Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 138

Văn bản gốc(Tây Tạng)

Trang 1 / 15 (50.000 ký tự/trang)
༄༅༅། །རྒྱ་གར་སྐད་དུ། ཏྲིང་ཤི་ཀ་ཊཱི་ཀཱ། བོད་སྐད་དུ། སུམ་ཅུ་པའི་འགྲེལ་བཤད། བམ་པོ་དང་པོ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཆོས་དང་
གང་ཟག་བདག་མེད་པར། །ཡང་དག་མཁྱེན་གྱུར་ཐུབ་པ་གང་། །ཉེས་པ་མ་ལུས་སྤངས་པ་ཡི། །ཐུགས་རྗེའི་བདག་ལ་ཕྱག་འཚལ་ལོ། །གང་ཞིག་གཞན་དོན་རྟག་ཏུ་བརྩོན། །རང་དོན་
ཞར་ལ་བསྒྲུབས་པ་གང་། །འགྲོ་གཉེར་དེ་ལ་ཕྱག་འཚལ་ཏེ། །སུམ་ཅུ་པ་ནི་གསལ་བཤད་བྱ། །གང་ཟག་དང་ཆོས་ལ་བདག་མེད་པར་མ་རྟོགས་པ་རྣམས་དང་ལོག་པར་རྟོགས་པ་རྣམས་ལ་ཞེས་བྱ་
བ་ཚིག་དང་པོ་འདིས་ནི་ཡུལ་དང་འབྲེལ་པ་ཅན་དང་། བརྗོད་པར་བྱ་བ་དང་། དགོས་པ་དང་། འབྲེལ་པ་དང་། དངོས་པོ་ལྔ་པོ་དག་བཞག་སྟེ། རབ་ཏུ་བྱེད་པའི་འབྲེལ་པ་དང་བརྗོད་པར་བྱ་བ་དང་དགོས་
པ་རྣམས་གདོན་མི་ཟ་བར་ཐོག་མར་བརྗོད་དགོས་སོ། །གཞན་དུ་ན་འབྲེལ་པ་མེད་པ་དང་། བརྗོད་པར་བྱ་བ་མེད་པ་དང་དགོས་པ་མེད་པའི་རབ་ཏུ་བྱེད་པ་ནི་ཉན་པ་པོ་རྟོག་པ་སྔོན་དུ་གཏོང་བ་རྣམས་ཉན་

པར་ཁས་མི་ལེན་ཏོ། །དེའི་ཕྱིར་ཉན་པ་པོའི་སྐྱེ་བོ་སྤྲོ་བ་བསྐྱེད་པའི་དོན་དུ་འདི་གསུམ་བརྗོད་པར་བྱའོ། །དེ་ལ་གང་ཟག་དང་ཆོས་ལ་བདག་མེད་པར་ཞེས་བྱ་བ་འདིས་ནི་ཡུལ་བསྟན་ཏོ། །མ་རྟོགས་པ་དང་ལོག་པར་
རྟོགས་པ་རྣམས་ལ་ཞེས་བྱ་བ་འདིས་ནི་འབྲེལ་པ་ཅན་བརྗོད་དོ། །གང་ཟག་དང་ཆོས་ལ་བདག་མེད་པ་མ་ལོག་པར་ཞེས་བྱ་བ་འདིས་ནི་བརྗོད་པར་བྱ་བ་བསྟན་ཏོ། །བརྟེན་པའི་ཕྱིར་ཞེས་བྱ་བ་འདིས་ནི་དགོས་པ་བརྗོད་དོ། །རྣམ་པར་རིག་པའི་
རབ་ཏུ་བྱེད་པ་སུམ་ཅུ་པ་བརྩམས་སོ། །ཞེས་བྱ་བ་འདིས་ནི་འབྲེལ་པ་བསྟན་ཏོ། །དེ་ལ་གང་ཟག་དང་ཆོས་ལ་བདག་མེད་པར་རིགས་པ་དང་ལུང་གིས་མ་ལོག་པར་བསྟན་པར་བྱ་བ་དེ་ནི་བརྗོད་པར་བྱའོ། །དེ་རྟོགས་པ་ནི་དགོས་པའོ། །
དགོས་པ་དེ་ཡང་རབ་ཏུ་བྱེད་པ་འདིས་བྱེད་པས་ན། རབ་ཏུ་བྱེད་པ་འདི་ནི་དགོས་པ་འདིའི་ཐབས་ཡིན་ཏེ། དེའི་ཕྱིར་རབ་ཏུ་བྱེད་པ་དང་དགོས་པ་གཉིས་ནི། ཐབས་དང་ཐབས་ལས་བྱུང་བའི་མཚན་ཉིད་ཀྱིས་འབྲེལ་ཏོ། །གང་དག་ལ་གང་ཟག་
དང་ཆོས་ལ་བདག་མེད་པ་དེ་མ་ལོག་པར་བསྟན་སྙམ་དུ་དེ་ལྟར་དོགས་པ་ལ། མ་རྟོགས་པ་དང་། ལོག་པར་རྟོགས་པ་རྣམས་ལ་ཞེས་བྱ་བ་འདི་སྨྲས་སོ། །ཅི་ཞིག་མ་རྟོགས་ཤིང་ལོག་པར་རྟོགས་སྙམ་པའི་དོགས་པ་དེ་བསལ་བའི་ཕྱིར།

གང་ཟག་དང་ཆོས་ལ་བདག་མེད་པ་ཞེས་བྱ་བ་འདིས་བསྟན་ཏོ། །འདི་ནི་རེ་ཞིག་བསྡུས་པའི་དོན་ཏེ། ཡན་ལག་གི་དོན་བརྗོད་པར་བྱའོ། །གང་ཟག་དང་ཆོས་ལ་བདག་མེད་པ་ཞེས་བྱ་བ་ལ། གང་ཟག་དང་ཆོས་རྣམས་ནི་གང་ཟག་དང་ཆོས་རྣམས་སོ། །གང་ཞིང་ཟག་པས་ན་གང་
ཟག་སྟེ། དེ་ནི་སྔོན་མེད་པའི་ལས་བསྩགས་པའི་ཕྱིར་གང་བའོ། །སྔོན་བྱས་པའི་ལས་ཡོངས་སུ་སྤྱད་པས་ཟད་པའི་ཕྱིར་ཟག་པའོ། །ཡང་དང་ཡང་འགྲོ་བ་དེ་དང་དེར་འགྲོ་བས་ན་ཡང་གང་ཟག་གོ། །ཡང་ན་གང་ངམ་བརྟས་ནས་འཕེན་པ་དང་རྫོགས་པར་བྱེད་པའི་ལས་རྣམས་ཀྱིས་
འགྲོ་བར་འགྲོ་བས་ན་གང་ཟག་གོ། །རང་གི་ངོ་བོ་འཛིན་པས་ཆོས་རྣམས་སོ། །འདི་ལྟར་བདག་དང་བྲལ་བ་དེ་ནི་བདག་མེད་དེ། དེའི་དངོས་པོ་ནི་བདག་མེད་པའོ། །བདག་མེད་པ་དང་བདག་མེད་པ་ནི་བདག་མེད་པ་སྟེ། གང་ཟག་དང་ཆོས་རྣམས་ལ་བདག་མེད་པ་ནི་གང་ཟག་དང་ཆོས་ལ་
བདག་མེད་པའོ། །དེའི་ཕྱིར་དེ་དག་ནི་གང་ཟག་དང་ཆོས་ལ་བདག་མེད་པ་དག་གོ། །མ་རྟོགས་པ་དང་ལོག་པར་རྟོགས་པ་རྣམས་ཞེས་བྱ་བ་ནི་མ་རྟོགས་པ་རྣམས་དང་། ལོག་པར་རྟོགས་པ་རྣམས་ཞེས་ཚིག་སྡུད་པའོ། །མ་རྟོགས་པ་རྣམས་ཞེས་བྱ་བ་ནི་གང་དག་གིས་གང་ཟག་དང་ཆོས་
ལ་བདག་མེད་པར་མ་རིག་པའོ། །ལོག་པར་རྟོགས་པ་དག་ནི་རྣམ་པ་གཉིས་ཏེ། ཁ་ཅིག་ནི་གང་ཟག་དང་ཆོས་ལ་བདག་མེད་པར་ཕྱིན་ཅི་ལོག་ཏུ་རྟོགས་ཏེ། གང་གིས་ཕྱིན་ཅི་ལོག་ཅེས་བྱ་བ་དག་གོ། །ཁ་ཅིག་གིས་རྣམ་པ་གཉིས་སུ་རྟོགས་ཏེ། གང་གིས་ཐེ་ཚོམ་ཟ་ཞེས་བྱ་
བ་དག་གོ། །དེའི་ཕྱིར་མི་ཤེས་པ་དང་ཕྱིན་ཅི་ལོག་དང་ཐེ་ཚོམ་གྱི་བློ་ཅན་རྣམས་ལ་ཞེས་བྱ་བར་བསྟན་པར་འགྱུར་རོ། །གང་ཟག་དང་ཆོས་ལ་བདག་མེད་པ་མ་ལོག་པར་བསྟན་པའི་ཕྱིར་ཞེས་བྱ་བ་ནི་གང་ཟག་དང་ཆོས་ལ་བདག་མེད་པ་དེ་དག་ཕྱིན་ཅི་མ་ལོག་པར་ཞེས་བྱ་བར་ཚིག་རྣམ་
པར་སྦྱར་བ་སྟེ། དེ་གཉིས་བསྟན་པར་བྱ་བའི་ཕྱིར་རོ་ཞེས་ཚིག་སྡུད་པའོ། །ཁ་ཅིག་ནི་གང་ཟག་ལ་བདག་མེད་པ་ཕྱིན་ཅི་ལོག་ཏུ་འདོད་དེ། འདི་ལྟ་སྟེ་ཀུན་གྱིས་བཀུར་བ་རྣམས་ཏེ། འདི་ལྟར་དེ་དག་ནི་བདག་མེད་པར་འདོད་ཀྱི་གང་ཟག་མེད་པར་ནི་མ་ཡིན་ནོ། །ཁ་ཅིག་ནི་ཆོས་ལ་བདག་

མེད་པ་ཡང་ཕྱིན་ཅི་ལོག་ཏུ་འདོད་དེ། འདི་ལྟ་སྟེ་དབུ་མ་པ་རྣམས་སོ། །དེ་དག་ནི་ཆོས་རྣམས་རྣམ་པ་ཐམས་ཅད་དུ་མེད་པར་ནི་མི་འདོད་དེ། བརྟགས་པའི་བདག་ཉིད་ཀྱིས་མེད་པར་ནི་མི་འདོད་དོ་ཞེས་གྲག་གོ། །དེའི་ཕྱིར་དེའི་གཉེན་པོར་ཆོས་དང་གང་ཟག་ལ་བདག་
མེད་པ་ཕྱིན་ཅི་མ་ལོག་པར་བསྟན་པར་བྱ་སྟེ། དེའི་ཕྱིར་ཕྱིན་ཅི་མ་ལོག་པ་ཞེས་བྱ་བ་སྨོས་སོ། །རྣམ་པར་རིག་པའི་རབ་ཏུ་བྱེད་པ་སུམ་ཅུ་པ་བརྩམས་སོ་ཞེས་བྱ་བ་ནི་དེ་སུམ་ཅུ་ཡང་ཡིན་ལ། རྣམ་པར་རིག་པའི་རབ་ཏུ་བྱེད་པ་ཡང་ཡིན་ནོ་ཞེས་ཚིག་རྣམ་པར་སྦྱར་བའོ། །རབ་ཏུ་བྱེད་པ་
དེའི་ཚིག་ལེའུར་བྱས་པ་སུམ་ཅུ་ཡོད་པས་འདི་ནི་ཚིག་ལེའུར་བྱས་པ་སུམ་ཅུ་པའོ། །རྣམ་པར་རིག་པ་ཙམ་དུ་ཡོངས་སུ་སྟོན་པར་བྱེད་པའི་རབ་ཏུ་བྱེད་པ་ཡིན་པས་རྣམ་པར་རིག་པའི་རབ་ཏུ་བྱེད་པའོ། །དེ་བརྩམས་པ་ནི་རྣམ་པར་རིག་པའི་རབ་ཏུ་བྱེད་པ་སུམ་ཅུ་པ་བརྩམས་པ་སྟེ། དེ་ནི་འདི་
སྐད་དུ་སེམས་ཅན་གང་དག་གང་ཟག་དང་ཆོས་ལ་བདག་མེད་པར་མི་ཤེས་པ་རྣམས་དང་། གང་དག་དོགས་པ་རྣམས་དང་། གང་དག་ཕྱིན་ཅི་ལོག་ཏུ་གྱུར་པ་དེ་དག་ལ་གང་ཟག་དང་ཆོས་ལ་བདག་མེད་པ་མ་ལོག་པར་བསྟན་པའི་ཕྱིར་རྣམ་པར་རིག་པའི་རབ་ཏུ་བྱེད་པ་སུམ་ཅུ་པ་བརྩམས་སོ་
ཞེས་བསྟན་པར་འགྱུར་རོ། །ཅིའི་ཕྱིར་གང་ཟག་དང་ཆོས་ལ་བདག་མེད་པ་བསྟན་པ་མཛད་སྙམ་པ་ལ། དེ་ལ་གང་ཟག་དང་ཆོས་ལ་བདག་མེད་པར་བསྟན་པ་ཡང་། ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་ཡང་འདིར་གང་ཟག་དང་ཆོས་ལ་བདག་མེད་པར་བསྟན་པར་བྱེད་པ་དེ་ནི་ཉོན་མོངས་
པ་དང་ཤེས་བྱའི་སྒྲིབ་པ་དག་སྤང་བའི་ཕྱིར་ཏེ། གང་ཟག་ལ་བདག་མེད་པར་བསྟན་པ་ནི་ཉོན་མོངས་པའི་སྒྲིབ་པ་སྤང་བའི་ཕྱིར་རོ། །ཆོས་ལ་བདག་མེད་པར་བསྟན་པ་ནི་ཤེས་བྱའི་སྒྲིབ་པ་སྤང་བའི་ཕྱིར་རོ། །ཉོན་མོངས་པ་རྣམས་དང་ཤེས་བྱའི་སྒྲིབ་པ་དག་སྤང་ཞེས་བྱ་བར་ཚིག་རྣམ་པར་སྦྱར་
བར་བྱ་སྟེ། དེ་དག་སྤང་ངོ་ཞེས་བྱ་བར་ཚིག་སྡུད་པའོ། །གང་ཟག་ལ་བདག་མེད་པར་བསྟན་པ་ནི་ཉོན་མོངས་པ་སྤང་བའི་ཕྱིར་རོ་ཞེས་བྱ་བ་དེ་ཇི་ལྟ་བུ་སྙམ་པ་ལ། འདི་ལྟར་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་ནི་བདག་ཏུ་ལྟ་བ་ལས་བྱུང་ངོ་ཞེས་སྨྲས་སོ། །འདི་ལྟར་འདོད་ཆགས་

ལ་སོགས་པ་ནི་འཇིག་ཚོགས་ལ་ལྟ་བ་ལས་འབྱུང་ངོ་། །དེ་ལྟར་ན་ང་ཞེའམ། ངའི་ཞེས་ཡང་དག་པར་རྗེས་སུ་ལྟ་བ་དང་མཐུན་པ་དང་། མི་མཐུན་པ་རྣམས་ལ་རྗེས་སུ་ཆགས་པ་དང་ཞེ་སྡང་ལ་སོགས་པ་སྐྱེའོ། །བདག་དང་བདག་གིར་ལྟ་བ་སྤངས་པ་འདོད་ཆགས་དང་བྲལ་བ། སྟེའུ་དང་
ཙནྡན་དུ་འདྲ་བ་རྣམས་ནི་གང་ལ་ཡང་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་ལ་སོགས་པ་མི་སྐྱེའོ། །གལ་ཏེ་བདག་ཅེས་བྱ་བ་ལས་འདོད་ཆགས་ལ་སོགས་པ་འབྱུང་ན་དེ་ཇི་ལྟ་བུ་ཞིག་སྙམ་པ་ལ། དེའི་ཕྱིར། གང་ཟག་ལ་བདག་མེད་པར་ཁོང་དུ་ཆུད་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདི་ལྟར་
བདག་ཏུ་ལྟ་བ་ལས་འདོད་ཆགས་ལ་སོགས་པ་འབྱུང་སྟེ། གང་ཟག་ལ་བདག་མེད་པ་ཁོང་དུ་ཆུད་པ་ནི་བདག་ཏུ་ལྟ་བ་དེའི་དངོས་ཀྱི་གཉེན་པོ་ཡིན་ནོ། །དེའི་ཕྱིར་གང་ཟག་ལ་བདག་མེད་པར་མཐོང་ན་བདག་ཏུ་ལྟ་བ་སྤོང་ངོ་། །དེ་སྤངས་ན་དེ་ལས་བྱུང་བའི་འདོད་ཆགས་ལ་སོགས་པ་ཐམས་
ཅད་སྤོང་བར་འགྱུར་རོ། །དེ་བས་ན་གང་ཟག་ལ་བདག་མེད་པར་བསྟན་པ་ནི་ཉོན་མོངས་པ་སྤངས་པའི་ཕྱིར་རོ། །ཆོས་ལ་བདག་མེད་པ་བསྟན་པས་ཇི་ལྟར་ཤེས་བྱའི་སྒྲིབ་པ་སྤང་སྙམ་པ་ལ་ཆོས་ལ་བདག་མེད་པར་ཤེས་པ་ཡང་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདི་ལྟར་ཆོས་ལ་བདག་མེད་
པར་ཤེས་པ་ནི་ཤེས་བྱའི་སྒྲིབ་པའི་གཉེན་པོ་སྟེ། དེའི་ཕྱིར་ཆོས་ལ་བདག་མེད་པར་ཤེས་པས་ཤེས་བྱའི་སྒྲིབ་པ་སྤོང་བར་འགྱུར་རོ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པ་འདིས་ཅི་ཞིག་བྱ་སྙམ་པ་ལ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །
འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་སྤོང་བ་ནི་ཐར་པ་ཐོབ་པར་བྱ་བའི་ཕྱིར་རོ། །ཤེས་བྱའི་སྒྲིབ་པ་སྤོང་བ་ནི་ཐམས་ཅད་མཁྱེན་པ་ཐོབ་པར་བྱ་བའི་ཕྱིར་རོ། །ཉོན་མོངས་པ་སྤོང་བ་ནི་ཐར་པ་ཐོབ་པར་བྱ་བའི་ཕྱིར་ཞེས་བྱ་བ་དེ་ཇི་ལྟ་བུ་སྙམ་པ་ལ། ཉོན་མོངས་པ་སྤོང་བ་ནི་ཞེས་བྱ་བ་ལ་
སོགས་པ་སྨྲས་སོ། །འདི་ལྟར་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་ནི་ཐར་པ་ཐོབ་པ་ལ་སྒྲིབ་པར་བྱེད་དེ། དེའི་ཕྱིར་འདོད་ཆགས་ལ་སོགས་པ་དེ་དག་སྤངས་ན་ཐར་པ་ཐོབ་པར་འགྱུར་རོ། །འོ་ན་ཤེས་བྱའི་སྒྲིབ་པའི་རང་བཞིན་ཇི་ལྟ་བུ་ཞིག །དེ་སྤངས་པས་ཐམས་ཅད་མཁྱེན་པ་ཐོབ་

པར་ནི་ཇི་ལྟར་འགྱུར་སྙམ་པ་ལ། དེའི་ཕྱིར་ཤེས་བྱའི་སྒྲིབ་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ཤེས་བྱ་ཐམས་ཅད་ལ་ཡེ་ཤེས་འཇུག་པའི་བར་དུ་གཅོད་པར་བྱེད་པ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་གཟུང་བ་དང་། འཛིན་པ་ལ་མངོན་པར་ཞེན་པའི་བག་ཆགས་
ཞེས་བྱ་བ་གང་ཡིན་པ་དེ་ནི་འདིར་ཤེས་བྱའི་སྒྲིབ་པར་འདོད་དོ། །ཤེས་བྱའི་སྒྲིབ་པ་རྣམ་པ་དེ་ལྟ་བུ་དེ་སྤངས་པར་གྱུར་ན་འདི་ལྟར་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཤེས་བྱའི་རྣམ་པ་ཐམས་ཅད་ཀུན་ལ་ཆགས་པ་མེད་པ་དང་། ཐོགས་པ་མེད་པའི་ཡེ་ཤེས་འཇུག་སྟེ། དེའི་ཕྱིར་
ཤེས་བྱའི་སྒྲིབ་པ་སྤངས་ན་ཐམས་ཅད་མཁྱེན་པ་ཐོབ་པར་འགྱུར་རོ། །ཤེས་བྱའི་རྣམ་པ་ཐམས་ཅད་ཅེས་བྱ་བ་ལ་རྣམ་པ་ཐམས་ཅད་ནི་མི་རྟག་པ་དང་། སྡུག་བསྔལ་བ་དང་སྟོང་པ་དང་། བདག་མེད་པར་ཤེས་པར་བྱ་བ་གང་ཡིན་པ་སྟེ། དེ་ནི་ཤེས་བྱའི་རྣམ་པ་ཐམས་ཅད་ཅེས་བྱའོ། །ཆགས་
པ་མེད་པ་དང་། ཐོགས་པ་མེད་པའི་ཡེ་ཤེས་ཞེས་བྱ་བ་ལ། གང་རེས་འགའ་འཇུག་ལ་རེས་འགའ་མི་འཇུག་པ་དེ་ནི་རྒྱུ་གཞན་ལ་ལྟོས་པའི་ཕྱིར་ཆགས་པ་ཞེས་བྱའོ། །གང་རྒྱུ་གཞན་ལ་ལྟོས་པ་མེད་པར་འཇུག་པ་དེ་ནི་ཆགས་པ་མེད་པ་ཞེས་བྱའོ། །གང་ལ་ལར་འཇུག་ལ་ལར་མི་འཇུག་པ་
ཞེས་བྱ་བ་དེ་ནི་ཐོགས་པ་ཞེས་བྱའོ། །གང་ཐམས་ཅད་དུ་འཇུག་པ་དེ་ནི་ཐོགས་པ་མེད་པ་ཞེས་བྱའོ། །དེ་ལྟར་རེ་ཞིག་དགོས་པའི་ཡང་དགོས་པ་བཤད་པ་རྣམ་པ་གཅིག་གོ། །ཡང་དགོས་པའི་ཡང་དགོས་པ་གཞན་དུ་རྣམ་པ་གཞན་གྱིས་བསྟན་པའི་ཕྱིར་ཡང་ན་ཆོས་དང་གང་ཟག་ལ་མངོན་
པར་ཞེན་པ་དག་ཅེས་བྱ་བ་ལ་སོགས་པ་སྨྲས་སོ། །སྨྲ་བ་ཁ་ཅིག་ནི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ལ་སོགས་པ་བརྟགས་པའི་ཆོས་རྣམས་ལའང་རྫས་སུ་མངོན་པར་ཞེན། ཁ་ཅིག་ནི་གང་ཟག་ལའང་མངོན་པར་ཞེན་ཏེ། གང་དག་དེ་ལྟར་ཆོས་དང་གང་ཟག་ལ་མངོན་པར་ཞེན་པ་དེ་དག་འདི་ལྟར་
སེམས་ཙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་ཏེ། དེའི་ཕྱིར་དེ་དག་ལ་ཆོས་དང་གང་ཟག་ལ་བདག་མེད་པར་སྟོན་ཏེ། ཅི་ནས་ཀྱང་དེ་དག་རྣམ་པར་རིག་པ་ཙམ་འབྲས་བུ་དང་བཅས་པ་ལ་མཐར་གྱིས་འཇུག་པར་བྱ་བ་དེའི་དོན་དུ་ཆོས་དང་གང་ཟག་ལ་བདག་མེད་པར་བསྟན་པའི་ཕྱིར་རབ་

ཏུ་བྱེད་པ་བརྩམས་སོ། །རྣམ་པར་རིག་པ་ཙམ་འབྲས་བུ་དང་བཅས་པ་ཞེས་བྱ་བ་ལ་གཟུང་བ་དང་། འཛིན་པ་དང་བྲལ་བའི་སེམས་དང་སེམས་ལས་བྱུང་བ་རྣམས་ནི་རྣམ་པར་རིག་པ་ཙམ་མོ། །དེའི་འབྲས་བུ་ནི་ས་རབ་ཏུ་དགའ་བ་ལ་སོགས་པའོ། །མཐར་གྱིས་འཇུག་པར་བྱ་བའི་ཕྱིར་
ཞེས་བྱ་བ་ནི་ཐོག་མར་གཟུང་བ་དང་། འཛིན་པ་རྣམ་པར་གཞིག་པའི་ཐབས་སུ་གྱུར་པ་རབ་ཏུ་བྱེད་པ་སུམ་ཅུ་པ་ལ་སོགས་པ་ཉན་ཏོ། །ཐོས་ནས་དེའི་འོག་ཏུ་ཕྱིན་ཅི་མ་ལོག་པར་རིག་པས་སེམས་སོ། །བསམས་ནས་དེའི་འོག་ཏུ་གཟུང་བ་རྣམ་པར་གཞིག་པའི་ཐོག་མར་དྲན་པ་ཉེ་བར་གཞག་
པ་ནས་བརྩམས་ཏེ། བཟོད་པའི་བར་དུ་གོམས་པར་བྱེད་དོ། །དེ་ནས་གཟུང་བ་རྣམ་པར་བཤིག་ནས་གཟུང་བ་མེད་པས་འཛིན་པ་ཡང་མེད་དོ་ཞེས་ཆོས་ཀྱི་མཆོག་གི་དུས་ན་འཛིན་པ་ཡང་རྣམ་པར་འཇིག་གོ། །རྣལ་འབྱོར་པས་དེ་ལྟར་གཟུང་བ་དང་འཛིན་པ་རྣམ་པར་བཤིག་པའི་ཕྱིར། ཆོས་ཀྱི་
དབྱིངས་སྒྲིབ་པ་རེ་རེ་བྲལ་བས་ས་རབ་ཏུ་དགའ་བ་ལ་སོགས་པ་ལ་སྦྱར་ཏེ། དེ་ལྟར་ན་རྣམ་པར་རིག་པ་ཙམ་འབྲས་བུ་དང་བཅས་པ་ལ་མཐར་གྱིས་འཇུག་པ་ཡིན་ནོ། །ཡང་དགོས་པའི་ཡང་དགོས་པ་གཞན་དུ་རྣམ་པ་གཞན་གྱིས་བསྟན་པའི་ཕྱིར། ཡང་ན་རྣམ་པར་ཤེས་པ་བཞིན་དུ་ཤེས་བྱ་
ཡང་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ཕྱི་རོལ་གྱི་དོན་དུ་སྨྲ་བ་ཁ་ཅིག་ནི་ཇི་ལྟར་རྣམ་པར་ཤེས་པ་རྫས་སུ་ཡོད་པ་དེ་བཞིན་དུ་ཤེས་བྱ་ཡང་རྫས་ཉིད་དུ་ཡོད་དོ་སྙམ་དུ་སེམས། དབུ་མ་པ་ཁ་ཅིག་ནི་ཇི་ལྟར་ཤེས་བྱ་ཀུན་རྫོབ་ཏུ་ཡོད་ཀྱི་དོན་དམ་པར་མེད་པ་དེ་བཞིན་དུ། རྣམ་པར་ཤེས་པ་
ཡང་ཀུན་རྫོབ་ཉིད་དུ་ཡོད་ཀྱི། དོན་དམ་པར་ནི་མེད་དོ་སྙམ་དུ་སེམས་ཞེས་གྲགས་ཏེ། དེའི་ཕྱིར་མཐའ་གཅིག་ཏུ་སྨྲ་བ་འདི་རྣམ་པ་གཉིས་དགག་པར་གང་ཟག་དང་ཆོས་ལ་བདག་མེད་པར་བསྟན་པའི་ཕྱིར་རབ་ཏུ་བྱེད་པ་བརྩམས་སོ། །མཐའ་གཅིག་ཏུ་སྨྲ་བ་འདི་རྣམ་པ་གཉིས་ཞེས་བྱ་བ་ནི་
ཐམས་ཅད་ཡོད་པར་སྨྲ་བ་དང་། ཐམས་ཅད་མེད་པར་སྨྲ་བ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་རབ་ཏུ་བྱེད་པ་བརྩམས་པའི་དགོས་པ་བརྗོད་དོ།། །།འོ་ན་ཇི་ལྟར་ཆོས་དང་གང་ཟག་ལ་བདག་མེད་པར་ཤེས་པར་བྱ་སྙམ་པ་ལ། བདག་དང་ཆོས་སུ་ཉེར་འདོགས་པ། །ཞེས་བྱ་བ་ལ་

སོགས་པ་སྨྲས་ཏེ། འདི་ལྟར་བདག་ཏུ་ཉེ་བར་འདོགས་པ་དང་ཆོས་སུ་ཉེ་བར་འདོགས་པ་རྣམ་པ་དུ་མ་གང་འབྱུང་བ་ཞེས་མདོར་བྱས་པའི་དོན་ཏོ། །ནི་ཞེས་བྱ་བ་ནི་འདི་ལྟར་ཞེས་བྱ་བའི་དོན་ཏོ། །དོགས་པ་དང་བཅས་པ་ཡིན་པས་ཚིག་ཁོང་ནས་དབྱུང་བ་བསྟན་པའི་
ཕྱིར། འཇིག་རྟེན་དང་བསྟན་བཅོས་ལའོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འཇིག་རྟེན་དང་བསྟན་བཅོས་ལས་བདག་ཏུ་ཉེ་བར་འདོགས་པ་དང་ཆོས་སུ་ཉེ་བར་འདོགས་པ་རྣམ་པ་དུ་མ་གང་འབྱུང་བ་ཞེས་བྱ་བའི་ཐ་ཚིག་གོ། །གང་ལ་བལྟ་བར་བྱ་སྙམ་པ་ལ། དེ་ནི་རྣམ་པར་ཤེས་པ་གྱུར། ཞེས་
བྱ་བ་སྨོས་ཏེ། དེ་ནི་རྣམ་པར་ཤེས་པའི་གཟུང་བའི་ཆ་ལ་འབྱུང་ངོ་ཞེས་མདོར་བྱས་པའི་དོན་ཏོ། །དེ་ཞེས་བྱ་བའི་སྒྲ་གང་དང་སྦྱར་སྙམ་པ་ལ། དེའི་ཕྱིར་བདག་དང་ཆོས་སུ་ཉེ་བར་འདོགས་པ་ཞེས་བྱ་བ་དང་སྦྱར་རོ་ཞེས་བྱ་བ་སྨོས་ཏེ། དེ་ཞེས་བྱ་བའི་སྒྲ་ནི་བདག་དང་ཆོས་སུ་ཉེ་བར་འདོགས་པ་ལ་
བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལས་ནི་ཚིག་གི་དོན་འདི་འབྱུང་སྟེ། བདག་དང་ཆོས་སུ་ཉེ་བར་འདོགས་པ་འཇིག་རྟེན་དང་བསྟན་བཅོས་ལས་རྣམ་པ་དུ་མ་གང་འབྱུང་བ་དེ་ནི་རྣམ་པར་ཤེས་པའི་གཟུང་བའི་ཆ་ཉིད་ལ་འབྱུང་སྟེ། ཕྱི་རོལ་གྱི་བདག་གམ་ཆོས་རྣམས་ལ་ཉེ་བར་འདོགས་པ་འབྱུང་བ་ནི་
མ་ཡིན་ནོ། །དེ་བས་ན་གང་ཟག་དང་ཆོས་རྣམས་ལ་བདག་མེད་པར་ཤེས་པར་བྱའོ། །འགྲེལ་པ་བྱེད་པས་ཡན་ལག་གི་དོན་དགྲོལ་བའི་ཕྱིར། བདག་དང་ཆོས་སུ་ཉེ་བར་འདོགས་པས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གིས་བདག་ཏུ་ཉེ་བར་འདོགས་པ་དེ་ནི་བདག་ཏུ་ཉེ་བར་འདོགས་པའོ། །དེ་
བཞིན་དུ་གང་གིས་ཆོས་སུ་ཉེ་བར་འདོགས་པ་ནི་ཆོས་སུ་ཉེ་བར་འདོགས་པའོ། །ཉེ་བར་འདོགས་པའི་སྒྲའི་དོན་བསྟན་པའི་ཕྱིར། དེ་ཡང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། བདག་ཏུ་ཉེ་བར་འདོགས་པའི་སྒྲ་ནི་བདག་ཏུ་བཏགས་པར་རིག་པར་བྱའོ། །ཆོས་སུ་ཉེ་བར་འདོགས་པའི་སྒྲ་ཡང་ཆོས་སུ་
བཏགས་པའོ། །ཉེ་བར་འདོགས་པ་དང་བཏགས་པ་དང་ཐ་སྙད་ཅེས་བྱ་བ་ནི་རྣམ་གྲངས་སུ་གཏོགས་པ་སྟེ། ཤེས་པ་དང་བརྗོད་པ་ཞེས་བྱ་བའི་ཐ་ཚིག་གོ། །སྣ་ཚོགས་ཀྱི་སྒྲའི་དོན་བསྟན་པའི་ཕྱིར། སྣ་ཚོགས་ཞེས་བྱ་བ་ནི་རྣམ་པ་དུ་མ་སྟེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཁ་ཅིག་ནི་བདག་ཅེས་ཐ་

སྙད་འདོགས་པ་ནས་ཁ་ཅིག་ཤེད་བུ་ཞེས་ཐ་སྙད་འདོགས་པའི་བར་དུ་སྟེ། དེ་ལྟ་བུ་ནི་བདག་ཏུ་ཉེ་བར་འདོགས་པ་རྣམ་པ་དུ་མའོ། །ཆོས་སུ་ཉེ་བར་འདོགས་པ་ཡང་རྣམ་པ་དུ་མ་ཡིན་པར་བསྟན་པའི་ཕྱིར་ཕུང་པོ་དང་ཁམས་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ། །དེ་ལ་
གཞན་གྱིས་སླར་བརྒལ་བའི་ཚིག །ཉེ་བར་འདོགས་པ་འདི་རྣམ་པ་གཉིས་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ཉེ་བར་འདོགས་པ་འདི་རྣམ་པ་གཉིས་ནི་རྣམ་པར་ཤེས་པའི་གཟུང་བའི་ཆ་ཉིད་དེ། བདག་གམ་ཆོས་རྣམས་དངོས་ལ་ཉེ་བར་འདོགས་པ་ནི་མ་ཡིན་ནོ་ཞེས་བྱ་བར་དེ་ཇི་ལྟར་ཤེས་པར་བྱ།
དངོས་ཞེས་བྱ་བ་ནི་དོན་དམ་པའོ། །བདག་ལ་སོགས་པར་ཐ་སྙད་འདོགས་པ་དངོས་སུ་ཡུལ་ཉིད་མ་ཡིན་པར་བསྟན་པའི་ཕྱིར། ཆོས་རྣམས་དང་བདག་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདི་ལྟར་རྣམ་པར་ཤེས་པ་གྱུར་པ་ལས་ཕྱི་རོལ་ན་བདག་དང་ཆོས་རྣམས་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་བདག་
དང་ཆོས་སུ་ཉེ་བར་འདོགས་པ་འདིའི་དངོས་སུ་ཡུལ་མ་ཡིན་ནོ། །མུ་སྟེགས་ཅན་གཞན་གྱི་འགྱུར་བ་ཡིན་དུ་དོགས་ནས་དྲི་བའི་ཕྱིར། གྱུར་ཞེས་བྱ་བ་དེ་གང་ཞེ་ན་ཞེས་སྨྲས་ཏེ། ཅི་གང་གྲངས་ཅན་རྣམས་ཀྱིས་ཡོངས་སུ་བརྟགས་པ་རྣམ་པར་གནས་པའི་རྫས་ཀྱི་ཆོས་གཞན་ལོག་ན་གཞན་འབྱུང་ཞེས་བྱ་
བའི་འགྱུར་བ་དེ་འདིར་འགྱུར་བར་འདོད་དམ། འོན་ཏེ་གཞན་འགའ་ཞིག་ཅེས་བྱ་བ་དང་། གྲུབ་པའི་མཐའ་སྨྲས་པས། གྱུར་པའི་རང་གི་ངོ་བོ་བསྟན་པའི་ཕྱིར། གཞན་དུ་གྱུར་པ་སྟེ། ཞེས་བྱ་བ་སྨྲས་སོ། །གྱུར་པའི་སྒྲ་ནི་གཞན་དུ་གྱུར་པ་ལ་བྱའི། གྲངས་ཅན་གྱིས་ཡོངས་སུ་བརྟགས་པ་ནི་མ་ཡིན་ནོ། །
དེ་ཉིད་བསྟན་པའི་ཕྱིར། རྒྱུའི་སྐད་ཅིག་ཅེས་བྱ་བ་ལ་སོགས་པ་སྨྲས་སོ། །གང་གི་ཚེ་རྒྱུའི་སྐད་ཅིག་འགགས་ལ། དེ་འགགས་པ་དང་དུས་མཉམ་དུ་རྒྱུའི་སྐད་ཅིག་དང་མི་འདྲ་བ་འབྲས་བུའི་བདག་ཉིད་ཐོབ་པ་གང་ཡིན་པ་དེ་གྱུར་པར་འདོད་དོ། །དེ་ནི་འདི་སྐད་དུ་རྒྱུ་དང་མི་འདྲ་བའི་འབྲས་བུ་ཉིད་ལ་གྱུར་པའི་
སྒྲར་བརྗོད་དོ་ཞེས་བསྟན་པར་འགྱུར་རོ། །དེ་ལྟར་གྱུར་པའི་རང་གི་ངོ་བོ་བསྟན་ནས། རྣམ་པར་ཤེས་པ་གྱུར་པ་ལས་ཇི་ལྟར་བདག་དང་ཆོས་སུ་ཉེ་བར་འདོགས་པ་དེ་བསྟན་པའི་ཕྱིར། དེ་ལ་བདག་ལ་སོགས་པ་རྣམ་པར་རྟོག་པའི་བག་ཆགས་ཡོངས་སུ་བརྟས་ཤིང་། ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །

བདག་ལ་སོགས་པར་རྣམ་པར་རྟོག་པས་བག་ཆགས་གང་སྐྱེད་པ་དེ་དག་གི་ཚེ་ཡོངས་སུ་བརྟས་པར་གྱུར་པ་དེའི་ཚེ་ཀུན་གཞི་རྣམ་པར་ཤེས་པ་ལས་བདག་ལ་སོགས་པའི་རྣམ་པའི་རྣམ་པར་རྟོག་པ་སྐྱེའོ། །བདག་ལ་སོགས་པའི་རྣམ་པ་གཟུང་བའི་ཆ་དེ་ཡང་རྣམ་པར་རྟོག་
པ་དེ་ལས་ཕྱི་རོལ་དུ་གྱུར་པ་ལྟ་བུར་རྟོགས་ནས། ཕྱི་རོལ་ན་བདག་མེད་པ་ཡང་། ཐོག་མ་མེད་པའི་དུས་ནས་བདག་ལ་སོགས་པར་ཉེ་བར་འདོགས་པར་འཇུག་གོ། །དེ་བཞིན་དུ་གཟུགས་ལ་སོགས་པར་རྣམ་པར་རྟོག་པས་བག་ཆགས་གང་སྐྱེད་པ་དེ་ཡང་གང་གི་ཚེ་ཡོངས་སུ་བརྟས་པར་གྱུར་པ་དེའི་
ཚེ། ཀུན་གཞི་རྣམ་པར་ཤེས་པ་ལས་གཟུགས་ལ་སོགས་པའི་རྣམ་པའི་རྣམ་པར་རྟོག་པ་འབྱུང་ངོ་། །གཟུགས་ལ་སོགས་པའི་རྣམ་པ་གཟུང་བའི་ཆ་དེ་ཡང་རྣམ་པར་རྟོག་པ་དེ་ལས་ཕྱི་རོལ་དུ་གྱུར་པ་ལྟ་བུར་རྟོགས་ན། ཕྱི་རོལ་ན་ཆོས་རྣམས་མེད་པར་ཡང་གཟུགས་ལ་སོགས་པ་ཆོས་
སུ་ཉེ་བར་འདོགས་པ་ཐོག་མ་མེད་པའི་དུས་ནས་འཇུག་གོ། །བག་ཆགས་ཡོངས་སུ་བརྟས་པ་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་ཏུ་འབྲས་བུ་བསྒྲུབ་ནུས་པ་ལ་བྱའོ། །སྣང་བ་ཞེས་བྱ་བའི་སྒྲ་ནི་གཟུང་བའི་ཆ་ལ་བྱའོ། །འདིར་དཔེ་སྨོས་པ། དཔེར་ན་རབ་རིབ་ཅན་གྱི་སྐྲ་ཤད་འཛིངས་པ་ལ་སོགས་པ་
བཞིན་ནོ་ཞེས་བྱ་བ་སྟེ། དཔེར་ན་རབ་རིབ་ཅན་གྱི་སྐྲ་ཤད་ལ་སོགས་པའི་རྣམ་པ་གཟུང་བའི་ཆ་ལ་སྐྲ་ཤད་འཛིངས་པ་ལ་སོགས་པར་ཉེ་བར་འདོགས་པ་དེ་བཞིན་དུ་འདིར་ཡང་བདག་དང་ཆོས་ཀྱི་རྣམ་པ་གཟུང་བའི་ཆ་ལ་བདག་དང་ཆོས་སུ་ཉེ་བར་འདོགས་སོ། །སྐྲ་ཤད་འཛིངས་པའི་སྒྲ་ནི་སྐྲའི་
ཚོགས་ལ་བྱའོ། །དེ་ལ་འདིར་འགྱུར་ཏེ། འདི་ལྟར་གཟུང་བའི་ཆ་ཉིད་དངོས་སུ་བདག་དང་ཆོས་སུ་འགྱུར་ཏེ། དེའི་ཕྱིར་བདག་དང་ཆོས་རྣམས་དངོས་སུ་གྲུབ་པོ་སྙམ་དུ་སེམས་སུ་དོགས་ནས། ཉེ་བར་འདོགས་པ་ཞེས་བྱ་བ་ནི་གང་ལ་གང་མེད་པ་དེ་ལ་དེ་ཉེ་བར་འདོགས་ཏེ། ཞེས་བྱ་བ་ལ་སོགས་པ་སྨྲས་
སོ། །བདག་དང་ཆོས་རྣམས་ནི་གཟུང་བའི་ཆ་ལ་ཉེ་བར་འདོགས་སོ། །གལ་ཏེ་དེ་དག་དེ་ན་དངོས་སུ་ཡོད་དུ་ཟིན་ན་ཅིའི་ཕྱིར་ཉེ་བར་འདོགས། གང་ལ་གང་མེད་པ་དེ་ལ་དེ་ཉེ་བར་འདོགས་པ་ནི་དཔེར་ན་མི་བླུན་པོ་ལ་བ་ལང་ཞེས་བྱ་བ་ལྟ་བུ་སྟེ། བ་ལང་མ་ཡིན་ཡང་མི་བླུན་པོ་ལ་བ་ལང་ཞེས་ཉེ་བར་

འདོགས་པ་ལྟ་བུའོ། །ཉེ་བར་འདོགས་པ་ཞེས་བྱ་བ་ནི་སྒྲོ་འདོགས་པ་ཡིན་ན་དེ་ཇི་ལྟར་དངོས་སུ་དངོས་པོ་ཡུལ་དུ་འགྱུར། དེ་ལྟར་བདག་དང་ཆོས་སུ་ཉེ་བར་འདོགས་པའི་དངོས་ཀྱི་ཡུལ་བཀག་ནས་མཇུག་བསྡུ་བའི་ཕྱིར། དེ་ལྟར་རྣམ་པར་ཤེས་པའི་རང་གི་ངོ་བོ་དང་ཕྱི་རོལ་ན་ཡང་བདག་དང་ཆོས་
རྣམས་མེད་པས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ལྟར་རྣམ་པ་དེ་ལྟ་བུ་བསྟན་པས་རྣམ་པར་ཤེས་པའི་གཟུང་བའི་ཆ་དང་རྣམ་པ་ཤེས་པ་ལས་ཕྱི་རོལ་ན་བདག་དང་ཆོས་རྣམས་དངོས་སུ་ཡོད་པ་མ་ཡིན་ནོ། །དེ་བས་ན་བདག་དང་ཆོས་རྣམས་ཀུན་བརྟགས་པ་ཉིད་དོ། །དོན་དམ་པར་དེ་དག་གང་ན་
ཡང་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་གང་འདི་ཤེས་བྱ་ཡང་རྣམ་པར་ཤེས་པ་བཞིན་དུ་རྫས་ཉིད་དོ་ཞེས་མཐའ་གཅིག་ཏུ་སྨྲ་བ་འདི་ཁས་མི་བླང་ངོ་། །མཐའ་གཅིག་ཏུ་སྨྲ་བ་ཅིག་ཤོས་བསལ་བའི་ཕྱིར། ཉེ་བར་འདོགས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཉེ་བར་འདོགས་པ་ནི་འདི་ལྟར་གཞི་མེད་
པར་མི་སྲིད་དོ། །དེ་བས་ན་གང་ལ་བདག་དང་ཆོས་སུ་ཉེ་བར་འདོགས་པ་འབྱུང་བའི་རྣམ་པར་ཤེས་པར་གྱུར་པ་རྫས་ཉིད་དུ་ངེས་པར་ཁས་བླང་ངོ་། །དེ་ལྟར་ན་རྣམ་པར་ཤེས་པ་ཡང་ཤེས་བྱ་བཞིན་དུ་ཀུན་རྫོབ་ཉིད་དེ། དོན་དམ་པར་མེད་དོ་ཞེས་ཁས་ལེན་པ་དེ་རིགས་པ་ལ་མི་མཇེད་པར་མི་ནུས་སོ། །
ཅིའི་ཕྱིར་རིགས་པ་མི་བཟོད་སྙམ་པ་ལ། ཀུན་རྫོབ་ཏུའང་དངོས་པོ་མེད་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །དེ་ཉིད་དགྲོལ་བའི་ཕྱིར། རྟེན་མེད་ན་ཀུན་རྫོབ་ཏུ་མི་རུང་སྟེ། ཞེས་བྱ་བ་སྨྲས་སོ། །འདི་ལྟར་རྟེན་མེད་པར་ནི་ཀུན་རྫོབ་ཏུ་མི་རུང་སྟེ། གདོན་མི་ཟ་བར་འགའ་ཞིག་ལ་བརྟེན་ནས་
འགའ་ཞིག་གདགས་པར་འགྱུར་རོ། །གཞན་དུ་ན་ནི་ངེས་པ་མེད་པས་ཐམས་ཅད་ལ་ཐམས་ཅད་གདགས་པར་ཐལ་བར་འགྱུར་རོ། །དེའི་ཕྱིར་ཐལ་ཆེས་བྱ་བའི་སྐྱོན་དུ་གྱུར་ཏ་རེ་ཞེས་ཀུན་རྫོབ་ཏུ་གཞི་ཅི་ཞིག་ཅིག་ཁས་བླང་བར་བྱའོ། །དེའི་གཞི་གང་ཡིན་པ་དེ་ནི་རྣམ་པར་ཤེས་པ་སྟེ།
དེ་བས་ན་རྣམ་པར་ཤེས་པ་རྫས་ཉིད་དུ་ཁས་བླང་ངོ་། །རྟེན་མེད་ཅེས་བྱ་བ་ནི་གཞི་མེད་ཅེས་བྱ་བ་ནས་རྒྱུ་མཚན་ཞེས་བྱ་བའི་བར་དུའོ། །གོང་དུ་བཤད་པའི་མཇུག་བསྡུ་བའི་ཕྱིར། དེ་བས་ན་མཐའ་གཅིག་ཏུ་སྨྲ་བ་རྣམ་པ་འདི་གཉིས་ཀ་ཡང་མི་རིགས་པའི་ཕྱིར་བཏང་ངོ་ཞེས་སློབ་དཔོན་གྱི་ཚིག་

གོ་ཞེས་བྱ་བ་སྨྲས་སོ། །འདི་ལྟར་ཕྱོགས་འདི་ལྟ་བུ་གཉིས་ཀ་ལ་ཡང་རིགས་པ་མེད་དེ། དེ་བས་ན་མཐའ་གཅིག་ཏུ་སྨྲ་བ་རྣམ་པ་འདི་གཉི་ག་ཡང་རིགས་པ་མེད་པས་གཏང་བར་བྱ་བར་སློབ་དཔོན་རྣམས་ཀྱིས་བཤད་དོ་ཞེས་འགྲེལ་པ་བྱེད་པས་རང་མ་གཏོགས་པར་གསང་
ནས་སློབ་དཔོན་རྣམས་ལ་ཁུངས་ཕྱུང་ངོ་། །དེ་ལྟར་མཐའ་གཅིག་ཏུ་སྨྲ་བ་དེ་བཀག་ནས་རང་གི་ཕྱོགས་བརྗོད་པའི་ཕྱིར། དེ་ལྟར་ན་ཤེས་བྱ་ཐམས་ཅད་ཀུན་བརྟགས་པའི་ངོ་བོ་ཉིད་ཡིན་པས་དངོས་པོ་མེད་དོ་ཞེས་བྱ་བ་སྨྲས་སོ། །གང་གི་ཕྱིར་འདི་ལྟར་ཤེས་བྱ་ནི་རྣམ་པར་ཤེས་པའི་རང་གི་ངོ་བོ་ཁོ་ན་ཡིན་
པས། ཕྱི་རོལ་ན་བདག་དང་ཆོས་ཀྱི་དངོས་པོ་མེད་ལ་རྟེན་མེད་པར་ནི་ཀུན་རྫོབ་ཏུ་ཡང་མི་རུང་བས་དེ་བས་ན་ཤེས་བྱ་ཐམས་ཅད་ཀུན་བརྟགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་དངོས་པོར་ཡོད་པ་མ་ཡིན་ནོ། །འདི་ལྟར་རྟེན་མེད་པར་ཀུན་རྫོབ་མེད་དེ། དེའི་ཕྱིར་རྣམ་པར་ཤེས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བས་
རྫས་སུ་ཡོད་ཅེས་བྱ་བ་དེ་ཁས་བླང་བར་བྱའོ། །རྣམ་པར་ཤེས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་དེ་ཇི་ལྟར་ཤེས་པར་བྱ་ཞེ་ན། རྣམ་པར་ཤེས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །རྣམ་པར་ཤེས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་གྱུར་པའི་སྒྲ་ཉིད་ཀྱིས་
བསྟན་ཏེ། འདི་ལྟར་རྒྱུ་དང་མི་འདྲ་བ་འབྲས་བུའི་བདག་ཉིད་ཐོབ་པར་ནི་གྱུར་པའོ། །ཞེས་བསྟན་པའོ། །དེ་ལྟར་དངོས་སུ་བདག་དང་ཆོས་རྣམས་བཀག་པ་དང་། ཕྱི་རོལ་གྱི་དོན་དུ་སྨྲ་བས་ཕྱིར་བརྒལ་བའི་ཕྱིར། ཕྱི་རོལ་གྱི་དོན་མེད་པར་རྣམ་པར་ཤེས་པ་ཉིད་དོན་གྱི་རྣམ་
པར་འབྱུང་བ་འདི་ཇི་ལྟར་ཤེས་པར་རུང་ཞེ་ན། ཞེས་བྱ་བ་སྨྲས་སོ། །ཕྱི་རོལ་གྱི་དོན་གཟུགས་ལ་སོགས་པ་མེད་པར་རྣམ་པར་ཤེས་པ་ཉིད་གཟུགས་ལ་སོགས་པའི་དོན་གྱི་རྣམ་པར་འབྱུང་བ་དེ་ཇི་ལྟར་ཤེས་ཤེ་ན། གྲུབ་པའི་མཐའ་སྨྲ་བས། ཕྱི་རོལ་གྱི་དོན་ནི་ཞེས་བྱ་བ་ལ་སོགས་པ་
སྨྲས་ཏེ། འདི་ལྟར་ཕྱི་རོལ་གྱི་དོན་གང་གི་ཚེ་བདག་གི་རྣམ་པའི་རྣམ་པར་ཤེས་པ་སྐྱེད་པ་དེའི་ཚེ་རྣམ་པར་ཤེས་པའི་དམིགས་པའི་རྐྱེན་དུ་འདོད་ཀྱི། བྱེད་རྒྱུ་ཙམ་འབའ་ཞིག་ཏུ་འདོད་པ་ནི་མ་ཡིན་ནོ། །གལ་ཏེ་བྱེད་རྒྱུ་ཙམ་གྱིས་དམིགས་པ་ཉིད་དུ་འགྱུར་ན་ནི། དེའི་ཚེ་རྒྱུ་དང་དེ་མ་ཐག་པ་དང་།

བདག་པོའི་རྐྱེན་དང་། བྱེ་བྲག་མེད་པར་འགྱུར་ཏེ། འདི་ལྟར་དེ་དག་ནི་བྱེད་རྒྱུ་ཙམ་དུ་རྣམ་པར་འཇོག་གོ། །གལ་ཏེ་འདི་ཡང་བྱེད་རྒྱུ་ཙམ་དུ་རྣམ་པར་གཞག་ན་ནི་དེའི་ཚེ་དེ་དག་དང་བྱེ་བྲག་མེད་པར་འགྱུར་རོ། །དེ་ནི་འདི་སྐད་དུ་གང་ལ་བྱེད་རྒྱུ་ཁོ་ན་དང་རང་གི་རྣམ་པ་བསྐྱེད་པ་ཁོ་ན་ཡོད་པ་
དེ་ནི་ཆོས་ཉིད་གཉིས་དང་ལྡན་པ་ཡུལ་དུ་འདོད་དོ་ཞེས་བསྟན་པར་འགྱུར་རོ། །བྱེད་རྒྱུ་ཙམ་གྱི་ཕྱིར་ཡུལ་ཉིད་དུ་འདོད་ན་ནི་དེ་མ་ཐག་པའི་རྐྱེན་ལ་སོགས་པ་རྐྱེན་རྣམས་ཀྱང་དམིགས་པ་ཉིད་དུ་འགྱུར་རོ། །ཆོས་ཉིད་གཉིས་དང་ལྡན་པའི་ཡུལ་དུ་གྱུར་དུ་ཟིན་ཀྱང་འདིས་ཅིར་འགྱུར་ཞེ་ན། རྣམ་
པར་ཤེས་པའི་ཚོགས་ལྔ་པོ་དག་ནི་བསགས་པ་ལ་དམིགས་པ་སྟེ། ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་ནི་བསགས་པ་ལ་དམིགས་པར་གཞན་འདོད་དོ། །འདི་ལྟར་དེ་དག་ནི་བསགས་པའི་རྣམ་པ་དག་རིག་པར་བྱའོ། །བསགས་པའི་སྒྲ་ནི་འདུས་
པ་ལ་བྱའོ། །དེའི་ཕྱིར་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་ནི་རིགས་པའི་རྣམ་པར་སྣང་བར་བཤད་པ་ཡིན་ནོ། །བསགས་པའི་རྣམ་པར་གྱུར་ན་ཅི་ཉེས་ཞེ་ན། དེའི་ཕྱིར་བསགས་པ་ནི་ཆ་ཤས་འདུས་པ་ཙམ་ལས་གུད་ན་མེད་དེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ཆ་ཤས་བསགས་
པ་རྣམས་འདུས་པ་ཙམ་ལས་བསགས་པ་གུད་ན་མེད་དོ། །ཇི་ལྟར་མེད་ཅེ་ན། ཆ་ཤས་དེ་དག་བསལ་ན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་ཆ་ཤས་རེ་རེ་ནས་བསལ་ན་བསགས་པའི་རྣམ་པའི་རྣམ་པར་ཤེས་པ་མི་འབྱུང་ངོ་། །གལ་ཏེ་དེ་ན་འདུས་པ་ཞེས་བྱ་བ་རྫས་ཅི་ཡང་རུང་བ་
ཞིག་ཡོད་ན་ནི། དེའི་ཚེ་ཆ་ཤས་རེ་རེ་ནས་བསལ་ན་ཡང་འདུས་པའི་རྣམ་པའི་བློ་སྐྱེ་བ་ཞིག་ན། ཆ་ཤས་ཅན་གྱི་རྫས་ཡོད་པ་ནི་སློབ་དཔོན་རྣམས་ཀྱིས་དགག་པ་མང་དུ་བརྗོད་དོ། །དེ་ལྟར་འདུས་པའི་རྫས་ཡོད་པ་བཀག་ནས་མཇུག་བསྡུ་བའི་ཕྱིར། དེ་བས་ན་ཕྱི་རོལ་གྱི་དོན་མེད་པར་རྣམ་
པར་ཤེས་པ་བསགས་པའི་རྣམ་པ་འབྱུང་ངོ་ཞེས་བྱ་བ་སྨྲས་སོ། །གང་གི་ཕྱིར་དེ་ལྟ་བསགས་པ་ནི་ཆ་ཤས་འདུས་པ་ཙམ་ལས་གུད་ན་ཡོད་པ་མ་ཡིན་པར་ཡང་བསགས་པའི་རྣམ་པའི་རྣམ་པར་ཤེས་པ་འདི་མྱོང་སྟེ། དེ་བས་ན་ཕྱི་རོལ་གྱི་བསགས་པའི་དོན་མེད་པར་སྤྲོས་པའི་བག་ཆགས་

ཡོངས་སུ་སྨིན་པའི་དབང་གིས་རྣམ་པར་ཤེས་པ་བསགས་པའི་རྣམ་པར་འབྱུང་བར་གྲུབ་བོ། །འདུས་པའི་རྫས་མེད་པ་དམིགས་པར་མི་རུང་དུ་ཟིན་ཡང་རྡུལ་ཕྲ་རབ་རྣམས་འདུས་པའི་རྣམ་པར་ཤེས་པ་དེའི་དམིགས་པར་འགྱུར་རོ་ཞེ་ན་ཡང་དེའི་ཕྱིར། རྡུལ་ཕྲ་རབ་བསགས་
པ་དག་ཉིད་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། རྡུལ་ཕྲ་རབ་འདུས་པ་དག་ཀྱང་རྣམ་པར་ཤེས་པ་དེའི་དམིགས་པ་མ་ཡིན་ནོ། །བསགས་པ་ཞེས་བྱ་བ་ནི་འདུས་པ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་དམིགས་པ་མ་ཡིན་ཞེ་ན། རྡུལ་ཕྲ་རབ་དག་ནི་དེའི་རྣམ་པ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་
ཏེ། འདི་ལྟར་གང་འདི་ཤེས་པ་ལ་རགས་པའི་རྣམ་པར་སྣང་བ་རྣམ་པ་དེ་དག་རྡུལ་ཕྲ་རབ་སོ་སོ་ལ་ནི་མ་ཡིན་ནོ། །སོ་སོ་དེའི་རྣམ་པ་མ་ཡིན་ཡང་འདུས་པ་ནི་དེའི་རྣམ་པར་འགྱུར་རོ་ཞེ་ན། དེའི་ཕྱིར། རྡུལ་ཕྲ་རབ་རྣམས་མ་བསགས་པའི་དུས་ལས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཇི་ལྟར་མ་བསགས་
པའི་དུས་ན་རགས་པའི་རྣམ་པ་མེད་པ་དེ་ལྟར། རྡུལ་ཕྲ་རབ་རྣམས་བསགས་པའི་དུས་ན་ཡང་རགས་པའི་མཚན་ཉིད་དུ་འགྱུར་བར་རང་བཞིན་བྱེ་བྲག་ཏུ་གྱུར་པ་ཅི་ཡང་མེད་དོ། །དེའི་ཕྱིར་ཇི་ལྟར་རྡུལ་ཕྲ་རབ་བསགས་པ་མ་ཡིན་པ་དག་དམིགས་པར་མི་འགྱུར་བ་དེ་བཞིན་དུ་བསགས་པ་རྣམས་ཀྱང་
དམིགས་པར་མི་འགྱུར་ཏེ། དེ་མ་འདུས་པ་བཞིན་དུ་འདུས་པ་ཡང་དམིགས་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་འདི་སྐད་དུ། ཇི་ལྟར་དེ་དག་མ་འདུས་ན་རགས་པ་མེད་དེ། དེའི་ཕྱིར་དམིགས་པར་མ་གྱུར་པ་དེ་བཞིན་དུ་འདུས་སུ་ཟིན་ཀྱང་རགས་པར་མི་འགྱུར་རོ། །དེ་བས་ན་དམིགས་
པར་ཇི་ལྟར་འགྱུར་ཏེ། འདི་ལྟར་དེ་དག་ཐ་དད་དམ་འདུས་ཀྱང་རུང་ཟླུམ་རིལ་མི་འདོར་རོ་ཞེས་བསྟན་པར་འགྱུར་རོ། །ཡང་ལ་ལ་རྡུལ་ཕྲ་རབ་རྣམས་དམིགས་པ་ཡིན་པར་རྣམ་པ་གཞན་དུ་འདོད་དེ། དེའི་ཕྱིར་དེའི་ལུགས་བསྟན་པར་གཞན་དག་རྡུལ་ཕྲ་རབ་རེ་རེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ།
རྡུལ་ཕྲ་རབ་རེ་རེ་རྡུལ་ཕྲ་རབ་གཞན་ལ་མི་ལྟོས་པ་ནི་དབང་པོའི་ཡུལ་དུ་མི་འགྱུར་གྱི། གང་གི་ཚེ་ཕན་ཚུན་ལྟོས་པ་དང་བཅས་པ་དེ་དབང་པོའི་ཡུལ་དུ་འགྱུར་བར་སེམས་ཞེས་གྲག་སྟེ། ཕྱོགས་སྔ་མའོ། །ཕྱོགས་འདི་ཡང་རིགས་པ་བཟོད་པ་མ་ཡིན་པར་བསྟན་པའི་ཕྱིར། དེ་དག་གི་ཡང་

ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་སྐད་སྨྲ་བ་དེ་དག་གི་གཞུང་ལྟར་ན་ཡང་རྡུལ་ཕྲ་རབ་ཉམས་སུ་འོང་ཞེས་རྡུལ་ཕྲ་རབ་རྣམས་ལྟོས་པ་དང་བཅས་པ་དང་མི་ལྟོས་པའི་དུས་ན་ཡང་རགས་པའི་མཚན་ཉིད་དུ་འགྱུར་བར་རང་བཞིན་བྱེ་བྲག་ཏུ་གྱུར་པ་མེད་དོ། །དེའི་ཕྱིར་རང་བཞིན་བྱེ་བྲག་ཏུ་གྱུར་
པ་མེད་པས་ཡང་ན་ནི་དུས་ཐམས་ཅད་དུ་དབང་པོས་བཟུང་བ་ཉིད་དུ་འགྱུར་རོ། །ཡང་ན་ནི་ནམས་ཀྱང་དབང་པོས་མི་རྟོགས་པར་འགྱུར་རོ། །ཡང་དེ་ཉིད་ལ་ཉེས་པ་གཞན་བསྟན་པའི་ཕྱིར། གལ་ཏེ་ཕན་ཚུན་ལྟོས་པའི་རྡུལ་ཕྲ་རབ་ཉིད་ཅེས་བྱ་བ་ལ་སོགས་པ་སྨྲས་སོ། །གལ་ཏེ་ཕན་
ཚུན་ལྟོས་པའི་རྡུལ་ཕྲ་རབ་དག་ཉིད་རྣམ་པར་ཤེས་པའི་ཡུལ་དུ་འགྱུར་དུ་ཟིན་ན་ནི། དེ་ལྟར་ན་བུམ་པ་དང་ཟངས་བུམ་དང་རྫ་མ་དང་ཁམ་ཕོར་ལ་སོགས་པའི་རྣམ་པ་ཐ་དད་པ་གང་ཡིན་པ་དེ་རྣམ་པར་ཤེས་པ་ལ་སྣང་བར་མི་འགྱུར་ཏེ། འདི་ལྟར་རྡུལ་ཕྲ་རབ་དག་བུམ་པ་ལ་སོགས་པའི་རྣམ་
པ་མ་ཡིན་པའི་ཕྱིར་རོ། །འདི་ལ་འདིར་འགྱུར་ཏེ། རྡུལ་ཕྲ་རབ་རྣམས་ཉིད་བུམ་པ་ལ་སོགས་པ་ཤེས་པའི་དམིགས་པར་འགྱུར་རོ་སྙམ་པ་ལ། དེའི་ཕྱིར་རྣམ་པར་ཤེས་པ་ལ་སྣང་བ་ཡང་གཞན་ལ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །བུམ་པ་དང་རྫ་མ་ལ་སོགས་པའི་རྣམ་པ་ཡིན་པས།
ཕྲ་མོའི་རྣམ་པ་ནི་རགས་པའི་རྣམ་པ་ཤེས་པའི་ཡུལ་དུ་མི་རུང་སྟེ་ཧ་ཅང་ཐལ་བར་འགྱུར་རོ། །དེ་ལྟ་ན་ནི་སྦྲང་བུ་ཡང་གླང་པོ་ཆེ་ལ་སོགས་པའི་རྣམ་པ་རྣམ་པར་ཤེས་པའི་ཡུལ་དུ་འགྱུར་རོ། །དེ་ལྟར་རེ་ཞིག་རྡུལ་ཕྲ་རབ་དག་ཡོད་པས་ཁས་བླངས་ཏེ། དམིགས་པར་བཀག་གོ། །དེ་ནི་
དེ་དག་ཀྱང་ཡོད་པར་མི་འཐད་པར་བསྟན་པའི་ཕྱིར། ཕྲ་རབ་དག་ཀྱང་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །རྡུལ་ཕྲ་རབ་ཀྱང་ཚུ་རོལ་དང་ཕ་རོལ་དང་དཔུང་གི་ཆ་ཡོད་པས་ཀ་བ་ལ་སོགས་པ་བཞིན་དུ་དོན་དམ་པར་ཡོད་པ་མ་ཡིན་ཏེ། ཀ་བ་ལ་སོགས་པ་ནི་བརྟགས་པར་ཡོད་པའོ། །ཚོར་
བ་ལ་སོགས་པ་ནི་མི་འདྲ་བའི་ཆོས་སོ། །བརྒྱ་ལ་གཞན་གཏན་ཚིགས་མ་གྲུབ་ཅེས་ཟེར་དུ་དོགས་པའི་ཕྱིར། དེ་ཁས་མི་ལེན་ན་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གལ་ཏེ་རྡུལ་ཕྲ་རབ་རྣམས་ཀྱི་ཚུ་རོལ་དང་ཕ་རོལ་དང་དཔུང་གི་ཆ་ཁས་མི་ལེན་ན་ནི། དེའི་ཚེ་རྡུལ་ཕྲ་རབ་ལས་ལྟོས་ནས་འདི་ནི་

ཤར་ཕྱོགས། འདི་ནི་བྱང་ཕྱོགས་ཞེས་བྱ་བ་ལ་སོགས་པ་ཕྱོགས་ཐ་དད་པ་དག་རྡུལ་ཕྲ་རབ་རྣམས་ཀྱི་ཡིན་པར་མི་འགྱུར་རོ། །དེ་མེད་པར་གྱུར་ན་ཤར་དང་བྱང་ལ་སོགས་པ་ཡང་རྡུལ་ཕྲ་རབ་ཀྱི་ཆར་མི་འགྱུར་རོ། །དེ་ལྟར་གྱུར་ན་ཅི་ཉེས་ཤེ་ན། དེའི་ཕྱིར་རྣམ་པར་ཤེས་
པ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གལ་ཏེ་རྡུལ་ཕྲ་རབ་ཀྱི་ཕྱོགས་ཆ་ཐ་དད་པ་ཁས་མི་ལེན་ན་དེའི་ཚེ་ཇི་ལྟར་རྣམ་པར་ཤེས་པ་ལུས་མེད་པ་དང་། ཡུལ་ན་མི་གནས་པ་བཞིན་དུ་རྡུལ་ཕྲ་རབ་དག་ཀྱང་དེ་ལྟར་འགྱུར་རོ། །དེ་ལྟར་ཕྱི་རོལ་གྱི་དོན་བཀག་ནས་མཇུག་བསྡུ་བའི་
ཕྱིར་དེ་ལྟར་ན་ཕྱི་རོལ་གྱི་དོན་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གང་དེ་སྐད་བསྟན་པའི་རྣམ་པས་ཕྱི་རོལ་གྱི་དོན་མི་འཐད་དེ། དེ་བས་ན་སྤྲོས་པའི་བག་ཆགས་ཡོངས་སུ་སྨིན་པའི་དབང་གིས་རྣམ་པར་ཤེས་པ་ཉིད་གཟུགས་ལ་སོགས་པའི་དོན་གྱི་རྣམ་པར་འབྱུང་སྟེ།
དཔེར་ན་རྨི་ལམ་གྱི་རྣམ་པར་ཤེས་པ་བཞིན་དུ་ཁས་བླང་བར་བྱའོ། །དེ་ལྟར་ན་རེ་ཞིག་རྣམ་པར་ཤེས་པའི་ཚོགས་ལྔ་པོ་རྣམས་ཀྱི་ཡུལ་བཀག་གོ། །ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་ཡང་དགག་པའི་ཕྱིར། ཚོར་བ་ལ་སོགས་པ་དག་ཀྱང་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ཚོར་བ་
ལ་སོགས་པ་དག་ནི་དུས་གསུམ་དུ་གཏོགས་པ་སྟེ། དེ་ལ་རེ་ཞིག་གང་དག་འདས་པ་དང་མ་འོངས་པ་དེ་དག་ནི་རང་གི་རྣམ་པའི་རྣམ་པར་ཤེས་པ་སྐྱེད་པ་མ་ཡིན་ཏེ། འདས་པ་རྣམས་ནི་འགགས་པའི་ཕྱིར་རོ། །མ་འོངས་པ་རྣམས་ནི་མ་སྐྱེས་པའི་ཕྱིར་རོ། །འགགས་པ་དང་མ་སྐྱེས་
པ་ནི་རྫས་སུ་ཡོད་པ་མ་ཡིན་ན། ཇི་ལྟར་རྣམ་པར་ཤེས་པ་སྐྱེད་པར་འགྱུར། དེ་ལ་འདིར་འགྱུར་ཏེ། ད་ལྟར་གྱི་དག་སྐྱེད་པར་འགྱུར་རོ་ཞེ་ན། དེའི་ཕྱིར་ད་ལྟར་གྱི་དག་ཀྱང་ད་ལྟར་གྱི་རྣམ་པར་ཤེས་པ་སྐྱེད་པ་མ་ཡིན་ཏེ་ཞེས་བྱ་བ་སྨྲས་སོ། །ད་ལྟར་གྱི་ཚོར་བ་ལ་སོགས་པ་དག་ཀྱང་
རང་གི་རྣམ་པའི་རྣམ་པར་ཤེས་པ་མི་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། སྐྱེ་བའི་ཚེ་ན་ནི་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །དེ་ལ་སྐྱེ་བའི་ཚེ་ན་སྐྱེད་པར་འགྱུར་རམ། སྐྱེས་པའི་ཚེ་སྐྱེད་པར་འགྱུར་ཞེས་གཉིས་སུ་བརྟག་གྲང་ན། སྐྱེ་བའི་ཚེ་ན་ནི་ཚོར་བ་ལ་སོགས་པ་ཡོད་པ་མ་

ཡིན་ཏེ། དེའི་ཕྱིར་ཡོད་པ་མ་ཡིན་པས་སྐྱེད་པར་ཇི་ལྟར་འགྱུར། གང་གི་ཚོར་བ་ལ་སོགས་པ་སྐྱེས་པའི་ཚེ་ན་ནི་རྣམ་པར་ཤེས་པ་ཡང་དེའི་རྣམ་པར་སྐྱེས་པ་ཉིད་དོ། །དེའི་ཕྱིར་དེ་ལ་བྱ་བ་ཅུང་ཟད་ཀྱང་མེད་པས་དེ་དག་ནི་དེའི་སྐྱེད་པ་མ་ཡིན་ནོ། །དེ་བས་ན་ཡིད་ཀྱི་རྣམ་པར་ཤེས་པའི་
དམིགས་པ་ཡང་ཅི་ཡང་མེད་པར་གྲུབ་བོ། །དེ་ལྟར་ན་གཟུང་བ་མེད་པས་རྣམ་པར་ཤེས་པ་འཛིན་པར་མི་འགྱུར་ཏེ། གཟུང་བ་དང་འཛིན་པ་མེད་པའི་མཚན་ཉིད་ཆོས་ལ་བདག་མེད་པར་གྲུབ་བོ། །གང་ཟག་ལ་བདག་མེད་པ་ནི་རྣམ་པར་ཤེས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་དུ་བསྟན་
པས་བསྟན་པ་ཡིན་ཏེ། འདི་ལྟར་རྣམ་པར་ཤེས་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར་ཡོད་དོ། །གལ་ཏེ་གང་ཟག་དག་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བར་འདོད་ན་ནི་དེའི་ཚེ་མི་རྟག་པར་འགྱུར་རོ། །མི་རྟག་པ་ལ་བདག་ཏུ་རྟོག་པ་ནི་དོན་མེད་དེ་ལུས་དང་མཚུངས་པའི་ཕྱིར་རོ། །ཇི་སྟེ་
རྟེན་ཅིང་འབྲེལ་བར་འབྱུང་བར་མི་འདོད་ན་ནི་དེ་ལྟ་ན་རྟག་པར་འགྱུར་རོ། །རྟག་པ་ནི་དགེ་བ་དང་མི་དགེ་བའི་ལས་བྱེད་པ་དང་དེའི་འབྲས་བུ་ལ་སྤྱོད་པར་མི་ནུས་ཏེ། འགྱུར་བ་མེད་པའི་ཕྱིར་རོ། །ལྷན་ཅིག་བྱེད་པ་ལ་ལྟོས་ཞེས་བྱར་ནི་བྱེ་བྲག་ཏུ་གྱུར་པ་མེད་པའི་ཕྱིར་མི་འདོད་དོ། །དེའི་
ཕྱིར་ཅུང་ཟད་ཀྱང་བྱེད་པ་མེད་པ་ཡོངས་སུ་བརྟགས་པ་འདིས་ཅི་ཞིག་བྱ་སྟེ། གང་ཟག་ལ་བདག་མེད་པར་ཡང་གྲུབ་པོ། །དེ་ནི་སློབ་དཔོན་སྔ་མ་དག་གིས་ཀྱང་མང་དུ་བསྟན་ཟིན་ཏེ། དེ་བས་ན་འདིར་མངོན་དུ་མ་བཤད་དོ། །འདིར་བརྡ་སྤྲོད་པ་པ་ལ་སོགས་པས་ཕྱིར་རྒོལ་བ་སྟོན་
ཏེ། གཞན་དག་ན་རེ་ཞེས་བྱ་བ་ལ་སོགས་པའོ། །གལ་ཏེ་བདག་དང་ཆོས་དངོས་སུ་མེད་ན་དེའི་ཚེ་རྣམ་པར་ཤེས་པའི་གཟུང་བའི་ཆ་ལ་དེ་ཉེ་བར་འདོགས་པར་མི་རུང་སྟེ། འདི་ལྟར་ཉེ་བར་འདོགས་པ་ནི་གསུམ་ཡོད་ན་འགྱུར་གྱི་གསུམ་པོ་དག་ལས་གང་ཡང་རུང་བ་ཞིག་མེད་
ན་མི་འགྱུར་རོ། །གསུམ་གང་ཞེ་ན། དོན་གྱི་དངོས་དང་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གལ་ཏེ་དོན་གྱི་དངོས་ཡོད་པ་དང་། གལ་ཏེ་དངོས་དང་འདྲ་བ་གཞན་འགའ་ཞིག་ཡོད་པ་དང་། དངོས་དང་དེ་དང་འདྲ་བ་གཉི་ག་དང་འདྲ་བ་ཡང་ཡོད་དེ། གལ་ཏེ་འདྲ་བ་ཅི་ཡང་རུང་བ་

ཞིག་ཡོད་ན་ནི་དེའི་ཚེ་ཉེ་བར་འདོགས་པར་བྱེད་དོ། །འདིར་དཔེ་སྨོས་པ་དཔེར་ན་དངོས་མེད་དང་ཞེས་བྱ་བ་ལ་སོགས་པའོ། །དངོས་མེད་ཡོད་ལ་མེ་དང་འདྲ་བ་བྲམ་ཟེའི་ཁྱེའུ་དང་མེ་དང་བྲམ་ཟེའི་ཁྱེའུ་གཉི་གའི་ཐུན་མོང་གི་ཆོས་ཡང་ན་སེར་བ་ཉིད་དམ།
ཡང་ན་རྣོ་བ་ཉིད་ཡོད་ན་འཇིག་རྟེན་ན་བྲམ་ཟེའི་ཁྱེའུ་ལ་མེར་ཉེ་བར་འདོགས་པར་བྱེད་དོ། །གལ་ཏེ་དེ་ལྟར་རྣམ་པར་ཤེས་པ་གྱུར་པ་ལ་བདག་དང་ཆོས་ཉེ་བར་འདོགས་པར་བྱེད་ན། ཡང་དེའི་ཚེ་བདག་དང་ཆོས་རྣམས་དངོས་སུ་ཡོད་པར་འགྱུར་ཏེ། གཞན་དུ་ན་ནི་ཉེ་བར་འདོགས་པར་མི་
འགྱུར་རོ་ཞེས་ཕྱོགས་སྔ་མའོ། །གྲུབ་པའི་མཐའ་སྨྲ་བས་ཐོག་མ་ཉིད་དུ་དཔེ་སུན་དབྱུང་བའི་ཕྱིར། འདི་ལྟར་བྲམ་ཟེའི་ཁྱེའུ་ལ་མེ་ཉེ་བར་འདོགས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གང་འདི་བྲམ་ཟེའི་ཁྱེའུ་ལ་མེ་ཞེས་དཔེར་གཞག་པ་འདི་ལ་རིགས་མེ་ཉིད་ཅེས་བྱ་བའམ། འོན་
ཏེ་མེའི་རྫས་བྲམ་ཟེའི་ཁྱེའུ་ལ་ཉེ་བར་འདོགས། དེ་ནི་འདི་སྐད་དུ། ཅི་འདི་ལ་མེའི་སྤྱིའམ་འོན་ཏེ་མེའི་རང་གི་མཚན་ཉིད་ཉེ་བར་འདོགས་ཞེས་བསྟན་པར་འགྱུར་རོ། །དེ་ལྟ་ན་དེ་ལ་ཉེས་པ་ཅི་ཡོད་ཅེ་ན་དེའི་ཕྱིར། ཉེ་བར་འདོགས་པ་གཉི་ག་ཡང་མེད་དོ་ཞེས་བྱ་བ་སྨྲས་ཏེ། ཕྱོགས་
གཉི་ག་ཡང་ཉེ་བར་འདོགས་པར་མི་རུང་ངོ་། །རིགས་ཀྱི་ཕྱོགས་ཀྱི་དབང་དུ་བྱས་ནས། དེ་ལ་རེ་ཞིག་ཐུན་མོང་སེར་བ་ཉིད་དམ། རྣོ་བ་ཉིད་ནི་རིགས་ཀྱི་མ་ཡིན་ནོ་ཞེས་བྱ་བ་སྨྲས་སོ། །བྲམ་ཟེའི་ཁྱེའུ་དང་ཐུན་མོང་བ་སེར་བ་ཉིད་དམ་རྣོ་བ་ཉིད་ནི་རིགས་མེ་ཉིད་ལ་མེད་དེ། འདི་ལྟར་
གཞན་དག་རིགས་ནི་སེར་བའམ་རྣོ་བར་མི་འདོད་དོ། །འདི་ལྟར་ཡོན་ཏན་འདི་དག་ནི་རྫས་ཀྱི་ཡིན་གྱི་རིགས་ཀྱི་ནི་མ་ཡིན་པར་འདོད་དོ། །དེ་ལ་འདིར་འགྱུར་ཏེ། ཐུན་མོང་གི་ཆོས་མེད་ཀྱང་རིགས་ཉེ་བར་འདོགས་པར་འགྱུར་རོ། །ཞེ་ན། དེའི་ཕྱིར། ཐུན་མོང་གི་ཆོས་མེད་
པར་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཐུན་མོང་གི་ཆོས་མེད་པ་ནི་བྲམ་ཟེའི་ཁྱེའུ་ལ་རིགས་ཉེ་བར་འདོགས་པར་མི་རུང་ངོ་། །ཅིའི་ཕྱིར་མི་རུང་སྙམ་པ་ལ། ཧ་ཅང་ཐལ་བར་འགྱུར་རོ་ཞེས་བྱ་བ་སྨྲས་སོ། །གལ་ཏེ་ཐུན་མོང་གི་ཆོས་མེད་པར་ཡང་ཉེ་བར་འདོགས་པར་བྱེད་ན་ནི་དེའི་ཚེ་ཐམས་

ཅད་ལ་ཐམས་ཅད་ཉེ་བར་འདོགས་པར་ཐལ་བར་འགྱུར་རོ། །དེ་ནི་འདི་སྐད་དུ། འདྲ་བ་ནི་ཉེ་བར་འདོགས་པའི་གཞི་ཡིན་ནོ། །གལ་ཏེ་འདྲ་བ་མེད་པར་ཡང་ཉེ་བར་འདོགས་པར་བྱེད་ན་ནི་དེའི་ཚེ་ངེས་པར་བྱེད་པ་མེད་པས་ཐམས་ཅད་ལ་ཐལ་བར་འགྱུར་རོ་ཞེས་བསྟན་པར་འགྱུར་རོ། །བརྒྱ་
ལ་གཞན་ཉེ་བར་འདོགས་པའི་གཞི་གཞན་སྨྲ་བར་དོགས་ནས། རིགས་ཆོས་ཉིད་དེ་གཉིས་དང་ལྡན་པ་མ་ཡིན་ཡང་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །རིགས་ནི་རྣོ་བ་ལ་སོགས་པའི་ཆོས་ཅན་མ་ཡིན་དུ་ཟིན་ཀྱང་། རྣོ་བ་ཉིད་དང་སེར་བ་ཉིད་ནི་རིགས་མེ་ཉིད་མེད་ན་མེད་དེ། དེའི་ཕྱིར་
རྣོ་བ་ཉིད་དང་སེར་བ་ཉིད་རིགས་མེད་ན་མེད་པས་བྲམ་ཟེའི་ཁྱེའུ་ལ་རིགས་མེ་ཉིད་ཉེ་བར་འདོགས་པར་འགྱུར་རོ། །དེ་ནི་འདི་སྐད་དུ་ཐུན་མོང་གི་ཆོས་མེད་དུ་ཟིན་ཀྱང་མེད་ན་མེ་མི་འབྱུང་བ་ནི་འདིར་ཉེ་བར་འདོགས་པའི་རྒྱུ་ཡིན་ཏེ། དེའི་ཕྱིར་ཧ་ཅང་ཐལ་བར་མི་འགྱུར་རོ་ཞེས་བསྟན་པར་འགྱུར་རོ། །
ཆོས་ཉིད་དེ་གཉིས་དང་ལྡན་པ་མ་ཡིན་ཡང་ཞེས་བྱ་བ་ལ། རྣོ་བ་ཉིད་དང་སེར་བ་ཉིད་དེ་གཉིས་ནི་ཆོས་སོ། །རིགས་གང་ཡིན་པ་དེ་ནི་ཆོས་དེ་གཉིས་དང་ལྡན་པའོ། །དེའི་དངོས་པོ་ནི་དེའི་ཆོས་ཉིད་དོ། །ཆོས་ཉིད་དེ་གཉིས་དང་མི་ལྡན་པ་ནི་ཆོས་ཉིད་དེ་གཉིས་དང་ལྡན་པ་མ་ཡིན་པའོ། །དེའི་
ཕྱིར་ཆོས་ཉིད་དེ་གཉིས་དང་ལྡན་པ་མ་ཡིན་པ་དེ་ནི་རིགས་ལ་རྣོ་བ་ཉིད་དང་སེར་བ་ཉིད་ཀྱི་ཆོས་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །མེད་པར་མི་འབྱུང་བ་ཡང་འདིར་མེད་པར་བསྟན་པའི་ཕྱིར། རིགས་མེད་པ་ཡང་རྣོ་བ་ཉིད་དང་སེར་བ་ཉིད་བྲམ་ཟེའི་ཁྱེའུ་ལ་མཐོང་བའི་ཕྱིར་ཞེས་བྱ་བ་ལ་སོགས་
པ་སྨྲས་ཏེ། འདི་ལྟར་རྣོ་བ་ཉིད་དང་སེར་བ་ཉིད་ནི་རིགས་མེ་ཉིད་མེད་པར་ཡང་བྲམ་ཟེའི་ཁྱེའུ་ལ་སྣང་སྟེ། དེ་བས་ན་མེད་པར་མི་འབྱུང་བ་དེ་གཉིས་ཀྱང་མི་རིགས་སོ། །འདི་ལྟར་རིགས་མེ་ཉིད་ནི་བྲམ་ཟེའི་ཁྱེའུ་ལ་མེད་ལ་རྣོ་བ་ཉིད་དང་སེར་བ་ཉིད་ནི་དེ་ལ་ཡོད་ན། དེ་གཉིས་རིགས་མེ་ཉིད་མེད་
པར་མི་འབྱུང་བར་ཇི་ལྟར་འགྱུར། བརྒྱ་ལ་ཉེས་པ་དེ་ཉིད་ཀྱིས་འཇིགས་ནས་གཞན་བྲམ་ཟེའི་ཁྱེའུ་ལ་ཡང་རིགས་མེད་པར་མི་འབྱུང་བ་དེ་གཉིས་ཡོད་པར་འདོད་ན་དེའི་ཕྱིར། མེད་པར་མེ་འབྱུང་བ་ནི་ཉེ་བར་འདོགས་པ་མེད་དེ་ཞེས་བྱ་བ་སྨྲས་སོ། །གལ་ཏེ་བྲམ་ཟེའི་ཁྱེའུ་ལ་ཡང་རྣོ་བ་ཉིད་དང་སེར་བ་

ཉིད་རིགས་མེད་པར་མི་འབྱུང་བ་ཡང་ཡོད་པར་འདོད་ན་ནི་དེའི་ཚེ་བྲམ་ཟེའི་ཁྱེའུ་ལ་རིགས་ཉེ་བར་གདགས་པར་མི་བྱའོ། །ཅིའི་ཕྱིར་ཞེ་ན། མེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདི་ལྟར་ཇི་ལྟར་མེ་ལ་རིགས་མེ་ཉིད་དངོས་སུ་ཡོད་པ་དེ་བཞིན་དུ། བྲམ་ཟེའི་
ཁྱེའུ་ལ་ཡང་ཡོད་ན་ནི་དེའི་ཕྱིར་ཉེ་བར་གདགས་ཅི་དགོས། དེ་ནི་འདི་སྐད་དུ་གལ་ཏེ་བྲམ་ཟེའི་ཁྱེའུ་ལ་ཡང་རྣོ་བ་ཉིད་དང་སེར་བ་ཉིད་རིགས་མེད་པར་མི་འབྱུང་བ་ཡང་ཡོད་པར་འདོད་ན་ནི། དེའི་ཚེ་དེ་ལ་དེ་ཡོད་པ་ཉིད་དུ་ཁས་བླངས་པ་ཡིན་ཏེ། དེའི་ཕྱིར་ཡོད་པས་ཉེ་བར་གདགས་ཅི་དགོས་ཏེ།
གང་ལ་གང་མེད་པ་དེ་ལ་དེ་ཉེ་བར་འདོགས་པ་ནི་མི་རིགས་སོ་ཞེས་བསྟན་པར་འགྱུར་རོ། །དེ་ལྟར་ཉེ་བར་འདོགས་པའི་གཞི་བསལ་ནས་མཇུག་བསྡུ་བའི་ཕྱིར། དེ་བས་ན་བྲམ་ཟེའི་ཁྱེའུ་ལ་རིགས་ཉེ་བར་གདགས་སུ་མི་རུང་ངོ་ཞེས་བྱ་བ་སྨྲས་ཏེ། འདི་ལྟར་ཉེ་བར་གདགས་པའི་གཞི་དེ་ལྟ་བུ་
རྣམ་པ་གཉིས་ཀ་ཡང་རིགས་ལ་མི་འཐད་པས་དེའི་ཕྱིར་བྲམ་ཟེའི་ཁྱེའུ་ལ་རིགས་ཉེ་བར་འདོགས་པ་མི་སྲིད་པར་གནས་སོ། །རིགས་ཉེ་བར་འདོགས་པར་མི་འགྱུར་དུ་ཟིན་ཀྱང་རྫས་ཉེ་བར་འདོགས་པར་འགྱུར་རོ་ཞེ་ན། དེའི་ཕྱིར། རྫས་ཀྱང་ཉེ་བར་གདགས་སུ་མི་རུང་སྟེ། ཞེས་བྱ་བ་སྨྲས་ཏེ།
མེའི་རྫས་ཀྱང་བྲམ་ཟེའི་ཁྱེའུ་ལ་ཉེ་བར་འདོགས་མི་སྲིད་དོ། །ཅིའི་ཕྱིར་ཞེ་ན། སྤྱིའི་ཆོས་མེད་པའི་ཕྱིར་རོ། །ཞེས་བྱ་བ་སྨྲས་ཏེ། འདི་ལྟར་མེ་དང་བྲམ་ཟེའི་ཁྱེའུའི་ཐུན་མོང་གི་ཆོས་ནི་གང་ཡང་མེད་དོ། །ཡོན་ཏན་རྣོ་བ་དང་སེར་བ་ཐུན་མོང་པ་ཡོད་པ་མ་ཡིན་ནམ་ཞེ་ན། ཐུན་མོང་གི་ཆོས་མེད་ཅེས་
སྨྲ་ཞེ་ན། དེའི་ཕྱིར་མེའི་ཡོན་ཏན་རྣོ་བ་དང་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ཡོན་ཏན་རྣོ་བ་དང་སེར་བ་ནི་དེ་གཉིས་ཀྱི་ཐུན་མོང་མ་ཡིན་ཏེ། འདི་ལྟར་མེའི་ཡོན་ཏན་རྣོ་བའམ་སེར་བ་གང་ཡིན་པ་དེ་ཉིད་ནི་བྲམ་ཟེའི་ཁྱེའུའི་ཡིན་པར་མི་འདོད་དོ། །དེའི་ཕྱིར་བྲམ་ཟེའི་ཁྱེའུའི་ཡོན་ཏན་རྣོ་བའམ་སེར་
བ་ནི་མེའི་ཡོན་ཏན་རྣོ་བ་དང་སེར་བ་ལས་གཞན་ནོ། །དེ་དེ་ལས་གཞན་པར་ཇི་ལྟར་ཤེས་ཤེ་ན། དེའི་ཕྱིར་བྱེ་བྲག་ནི་རང་གི་གནས་དང་འབྲེལ་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །འདི་ལྟར་བྱེ་བྲག་གང་ཡིན་པ་དེ་དག་ནི། རང་རང་གི་གནས་དང་འབྲེལ་བ་ཡིན་གྱི། གནས་གཞན་དུ་འགྲོ་བར་

མི་ནུས་ཏེ། འདི་ལྟར་མེ་ནི་ཤིང་བསྲེགས་པར་ནུས་པས་རྣོ་བའི་སྒྲར་བརྗོད་དོ། །བྲམ་ཟེའི་ཁྱེའུ་ནི་བྱེད་པ་རྣམས་ལ་གཡེར་བས་རྣོ་བའི་སྒྲར་བརྗོད་དོ། །དེ་བཞིན་དུ་ཡོན་ཏན་སེར་བ་ཡང་ཐ་དད་དུ་བརྗོད་པར་བྱའོ། །དེ་ལ་འདིར་འགྱུར་ཏེ། བྲམ་ཟེའི་ཁྱེའུའི་ཡོན་ཏན་རྣོ་བའམ་སེར་བ་གང་ཡིན་པ་
དེ་ཉིད་ལ་བརྟེན་ཏེ། བྲམ་ཟེའི་ཁྱེའུ་ལ་མེར་ཉེ་བར་འདོགས་སོ་ཞེ་ན། དེའི་ཕྱིར། མེའི་ཡོན་ཏན་མེད་པར་བྲམ་ཟེའི་ཁྱེའུ་ལ་མེ་ཉེ་བར་གདགས་པ་ནི་མི་རིགས་སོ་ཞེས་བྱ་བ་སྨྲས་སོ། །བྲམ་ཟེའི་ཁྱེའུའི་ཡོན་ཏན་རྣོ་བའམ་སེར་བ་གང་ཡིན་པ་དེ་ནི་མེའི་ཡོན་ཏན་མ་ཡིན་ཏེ། དེའི་ཕྱིར་ཇི་ལྟར་
གཞན་གྱི་ཡོན་ཏན་གྱིས་བྲམ་ཟེའི་ཁྱེའུ་ལ་མེར་ཉེ་བར་གདགས་པར་རུང་། དེ་ལྟར་གྱུར་ན་ནི་ཧ་ཅང་ཐལ་བར་འགྱུར་རོ། །བརྒྱ་ལ་གཞན་གྱིས་དེ་གཉིས་ཀྱི་འདྲ་བ་གཞན་དུ་བརྗོད་དུ་དོགས་པས། གལ་ཏེ་མེའི་ཡོན་ཏན་དང་འདྲ་བས་རིགས་སོ་ཞེ་ན་ཞེས་བྱ་བ་སྨྲས་སོ། །ཡོན་ཏན་རྣོ་བའམ་སེར་
བ་ཉིད་གཉིས་རང་གི་གནས་ལ་ངེས་པའི་ཕྱིར་བྲམ་ཟེའི་ཁྱེའུ་ལ་མེར་ཉེ་བར་གདགས་སུ་མི་རུང་ཡང་མེའི་ཡོན་ཏན་དང་འདྲ་བས་ཉེ་བར་འདོགས་པར་འགྱུར་ཏེ། འདི་ལྟར་མེའི་ཡོན་ཏན་རྣོ་བའམ་སེར་བ་གང་ཡིན་པ་དང་། བྲམ་ཟེའི་ཁྱེའུའི་ཡོན་ཏན་རྣོ་བའམ་སེར་བ་གང་ཡིན་པ་དེ་དག་ནི་འདྲ་བ་ཡོད་
པས་དེའི་ཕྱིར་འདྲ་བ་དེ་ལ་བརྟེན་ཏེ་བྲམ་ཟེའི་ཁྱེའུ་ལ་མེར་ཉེ་བར་འདོགས་པས་འགལ་པ་མེད་དོ། །མེའི་ཡོན་ཏན་དང་འདྲ་བས་རིགས་སོ་ཞེས་བྱ་བ་འདི་ལ་ཡོན་ཏན་དང་འདྲ་བ་ཞེས་པའི་སྒྲ་ནི་ཡོན་ཏན་གྱི་རིགས་སུ་འདོད་དོ། །འདྲ་བ་རྣམ་པ་འདི་ལྟ་བུ་འདི་ནི་སྐབས་ཀྱི་སྐྱབས་སུ་ཅུང་ཟད་ཀྱང་མི་
འགྱུར་བར་བསྟན་པའི་ཕྱིར། དེ་ལྟ་ན་ཡང་འདྲ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གལ་ཏེ་ཡོན་ཏན་འདྲ་བ་དེ་ཡོད་དུ་ཟིན་ཀྱང་དེ་དག་ཡོན་ཏན་འདྲ་བའི་ཕྱིར། མེའི་ཡོན་ཏན་རྣོ་བ་ཉིད་དམ་སེར་བ་ཉིད་བྲམ་ཟེའི་ཁྱེའུའི་ཡོན་ཏན་རྣོ་བ་ཉིད་དམ་སེར་བ་ཉིད་ལ་ཉེ་བར་གདགས་སུ་ནི་རུང་གི་བྲམ་
ཟེའི་ཁྱེའུ་ལ་མེ་ཉེ་བར་གདགས་སུ་ནི་མི་རུང་སྟེ། འདི་ལྟར་མེ་ནི་ཡོན་ཏན་གྱི་རིགས་དང་འབྲེལ་པ་ཉིད་མེད་དོ། །འདི་ལྟར་ཡོན་ཏན་གྱི་རིགས་ནི་ཡོན་ཏན་རྣམས་དང་ལྡན་གྱི། རྫས་དང་ནི་མ་ཡིན་ནོ། །དེ་ལྟར་རྫས་ཉེ་བར་གདགས་པ་བཀག་ནས་མཇུག་བསྡུ་བའི་ཕྱིར། གང་གི་ཕྱིར་འདི་རྫས་ལ་

ཡང་ཐུན་མོང་གི་ཆོས་གང་ཡང་མེད་དེ། དེ་བས་ན་བྲམ་ཟེའི་ཁྱེའུ་ལ་མེའི་རྫས་ཉེ་བར་གདགས་སུ་ཡང་མི་རུང་ངོ་ཞེས་བྱ་བ་སྨྲས་སོ། །དེ་ལྟར་དཔེ་ལ་ཉེ་བར་འདོགས་པ་བཀག་ནས། དོན་གྱི་དངོས་དགག་པའི་ཕྱིར་དོན་གྱི་དངོས་ཀྱང་མེད་དེ་ཞེས་བྱ་བ་སྨྲས་སོ། །དངོས་
ཡོད་ན་ཉེ་བར་འདོགས་པར་འགྱུར་རོ་ཞེས་གང་སྨྲས་པ་དེ་ཡང་རིགས་པ་མ་ཡིན་ཏེ། འདི་ལྟར་དོན་གྱི་དངོས་ཉིད་གང་ཡང་མེད་དོ། །ཅིའི་ཕྱིར་མེད་སྙམ་པ་ལ་དེའི་རང་གི་ངོ་བོ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་དངོས་ཀྱི་རང་གི་ངོ་བོ་གང་ཡིན་པ་དེ་ནི་ཤེས་པ་ཐམས་ཅད་དང་བརྗོད་པ་
ཐམས་ཅད་ཀྱི་ཡུལ་ལས་འདས་པའི་ཕྱིར་རོ། །ཅིའི་ཕྱིར་འདས་ཞེ་ན་དེའི་ཕྱིར་གཙོ་བོ་ལ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདི་ལྟར་གཙོ་བོ་ལ་ཤེས་པ་དང་བརྗོད་པ་ཡོན་ཏན་ཅན་གྱི་ཚུལ་གྱིས་རྟག་ཏུ་འཇུག་པར་ཟད་དེ། དེའི་རང་གི་ངོ་བོ་ལ་མི་རེག་གོ། །འདི་ལྟར་གཙོ་བོ་ལ་ནི་རྟག་ཏུ་ཡོན་ཏན་
དང་ལྡན་ན་རྟོགས་ཀྱི། རང་གི་ངོ་བོ་ནི་མི་རྟོགས་སོ་ཞེས་འདི་ནི་ཕ་རོལ་གྱི་གྲུབ་པའི་མཐའོ། །གཙོ་བོའི་སྒྲ་ནི་འདིར་བྱེ་བྲག་གི་གཞིར་བརྗོད་པ་ཡིན་ཏེ་རྫས་ལ་སོགས་པའོ། །ཡོན་ཏན་གྱི་སྒྲ་ནི་འདིར་བྱེ་བྲག་ཏུ་བརྗོད་པ་ཡིན་ཏེ། དཀར་པོ་ལ་སོགས་པའོ། །དེ་ལ་འདིར་འགྱུར་ཏེ། གཙོ་
བོའི་རང་གི་ངོ་བོ་ལ་ཡང་ཤེས་པ་དང་བརྗོད་པ་གཉིས་ཀྱིས་རེག་གོ་སྙམ་པ་ལ་དེའི་ཕྱིར། གཞན་དུ་ན་ཡོན་ཏན་དོན་མེད་པར་འགྱུར་རོ་ཞེས་བྱ་བ་སྨྲས་སོ། །གལ་ཏེ་གཙོ་བོའི་རང་གི་ངོ་བོ་ལ་ཡང་ཤེས་པ་དང་། བརྗོད་པ་གཉིས་ཀྱིས་རེག་པར་ནུས་ན། དེའི་ཚེ་ཅིའི་ཕྱིར་ཡོན་ཏན་རྣམས་
ཡོངས་སུ་བརྟག །གལ་ཏེ་གཙོ་བོ་ལ་ཤེས་པ་དང་། བརྗོད་པ་གཉིས་དངོས་སུ་འཇུག་པ་མེད་ན་ནི་དེའི་ཚེ་གཙོ་བོ་ནི་ཡོན་ཏན་གྱི་ངོ་བོར་གྱུར་པ་ཤེས་ཏེ། ཡོན་ཏན་ཡོངས་སུ་བརྟགས་པར་རིགས་སོ། །གང་གི་ཚེ་གཙོ་བོའི་རང་གི་ངོ་བོ་ཤེས་པ་དང་བརྗོད་པ་གཉིས་ཀྱིས་མངོན་སུམ་དུ་ཤེས་ན་
ནི་དེའི་ཚེ་ཡོན་ཏན་རྣམས་ཅི་དགོས། །དེ་ལ་འདིར་འགྱུར་ཏེ། ཤེས་པ་དང་བརྗོད་པ་གཉིས་གཙོ་བོའི་རང་གི་ངོ་བོ་ལ་མངོན་སུམ་དུ་འཇུག་པ་ནི་མེད་མོད་ཀྱི། འོན་ཏེ་ཅིས་ཀྱང་ཐབས་གཞན་འགའ་ཞིག་གི་གཙོ་བོའི་རང་གི་ངོ་བོ་ཤེས་པར་བྱེད་དོ་སྙམ་པ་ལ་དེའི་ཕྱིར། ཤེས་པ་དང་བརྗོད་པ་མ་

གཏོགས་པར་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །བློ་དང་སྒྲ་མ་གཏོགས་པར་གང་གི་གཙོ་བོ་དེ་ཤེས་པའི་གཙོ་བོའི་རང་གི་ངོ་བོ་ཡོངས་སུ་གཅོད་པའི་ཐབས་གཞན་མེད་དོ། །དེ་ལྟར་གཙོ་བོའི་རང་གི་ངོ་བོ་ཡོངས་སུ་གཅོད་པའི་ཐབས་མེད་པར་བསྟན་ནས་མཇུག་བསྡུ་བའི་ཕྱིར།
དེའི་ཕྱིར་གཙོ་བོའི་རང་གི་ངོ་བོའི་ཡུལ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གང་གི་ཕྱིར་འདི་ལྟར་གཙོ་བོ་དེའི་རང་གི་ངོ་བོ་ཡོངས་སུ་གཅོད་པའི་ཐབས་གཞན་ནི་གང་ཡང་མེད་ལ། ཤེས་པ་དང་བརྗོད་པ་གཉིས་ནི་དེ་ལ་མི་འཇུག་པ་དེའི་ཕྱིར་དོན་གྱི་དངོས་མེ་ལ་སོགས་པ་གང་ཡང་མེད་པར་
ཁོང་དུ་ཆུད་པར་བྱའོ། །མེའི་རྫས་ལ་བློ་དང་སྒྲ་མངོན་སུམ་དུ་འཇུག་པ་མེད་པས། དེ་དངོས་ཉིད་མ་ཡིན་དུ་ཟིན་ཀྱང་མེ་ཉིད་ཀྱི་རིགས་ལ་བློ་དང་སྒྲ་མངོན་སུམ་དུ་འཇུག་སྟེ། དེའི་ཕྱིར་དེ་ཉིད་དངོས་སུ་འགྱུར་རོ་ཞེ་ན། ཀྱེ་དེ་ཡང་རྫས་ཉིད་དུ་མི་རུང་སྟེ། འདི་ལྟར་དེ་ཡང་སྒྲའི་རང་གི་ངོ་བོས་
བསྒྱུར་ནས་ཤེས་པ་དང་བརྗོད་པ་གཉིས་ཀྱིས་ཤེས་ཀྱི། རང་གི་ངོ་བོ་ནི་མི་ཤེས་ན། དེ་ཇི་ལྟར་དངོས་ཉིད་དུ་འགྱུར། སྒྲ་ལ་བློ་དང་སྒྲ་གཉིས་མངོན་སུམ་དུ་འཇུག་སྟེ། དེའི་ཕྱིར་སྒྲ་དེ་ཉིད་དངོས་སུ་འགྱུར་རོ་སྙམ་པ་ལ། དེའི་ཕྱིར་དེ་བཞིན་དུ་སྒྲའི་བར་དུ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །
ཇི་ལྟར་རྫས་དང་རིགས་ལ་ཤེས་པ་དང་བརྗོད་པ་གཉིས་མངོན་སུམ་དུ་འཇུག་པ་དེ་བཞིན་དུ། སྒྲ་ལ་ཡང་དེ་གཉིས་མངོན་སུམ་དུ་འཇུག་པ་མེད་པ་ཉིད་དེ། འདི་ལྟར་སྒྲའི་རང་གི་ངོ་བོ་དང་བརྗོད་པ་ནི་འབྲེལ་པ་མེད་དེ། སྒྲའི་རང་གི་ངོ་བོ་དང་བརྗོད་པ་ཐ་དད་པ་མེད་པའི་ཕྱིར་རོ། །ཐ་
དད་པ་ནི་འབྲེལ་པའི་གནས་ཡིན་ན་ནི། ཐ་དད་པ་མེད་པས་དེ་ཇི་ལྟར་རུང་བར་འགྱུར། གཞན་དག་ནི་འབྲེལ་པ་མེད་པར་གང་དུ་ཡང་བརྗོད་པ་མི་འཇུག་སྟེ། གང་དུ་བརྗོད་པ་འཇུག་པ་མེད་པ་དེར་ཤེས་པས་ཡང་མི་འཇུག་པར་འདོད་དོ། །འདི་ལྟར་གཞན་དག་ནི་ཤེས་པ་ཐམས་ཅད་རྣམ་
པར་རྟོག་པ་དང་བཅས་པར་འདོད་པས། དེ་ཇི་ལྟར་མངོན་པར་བརྗོད་པ་ལ་མི་ལྟོས་པར་འཇུག །རིགས་དང་ཡོན་ཏན་དང་། བྱེད་པ་ཡང་སྒྲའི་རང་གི་ངོ་བོ་ལ་མི་ལྟོས་པར་ཤེས་པས་མི་འཛིན་ཏོ། །དེའི་ཕྱིར་རྟོག་པ་དེ་དག་ཀྱང་གཞན་ལ་མི་སྲིད་དོ། །དེ་ལྟར་ཤེས་པ་དང་བརྗོད་པ་

མེད་པར་བསྟན་ནས་མཇུག་བསྡུ་བའི་ཕྱིར། དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གི་ཕྱིར་དེ་ལྟར་ཤེས་པ་དང་། བརྗོད་པ་གང་དུ་ཡང་མངོན་སུམ་དུ་མི་འཇུག་པ་དེའི་ཕྱིར། རྗོད་པ་དང་བརྗོད་པར་བྱ་བ་མེད་པས་དོན་གྱི་དངོས་པོ་མེད་པར་གྲུབ་བོ། །དེ་ལྟར་
དངོས་ཉིད་བཀག་ནས་བཏགས་པ་མངོན་སུམ་དུ་བསྟན་པའི་ཕྱིར། ཡང་འདི་དག་ཐམས་ཅད་ནི་བཏགས་པ་ཉིད་ཅེས་བྱ་བ་ལ་སོགས་པ་སྨྲས་སོ། །ཁྱེད་ཀྱི་གཞུང་ལྟར་ན་དངོས་པོ་གང་ཇི་སྙེད་པ་ཐམས་ཅད་ནི་བཏགས་པ་ཁོ་ན་ཡིན་གྱི། དངོས་ནི་མེད་དེ་འདི་ལྟར་གང་ན་གང་མེད་པའི་ཚུལ་
གྱིས་འཇུག་པ་དེ་ནི་བཏགས་པ་ཞེས་བྱའོ། །སྒྲ་ཐམས་ཅད་འཇུག་པ་ནི་གཙོ་བོ་མེད་པར་བཏགས་པའི་ངོ་བོ་གང་ཡིན་པའི་ངོ་བོ་དེས་དེ་ལ་འཇུག་གོ། །དེ་ནི་འདི་སྐད་དུ་གཙོ་བོ་ནི་བཏགས་པའི་ངོ་བོར་གྱུར་ནས་སྒྲས་ཤེས་པར་བྱེད་ཀྱི་རང་གི་ངོ་བོ་ཤེས་པར་བྱེད་པ་ནི་མ་ཡིན་ནོ། དེ་དངོས་སུ་ཇི་
ལྟར་འགྱུར་ཞེས་བསྟན་པར་འགྱུར་རོ། །དང་པོ་ནས་མཇུག་བསྡུ་བའི་ཕྱིར། དེ་ལ་བདག་དང་ཆོས་དངོས་སུ་མེད་ན་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་ལྟར་ཁྱེད་ཀྱི་གཞུང་ལྟར་ན་དངོས་པོ་གང་ཡང་མེད་དེ། དེ་བས་ན་བདག་དང་ཆོས་དངོས་སུ་མེད་ན་ཉེ་བར་འདོགས་པ་མི་རིགས་
སོ་ཞེས་གང་སྨྲས་པ་དེ་མི་རིགས་སོ།། །།བམ་པོ་གཉིས་པ། དེ་ལྟར་སྐབས་སུ་བཤད་པ་རྫོགས་པར་བྱས་ཏེ་དཀྱུས་མ་བརྗོད་པའི་ཕྱིར། རྣམ་པར་ཤེས་པ་གྱུར་པ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །རྣམ་པར་ཤེས་པ་གྱུར་པ་གོང་དུ་བསྟན་པ་གང་ཡིན་པ་དེའི་དབྱེ་
བ་མི་ཤེས་པས་དེའི་ཕྱིར་དེ་སྟོན་ཏོ། །ཚིག་གང་གིས་བསྟན་ཞེས་དྲིས་པ་དང་དེའི་ཕྱིར་གྱུར་པ་དེ་ཡང་རྣམ་པ་གསུམ་སྟེ་ཞེས་བྱ་བ་སྨྲས་སོ། །རྣམ་པར་ཤེས་པ་གྱུར་པ་གང་ལ་བདག་ཉེ་བར་འདོགས་པ་དང་ཆོས་ཉེ་བར་འདོགས་པར་བྱེད་པ་དེ་རྣམ་པ་གསུམ་དུ་བལྟ་བར་བྱའོ། །
རྣམ་པ་གསུམ་པོའི་རབ་ཏུ་དབྱེ་བ་ཡང་བསྟན་པའི་ཕྱིར་རྒྱུའི་དངོས་པོ་དང་འབྲས་བུའི་དངོས་པོས་ཐ་དད་དོ་ཞེས་བྱ་བ་སྨྲས་སོ། །རྣམ་པར་ཤེས་པ་གྱུར་པ་རྣམ་པ་གསུམ་པོ་དེ་ནི་རྒྱུ་ཁོ་ན་དང་འབྲས་བུ་ཁོ་ནས་ཐ་དད་དེ། རྒྱུར་གྱུར་པ་དང་འབྲས་བུར་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ། །

དང་པོ་པ་བསྟན་པའི་ཕྱིར། དེ་ལ་རྒྱུར་གྱུར་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཀུན་གཞིའི་རྣམ་པར་ཤེས་པ་ལ་རྣམ་པར་སྨིན་པའི་བག་ཆགས་དང་རྒྱུ་མཐུན་པའི་བག་ཆགས་རྒྱས་པ་གང་ཡིན་པ་དེ་རྒྱུར་གྱུར་པ་ཞེས་བྱ་སྟེ། བག་ཆགས་ཡོངས་སུ་བརྟས་པའི་ཀུན་གཞིའི་རྣམ་
པར་ཤེས་པ་ལ་རྒྱུར་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ། །རྣལ་འབྱོར་སྤྱོད་པ་རྣམས་ཀྱི་ལོ་རྒྱུས་རྣམ་པ་གསུམ་སྟེ། ཁ་ཅིག་ནི་སྔོན་མེད་པ་ཉིད་ཀྱི་བག་ཆགས་སྐྱེད་དོ་ཞེས་ཟེར། གཞན་དག་ན་རེ་བག་ཆགས་ནི་དུས་ཐམས་ཅད་ན་ཡོད་པ་དེ་ནི་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱིས་
ཡོངས་སུ་བརྟས་པར་བྱེད་པར་ཟད་དེ་ཡོངས་སུ་བརྟས་ནས་དེའི་འབྲས་བུ་མངོན་པར་བསྒྲུབ་ནུས་སོ་ཞེས་ཟེར། གཞན་དག་ནི་སྔ་མ་ནས་ཡོད་པའི་བག་ཆགས་ཀྱང་ཡོངས་སུ་བརྟས་པར་བྱེད་ལ་སྔོན་མེད་པ་དག་ཀྱང་སྐྱེད་དོ་སྙམ་དུ་སེམས་སོ། །འདི་ནི་འགྲེལ་པ་བྱེད་པས་ཕྱོགས་པར་
མ་གཞག་གོ། །གྱུར་པ་གཉིས་པ་བསྟན་པའི་ཕྱིར་འབྲས་བུ་གྱུར་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །སྔོན་གྱི་ལས་ཀྱི་རིས་མཐུན་པ་གང་དུ་ཀུན་གཞིའི་རྣམ་པར་ཤེས་པ་འཕངས་པར་གྱུར་པ་དེ་ཡོངས་སུ་རྫོགས་ལ། རྣམ་པར་སྨིན་པའི་བག་ཆགས་འབྱུང་བ་རྙེད་ནས་རིས་
མཐུན་པ་གཞན་དག་ཏུ་ཀུན་གཞིའི་རྣམ་པར་ཤེས་པ་མངོན་པར་འགྲུབ་པ་གང་ཡིན་པ་དེ་འབྲས་བུ་གྱུར་པའོ། །དེ་བཞིན་དུ་རྒྱུ་མཐུན་པའི་བག་ཆགས་འབྱུང་བ་རྙེད་ནས་འཇུག་པའི་རྣམ་པར་ཤེས་པ་དག་དང་། ཉོན་མོངས་པ་ཅན་གྱི་ཡིད་ཀུན་གཞིའི་རྣམ་པར་ཤེས་པ་ལས་མངོན་
པར་འགྲུབ་པ་གང་ཡིན་པ་དེ་འབྲས་བུ་གྱུར་པའོ། །འབྱུང་བ་རྙེད་ཅེས་བྱ་བའི་སྒྲ་ནི་དེ་མ་ཐག་ཏུ་འབྲས་བུ་སྐྱེད་ནུས་པ་ལ་བྱའོ། །རྣམ་པར་ཤེས་པ་གྱུར་པ་གསུམ་པོ་དེ་དག་གི་ནང་ནས་གང་ཞིག་གིས་བག་ཆགས་གང་སྐྱེད་ཅེ་ན། དེའི་ཕྱིར། དེ་ལ་འཇུག་པའི་རྣམ་པར་ཤེས་པ་
དགེ་བ་དང་མི་དགེ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འཇུག་པའི་རྣམ་པར་ཤེས་པ་དགེ་བ་དང་མི་དགེ་བ་ནི་རྣམ་པར་སྨིན་པའི་འབྲས་བུ་བསྒྲུབ་པའི་ཕྱིར་ཀུན་གཞིའི་རྣམ་པར་ཤེས་པ་ལ་རྣམ་པར་སྨིན་པའི་བག་ཆགས་སྐྱེད་དོ། །དེ་ལས་གཞན་པ་དགེ་བ་དང་མི་དགེ་བའི་རྣམ་

པར་ཤེས་པ་བསྒྲུབ་པའི་ཕྱིར་རྒྱུ་མཐུན་པའི་བག་ཆགས་སྐྱེད་དེ། དེའི་སྟོབས་ཀྱིས་ཚེ་འདི་ཉིད་དང་གཞན་ན་དེའི་རིགས་ཀྱི་སེམས་འབྱུང་ངོ་། །འཇུག་པའི་རྣམ་པར་ཤེས་པ་ལུང་དུ་མ་བསྟན་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་དེ་གཉིས་ནི་རང་དང་མཐུན་པའི་
འབྲས་བུ་བསྒྲུབ་པའི་ཕྱིར། རྒྱུ་མཐུན་པའི་བག་ཆགས་ཉིད་སྐྱེད་དོ། །ཚིག་ལེའུར་བྱས་པའི་གཞི་གདིང་བའི་ཕྱིར། གྱུར་པ་རྣམ་གསུམ་བཤད་པ་གང་ཡིན་པ་དེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གྲངས་ཙམ་བསྟན་པས་བྱེ་བྲག་མི་ཤེས་ཏེ། །དེ་བས་ན་བྱེ་བྲག་བསྟན་པའི་དོན་དུ་
རང་གི་མིང་གིས་གྱུར་པ་གསུམ་པོ་བསྟན་པའི་ཕྱིར། རྣམ་པར་སྨིན་དང་ངར་སེམས་དང་། །ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་དགྲོལ་བའི་ཕྱིར་གྱུར་པའི་རྣམ་པ་གསུམ་པོ་དེ་དག་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ། །རྣམ་པར་ཤེས་པ་གྱུར་པ་
གསུམ་པོ་རྣམས་ཀྱི་རང་གི་ངོ་བོ་མདོར་བསྟན་པར་བྱ་བའི་ཕྱིར། དེ་ལ་ལས་དགེ་བ་དང་མི་དགེ་བའི་བག་ཆགས་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ལས་དགེ་བ་དང་མི་དགེ་བའི་བག་ཆགས་ཡོངས་སུ་སྨིན་པ་རྣམས་ཀྱིས་འབྲས་བུ་མངོན་པར་བསྒྲུབས་པ་གང་ཡིན་པ་དེ་རྣམ་པར་སྨིན་
པ་ཞེས་བྱའོ། །ཉོན་མོངས་པ་ཅན་གྱི་ཡིད་གང་ཡིན་པ་དེ་ནི་དུས་ཐམས་ཅད་དུ་ངར་སེམས་པའི་ངོ་བོ་ཉིད་ཡིན་པས་ངར་སེམས་པ་ཞེས་བྱའོ། །གཟུགས་ལ་སོགས་པའི་ཡུལ་ལྟར་སོ་སོར་སྣང་བས་མིག་ལ་སོགས་པའི་རྣམ་པར་ཤེས་པ་དྲུག་པོ་གང་ཡིན་པ་དེ་ནི་ཡུལ་ལ་རྣམ་པར་རིག་པ་
ཞེས་བྱའོ། །གཟུགས་ལ་སོགས་པ་ཡུལ་ལྟར་སོ་སོར་སྣང་བ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ཡུལ་གྱི་རྣམ་པ་ཞེས་བྱ་བའི་ཐ་ཚིག་གོ། །ཚིག་ལེའུར་བྱས་པའི་གཞི་གདིང་བའི་ཕྱིར། དེའི་རང་གི་ངོ་བོ་བཤད་པ་མེད་པར་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ཇི་ཙམ་དུ་
དེ་དག་གི་རང་གི་ངོ་བོ་རྒྱ་ཆེར་མ་བཤད་པ་དེ་ཙམ་དུ་མི་ཤེས་ཏེ། དེ་བས་ན་གང་གི་རང་གི་ངོ་བོ་གང་ཡིན་པ་དེ་རབ་ཏུ་བསྟན་པའི་ཕྱིར། དེ་ལ་ཀུན་གཞིའི་རྣམ་ཤེས་ནི། །ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ཀུན་གཞི་རྣམ་པར་ཤེས་པ་ས་བོན་ཐམས་ཅད་པ་གང་ཡིན་པ་དེ་རྣམ་པར་སྨིན་

པར་གྱུར་པའོ་ཞེས་མདོར་བྱས་པའི་དོན་ཏོ། །དེ་ལ་ཞེས་བྱ་བའི་སྒྲའི་དོན་བསྟན་པའི་ཕྱིར། དེ་ལ་ཞེས་བྱ་བ་ནི་ཞེས་བྱ་བ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ། །འདི་ཅིའི་ཕྱིར་ཀུན་གཞི་ཞེས་བྱ་སྙམ་པ་ལ། ཀུན་གཞི་ཞེས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཀུན་གཞིའི་
རྣམ་པར་ཤེས་པ་ཞེས་བྱ་བ་ལ་ཀུན་གཞི་ཞེས་བྱའོ། །དེ་སྐད་ཅེས་བྱ་བའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་རྣམ་པར་སྨིན་པར་གྱུར་པའོ། །འོ་ན་ཅིའི་ཕྱིར་རྣམ་པར་ཤེས་པ་འདི་ལ་ཀུན་གཞི་ཞེས་བྱ་སྙམ་པ་ལ། དེ་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ཀྱི་ས་བོན་ཞེས་བྱ་བ་ལ་སོགས་
པ་སྨྲས་ཏེ། འདི་ལྟར་རྣམ་པར་ཤེས་པ་འདི་ནི་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ཀྱི་རྟེན་དུ་གྱུར་པ་སྟེ། དེ་བས་ན་ཀུན་གཞི་ཞེས་བྱའོ། །འདི་ལྟར་ཀུན་གཞི་དང་གནས་ཞེས་བྱ་བ་འདི་གཉིས་ནི། རྣམ་གྲངས་སུ་གཏོགས་པའོ། །འདི་ཉིད་ལ་བཤད་པ་གཞན་བྱ་བའི་ཕྱིར། ཡང་ན་
དེ་ལ་ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨྲས་སོ། །རྣམ་པར་ཤེས་པ་འདི་ལ་ཆོས་ཐམས་ཅད་འབྲས་བུ་ཉིད་དུ་འཇུག་སྟེ། དེའི་ཕྱིར་ཀུན་གཞིའོ། །འཇུག་ཅེས་བྱ་བ་ནི་འབྲེལ་བ་དང་འདྲེ་བ་ཞེས་བྱ་བའི་བར་དུའོ། །ཡང་ན་རྣམ་པར་ཤེས་པ་དེ་ཉིད་ཆོས་ཐམས་ཅད་ལ་རྒྱུ་ཉིད་དུ་
འཇུག་སྟེ། དེའི་ཕྱིར་ཀུན་གཞིའོ། །འཇུག་པའི་དོན་ནི་སྔ་མ་བཞིན་ནོ། །ཅིའི་ཕྱིར་འདི་རྣམ་པར་ཤེས་པ་ཞེས་བྱ་སྙམ་པ་ལ། རྣམ་པར་ཤེས་པར་བྱེད་པས་རྣམ་པར་ཤེས་པའོ་ཞེས་བྱ་བ་སྨྲས་ཏེ། འདི་ལྟར་ཡུལ་ལ་རྣམ་པར་ཤེས་པར་བྱེད་པ་དེ་བས་ན་རྣམ་པར་ཤེས་པའོ། །འོ་ན་
ཀུན་གཞིའི་རྣམ་པར་ཤེས་པ་ཅིའི་ཕྱིར་རྣམ་པར་སྨིན་པ་ཞེས་བྱ་སྙམ་པ་ལ། ཁམས་དང་། འགྲོ་བ་དང་སྐྱེ་གནས་དང་། རིགས་ཐམས་ཅད་དུ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་ཁམས་གསུམ་དང་། འགྲོ་བ་ལྔ་དང་། སྐྱེ་གནས་བཞི་དང་། བྲམ་ཟེའི་རིགས་ལ་སོགས་
པ་ཐམས་ཅད་དུ་ཀུན་གཞིའི་རྣམ་པར་ཤེས་པ་ལས་དགེ་བ་དང་མི་དགེ་བའི་རྣམ་པར་སྨིན་པར་འགྱུར་ཏེ། དེ་བས་ན་རྣམ་པར་སྨིན་པ་ཞེས་བྱའོ། །ཅིའི་ཕྱིར་འདི་ས་བོན་ཐམས་ཅད་པ་ཞེས་བྱ་སྙམ་པ་ལ། ཆོས་ཐམས་ཅད་ཀྱི་ས་བོན་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདི་

ལྟར་འདི་ནི་ཆོས་ཐམས་ཅད་ཀྱི་ས་བོན་གྱི་གནས་ཡིན་ཏེ། དེ་བས་ན་ས་བོན་ཐམས་ཅད་པའོ། །འདིར་མདོ་སྡེ་པས་ཕྱིར་བརྒལ་བའི་ཕྱིར། གལ་ཏེ་འཇུག་པའི་རྣམ་པར་ཤེས་པ་ལས་གུད་ན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འཇུག་པའི་རྣམ་པར་ཤེས་པ་མ་
གཏོགས་པར་རྣམ་པར་ཤེས་པ་གཞན་ནི་མི་རིག་གོ། །གལ་ཏེ་དེ་དག་མ་གཏོགས་པར་ཀུན་གཞིའི་རྣམ་པར་ཤེས་པ་གཞན་ཞིག་འདོད་ན། དེའི་ཚེ་དེའི་དམིགས་པ་ཡང་བརྗོད་དགོས། རྣམ་པ་ཡང་བརྗོད་དགོས་ཏེ། འདི་ལྟར་དམིགས་པ་མེད་པ་དང་། རྣམ་པ་མེད་པའི་རྣམ་པར་
ཤེས་པ་ནི་མི་རུང་ངོ་། །གྲུབ་པའི་མཐའ་སྨྲ་བས། དེ་དམིགས་པ་མེད་པ་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཀུན་གཞིའི་རྣམ་པར་ཤེས་པ་དམིགས་པ་མེད་པ་དང་། རྣམ་པ་མེད་པར་ནི་ཁོ་བོ་ཡང་མི་འདོད་མོད་ཀྱི། འོན་ཀྱང་དེ་ནི་དམིགས་པ་ཡོངས་སུ་མི་གསལ་བ་དང་། རྣམ་
པ་ཡོངས་སུ་མི་གསལ་བ་སྟེ། དེའི་ཕྱིར་དེ་འཇུག་པའི་རྣམ་པར་ཤེས་པ་ལས་གཞན་ཡོད་པར་མི་རིགས་སོ། །རྣམ་པར་ཤེས་པ་ནི་དམིགས་པ་དང་རྣམ་པ་ཡོངས་སུ་མ་ཆད་པར་མི་སྲིད་པས། ཅིའི་ཕྱིར་ཞེས་དྲིས་པ་དང་། གྲུབ་པའི་མཐའ་སྨྲ་བས་གཏན་ཚིགས་བསྟན་པའི་ཕྱིར། འདི་
ལྟར། ཀུན་གཞིའི་རྣམ་པར་ཤེས་པ་ནི། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ལྟར་ཀུན་གཞིའི་རྣམ་པར་ཤེས་པ་ནི་ནང་གི་ཉེ་བར་ལེན་པར་སྣང་བ་དང་། ཕྱི་རོལ་གྱི་རྣམ་པ་ཡང་ཡོངས་སུ་མི་གསལ་བ་སྣོད་དུ་སྣང་བ་དང་རྣམ་པ་གཉིས་སུ་འབྱུང་ངོ་། །རྣམ་པར་རིག་པ་ཞེས་བྱ་བ་ནི་སྣང་
བ་དང་རྣམ་པ་ཞེས་བྱ་བའི་བར་དུའོ། །ནང་གི་ཉེ་བར་ལེན་པ་དེ་ཇི་ལྟ་བུ་སྙམ་པ་ལ། དེ་ལ་ནང་གི་ཉེ་བར་ལེན་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པའི་བག་ཆགས་གང་ཡིན་པ་དང་། གནས་དང་བཅས་པའི་དབང་པོའི་གཟུགས་གང་ཡིན་
པ་དང་། མིང་གང་ཡིན་པ་འདི་ནི་ནང་གི་ཉེ་བར་ལེན་པའོ། །ཀུན་བརྟགས་པའི་ངོ་བོ་ཉིད་རྣམས་ལ་མངོན་པར་ཞེན་པ་གང་ཡིན་པ་དེས་བག་ཆགས་གང་བསྐྱེད་པ་དེ་ཉིད་བརྗོད་དོ། །གནས་དང་བཅས་པ་ཞེས་བྱ་བ་ལ་གནས་ནི་ལུས་ལ་བྱའོ། །མིང་ཞེས་བྱ་བ་ནི་ཚོར་བ་ལ་སོགས་པ་ཕུང་

པོ་བཞི་པོ་རྣམས་སོ། །དམིགས་པའི་རང་གི་ངོ་བོ་བཤད་ནས་མི་གསལ་བ་ཉིད་ཀྱི་གཏན་ཚིགས་བསྟན་པའི་ཕྱིར། དེའི་དམིགས་པ་ཤིན་ཏུ་ཕྲ་བའི་ཕྱིར་ཞེས་བྱ་བ་སྨྲས་སོ། །དེའི་དམིགས་པ་རྣམ་པ་གཉིས་གང་བཤད་པ་དེ་ཤིན་ཏུ་ཕྲ་བས་ཀུན་གཞིའི་རྣམ་པར་ཤེས་པ་དེ་ནི་
ལེན་པ་མི་རིགས་པ་དང་། གནས་སུ་རྣམ་པར་རིག་པ་མི་རིགས་པར་འདོད་དོ། །འགྲེལ་པའི་ཚིག་རྣམས་ནི་ཚིག་སྡུད་པ་སྔོན་དུ་བཏང་ནས་དོན་ཁོང་དུ་ཆུད་པར་འགྱུར་བས། ཚིག་སྡུད་པར་བསྟན་པའི་ཕྱིར་སྨྲས་པ། ཀུན་གཞིའི་རྣམ་པར་ཤེས་པ་གང་ལ་ཉེ་བར་ལེན་པའི་རྣམ་པར་
རིག་པ་མི་རིགས་པ་དང་། གནས་ཀྱི་རྣམ་པར་རིག་པ་མི་རིགས་པ་ཡོད་པའི་ཀུན་གཞིའི་རྣམ་པར་ཤེས་པ་དེ་ལེན་པ་དང་གནས་ཀྱི་རྣམ་པར་རིག་པ་མི་རིགས་པར་འདོད་དོ། །གནས་ཀྱི་རྣམ་པར་རིག་པ་ནི་གནས་ཀྱི་རྣམ་པ་དང་། གནས་སུ་སྣང་བ་ཞེས་བྱ་བའི་བར་དུའོ། །ལེན་པ་ཞེས་བྱ་བ་འདི་
གང་ཡིན་སྙམ་པ་ལ། ལེན་པ་དེ་ནི་ལེན་པར་བྱེད་པའོ་ཞེས་བྱ་བ་སྨྲས་ཏེ། ནང་གི་ཉེ་བར་ལེན་པ་བསྟན་པ་གང་ཡིན་པ་དེ་ཉིད་ལེན་པའི་སྒྲར་བརྗོད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་བསྟན་པའི་ཕྱིར་དེ་ཡང་བདག་ལ་སོགས་པར་རྣམ་པར་རྟོག་པའི་བག་ཆགས་ཞེས་བྱ་བ་ལ་སོགས་པ་སྨྲས་
སོ། །བདག་ལ་སོགས་པར་རྣམ་པར་རྟོག་པ་རྣམས་ཀྱིས་བག་ཆགས་བསྐྱེད་པ་གང་ཡིན་པ་དང་། གཟུགས་ལ་སོགས་པ་ཆོས་རྣམས་སུ་རྣམ་པར་རྟོག་པ་རྣམས་ཀྱིས་བག་ཆགས་བསྐྱེད་པ་གང་ཡིན་པ་དེ་འདིར་ལེན་པ་ཞེས་བྱའོ། །ཅིའི་ཕྱིར་བག་ཆགས་དེ་ལེན་པ་ཞེས་བྱ་ཞེ་ན། དེའི་
ཕྱིར་དེ་ཡོད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་བག་ཆགས་རྣམ་པ་འདི་ལྟ་བུ་ཡོད་པས་ཀུན་གཞིའི་རྣམ་པར་ཤེས་པས་བདག་ལ་སོགས་པ་རྣམ་པར་རྟོག་པ་དང་། གཟུགས་ལ་སོགས་པ་ཆོས་སུ་རྣམ་པར་རྟོག་པ་འབྲས་བུར་ལེན་པས་དེའི་ཕྱིར་བདག་ལ་སོགས་པར་རྣམ་
པར་རྟོག་པ་དང་། གཟུགས་ལ་སོགས་པ་ཆོས་སུ་རྣམ་པར་རྟོག་པ་དེ་དག་གི་བག་ཆགས་དེ་ནི་ལེན་པ་ཞེས་བྱའོ། །དེ་ལས་ཚིག་གི་དོན་འདི་འབྱུང་སྟེ། དེ་ཡོད་ན་ཇི་སྐད་བརྗོད་པའི་འབྲས་བུ་ལེན་པར་བྱེད་དེ། དེ་བས་ན་བག་ཆགས་ལ་ལེན་པ་ཞེས་བྱའོ། །ལེན་པ་བཤད་ནས་

ཇི་ལྟར་ཀུན་གཞིའི་རྣམ་པར་ཤེས་པ་ལེན་པ་མི་རིགས་པ་ཞེས་བྱ་བ་དེ་བསྟན་པའི་ཕྱིར་དེ་ནི་འདི་ལ་འདིའོ་ཞེས་ཚོར་བའི་རྣམ་པར་མི་རིགས་པས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ལེན་པ་ཞེས་བསྟན་པ་གང་ཡིན་པ་དེ་ཀུན་གཞིའི་རྣམ་པར་ཤེས་པས་འདི་ལ་འདིའོ་ཞེས་སོ་སོར་རང་གིས་
རིག་པའི་རྣམ་པར་མི་རིགས་ཏེ། དེ་བས་ན་ཀུན་གཞིའི་རྣམ་པར་ཤེས་པ་དེ་ལེན་པ་མི་རིགས་པ་ཞེས་བྱའོ། །ལེན་པ་གཉིས་པའི་དོན་ལེན་པ་ལ་སྦྱར་བའི་ཕྱིར། ཡང་ན་གནས་ཉེ་བར་ལེན་པས་ལེན་པའོ་ཞེས་བྱ་བ་སྨྲས་སོ། །གནས་ཞེས་བྱ་བ་ཡང་ཉེ་བར་ལེན་པས་ལེན་པ་ཞེས་བྱའོ། །གནས་
ཞེས་བྱ་བ་དེ་གང་ཡིན་སྙམ་པ་ལ། གནས་ནི་ལུས་སོ་ཞེས་བྱ་བ་སྨྲས་སོ། །ལུས་ཉིད་གནས་སུ་བསྟན་ཏོ། །གནས་དེ་ཡང་གནས་དང་བཅས་པའི་དབང་པོའི་གཟུགས་དང་མིང་དུ་རིག་པར་བྱའོ། །དེའི་ཕྱིར་ཕུང་པོ་ལྔ་པོ་དག་ནི་གནས་ཞེས་བསྟན་པ་ཡིན་ནོ། །ཇི་ལྟར་ན་གནས་ལེན་པ་
ཞེས་བྱ་སྙམ་པ་ལ། དེའི་ཕྱིར་ཉེ་བར་ལེན་པ་གང་ཡིན་པ་ནི་ཉེ་བར་འགྲོ་བ་སྟེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གནས་དེའི་ལེན་པ་གང་ཡིན་པ་དེ་ནི་ཉེ་བར་འགྲོ་བ་སྟེ། དེ་གྲུབ་པ་དང་བདེ་བ་གཅིག་པས་ལེན་པའོ། །ལེན་པ་ནི་ཉེ་བར་འགྲོ་བའི་སྒྲར་བསྟན་ཏེ། འདི་ལྟར་ཉེ་བར་ལེན་པ་དང་།
ཉེ་བར་འགྲོ་བ་དང་། འབྱུང་བ་ནི་རྣམ་གྲངས་སུ་གཏོགས་པའོ། །དེ་ལས་ཚིག་གི་དོན་འདི་འབྱུང་སྟེ། ཕུང་པོ་ལྔ་པོ་དག་གྲུབ་པ་དང་བདེ་བ་གཅིག་པས་ལེན་ཏེ་ཉེ་བར་འགྲོ་བ་དང་འབྱུང་བའོ། །ཁམས་ཀྱི་བྱེ་བྲག་གི་གནས་ཉེ་བར་ལེན་པ་ཐ་དད་པར་བསྟན་པའི་ཕྱིར། དེ་ལ་འདོད་པ་དང་།
གཟུགས་ཀྱི་ཁམས་ན་ནི་གཉི་ག་ལེན་ཏོ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདོད་པ་དང་གཟུགས་ཀྱི་ཁམས་ན་ནི་མིང་དང་གཟུགས་གཉི་ག་གྲུབ་པ་དང་བདེ་བ་གཅིག་པས་ཉེ་བར་འགྲོ་སྟེ། འདི་ལྟར་དེ་ན་མིང་དང་གཟུགས་མདུང་ཁྱིམ་ལྟ་བུར་ཕན་ཚུན་བརྟེན་ཏེ་འབྱུང་ངོ་། །གཟུགས་
ཀྱི་འདོད་ཆགས་དང་བྲལ་བས་གཟུགས་མེད་པའི་ཁམས་ན་ནི་གཟུགས་སུ་རྣམ་པར་སྨིན་པ་མངོན་པར་མི་འགྲུབ་སྟེ། དེའི་ཕྱིར་དེ་ནི་མིང་ཞེས་བྱ་བ་ཕུང་པོ་བཞི་པོ་དག་ཕན་ཚུན་གྲུབ་པ་དང་། བདེ་བ་གཅིག་པས་ཉེ་བར་འགྲོའོ། །དེ་ན་གཟུགས་ཐམས་ཅད་དུ་ཐམས་ཅད་མེད་པ་མ་ཡིན་གྱི་བག་ཆགས་

ཀྱི་དུས་ཉིད་དེ་གཟུགས་རྣམ་པར་སྨིན་པའི་དུས་ནི་མ་ཡིན་ནོ། །དེ་ལྟར་གནས་ཉེ་བར་ལེན་པ་བཤད་ནས་དེའི་མི་རིགས་པ་བསྟན་པའི་ཕྱིར། ལེན་པ་དེ་ལ་འདིའོ་ཞེས་རིག་པར་མི་ནུས་པས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གནས་ཉེ་བར་ལེན་པ་དེ་ལ་འདིའོ་ཞེས་རིག་པར་མི་ནུས་པས་དེའི་ཕྱིར་མི་
རིགས་པ་ཞེས་བྱའོ། །འདིའོ་ཞེས་བྱ་བ་ནི་རང་ལ་འཛིན་པ་ལྟ་བུའོ། །ལེན་པ་མི་རིགས་པ་བཤད་ནས། གནས་ཀྱི་རྣམ་པར་རིག་པ་བཤད་པའི་ཕྱིར། གནས་ཀྱི་རྣམ་པར་རིག་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སྣོད་ཀྱི་འཇིག་རྟེན་གནས་པའི་རྣམ་པར་རིག་པ་གང་ཡིན་པ་དེ་འདིར་གནས་
ཀྱི་རྣམ་པར་རིག་པ་ཞེས་བྱའོ། །དེའི་མི་རིགས་པ་བསྟན་པའི་ཕྱིར་དེ་ཡང་དམིགས་པ་དང་རྣམ་པ་ཡོངས་སུ་མ་ཆད་པར་འབྱུང་བས་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གནས་ཀྱི་རྣམ་པར་རིག་པ་བཤད་པ་གང་ཡིན་པ་དེ་ཡང་འདི་ལྟར་དམིགས་པ་དང་། རྣམ་པ་ཡོངས་སུ་མ་ཆད་པར་འབྱུང་
སྟེ། དེའི་ཕྱིར་མི་རིགས་པ་ཞེས་བྱའོ། །ཡང་མདོ་སྡེ་པས་ཕྱིར་བརྒལ་བའི་ཕྱིར། ཇི་ལྟར་ན་རྣམ་པར་ཤེས་པ་དམིགས་པ་དང་རྣམ་པ་ཡོངས་སུ་མ་ཆད་པར་འགྱུར་ཞེས་བྱ་བ་སྨྲས་ཏེ། དམིགས་པ་དང་རྣམ་པ་ཡོངས་སུ་མ་ཆད་པའི་རྣམ་པར་ཤེས་པ་ལ་སུ་ཞིག་ཡིད་ཆེས་པར་འགྱུར།
འདི་ལྟར་རྣམ་པར་ཤེས་པ་ནི་དུས་ཐམས་ཅད་དུ་ཡུལ་གྱི་རྣམ་པའི་ངོ་བོར་འབྱུང་བས་དེ་ནི་རང་རིག་པའི་རང་གི་ངོ་བོ་ཡིན་ན་དེ་ཇི་ལྟར་ན་དེའི་དམིགས་པ་དང་། རྣམ་པ་ཡོངས་སུ་མི་གཅོད་པར་འགྱུར། གྲུབ་པའི་མཐའ་སྨྲ་བས་ཉེས་པ་མཚུངས་པར་བསྒྲུབ་པའི་ཕྱིར། འདི་ནི་རྣམ་པར་ཤེས་པར་སྨྲ་
བ་གཞན་དག་གི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གང་དག་རྣམ་པར་ཤེས་པ་དྲུག་པོ་རྣམས་ཉིད་འདོད་ཀྱི། ཀུན་གཞིའི་རྣམ་པར་ཤེས་པ་ནི་མི་འདོད་པར་རྣམ་པར་ཤེས་པར་སྨྲ་བ་གཞན་མདོ་སྡེ་པ་ལ་སོགས་པ་དེ་དག་གིས་འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པའི་དུས་དང་།
རྒོལ་བ་འདི་མཚུངས་ཏེ། འགོག་པ་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སོགས་པའི་དུས་ན་ཡིད་ཀྱི་རྣམ་པར་ཤེས་པ་དམིགས་པ་དང་། རྣམ་པ་ཡོངས་སུ་མི་གསལ་བར་ཇི་ལྟར་འགྱུར། ཇི་སྟེ་གཞན་དག་ན་རེ། དེའི་ཚེ་རྣམ་པར་ཤེས་པ་གཞན་མེད་ཅེས་ཟེར་བ་ལྟ་ན།

དེའི་ཕྱིར་འགོག་པ་ལ་སོགས་པའི་དུས་ན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པའི་དུས་ན། རྣམ་པར་ཤེས་པ་མེད་པར་ཡང་རྟོགས་པར་མི་ནུས་ཏེ་ཞེས་བྱ་བ་སྨྲས་སོ། །ཅིའི་ཕྱིར་མི་ནུས་སྙམ་པ་ལ། དམིགས་པ་
དང་འགལ་བ་དང་མདོ་དང་འགལ་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །གལ་ཏེ་དུས་དེ་ན་རྣམ་པར་ཤེས་པ་ཐམས་ཅད་དུ་ཐམས་ཅད་མེད་པར་གྱུར་ན། དེའི་ཚེ་སྙོམས་པར་འཇུག་པ་ལས་ལངས་པ་ན་གང་ལས་འབྱུང་བར་འགྱུར། དབང་པོ་དང་བཅས་པའི་ལུས་ནི་རིགས་མི་མཐུན་པའི་ཕྱིར། ས་
བོན་མ་ཡིན་ནོ། །ས་བོན་མེད་པར་འབྱུང་བ་མི་རིགས་ཏེ། འདི་ནི་རིགས་པའོ། །ཆོས་བྱིན་གྱི་མདོ་སྡེ་དང་ཡང་འགལ་ཏེ་དེ་ལས་ནི་རྣམ་པར་ཤེས་པ་ལུས་ལས་མི་འདའོ་ཞེས་འབྱུང་ངོ་། །ཚིག་ལེའུར་བྱས་པའི་གཞི་གདིང་བའི་ཕྱིར། དེ་ལ་ཀུན་གཞིའི་རྣམ་པར་ཤེས་པ་ནི་ཞེས་སྨོས་པ་ཞེས་
བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ། །དེ་ལྟར་གྲངས་དྲིས་པ་དང་། དུས་དྲིས་པ་དང་། རྟག་ཏུ་རེག་དང་ཡིད་བྱེད་དང་། །ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་ཉིད་དགྲོལ་བའི་ཕྱིར། རྟག་ཏུ་ཞེས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཀུན་གཞིའི་རྣམ་པར་ཤེས་པ་
ཇི་སྲིད་དུ་གནས་པ་དེ་སྲིད་དུ་རེག་པ་ལ་སོགས་པ་ཀུན་ཏུ་འགྲོ་བའི་ཆོས་ལྔ་པོ་འདི་དག་དང་མཚུངས་པར་ལྡན་ནོ། །རིག་ཅེས་བྱ་བའི་སྒྲ་རྣམ་པར་བསྒྲུབ་པར་བྱ་བའི་ཕྱིར། རེག་པ་ནི་ཚོར་བ་ཞེས་བྱ་བ་སྨྲས་སོ། །རེག་པ་ཞེས་བྱ་བའི་སྒྲ་ནི་འདིར་ཚོར་བ་