Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 138
Văn bản gốc(Tây Tạng)
Trang 9 / 15 (50.000 ký tự/trang)
་སྟོང་གིས་ནི། །མུན་པ་ངེས་བསལ་མཁའ་དང་མཚུངས་པ་ཡིན། །རང་གི་སྣང་བ་ཙམ་གྱི་ ངོ་བོ་རུ། །གཟོད་ནས་སྐྱེ་བ་མེད་པའི་རང་སེམས་མཐོང་། །གང་གིས་ཀྱང་ནི་དེ་མཐོང་གྱུར་པ་དག །དེ་ཡང་དེ་བཞིན་དུ་ནི་བལྟ་བར་བྱ། །དམིགས་པ་མེད་དང་བཅས་པའི་སེམས་ཉིད་ནི། །དེ་བཞིན་ཉིད་དང་ཡང་དག་མཐའ་རུ་བཤད། །དེ་ལྟར་རིམ་གྱིས་བསླབས་ པར་གྱུར་པ་ལས། །མིང་དུ་ཤེས་པ་འགོག་པ་འཐོབ་པར་འགྱུར། །དེ་ལ་ཡང་དག་རེག་པར་སྦྱོར་བ་ལས། །འབད་པ་མེད་པར་མངོན་ཤེས་ལྔ་རུ་འགྱུར། །དེ་དང་མངོན་པར་ལྡན་པའི་རྣལ་འབྱོར་པ། །འགྲོ་བའི་དོན་ནི་དཔག་ཏུ་མེད་པར་བྱེད། །འདི་ནི་ཡོངས་སུ་རྫོགས་ པའི་རྣལ་འབྱོར་པ། །ཤིན་ཏུ་ཡུན་རིང་དུས་སུ་གནས་པར་འགྱུར། །ལུས་ནི་རྡོ་རྗེ་ལྟ་བུར་མི་ཤིགས་ཤིང་། །ཉོན་མོངས་བདུད་ལ་སོགས་པས་གཡོ་མི་འགྱུར། །ཤེས་རབ་ཕ་རོལ་ཕྱིན་པ་ཞེས་བྱ་ཡི། །རྣལ་འབྱོར་འདི་དག་རྟག་ཏུ་རབ་ལྡན་པ། །ནམ་མཁའ་མཛོད་ལ་ སོགས་པའི་ཏིང་ངེ་འཛིན། །མང་པོ་རྣམས་ནི་ཡང་དག་རྫོགས་པར་འགྱུར། །བདག་གི་རྣལ་འབྱོར་པ་ནི་འཇུག་པ་ཙམ། །ཡང་དག་སྦྱར་བས་དགེ་བ་གང་བསགས་པ། །དེར་ནི་འགྲོ་བ་ཐམས་ཅད་རབ་མྱུར་བ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་ཤོག །རྣལ་འབྱོར་ལ་འཇུག་ པ་ཞེས་བྱ་བ། །སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དྷརྨྨ་ཤྲཱི་བྷ་དྲ་དང་། ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །༄༅༅། །རྣལ་འབྱོར་ལ་འཇུག་པའི་ མན་ངག །རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ད་ནི་ཐེག་པ་ཆེན་པོ་ལ་ལྷག་པར་མོས་པའི་དད་པ་ཅན་རིགས་ཀྱི་བུས་གསོལ་བ་བཏབ་པ་དག་ལ་སྤྲོ་བ་བསྐྱེད་ཅིང་ཐར་པ་མ་ལུས་པ་འདོད་པ་ལ། སྔར་བཤད་པའི་མཚན་ ཉིད་ཅན་གྱི་ཡེ་ཤེས་རྟོགས་པར་བྱ་བའི་ཐབས་ཉེ་བར་བསྟན་པས། བདག་དང་གཞན་གྱི་དོན་རབ་ཏུ་འགྲུབ་པར་བྱ་བའི་ཕྱིར་ཤེས་རབ་ཀྱི་ཚུལ་རྗེས་སུ་དྲན་ནས། དེ་བསྟན་པའི་མན་ངག་བསྒོམ་པའི་རིམ་པའི་ཆོ་ག་འདིར་ཅུང་ཟད་ཅིག་བཤད་པར་བྱའོ། །ཐེག་པ་ཆེན་པོར་ཇི་ སྐད་དུ་བཤད་པའི་ཡེ་ཤེས་མངོན་པར་རྟོགས་པར་འདོད་པ། དད་པ་དང་གུས་པ་དང་ལྡན་པས། དེའི་ཚུལ་ལས་བཤད་པའི་ཆོ་གའི་རིམ་པ་སྔོན་དུ་འགྲོ་བས་བླ་མ་ལ་གསོལ་བ་བཏབ་སྟེ། དེའི་དྲིན་གྱིས་ཐོབ་པའི་ལུང་གིས་བླ་ན་མེད་པའི་ཡེ་ཤེས་ཀྱི་ཐབས་ཀྱིས་མན་ངག་ གི་རྣལ་འབྱོར་བསྒོམ་པ་བརྩམ་པར་བྱའོ། །དེ་ལ་དང་པོར་རེ་ཞིག །བསྟན་བཅོས་རྒྱ་ཆེན་པོ་ནི་ཐོས་ནས་སུ། །དོན་དམ་དེ་བཞིན་ཉིད་ནི་ངེས་བྱས་ལ། །དད་ལྡན་དེ་ནི་འཇམ་པའི་སྟན་གནས་ཏེ། །བློ་དང་ལྡན་པས་རྣལ་འབྱོར་བརྩོན་པར་བྱ། །གཟུང་དང་འཛིན་དང་ གཉིས་ཀ་གཉིས་མིན་དང་། །བདག་དང་གཞན་དང་མྱ་ངན་འདས་པ་དང་། །འཁོར་བ་ཞེས་བྱའི་རྣམ་རྟོག་མང་པོ་ནི། །རབ་ཏུ་བཏང་ལ་ཡིད་ནི་མཉམ་པར་གཞག །སྒྱུ་མ་དྲི་ཟའི་གྲོང་ཁྱེར་ལྟ་བུར་ནི། །ཤེས་བྱ་མ་ལུས་རྣམ་པར་བལྟས་ནས་སུ། །དེ་བཞིན་ཉིད་ཀྱི་ཡེ་ཤེས་རྡོ་རྗེ་ ཡིས། །ལུས་ཀྱི་འཁྲུལ་འཁོར་རབ་ཏུ་གཞིག་པར་བྱ། །རྣམ་པ་ཐམས་ཅད་དུ་ནི་རབ་མཛེས་ལ། །ཐོག་དང་ཐ་མའི་ཆ་བྲལ་རྣམ་མི་རྟོག །དྲི་མ་མེད་པའི་འོད་ཟེར་སྟོང་གིས་ནི། །མུན་པ་ངེས་བསལ་མཁའ་དང་མཚུངས་པ་ཡིན། །རང་གི་རྣམ་པ་ཙམ་གྱི་ངོ་བོ་རུ། །གཟོད་ ནས་སྐྱེ་བ་མེད་པའི་རང་སེམས་མཐོང་། །གང་གིས་ཀྱང་ནི་དེ་མཐོང་གྱུར་པ་དག །དེ་ཡང་དེ་བཞིན་དུ་ནི་བལྟ་བར་བྱ། །དམིགས་པ་མེད་དང་བཅས་པའི་སེམས་ཉིད་ནི། །དེ་བཞིན་ཉིད་དང་ཡང་དག་མཐའ་རུ་བཤད། །དེ་ལྟར་རིམ་གྱིས་བསླབས་ པར་གྱུར་པ་ལས། །མིང་དུ་འདུ་ཤེས་འགོག་པ་ཐོབ་པར་འགྱུར། །དེ་ལས་ཡང་དག་རེག་པར་སྦྱོར་བ་ལས། །འབད་པ་མེད་པར་མངོན་ཤེས་ལྔ་ལྡན་འགྱུར། །དེ་དང་མངོན་པར་ལྡན་པའི་རྣལ་འབྱོར་པ། །འགྲོ་བའི་དོན་ནི་དཔག་ཏུ་མེད་པར་བྱེད། །འདི་ནི་ཡོངས་སུ་ རྫོགས་པའི་རྣལ་འབྱོར་པ། །ཤིན་ཏུ་ཡུན་རིང་དུས་སུ་གནས་པར་འགྱུར། །ལུས་ནི་རྡོ་རྗེ་ལྟ་བུར་མི་ཤིགས་ཤིང་། །ཉོན་མོངས་བདུད་ལ་སོགས་པས་གཡོ་མི་འགྱུར། །ཤེས་རབ་ཕ་རོལ་ཕྱིན་པ་ཞེས་བྱ་ཡི། །རྣལ་འབྱོར་འདི་དང་རྟག་ཏུ་རབ་ལྡན་པ། །ནམ་མཁའ་ མཛོད་ལ་སོགས་པའི་ཏིང་ངེ་འཛིན། །མང་པོ་རྣམས་ནི་ཡང་དག་རྫོགས་པར་འགྱུར། །འདི་ལྟར་ཟབ་མོའི་དོན་གང་ཅི་ཡང་རུང་བ་རྟོགས་པར་དཀའ་བ་དེ་ནི་བླ་མའི་ཞལ་ནས་ཆོ་ག་ཇི་ལྟ་བ་བཞིན་དུ་བཤད་པ་གཟུང་བར་བྱའོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་དང་ལྡན་ པ་གང་ལ་ལ་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་སྤྱད་པ་སྤྱོད་པ། ཇི་སྐད་དུ་བཤད་པའི་རིམ་པའི་ཆོ་གས་སེམས་ཅན་ཐམས་ཅད་གདོན་པར་བྱ་བའི་ཕྱིར། སེམས་བསྐྱེད་ནས་བླ་ན་མེད་པའི་ཡེ་ཤེས་ཀྱིས། མན་ངག་གི་རྣལ་འབྱོར་བརྩམས་ནས། བརྩོན་འགྲུས་འབར་བ་དང་ལྡན་པས་ བསླབས་པའི་སྟོབས་དང་ལྡན་པ་དེ་ནི་རིང་པོ་མི་ཐོགས་པར་ཚེ་འདི་ཉིད་ལ་ཇི་སྐད་དུ་བཤད་པའི་ཡེ་ཤེས་ཐོབ་པར་འགྱུར་རོ། །གང་ཡང་ཇི་སྐད་དུ་བཤད་པའི་ཆོ་ག་མེད་པར་གླེགས་བམ་ལ་བརྟེན་པ་ཙམ་གྱིས་འཇུག་པ་དེ་དག་ནི། ཇི་སྐད་དུ་བཤད་པའི་དངོས་གྲུབ་ལ་རྒྱབ་ཀྱིས་ཕྱོགས་ པར་འགྱུར་ཞིང་། སྡུག་བསྔལ་བ་དང་ཡིད་མི་བདེ་བ་སྣ་ཚོགས་འབྱུང་བར་འགྱུར་རོ་ཞེས་ཟབ་མོའི་ཚུལ་ལས་དེ་བཞིན་གཤེགས་པས་གསུངས་སོ། །རྣལ་འབྱོར་ལ་འཇུག་པའི་མན་ངག་སློབ་དཔོན་ཆོས་ཀྱི་དབང་པོས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛ་རན་ད་ན་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་ སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅༅། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་མན་ངག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །དེ་ལྟར་ཐོས་པ་དང་བསམས་པ་ལས་བྱུང་བའི་ཤེས་རབ་བཤད་ཟིན་ཏོ། །དེ་དག་རྙེད་ནས་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱའོ་ཞེས་སྔར་བསྟན་པས། དེ་ནས་འདིའི་བསྒོམ་པ་བརྗོད་པར་བྱའོ། །ཐོས་པ་དང་བསམ་པ་དང་བསྒོམ་པ་རྣམས་ཀྱི་རབ་ཏུ་སྦྱོར་བ་ནི་གཉིས་ཏེ། གུས་པར་སྦྱོར་བ་དང་། རྒྱུན་ཏུ་སྦྱོར་བའོ། །རབ་ཏུ་སྦྱོར་བ་ནི་གོམས་པར་སྦྱོར་བའོ། །གུས་ པ་དང་དགའ་བ་དང་སྤྲོ་བས་སྦྱོར་བ་ནི་གུས་པར་སྦྱོར་བ་ཡིན་ལ། བར་མ་ཆད་པར་སྦྱོར་བ་ནི་རྒྱུན་དུ་སྦྱོར་བའོ། །བསྒོམ་པ་ལ་ཡང་རྣམ་པ་གསུམ་སྟེ། ཞི་གནས་དང་ལྷག་མཐོང་དང་། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པར་འཇུག་པའི་བསྒོམ་པའོ། །དེ་ལ་ཇི་སྙེད་ ཡོད་པར་གྱུར་པ་དང་། ཇི་ལྟ་བ་བཞིན་དུ་གྱུར་པ་ལ་རྣམ་པར་མི་རྟོག་པའི་གཟུགས་བརྙན་དུ་གྱུར་པ་ནི་ཞི་གནས་ཀྱི་དམིགས་པའོ། །ཇི་སྙེད་ཡོད་པར་གྱུར་པ་དང་། ཇི་ལྟ་བ་བཞིན་དུ་གྱུར་པ་ལ་རྟོག་པ་དང་བཅས་པའི་གཟུགས་བརྙན་དུ་གྱུར་པ་ནི་ལྷག་མཐོང་གི་དམིགས་པའོ། ། འདི་ནི་བྱང་ཆུབ་སེམས་དཔའ་གཅིག་པུ་དབེན་པར་གནས་བཅས་ལ། ཇི་ལྟར་བསམས་པའི་དོན་ཡིད་ལ་བྱ་སྟེ། ཡིད་ཀྱི་བརྗོད་པ་སྤངས་ནས་སེམས་ཉིད་དེ་ལྟར་སྣང་བ་ལན་མང་དུ་ཡིད་ལ་བྱ་སྟེ། ཇི་སྲིད་ལུས་དང་སེམས་ཤིན་ཏུ་སྦྱངས་པ་མ་སྐྱེས་ཀྱི་བར་དུ་ཞི་གནས་དང་རྗེས་སུ་ མཐུན་པ་ཡིད་ལ་བྱེད་པ་ཡིན་ལ། གང་གི་ཚེ་སྐྱེས་པ་དེའི་ཚེ་ཞི་གནས་ཡིན་ནོ། །ལུས་དང་སེམས་ཤིན་ཏུ་སྦྱངས་པ་ཐོབ་པ་ཡིན་ལ་དེ་ཉིད་ལ་གནས་ཏེ། ཇི་ལྟར་བསམས་པ་དེ་ཉིད་ཀྱི་དོན་ནང་གི་ཏིང་ངེ་འཛིན་གྱི་གཟུགས་བརྙན་གྱི་སྤྱོད་ཡུལ་ལ་ལྷག་པར་མོས་པས་སོ་སོར་བརྟགས་ པར་བྱ་སྟེ། ཇི་སྲིད་དུ་ལུས་དང་སེམས་ཤིན་ཏུ་སྦྱངས་པ་མ་སྐྱེས་པ་དེ་སྲིད་དུ་ནི་ལྷག་མཐོང་དང་རྗེས་སུ་མཐུན་པ་ཡིན་ལ། གང་གི་ཚེ་སྐྱེས་པ་དེའི་ཚེ་ལྷག་མཐོང་ཡིན་ནོ། །དེའི་འོག་ཏུ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ཉིད་ལ་དམིགས་ཏེ། སེམས་དེ་ཉིད་ལ་གང་གི་ཚེ་རྒྱུན་མི་ འཆད་པ་དང་། བར་མ་ཆད་པའི་ཡིད་ལ་བྱེད་པའི་རྒྱུན་གྱིས་གཉིས་ཀ་ཡང་ཉམས་སུ་མྱོང་བ་དེའི་ཚེ་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པའི་ལམ་ཞེས་བརྗོད་དེ། དེ་ལ་ཞི་གནས་དང་ལྷག་མཐོང་ནི་ཟུང་ཡིན་ལ། འབྲེལ་པ་ནི་ལྡན་པ་སྟེ་ཕན་ཚུན་བཅིངས་ ནས་འཇུག་པའོ། །འདིར་སྒྲིབ་པ་ལྔ་རྣམས་ཀྱི་ནང་ནས། རྒོད་པ་དང་འགྱོད་པ་རྣམས་ནི་ཞི་གནས་ལ་སྒྲིབ་པའོ། །རྨུགས་པ་དང་གཉིད་དང་ཐེ་ཚོམ་ནི་ལྷག་མཐོང་ལ་སྒྲིབ་པའོ། །འདོད་པ་ལ་འདུན་པ་དང་གནོད་སེམས་ནི་གཉིས་ཀ་ལ་སྒྲིབ་པའོ། །གང་གི་ཚེ་རྨུགས་པ་དང་ གཉིད་ཡང་དག་པར་བསལ་བར་འགྱུར་བ་དེའི་ཚེ་ཞི་གནས་ཡོངས་སུ་དག་པར་གྱུར་པ་ཡིན་ལ། གང་གི་ཚེ་རྒོད་པ་དང་འགྱོད་པ་ཤིན་ཏུ་བསལ་བར་གྱུར་པ་དེའི་ཚེ་ལྷག་མཐོང་ཡོངས་སུ་དག་པར་གྱུར་པ་ཡིན་ནོ། །དེ་ལ་བཅོམ་ལྡན་འདས་ཀྱིས་ཞི་གནས་ནི་རྣམ་པ་དགུར་བཀའ་སྩལ་ཏེ། ཇི་ལྟ་བ་བཞིན་དུ་སེམས་དེ་ནང་དུ་འཇོག་པར་བྱེད། ཀུན་དུ་འཇོག་པར་བྱེད། ཡོངས་སུ་འཇོག་པར་བྱེད། ཉེ་བར་འཇོག་པར་བྱེད། འདུལ་བར་བྱེད། ཞི་བར་བྱེད། ཉེ་བར་ཞི་བར་བྱེད། རྒྱུད་གཅིག་པར་བྱེད། སེམས་མཉམ་པར་འཇོག་པར་བྱེད་ཅེས་གསུངས་སོ། །དེ་ལ་དང་ པོ་ཕྱི་རོལ་གྱི་དམིགས་པ་རྣམས་ལས་སེམས་བླན་ཏེ་ནང་དུ་རབ་ཏུ་བསྡུས་ནས་སེམས་དང་པོར་བརྟག་པ་ནི་ནང་དུ་འཇོག་པའོ། །དེ་ནས་རང་བཞིན་གྱིས་གཡོ་བའི་སེམས་དེ་ཉིད་རྒྱུན་དུ་གཏོད་ཅིང་འཇོག་པ་ནི་ཀུན་དུ་འཇོག་པའོ། །དེ་ནས་དྲན་པ་ཉམས་པས་ཕྱི་རོལ་དུ་རྣམ་པར་གཡེང་ བ་ཤེས་པར་བྱས་ལ་སླར་བླན་ནས་སེམས་དེ་ལ་འཇོག་པ་ནི་ཡོངས་སུ་འཇོག་པའོ། །དེ་ནས་སེམས་རང་བཞིན་གྱིས་རྒྱ་ཆེ་བ་ལས་ཡང་དང་ཡང་དུ་བསྡུས་ཏེ་ཕྲ་རགས་བྱས་ནས་གོང་ནས་གོང་དུ་འཇོག་པ་ནི་ཉེ་བར་འཇོག་པའོ། །དེ་ནས་ཏིང་ངེ་འཛིན་གྱི་ཡོན་ཏན་ལ་བལྟས་ཏེ་དེ་ཉིད་ལ་ དགའ་བ་ནི་འདུལ་བའོ། །དེ་ནས་རྣམ་པར་གཡོ་བའི་སྐྱོན་བལྟས་ནས་ཡིད་ཕྱིར་ཕྱོགས་པ་རབ་ཏུ་ཞི་བར་བྱེད་པ་དེ་ནི་ཞི་བའོ། །ཆགས་སེམས་དང་ཡིད་མི་བདེ་བ་ལ་སོགས་པ་རྣམས་ཞི་བར་བྱེད་པ་དེ་ནི་ཉེ་བར་ཞི་བའོ། །དེ་ནས་དམིགས་པ་གཅིག་ལ་རང་གི་ངང་གིས་འཇུག་ པ་ནི་རྒྱུད་གཅིག་པ་སྟེ། ཡང་དག་པ་མ་ཡིན་པར་གྱུར་པ་ལས་འབད་པས་ཡང་དག་པར་འབྱེད་པ་ནི་རྒྱུད་གཅིག་ཏུ་བྱེད་པའོ། །དེ་ནས་རྒྱུད་གཅིག་ཏུ་བྱེད་པ་གོམས་པ་ལྷུན་གྱིས་གྲུབ་པས་རང་གི་ངང་གིས་འཇུག་པ་ཡང་དག་པར་རང་དབང་ཐོབ་པས་འཛིན་པ་ནི་སེམས་མཉམ་ པར་འཇོག་པའོ། །དེ་སྐད་དུ་མདོ་སྡེ་རྒྱན་ལས། སེམས་ནི་དམིགས་པ་ལ་སྦྱར་ཏེ། །རྒྱུན་དེ་ལས་ནི་གཡེངས་མི་བྱེད། །རྣམ་པར་གཡེང་བ་ཤེས་ནས་སུ། །དེར་ནི་སླར་ཡང་མྱུར་བླན་ནས། །ནང་དུ་སེམས་ནི་བསྡུ་བར་བྱ། །བློ་ལྡན་གོང་ནས་གོང་དུ་སྦྱོར། །ཏིང་ འཛིན་ཡོན་ཏན་ལ་བལྟས་ནས། །དེ་ཉིད་ལ་ནི་དགའ་བར་བྱ། །རྣམ་པར་གཡེངས་པའི་སྐྱོན་བལྟས་ནས། །ཕྱིར་ཕྱོགས་པ་ནི་ཞི་བར་བྱ། །ཆགས་སེམས་ཡིད་མི་བདེ་ལ་སོགས། །ལངས་པ་དེ་བཞིན་དུ་ནི་འདུལ། །དེ་ནས་མངོན་པར་འདུ་བྱེད་པས། །སེམས་ནི་རྣལ་དུ་འཇུག་ པར་བྱ། །སྡོམ་བརྩོན་ཅན་གྱིས་གུས་བྱས་ནས། །འབད་དེ་འཇུག་པ་ཐོབ་པར་འགྱུར། །ཞེས་གསུངས་སོ། །ལྷག་མཐོང་ཡང་བཞིར་གསུངས་ཏེ། ཇི་ལྟར་ཡང་དེའི་ཆོས་རྣམས་རྣམ་པར་འབྱེད་དོ། །རབ་ཏུ་རྣམ་པར་འབྱེད་དོ། །ཡོངས་སུ་རྟོག་གོ། །ཡོངས་སུ་དཔྱོད་པར་བྱེད་དོ་ཞེས་གསུངས་སོ། །དེ་ལ་ཇི་སྙེད་ ཡོད་པར་གྱུར་པ་ལ་སོ་སོར་རྟོག་པ་ནི་རྣམ་པར་འབྱེད་པའོ། །ཇི་ལྟ་བ་བཞིན་དུ་གྱུར་པ་ལ་སོ་སོར་རྟོག་པ་ནི་རབ་ཏུ་རྣམ་པར་འབྱེད་པའོ། །རྣམ་པར་མི་རྟོག་པ་ཡིད་ལ་བྱེད་པ་ཤེས་རབ་དང་ལྷན་ཅིག་ཏུ་གྱུར་པས་མཚན་མའི་རྣམ་པ་བཟུང་བ་ནི་ཡོངས་སུ་རྟོག་པའོ། །ཀུན་ཏུ་དཔྱོད་པ་ནི་ཡོངས་སུ་དཔྱོད་པའོ། །འདི་དག་གི་ བཤད་པ་ནི་འཕགས་པ་བྱམས་པས་ཐེག་པ་ཆེན་པོའི་ཆོས་མངོན་པ་ཀུན་ལས་བཏུས་པ་ལས། ལྷག་མཐོང་གང་ཞེ་ན། ཇི་ལྟར་ཡང་དེ་ཆོས་རྣམས་རྣམ་པར་འབྱེད། རབ་ཏུ་རྣམ་པར་འབྱེད། ཡོངས་སུ་རྟོག་པར་བྱེད། ཡོངས་སུ་དཔྱོད་པར་བྱེད། གནས་ངན་ལེན་གྱི་མཚན་མའི་གཉེན་ པོར་བླང་བ་དང་། ཕྱིན་ཅི་ལོག་ངེས་པར་བསལ་བ་དང་། ཕྱིན་ཅི་མ་ལོག་པ་ལ་སེམས་མཉམ་པར་གཞག་པ་དག་ཉེ་བར་བླངས་ནས་སོ་ཞེས་གསུངས་ཏེ། འདིར་ཚིག་འདི་དག་གི་དོན་ནི་གནས་ངན་ལེན་ནི་ཕྱིན་ཅི་ལོག་གི་བག་ཆགས་ཏེ། དེ་ཡང་ཕྱིན་ཅི་ལོག་གོང་ནས་གོང་དུ་སྐྱེད་ པར་བྱེད་པའི་ནུས་པ་སེམས་ཀྱི་རྒྱུད་ལ་གནས་པའི་མཚན་ཉིད་དེ། དེའི་མཚན་མ་ནི་གང་གི་ཕྱིར་དེ་ཡོངས་སུ་གསོ་བར་བྱེད་པ་སྟེ། ཕྱིན་ཅི་ལོག་ལ་མངོན་པར་ཞེན་པ་སྔ་མ་སྔ་མ་དག་གོ། །དེ་ཟད་པས་གནས་ངན་ལེན་ཟད་དོ། །ཕྱིན་ཅི་ལོག་སྐྱེ་བར་མི་འགྱུར་ ཏེ། མཚན་མའི་གཉེན་པོ་གོམས་པ་ལས་མཚན་མ་ཟད་པ་ཡིན་ཏེ། གཉེན་པོ་དེ་ནི་འབྱེད་པ་དང་། རབ་ཏུ་རྣམ་པར་འབྱེད་པ་སྟེ། དེ་བས་ན་འདི་གཉིས་ནི་གནས་ངན་ལེན་གྱི་མཚན་མའི་གཉེན་པོ་ཉེ་བར་བླངས་ཏེ་བསྟན་ཏོ། །ཡོངས་སུ་རྟོག་པ་ནི་ཕྱིན་ཅི་ལོག་ངེས་པར་བསལ་ བ་ཉེ་བར་བླངས་ནས་བསྟན་ཏོ། །གང་གི་ཕྱིར་དེ་ནི་ཇི་ལྟར་བཞིན་དུ་རྣམ་པར་ཕྱེ་བས་ཕྱིན་ཅི་ལོག་གི་དོགས་པ་གཅིག་ཏུ་བསལ་ནས། བརྗེད་པ་མེད་པ་ཡིད་ལ་བྱེད་པས་ཡོངས་སུ་བསྩལ་ནས་ལྷག་པར་དམིགས་པ་སྟེ། དེ་བས་ན་འདི་ནི་ཕྱིན་ཅི་ལོག་ངེས་པར་བསལ་བ་ཞེས་བྱའོ། ། དེ་ལྟར་འདིས་ཕྱིན་ཅི་ལོག་ངེས་པར་བསལ་བས་ཕྱིན་ཅི་མ་ལོག་པར་བྱས་ལ། ཕྱིན་ཅི་མ་ལོག་པར་དེར་མངོན་སུམ་བཞིན་དུ་མཐོང་བའི་དོན་ལ་སེམས་བཞག་ནས་སོ་སོར་རྟོག་པ་ནི་ཡོངས་སུ་དཔྱོད་པ་སྟེ། དེ་བས་འདི་ནི་ཕྱིན་ཅི་མ་ལོག་པ་ལ་སེམས་གཞག་པ་ཉེ་བར་བླངས་ཏེ་བསྟན་ པའོ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་ལྷག་མཐོང་རྣམ་པ་བཞིའི་བསྒོམ་པ་ཡོངས་སུ་རྫོགས་པས་ལྷག་མཐོང་གིས་ནི་གནས་ངན་ལེན་གྱི་འཆིང་བ་ལས་གྲོལ་བ་ཡིན་ནོ། །ཞི་གནས་རྣམ་པ་དགུའི་བསྒོམ་པ་ཡོངས་སུ་རྫོགས་པས་ནི་མཚན་མའི་འཆིང་བ་ལས་གྲོལ་བར་འགྱུར་ཏེ། ཕྱིན་ ཅི་ལོག་གི་མཚན་མ་ཕྱིན་ཅི་ལོག་གི་དོན་གྱི་རྣམ་པ་འགག་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང་། ཞི་གནས་དང་ནི་ལྷག་མཐོང་དག །བསྒོམས་པས་གནས་ངན་ལེན་དང་ནི། །མཚན་མ་ཡི་ནི་འཆིང་བ་ལས། །རྣལ་འབྱོར་པ་ནི་གྲོལ་བར་འགྱུར། །ཞེས་གསུངས་ ཏེ། ཚིགས་སུ་བཅད་པ་འདིའི་དོན་ནི་ཅི་རིགས་པར་སྦྱར་ལ། །གོ་རིམས་བཞིན་དུ་མ་ཡིན་ནོ། །དེ་བས་ན་རྣལ་འབྱོར་དང་བསྒོམ་པ་ནི་རྣམ་གྲངས་ཡིན་ལ། ཞི་གནས་དང་། ལྷག་མཐོང་དང་། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པ་ནི་རྣལ་འབྱོར་གྱི་ཐུན་མོང་གི་དབྱེ་བའོ། །ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་མན་ངག །སློབ་དཔོན་མཁས་པ་ཆེན་པོ་རིན་ཆེན་འབྱུང་གནས་ཞི་བའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤཱན་ཏི་བྷ་དྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །། ༄༅། །རྣལ་འབྱོར་སྤྱོད་པའི་བསྒོམ་པའི་དོན་མདོར་བསྡུས་ཏེ་བསྟན་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཇི་སྐད་དུ་བརྗོད་པའི་ཡེ་ཤེས་དེ་ནི་རྟག་པ་དང་ཆད་པར་ལྟ་བ་རྣམས་ཀྱིས་ཐོབ་པར་མི་ནུས་ཏེ། འདི་ལྟར་གལ་ཏེ་ཡོད་པར་རྣམ་པར་རྟོག་ན་ནི་དེའི་ ཕྱིར་རྟག་པ་ཉིད་དུ་འཛིན་པའི་མཐར་ལྟུང་བར་འགྱུར། ཇི་སྟེ་མེད་པར་རྣམ་པར་རྟོག་ན་ནི་དེ་ལྟ་ན་ཡང་ཆད་པར་ལྟ་བའི་མཐར་ལྟུང་བར་འགྱུར་ཏེ། དེ་བས་ན་འདི་ནི་དབུ་མའི་ལམ་གྱིས་འབྱུང་བའི་ངང་ཚུལ་ཅན་ཡིན་པས་ཡེ་ཤེས་དེ་ཉིད་དེ་ལྟ་བུར་ལྟ་བ་རྣམས་ཀྱིས་ཐོབ་པར་མི་ནུས་སོ། ། དེ་བས་ན་དབུ་མའི་ལམ་ལ་བརྩོན་པར་བྱའོ་ཞེས་བསྟན་པའི་ཕྱིར། དབུ་མའི་ལམ་ལས་བྱུང་བ་ཡི། །ཡེ་ཤེས་རྣམ་པར་མི་རྟོག་དེ། །རྟག་པར་ཆད་པ་ལྟ་རྣམས་ཀྱིས། །ཐོབ་པར་ནུས་པ་མ་ཡིན་ནོ། །ཞེས་བྱ་བ་སྨོས་སོ། །དབུ་མའི་ལམ་དེ་ཡང་དཔྱད་ན་རྣམ་པར་རིག་པ་ཙམ་ ཉིད་དེ། རྣམ་པར་རིག་པ་ཙམ་ཉིད་ནི་གཙོར་ན་རྟེན་ཅིང་འབྲེལ་བར་འབྱུང་བའི་དངོས་པོ་མཚོན་པའོ། །གཞན་གྱི་དབང་འཁྲུལ་པ་ཙམ་ཡིན་པས་གཟུང་བ་དང་འཛིན་པ་ཉིད་དུ་སྣང་བའི་ཕྱིར། གལ་ཏེ་ཇི་ལྟར་སྣང་བ་དེ་བཞིན་དུ་ཡོད་ན་ནི་རྟག་པའི་མཐར་འགྱུར་རོ། །ཅི་སྟེ་ཅི་ཡང་མེད་ན་ ནི་དེ་ལྟ་ན་ཆད་པར་འགྱུར་ཏེ། དེ་ལྟ་བས་ན་གདགས་པའི་གཞི་ཡོད་པ་ཉིད་དུ་ཁས་བླང་བར་བྱ་དགོས་ཏེ། དེའི་ཕྱིར། དབུ་མའི་ལམ་ཞེས་བྱ་བ་ཡང་། །རྣམ་རིག་ཙམ་ཉིད་མ་གཏོགས་པར། །རིགས་པས་བརྟགས་ན་འདིར་གཞན་ནི། །རྣམ་པ་ཀུན་ཏུ་མི་འཐད་དོ། །ཞེས་བྱ་བ་སྨོས་ སོ། །འོ་ན་བདས་དང་རིགས་མཐུན་པའི་མདོ་ལས། ཀུན་དགའ་བོ་ཡོད་ཅེས་བྱ་བ་ནི་རྟག་པར་འགྱུར་རོ། །མེད་ཅེས་བྱ་བ་ཆད་པར་འགྱུར་རོ། །དེ་ལྟ་བས་ན་དེ་བཞིན་གཤེགས་པ་དབུ་མའི་ལམ་གྱི་ཆོས་སྟོན་ཏོ་ཞེས་གསུངས་པ་ཇི་ལྟ་བུ་ཞེ་ན། དེ་ནི་ཉེས་པ་མེད་དེ། གཙོ་བོར་གང་ཟག་ དགག་པའི་ཕྱིར་གསུངས་ཀྱི། གཞན་གཙོ་བོར་བྱེད་པ་ནི་མ་ཡིན་ཏེ། གཞན་གཙོ་བོར་མཛད་པ་མ་ཡིན་པ་དེ་ཡང་གང་ཟག་གིས་གསལ་བར་མཛད་པས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལྟར་རྣམ་པར་རིག་པ་ཙམ་ཉིད་དུ་དབུ་མའི་ལམ་དུ་བསྒྲུབས་ ནས། དེ་ལ་གཟུང་བའི་ཕྱིར། རྫོགས་པའི་བྱང་ཆུབ་འདོད་རྣམས་ཀྱིས། །མི་རྟོག་ཡེ་ཤེས་སྐྱེད་པའི་ཕྱིར། །དེ་བས་རྣམ་པར་རིག་ཙམ་དུ། །བསྒོམ་པ་རྟག་ཏུ་སྦྱར་བར་བྱ། །ཞེས་བྱ་བ་སྨོས་སོ། །གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ བར་འདོད་པ་དེ་དག་གིས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡོངས་སུ་བསྒྲུབ་པའི་ཕྱིར། འདི་ཐམས་ཅད་ནི་རྣམ་པར་རིག་པ་ཙམ་མོ་ཞེས་རྣམ་པར་རིག་པ་ཙམ་ཉིད་དུ་བསྒོམ་པ་ལ་རྟག་ཏུ་སྦྱར་བར་བྱའོ། །དེ་ལྟར་རྣམ་པར་རིག་པར་སྣང་བ་མཐོང་བ་སྐྱེས་ཏེ། ཐམས་ཅད་ལ་དངོས་པོའི་ངོ་བོ་མི་མཐོང་ན། གཟུང་བ་མེད་པར་འཛིན་པ་ཡང་མེད་དོ་ཞེས་རྣམ་པར་རིག་པ་ཙམ་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེའི་ཕྱིར་གཟུང་བ་དང་འཛིན་པར་རྟོག་པ་དང་བྲལ་བས། རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པ་ཉིད་དུ་འབྱུང་བར་འགྱུར་ཏེ། དེའི་ཕྱིར་བསྒོམ་པ་ལ་རྟག་ཏུ་སྦྱར་བར་བྱ་ཞེས་ བྱ་བ་སྨོས་ཏེ། འདི་ནི་ཕན་ཡོན་ཡིན་པས་དེའི་ཕྱིར་སྒྲིམས་ཤིག་ཅེས་སྟོན་ཏོ། །དེ་ལྟར་དེ་བསྒོམ་པ་ལ་མངོན་པར་བརྩོན་པའི་བློ་གྲོས་དང་ལྡན་པ་ནི་ས་བཅུ་རིམ་གྱིས་རྣམ་པར་རྟོག་པ་རྣམ་པར་འཇིག་པས་མི་རྟོག་པའི་ངོ་བོ་ཉིད་མཐོང་སྟེ། གཟུང་བ་དང་འཛིན་པའི་བདག་ཉིད་གཉིས་པོ་གང་ ཡིན་པ་དེ་ཡང་གཉིས་མེད་ཀྱི་ངོ་བོ་ཉིད་དུ་རྟོག་ཅིང་། འདི་ན་བརྟག་པར་བྱ་བ་ཡང་མེད་ལ། རྟོག་པ་ཡང་མེད་དེ། འདི་ཐམས་ཅད་མེད་པ་ལ་སྒྲོ་བཏགས་པ་ཡིན་པས། འདི་ཀུན་ནི་རྨི་ལམ་དང་འདྲའོ་ཞེས་ངེས་པར་བྱེད་དེ། དེའི་ཕྱིར། རྣམ་རྟོག་མི་རྟོག་བདག་ཉིད་ཡིན། །གཉིས་དང་ གཉིས་མེད་བདག་ཉིད་དེ། འདི་དག་ཐམས་ཅད་རྨི་ལམ་བཞིན། །འདི་ལ་བརྟག་བྱ་མེད་རྟོག་མེད། །ཅེས་བྱ་བ་སྨོས་ཏེ། དེ་ནི་འདི་སྐད་དུ་ཕྱིན་ཅི་ལོག་ཏུ་གྱུར་པ་མ་གཏོགས་པར་ཆོས་ཕྲ་རབ་ཙམ་ཡང་མེད་དེ། དེ་བས་ན་ཕྱིན་ཅི་ལོག་སྤངས་ཙམ་ཞིག་བྱ་བར་ཟད་དོ་ཞེས་བསྟན་པར་ འགྱུར་རོ། །དངོས་པོ་གང་ཡང་བསྣན་མེད་ཅིང་། །བསལ་བ་མེད་དེ་དེ་ཡི་ཕྱིར། །ཞེས་བྱ་བས་ནི་དེ་ཉིད་སྒྲུབ་པར་བྱེད་དེ། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅི་ཡང་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་བས་རྣམ་པར་གྲོལ། །ཞེས་བྱ་བ་སྟེ་དེའི་ ཕྱིར། ཆོས་ཀྱི་རང་གི་ངོ་བོ་ཉིད། །དེ་བཞིན་ཉིད་ཙམ་མཐོང་བས་གྲོལ། །ཞེས་བྱ་བ་སྨོས་སོ། །རྣལ་འབྱོར་སྤྱོད་པའི་བསྒོམ་པའི་དོན་མདོར་བསྡུས་ཏེ་བསྟན་པ། སློབ་དཔོན་ཡེ་ཤེས་ཟླ་བས་མཛད་པ་རྫོགས་སོ།། །།རྩ་བ་སློབ་དཔོན་ཀླུའི་བཤེས་གཉེན་གྱིས་མཛད་པ་ ལགས་སོ།། །།རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། པྲཛྙཱ་པཱ་ར་མི་ཏ་བྷཱ་བ་ན་ཨུ་པ་དེ་ཤ །བོད་སྐད་དུ། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་མན་ངག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་མན་ངག་བྲི་བར་བྱ་སྟེ། རྣལ་འབྱོར་དང་སྒོམ་པ་ནི་མིང་གི་རྣམ་གྲངས་དག་གོ། །ཞི་གནས་དང་། ལྷག་མཐོང་དང་། ཞི་གནས་དང་ ལྷག་མཐོང་ཟུང་དུ་འབྲེལ་པ་སྟེ། ཐུན་མོང་གི་རྣལ་འབྱོར་གྱི་རབ་ཏུ་དབྱེ་བའོ། །འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་འདོད་པས་རྣལ་འབྱོར་གྱི་ས་བཞི་བཤད་པར་བྱ་སྟེ། དངོས་པོའི་མཐའ་ལ་དམིགས་པ་དང་། སེམས་ཙམ་ཉིད་དུ་དམིགས་པ་དང་། དེ་བཞིན་ཉིད་ལ་དམིགས་ པ་དང་། དམིགས་པ་མེད་པའོ། །དེ་ལ་དང་པོ་རེ་ཞིག་བརྗོད་པར་བྱ་སྟེ། འདིར་ཐོས་པ་དང་བསམ་པ་ཕུན་སུམ་ཚོགས་པའི་བྱང་ཆུབ་སེམས་དཔའ་གཅིག་པུ་དབེན་པར་འདུག་སྟེ། སྐྱིལ་མོ་ཀྲུང་དུ་བཅས་ཤིང་ལུས་དྲང་པོར་བྱས་ནས། ཧ་ཅང་ཞུམ་པར་ཡང་མ་ཡིན། ཧ་ཅང་རྒོད་པ་ཡང་ མ་ཡིན་པར་དྲན་པ་དང་ཤེས་བཞིན་དང་ལྡན་པས། རང་བཞིན་གྱིས་གཡེང་བ་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཀྱི་རྣམ་པར་ཤེས་པ་ཡོངས་སུ་སྤངས་ནས་མཉམ་པར་གཞག་སྟེ། ཡོངས་སུ་གསལ་ཞིང་དྲན་པའི་འདུ་ཤེས་ཀྱིས་སྣ་ཚོགས་ཡིད་ལ་བྱའོ། །འདི་ལྟ་སྟེ། གཟུགས་འདི་ ནི་སྔོན་པོ་དང་། སེར་པོ་ལ་སོགས་པའོ། །སྒྲ་འདི་ནི་སྙན་པ་དང་། མི་སྙན་པ་ལ་སོགས་པའོ། །དྲི་འདི་ནི་ཞིམ་པ་དང་མི་ཞིམ་པ་ལ་སོགས་པའོ། །རོ་འདི་ནི་མངར་བ་དང་སྐྱུར་བ་ལ་སོགས་པའོ། །རེག་བྱ་འདི་ནི་གྲང་བ་དང་དྲོ་བ་ལ་སོགས་པའོ། །ཆོས་འདི་ ནི་བདེ་བ་དང་། སྡུག་བསྔལ་བ་དང་། འདོད་ཆགས་དང་། ཞེ་སྡང་དང་། ནམ་མཁའ་དང་། མྱ་ངན་ལས་འདས་པ་ལ་སོགས་པའོ། །དྲུག་པོ་འདི་དག་ནི་ཡུལ་གྱི་ཁམས་གཟུང་བ་ཉིད་ཀྱིས་སོ་སོར་སྣང་བའོ། །ནང་གི་གསལ་བའི་ངོ་བོ་རྣམ་པར་ཤེས་པའི་ཁམས་དྲུག་པོ་འདི་ལྟ་སྟེ། མིག་གི་རྣམ་པར་ ཤེས་པ་དང་། རྣ་བའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པའོ། །ཁམས་དྲུག་པོ་འདི་དག་གི་རྟེན་དུ་གྱུར་པ་དབང་པོ་དྲུག་གི་ཁམས་ཏེ། དེ་ཡང་གཟུགས་དང་བའི་བདག་ཉིད་ལྔ་དང་། གཅིག་ནི་གཟུགས་མེད་པའོ། །འདི་ལྟ་སྟེ། མིག་འབྲས་ཀྱི་ནང་གི་མིག་གི་དབང་པོ་ནི་ཟར་མའི་མེ་ཏོག་ཁ་བྱེ་བ་ལྟ་བུའོ། །རྣ་བའི་རྩ་བར་རྣ་བའི་དབང་པོ་ནི་གྲོ་གའི་མདུད་པ་གཅུས་ཏེ་བཅད་པ་ལྟ་བུའོ། །སྣའི་རྩ་བར་སྣའི་དབང་པོ་ནི་མོ་ཁབས་གཤིབས་པ་ལྟ་བུའོ། །ལྕེའི་འདབ་མ་ལ་ལྕེའི་དབང་ པོ་སྐྲའི་རྩེ་མོ་ཙམ་དོར་ནས་ཟླ་བ་ཕྱེད་པ་ལྟ་བུའོ། །ལུས་ཐམས་ཅད་ལ་ལུས་ཀྱི་དབང་པོ་ནི་ལུས་བཞིན་ནོ། །ཡིད་ནི་མཚུངས་པ་དེ་མ་ཐག་པའི་འདས་པའི་ཡིད་བཞིན་ནོ། །བདག་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་ཡུལ་དང་། དབང་པོ་དང་རྣམ་པར་ཤེས་པ་དྲུག་གིས་གཟུང་བའི་ཁམས་བཅྭ་བརྒྱད་ ཅན་ནོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཏོགས་པ་སྣ་ཚོགས་ཡིད་ལ་བྱ་བ་ནས། དེ་ཉིད་སྣ་ཚོགས་སོ་སོར་སྣང་བའི་སེམས་ལ་དམིགས་ཏེ་ཡིད་ཀྱིས་བརྗོད་པ་ཡང་སྤངས་ཏེ་ཞི་གནས་ལ་གོམས་པར་བྱའོ། །ཇི་སྲིད་དུ་ལུས་དང་སེམས་ཤིན་ཏུ་སྦྱངས་པ་ཐོབ་པ་ནི་ཞི་གནས་གྲུབ་པའོ། །དེ་ནས་ ཞི་གནས་གྲུབ་པ་ལ་བརྟེན་ནས་སྣ་ཚོགས་ཀྱི་གཟུགས་བརྙན་འདི་དག་ཙམ་ནི་ཆོས་ཐམས་ཅད་དོ། །འདི་ལྟ་སྟེ། ཇི་སྲིད་གཟུགས་ཀྱི་ཁམས་ནས་ཡིད་ཀྱི་ཁམས་ཀྱི་བར་ལ་མང་དུ་རྣམ་པར་དབྱེ་བར་བྱ། ཡོངས་སུ་རྣམ་པར་བརྟག་པར་བྱ། ཡོངས་སུ་དཔྱོད་པའི་ཡིད་ཀྱིས་ལྷག་མཐོང་རྫོགས་པར་བྱའོ། །དེའི་རྗེས་ལ་དེ་དག་ཉིད་རྣམ་ པར་རྟོག་པའི་གཟུགས་བརྙན་དང་། དེ་ལ་དམིགས་པ་དེ་ཉིད་ཀྱི་སེམས་གཉི་ག་མཉམ་པར་བར་ཆད་མེད་པར་ཡིད་ལ་བྱེད་པའི་རྒྱུན་ཞི་གནས་དང་ལྷག་མཐོང་དེ་དག་ཉིད་ཟུང་དུ་འབྲེལ་པར་འཇུག་པའི་ལམ་མོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་དངོས་པོ་ཇི་སྲིད་པ་ལ་དམིགས་པ་དང་པོའི་རྣལ་འབྱོར་གྱི་སའོ།། །། དེ་ནས་གཉིས་པ་ལ་སྣ་ཚོགས་སུ་སྣང་བ་དེ་ཉིད་ལ་སེམས་བསྐྱེད་དེ་འདི་ལྟར་བརྟག་པར་བྱའོ། །མིང་ཙམ་སྟེ། གཟུགས་མིང་ཙམ་ནས་ཡིད་ཀྱི་བར་དུའོ། །དེ་བཞིན་དུ་ཆོས་ཐམས་ཅད་མིང་ཙམ་མོ། །མིང་ཉིད་ནི་དོན་མ་ཡིན་ཏེ། ཤིན་ཏུ་ཐ་དད་པའི་ཕྱིར་རོ། །དོན་མངོན་པར་མི་ཤེས་པར་ཡང་མིང་ཙམ་སྣང་བ་དང་། མིང་ མངོན་པར་མི་ཤེས་པར་ཡང་དོན་སྣང་བས་སོ། །དེའི་ཕྱིར་མིང་ཇི་ལྟ་བ་བཞིན་དོན་མེད་དེ། གཟུགས་ནི་མིང་ཙམ་སྟེ་དོན་མེད་པའོ། །དེ་བཞིན་དུ་ཇི་སྲིད་ཆོས་ཐམས་ཅད་མིང་ཙམ་མོ། །ཡང་གང་ཞིག་འཇིག་རྟེན་དག་གི་གཟུགས་རྟོག་པ་འདི་ལྟ་བུར་ཆོས་ཐམས་ཅད་ཀྱང་ཐ་སྙད་ཀྱི་ཕྱིར་གློ་བུར་དུ་མིང་དུ་བཏགས་ པའོ། །དེ་ནས་གཟུགས་མེད་པ་ནས་ཇི་སྲིད་ཆོས་ཐམས་ཅད་དོ། །འདི་དག་ནི་སེམས་ཙམ་ཁོ་ན་སྟེ། དོན་བརྫུན་པ་ཡིན་ཡང་དོན་དུ་སྣང་བ་ནི་དོན་དུ་མངོན་པར་ཞེན་པའི་བག་ཆགས་ལས་སྐྱེ་བ་ཡིན་ཏེ། རྒྱན་པོ་ལ་གོམས་པའི་རྒྱན་པོ་ལ་སོགས་པའི་རྨི་ལམ་བཞིན་ནོ། །དེ་ལ་འདི་དག་ནི་གློ་བུར་དུ་མིང་དུ་བཏགས་པ་ཙམ་ སྟེ། ཡང་སེམས་ལས་ཕྱི་རོལ་དུ་གྱུར་པའི་སེམས་ཀྱི་གཟུང་བའི་དོན་ཅི་ཡང་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །དེ་ནས་གཟུང་བ་དང་འཛིན་པ་སྟོང་པ་ཉིད་བརྗོད་པ་མེད་པ་འདི་དག་སེམས་ཙམ་ཉིད་དུ་སྣ་ཚོགས་ངེས་པར་བྱས་ནས། ཡིད་ཀྱིས་བརྗོད་པ་ཐམས་ཅད་ཡོངས་སུ་སྤངས་ཏེ། ཆོས་ཐམས་ཅད་སེམས་ཙམ་ཉིད་ ཡིན་པ་དེ་ཉིད་ལ་སེམས་ཉེ་བར་བཅིངས་ཏེ། གཡོ་བ་མེད་པར་བྱས་ནས་བསྡུས་ཏེ་ཞི་གནས་བསྐྱེད་པར་བྱ་སྟེ། ཇི་སྲིད་ལུས་དང་སེམས་ཤིན་ཏུ་སྦྱངས་པ་ཐོབ་པའི་བར་དུའོ། །ཤིན་ཏུ་སྦྱངས་པ་ཐོབ་པ་ལ་བརྟེན་ནས་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དེ་ཉིད་སོ་སོར་སྣ་ཚོགས་ཡང་དང་ཡང་དུ་རྣམ་པར་དཔྱད་པར་བྱ་སྟེ། ཁམས་བཅྭ་བརྒྱད་པོ་འདི་དག་ཐམས་ཅད་སྣ་ཚོགས་རང་བཞིན་མེད་པ་སེམས་ཙམ་སྟེ། གཟུང་བ་དང་འཛིན་པ་མེད་པའོ། །དེ་བཞིན་དུ་འདི་ཡང་དང་ཡང་རྣམ་པར་འབྱེད་པ་དང་། རབ་ཏུ་རྣམ་པར་འབྱེད་པ་དང་། ཡོངས་སུ་རྣམ་པར་རྟོག་པ་དང་། ཡོངས་སུ་དཔྱོད་པར་བྱེད་པ་ན། གང་གི་ཚེ་ལུས་དང་ སེམས་ཤིན་ཏུ་སྦྱངས་པ་དེའི་ཚེ་ལྷག་མཐོང་ངོ་། །དེའི་རྗེས་ལ་རྣམ་པར་རྟོག་པ་མེད་པ་དེ་ཉིད་ཀྱི་གཟུགས་བརྙན་དང་། དེ་ལ་དམིགས་པ་དེའི་སེམས་གཉི་ག་མཉམ་པ་བར་ཆད་མེད་པར་ཡིད་ལ་བྱེད་པའི་རྒྱུན་ཞི་གནས་དང་ལྷག་མཐོང་དེ་དག་ཉིད་ཟུང་དུ་ འབྲེལ་པར་འཇུག་པའི་ལམ་མོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་ཇི་ལྟ་བ་ལ་དམིགས་པ་གཉིས་པའི་སའོ།། །།དེ་ནས་གསུམ་པ་ལ་དེ་བཞིན་དུ་སྣ་ཚོགས་སོ་སོར་སྣང་བ་ལ་སེམས་བསྐྱེད་ཅིང་འདི་ལྟར་ཉེ་བར་བརྟག་པར་བྱ་སྟེ། ཁམས་བཅྭ་བརྒྱད་པོ་འདི་དག་ ཐམས་ཅད་སྣ་ཚོགས་རང་བཞིན་མེད་ལ་སེམས་ཙམ་གཟུང་བ་དང་འཛིན་པས་སྟོང་པའོ། །ཡང་གང་ཞིག་མིང་སོ་སོར་སྣང་བ་གཟུགས་ཞེས་བྱ་བ་དང་། སྒྲ་ཞེས་བྱ་བ་དང་། དྲི་ཞེས་བྱ་བ་ནས་ཇི་སྲིད་ཆོས་ཐམས་ཅད་ཅེས་བྱ་བའོ། །གང་ཡང་དོན་སོ་སོར་སྣང་བ་འདི་ལྟ་སྟེ་ཕུང་ པོ་དང་ཁམས་དང་སྐྱེ་མཆེད་དུ་སོ་སོར་སྣང་བ་ནས། ཇི་སྲིད་ཆོས་ཐམས་ཅད་དུ་སོ་སོར་སྣང་བ་འདི་ཐམས་ཅད་ནི་ཆོས་ཀྱི་མཚན་མ་སྟེ། ཆོས་ཀྱི་གཟུགས་བརྙན་ཉིད་ཡིན་པའི་ཕྱིར་རོ། །འདི་ཐམས་ཅད་ནི་འཁྲུལ་པའི་རྒྱུ་མཚན་སྤྲོས་པའི་མཚན་མ་ཕྱིན་ཅི་ལོག་གི་རྒྱུ་མཚན་ཏེ། འཁྲུལ་པའི་ དམིགས་པ་ཉིད་ཡིན་པའི་ཕྱིར་རོ། །དེར་སྣང་བ་ལ་སོགས་པའི་བློ་ཡང་དག་པ་མ་ཡིན་པའི་རྣམ་པ་དེས་བསླད་པས་སྣང་བ་དེ་ལ་དམིགས་པས་ཀུན་ཏུ་སྣང་བ་ཉིད་ཅེས་བྱ་བ་དེ་འཁྲུལ་པ་ལ་དམིགས་པ་ཡིན་པར་བརྗོད་དོ། །དེའི་ཕྱིར་འདི་དག་ཇི་སྲིད་སྣང་བ་དེ་སྲིད་འཁྲུལ་པ་སྟེ། ཡང་དག་པ་ མ་ཡིན་པའི་དོན་མཐོང་བས་དོན་དམ་པ་མི་མཐོང་བ་ཡིན་ནོ། །དེ་ནས་ཆོས་འདི་དག་ཐམས་ཅད་ཀྱི་དོན་དམ་པ་མཐོང་བར་འདོད་པས་དེ་བཞིན་དུ་ཞི་གནས་ལ་བརྟེན་ནས་འཁྲུལ་པའི་རྒྱུ་མཚན་ཐམས་ཅད་མངོན་སུམ་དུ་སྣང་བ་ཡིད་ལ་མི་བྱེད་པས་ཡོངས་སུ་སྤང་བར་བྱའོ། །འདི་ལྟ་སྟེ། གང་ ཞིག་གཅིག་པུ་དབེན་པར་འདུག་ནས་བསམ་གཏན་ལ་གནས་ཏེ། གཟུགས་ཀྱི་འདུ་ཤེས་ཐམས་ཅད་ལས་འདས་ཤིང་། འདི་ལྟར་ཐམས་ཅད་ནམ་མཁའ་འོ་ཞེས་འདུ་ཤེས་ལ་གནས་ནས་ནམ་མཁའ་མཐའ་ཡས་ལ་སྙོམས་པར་ཞུགས་པ་བཞིན་དུ་བྱང་ཆུབ་སེམས་དཔས་ཁམས་བཅྭ་ བརྒྱད་པ་སྣ་ཚོགས་སོ་སོར་སྣང་བ་འདི་སེམས་ཙམ་དུ་བྱེད་དེ། ཡིད་ཀྱིས་བརྗོད་པ་ཐམས་ཅད་ཡོངས་སུ་སྤངས་ནས་འཁྲུལ་པ་དང་རྟོག་པའི་རྒྱུ་མཚན་ཐམས་ཅད་སྤངས་ཤིང་གཟུང་བའི་མཚན་མ་ཐམས་ཅད་ནུབ་ནས་ཞི་གནས་ལ་བརྩོན་པར་བྱའོ། །ཇི་སྲིད་ལུས་དང་སེམས་ཤིན་ཏུ་སྦྱངས་པའི་བར་དུའོ། །དེ་ནས་ཞི་གནས་དེ་ཉིད་ལ་ གནས་ནས་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དེ་ཉིད་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རབ་ཏུ་རྣམ་པར་འབྱེད་དོ། །ཆོས་འདི་དག་ཐམས་ཅད་ལྡན་པ་དང་། བྲལ་བ་དང་། གཟུགས་ཅན་དང་། བསྟན་དུ་མེད་པ་དང་། ཐོགས་པ་མེད་པ་དང་། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མེད་པའོ། །དེ་ལྟར་རབ་ཏུ་རྣམ་པར་འབྱེད། ཡོངས་སུ་རྣམ་པར་ རྟོག་པར་བྱེད། ཡོངས་སུ་དཔྱོད་པར་བྱེད་པ་ན། གང་གི་ཚེ་སེམས་དང་ལུས་ཤིན་ཏུ་སྦྱངས་པ་དེའི་ཚེ་ལྷག་མཐོང་ངེས་པར་གྲུབ་པ་ཡིན་ནོ། །དེའི་རྗེས་ལ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་རྣམ་པར་མི་རྟོག་པ་དེ་ཉིད་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་གཟུགས་བརྙན་དང་། དེ་ལ་དམིགས་པའི་སེམས་དེ་ཉིད་བར་མེད་ཅིང་བར་ཆད་མེད་པར་ཡིད་ལ་བྱེད་ པའི་རྒྱུན་ཞི་གནས་དང་ལྷག་མཐོང་དེ་དག་ཉིད་ཟུང་དུ་འབྲེལ་པར་འཇུག་པའི་ལམ་སྟེ། འདི་ནི་རྣལ་འབྱོར་གསུམ་པའི་སའོ།། །།གང་གི་ཚེ་འདི་དག་ཉིད་ཡོངས་སུ་གྲུབ་པ་ན་མཉམ་པར་གཞག་པ་སྔ་མ་བསྒོམ་པའི་སྟོབས་ཀྱིས་འཇུག་པ་ལྷུན་གྱིས་གྲུབ་པ་འདུ་བྱེད་པ་མེད་པར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ཉིད་ ཀྱིས་མངོན་སུམ་དུ་ཉམས་སུ་མྱོང་བ་མངོན་དུ་བྱེད་པ། རྣམ་པར་མི་རྟོག་པའི་ཡེ་ཤེས་གཉིས་སུ་མེད་པ། འཁྲུལ་པ་མེད་པ། ཆོས་དང་ཆོས་ཉིད་ཀྱི་མཚན་མ་ཤིན་ཏུ་ནུབ་པ། སྣང་བ་མེད་པ། དམིགས་པ་མེད་པ། རྣམ་པར་མི་རྟོག་པའི་ཞི་གནས་དང་ལྷག་མཐོང་གི་བདག་ཉིད་ཅན་མཆོག་ཏུ་གསལ་བར་སྤྱོད་པ་འཇིག་རྟེན་ལས་ འདས་པ་ཟག་པ་མེད་པ་ཡང་དག་པའི་ཡེ་ཤེས་མངོན་དུ་འགྱུར་ཏེ། དེ་ནི་རྣལ་འབྱོར་བཞི་པའི་སའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་མན་ངག་སློབ་དཔོན་ཆེན་པོ་རཏྣ་ཨ་ཀ་ར་ཤཱན་ཏིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་དཔལ་རབ་འབྱོར་ཞི་བ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཏིང་ངེ་འཛིན་བཟང་པོས་ བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅། །རྒྱ་གར་སྐད་དུ། པྲཛྙཱ་པཱ་ར་མི་ཏ་ཨུ་པ་དེ་ཤ །བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །སྟོབས་བཅུར་ལྡན་པ་གང་གི་ཞབས་ཀྱི་རྡུལ། །ལྷ་རྣམས་ཅོད་པན་གྱིས་ནི་ བཏུད་གྱུར་ལ། །ཐར་སྒོར་མཆོད་ཡོན་མེ་ཏོག་རྡུལ་ལྟ་བུར། །ཤེས་ལྡན་རྣམས་ཀྱིས་མགོས་བརྒྱན་རྒྱལ་གྱུར་ཅིག །གསེར་བཟང་སྦྱངས་པ་དང་ནི་མཚུངས་པ་ཡི། །འོད་འཕྲོའི་དཀྱིལ་འཁོར་གྱི་ནི་མཚན་གྱུར་ལ། །ཐུགས་ནི་ཡོན་ཏན་སྣ་ཚོགས་ཀྱིས་བརྒྱན་པ། །རྣམ་དག་གསུང་ལྡན་སངས་རྒྱས་ཕྱག་འཚལ་ ལོ། ཕ་རོལ་རྒོལ་བའི་ཐར་པ་སྲིད་ཕྱོགས་གཅིག །ཉན་ཐོས་ཐར་པ་སྲིད་ཟད་ཟད་མི་འགྱུར། །སྲིད་དང་མྱ་ངན་འདས་ལས་གཡུང་དྲུང་ལ། །མངའ་བརྙེས་མཐར་ཐུག་གོ་འཕང་ཐུབ་ཆེན་གྱི། །ཁར་བའི་སྣོད་བཞིན་སྲིད་པ་མ་དག་དང་། །དམན་པར་གྱུར་ཀྱང་ཤེལ་ལྟར་དག་ཞི་དང་། །འོད་དང་ཉི་འོད་ཁྱད་འཕགས་ཡོན་ཏན་གྱིས། །བླ་གྱུར་བྱང་ཆུབ་ཞི་ དང་དེ་བཞིན་ནོ། །ཡོན་ཏན་རྒྱ་མཚོ་སྐྱོན་བསལ་སྲིད་གཅོད་ཅིང་། །རྟག་ཏུ་འཇིག་རྟེན་ཕན་པ་གཅིག་པུའི་རྒྱུ། །བླ་མེད་བྱང་ཆུབ་དོན་དུ་དཔའ་བོ་རྣམས། །དམན་པའི་གོ་འཕང་དོར་ནས་དོན་དུ་གཉེར། །ཕ་རོལ་ཕྱིན་པའི་ཚུལ་ལ་ཡུན་རིང་དཀའ་བས་འབྲས་བུར་སྨིན། །སྔགས་ཚུལ་དཀའ་བ་མེད་པར་མྱུར་དུ་བྱང་ཆུབ་རེག་པར་འགྱུར། །འདི་ནི་བརྩོན་ འགྲུས་འབར་བའི་སྟོབས་ལྡན་ལམ་ནི་དང་པོ་སྟེ། །དད་པས་རྣམ་པར་འཕེལ་བའི་བློ་ཅན་རྣམས་ལ་ཅིག་ཤོས་ཡིན། །བྱང་ཆུབ་ཕྱིར་ནི་ཤིན་ཏུ་དཀའ་བས་ཡུན་རིངས་སྤྱོད་བྱེད་པ། །ཐུབ་པ་རྣམས་ཀྱི་སྲས་པོ་དེ་ནི་དཔའ་བོ་ཡིན་སྙམ་བྱེད། །གོ་འཕང་དེ་ཉིད་མྱུར་དུ་བདེ་བ་སྟེར་བར་བྱེད་པའི་སྔགས། །བདེ་གཤེགས་རིན་ཆེན་དེ་ནི་སུས་རིག་དེ་ནི་ སྐལ་བཟང་པོ། །གང་གིས་བཅོམ་ལྡན་ཕ་རོལ་ཕྱིན་མཆོག་མ། །ཉིན་རེ་བཞིན་དུ་བསྒོམས་པར་གྱུར་པ་ཡིས། །དེ་ཡི་ལག་ན་ཕ་རོལ་ཕྱིན་པ་ལྔ། །གནས་ཤིང་སྔགས་ཀྱང་རབ་ཏུ་འགྲུབ་པར་བྱེད། །འདི་ནི་དཀོན་མཆོག་གསུམ་ལ་གཅིག་ཏུ་སྐྱབས་སུ་སོང་བ། དད་པ་དང་བརྩེ་བར་ལྡན་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་བྱང་ཆུབ་སེམས་དཔའི་ སྡོམ་པ་བླངས་པས། ཚོགས་བསགས་པའི་ཕྱིར་དང་། བསགས་པ་ཡོངས་སུ་ཐོབ་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཐོས་པ་ལས་བྱུང་བ་དང་། བསམས་པ་ལས་བྱུང་བའི་ཤེས་རབ་བསྐྱེད་དེ། བསྒོམ་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ མདོ་སྡེ་གཞན་ནམ། མདོ་སྡེ་དུ་མའི་ཕྱོགས་འགའ་ལས་བཏུས་ཏེ་བསྡུས་པ་འདི་ལ་ཡང་རུང་སྟེ། དེ་དག་ཉིད་ལེགས་པར་མཉན་པ་དང་། བདག་ཉིད་ཀྱིས་ཀྱང་ལེགས་པར་ཅུང་ཟད་ཚིག་དང་དོན་བརྟགས་ཏེ། སྒྲ་དང་དོན་གྱི་འབྲེལ་པའི་སྒྲུབ་པས་ཡང་དག་པར་ངེས་པ་དང་འཛིན་པ་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་བོ། །གཅིག་ཏུ་དབེན་པར་ གནས་ནས། དོན་དེ་ཉིད་ཡང་དག་པ་ཉིད་ཀྱི་རིགས་པས་རྣམ་པར་དཔྱད་ལ། རིགས་པའི་སྒྲུབ་པ་ངེས་དོན་དེ་བདེན་པ་ཉིད་དང་། ཡང་དག་པ་ཉིད་དུ་དེ་ཁོ་ན་ལྟར་ཡིན་གྱི་གཞན་དུ་མ་ཡིན་ནོ་ཞེས་གཅིག་ཏུ་ངེས་པ་ནི། བསམས་པ་ལས་བྱུང་བའི་ཤེས་རབ་བོ། །འདིར་མདོར་བསྡུས་ན་དེ་ཁོ་ན་ཉིད་རྣམ་པ་གཉིས་སུ་ཆོས་རྣམས་ཤེས་པར་བྱ་སྟེ། འདི་དག་ནི་ འདི་རྙེད་དོ་ཞེས་ཇི་སྙེད་ཡོད་པར་གྱུར་པ་དང་། འདི་དག་ནི་འདི་ལྟ་བུ་ཁོ་ནའོ་ཞེས་ཇི་ལྟ་བུ་བཞིན་དུ་གྱུར་པའོ། །དེ་གཉིས་རིམ་པ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་བྲམ་ཟེ་ཐམས་ཅད་ཐམས་ཅད་ཅེས་བྱ་བ་ནི། ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅྭ་བརྒྱད་པོ་ཇི་སྙེད་པོ་འདི་དག་གོ་ཞེས་གསུངས་ཏེ། དེ་ལ་ གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་དེ་ཡུལ་གྱི་ཁམས་དྲུག་པོ་འདི་དག་ནི་གཟུགས་ཀྱི་ཁམས་ནས་ཆོས་ཀྱི་ཁམས་ཀྱི་བར་དག་ཡིན་ནོ། །མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དེ་དབང་པོའི་ཁམས་དྲུག་ནི་མིག་གི་ཁམས་ནས་ཡིད་ཀྱི་ཁམས་ཀྱི་བར་དག་ཡིན་ནོ། །དབང་པོ་རྣམས་དང་འབྲེལ་པའི་རྣམ་པར་ ཤེས་པའི་ཁམས་དྲུག་ནི་མིག་གི་རྣམ་པར་ཤེས་པའི་ཁམས་ནས། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དག་ཡིན་ཏེ་དེ་ལྟར་ཁམས་བཅྭ་བརྒྱད་ལས། དང་པོ་ཁམས་བཅུ་གཅིག་ནི་གཟུགས་ཀྱི་སྐྱེ་མཆེད་ནས་ལུས་ཀྱི་སྐྱེ་མཆེད་ཀྱི་བར་དུ་བཅུ་གཅིག་གོ། །ཡིད་ཀྱི་ཁམས་ནས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་ཁམས་ལྷག་མ་བདུན་ནི་ཡིད་ཀྱི་ སྐྱེ་མཆེད་དེ། དེ་ལྟར་སྐྱེ་མཆེད་བཅུ་གཉིས་ལས་ཡིད་ཀྱི་སྐྱེ་མཆེད་ནི་རྣམ་པར་ཤེས་པའི་ཕུང་པོའོ། །ཡུལ་ལྔ་དང་། དབང་པོ་ལྔ་དང་། ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པའི་གཟུགས་ནི་གཟུགས་ཀྱི་ཕུང་པོའོ། །ཆོས་ཀྱི་སྐྱེ་མཆེད་ལས་སེམས་ལས་བྱུང་བ་གཉིས་ནི་ཚོར་བའི་ཕུང་པོའོ། །འདུ་ཤེས་ཀྱི་ཕུང་པོའོ། །སེམས་ལས་བྱུང་བ་ལྷག་མ་རྣམས་དང་། སེམས་དང་ མཚུངས་པར་མི་ལྡན་པའི་འདུ་བྱེད་རྣམས་ནི་འདུ་བྱེད་ཀྱི་ཕུང་པོའོ། །འདུས་མ་བྱས་དག་ནི་ཕུང་པོས་བསྡུས་པ་མ་ཡིན་ཏེ། དེ་དག་ལ་ཕུང་པོའི་དོན་མེད་པའི་ཕྱིར་རོ། །དེ་དག་ནི་ཁམས་བཅྭ་བརྒྱད་དང་། སྐྱེ་མཆེད་བཅུ་གཉིས་དང་། ཕུང་པོ་ལྔ་ཞེས་བྱ་སྟེ་ཇི་སྙེད་ཡོད་པར་གྱུར་པའི་ཐོས་པ་ལས་བྱུང་བའི་ཤེས་རབ་བོ། །ཉེས་པ་ཐམས་ཅད་བག་ཆགས་དང་བཅས་པར་ སྤངས་པ་དང་། ཡོན་ཏན་ཐམས་ཅད་མཆོག་ཏུ་ཕུལ་དུ་བྱུང་བ་དང་། རྟག་ཏུ་དོན་རྣམས་ཐམས་ཅད་ཀྱི་ཐམས་ཅད་དུ་ཡང་དག་པར་གཟིགས་པ་དང་། རྩོམ་པ་ཐམས་ཅད་གཞན་གྱི་དོན་ཡིན་པས་སངས་རྒྱས་བཅོམ་ལྡན་འདས་ནི་ཚད་མ་དམ་པར་གྱུར་པའོ། །དེ་བས་ན་གང་དེ་བཞིན་གཤེགས་པས་ཇི་ལྟ་བ་བཞིན་དུ་གསུངས་པ་དེ་ནི། དེ་བཞིན་ཡིན་གྱི་གཞན་དུ་མ་ ཡིན་ཏེ། ཚད་མའི་དེ་ཁོ་ན་ཉིད་རིག་པར་གྱུར་པའི་སློབ་དཔོན་རྣམས་ཀྱིས་ཕ་རོལ་གྱི་གཞུང་ལུགས་བཀག་པའི་ཕྱིར་དེ་དག་གཞན་ཁོ་ནའོ། །གཞན་ཡང་ཕ་རོལ་པོ་རྣམས་ནི་དངོས་པོ་རྣམས་སྐད་ཅིག་པ་མ་ཡིན་པར་འདོད་དོ། །དེའི་ཕྱིར་དེ་དག་ནི་ཡོད་པ་མ་ཡིན་ཏེ། འདི་ལྟར་གང་བྱ་བ་བྱེད་ནུས་པ་དེ་དག་ནི་ཡོད་པ་མ་ཡིན་ གྱི། རྟའི་རྭ་དང་ཁྱད་པར་མེད་པར་ཅི་ཡང་མི་བྱེད་པ་དག་ནི་མ་ཡིན་ནོ། །ནུས་པ་ནི་བྱེད་བཞིན་པའི་ནུས་པ་ཅན་གྱི་རང་བཞིན་ཡིན་ལ། སྐད་ཅིག་པ་མ་ཡིན་པ་རྣམས་ནི། སྔོན་གྱི་རང་བཞིན་གང་ཡིན་པ་ཕྱིས་ཀྱང་དེ་བཞིན་ཏེ། དེས་འགལ་ལ་བྱ་བ་བྱེད་ནུས་པར་གྱུར་ན། སྔོན་ནུས་པ་བཞིན་དུ་ཕྱིས་ ཀྱང་ནུས་པར་གྱུར་ལ། དེ་ན་དེས་འབྲས་བུ་དེ་ཡང་སྔར་བྱས་པ་བཞིན་དུ་ཕྱིས་ཀྱང་བྱེད་པར་གྱུར་ན། བྱས་པ་ཡང་བྱ་བར་མི་འོས་པའི་ཕྱིར་དེ་ཡང་རིགས་པ་མ་ཡིན་ནོ། །དེ་བས་ན་སྐད་ཅིག་པ་མ་ཡིན་པའི་རང་བཞིན་ནི་ནུས་པ་མེད་པ་ཉིད་ཡིན་ལ། གང་ནུས་པ་མེད་པ་དེ་ནི་བོང་བུའི་རྭ་ལྟར་ཡོད་པ་མ་ ཡིན་པའི་ཕྱིར། ཕ་རོལ་པོས་ཁས་བླངས་པའི་དངོས་པོ་སྐད་ཅིག་པ་མ་ཡིན་པ་རྣམས་ནི་ཡོད་པ་མ་ཡིན་ནོ། །གང་ཡང་ཁ་ཅིག་གིས་བློ་དང་། མེ་ལྕེ་ལ་སོགས་པ་སྐད་ཅིག་མར་འདོད་མོད་ཀྱི་དེ་ལྟ་ན་ཡང་དེ་དག་སྐད་ཅིག་པ་ཡིན་པ་དང་འབྲེལ་བར་འདོད་ལ། སྐད་ཅིག་པ་མ་ཡིན་པ་ཡང་བསལ་བས་ འདི་ཡང་བསལ་ཏོ། །ཅི་སྟེ་ཕ་རོལ་པོ་ཡང་ཐམས་ཅད་སྐད་ཅིག་མར་འདོད་དོ་ཞེ་ན། བསྟན་བཅོས་བྱེད་པས་དེ་དག་ཁས་མ་བླངས་ལ། བསྟན་བཅོས་བྱེད་པའི་འདོད་པ་གང་ཡིན་པ་དེ་འདིར་དཔྱད་པར་བྱ་བ་ཡིན་གྱི། སྐྱེས་བུའི་རང་དགའི་འདོད་པ་ཙམ་ནི་མ་ཡིན་ཏེ། དེ་རྣམས་ལ་མཐའ་མེད་ པའི་ཕྱིར་དང་། དེ་རྣམས་ལ་ཐམས་ཅད་མཐོང་བ་ཉིད་ཀྱང་ཤིན་ཏུ་མི་སྲིད་པའི་ཕྱིར་རོ། །དེ་བས་ན་ཐམས་ཅད་ཅེས་བྱ་བ་ནི་འདི་ལྟ་སྟེ། ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅྭ་བརྒྱད་པོ་འདི་དག་ཉིད་ཁོ་ན་ཙམ་སྟེ། ཇི་སྙེད་ཡོད་པར་གྱུར་པའི་བསམས་པ་ལས་བྱུང་བའི་ཤེས་ རབ་བོ། ཐེག་པ་ཆེན་པོ་འདི་ལ་མང་དུ་བརྗོད་པ་ཡོད་མོད་ཀྱི། །བདག་གིས་མདོ་སྡེ་དུ་མ་དག་ལས། ཁ་ཅིག་ལ་ནི་དོན་དང་ཚིག་དང་། ཁ་ཅིག་ལ་ནི་དོན་ཁོ་ན་བླངས་ཏེ། མདོར་བསྡུས་ནས་ཕྱོགས་འགའ་ཞིག་བརྗོད་པར་བྱའོ། །འདིར་བཅོམ་ལྡན་འདས་ཀྱིས་གདུལ་བྱ་རྣམས་རྣམ་པར་ ཉམས་པར་མི་འགྱུར་བར་བྱ་བའི་ཕྱིར་རྟོན་པ་རྣམ་པ་བཞི་གསུངས་པ་ནི་འདི་ལྟ་སྟེ། ཆོས་ལ་རྟོན་པར་བྱའི་གང་ཟག་ལ་རྟོན་པར་མི་བྱའོ། །དོན་ལ་རྟོན་པར་བྱའི་ཚིག་འབྲུ་ལ་རྟོན་པར་མི་བྱའོ། །ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་པར་བྱའི། དྲང་བའི་དོན་གྱི་མདོ་སྡེ་ལ་རྟོན་པར་མི་བྱའོ། ། ཡེ་ཤེས་ལ་རྟོན་པར་བྱའི། རྣམ་པར་ཤེས་པ་ལ་རྟོན་པར་མི་བྱའོ། །འདི་རྣམས་ཀྱི་བཤད་པ་མདོ་སྡེ་རྒྱན་ལ་སོགས་པ་ལས་འདི་ལྟར། སྟོན་པས་གསུངས་པའི་ཆོས་ཚད་མ་ཡིན་གྱི། སུན་འབྱིན་པའི་སྐྱེ་བོ་རྣམས་ཀྱི་ནི་མ་ཡིན་ནོ། །དགོངས་པ་ཅན་གྱི་དོན་ཚད་མ་ཡིན་གྱི། མངོན་ པར་འདོད་པ་མ་ཡིན་པ་སྒྲ་ཇི་བཞིན་པའི་ཡི་གེའི་དོན་ནི་མ་ཡིན་ནོ། །དེ་བཞིན་གཤེགས་པ་དང་། དེ་བཞིན་གཤེགས་པས་ཚད་མར་སྣང་བའི་བྱང་ཆུབ་སེམས་དཔའ་ལ་སོགས་པས་ངེས་པར་མཛད་པའི་དོན་ཚད་མ་ཡིན་གྱི་གཞན་གྱིས་ལོག་པར་བསམས་པ་ནི་མ་ཡིན་ནོ། །ཡེ་ཤེས་ ཚད་མ་ཡིན་གྱི། རྣམ་པར་ཤེས་པ་ནི་མ་ཡིན་ནོ་ཞེས་གསུངས་སོ། །དེ་ལ་ཡེ་ཤེས་ནི་འཇིག་རྟེན་ལས་འདས་པའི་ཤེས་རབ་སྟེ། རྣམ་པར་མི་རྟོག་པའོ། །རྣམ་པར་ཤེས་པ་ནི་འཇིག་རྟེན་པའི་ཐོས་པ་ལ་སོགས་པའི་ཤེས་རབ་སྟེ། རྟོག་པ་དང་བཅས་པའི་ཤེས་རབ་བོ། །དེ་ལ་རྟོན་ པ་དང་པོས་ནི། ཆོས་དང་དོན་དག་ལ་ལྷག་པར་མོས་པ་ལས་ཉམས་པར་མི་འགྱུར་རོ། །གཉིས་པས་ནི་དགོངས་པ་ཅན་གྱི་དོན་ལ་རང་གི་རིགས་པས་རྣམ་པར་དཔྱད་པ་ལས་སོ། །གསུམ་པས་ནི་ཕྱིན་ཅི་མ་ལོག་པའི་དོན་དེ་གཞན་ལས་མཉན་པ་ལས་སོ། །བཞི་པས་ནི་འཇིག་རྟེན་ ལས་འདས་པའི་ཡེ་ཤེས་ལས་སོ། །རྟོན་པ་གསུམ་པའི་ངེས་པའི་དོན་ནི་བཤད་པ་ངེས་པར་བྱས་པའོ། །དྲང་བའི་དོན་ནི་བཤད་པར་བྱ་བ་སྟེ། མདོ་གང་དག་གི་དོན་དགོངས་པ་ཇི་ལྟ་བ་བཞིན་དུ་གཟུང་བར་བྱའི། སྒྲ་ཇི་བཞིན་པར་ནི་མ་ཡིན་ཏེ། འདིའི་དོན་གཞན་དུ་དྲང་བར་བྱ་བ་ཡིན་ པས་དྲང་བའི་དོན་ཏོ། །གང་གིས་དྲང་བར་བྱ་ཞེ་ན། རིགས་པ་དང་ངེས་པའི་དོན་དུ་བཤད་པའི་མདོ་རྣམས་ཀྱི་སྟེ། དཔེར་ན་དོན་རྣམ་པར་ངེས་པའི་མདོ་ལས་ཕྱི་རོལ་གྱི་དོན་ཡོད་པར་གསུངས་པ་དང་། དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས་ཐེག་པ་གཅིག་ཏུ་གསུངས་པ་ལྟ་བུ་སྟེ། གང་གི་ ཕྱིར་མདོ་སྡེ་གཞན་དག་ཏུ་དེ་དྲངས་ནས། གཞན་དུ་ངེས་པར་མཛད་པའི་ཕྱིར་རོ། །ཉན་ཐོས་ཀྱི་ཐེག་པའི་ཆོས་གང་ཡིན་པ་ཉིད་དེ་བཞིན་ཉིད་དུ་རོ་གཅིག་པའི་ཕྱིར་ཐེག་པ་ཆེན་པོའི་ཡང་ཡིན་ཏེ། དེ་བས་ན་ཐེག་པ་ནི་གཅིག་ཉིད་དོ་ཞེས་དགོངས་པ་ངེས་པར་འགྲེལ་ པ་ལས་གསུངས་པའི་ཕྱིར་རོ། །མདོ་གཞན་དག་ལས་ཀྱང་། ལམ་གྱི་ཐེག་པ་ལ་ལ་ནི་བདག་མེད་པར་མཚུངས་པ་ཡིན་ལ། འབྲས་བུའི་ཐེག་པ་ལས་རྣམ་པར་གྲོལ་བ་མཚུངས་པ་དེ་བས་ན། ཐེག་པ་ནི་གཅིག་ཉིད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་ཡང་དེར་ཉན་ཐོས་ རྣམས་ལུང་བསྟན་པ་ཡོད་མོད་ཀྱི། དེ་ཡང་གང་གི་ཕྱིར་བྱང་ཆུབ་ཏུ་གྱུར་པའི་ཉན་ཐོས་རྣམས་དྲང་བ་ལས་དགོངས་པ་ཡིན་གྱི། གཞན་དུ་ན་ཞི་བ་ཕྱོགས་གཅིག་པ་ནི་མ་ཡིན་ནོ་ཞེས་མདོ་གཞན་དག་ལས་གསུངས་པའི་ཕྱིར་རོ། །ངེས་པའི་དོན་གྱི་མདོ་སྡེ་རྣམས་ལས་སེམས་ཅན་ རྣམས་ཀྱི་བསམ་པ་དང་། བག་ལ་ཉལ་བ་དང་། ལྷག་པར་མོས་པ་དང་། དབང་པོ་སྣ་ཚོགས་ལས་རིགས་སྣ་ཚོགས་གསུངས་པར་སྣང་སྟེ། དེ་དག་རིགས་ཇི་ལྟ་བ་བཞིན་དུ་ཐེག་པ་གསུམ་ལ་བསླབས་པས། བྱང་ཆུབ་རྣམ་པ་གསུམ་ལ་རེག་པར་འགྱུར་ལ། རིགས་མེད་པ་རྣམས་ ཀྱང་དགེ་བ་དང་མི་དགེ་བ་རྣམས་ལ་སྤྱད་པས་འཁོར་བ་ན་འཁྱམ་སྟེ། ལྕགས་དང་ཟངས་དང་། དེ་ལ་སོགས་པའི་རིགས་དང་། རིགས་མ་ཡིན་པའི་རྡོ་དག་བཞུ་བ་ལས། ལྕགས་དང་། ཟངས་དང་། དངུལ་དང་། གསེར་དང་། ཚ་ཚ་འབའ་ཞིག་ཏུ་འགྱུར་བ་བཞིན་ནོ། །མཐུ་ དང་ལྡན་པའི་སངས་རྒྱས་ཐམས་ཅད་འདུས་པར་གྱུར་ཀྱང་། ཞི་བ་ཕྱོགས་གཅིག་པའི་ཉན་ཐོས་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་བྱ་བའམ། རིགས་མེད་པའི་སེམས་ཅན་རྣམས་མྱ་ངན་ལས་བཟླ་བར་མི་སྤྱོད་དོ་ཞེས་གསུངས་སོ། །མདོ་གང་ དག་གི་དོན་སྒྲ་ཇི་བཞིན་པ་དེ་ནི་ངེས་པའི་དོན་ཁོ་ནའོ། །དོན་དེ་ལ་ནི་དོན་གཉིས་པ་མ་ཡིན་ཏེ། འདིའི་དོན་ངེས་པ་ཁོ་ནའོ་ཞེས་བྱ་བ་ནས་ངེས་པའི་དོན་ཏོ། །གང་གིས་དོན་ངེས་ཤེ་ན། མདོ་དེ་ཉིད་དང་དེ་ལས་གཞན་པ་དང་། གཉིས་ཀས་ཀྱང་ངོ་། །གང་དག་དེ་ཉིད་ཀྱིས་ཡིན་ཞེ་ན། འཕགས་ པ་དགོངས་པ་ངེས་པར་འགྲེལ་པ་དང་། འཕགས་པ་ལང་ཀར་གཤེགས་པ་ལ་སོགས་པའོ། །གང་དག་དེ་ལས་གཞན་པས་ཡིན་ཞེ་ན། འཕགས་པ་བརྒྱད་སྟོང་པ་ལ་སོགས་པའོ། །གང་དག་གཉིས་ཀས་ཡིན་ཞེ་ན། འཕགས་པ་ཉི་ཁྲི་ལྔ་སྟོང་པ་ལ་སོགས་པ་སྟེ། དེའི་ ཆོས་ཀྱི་སྐུའི་ལེའུ་ལས། གང་གི་ཕྱིར་ཕྱིན་ཅི་མ་ལོག་པ་ལ་དགོད་པའི་ཕྲིན་ལས། སྒྲ་ཇི་བཞིན་པའི་དོན་ལ་མངོན་པར་ཞེན་པའི་མཚན་ཉིད་ཀྱི་ཕྱིན་ཅི་ལོག་ཡོངས་སུ་སྤངས་པའི་མཚན་ཉིད་ཀྱི་དྲང་བའི་དོན་གྱི་བཤད་པ་ཡོད་པའི་ཕྱིར་རོ། །གང་ཡང་དེ་བཞིན་གཤེགས་པ་དང་། དེས་ཚད་ མར་གནང་བའི་བྱང་ཆུབ་སེམས་དཔའ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ངེས་པར་མཛད་པའི་དོན་ནི་དེ་ལས་གཞན་པའི་དོན་དུ་དྲང་བར་མི་བྱ་སྟེ། བཅོམ་ལྡན་འདས་ཉིད་ཚད་མའི་དམ་པར་གྱུར་པ་དང་། ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཡང་ཕྱིར་རོ། །དྲང་བའི་དོན་ནི་དེ་བཞིན་གཤེགས་པས་ བསྟན་པ་རྣམས་དགོངས་པ་བཞི་དང་། ལྡེམ་པོར་དགོངས་པ་བཞི་བཤད་དེ། དེ་ལ་དགོངས་པ་བཞི་ནི། མཉམ་པ་ཉིད་ལ་དགོངས་པ་དང་། དུས་གཞན་ལ་དགོངས་པ་དང་། དོན་གཞན་ལ་དགོངས་པ་དང་། གང་ཟག་གི་བསམ་པ་ལ་དགོངས་པ་རྣམས་སོ། །ལྡེམ་པོར་དགོངས་པ་བཞི་ནི། གཞུག་པ་ལ་ ལྡེམ་པོར་དགོངས་པ་དང་། གཉེན་པོ་ལ་ལྡེམ་པོར་དགོངས་པ་དང་། མཚན་ཉིད་ལ་ལྡེམ་པོར་དགོངས་པ་དང་། བསྒྱུར་བ་ལ་ལྡེམ་པོར་དགོངས་པ་རྣམས་སོ། །དེ་ལ་བརྗོད་པར་འདོད་པའི་དོན་བཤད་པ་ནི་དགོངས་པའོ། །བསྟན་པའི་སྒྲའི་དགོངས་པ་བཤད་པ་ནི་ལྡེམ་པོར་དགོངས་པའོ། ། དེ་ལ་མཉམ་པ་ཉིད་ལ་དགོངས་པ་ནི། དཔེར་ན་ང་ཉིད་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་རྣམ་པར་གཟིགས་སུ་གྱུར་ཏོ་ཞེས་བྱ་བ་ལྟ་བུ་སྟེ། ཆོས་ཀྱི་སྐུ་མཉམ་པ་ཉིད་ལ་དགོངས་པའོ། །དུས་གཞན་ལ་དགོངས་པ་ནི། དཔེར་ན་བདེ་བ་ཅན་དུ་སྨོན་ལམ་འདེབས་པར་བྱེད་པ་དེ་དེ་རུ་སྐྱེ་བར་ འགྱུར་རོ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་ཟླ་བའི་འོད་དྲི་མ་མེད་པའི་མཚན་འཛིན་པ་གང་ཡིན་པ་དེ་ངེས་པར་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་བྱ་བ་ལྟ་བུ་སྟེ། དུས་གཞན་དུ་ཞེས་བྱ་བར་དགོངས་སོ། །དོན་གཞན་ལ་དགོངས་པ་ནི་དཔེར་ན། གང་གཱའི་ཀླུང་གི་བྱེ་མ་སྙེད་ ཀྱི་སངས་རྒྱས་རྣམས་ལ་བསྙེན་བཀུར་བྱས་ནས། ཀུན་ནས་བྱང་ཆུབ་པར་ཐེག་པ་ཆེན་པོ་རྟོགས་པར་འགྱུར་རོ་ཞེས་བྱ་བ་ལྟ་བུ་སྟེ། ཆོས་ཀྱི་དབྱིངས་སོ་སོར་རིག་པའི་རྟོགས་པ་སྐྱེའོ་ཞེས་བྱ་བར་དགོངས་སོ། །གང་ཟག་གི་བསམ་པ་ལ་དགོངས་པ་ནི། དཔེར་ན་ལ་ ལར་ཆོས་འགའ་ལ་སྨད་ནས། གཞན་དག་ལ་བསྔགས་པ་མཛད་པ་ལྟ་བུ་སྟེ། གཅིག་གིས་ཆོག་པར་འཛིན་པ་རྣམས། །གཞན་དག་འཛིན་དུ་གཞུག་པའི་ཕྱིར། །དེ་དག་གི་བསམ་པའི་ངོར་དེ་བཞིན་དུ་བརྗོད་པར་བཞེད་པ་ཡིན། གཞུག་པ་ལ་ལྡེམ་པོར་དགོངས་པ་ནི། དཔེར་ན་རྫུས་ཏེ་བྱུང་ བའི་སེམས་ཅན་ཡོད་དོ་ཞེས་བྱ་བ་དང་། གཟུགས་དང་སྒྲ་ལ་སོགས་པའི་ཆོས་ཡོད་དོ་ཞེས་བྱ་བ་ལྟ་བུ་སྟེ། གོ་རིམས་བཞིན་དུ་གང་ཟག་དང་ཆོས་ལ་བདག་མེད་པས་འཇིགས་པ་རྣམས་བསྟན་པ་ལ་གཞུག་པའི་ཕྱིར་རོ། །གཉེན་པོ་ལ་ལྡེམ་པོར་དགོངས་པ་ནི། དཔེར་ན་ཚིགས་སུ་བཅད་པ་གཉིས་ པའི་གཟུངས་ལྟ་བུ་སྟེ། འོག་ནས་བརྗོད་པར་བྱའོ། །མཚན་ཉིད་ལ་ལྡེམ་པོར་དགོངས་པ་ནི་དཔེར་ན། གཟུགས་ནས་སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་མེད་དོ་ཞེས་བྱ་བ་དང་། གཟུགས་ནས་སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་སྒྱུ་མ་ལྟ་བུའོ་ཞེས་བྱ་བ་དང་། གཟུགས་ནས་སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་ ནམ་མཁའ་དང་མཚུངས་པའོ་ཞེས་བྱ་བ་ལྟ་བུ་སྟེ། ཀུན་བརྟགས་པ་དང་གཞན་གྱི་དབང་དང་། ཡོངས་སུ་གྲུབ་པའི་མཚན་ཉིད་གསུམ་གྱི་ངོ་བོ་ཉིད་དེ་དག་གི་གོ་རིམས་བཞིན་དུ་ཆོས་ཐམས་ཅད་ཡོད་པ་མ་ཡིན་པ་དང་། སྒྱུ་མ་ལྟ་བུ་དང་། ནམ་མཁའ་དང་མཚུངས་སོ་ཞེས་རབ་ཏུ་བསྟན་པའི་ ཕྱིར་རོ། །བསྒྱུར་བ་ལ་ལྡེམ་པོར་དགོངས་པ་ནི་དཔེར་ན། སྙིང་པོ་མེད་ལ་སྙིང་པོར་འདོད། །ཕྱིན་ཅི་ལོག་ལ་རབ་ཏུ་གནས། །ཉོན་མོངས་པ་ཡིས་ཀུན་ཉོན་མོངས། །བྱང་ཆུབ་དམ་པ་རྙེད་པར་འགྱུར། །ཞེས་བྱ་བ་ལྟ་བུ་སྟེ། དོན་ཟབ་མོའི་ཕྱིར་སེང་གེ་རྣམ་པར་བསྒྱུར་བའོ། །དེ་དག་ རྣམ་པར་བསྒྱུར་བ་ཡང་འདི་ལྟར་སྙིང་པོ་མེད་པ་ནི་སེམས་རྣམ་པར་འཕྲོ་བ་མེད་པ་སྟེ། ཏིང་ངེ་འཛིན་ཏོ། །སྙིང་པོར་འདོད་པ་ནི་དེ་ལ་སྙིང་པོའི་བློ་བསྐྱེད་པའོ། །འཇིག་རྟེན་པའི་ཞེན་པ་ལས་བཟློག་པས་ན། ཕྱིན་ཅི་ལོག་ནི་མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་གཙང་བ་དང་། བདག་ མེད་པ་རྣམས་ཏེ། དེ་དག་ལ་རབ་ཏུ་གནས་པས་སོ། །ཉོན་མོངས་པ་ནི་ཡུན་རིང་པོར་དཀའ་བ་རྣམས་ལ་འབད་པས་ངལ་བ་སྟེ། དེས་ཤིན་ཏུ་གཟིར་བའོ། །ཤིན་ཏུ་རྒྱས་པ་སྟོང་ཕྲག་བརྒྱ་པའི་མདོ་ཚིགས་སུ་བཅད་པ་གཉིས་པའི་གཟུངས་ལས། ཚིགས་སུ་བཅད་པ་གཉིས་པ་ནི་དངོས་གཞི་ ཡིན་ལ། ཚིགས་སུ་བཅད་པ་གསུམ་ནི་ཕན་ཡོན་ཡིན་ཏེ། སངས་རྒྱས་ཆོས་ལ་བརྙས་པ་དང་། །སྙོམ་ལས་ཅུང་ཟད་ཙམ་གྱིས་མགུ། །འདོད་ཆགས་ང་རྒྱལ་ལ་སྤྱོད་ཅིང་། །འགྱོད་དང་མ་ངེས་ལྡོག་གྱུར་པ། །བར་དུ་གཅོད་པའི་ཉེས་པ་ཀུན། །སེམས་ཅན་རྣམས་ཀྱི་སྒྲིབ་པ་སྟེ། ། དེ་ཡི་གཉེན་པོ་ཐེག་པ་མཆོག །བཤད་དེ་རྣམ་པར་སྤོང་བར་འགྱུར། །ཞེས་བྱ་བ་ལ་རིགས་ངེས་པའི་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་རྣམས་ཐེག་པ་ཆེན་པོ་ལ་ཁ་ཕྱིར་བལྟས་པ་ནི་མ་ངེས་པ་དང་བྲལ་བའོ། །དེ་སྤངས་ནས་བྱང་ཆུབ་སེམས་དཔའ་རྣམས་ཐེག་པ་ཆེན་པོས་གཟུང་བར་བྱ་ བའི་ཕྱིར་དང་། ཉན་ཐོས་རྣམས་དྲང་བར་བྱ་བའི་ཕྱིར་ཐེག་པ་མཆོག་བཤད་པ་སྟེ། ཐེག་པ་མཆོག་བསྟན་པའོ། །བར་དུ་གཅོད་པ་འདི་དག་ཉིད་སངས་རྒྱས་ལ་བརྙས་པ་ལ་སོགས་པའི་སྒྲིབ་པ་བརྒྱད་དོ། །དེ་ལ་སངས་རྒྱས་ལ་བརྙས་པའི་སྒྲིབ་པའི་གཉེན་པོར་ཐོས་པའི་མཆོག་བཤད་པ་ནི། དཔེར་ ན་ང་ཉིད་དེའི་ཚེ་དེའི་དུས་ན་རྣམ་པར་གཟིགས་ནས་འོད་སྲུངས་ཀྱི་བར་དུ་གྱུར་ཏོ་ཞེས་བྱ་བ་ལྟ་བུའོ། །ཆོས་ཐམས་ཅད་སྒྲིབ་པའི་གཉེན་པོ་ནི་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ཞེས་པ་ལ་སོགས་པ་སྔ་མ་བཞིན་ནོ། །སྙོམ་ལས་ཀྱི་སྒྲིབ་པའི་གཉེན་པོ་ནི། །གང་བདེ་བ་ཅན་གྱི་ཞེས་བྱ་བ་དང་། ཟླ་བའི་ འོད་དྲི་མ་མེད་པ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ཅུང་ཟད་ཙམ་གྱིས་མགུ་བའི་སྒྲིབ་པའི་གཉེན་པོ་ནི་གང་དུ་བཅོམ་ལྡན་འདས་ཀྱིས་སྦྱིན་པ་ལ་སོགས་པ་ཁ་ཅིག་ལ་ནི་སྨད་ལ། གཞན་དག་ལ་ནི་བསྔགས་པ་ལྟ་བུའོ། །འདོད་ཆགས་ལ་སྤྱོད་པའི་སྒྲིབ་པའི་གཉེན་པོ་ནི་གང་དུ་སངས་ རྒྱས་ཀྱི་ཞིང་གི་བཀོད་པ་ཕུན་སུམ་ཚོགས་པ་བརྗོད་པ་ལྟ་བུའོ། །ང་རྒྱལ་སྤྱོད་པའི་སྒྲིབ་པའི་གཉེན་པོ་ནི་གང་དུ་སངས་རྒྱས་ཁ་ཅིག་ཕུན་སུམ་ཚོགས་པར་ལྷག་པར་བརྗོད་པ་ལྟ་བུའོ། །འགྱོད་པའི་སྒྲིབ་པའི་གཉེན་པོ་ནི་གང་དག་བྱང་ཆུབ་སེམས་དཔའ་རྣམས་ལ་གནོད་པ་བྱེད་པའི་སེམས་ ཅན་དེ་དག་མཐོ་རིས་སུ་ཉེ་བར་འགྲོའོ་ཞེས་བྱ་བ་ལྟ་བུའོ། །མ་ངེས་པ་དང་བྲལ་བའི་སྒྲིབ་པའི་གཉེན་པོ་ནི་ཉན་ཐོས་ཆེན་པོ་རྣམས་སངས་རྒྱས་སུ་ལུང་བསྟན་པ་དང་། ཐེག་པ་གཅིག་ཁོ་ནར་ཟད་དེ་གཉིས་པ་ནི་མེད་དོ་ཞེས་བསྟན་པ་དག་གོ། །འདིར་སྒྲིབ་པ་རྣམས་ སྤངས་པར་དགོངས་པ་ནི་ལྡེམ་པོར་དགོངས་པའོ། །དགོངས་པ་ངེས་པར་འགྲེལ་པ་ལ་སོགས་པའི་མདོ་ལས། ཀུན་ཏུ་བརྟགས་པ་དང་གཞན་གྱི་དབང་དང་ཡོངས་སུ་གྲུབ་པ་སྟེ། ངོ་བོ་ཉིད་གསུམ་གསུངས་ལ། དེ་ཉིད་བཅོམ་ལྡན་འདས་མ་ཕྱིན་ཅི་མ་ལོག་པ་ལ་དགོངས་པ་ལས། ཀུན་བརྟགས་ པ་དང་། རྣམ་པར་བརྟགས་པ་དང་། ཆོས་ཉིད་ཀྱི་སྒྲས་གསུངས་ཏེ། ཀུན་བརྟགས་པའི་གཟུགས་དང་། རྣམ་པར་བརྟགས་པའི་གཟུགས་དང་། ཆོས་ཉིད་ཀྱི་གཟུགས་དང་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུའོ་ཞེས་བྱ་བའོ། །དེ་དག་གི་མཚན་ཉིད་ལ་སོགས་པ་མདོ་ རྣམས་ལས་རྒྱས་པར་ངེས་པར་བསྟན་པ་དེ་རྣམས་འདིར་མདོར་བསྡུས་ནས་བརྗོད་པར་བྱ་སྟེ། ཆོས་གང་དག་གི་ངོ་བོ་ཉིད་མིང་དང་འདྲིས་པའི་ཡིད་ཀྱི་བརྗོད་པས་བརྟགས་པ་དེ་རྣམས་ནི་མཚན་ཉིད་ཇི་ལྟ་བ་བཞིན་དུ་མེད་པའི་ཕྱིར་ཀུན་བརྟགས་པའི་ངོ་བོ་ཡིན་ཏེ། འདི་ལྟར་གཟུགས་དང་། སྒྲ་དང་ མིག་དང་རྣ་བ་དང་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །དེ་ཡང་མདོར་བསྡུས་ན་རྣམ་པ་གཉིས་ཏེ་གཟུང་བ་དང་འཛིན་པའོ། །གང་ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པའི་བག་ཆགས་ཀྱི་དབང་གིས་གཉིས་པོ་མེད་པར་གྱུར་ཀྱང་། གཉིས་སུ་སྣང་བར་སྐྱེ་ལ་དེ་སྤངས་ན་ནི་སྐྱེ་བར་མི་ འགྱུར་བའི་རྣམ་པར་ཤེས་པ་དེ་ནི་རྒྱུ་རྐྱེན་ལ་རག་ལས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་གཞན་གྱི་དབང་གི་ངོ་བོ་ཉིད་དོ། །གང་ཡང་གཞན་གྱི་དབང་དེ་ཀུན་བརྟགས་པ་དེས་དུས་ཐམས་ཅད་དུ་སྟོང་ཞིང་དབེན་པ་སྟེ་བྲལ་བར་འགྱུར་བ་དེ་ནི་དུས་ཐམས་ཅད་དེ་བཞིན་དུ་གཅིག་ཏུ་གྲུབ་པར་འགྱུར་བས་ན་ཆོས་ ཐམས་ཅད་ཀྱི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ། །ཆོས་གང་ནམ་ཡང་གཉིས་ཀྱིས་མི་སྟོང་པ་དེ་ནི་ཅུང་ཟད་ཙམ་ཡང་མེད་ལ། སྟོང་པ་ཉིད་དེ་ནམ་ཡང་འགྱུར་བ་མེད་པས། ཐམས་ཅད་ནས་ཐམས་ཅད་དུ་ནམ་མཁའ་ལྟ་བུར་རོ་གཅིག་པར་འགྱུར་བ་སྟེ། གང་གི་ཕྱིར་ནམ་མཁའ་ནི་གཟུགས་མེད་ པའི་མཚན་ཉིད་པས་ཐམས་ཅད་དུ་རྟག་ཏུ་རོ་གཅིག་པ་ཡིན་ནོ། །དེ་བཞིན་དུ་སྟོང་པ་ཉིད་ཀྱང་གཉིས་པོ་མེད་པའི་མཚན་ཉིད་ཀྱི་རང་བཞིན་ཡིན་པས། རྟག་ཏུ་ཐམས་ཅད་དུ་རོ་གཅིག་པའི་ངོ་བོ་ཉིད་དེ། དེ་བས་ན་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་བརྗོད་དོ། །དེ་ལ་དང་པོ་ནི་བྱིས་པ་རྣམས་ ཀྱིས་དེ་བཞིན་ཁོ་ནར་བརྟགས་པས། བཏགས་པའི་ཡོད་པ་སྟེ། རྫས་སུ་ཡོད་པ་ཡང་མ་ཡིན་ལ། དོན་དམ་པར་ཡོད་པ་ཡང་མ་ཡིན་ནོ། །གཉིས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བས་རྫས་སུ་ཡོད་པ་ཡིན་ཏེ། བརྟགས་པར་ཡོད་པ་ནི་མ་ཡིན་ནོ། །གསུམ་པ་ནི་རྣམ་པར་དག་པའི་དོན་དུ་ དམིགས་པས་དོན་དམ་པར་ཡོད་པ་སྟེ། རྣམ་པར་དག་པར་བྱ་བའི་ཕྱིར། དེ་ལ་དམིགས་པ་ཡིན་གྱི་ཀུན་ནས་ཉོན་མོངས་པར་བྱ་བའི་ཕྱིར་ནི་མ་ཡིན་ནོ། །གཞན་གྱི་དབང་གི་ངོ་བོ་ཉིད་ལ་ཡང་ཡོངས་སུ་གྲུབ་པའི་རང་བཞིན་གྱིས་དམིགས་ན། དོན་དམ་པར་ཡོད་པར་འགྱུར་ལ་ཀུན་བརྟགས་པའི་ རང་བཞིན་གྱིས་དམིགས་ན་ནི་ཀུན་རྫོབ་ཏུ་ཡོད་པར་འགྱུར་ཏེ། ཀུན་ནས་ཉོན་མོངས་པའི་དོན་དུ་དམིགས་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པའི་ཕྱིར་དམིགས་པ་ནི་རྣམ་པར་བྱང་བའི་ཕྱིར་མ་ཡིན་ནོ། །གཞན་གྱི་དབང་གི་ངོ་བོ་ཉིད་དེ་ནི་ཡང་དག་པའི་ཀུན་ཏུ་རྟོག་པར་བརྗོད་དེ་འདི་ལ་ཡང་དག་ པ་མ་ཡིན་པར་ཀུན་བརྟགས་པའམ། འདིས་ཡང་དག་པ་མ་ཡིན་པར་ཀུན་རྟོག་པར་བྱེད་པ་སྟེ། བཅོམ་ལྡན་འདས་བྱམས་པས། ཀུན་བརྟགས་གཞན་གྱི་དབང་དང་ནི། །ཡོངས་སུ་གྲུབ་པ་ཉིད་དག་སྟེ། །དོན་ཕྱིར་ཡང་དག་མི་རྟོག་ཕྱིར། །གཉིས་པོ་མེད་པའི་ཕྱིར་བཤད་དོ། །ཞེས་གང་ གསུངས་པ་ལྟ་བུའོ། །དེ་གཉིས་ཡང་ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་ཡིན་ཏེ། དེ་ལ་དོན་གྱི་ངོ་བོ་ལ་དམིགས་པའི་སེམས་སོ། །ཁྱད་པར་ལ་དམིགས་པ་ནི་སེམས་ལས་བྱུང་བ་སྟེ། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །དེ་ལ་ དོན་མཐོང་རྣམ་པར་ཤེས། །དེ་ཡི་ཁྱད་པར་སེམས་ལས་བྱུང་། །ཞེས་གསུངས་སོ། །ཡང་དེ་ནི་རྣམ་པ་གསུམ་སྟེ་ཀུན་གཞི་རྣམ་པར་ཤེས་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་དང་། འཇུག་པའི་རྣམ་པར་ཤེས་པའོ། །དེ་ལ་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ཀྱི་ས་བོན་ གྱི་རྟེན་དུ་གྱུར་པས་ཀུན་གཞི་ཡིན་ལ་རང་གི་ངོ་བོ་ལ་ཉེ་བར་དམིགས་པས་རྣམ་པར་ཤེས་པའོ། །བདག་ཏུ་རྨོངས་པ་དང་། བདག་ཏུ་ལྟ་བ་དང་། བདག་ལ་ཆགས་པ་དང་། བདག་ཏུ་ང་རྒྱལ་བ་སྟེ། ཉོན་མོངས་པ་བཞི་པོ་དེ་དག་དང་རྟག་ཏུ་མཚུངས་པར་ལྡན་ པས་ཉོན་མོངས་པ་ཡིན་ལ། བདག་གོ་ཞེས་རྟག་ཏུ་རློམ་པའི་བདག་ཉིད་ཡིན་པས་ཡིད་དོ། །ཡང་དང་ཡང་དུ་འབྱུང་བས་འཇུག་པ་ཡིན་ལ། ཡུལ་ལ་ཉེ་བར་དམིགས་པས་རྣམ་པར་ཤེས་པའོ། །དེ་ལ་དང་པོ་ནི་ལུས་དང་། གནས་དང་། ལོངས་སྤྱོད་དུ་སྣང་བ་སྟེ། ལུས་ནི་དབང་པོ་རྣམས་ སོ། །གནས་ནི་སྣོད་ཀྱི་འཇིག་རྟེན་ནོ། །ལོངས་སྤྱོད་པ་ནི་ཡུལ་ལྔ་སྟེ། དེའི་སྣང་བ་ནི་དེའི་རྣམ་པ་ཅན་ནོ། །འཇུག་པའི་རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་ཚོགས་དྲུག་གོ། །ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ནི། ཡང་རྣམ་པ་བཞི་སྟེ། དོན་དུ་སྣང་བ་དང་། སེམས་ཅན་ དུ་སྣང་བ་དང་། བདག་ཏུ་སྣང་བ་དང་། རྣམ་པར་རིག་པར་སྣང་བའི་རྣམ་པར་ཤེས་པ་སྟེ་བཞི་པའོ། །དེ་ལ་ལོངས་སྤྱོད་དང་གནས་སུ་སྣང་བའི་ཀུན་གཞི་རྣམ་པར་ཤེས་པ་ནི་དོན་དུ་སྣང་བའོ། །གང་ལུས་སུ་སྣང་བ་དེ་ནི་སེམས་ཅན་དུ་སྣང་བའོ། །གང་ཉོན་མོངས་པ་ཅན་གྱི་ཡིད་དེ་ནི་ བདག་དུ་སྣང་བ་སྟེ། ཀུན་གཞི་རྣམ་པར་ཤེས་པ་ཉིད་ལ་དེས་བདག་ཏུ་འཛིན་པའི་ཕྱིར་རོ། །འཇུག་པའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་རྣམ་པར་རིག་པར་སྣང་སྟེ། ཡུལ་རྣམས་འཛིན་པར་སྣང་བའི་ཕྱིར་རོ། །ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ནི་རྣམ་པ་གཉིས་དང་། རྣམ་པ་ དྲུག་ཏུ་ཡང་འགྱུར་ཏེ། ཇི་ལྟར་རྣམ་པ་གཉིས་ཡིན་ཞེ་ན། གཟུང་བའི་མཚན་ཉིད་དང་། འཛིན་པའི་མཚན་ཉིད་དེ། གཟུང་བ་དང་འཛིན་པའི་མཚན་ཉིད་དུ་སྣང་བའི་ཕྱིར་རོ། །ཇི་ལྟར་རྣམ་པ་དྲུག་ཡིན་ཞེ་ན། དེ་དག་ཉིད་སོ་སོར་རྣམ་པ་གསུམ་གསུམ་དུ་བྱས་པ་སྟེ། ལུས་དང་གནས་དང་ ལོངས་སྤྱོད་དུ་སྣང་བ་དང་། ཡིད་དང་ཉེ་བར་འཛིན་པ་དང་། རྣམ་པར་རྟོག་པ་རྣམས་སོ། །དེ་ལ་ཡིད་ནི་ཉོན་མོངས་པ་ཅན་གྱི་ཡིད་དོ། །ཉེ་བར་འཛིན་པ་ནི་འཇུག་པ་རྣམ་པར་ཤེས་པ་ལྔ་རྣམས་སོ། །རྣམ་པར་རྟོག་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་སྟེ། གཅིག་ཏུ་རྣམ་པར་རྟོག་པའི་ངོ་བོ་ཉིད་ ཡིན་པའི་ཕྱིར་རོ། །ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་ནི་རྣམ་པ་བརྒྱད་དུ་ཡང་འགྱུར་ཏེ། ཀུན་གཞི་དང་། ཉོན་མོངས་པ་ཅན་གྱི་ཡིད་དང་། འཇུག་པའི་རྣམ་པར་ཤེས་པ་དྲུག་སྟེ། བརྒྱད་དོ། །ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་དེ་དག་ནི། ཟག་པ་དང་བཅས་པའི་ འདུ་བྱེད་ཐམས་ཅད་དང་། ཀུན་ནས་ཉོན་མོངས་པ་ཐམས་ཅད་དང་། འཁོར་བ་ཐམས་ཅད་ཀྱང་ཡིན་ནོ། །ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་སྟོང་པ་ཉིད་ཀྱི་ངོ་བོ་ཡིན་ནོ། །གང་གིས་སྟོང་ཞེ་ན། གཉིས་ཀྱིས་ཏེ། གཟུང་བ་དང་ འཛིན་པར་ཀུན་ཏུ་རྟོག་པས་སོ། །སྟོང་པ་དེའི་མཚན་ཉིད་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་གང་ཡིན་པ་ལ་གཉིས་སུ་མེད་པ་དང་། གཉིས་སུ་བྱར་མེད་པའི་ངོ་བོ་ཡིན་པར་དགོངས་སོ། །གང་གི་ཕྱིར་སྟོང་པ་ཉིད་འདི་ནི། གཉིས་ཀྱི་དངོས་པོ་མེད་པས་དངོས་པོ་མ་ཡིན་ལ། ། གཉིས་པོ་མེད་པའི་ངོ་བོ་ཡིན་པ་དེའི་ཕྱིར་མེད་པ་ཡང་མ་ཡིན་ནོ། །འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལ་སོགས་པ་ལས། དེ་ནི་འདུ་བྱེད་རྣམས་ལས་གཞན་ནམ། གཞན་མ་ཡིན་པ་མ་ཡིན་པར་གསུངས་ཏེ། འདི་ལྟར་གལ་ཏེ་དེ་དག་ལས་གཞན་མ་ཡིན་པར་གྱུར་ན། བྱིས་ པ་རྣམས་ཀྱི་འདུ་བྱེད་རྣམས་མཐོང་བས་ན། སྟོང་པ་ཉིད་ཀྱང་མཐོང་བར་འགྱུར་ལ། དེས་ན་བདེན་པ་མཐོང་བས་དགྲ་བཅོམ་པ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་དུ་འགྱུར་རོ། །གཞན་ཡང་འདུ་བྱེད་རྣམས་ཀུན་ནས་ཉོན་མོངས་པ་ཡིན་པ་དེ་བཞིན་དུ། སྟོང་པ་ཉིད་ ཀྱང་ཀུན་ནས་ཉོན་མོངས་པར་འགྱུར་ལ། སྟོང་པ་ཉིད་རྟག་པ་བཞིན་དུ་འདུ་བྱེད་རྣམས་ཀྱང་རྟག་པར་འགྱུར་བ་དང་། ཇི་ལྟར་སྟོང་པ་ཉིད་རྣམས་ལ་བྱེ་བྲག་མེད་པ་དེ་བཞིན་དུ། དེ་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་བྱེ་བྲག་མེད་པར་འགྱུར་རོ། །གཞན་ཡང་རྣལ་འབྱོར་པ་རྣམས་ཀྱིས་ སྟོང་པ་ཉིད་ལས་མཆོག་ཏུ་གྱུར་པའི་དེ་ཁོ་ན་ཉིད་བཙལ་དུ་མེད་པ་དེ་བཞིན་དུ། འདུ་བྱེད་ཀྱི་མཚན་ཉིད་ལས་མཆོག་ཏུ་གྱུར་པའི་དེ་ཁོ་ན་ཉིད་བཙལ་དུ་མེད་པར་འགྱུར་བས། དེའི་ཕྱིར་དེ་ནི་དེ་རྣམས་ལས་གཞན་མ་ཡིན་པ་མ་ཡིན་ནོ། །གཞན་པ་ཡང་མ་ཡིན་ཏེ་གང་ལས་ཤེ་ན། གང་གི་ ཕྱིར་དེ་ནི་དེ་རྣམས་ཀྱི་བདག་མེད་པ་ཙམ་སྟེ། དུང་གི་དཀར་བ་བཞིན་དུ། རང་བཞིན་མེད་པ་ཙམ་ཡིན་པའི་ཕྱིར་རོ། །གཞན་ཡང་དེ་རྣམས་ལས་གཞན་པར་འགྱུར་ན། བདེན་པ་མཐོང་བ་རྣམས་ཀྱིས་ཀྱང་འདུ་བྱེད་རྣམས་ཀྱི་མཚན་མ་ཟིལ་གྱིས་གནོན་ པར་མི་འགྱུར་ལ། དེས་ན་མཚན་མའི་འཆིང་བ་དང་། གནས་ངན་ལེན་གྱི་འཆིང་བ་ལས་འགྲོལ་བར་མི་འགྱུར་རོ། །དེས་ན་མྱ་ངན་ལས་འདས་པ་དང་། ཡང་དག་པའི་སངས་རྒྱས་ཀྱི་བར་འདི་དག་ཏུ་ཡང་མི་འགྱུར་རོ། །གཞན་ཡང་འདི་ནི་འདུ་བྱེད་རྣམས་ཀྱི་སྤྱིའི་མཚན་ཉིད་དུ་ ཡང་མི་འགྱུར་ལ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་མཚན་ཉིད་དག་ཀྱང་ཅིག་ཅར་ཐ་དད་པར་འགྱུར་རོ། །དེ་བས་ན་འདི་ནི་དེ་དག་ལས་གཞན་མ་ཡིན་ཏེ། གང་ཡང་། གཉིས་དངོས་མེད་པའི་དངོས་པོ་ཡི། །དངོས་པོ་སྟོང་པའི་མཚན་ཉིད་དེ། །དངོས་པོ་མ་ཡིན་དངོས་མེད་མིན། ། ཐ་དད་གཅིག་གི་མཚན་ཉིད་མིན། །ཞེས་གསུངས་སོ། །དེ་ལྟ་བུའི་སྟོང་པ་ཉིད་ཀྱི་མཚན་ཉིད་ཇི་ལྟ་བ་བཞིན་དུ། མིང་གི་རྣམ་གྲངས་ནི། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། མཚན་མ་མེད་པ་དང་། དོན་དམ་པ་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཉིད་ཅེས་བྱ་བ་ དག་ཡིན་ནོ། །དེས་ན་རྣམ་གྲངས་ཀྱི་དོན་ནི་འགྱུར་བ་མེད་པས་ན་དེ་བཞིན་ཉིད་དེ་དུས་ཐམས་ཅད་དུ་གནས་པའི་ཕྱིར་རོ། །ཡང་དག་པ་ནི་དེ་ཁོ་ན་ཉིད་ཡིན་ལ། དེའི་མཐའ་ནི་མཆོག་ཏུ་གྱུར་པ་སྟེ། དེས་ན་ཡང་དག་པའི་མཐའོ། །འདི་ལ་མཚན་མ་རྣམས་མེད་པས་ན་མཚན་མ་མེད་པ་སྟེ། སྤྲོས་པའི་མཚན་མ་ཐམས་ཅད་ནུབ་པས་དེ་ལ་དམིགས་པའི་ཕྱིར་རོ། །དམ་པ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཡིན་ལ། དོན་ནི་དེའི་ཡུལ་ཡིན་ཏེ། དེས་ན་དོན་དམ་པའོ། །ཆོས་ནི་འཕགས་པའི་ཆོས་རྣམས་སོ། །དེ་རྣམས་ཀྱི་རྒྱུ་ཡིན་པས་ན་དབྱིངས་ཏེ། དེ་ལ་དམིགས་ པས་དེ་རྣམས་སྐྱེ་བའི་ཕྱིར་ཆོས་ཀྱི་དབྱིངས་སོ། །དངོས་པོ་རྣམས་ཀྱི་ཆོས་ཀྱི་རང་བཞིན་ཡིན་པས་ན་ཆོས་ཉིད་དོ། །དེ་ལ་དེའི་དབྱེ་བ་བརྗོད་དེ། སྔོན་གྱི་གནས་སྐབས་སུ་ནི་ཀུན་ནས་ཉོན་མོངས་པ་དེའི་བདག་ཉིད་མ་ཡིན་པའི་གློ་བུར་གྱི་དྲི་མ་ཅན་ཡང་ཡིན་ལ། ཕྱིས་ནི་འཕགས་པའི་ལམ་གྱིས་ དེ་རྣམས་སྤངས་པས་རྣམ་པར་དག་པར་འགྱུར་ཞིང་དྲི་མ་མེད་པ་ཡིན་ཏེ། དཔེར་ན་ཆུའི་ཁམས་དང་གསེར་དང་ནམ་མཁའ་རྣམས་རང་བཞིན་དག་པ་ལ་གློ་བུར་གྱི་རྙོག་པ་ཟངས་དང་ཁུག་རྣ་ལ་སོགས་པས་དྲི་མ་ཅན་དུ་གྱུར་པ་དེ་རྣམས་དང་བྲལ་བ་བཞིན་ནོ། །དེ་བས་ན་དེ་ནི་ཀུན་ནས་ཉོན་ མོངས་པ་ཡང་མ་ཡིན་ལ། མ་དག་པ་ཡང་མ་ཡིན་ཏེ། སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་འོད་གསལ་བའི་ཕྱིར་ཀུན་ནས་ཉོན་མོངས་པ་ཡང་མ་ཡིན་ལ། དག་པ་ཡང་མ་ཡིན་ཏེ། གློ་བུར་གྱི་དྲི་མས་སྦགས་པའི་ཕྱིར་རོ། །དེ་ཡང་། དེ་ནི་དྲི་བཅས་དྲི་མ་མེད། །ཀུན་ནས་ཉོན་མོངས་ རྣམ་པར་དག །ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་པ་བཞིན་དུ་དག་པར་འདོད། །གལ་ཏེ་ཉོན་མོངས་དེ་མ་གྱུར། །ལུས་ཅན་ཐམས་ཅད་གྲོལ་བར་འགྱུར། །གལ་ཏེ་རྣམ་དག་དེ་མ་གྱུར། །འབད་པ་འབྲས་བུ་མེད་པར་འགྱུར། །ཉོན་མོངས་མ་ཡིན་མི་མོངས་ མིན། །དེ་ནི་དག་དང་མ་དག་མིན། །སེམས་ཀྱི་རང་བཞིན་འོད་གསལ་བ། །ཉོན་མོངས་རྣམས་ནི་གློ་བུར་ཕྱིར། །ཞེས་གསུངས་པའོ། །རྣམ་པར་ཤེས་པ་བརྒྱད་བསྟན་པ་དེ་དག་ལས། གང་ཞིག་ཇི་ལྟར་ཇི་སྲིད་དུ་འཁོར་བར་འཇུག་ཅེ་ན། རེ་ཞིག་ཀུན་གཞི་རྣམ་པར་ ཤེས་པ་ནི་དགེ་བའི་ལས་ཀྱིས་བདེ་འགྲོར་སྨིན་ལ་མི་དགེ་བས་ནི་ངན་འགྲོར་སྨིན་ཏེ། སྔོན་གྱི་ལས་རྣམ་པར་སྨིན་པ་ཟད་ནས། གཟུང་བ་དང་། འཛིན་པ་ལ་མངོན་པར་ཞེན་པའི་བག་ཆགས་དང་བཅས་པའི་ལས་ཀྱི་བག་ཆགས་ཀྱིས་བསྐྱེད་དེ། བསྐྱེད་ནས་ཀྱང་ཆུ་བོའི་རྒྱུན་བཞིན་དུ་ཇི་སྲིད་ འཚོའི་བར་དུ་འཇུག་པར་འགྱུར་ལ། དེའི་འོག་ཏུ་ཡང་གཞན་དུ་དེ་བཞིན་དུ་སྐྱེས་ནས་རྒྱུན་ཏུ་འཇུག་པར་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ཆུ་རྒྱུན་བཞིན་འབབ་ས་བོན་ཐམས་ཅད་པ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །འདི་ནི་ བྱིས་པ་རྣམས་ལ་ངས་མ་བསྟན། ཞེས་གསུངས་ཏེ། དེ་ནི་དགྲ་བཅོམ་པ་ཉིད་ལ་ལྡོག་པར་འགྱུར་རོ། །ཉོན་མོངས་པ་ཅན་གྱི་ཡིད་ནི་ཀུན་གཞི་རྣམ་པར་ཤེས་པ་དེ་ཉིད་ལས་སྐྱེས་ནས་འཇུག་པར་འགྱུར་ཏེ། འཇིག་རྟེན་ལས་འདས་པའི་ལམ་མངོན་དུ་བྱས་པ་དང་། འགོག་པའི་ སྙོམས་པར་འཇུག་པ་ན་ལྡོག་པར་འགྱུར་ལ། དེ་དག་ལས་ལངས་ནས་ཀྱང་ཀུན་གཞི་ཉིད་ལས་འཇུག་པར་འགྱུར་ཏེ། དགྲ་བཅོམ་པ་ཉིད་ལས་ཐམས་ཅད་དུ་ལྡོག་པར་འགྱུར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་ཡང་སྐད་ཅིག་རེ་རེ་ཞིང་ཀུན་གཞི་ལས་བྱུང་ནས་ འཇུག་པར་འགྱུར་ལ་སེམས་མེད་པའི་གཉིད་དང་། བརྒྱལ་བ་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་པ་དང་། འགོག་པའི་སྙོམས་པར་འཇུག་པ་དག་ལས་མི་སྐྱེའོ། །རྣམ་པར་ཤེས་པ་ལྷག་མ་ལྔ་ནི་ཆུ་ལས་རླབས་དང་འདྲ་བར་ཀུན་གཞི་ཉིད་ལས་ རྐྱེན་ཇི་ལྟ་བ་བཞིན་དུ་ཅིག་ཅར་རམ། རིམ་གྱིས་འབྱུང་བར་འགྱུར་ཏེ། ཀུན་གཞི་རྣམ་པར་ཤེས་པ་དེ་ཉིད་ས་བོན་ཐམས་ཅད་ཀྱི་རྟེན་ཡིན་པའི་ཕྱིར་རོ། །དེ་ལྟར་འཁོར་བ་ཇི་སྲིད་པའི་བར་དུའོ། །ཇི་ལྟར་ན་མྱ་ངན་ལས་འདས་པར་འགྱུར་ཞེ་ན། འདིར་རྣལ་འབྱོར་པ་རྣམས་བསྒོམས་ པའི་སྟོབས་ཀྱིས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །དེ་ཡང་ཉན་ཐོས་དང་། རང་སངས་རྒྱས་རྣམས་ནི་ཆོས་ཐམས་ཅད་ལ་བདག་དང་བདག་གི་རང་བཞིན་གྱིས་སྟོང་པས་དམིགས་ལ། བྱང་ཆུབ་སེམས་དཔའ་རྣམས་ནི་གཟུང་བ་དང་འཛིན་པའི་རང་བཞིན་གྱིས་ སྟོང་པས་ཀྱང་དམིགས་སོ། །དེ་ལྟར་བསྒོམས་པས་དང་པོ་སྐྱེས་པའི་ཡེ་ཤེས་དེ་ནི་དོན་དམ་པའི་བདེན་པ་མ་མཐོང་བ་ལས་མཐོང་བའི་ལམ་ཞེས་བརྗོད་དོ། །དེའི་འོག་ཏུ་དེ་ཉིད་ཡང་དང་ཡང་མངོན་དུ་བྱེད་པ་རྣམས་ནི་བསྒོམ་པའི་ལམ་ཞེས་བྱ་སྟེ། མཐོང་བའི་ལམ་དང་། བསྒོམ་པའི་ ལམ་འདི་དག་གིས་སྤང་བར་བྱ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་བག་ལ་ཉལ་ཡང་དག་པར་བཅོམ་པས། ཉན་ཐོས་དང་རང་སངས་རྒྱས་དག་ནི་དགྲ་བཅོམ་པར་འགྱུར་ལ་བྱང་ཆུབ་སེམས་དཔའ་རྣམས་ནི་ས་བཅུ་རྣམས་ལ་ཇི་ལྟར་རིགས་པར་ཉོན་མོངས་པའི་བག་ལ་ཉལ་སྤངས་པ་དང་། ཤེས་བྱའི་སྒྲིབ་པའི་བག་ཆགས་གང་གི་ཚེ་ཡང་དག་པར་བཅོམ་པར་བྱས་པ་དེའི་ཚེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། དགྲ་བཅོམ་པ་འདི་གསུམ་ལ་ཀུན་གཞི་རྣམ་པར་ཤེས་པ་ལྡོག་པར་འགྱུར་རོ། །ལོག་པ་ཇི་ལྟ་བུ་ ཞིག་ཅེ་ན། གནས་གྱུར་པ་སྟེ་སེམས་ཀྱི་རྒྱུན་གྱི་མཚན་ཉིད་ཀུན་ནས་ཉོན་མོངས་པའི་གནས་སུ་གྱུར་པའི་ཆ་ལོག་ནས་རྣམ་པར་བྱང་བའི་ཆ་ནམ་མཁའ་ཇི་སྲིད་པའི་བར་དུ་འཇུག་པ་སྟེ། ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ཀྱི་ས་བོན་དུ་གྱུར་པའི་བག་ཆགས་ཡང་དག་པར་ བཅད་པས། ཀུན་གཞི་རྣམ་པར་ཤེས་པ་དེའི་དངོས་པོ་དེའི་གནས་སུ་གྱུར་པ་སྤངས་པ་ནི་ས་བོན་ཟད་པས་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་སྐྱེ་བར་མི་འགྱུར་ཏེ། དེའི་ཚེ་རྟེན་དེ་ནི་ནམ་མཁའ་ལྟར་རོ་གཅིག་པ་ཉིད་ཀྱིས་ཟག་པ་མེད་པའི་དབྱིངས་ཞེས་བརྗོད་ལ། ས་བོན་ཟད་ པས་ལུས་དང་། གནས་དང་ལོངས་སྤྱོད་དུ་སྣང་བའི་རྣམ་པར་ཤེས་པ་སྐྱེ་བར་མི་འགྱུར་ཏེ། རྣམ་པར་གྲོལ་བའི་སྐུ་ཞེས་བྱ་བར་ཡང་བརྗོད་དོ། །དེ་ཉིད་ཀྱིས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྣམ་པར་གྲོལ་བའི་སྐུ་ནི་ཉན་ཐོས་དང་། རང་སངས་རྒྱས་དག་ལས་བྱེ་བྲག་མེད་དེ། ཐམས་ཅད་ཀྱི་རྣམ་པར་གྲོལ་བའི་སྐུ་ཤེལ་དག་པ་ལྟ་བུ་ཁྱད་པར་མེད་པའི་ཕྱིར་རོ། །ཆོས་ཀྱི་སྐུ་ནི་དེ་དག་ལས་ཁྱད་པར་འཕགས་ཏེ། འདི་ལྟར་སངས་རྒྱས་རྣམས་ནི་རྣམ་པར་གྲོལ་བའི་སྐུ་ཐམས་ཅད་དུ་གནས་གྱུར་པ་དག་ནི་ཀུན་ནས་ཉོན་མོངས་པ་ཟད་པའི་ཕྱིར་རོ། །ཡང་དག་པར་ རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་གཞིར་གྱུར་པས་ཆོས་ཀྱི་སྐུ་ཡང་ཡིན་ཏེ། ཆོས་ཀྱི་སྐུ་ནི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་རྟེན་བྱེད་པས་སོ། །ཅིའི་ཕྱིར་དེ་རྣམས་ཀྱི་རྟེན་ཡིན་ཞེ་ན། དཔག་ཏུ་མེད་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་། སྨོན་ལམ་གྱི་སྟོབས་བསྐྱེད་པའི་ ཕྱིར་རོ། །ཆོས་ཀྱི་སྐུས་ཁྱད་པར་དུ་གྱུར་པས་ན་ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུས་བསྡུས་པའི་སངས་རྒྱས་ཀྱི་ཆོས་དཔག་ཏུ་མེད་པས། དེ་དག་ལས་ཁྱད་པར་དུ་འཕགས་པ་ནི་འདི་ལྟ་སྟེ། དཔེར་ན་ཉི་མ་དང་ཟླ་བའི་ཆུ་ཤེལ་དང་མེ་ཤེལ་ནི་ནོར་བུ་གཞན་དག་དང་། དག་ པ་ཙམ་དུ་ཁྱད་པར་མེད་མོད་ཀྱི། འོད་ཟེར་གྱིས་ཁྱད་ཆེས་འཕགས་པ་ཡིན་ཏེ། བདག་ཉིད་ཆེན་པོའི་སེམས་ཅན་དེ་དག་གི་བྱིན་གྱི་རླབས་དང་། སེམས་ཅན་རྣམས་ཀྱི་ལས་བདག་པོར་གྱུར་པའི་ཕྱིར་རོ། །ཅི་སྟེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཇིག་རྟེན་ལས་འདས་ པའི་ཡེ་ཤེས་ལ་ཆོས་ཐམས་ཅད་ཇི་ལྟར་སྣང་ཞེ་ན། ནམ་མཁའ་དྲི་མ་མེད་པ་འབའ་ཞིག་མཐའ་མེད་པ་དང་འདྲ་བར། དེ་བཞིན་ཉིད་ཀྱི་རོ་གཅིག་ཏུ་སྣང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་དང་། ཆོས་ཀྱི་མཚན་མ་རྣམས་དེར་ནུབ་པའི་ཕྱིར་རོ། ། དེ་ལྟར་ན་ཆོས་རྣམས་སྣ་ཚོགས་པ་ཡིན་བཞིན་དུ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྣམ་པ་གཅིག་ཏུ་སྣང་བས། འཁྲུལ་པ་ཉིད་ཀྱིས་ཡང་དག་པའི་ཡེ་ཤེས་མ་ཡིན་པར་འགྱུར་རོ་ཞེ་ན། དེའི་ཕྱིར་འདི་ཐམས་ཅད་བརྫུན་པ་ཉིད་ཡིན་ཏེ། ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་ པས། མིང་དང་མཚན་མར་བཏགས་པར་ཟད་དོ། །ཕྱིན་ཅི་མ་ལོག་པ་ལ་དགོད་པ་ལས་གསུངས་པ། བྱམས་པ་དེ་ལྟར་ན་ནི་འདི་དག་རྣམ་པར་རྟོག་པ་ཙམ་སྟེ། འདི་ལྟ་སྟེ། འདུ་བྱེད་རྣམས་ཀྱི་དངོས་པོའི་མཚན་མ་གང་དུ། གང་འདི་གཟུགས་ཞེས་བྱ་བ་ནས། སངས་རྒྱས་ ཀྱི་ཆོས་ཀྱི་བར་ཞེས་བྱ་བ་གློ་བུར་གྱི་མིང་གིས་བརྗོད་ཅིང་བཏགས་པ་འདི་ནི་རྣམ་པར་རྟོག་པ་ཙམ་མོ། །ཡང་དེ་དག་རྣམ་པར་མི་རྟོག་པའི་དབྱིངས་སུ་ཞུགས་ཏེ། རྣམ་པར་རྟོག་པ་རྣམས་དང་བྲལ་བ་ན་ཡོད་པའམ་མེད་པ་དེ་དག་ནི་ཅི་ཞིག་ཏུ་དམིགས་པར་འགྱུར་ན། གང་འདི་གཟུགས་ཞེས་ བྱ་བ་ནས། སངས་རྒྱས་ཀྱི་ཆོས་ཞེས་བྱ་བའི་བར་གྱི་གློ་བུར་གྱི་མིང་དུ་བརྗོད་པ་འདི་དག་གང་དུ་འདོགས་པར་བྱེད་ཅེས་གསུངས་ཏེ། གང་གི་ཕྱིར་འདིར་རྣམ་པར་མི་རྟོག་པ་ལ་མི་དམིགས་པས། འདི་དག་རྣམ་པར་རྟོག་པ་ཙམ་ཡིན་པའི་ཕྱིར་མིང་དང་མཚན་མ་འདི་ཀུན་རྫོབ་ཡིན་པར་གསལ་ བར་མཛད་དོ། །གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར་ཡང་བརྫུན་པ་ཉིད་ཡིན་ཏེ། འཕགས་པ་ལང་ཀར་གཤེགས་པ་ལས་ཇི་སྐད་དུ། ཇི་ལྟར་མེ་ལོང་ལ་ནི་གཟུགས། །གཅིག་དང་གཞན་པ་རྣམས་སྤངས་པ། །སྣང་ཡང་དེ་ན་ཡོད་མ་ཡིན། །དེ་བཞིན་དངོས་རྣམས་ངོ་བོ་ཉིད། ། ཅེས་གསུངས་ཏེ། འདིར་ངོ་བོའི་སྒྲས་ནི་མཚན་མའི་ངོ་བོ་བསྟན་ཏེ། རང་གི་མཚན་ཉིད་རྣམས་ཀྱི་དབྱེ་བ་རྣམ་པར་གཞག་པ་ནི་མཚན་མའི་དབྱེ་བ་ལ་རག་ལས་པའི་ཕྱིར་རོ། །དེ་བས་ན་ཆོས་ཐམས་ཅད་སེམས་ཙམ་དང་། རྣམ་པར་ཤེས་པ་ཙམ་དང་། གསལ་བ་ཙམ་ཡིན་པས་རྣམ་པར་ རིག་པའི་གཟུང་བ་ཕྱི་རོལ་གྱི་དོན་ཡོད་པ་མ་ཡིན་པས། རྣམ་པར་རིག་པ་རྣམས་ཀྱང་འཛིན་པའི་རང་བཞིན་དུ་ཡོད་པ་མ་ཡིན་ཏེ། འདི་གཉིས་ནི་ཡིད་ཀྱིས་མངོན་པར་བརྗོད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་ཀུན་བརྟགས་པའི་རང་བཞིན་ཡིན་ནོ། །གང་ལ་བརྟགས་ཤེ་ན། དོན་མེད་པར་ཡང་ ཀུན་དུ་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པའི་བག་ཆགས་ལས་སྐྱེས་པའི་དོན་དུ་སྣང་བའི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ལའོ། །ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོ