ལས་ལོག་པའི་མཚན་ཉིད་བ་ལང་ཉིད་ཅེས་བྱ་བ་ནི་བློ་

དང་རང་གི་མཚན་ཉིད་གཉི་ག་ལ་དེའི་བདག་ཉིད་དུ་འགྱུར་ལ། དེའི་བདག་ཉིད་དུ་གྱུར་པས་སྣང་བ་དང་མངོན་པར་ཞེན་པ་ཡིན་ཏེ། འདི་དག་ཐམས་ཅད་བློས་བསླད་པ་ཡིན་གྱི། དངོས་པོའི་དེ་ཁོ་ན་ཉིད་མ་ཡིན་པས་ཉེས་པ་མེད་དོ། །བློས་བསླད་པ་ཡང་ཇི་ལྟར་གྲགས་པ་བཞིན་
དུ་རྣམ་པར་གཞག་པ་ཡིན་གྱི། ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་ཡིན་ཏེ། ཉམས་སུ་མྱོང་བས་གྲགས་པ་དེ་བཞིན་དུ་ཐ་སྙད་ཀྱི་ཡན་ལག་ཏུ་གྲུབ་པ་ནི་བཟློག་པར་དཀའ་ལ་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་རིགས་པ་མ་ཡིན་ནོ། །བ་ལང་ལ་ལོག་པར་ཞེན་པ་ཙམ་གྱིས་དེ་ཙམ་དང་འབྲེལ་པའི་ཕྱིར་མི་སླུ་
བར་འཐད་པ་ཡིན་ནོ། །ཇི་ལྟར་བ་ལང་ཉིད་བརྫུན་པ་ལ། བ་ལང་གི་བློ་གསལ་ཞིང་དེའི་བདག་ཉིད་དུ་གྱུར་པ་དང་། དེ་ལས་ཐ་དད་པ་མ་ཡིན་བཞིན་དུ་ཡང་དངོས་པོ་མེད་པ་དང་། སྒྲོ་བཏགས་པ་མ་ཡིན་པ་དེ་བཞིན་དུ། གསལ་བ་ཡང་སྔོན་པོ་ལ་སོགས་པ་གསལ་བཞིན་པ་དང་། བདག་ཉིད་
དུ་གྲུབ་ཀྱང་བརྫུན་པ་ཡིན་ཏེ། བརྫུན་པ་དང་བརྫུན་པ་མ་ཡིན་པ་དག་རང་བཞིན་སྣ་ཚོགས་ཀྱི་མཐར་ཐུག་པས་རྫས་གཅིག་ལ་འགལ་བ་མ་ཡིན་ནོ། །ཅི་སྟེ་དེའི་བདག་ཉིད་ཀྱི་གཏན་ཚིགས་ཙམ་གྱི་དངོས་པོ་ཉིད་དང་། སྒྲོ་མ་བཏགས་པ་ཉིད་དུ་བསྒྲུབས་ན་ནི། བ་ལང་ཉིད་ལ་སོགས་པས་མ་
ངེས་པར་འགྱུར་ལ། ཡང་སྒྲོ་མ་བཏགས་པ་དེའི་བདག་ཉིད་དུ་གཏན་ཚིགས་ཉིད་དུ་འདོད་ན་ནི་མ་གྲུབ་པར་འགྱུར་རོ། །དེ་བས་ན་ཆོས་འདི་དག་ཐམས་ཅད་ནི་གཟུང་བ་དང་། འཛིན་པས་སྟོང་པའི་རྣམ་པར་རིག་པ་ཙམ་ཞེས་བྱ་བ་འདི་གནས་པ་ཡིན་ནོ། །དེ་ལ་ཁམས་གསུམ་གྱི་ཆོས་གཉིས་
གང་ཡིན་པ་མེད་ཀྱང་གཉིས་སུ་སྣང་བ་འདི་ནི་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་ཡིན་ལ། ཇི་ལྟ་བ་དེ་ལ་ཡིད་ཀྱི་བརྗོད་པས་གཟུང་བ་དང་གཉིས་སུ་བཏགས་པའི་རང་བཞིན་ནོ། །ངོ་བོ་ཉིད་དོ། །གཉིས་པོ་དེ་ཉིད་ཀྱིས་དེ་སྟོང་པ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ། །དེ་ཡང་དངོས་པོ་
སྟོང་པས་དངོས་པོ་མ་ཡིན་ལ། གཉིས་སུ་མེད་པའི་མཚན་ཉིད་ཡིན་པས་དངོས་པོ་མེད་པ་ཡང་མ་ཡིན་ནོ། །གང་གི་ཕྱིར་འདི་གཉིས་པོ་མེད་ཅིང་གཉིས་ཀྱིས་སྟོང་པའི་རྣམ་པར་རིག་པ་ཙམ་ཡིན་པ་ཉིད་ཀྱིས་ན་མ་ཡིན་པར་དགག་པ་ཡིན་ནོ། །ཅི་སྟེ་མེད་པ་དགག་པ་ཡིན་ན་ནི་གཅིག་ཁོ་ནར་མེད་

པ་མ་ཡིན་ཏེ། དེ་ལྟར་ན་ཀུན་བརྟགས་པར་འགྱུར་ལ། གཞན་དུ་མ་ཡིན་པར་དགག་པར་འགྱུར་རོ། །དེ་བས་ན་དོན་དམ་པ་ནི་ཇི་ལྟར་བསྟན་པ་བཞིན་དུ་མ་ཡིན་པར་དགག་པ་ཉིད་དོ། །གང་གི་ཕྱིར་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་ཆོས་ཉིད་ཡིན་པའི་ཕྱིར། དེ་ལས་ཐ་
དད་པ་མ་ཡིན་ལ། མཚན་ཉིད་ཀྱི་དབྱེ་བས་ཐ་དད་པ་ཡང་མ་ཡིན་ནོ། །ཆོས་རྣམས་ཀྱི་ཐུན་མོང་མ་ཡིན་པའི་མཚན་ཉིད་གང་ཡིན་པ་དེ་ནི། དེ་ཉིད་དེ་མ་ཡིན་ཏེ་ཐུན་མོང་མ་ཡིན་པའི་ཕྱིར་རོ། །འདི་ནི་འདི་དག་གི་མཚན་ཉིད་ཀྱི་དབྱེ་བ་གཅིག་གོ། །ཡང་རང་གི་མཚན་ཉིད་རྣམས་ནི་མཚན་
མས་ཉེ་བར་བཟུང་བ་ཡིན་ལ། སྟོང་པ་ཉིད་ནི་མཚན་མ་ཐམས་ཅད་ནུབ་པ་ཡིན་ཏེ། འདི་ནི་འདི་དག་གི་མཚན་ཉིད་ཀྱི་དབྱེ་བ་གཉིས་པའོ། །གཉིས་པོ་སྟོང་པ་ཙམ་གྱི་མཚན་ཉིད་ཇི་ལྟ་བ་ཉིད་ནི་ཆོས་ཐམས་ཅད་ལ་ཐམས་ཅད་དུ་ཁྱད་པར་མེད་པས་ཁྱབ་པ་དང་རྟག་ཏུ་བ་དང་། འགྱུར་བ་མེད་པ་
ཞེས་བརྗོད་དོ། །མིང་དང་མཚན་མའི་དྲི་མ་བརྫུན་པ་དང་། མཚན་མས་ཉེ་བར་བསླད་པའི་སྒྲིབ་པའི་དྲི་མ་རྣམས་ནི་དེའི་རང་བཞིན་མ་ཡིན་པས་དེ་ལ་གློ་བུར་གྱི་དྲི་མ་ཡིན་ལ། ཆོས་རྣམས་ཀྱི་ཆོས་ཉིད་ནི་རང་བཞིན་གཉུག་མ་ཡིན་ནོ། །དྲི་མ་རྣམས་ནི་ཀུན་ཏུ་བརྟགས་པ་ལ་མངོན་པར་
ཞེན་པ་ལ་རབ་ཏུ་འབྱུང་བས། དེ་དག་བསལ་ནས་བསལ་བར་ནུས་པ་ཡིན་པའི་ཕྱིར་ཡང་དེ་ལ་གློ་བུར་ཡིན་ནོ། །གང་ཞིག་གུས་པར་ཡུན་རིང་དུ་བསྒོམས་པས། བསྒོམ་པ་རབ་ཀྱིས་མཐར་ཕྱིན་པ་ན། གསལ་བར་སྣང་བ་སྲིད་པར་འགྱུར་ཏེ། འདོད་པ་དང་། མྱ་ངན་དང་། འཇིགས་པ་
ལ་སོགས་པའི་རྒྱུན་གྱི་བློ་ལ་བུད་མེད་ལ་སོགས་པར་སྣང་བ་བཞིན་ནོ། །ཆོས་འདི་དག་ཐམས་ཅད་ཀྱང་ཚད་མས་གྲུབ་པ་འདི་དག་ཙམ་མོ་ཞེས་བྱ་བ་དང་། སེམས་ཙམ་དང་། མཚན་མ་དང་བཅས་པའི་སྟོང་པ་ཉིད་དང་། མཚན་མ་མེད་པའི་སྟོང་པ་ཉིད་དེ། རྣལ་འབྱོར་གྱི་ས་བཞི་ལ་
གོམས་པར་བྱས་པ་ཡིན་ནོ། །དེ་ལ་རྣལ་འབྱོར་སྤྱོད་པ་པ་རྣམས་དང་དེ་བཞིན་དུ་དབུ་མ་པ་རྣམས་ནི། རྣལ་འབྱོར་གྱི་ས་བཞི་པ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་དམིགས་སུ་མེད་ཅིང་ཤིན་ཏུ་སྣང་བ་མེད་པ་གཅིག་ཏུ་དྲི་མ་མེད་ཅིང་མཐའ་ཡས་པ། ནམ་མཁའ་ལྟ་བུའི་སྣང་བ་འཇིག་རྟེན་

ལས་འདས་པའི་ཡེ་ཤེས་ཡིན་པར་འདོད་དོ། །དེ་སྐད་དུ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང་། །འབྱུང་བ་ཆེ་ལ་སོགས་བཤད་པ། །རྣམ་པར་ཤེས་སུ་ཡང་དག་འདུ། །ཡེ་ཤེས་ཀྱིས་ནི་དེ་བྲལ་ན། །ལོག་པར་རྣམ་བརྟགས་ཅིས་མ་ཡིན། །ཞེས་
གསུངས་སོ། །འདི་ལྟར་རྣལ་འབྱོར་སྤྱོད་པ་པ་ནི་ཆོས་རྣམས་ཀྱི་རང་བཞིན་གཉུག་མ་གསལ་བ་ཙམ་ནི་རྫས་སུ་ཡོད་པར་འདོད་པ་ཡིན་ལ། དབུ་མ་པ་ནི་རྫས་དེ་ཡང་མི་འདོད་དེ། ཁྱད་པར་འདི་ཡང་མིང་ཙམ་དུ་རྟོགས་སོ། །དེས་ན་རྩ་བ་མེད་པར་རྣལ་འབྱོར་སྤྱོད་པ་པ་རྣམས་དང་།
དབུ་མ་པ་རྣམས་ལྷན་ཅིག་ཏུ་རྩོད་པ་ནི་སྐྱེ་བོ་ཤིན་ཏུ་གནས་ངན་པ་ཉིད། འདིར་ཚིགས་སུ་བཅད་པ་ནི། གང་དག་གང་དང་ལྷན་ཅིག་དེ་ཉིད་མ་མཐོང་འདིར་སྤྱོད་པ་ནི་ཀུན་མཚུངས་ཤིང་། །དེ་ཉིད་མཐོང་ཚེ་མུན་པའི་དྲི་མ་རབ་ཟད་ཡེ་ཤེས་ཀྱང་ནི་གཅིག་ཏུ་གྱུར་པ་ཡི། །རྩ་ལག་མཆོག་གི་
རྣལ་འབྱོར་སྤྱོད་པ་པ་ལ་སྡང་བར་སེམས་ནི་འདིར་བཅས་ཏེ། །རྩོད་པར་སེམས་པའི་དབུ་མ་མཆོག་འཛིན་འདི་དག་ཅིའི་ཕྱིར་རྩོད་ཅིང་ཤིན་ཏུ་སྨད། །དེ་ལ་ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བ་དང་། ཤེས་པ་རྣམ་པ་དང་བཅས་པར་སྨྲ་བ་དབུ་མ་པ་དག་ནི། ལུང་བསྟན་བཅོས་དང་ཚད་མ་དག་ལས་
ཕྱི་རོལ་དུ་གྱུར་པར་སྔར་བཟློག་ཟིན་ཏོ། །རྣམ་པ་མེད་པར་སྨྲ་བའི་སེམས་ཙམ་པ་འབའ་ཞིག་ལུས་པར་འགྱུར་ཏེ། དེ་དག་ཀྱང་ཅིའི་ཕྱིར་གསལ་བ་བརྫུན་པ་ཡིན་པར་འདོད་དོ། །སྔོན་པོ་ལ་སོགས་པའི་རྣམ་པ་བརྫུན་པ་དང་ཐ་མི་དད་པའི་ཕྱིར། སྔོན་པོ་ལ་སོགས་པ་
བཞིན་ནོ་ཞེ་ན། སྒྲོ་མ་བཏགས་པའི་ཐ་དད་པ་མེད་པ་ནི་མ་གྲུབ་ལ། འོན་ཏེ་ཐ་མི་དད་པ་ཙམ་ཉིད་ཡིན་ན་ནི། མི་མཐུན་པའི་ཕྱོགས་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བའི་མ་ངེས་པར་འགྱུར་རོ། །ཡང་དག་པ་མ་ཡིན་པ་དང་ཡང་དག་པར་འགྱུར་བ་དག་ལ་སྒྲོ་འདོགས་པའི་བདག་ཉིད་སྲིད་དེ། བ་ལང་ཉིད་
དང་། བདག་ཉིད་ལ་སོགས་པ་དང་དེ་དག་གི་བློ་བཞིན་ནོ། །ཡང་ན་སྟོང་པ་ཉིད་ཀྱི་འཁྲུལ་པས་ཀྱང་མ་ངེས་པར་འགྱུར་རོ། །དེ་ཉིད་ཀྱང་བརྫུན་ནོ་ཞེ་ན། སྔོན་པོ་ལ་སོགས་པ་མཐོང་བཞིན་དུ། སྟོང་པ་ཉིད་མཐོང་བའི་ཡེ་ཤེས་ཀྱང་འཁྲུལ་བར་ཐལ་བར་འགྱུར་རོ། །བརྫུན་པ་ནི་འཁྲུལ་པས་སྒྲོ་བཏགས་

པ་ཡིན་ན། གསལ་བ་ནི་གསལ་བཞིན་པ་ཉིད་ཀྱི་གཉུག་མའི་རང་བཞིན་དུ་ཆ་ཤས་མེད་པར་མངོན་སུམ་གྱིས་གྲུབ་པ་ཡིན་པའི་ཕྱིར། དངོས་པོ་རྣམས་ལ་རང་བཞིན་གཉུག་མ་འདི་ནི་གཉི་ག་ལ་ཡང་ཚད་མས་གྲུབ་པ་ཡིན་ནོ། །རང་བཞིན་གཉུག་མ་འདི་གྲུབ་པ་ཉིད་ཀྱིས་ན། སྒྲོ་མ་བཏགས་
པ་དང་། བརྫུན་པ་མ་ཡིན་པ་གྲུབ་པའོ། །བརྫུན་པ་དང་ཡང་དག་པ་མ་ཡིན་པ་དང་། འཁྲུལ་པ་དང་། སྒྲོ་བཏགས་པ་རྣམས་ནི་རྣམ་གྲངས་ཡིན་ནོ། །ཅི་སྟེ་ཡོད་པར་གྱུར་པའི་ཆོས་གཞན་དང་བྲལ་བས་མེད་པ་ཞེས་བྱ་བ་ལ་དེ་ཉིད་བརྫུན་པའི་སྒྲར་བརྗོད་ཀྱི། སྒྲོ་བཏགས་པ་ལ་ནི་མ་
ཡིན་ནོ་ཞེ་ན། དེ་ལྟ་ན་ཡང་སྔ་མ་བཞིན་དུ་གཏན་ཚིགས་མ་གྲུབ་པ་དང་། མ་ངེས་པར་ཡང་འགྱུར་རོ། །གཞན་ཡང་གལ་ཏེ་གནོད་པ་ཅན་གྱིས་མེད་པ་སྒྲུབ་ཀྱི་སྒྲོ་བཏགས་པ་ནི་མ་ཡིན་ན། དེའི་ཚེ་གནོད་པ་མེད་པའི་རང་བཞིན་དང་། དེའི་བློ་རྣམས་གཉུག་མའི་རང་བཞིན་དུ་འགྱུར་ལ། དེས་ན་
འཁྲུལ་པ་གཏན་མེད་པར་འགྱུར་ཏེ། དེའི་སྐྱོན་ཀྱང་བཤད་ཟིན་ཏོ། །ཡེ་ཤེས་ཀྱིས་ནི་དེ་བྲལ་ན། །ལོག་པར་རྣམ་བརྟགས་ཅིས་མ་ཡིན། །ཞེས་བྱ་བ་འདི་དང་ཡང་འགལ་བར་འགྱུར་རོ། །དེ་བས་ན་གྲགས་པའི་ཡུལ་མེད་པ་ལ་ནི། སྒྲོ་བཏགས་པས་ཁྱབ་པ་གྲུབ་པས་ན། ཁྱབ་པ་མི་
དམིགས་པས་གསལ་བའི་མེད་པ་བཀག་པར་འགྱུར་ལ། དེ་བས་ན་ཡོད་པ་གྲུབ་པོ། །གཞན་ཡང་ངོ་བོ་དང་། དམིགས་པ་ལ་ཡང་གནོད་པ་མེད་པས། གསལ་བ་ལ་དེ་གཉི་ག་ཡོད་པར་གྲུབ་པས་འདི་ཡོད་པ་དགག་པ་ནི་མི་ནུས་ལ། སྔོན་པོ་ལ་སོགས་པ་ནི་གཉི་ག་ལ་གནོད་པ་ཡོད་པས་
སྒྲོ་བཏགས་པར་གྲུབ་པའི་ཕྱིར། དེ་དག་མེད་པ་ནི་རིགས་པ་ཡིན་ནོ། །གཞན་ཡང་ཁྱོད་གསལ་བའི་ཡོད་པ་ཅི་ཞིག་དགག་པར་འདོད། རྐྱེན་ལ་བརྟེན་ཏེ་སྐྱེ་བ་ཉིད་དང་། དོན་བྱེད་ནུས་པ་ཉིད་དགག་པར་འདོད་དོ་ཞེ་ན། འདི་དག་ལ་གནོད་པར་བྱེད་པའི་ཚད་མ་གང་ཡིན། གཅིག་དང་དུ་
མ་དང་བྲལ་བ་ཡིན་ནོ་ཞེ་ན། དེ་ཡང་དངོས་པོའི་རང་གི་ངོ་བོ་ལ་དངོས་སུ་གནོད་པས་ནུས་པ་ལ་ཤུགས་ཀྱིས་གནོད་པ་ཡིན་ལ་གསལ་བའི་རང་གི་ངོ་བོ་ལ་གནོད་པ་མེད་པའི་ཕྱིར། ནུས་པ་ལ་ཡང་གནོད་པ་མེད་པར་འགྱུར་རོ། །སྔོན་པོ་ལ་སོགས་པའི་ཡང་རང་གི་ངོ་བོ་ཙམ་ལ་གནོད་པ་མ་ཡིན་ཏེ།

འོ་ན་ཇི་ལྟར་ཞེ་ན། སྔོན་པོའི་རང་བཞིན་ལ་གནོད་པ་མེད་དོ། །དེ་ཡང་ནུས་པ་ཉིད་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་སྔོན་པོ་དང་གསལ་བ་ལ་བྱེ་བྲག་མེད་པའི་ཕྱིར་རྣམ་པ་དང་བཅས་པའི་ཚུལ་ཁས་བླངས་པར་འགྱུར་ཏེ། དེ་ཡང་སྔར་བཟློག་ཟིན་ཏོ། །དེ་བས་ན་གཅིག་
དང་དུ་མ་དང་བྲལ་བ་འདི་ནི་སྒྲོ་བཏགས་པ་ལ་འཇུག་པར་འགྱུར་ཏེ། དེ་ནི་ཇི་ལྟར་གྲག་པ་བཞིན་དུ་རྣམ་པར་གཞག་པའི་ཕྱིར་རོ། །སྒྲོ་མ་བཏགས་པ་ལ་ནི་མ་ཡིན་ཏེ། དེ་ནི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་གཞག་པའི་ཕྱིར་རོ། །དེ་བས་ན་འདི་ནི་དངོས་སུ་སྒྲོ་བཏགས་པའི་རང་བཞིན་ལ་གནོད་ཀྱི། །ནུས་པ་ལ་
ནི་མ་ཡིན་ནོ། །དེ་དག་ཀྱང་གནོད་པས་སྔོན་པོ་ལ་སོགས་པའི་རང་བཞིན་སྒྲོ་བཏགས་པ་ཙམ་ཉིད་དུ་གྲུབ་པོ། །དེ་དང་བྲལ་བའི་གསལ་བའི་རང་བཞིན་ལ་ནི་གནོད་པ་མ་ཡིན་ནོ། །སྔོན་པོ་ལ་སོགས་པའི་དོན་བྱེད་ནུས་པ་ནི་ཤུགས་ཀྱིས་བཀག་པ་ཡིན་གྱི་གསལ་བ་ནི་མ་ཡིན་ནོ། །དེ་ལྟར་ན་འོ་ན་
འདིར་ནུས་པ་དང་སྐྱེ་བ་འདི་དག་ཞིག་པ་དང་མ་ཞིག་པ་དག་གིས་སྐྱེད་པར་མི་བྱེད་པའི་ཕྱིར་དང་། ཡོད་པ་དང་མེད་པ་མི་སྐྱེ་བའི་ཕྱིར་མེད་དོ་ཞེ་ན། འདི་ཡང་གནོད་པ་མ་ཡིན་ཏེ། མ་གྲུབ་པའི་ཕྱིར་རོ། །འདི་ལྟར་རྒྱུ་མ་ཞིག་པ་ལས་དེ་མ་ཐག་པའི་འབྲས་བུ་སྐྱེད་པར་བྱེད་པ་མི་འགལ་བ་དང་། རྒྱུ་ལ་
མེད་པའི་འབྲས་བུ་སྐྱེ་བ་མི་འགལ་བའི་ཕྱིར་རོ། །གཞན་ཡང་ནུས་པ་དང་། རྟེན་ཅིང་འབྲེལ་ཏེ་འབྱུང་བ་མེད་པ་ག་ལས་ཤེས། རེ་ཞིག་མངོན་སུམ་གྱིས་ནི་མ་ཡིན་ཏེ་དེ་རྣམ་པར་མི་རྟོག་པ་ཡིན་པའི་ཕྱིར་རོ། །རྟོགས་པ་ཙམ་གྱིས་ཀྱང་མ་ཡིན་ཏེ། ཤིན་ཏུ་ཐལ་བར་འགྱུར་བ་ཡིན་པའི་ཕྱིར་རོ། །
ཅི་སྟེ་མངོན་སུམ་ལས་སྐྱེས་པ་དང་། རྟགས་ལས་སྐྱེས་པའི་ངེས་པ་རང་གི་རྒྱུར་གྱུར་པའི་ཡུལ་ལ་ངེས་ཏེ་འབྲེལ་པའི་ཕྱིར་རོ། །དེའི་ཚེ་རྒྱུ་དང་འབྲས་བུ་དག་ཚད་མས་གྲུབ་པས་ཇི་ལྟར་དེ་གནོད་པ་ཅན་ཡིན། རྒྱུ་དང་འབྲས་བུའི་དངོས་པོ་མ་གྲུབ་ན། ཕན་པ་དང་གནོད་པ་ཐོབ་པ་དང་སྤང་བའི་དོན་དུ་ཡུལ་
ངེས་པ་ཅན་ལ་འཇུག་པ་དང་ལྡོག་པའི་འབད་པ་མེད་པར་ཡང་འགྱུར་རོ། །ཡང་རྒྱུ་དང་འབྲས་བུའི་དངོས་པོ་གྲུབ་མོད་ཀྱི། འོན་ཀྱང་ཀུན་རྫོབ་པ་ཡིན་གྱི་དོན་དམ་པ་ནི་མ་ཡིན་ཏེ། ཆོས་རྣམས་ཀྱི་རང་བཞིན་བརྟག་མི་བཟོད་པའི་ཕྱིར་རོ་ཞེ་ན། ཚད་མས་གྲུབ་པའི་ནུས་པ་ཇི་ལྟར་བརྟག་མི་བཟོད་པ་

ཡིན། སྒྲུབ་པར་བྱེད་པ་དང་། གནོད་པར་བྱེད་པའི་ཚད་མ་དག་སྟོབས་མཚུངས་པའི་ཕྱིར་རོ་ཞེ་ན། དེ་ཉིད་ཀྱི་ཕྱིར་རྣམ་པར་དབྱེ་བར་བྱ་སྟེ། སྔོན་པོ་ལ་སོགས་པ་ནི་གྲངས་སུ་ཟིན་ཀྱང་། གནོད་པའི་ཕྱིར་ཀུན་རྫོབ་ཏུ་ཡོད་པ་ཡིན་ལ། སྔོན་པོ་ལ་སོགས་པའི་སྣང་བའི་རྣམ་པར་ཤེས་པའི་གསལ་
བའི་ལུས་ནི་གནོད་པ་དང་བྲལ་བའི་ཕྱིར་དང་། ཚད་མས་གྲུབ་པའི་ནུས་པ་ཅན་ཡིན་པའི་ཕྱིར་དོན་དམ་པར་ཡོད་པ་ཡིན་ནོ། །གང་ཡང་ཆོས་རྣམས་ཀྱི་རང་གི་ངོ་བོ་གྲགས་པས་གྲུབ་པ་ཡིན་པའི་ཕྱིར་གནོད་པ་ཡོད་པ་མ་ཡིན་ན། ཚད་མས་གྲུབ་པའི་ཕྱིར་ནུས་པ་ལ་ཡང་གནོད་པར་མི་འགྱུར་རོ། །འདིས་ནི་
ཐམས་ཅད་ཀྱི་རང་བཞིན་ཡོད་པར་གྲུབ་པས། རང་བཞིན་མེད་པ་ཉིད་བཟློག་པར་འགྱུར་རོ། །དེ་བས་ན་སྔོན་པོ་ལ་སོགས་པའི་རང་བཞིན་གནོད་པར་བྱེད་པའི་ཚད་མས་སྒྲོ་བཏགས་པ་ཉིད་དུ་བསྒྲུབས་པ་ན། དངོས་སུ་རང་གི་ངོ་བོ་ལ་གནོད་པ་བྱས་ན་ཤུགས་ཀྱིས་བུམ་པ་ལ་སོགས་པ་ལ་གནོད་པར་
འགྲུབ་པོ། །སྒྲོ་བཏགས་པ་མ་ཡིན་པའི་ཕྱིར་བསལ་བ་ལ་ནི་མ་ཡིན་ཏེ། རྣལ་འབྱོར་སྤྱོད་པའི་ལུགས་འདི་ནི་ཤིན་ཏུ་བཟློག་པར་དཀའ་བར་འགྱུར་རོ། །འདིར་གསལ་བ་ནི་སྒྲོ་མ་བཏགས་པ་དང་། སྒྲོ་བཏགས་པ་ཡོད་པ་མ་ཡིན་པའི་ཕྱིར། དོན་དམ་པར་ཡོད་པ་དང་། ཀུན་རྫོབ་ཏུ་ཡོད་པ་མ་
ཡིན་ཏེ། སྟོང་པ་ཉིད་བཞིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་དང་། ཁྱབ་པར་བྱེད་པ་འགལ་བ་དམིགས་པའམ། ཁྱབ་པར་བྱེད་པ་མི་དམིགས་པར་འགྱུར་རོ། །གལ་ཏེ་གསལ་བ་རྫས་སུ་ཡོད་པར་གྱུར་ན། འཕགས་པ་ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོ་ཆོས་
ཐམས་ཅད་ནི་སྐྱེ་བ་མེད་པ་ཡིན་ཏེ། ཡོད་པ་དང་མེད་པ་མི་སྐྱེ་བའི་ཕྱིར་རོ་ཞེས་བྱ་བ་འདིའི་དོན་གང་ཡིན་ཞེ་ན། འདིའི་དོན་ནི་ངེས་པར་གཟུང་བ་ཡིན་ཏེ། གང་རྟག་ཏུ་ཡོད་པའི་ཆོས་ཀྱི་དབྱིངས་དང་། གང་རྟག་ཏུ་མེད་པ་ཀུན་བརྟགས་པ་གཉིས་མི་སྐྱེ་བའི་སྐྱེ་བ་མེད་པ་ཡིན་གྱི། རྣམ་པར་ཤེས་
པའི་བདག་ཉིད་ཀྱང་མི་སྐྱེ་བ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་ཉིད་ལས། རྒྱུ་དང་རྐྱེན་ནི་བཟློག་པ་དང་། །བྱེད་པ་ཡང་ནི་བཀག་པ་ཡིས། །སྐྱེ་བ་མེད་པར་ངས་བཤད་ནས། །སེམས་ཙམ་དུ་ནི་རྣམ་པར་གཞག །ཅེས་གསུངས་ཏེ། སེམས་ལས་གཞན་དུ་གྱུར་པའི་རྒྱུ་

དང་རྐྱེན་དང་བྱེད་པ་རྣམས་བཀག་ནས་སེམས་ཙམ་དུ་རྣམ་པར་གཞག་པ་ནི། སྐྱེ་བ་མེད་པ་ཞེས་བྱ་བའི་ཚིག་གི་དོན་ཡིན་ནོ། །ན་གཱརྫུ་ནའི་ཞལ་སྔ་ནས་ཀྱིས་ཀྱང་། །ཆོས་རྣམས་གང་ཡང་སྐྱེ་བ་མེད། །འགག་པ་ཅུང་ཟད་ཡོད་མིན་ཏེ། །ཤེས་པ་འབབ་ཞིག་ཁོ་
ན་ནི། །སྐྱེ་བ་དང་ནི་འགག་འགྱུར་ཡིན། །ཞེས་གསུངས་སོ། །འོ་ན་འཕགས་པ་སཱ་ལུ་ལྗང་པ་ལ་སོགས་པ་ལས། དེ་ལ་མྱུ་གུ་འདི་ནི་རང་གིས་མ་བྱས། གཞན་གྱིས་མ་བྱས། གཉི་གས་མ་བྱས། རྒྱུ་མེད་པ་ལས་སྐྱེས་པ་ཡང་མ་ཡིན་ཞེས་བྱ་བ་འདིའི་དོན་གང་ཡིན་ཞེ་ན། དེའི་
དོན་ནི་རྒྱུ་ཙམ་གྱིས་བྱས་པ་ཡང་མ་ཡིན། རྐྱེན་ཙམ་གྱིས་བྱས་པ་ཡང་མ་ཡིན། གཉི་གས་བྱས་པ་ཡང་མ་ཡིན། བློ་སྔོན་དུ་བཏང་བའི་བྱ་བ་དང་། བྱེད་པ་མེད་པའི་ཕྱིར་རོ། །དངོས་པོ་གང་ཡང་མེད་པ་མ་དམིགས་པ་དང་། མི་རིགས་པའི་ཕྱིར་རོ། །འཕགས་པ་ལང་ཀར་གཤེགས་པ་
ལས། འདུ་བྱེད་ཐམས་ཅད་སྐད་ཅིག་མ། །མི་གནས་བྱ་བ་ག་ལ་ཡོད། །གང་ཡང་འདི་རྣམས་སྐྱེ་བ་ཉིད། །བྱ་བ་དེ་ཉིད་བྱེད་པོར་བརྗོད། །ཅེས་གསུངས་ཏེ། ས་བོན་དེ་འདི་སྙམ་དུ་བདག་གིས་མྱུ་གུ་བསྐྱེད་པར་བྱ་སྙམ་དུ་སེམས་པར་མི་འགྱུར་ལ། རྒྱུ་དེ་བྱེད་པའི་ངོ་བོར་ཡང་ཡོད་པ་མ་
ཡིན་ཏེ། གང་གི་ཕྱིར་རྒྱུ་དང་རྐྱེན་ལ་མ་ལྟོས་པའི་རང་དབང་ཅན་གྱི་བྱེད་པ་འགའ་ཡང་ཡོད་པའི་ཕྱིར་དགག་པ་ཡིན་གྱི། རྒྱུ་དང་འབྲས་བུ་ཙམ་དུ་གྱུར་པ་ནི་དགག་པ་མ་ཡིན་ཏེ། རྒྱུ་མེད་པ་ལས་སྐྱེ་བ་མ་ཡིན་ཞེས་གསུངས་པའི་ཕྱིར་རོ། །དེ་བས་ན་ཡང་དེ་ཉིད་ལས་དེའི་འོག་ཏུ་འདི་ཡོད་པས་འདི་
འབྱུང་། འདི་སྐྱེས་པས་འདི་སྐྱེའོ་ཞེས་གསུངས་ཏེ་གང་གི་ཕྱིར་འདིས་ནི་རྒྱུ་ཡོད་པའི་རྗེས་ལ་འབྲས་བུ་སྐྱེ་བར་ཞལ་གྱིས་བཞེས་པས། རྗེས་སུ་འགྲོ་བ་དང་། དེ་བསྒྲུབ་པའི་མི་དམིགས་པ་དང་། མངོན་སུམ་གསུངས་པར་འགྱུར་རོ། །ཡོད་པ་ཉིད་ན་ཞེས་ངེས་པར་བཟུང་བ་མཛད་པས་རྒྱུ་
ལོག་པས་འབྲས་བུ་མི་སྐྱེ་བར་ཞལ་གྱིས་བཞེས་པས་ན། ལྡོག་པ་དང་དེ་བསྒྲུབ་པའི་མི་དམིགས་པ་ཡང་གསུངས་པར་འགྱུར་རོ། །དེ་ཙམ་གྱིས་ནི་དོན་གྱིས་ན་བློ་སྔོན་དུ་བཏང་བའི་བྱ་བ་ཡང་དགག་པར་འགྱུར་རོ། །འདི་སྐྱེའོ་ཞེས་བྱ་བ་འདིས་ནི་རྒྱུ་རྐྱེན་གཞན་ལ་རག་ལས་པས་བྱེད་པ་

ཡང་བཀག་པ་ཡིན་ནོ། །དེ་ལྟར་ཐུན་མོང་དུ་རྒྱུན་ལ་རྒྱུ་དང་འབྲས་བུར་གྲུབ་པས། ཁྱད་པར་དུ་གྱུར་པ་དེ་དག་ཀྱང་གྲུབ་ཅིང་མཐོང་བ་གཉིས་ལས་ཀྱང་འགྱུར་ཏེ། གང་གི་ཕྱིར་མཐོང་བ་གཉིས་པོ་དེ་ཉིད་ཡུལ་གྱི་དབྱེ་བས་མངོན་སུམ་དང་། མི་དམིགས་པ་གསུམ་དུ་འགྱུར་རོ། །མངོན་
སུམ་རྟོག་པ་མེད་པ་དང་། སྐད་ཅིག་མ་ཡིན་པས། གཅིག་པ་ཡིན་པ་དེས་ཇི་ལྟར་རྒྱུ་དང་འབྲས་བུ་ཡོངས་སུ་གཅོད་པར་བྱེད་ཅེ་ན། ཇི་ལྟར་རིགས་པ་སྔ་མ་སྔ་མ་ཉམས་སུ་མྱོང་བའི་སྟོབས་ལས་སྐྱེས་པའི་ངེས་པ་ཕྱི་མས་དེ་མངོན་དུ་བྱེད་པར་འགྱུར་རོ། །གང་ཡང་དབུ་མ་པ་ཁ་ཅིག་ན་རེ།
འཇིག་རྟེན་ལ་གྲགས་པ་ནི་ཀུན་རྫོབ་ཡིན་ཏེ། ཕྱི་རོལ་གྱི་དོན་ཡང་འཇིག་རྟེན་ལ་གྲགས་པས། སེམས་དང་སེམས་ལས་བྱུང་བ་བཞིན་དུ། དེ་ཡང་ཀུན་རྫོབ་ཏུ་ཡོད་པ་ཡིན་ལ། དོན་དམ་པར་ནི་རལ་གྲིའི་སོས་རང་མི་གཅོད་པ་བཞིན་དུ་སེམས་དང་སེམས་ལས་བྱུང་བ་རྣམས་རང་རིག་པར་འགལ་
ལ། གཞན་རིག་པ་ཡང་བསླད་པ་ཙམ་དུ་འུ་ཅག་གཉི་ག་འདོད་དོ། །དེ་བས་ན་འཁྲུལ་པ་ཟད་པས་དོན་དམ་པ་རྟོགས་པའི་ཕྱིར། སངས་རྒྱས་རྣམས་ཀྱི་སེམས་དང་སེམས་ལས་བྱུང་བ་ཟད་པ་ཉིད་དེ། གང་གི་ཚེ་དེ་རྣམས་མི་སྐྱེ་བ་དེའི་ཚེ། ཆོས་ཐམས་ཅད་སྐྱེ་བ་མེད་པའི་དོན་དམ་པ་རྗེས་སུ་
བྱེད་པ་ཐོབ་པས་མྱོང་བར་བཞག་གོ། །མི་གནས་པའི་མྱ་ངན་ལས་འདས་པ་ནི་སེམས་ཅན་གྱི་དོན་སྣ་ཚོགས་བྱ་བའི་ཕྱིར་གཟུགས་ཀྱི་སྐུ་བྱིན་གྱིས་བརླབས་ཏེ་བཞག་ནས་དོན་དམ་པར་མངོན་དུ་བྱེད་དོ་ཞེས་ཟེར་བ་དེ་དག་ནི་སྡིག་པ་ཅན་ལས་ཀྱང་སྡིག་པ་ཅན་དུ་གྱུར་པ་ཡིན་ཏེ། གང་གི་ཕྱིར་འདི་ལྟར་
སེམས་དང་སེམས་ལས་བྱུང་བ་འདི་དག་མེད་པའི་ཕྱིར་བྱང་ཆུབ་ཉིད་ཀྱང་མེད་ན། དོན་དམ་རྟོགས་པའི་བྱང་ཆུབ་ལྟ་ག་ལ་ཡོད། ཅི་སྟེ་ཡང་འདི་ནི་རྟོགས་པ་ཁོ་ན་ཡིན་ནོ་ཞེ་ན། དེ་ཉིད་སེམས་ཡིན་མོད། དེ་ཡང་སེམས་དང་སེམས་ལས་བྱུང་བ་མེད་ན། མི་སྲིད་པས་སེམས་དང་སེམས་ལས་
བྱུང་བ་མེད་པ་མ་ཡིན་ནོ། །གཞན་ཡང་དོན་དམ་པ་དེ་བཞིན་དུ་གྱུར་པ་མྱོང་ན་ནི་འཁྲུལ་པར་འགྱུར་ལ། ཐ་མི་དད་ན་ནི་རང་གི་རིག་པར་འགྱུར་རོ། །ཅི་སྟེ་ཡང་སྔོན་པོ་ཞེས་བྱ་བའི་མིང་ཙམ་ཡང་མེད་དོ་ཞེ་ན། དེའི་ཚེ་དོན་དམ་པ་དང་དོན་དམ་པ་རྟོག་པ་མེད་པས་གྲགས་པ་ལས་འདས་པར་འགྱུར་

རོ། །གཞན་ཡང་དོན་དམ་པ་ནི་ཆོས་ཐམས་ཅད་ནི་རྟག་ཏུ་ཤིན་ཏུ་སྐྱེ་བ་མེད་པ་སྟེ། གཞལ་བྱ་ཡིན་ལ་སེམས་དང་སེམས་ལས་བྱུང་བ་ནི། ཁ་ཅིག་ཙམ་ཞིག་ཡུན་རིང་པོར་ཀུན་དུ་སྐྱེས་ནས་ཕྱིས་སྐྱེ་བ་མེད་པ་སྟེ། ཚད་མ་མ་ཡིན་ན་ཇི་ལྟར་དེ་དག་གི་རྗེས་སུ་བྱེད།
སྐྱེ་བ་མེད་ཙམ་དུ་མཚུངས་སོ་ཞེ་ན། སེམས་དང་སེམས་ལས་བྱུང་བ་འགགས་པ་དང་མ་སྐྱེས་པའི་སྐྱེ་བ་མེད་པ་ཡང་ཐམས་ཅད་ལ་ཡོད་པས། རྟག་ཏུ་སེམས་ཅན་ཐམས་ཅད་ཀྱི་དོན་དམ་པའི་བདེན་པ་རྟོགས་པར་འགྱུར་བ་ཞིག་ན། དེ་ལྟར་ཡང་མ་ཡིན་ནོ། །དེ་བས་ན་སེམས་དང་སེམས་ལས་བྱུང་
བ་འགགས་པ་ནི་དོན་དམ་པའི་བདེན་པ་རྟོགས་པ་མ་ཡིན་ནོ། །ཅི་སྟེ་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་འཁྲུལ་པ་ཡིན་ན། དེའི་དེ་རྣམས་ཀྱི་གཉེན་པོ་གང་ཡིན། འཁྲུལ་པ་དེ་ཉིད་རགས་པ་ཤོས་ནི་མི་མཐུན་པའི་ཕྱོགས་ཡིན་ལ། ཕྲ་བ་ནི་གཉེན་པོ་ཡིན་ནོ་ཞེ་ན། དེ་ལྟར་ན་ནི་
སེམས་དང་སེམས་ལས་བྱུང་བ་འཁྲུལ་པ་ཐ་མ་ནི་གཉེན་པོ་མེད་པས་མེད་པར་འགྱུར་རོ། །གཞན་ཡང་ལྐོག་ཏུ་གྱུར་པ་མ་ཡིན་པ་ཉིད་རང་རིག་པ་ཡིན་ནོ། །དེ་ཡང་གསལ་བ་དང་འབྲེལ་པ་མ་གཏོགས་པ་མེད་དེ། གསལ་བ་ནི་ཡོངས་སུ་གསལ་བཞིན་པ་ཡིན་པས། གསལ་བའི་གསལ་
བཞིན་པ་རང་བཞིན་གྱི་འབྲེལ་པ་ནི་དེའི་བདག་ཉིད་ཁོ་ན་ཡིན་ནོ། །གང་མེད་པར་གང་རིགས་པ་མ་ཡིན་པ་དེ་ནི་དེས་དེའི་རིགས་པ་ཡིན་པ། རང་རིག་པ་ལ་འགག་པ་ཅི་ཡང་མེད་དོ། །གང་གིས་ཅི་ཞིག་རིག་པ་དེ་ཉིད་ཤེས་པ་ཡིན་ལ། ཤེས་པའི་རང་བཞིན་ཡང་སེམས་དང་སེམས་ལས་བྱུང་བ་ཉིད་
ཡིན་ཏེ། དེས་ན་རང་རིག་པའི་ངོ་བོ་ཡིན་ནོ། །གསལ་བ་དང་འབྲེལ་པ་ཡང་དེའི་བདག་ཉིད་ལས་མ་གཏོགས་པ་མེད་པས། རྣམ་པར་ཤེས་པ་ཙམ་དུ་གྲུབ་སྟེ། དེ་བས་རྣམ་པར་ཤེས་པ་མ་གཏོགས་པའི་གཟུང་བ་ཕྱི་རོལ་གྱི་དོན་ཅི་ཡང་མེད་པར་གྲུབ་བོ། །དེ་མེད་པས་གཟུགས་ཀྱི་སྐུ་བྱིན་གྱིས་བརླབས་
ནས་མི་གནས་པའི་མྱ་ངན་ལས་འདས་པར་སྨྲ་བ་དེ་ཡང་རིགས་པ་མ་ཡིན་ཏེ། འདིའི་ཕྱིར་ཡང་སེམས་དང་སེམས་ལས་བྱུང་བ་མེད་པ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་མ་ཡིན་ནོ། །ཅི་སྟེ་ཡང་རལ་གྲིའི་སོས་རང་མི་གཅོད་པ་དང་། ཇི་ལྟར་སོར་མོའི་རྩེ་མོས་རང་ལ་མི་རེག་པ་དེ་བཞིན་དུ་རང་རང་

བྱེད་པར་འགལ་བའི་ཕྱིར། སེམས་ཀྱིས་རང་མཐོང་བ་མེད་པས་རང་རིག་པ་མེད་དེ། དེ་སྐད་དུ་འཕགས་པ་ལང་ཀར་གཤེགས་པ་ལས། ཇི་ལྟར་རལ་གྲི་རང་སོ་དང་། །ཇི་ལྟར་སོར་མོའི་རྩེ་མོས་རང་། །གཅོད་པ་མིན་ཞིང་རེག་པ་མིན། །དེ་བཞིན་སེམས་ཀྱིས་རང་མི་མཐོང་། །ཞེས་གསུངས་
སོ་ཞེ་ན། འདིར་བརྗོད་པར་བྱ་སྟེ། ཚིགས་སུ་བཅད་པ་འདིའི་དོན་ནི་སེམས་རང་རིག་པའི་གཟུང་བ་དང་། འཛིན་པའི་དངོས་པོ་དགག་པ་ཡིན་ཏེ། དེ་ནི་བཅས་པ་དང་རེག་པ་བཞིན་དུ་ཐ་དད་པ་ལས་གྱུར་པའི་ཕྱིར་རོ། །གསལ་བའི་རང་བཞིན་ཡིན་པའི་ཕྱིར་མྱོང་བའི་ངོ་བོ་དགག་པ་ནི་མ་ཡིན་ཏེ། གང་
གི་ཕྱིར་གསལ་བ་ནི་རང་རིག་པ་ཡིན་ལ། དེ་ཡང་ཐ་དད་པ་འགལ་ཏེ། ཐ་མི་དད་པས་ངེས་པའི་ཕྱིར་དགག་པར་འོས་པ་མ་ཡིན་ནོ། །དེ་བས་ན། དེ་བཞིན་སེམས་ཀྱིས་རང་མི་མཐོང་། །ཞེས་བྱ་བ་དེར་ངར་འཛིན་པ་མ་ཡིན་ནོ་ཞེས་བྱ་བ་ལྷག་མ་ཡིན་ནོ། །དེ་སྐད་དུ་འཕགས་པ་དགོངས་པ་ངེས་པར་
འགྲེལ་པ་ལས། བྱམས་པས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེའི་སྤྱོད་ཡུལ་གཟུགས་བརྙན་ལགས་ན། སེམས་ལས་གཞན་མ་ལགས་པའི་སླད་དུ་ཇི་ལྟར་སེམས་དེ་ཉིད་ཀྱིས་སེམས་ཉིད་ལ་བལྟ་བར་བགྱིད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་འདི་ལ་ཆོས་གང་གིས་
ཆོས་གང་ལ་ཡང་ལྟ་བ་མེད་མོད་ཀྱི། འོན་ཀྱང་སེམས་དེ་ཉིད་དེ་ལྟ་བུར་སྣང་བ་སྐྱེ་བར་འགྱུར་རོ་ཞེས་གསུངས་སོ། །གཞན་ཡང་རྣམ་པར་རིག་པ་ཙམ་གྱི་གཉུག་མའི་རང་གི་ངོ་བོ་ནི་རང་རིག་པའི་བདག་ཉིད་དུ་སྐྱེ་སྟེ་དེ་ཉིད་དུ་མངོན་སུམ་གྱི་ཚད་མ་ཉིད་ཀྱིས་མ་འཁྲུལ་པ་ཡང་ཡིན་ལ། སྒྲོ་བཏགས་པའི་
རང་གི་ངོ་བོ་མྱོང་བས་ན་འཁྲུལ་པ་ཡང་ཡིན་ནོ། །དེ་བས་ན་འཁྲུལ་པའི་མཚན་མ་དེ་ཐམས་ཅད་རིམ་གྱིས་དོར་ཏེ། ནམ་མཁའ་གཅིག་ཏུ་དྲི་མ་མེད་ཅིང་མཐའ་མེད་པ་ལྟ་བུར་ཆོས་ཐམས་ཅད་ཀྱི་གསལ་བའི་ལུས་གཉིས་ཀྱིས་སྟོང་པ་མྱོང་བ་གང་ཡིན་པ་དེ་ཉིད་དོན་དམ་པ་ཡང་དག་པར་རྟོགས་པ་
ཡིན་གྱི། སེམས་དང་སེམས་ལས་བྱུང་བ་འགགས་པ་ནི་རིག་པ་མ་ཡིན་ནོ། །ཚོགས་བསགས་པའི་འཕེན་ཤུགས་ཀྱིས་རིག་པའི་རང་གི་ངོ་བོའི་སངས་རྒྱས་ཀྱི་ཆོས་རྣམས་མི་ཟད་པའི་ཕྱིར་ཡང་། སེམས་དང་སེམས་ལས་བྱུང་བ་ཟད་པར་མི་རིགས་ཏེ། སེམས་དང་སེམས་ལས་བྱུང་བའི་རྒྱུན་གྱི་

མཚན་ཉིད་ཟག་པ་མེད་པ་དེ་ཉིད་ནི་གནས་ཞེས་བྱ་ལ། ཟག་པ་དང་བཅས་པའི་ཆོས་ཐམས་ཅད་ཀྱི་ས་བོན་མ་ཟད་པས་དེ་སྲིད་དུ་ནི་ཀུན་གཞི་ཞེས་བརྗོད་དོ། །ཟད་ནས་ནི་ཟག་པ་མེད་པའི་དབྱིངས་དང་། རྣམ་པར་གྲོལ་བའི་སྐུ་དང་། ཆོས་ཀྱི་སྐུ་ཞེས་ཀྱང་བརྗོད་དེ། དེའི་ཕྱིར་
ཡང་སེམས་དང་སེམས་ལས་བྱུང་བ་ཟད་པར་མི་རིགས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་གཟུགས་འཇིག་པའི་མི་རྟག་པ་ཉིད་ནས་རྣམ་པར་ཤེས་པའི་བར་དུ་འཇིག་པའི་མི་རྟག་པ་ཉིད་དོ་ཞེས་བྱ་བ་འདི་དག་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཅོས་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་ཡང་སེམས་
དང་སེམས་ལས་བྱུང་བ་འགགས་པས་ནི་ཡང་དག་པར་རྟོགས་པར་མི་རིགས་སོ། །འཇིག་རྟེན་ལས་འདས་པའི་ཡེ་ཤེས་འཁྲུལ་པ་མེད་པ་རབ་ཏུ་དགའ་བ་ལ་སོགས་པའི་ས་ཁས་མི་ལེན་པས། ཆོས་དཀོན་མཆོག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྐུར་པ་བཏབ་པ་ལ། དེ་ཉིད་ཀྱིས་ན་བྱང་ཆུབ་སེམས་
དཔའི་དགེ་འདུན་དང་། སངས་རྒྱས་དཀོན་མཆོག་ལ་ཡང་སྐུར་པ་བཏབ་པར་འགྱུར་རོ། །འོན་ཏེ་ཁས་ལེན་ན་ནི་སེམས་དང་སེམས་ལས་བྱུང་བ་འགག་པ་ཡང་དག་པར་རྟོགས་པའི་བྱང་ཆུབ་ཏུ་མི་རིགས་སོ། །གང་དག་རྣམ་པ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤོང་བ་དེ་དག་གི་ཉེས་པ་ནི་དེ་
དག་ཉིད་དོ། །གཞན་ཡང་། སྣང་མེད་གནས་པའི་རྣལ་འབྱོར་པ། །དེ་ཡིས་ཐེག་པ་ཆེན་པོ་མཐོང་། །ཞེས་གསུངས་ཏེ། ཤིན་ཏུ་སྤྲོས་པས་ཆོག་གོ། །འདིར་ཚིགས་སུ་བཅད་པར་གྱུར་པ་ནི། གསལ་བའི་རང་བཞིན་གསལ་བཞིན་པ། །དེ་དང་འབྲེལ་པས་ལྐོག་གྱུར་མིན། །གང་དང་འབྲེལ་
པས་གང་རིག་པ། །དེ་ཡིས་རིག་བྱ་དེ་རིག་གྱུར། །རལ་གྲིའི་སོ་དང་སོར་རྩེ་བཞིན། །བློ་ཡི་ངར་འཛིན་དོར་ཡིན་གྱི། །རང་ཉིད་སྣང་གསལ་དོར་མིན་པར། །དགོངས་པ་ངེས་པར་འགྲེལ་ལས་གསུངས། །དེའི་ཕྱིར་བློ་ཡི་མཚན་ཉིད་ནི། །རང་རིག་པར་ནི་གྲུབ་པ་ཡིན། །གསལ་དང་དེ་ཡི་
བདག་ཉིད་ཀྱི། །འབྲེལ་པ་ཡིན་ཕྱིར་བློ་ཙམ་ཡིན། །ཤེས་པའི་རང་བཞིན་མངོན་སུམ་སྟེ། །བརྫུན་པ་སྣང་བས་འཁྲུལ་པ་ཡིན། །མཚན་མ་དེ་ནི་སྤངས་ནས་སུ། །ཡེ་ཤེས་ནམ་མཁའ་ལྟ་བུར་བསྒོམ། །སེམས་ཀྱི་རྒྱུན་ནི་ཟད་པ་མེད། །ཟག་བཅས་ཆོས་ཀྱི་ས་བོན་ནི། །མ་ཟད་ཀུན་

གཞི་སྔོན་ནས་སྐབས། །ཟད་ནས་ཟག་པ་མེད་པའི་དབྱིངས། །རྣམ་པར་གྲོལ་བའི་སྐུ་དང་ནི། །རྟག་ཏུ་ཉི་ཟེར་ཉི་མ་བཞིན། །སངས་རྒྱས་ཆོས་རྣམས་གནས་ཡིན་པས། །སྐྱོབ་པ་རྣམས་ཀྱི་ཆོས་སྐུར་བཤད། །ཅེས་བྱ་བ་ཡིན་ནོ། །ཇི་ལྟ་བ་བཞིན་དུ་གྱུར་པ་ནི་བསམ་པའི་ཤེས་
རབ་སྟེ། ཐོས་པ་དང་བསམས་པ་ལས་བྱུང་བའི་ཤེས་རབ་བཤད་ཟིན་ཏོ། །དེ་དག་རྙེད་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱའོ་ཞེས་སྔར་བསྟན་ནས་དེ་ནས་འདིའི་བསྒོམ་པ་བརྗོད་པར་བྱའོ། །ཐོས་པ་དང་བསམས་པ་དང་། བསྒོམས་པ་རྣམས་ཀྱི་བར་དུ་སྦྱོར་བ་ནི་གཉིས་ཏེ།
གུས་པས་སྦྱོར་བ་དང་། རྒྱུན་དུ་སྦྱོར་བའོ། །རབ་ཏུ་སྦྱོར་བ་ནི་སྦྱོར་བ་བྱེད་པའོ། །འགྲུས་པ་དང་དགའ་བ་དང་སྤྲོ་བས་སྦྱོར་བ་ནི་གུས་པར་སྦྱོར་བ་ཡིན་ལ། བར་མ་ཆད་པས་སྦྱོར་བ་ནི་རྒྱུན་དུ་སྦྱོར་བའོ། །བསྒོམ་པ་ཡང་རྣམ་པ་གསུམ་སྟེ། ཞི་གནས་དང་། ལྷག་མཐོང་དང་། ཞི་
གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པར་འཇུག་པའི་བསྒོམ་པའོ། །དེ་ལ་ཇི་སྙེད་ཡོད་པར་གྱུར་པ་དང་། ཇི་ལྟ་བ་བཞིན་དུ་གྱུར་པ་ལ་རྣམ་པར་མི་རྟོག་པའི་གཟུགས་བརྙན་དུ་གྱུར་པ་ནི་ཞི་གནས་ཀྱི་དམིགས་པའོ། །ཇི་སྙེད་ཡོད་པར་གྱུར་པ་དང་། ཇི་ལྟ་བ་བཞིན་དུ་གྱུར་པ་ལ་རྟོག་པ་དང་
བཅས་པའི་གཟུགས་བརྙན་དུ་གྱུར་པ་ནི་ལྷག་མཐོང་གི་དམིགས་པའོ། །འདི་ན་བྱང་ཆུབ་སེམས་དཔའ་གཅིག་པུ་དབེན་པར་གནས་ལ་ཇི་ལྟར་བསམས་པའི་དོན་ཡིད་ལ་བྱ་བ་སྟེ། ཡིད་ཀྱི་བརྗོད་པ་སྤངས་ནས་སེམས་ཉིད་དེ་ལྟར་སྣང་བ་ལ་ལན་མང་དུ་ཡིད་ལ་བྱ་སྟེ། ཇི་སྲིད་དུ་ལུས་
དང་སེམས་ཤིན་ཏུ་སྦྱངས་པ་མ་སྐྱེས་ཀྱི་བར་དུ་ཞི་གནས་དང་རྗེས་སུ་མཐུན་པའི་ཡིད་ལ་བྱེད་པ་ཡིན་ལ། གང་གི་ཚེ་སྐྱེས་པ་དེའི་ཚེ་ཞི་གནས་ཡིན་ནོ། །དེའི་ལུས་དང་སེམས་ཤིན་ཏུ་སྦྱངས་པས་ཉེ་བར་ཐོབ་པ་དེ་ཉིད་ལ་གནས་ཏེ། ཇི་ལྟར་བསམས་པ་དེ་ཉིད་ཀྱི་དོན་ནང་གི་ཏིང་ངེ་འཛིན་གྱི་
གཟུགས་བརྙན་གྱི་སྤྱོད་ཡུལ་ལྷག་པར་མོས་པས་སོ་སོར་བརྟག་པར་བྱ་སྟེ། ཇི་སྲིད་དུ་ལུས་དང་སེམས་ཤིན་ཏུ་སྦྱངས་པ་མ་སྐྱེས་པ་དེ་སྲིད་དུ་ནི་ལྷག་མཐོང་དང་རྗེས་སུ་མཐུན་པའི་ཡིད་ལ་བྱེད་པ་ཡིན་ལ། གང་གི་ཚེ་དེའི་ལྷག་མཐོང་ཡིན་ནོ། །དེའི་འོག་ཏུ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་དེ་

ཉིད་ལ་དམིགས་ཏེ། སེམས་དེ་ཉིད་ལ་གང་གི་ཚེ་རྒྱུན་མི་འཆད་པ་དང་། བར་མ་ཆད་པའི་ཡིད་ལ་བྱེད་པའི་རྒྱུན་གྱིས་གཉི་ག་ཡང་ཉམས་སུ་མྱོང་བ་དེའི་ཚེ། ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པའི་ལམ་ཞེས་བརྗོད་དེ། དེ་ལ་ཞི་གནས་དང་ལྷག་མཐོང་ནི་ཟུང་ཡིན་ལ། །འབྲེལ་པ་དང་ནི་ལྡན་པ་སྟེ། །ཕན་
ཚུན་བཅིངས་ནས་འཇུག་པའོ། །འདིར་སྒྲིབ་པ་ལྔ་རྣམས་ཀྱི་ནང་ནས། རྒོད་པ་དང་། འགྱོད་པ་དག་ནི་ཞི་གནས་ལ་སྒྲིབ་པའོ། །རྨུགས་པ་དང་གཉིད་དང་ཐེ་ཚོམ་ནི་ལྷག་མཐོང་ལ་སྒྲིབ་པའོ། །འདོད་པ་ལ་འདུན་པ་དང་། གནོད་སེམས་ནི་གཉི་ག་ལ་སྒྲིབ་པའོ། །གང་གི་ཚེ་རྨུགས་པ་དང་གཉིད་ཡང་དག་པར་བསལ་བར་གྱུར་པ་
དེའི་ཚེ་ཞི་གནས་ཡོངས་སུ་དག་པར་གྱུར་པ་ཡིན་ལ། གང་གི་ཚེ་རྒོད་པ་དང་། འགྱོད་པ་ཤིན་ཏུ་གསལ་བར་གྱུར་པ་ཡིན་པ་དེའི་ཚེ་ལྷག་མཐོང་ཡོངས་སུ་དག་པར་གྱུར་པ་ཡིན་ནོ། །དེ་ལ་བཅོམ་ལྡན་འདས་ཀྱིས་ཞི་གནས་ནི་རྣམ་པ་དགུ་རུ་བཀའ་སྩལ་ཏེ། ཇི་ལྟ་བ་བཞིན་དུ་སེམས་དེ་ནང་དུ་འཇོག་པར་བྱེད་ཀུན་ཏུ་འཇོག་པར་བྱེད།
ཡོངས་སུ་འཇོག་པར་བྱེད། ཉེ་བར་འཇོག་པར་བྱེད། དུལ་བར་བྱེད། ཞི་བར་བྱེད། ཉེ་བར་ཞི་བར་བྱེད། རྒྱུད་གཅིག་ཏུ་བྱེད། སེམས་མཉམ་པར་འཇོག་པར་བྱེད་ཅེས་གསུངས་སོ། །དེ་ལ་དང་པོར་ཕྱི་རོལ་གྱི་དམིགས་པ་རྣམས་ལས་སེམས་བླན་ཏེ། ནང་དུ་རབ་ཏུ་བསྡུས་ནས་བཏགས་པ་ནི་ནང་དུ་འཇོག་པའོ། །དེ་ནས་རང་བཞིན་གྱིས་
གཡོ་བའི་སེམས་དེ་ཉིད་ལ་རྒྱུན་དུ་གཏོད་ཅིང་འཇོག་པ་ནི། ཀུན་ཏུ་འཇོག་པའོ། །དེ་ནས་དྲན་པ་ཉམས་པས་ཕྱི་རོལ་དུ་རྣམ་པར་གཡེང་བ་ཤེས་པར་བྱས་ལ་སླར་བླན་ནས་སེམས་དེ་ལ་འཇོག་པ་ནི་ཡོངས་སུ་འཇོག་པའོ། །དེ་ནས་སེམས་རང་བཞིན་གྱིས་རྒྱ་ཆེ་བ་ལས་ཡང་དང་ཡང་དུ་མངོན་པར་བསྡུས་ཏེ་ཕྲ་བར་བྱས་ནས་གོང་ནས་
གོང་དུ་འཇོག་པ་ནི་ཉེ་བར་འཇོག་པའོ། །དེ་ནས་ཏིང་ངེ་འཛིན་གྱི་ཡོན་ཏན་ལ་བལྟས་ཏེ་དེ་ཉིད་ལ་དགའ་བ་ནི་འདུ་བའོ། །དེ་ནས་རྣམ་པར་གཡོ་བའི་སྐྱོན་བལྟས་ནས་ཡིད་ཕྱིར་ཕྱོགས་པ་རབ་ཏུ་ཞི་བར་བྱེད་པ་ནི་ཞི་བའོ། །ཆགས་སེམས་དང་ཡིད་མི་བདེ་བ་ལ་སོགས་པ་ལངས་པ་རྣམས་ཞི་བར་བྱེད་པ་ནི་ཉེ་བར་ཞི་བའོ། །དམིགས་པ་གཅིག་པ་
ལ་རང་གི་ངང་གིས་འཇུག་པ་ནི་རྒྱུད་གཅིག་པ་སྟེ། ཡང་དག་པ་མ་ཡིན་པར་གྱུར་པ་ལས་འབད་པས་ཡང་དག་པར་བྱེད་པ་ནི་རྒྱུད་གཅིག་ཏུ་བྱེད་པ་གོམས་པས་ལྷུན་གྱིས་གྲུབ་པར་རང་གི་ངང་གིས་འཇུག་པ་ཡང་དག་པར་རང་དབང་ཐོབ་པས་འཛིན་པ་ནི་སེམས་མཉམ་པར་འཇོག་པའོ། །དེ་སྐད་དུ། མདོ་སྡེའི་རྒྱན་ལས། སེམས་ནི་

དམིགས་པ་ལ་སྦྱོར་ཏེ། །རྒྱུན་དེ་ལས་ནི་གཡེང་མི་བྱེད། །རྣམ་པར་གཡེང་བ་ཤེས་ནས་སུ། །སླར་ཡང་མྱུར་དུ་བླན་ནས་ནི། །ནང་དུ་སེམས་ནི་བསྡུ་བར་བྱ། །བློ་ལྡན་གོང་ནས་གོང་དུ་སྦྱོར། །ཏིང་འཛིན་ཡོན་ཏན་ལ་བལྟས་ནས། །དེ་ཉིད་ལ་ནི་དགའ་བར་བྱ། །རྣམ་པར་གཡེང་བའི་སྐྱོན་བལྟས་ནས། །ཕྱིར་ཕྱོགས་པ་ནི་ཞི་བར་བྱ། །ཆགས་སེམས་
ཡིད་མི་བདེ་ལ་སོགས། །ལངས་པ་དེ་བཞིན་དུ་ནི་འདུལ། །དེ་ནས་མངོན་པར་འདུ་བྱེད་པས། །སེམས་ནི་རྣལ་དུ་འཇུག་པར་བྱ། །སྡོམ་བརྩོན་ཅན་གྱིས་གུས་བྱས་ནས། །འབད་མེད་འཇུག་པ་ཐོབ་པར་འགྱུར། །ཞེས་གསུངས་སོ། །ལྷག་མཐོང་ཡང་རྣམ་པ་བཞིར་གསུངས་ཏེ། ཇི་ལྟར་ཡང་དེ་ཆོས་རྣམས་རྣམ་པར་བྱེད་དོ་རབ་ཏུ་རྣམ་པར་
བྱེད་དོ། །ཡོངས་སུ་རྟོག་གོ་ཡོངས་སུ་དཔྱོད་པར་བྱེད་དོ་ཞེས་གསུངས་སོ། །དེ་ལ་ཇི་སྙེད་ཡོད་པར་གྱུར་པ་ལ་སོ་སོར་རྟོག་པ་ནི་རྣམ་པར་བྱེད་པའོ། །ཇི་ལྟ་བ་བཞིན་དུ་གྱུར་པ་ལ་སོ་སོར་རྟོག་པ་ནི་རབ་ཏུ་རྣམ་པར་བྱེད་པའོ། །རྣམ་པར་མི་རྟོག་པའི་ཡིད་ལ་བྱེད་པ་ཤེས་རབ་དང་ལྷན་ཅིག་ཏུ་གྱུར་པས་མཚན་མའི་རྣམ་པ་བཟུང་བ་ནི་ཡོངས་སུ་རྟོག་
པའོ། །ཀུན་ཏུ་དཔྱོད་པ་ནི་ཡོངས་སུ་དཔྱོད་པའོ། །འདི་དག་གི་བཤད་པ་ནི་འཕགས་པ་བྱམས་པས་གསུངས་པའི་ཐེག་པ་ཆེན་པོའི་ཆོས་མངོན་པ་ཀུན་ལས་བཏུས་པ་ལས། ལྷག་མཐོང་གང་ཞེ་ན། ཇི་ལྟར་ཡང་དེ་ཆོས་རྣམ་པར་འབྱེད། རབ་ཏུ་རྣམ་པར་འབྱེད། ཡོངས་སུ་རྟོག་པར་བྱེད། ཡོངས་སུ་དཔྱོད་པར་བྱེད་དེ། གནས་ངན་ལེན་གྱི་མཚན་
མའི་གཉེན་པོར་བླང་བ་དང་། ཕྱིན་ཅི་ལོག་ངེས་པར་བསལ་བ་དང་། ཕྱིན་ཅི་མ་ལོག་པ་ལ་སེམས་རྣམ་པར་གཞག་པ་དག་ཉེ་བར་བླངས་ནས་སོ་ཞེས་གསུངས་ཏེ། འདིར་ཚིག་འདི་དག་གི་དོན་ནི་གནས་ངན་ལེན་ནི་ཕྱིན་ཅི་ལོག་གི་བག་ཆགས་ཏེ། དེ་ཡང་ཕྱིན་ཅི་ལོག་གོང་དུ་སྐྱེད་པར་བྱེད་པའི་ནུས་པ་སེམས་ཀྱི་རྒྱུད་ལ་གནས་པའི་མཚན་ཉིད་
དོ། །དེའི་མཚན་མ་ནི་གང་གི་ཚེ་ཡོངས་སུ་གསོ་བར་བྱེད་པ་སྟེ། ཕྱིན་ཅི་ལོག་ལ་མངོན་པར་ཞེན་པ་སྔ་མ་སྔ་མ་དག་གོ། །དེ་ཟད་པས་གནས་ངན་ལེན་ཟད་དེ། ཕྱིན་ཅི་ལོག་སྐྱེ་བར་མི་འགྱུར་ཏེ། མཚན་མའི་གཉེན་པོ་གོམས་པ་ལས་མཚན་མ་ཟད་པ་ཡིན་ཏེ། གཉེན་པོ་དེ་ནི་རྣམ་པར་འབྱེད། རབ་ཏུ་རྣམ་པར་འབྱེད་པ་སྟེ། དེ་བས་འདི་གཉིས་ནི་གནས་
ངན་ལེན་གྱི་མཚན་མའི་གཉེན་པོ་ཉེ་བར་བླངས་ཏེ་བསྟན་པའོ། །ཡོངས་སུ་རྟོག་པ་ནི་ཕྱིན་ཅི་ལོག་ངེས་པར་བསལ་བ་ཉེ་བར་བླངས་ནས་བསྟན་ཏེ། གང་གི་ཕྱིར་དེ་ནི་ཇི་ལྟ་བ་བཞིན་དུ་རྣམ་པར་ཕྱེ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྣམ་པར་ཕྱེ་བས་ཕྱིན་ཅི་ལོག་གི་དོགས་པ་གཅིག་ཏུ་བསལ་ན་བརྗོད་པ་མེད་པ་ཡིད་ལ་བྱེད་པས་ཡོངས་སུ་བཙལ་ནས་ལྷག་པར་

དམིགས་པ་སྟེ། དེ་བས་འདི་ནི་ཕྱིན་ཅི་ལོག་ངེས་པར་བསལ་བ་ཞེས་བྱའོ། །དེ་ལྟར་འདིས་ཕྱིན་ཅི་ལོག་ངེས་པར་བསལ་བས། ཕྱིན་ཅི་མ་ལོག་པར་བྱས་ལ། ཕྱིན་ཅི་མ་ལོག་པ་དེར་མངོན་སུམ་བཞིན་དུ་མཐོང་བའི་དོན་ལ་སེམས་གཞག་ནས་སོ་སོར་རྟོག་པ་ནི་ཡོངས་སུ་དཔྱོད་པ་སྟེ། དེ་བས་ན་འདི་ནི་ཕྱིན་ཅི་མ་ལོག་པ་ལ་སེམས་
གཞག་པ་ཉེ་བར་བླངས་ཏེ་བསྟན་པའོ་ཞེས་བྱ་བ་འདི་ཡིན་ནོ། །དེ་ལྟར་ལྷག་མཐོང་རྣམ་པ་བཞི་པའི་བསྒོམ་པ་ཡོངས་སུ་རྫོགས་པ་ནི་གནས་ངན་ལེན་གྱི་འཆིང་བ་ལས་གྲོལ་བ་ཡིན་ལ། ཞི་གནས་རྣམ་པ་དགུའི་བསྒོམ་པ་ཡོངས་སུ་རྫོགས་པས་ནི་མཚན་མའི་འཆིང་བ་ལས་གྲོལ་བར་འགྱུར་ཏེ། ཕྱིན་ཅི་ལོག་
གི་མཚན་མ་ཕྱིན་ཅི་ལོག་གི་དོན་རྣམ་པར་འགགས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང་། ཞི་གནས་དང་ནི་ལྷག་མཐོང་དག །བསྒོམས་པས་གནས་ངན་ལེན་དང་ནི། །མཚན་མ་ཡི་ནི་འཆིང་བ་ལས། །རྣལ་འབྱོར་པ་ནི་གྲོལ་བར་འགྱུར། །ཞེས་གསུངས་ཏེ། ཚིགས་
སུ་བཅད་པ་འདིའི་དོན་ནི་ཅི་རིགས་པར་སྦྱར་ལ་གོ་རིམས་བཞིན་དུ་མ་ཡིན་ནོ། །དེ་བས་ན་རྣལ་འབྱོར་དང་བསྒོམ་པ་ནི་རྣམ་གྲངས་ཡིན་ལ་ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པ་ནི་རྣལ་འབྱོར་གྱི་ཐུན་མོང་གི་དབྱེ་བའོ། །འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་དོན་དུ་གཉེར་བ་
རྣམས་ལ། རྣལ་འབྱོར་གྱི་རྣམ་བཞི་བརྗོད་པར་བྱ་སྟེ། དངོས་པོ་ཇི་སྙེད་ཡོད་པ་ལ་དམིགས་པ་དང་། སེམས་ཙམ་ལ་དམིགས་པ་དང་། དེ་བཞིན་ཉིད་ལ་དམིགས་པ་དང་། དམིགས་སུ་མེད་པའོ། །དེ་ལ་རེ་ཞིག་དང་པོ་བརྗོད་པར་བྱ་སྟེ། འདིར་བྱང་ཆུབ་སེམས་དཔའ་ཐོས་པ་དང་
བསམས་པའི་ཤེས་རབ་ཕུན་སུམ་ཚོགས་པས་གཅིག་པུ་དབེན་པར་གནས་ཏེ། སྐྱིལ་མོ་ཀྲུང་བཅས་ཏེ། ཤིན་ཏུ་སྒུ་བ་ཡང་མ་ཡིན་ཤིན་ཏུ་དགྱེ་བ་ཡང་མ་ཡིན་པར་ལུས་དྲང་པོར་བསྲང་ནས་སེམས་ཤིན་ཏུ་ཞུམ་པ་ཡང་མ་ཡིན་ཤིན་ཏུ་འཕྲོ་བ་ཡང་མ་ཡིན་པར་དྲན་པ་དང་ཤེས་བཞིན་མངོན་དུ་
གཞག་ལ། རང་བཞིན་གྱིས་རྣམ་པར་གཡེང་བའི་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་རྣམ་པར་ཤེས་པ་ཡོངས་སུ་བསྡུས་ལ། སྣང་བ་དང་བཅས་པའི་འདུ་ཤེས་ཀྱིས་མཉམ་པར་གཞག་སྟེ། སྣ་ཚོགས་འདི་དག་ཡིད་ལ་བྱ་བ་ནི་འདི་ལྟ་སྟེ། སྔོན་པོ་དང་སེར་པོ་ལ་སོགས་པའི་

གཟུགས་དང་རྒོད་པ་དང་བསྡུ་བ་ལ་སོགས་པའི་སྒྲ་དང་། ག་པུར་དང་། རྣག་ལ་སོགས་པའི་དྲི་དང་། མངར་བ་དང་སྐྱུར་བ་ལ་སོགས་པའི་རོ་དང་། གྲང་བ་དང་དྲོ་བ་ལ་སོགས་པའི་རེག་བྱ་དང་། བདེ་བ་དང་སྡུག་བསྔལ་དང་། འདོད་ཆགས་དང་ཞེ་སྡང་དང་ནམ་མཁའ་དང་།
མྱ་ངན་ལས་འདས་པ་ལ་སོགས་པ་ནི་ཆོས་ཏེ། དེ་ལྟར་གཟུང་བར་སྣང་བའི་ཡུལ་གྱི་ཁམས་དྲུག་གོ། །ཡང་དེ་དག་ལ་འཛིན་པར་སྣང་བའི་ནང་ན་གསལ་བའི་རང་བཞིན་རྣམ་པར་ཤེས་པའི་ཁམས་དྲུག་ནི་འདི་ལྟ་སྟེ། མིག་གི་རྣམ་པར་ཤེས་པ་དང་རྣ་བའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་
དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པའོ། །རྣམ་པར་ཤེས་པའི་ཁམས་དྲུག་པོ་དེ་དག་གི་རྟེན་ནི་དབང་པོའི་ཁམས་དྲུག་སྟེ་དེ་ལྔ་ནི་གཟུགས་ཅན་ནོ། །གཅིག་ནི་གཟུགས་མེད་པ་སྟེ། འདི་ལྟ་སྟེ། མིག་འབྲས་ཀྱི་ནང་ན་ཟར་མའི་མེ་ཏོག་ལྟ་
བུ་དང་། རྣ་བའི་གཏིང་ན་གྲོ་གའི་མདུད་པ་ལྟ་བུ་དང་། སྣའི་རྩ་བ་ན་ཐུར་མ་ལྟ་བུ་དག་དང་། ལྕེའི་དཀྱིལ་འཁོར་ལ་སྐྲའི་རྩེ་མོའི་ཚད་ཙམ་གྱིས་བར་མ་ཆོད་པའི་ཟླ་བ་ཕྱེད་པ་ལྟ་བུ་གཉིས་དང་། ལུས་ལྟ་བུའི་ལུས་ཀྱི་དབང་པོ་དང་། རྣམ་པར་ཤེས་པ་འགགས་མ་ཐག་པའི་ཡིད་ཀྱི་དབང་པོའི་
ཁམས་ཏེ། དེ་ལྟར་བདག་དང་སེམས་ཅན་ཐམས་ཅད་ཀྱི་ཡུལ་རྣམས་དང་། རྣམ་པར་ཤེས་པ་རྣམས་དང་། དབང་པོ་རྣམས་དྲུག་དྲུག་ཡོངས་སུ་བསྡུས་པ་ནི་ཁམས་བཅོ་བརྒྱད་དེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་གནས་པ་སྣ་ཚོགས་ཡིད་ལ་བྱས་ལ། སྣ་ཚོགས་སྣང་བའི་སེམས་
དེ་ཉིད་དམིགས་པ་ནས་ཡིད་ཀྱི་བརྗོད་པ་སྤངས་ལ་ཞི་གནས་བསྒོམ་པར་བྱ་སྟེ། ཇི་ཙམ་ན་ལུས་དང་སེམས་ཤིན་ཏུ་སྦྱངས་པ་ཐོབ་པ་ཞི་གནས་རྫོགས་པ་ཡིན་ནོ། །དེ་ནས་ཞི་གནས་དེ་ཉིད་ལ་བརྟེན་ཏེ་དེ་ཉིད་དུ་སྣ་ཚོགས་ཀྱི་གཟུགས་བརྙན་འདི་དག་ཉིད་ནི་འདི་ལྟ་སྟེ། གཟུགས་ཀྱི་ཁམས་
ནས་ཡིད་ཀྱི་ཁམས་ཀྱི་བར་འདི་དག་ནི་ཆོས་ཐམས་ཅད་ཅེས་བྱ་སྟེ། དེ་ལྟར་ལན་མང་དུ་རྣམ་པར་ཕྱེ་ནས་ཡོངས་སུ་བརྟག་པར་བྱ། ཡོངས་སུ་དཔྱད་པར་བྱ་བས་ལྷག་མཐོང་རྫོགས་པར་བྱའོ། །དེ་ནས་དེའི་འོག་ཏུ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ལ་དམིགས་པའི་སེམས་དེ་ཉིད་

ལ་གཉི་ག་མཉམ་པར་དམིགས་པའི་སེམས་ཀྱིས་རྒྱུན་མི་འཆད་པ་ཡིད་ལ་བྱེད་པའི་རྒྱུན་འཇུག་པ་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པར་འཇུག་པའི་ལམ་ཞེས་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་ལས། ཇི་སྙེད་ཡོད་པར་གྱུར་པ་ལ་
དམིགས་པའི་རྣལ་འབྱོར་གྱི་ས་སྟེ་དང་པོའོ།། །།དེ་ནས་གཉིས་པ་ནི་སྣ་ཚོགས་སྣང་བའི་སེམས་དེ་བཞིན་དུ་བསྐྱེད་ལ། འདི་ལྟར་ཉེ་བར་བརྟག་པར་བྱ་སྟེ། གཟུགས་ཞེས་བྱ་བ་འདི་ནི་མིང་ཙམ་མོ་ཞེས་བྱ་བ་ནས། ཇི་སྲིད་ཀྱི་བར་གྱི་ཆོས་ཐམས་ཅད་ཀྱང་མིང་ཙམ་སྟེ། མིང་དང་
དོན་དག་ནི་ཤིན་ཏུ་ཐ་དད་པའི་ཕྱིར་མིང་ནི་དོན་དུ་ཡོད་པ་མ་ཡིན་ཏེ། དོན་མངོན་པར་མི་ཤེས་པར་མིང་ཙམ་དུ་སྣང་ལ། མིང་མངོན་པར་མི་ཤེས་པར་ཡང་དོན་ཙམ་དུ་སྣང་བའི་ཕྱིར་རོ། །དེ་བས་ན་མིང་ཇི་ལྟ་བ་བཞིན་དུ་དོན་མེད་པས་གཟུགས་ནི་མིང་ཙམ་སྟེ། དོན་དུ་མ་ཡིན་ནོ་ཞེས་བྱ་བ་ནས།
ཆོས་ཐམས་ཅད་ཀྱི་བར་དུ་ཡང་མིང་ཙམ་ཡིན་ནོ། །འཇིག་རྟེན་པ་རྣམས་ནི་ཐ་སྙད་ཀྱི་དོན་དུ་གློ་བུར་དུ་མིང་བསྡེབས་ཏེ། བཏགས་པ་ལ་གཟུགས་ཞེས་བྱ་བའི་དོན་དུ་རྟོག་པ་ནས། ཆོས་ཐམས་ཅད་ཀྱི་བར་དུ་རྟོག་སྟེ། དེ་བས་ན་གཟུགས་ནས་ཆོས་ཐམས་ཅད་ཀྱི་བར་དུ་མིང་གི་དོན་དུ་ཡོད་པ་མ་
ཡིན་ནོ། །ཡང་འདི་དག་ནི་སེམས་ཙམ་ཏེ། དོན་འདི་དག་མེད་བཞིན་དུ་དོན་སྣང་བ་ལ་དོན་དུ་མངོན་པར་ཞེན་པའི་བག་ཆགས་ཀྱི་དབང་གིས་སྐྱེ་བར་སྣང་སྟེ། རྒྱན་པོ་ལ་གོམས་པའི་དབང་གིས། རྨི་ལམ་ན་རྒྱན་པོ་རྩེ་བར་སྣང་བ་བཞིན་ནོ། །དེ་བས་ན་གློ་བུར་དུ་མིང་དུ་བསྡེབས་ཏེ། བཏགས་
པའི་དོན་འདི་དག་སེམས་ཙམ་ཡིན་གྱི། སེམས་ལས་ཕྱི་རོལ་དུ་གྱུར་པའི་གཟུང་བའི་དོན་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །གཟུང་བ་དེ་མེད་པས་འཛིན་པ་ཡང་ཡོད་པ་མ་ཡིན་ནོ། །དེ་བས་ན་སྣ་ཚོགས་འདི་དག་ནི་བརྗོད་དུ་མེད་ཅིང་གཟུང་བ་དང་འཛིན་པས་སྟོང་པའི་སེམས་ཙམ་དུ་ངེས་
པར་བྱས་ལ། ཡིད་ཀྱི་བརྗོད་པ་ཐམས་ཅད་སྤངས་ཏེ། ཆོས་ཐམས་ཅད་སེམས་ཙམ་པ་དེ་ཉིད་ལ་སེམས་བསྡུས་ཏེ། ཉེ་བར་བཏགས་ནས་མི་གཡོ་བར་བྱས་ལ། ཇི་སྲིད་ལུས་དང་སེམས་ཤིན་ཏུ་སྦྱངས་པ་ཐོབ་ཀྱི་བར་དུ་ཞི་གནས་བསྐྱེད་པར་བྱའོ། །ཤིན་ཏུ་སྦྱངས་པ་སོ་སོར་ཐོབ་ནས་

དེ་ཉིད་ལ་གནས་ཏེ། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་ལ་ཡང་དང་ཡང་དུ་རྣམ་པར་ཕྱེ་ལ། ཡང་རྣམ་པ་སྣ་ཚོགས་པ་འདི་དག་ནི། ཁམས་བཅྭ་བརྒྱད་གཟུང་བ་དང་། འཛིན་པས་སྟོང་པའི་རང་བཞིན་མེད་པའི་སེམས་ཙམ་མོ་ཞེས་པ་ཡང་དང་ཡང་དུ་རབ་ཏུ་རྣམ་པར་ཕྱེ་ལ་ཡོངས་
སུ་བརྟག་པར་བྱ། ཡོངས་སུ་དཔྱད་པར་བྱ་བས་ལུས་དང་སེམས་ཤིན་ཏུ་སྦྱངས་པའི་བར་དུ་ལྷག་མཐོང་བསྐྱེད་པར་བྱའོ། །དེའི་འོག་ཏུ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ལ་དམིགས་པའི་སེམས་དེ་ཉིད་ལ་གཉི་ག་མཉམ་པའི་སེམས་ཀྱིས་རྒྱུན་མི་འཆད་པའི་ཡིད་ལ་བྱེད་པའི་
རྒྱུན་འཇུག་པ་ནི། ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པར་འབྲེལ་པའི་ལམ་ཞེས་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་ལས། ཇི་ལྟ་བར་གྱུར་པའི་སེམས་ཙམ་ལ་དམིགས་པའི་རྣལ་འབྱོར་གྱི་ས་སྟེ་གཉིས་པའོ།། །།དེ་ནས་གསུམ་པ་ནི། སྣ་ཚོགས་སྣང་བའི་
སེམས་དེ་བཞིན་དུ་བསྐྱེད་ལ། འདི་ལྟར་ཉེ་བར་བརྟག་པར་བྱ་སྟེ། ཁམས་བཅྭ་བརྒྱད་པོ་སྣ་ཚོགས་པ་འདི་དག་ནི། གཟུང་བ་དང་། འཛིན་པས་སྟོང་པའི་རང་བཞིན་མེད་པས་སེམས་ཙམ་སྟེ། གང་ཡང་འདི་གཟུགས་ཞེས་བྱ་བ་ནས་ཆོས་ཐམས་ཅད་ཀྱི་ཆོས་ཞེས་བྱ་བའི་བར་དུ་མིང་དུ་
སྣང་བ་དང་། དོན་དུ་སྣང་བ་གང་ཡིན་པ་ནི་འདི་ལྟ་སྟེ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ནས། ཆོས་ཐམས་ཅད་ཀྱི་བར་དུ་སྣང་བ་སྟེ། ཆོས་ཇི་ལྟ་བུར་སྣང་བའི་ཕྱིར་འདི་དག་ནི་ཆོས་ཐམས་ཅད་ཀྱི་མཚན་མའོ། །འཁྲུལ་པའི་དམིགས་པ་ཡིན་པའི་ཕྱིར། འདི་དག་ཐམས་ཅད་
ནི་འཁྲུལ་པའི་མཚན་མ་དང་། སྤྲོས་པའི་མཚན་མ་དང་། ཕྱིན་ཅི་ལོག་གི་མཚན་མ་ཡིན་ཏེ། སྣང་བ་དེ་ཡང་བློས་བསླད་པའི་དབང་གིས་ཡ