Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 138

Văn bản gốc(Tây Tạng)

Trang 2 / 15 (50.000 ký tự/trang)
ལས་བྱ་བར་བསྟན་པ་དགོངས་པའོ། །རེག་པ་
ཞེས་པ་འདི་གང་ཡིན་སྙམ་པ་ལ། དེ་ལ་རེག་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་གསུམ་འདུས་པར་གྱུར་ནས་དབང་པོའི་འགྱུར་བ་ཡོངས་སུ་གཅོད་པ་གང་ཡིན་པ་དེ་ནི་རེག་པ་ཞེས་བྱའོ། །འདིའི་བྱེད་པ་བསྟན་པའི་ཕྱིར། ཚོར་བའི་རྟེན་བྱེད་པའི་ལས་ཅན་
ནོ་ཞེས་བྱ་བ་སྨྲས་ཏེ། རེག་པ་ནི་ཚོར་བའི་རྟེན་གྱི་དངོས་པོར་འགྱུར་ཏེ། འདི་ནི་འདིའི་ལས་སོ། །གསུམ་པོ་འདི་དག་གང་ཡིན་སྙམ་པ་ལ། དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་གསུམ་ཉིད་གསུམ་མོ་ཞེས་བྱ་བ་སྨྲས་ཏེ། དོན་དེ་ནི་བརྡ་ཕྲད་པར་ཟད་དོ། །འདུས་པ་གང་ཡིན་སྙམ་པ་

ལ། རྒྱུ་དང་འབྲས་བུའི་དངོས་པོར་སྙམ་དུ་གནས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དབང་པོ་ལ་སོགས་པ་གསུམ་པོ་དེ་རྒྱུ་དང་འབྲས་བུ་ཉིད་དུ་སྙམ་པར་གནས་པ་གང་ཡིན་པ་དེ་ནི་གསུམ་འདུས་པའོ། །རེག་པ་ཇི་ལྟར་འབྱུང་བ་དེ་བསྟན་པའི་ཕྱིར། དེ་ཡོད་ན་ཞེས་བྱ་བ་ལ་སོགས་
པ་སྨྲས་སོ། །གསུམ་འདུས་པ་དེ་ཡོད་ན། དེ་དང་དུས་མཚུངས་པ་ཉིད་ན་བདེ་བ་ལ་སོགས་པའི་ཚོར་བ་འབྱུང་བ་དང་མཐུན་པ་དབང་པོའི་འགྱུར་བ་གང་ཡིན་པ་དེ་དང་འདྲ་བ་བདེ་བ་ལ་སོགས་པ་མྱོང་བར་འགྱུར་བའི་ཡུལ་གྱི་འགྱུར་བ་བདེ་བ་ལ་སོགས་པ་མྱོང་བར་འགྱུར་བའི་རྣམ་པ་དེ་ཡོངས་སུ་
གཅོད་པ་གང་ཡིན་པ་དེ་རེག་པའོ། །བདེ་བ་ལ་སོགས་པ་མྱོང་བར་འགྱུར་བ་ཞེས་བྱ་བ་ནི། བདེ་བ་ལ་སོགས་པའི་ཚོར་བ་འབྱུང་བ་དང་མཐུན་པ་ཞེས་བྱ་བའི་ཐ་ཚིག་གོ། །དབང་པོའི་འགྱུར་བ་གང་ཡིན་སྙམ་པ་ལ། དབང་པོ་ཡང་བྱེ་བྲག་གང་གིས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དབང་
པོ་བྱེ་བྲག་གང་དང་ལྡན་ན་བདེ་བ་ལ་སོགས་པ་རྒྱུ་ཉིད་དུ་འགྱུར་བ་དེ་ནི་དེའི་འགྱུར་བ་ཞེས་བྱའོ། །ཅིའི་ཕྱིར་འདི་རེག་པ་ཞེས་བྱ་སྙམ་པ་ལ། རེག་པ་ཡང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་རེག་པ་འདི་དབང་པོའི་འགྱུར་བ་དང་འདྲ་བས་དབང་པོ་ལ་རེག་པའམ། དབང་པོ་དེ་དང་འདྲ་
བའི་འགྱུར་བས་རེག་པ་སྟེ། དེ་བས་ན་རེག་པ་ཞེས་བྱའོ། །དབང་པོའི་འགྱུར་བ་དང་འདྲ་བས་དབང་པོ་ལ་རེག་པ་ཞེས་བྱ་བ་ནི། ཇི་ལྟར་དབང་པོ་བདེ་བ་ལ་སོགས་པ་འབྱུང་བ་དང་མཐུན་པ་དེ་བཞིན་དུ། རེག་པ་ཡང་བདེ་བ་ལ་སོགས་པ་འབྱུང་བ་དང་མཐུན་པ་སྟེ། དེའི་ཕྱིར་འགྱུར་བ་དང་འདྲ་
བས་ཕན་ཚུན་རེག་པ་དང་མཚུངས་སོ། །རེག་པ་ནི་ཡུལ་གྱི་འགྱུར་བ་བདེ་བ་ལ་སོགས་པ་མྱོང་བར་འགྱུར་བ་ཡོངས་སུ་གཅོད་པ་སྟེ། དེ་ལ་དམིགས་པའི་ཕྱིར་རོ། །དེ་ལ་མ་དམིགས་པའི་ཕྱིར་དབང་པོའི་འགྱུར་བ་ཡོངས་སུ་གཅོད་པ་ནི་མ་ཡིན་སྙམ་ན། རེག་པ་དེ་དབང་པོའི་འགྱུར་བ་ཡོངས་
སུ་གཅོད་པ་ཞེས་ཇི་སྐད་དུ་བྱ་ཞེ་ན། དེའི་ཕྱིར་ཡུལ་གྱི་འགྱུར་བ་ཡོངས་སུ་གཅོད་པའི་བདག་ཉིད་ཡིན་དུ་ཟིན་ཀྱང་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདི་ལྟར་འགྱུར་བ་དང་འདྲ་བས་དབང་པོ་ལ་རེག་པའམ། དེས་རེག་པ་ཉིད་ཀྱི་ཕྱིར། ཡུལ་གྱི་འགྱུར་བ་ཡོངས་སུ་གཅོད་པའི་ངོ་བོ་ཉིད་

ཡིན་དུ་ཟིན་ཀྱང་། དེ་དབང་པོའི་འགྱུར་བ་ཡོངས་སུ་གཅོད་པ་ཞེས་བཤད་དོ། །དེ་ལྟར་རེག་པའི་རང་གི་ངོ་བོ་བརྗོད་ནས། བྱེད་པ་བསྟན་པའི་ཕྱིར། འདིའི་ལས་ནི་ཚོར་བའི་རྟེན་ཏེ་ཞེས་བྱ་བ་སྨྲས་ཏེ། དོན་དེ་ནི་བརྡ་ཕྲད་པར་ཟད་དོ། །ལས་དེ་ཡང་ལུང་
གིས་བསྟན་པའི་ཕྱིར། དེ་སྐད་དུ་མདོ་ལས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། མདོ་ལས་བདེ་བ་མྱོང་བར་འགྱུར་བའི་རེག་པ་ནི་བདེ་བའི་ཚོར་བ་འབྱུང་བའི་རྒྱུའོ་ཞེས་གསུངས་ཏེ། དེ་བས་ན་འདིའི་ལས་ནི་ཚོར་བའི་རྟེན་ཉིད་དོ། །ཁོང་དུ་ཆུད་སླ་བར་བྱ་བའི་ཕྱིར། སེམས་ལས་བྱུང་བ་
རྣམས་ཀྱི་ལས་འདི་བརྗོད་དེ། འདི་ལྟར་འདི་དག་གི་ལས་བརྗོད་ན་སོ་སོར་ངེས་པའི་ངོ་བོ་བདེ་བླག་ཏུ་རྟོགས་པར་ནུས་སོ། །སེམས་ལས་བྱུང་བ་གཉིས་པ་དགྲོལ་བའི་ཕྱིར། ཡིད་ལ་བྱེད་པ་ནི་སེམས་ཀྱི་འཇུག་པའོ་ཞེས་བྱ་བ་སྨྲས་སོ། །དེ་ཉིད་དགྲོལ་བའི་ཕྱིར་འཇུག་པར་བྱེད་པས་འཇུག་པ་
སྟེ་ཞེས་བྱ་བ་སྨྲས་སོ། །འཇུག་པར་བྱེད་པས་ན་འཇུག་པ་སྟེ་ཞེས་བྱ་བ་འདིས་ནི་ངེས་པའི་ཚིག་བསྟན་ཏོ། །དམིགས་པ་ལ་གང་གིས་སེམས་མངོན་དུ་ཕྱོགས་པར་བྱེད་པ་དེ་ཡིད་ལ་བྱེད་པ་ཞེས་བྱ་སྟེ། འཛིན་འདོད་པའི་ཡུལ་ལ་གང་གིས་སེམས་གཏོད་ཅེས་བྱ་བའི་ཐ་ཚིག་གོ། །
དེའི་བྱེད་པ་བསྟན་པའི་ཕྱིར། དེ་ནི་དམིགས་པ་ལ་སེམས་འཛིན་པའི་ལས་ཅན་ཏེ་ཞེས་བྱ་བ་སྨྲས་ཏེ། འདིའི་ལས་ནི་དམིགས་པ་ལ་སེམས་འཛིན་པའོ། །ཇི་ལྟར་འཛིན་སྙམ་པ་ལ་སེམས་འཛིན་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། མངོན་པར་འདོད་པའི་དམིགས་པ་དེ་ཉིད་ལ་
སེམས་ཡང་དང་ཡང་གཏོད་པ་ནི་འཛིན་པའོ། །དེ་ཅི་ཡིད་ལ་བྱེད་པ་ཐམས་ཅད་ཀྱི་ལས་སམ། འོན་ཏེ་འགའ་ཞིག་གི་ལས་ཡིན་ཞེ་ན། དེའི་ཕྱིར་ལས་དེ་ཡང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དམིགས་པ་གཅིག་ལ་སེམས་ཀྱི་རྒྱུན་ངེས་པའི་མཚན་ཉིད་དེ་ནི་ལས་སུ་བསྟན་ཏོ། །
དེ་ནི་ཡིད་ལ་བྱེད་པ་བྱེ་བྲག་ཅན་གྱི་དབང་དུ་བྱས་ཏེ་བཤད་ཀྱི། དེ་སེམས་ཀྱི་སྐད་ཅིག་རེ་རེ་ལ་འཇུག་པ་ནི་མ་ཡིན་ཏེ། འདི་ལྟར་དེ་ནི་སེམས་ཀྱི་སྐད་ཅིག་གཅིག་ཉིད་ལ་ལས་བྱེད་པ་ཡིན་གྱི། སྐད་ཅིག་གཞན་ལ་ནི་མ་ཡིན་ནོ། །ཡིད་ལ་བྱེད་པ་བྱེ་བྲག་ཅན་གྱི་དབང་དུ་བྱས་ཞེས་བྱ་བ་ནི་

བསམ་གཏན་པ་རྣམས་ཀྱི་ཡིད་ལ་བྱེད་པ་གང་ཡིན་པ་དེའི་དབང་དུ་བྱས་ཞེས་བྱ་བའི་ཐ་ཚིག་གོ། །སེམས་ལས་བྱུང་བ་གསུམ་པ་བསྟན་པའི་ཕྱིར། ཚོར་བ་ནི་མྱོང་བའི་རང་བཞིན་ནོ་ཞེས་བྱ་བ་སྨྲས་སོ། །ཡུལ་ཡིད་དུ་འོང་བ་ལ་སོགས་པའི་རང་གི་མྱོང་བའི་ངོ་བོ་ཉིད་ནི་ཚོར་བ་སྟེ། གང་གིས་
ཡུལ་ཡིད་དུ་འོང་བ་ལ་སོགས་པ་མྱོང་བར་བྱེད་པ་དེ་ཚོར་བ་ཞེས་བྱ་བའི་ཐ་ཚིག་གོ། །འདིའི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། དེ་ཡང་ཡུལ་སིམ་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་དེས་ཡུལ་སིམ་པར་བྱེད་པ་དང་། གདུང་བར་བྱེད་པ་དང་གཉིས་ཀའི་རྣམ་པ་ལས་དབེན་
པའི་རང་གི་ངོ་བོ་མངོན་དུ་བྱེད་དེ། དེའི་ཕྱིར་བདེ་བ་ལ་སོགས་པའི་བྱེ་བྲག་གིས་རྣམ་པ་གསུམ་དུ་འགྱུར་རོ། །འདི་ཉིད་ལ་བཤད་པ་གཞན་བྱ་བའི་ཕྱིར། འདི་སྙམ་དུ་སེམས་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ཁ་ཅིག་ནི་འདི་ལྟར་ལས་དགེ་བ་དང་མི་དགེ་བའི་འབྲས་བུ་རྣམ་པར་
སྨིན་པ་འདིས་མྱོང་བར་བྱེད་པས་དེ་བས་ན་མྱོང་བའོ་སྙམ་དུ་སེམས་སོ། །ལས་གང་གིས་ན་འབྲས་བུ་གང་ཡིན་པ་དེ་བསྟན་པའི་ཕྱིར། དེ་ལ་བདེ་བ་མྱོང་བ་ནི་ལས་དགེ་བ་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པའོ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ལས་དགེ་མི་དགེ་གཉི་གའི་
ཞེས་བྱ་བ་ནི་འདིར་ཆུང་བ་ལ་སྟེ། གང་དག་ལས་དགེ་བ་ཉིད་ཀྱི་ཆུང་བ་ན་རྣམ་པར་སྨིན་པ་སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པར་འདོད་པ་དེ་དག་གི་གཞུང་ལྟར་ན་གཉིས་ཀའི་ཞེས་ནི་བརྗོད་པར་མི་བྱའོ། །ལྷག་མ་ནི་གོ་སླ་བས་མ་བཤད་དོ། །དེ་ལྟར་ཚོར་བ་གསུམ་པོ་དེ་དག་
གི་ལས་ཀྱི་རྣམ་པར་སྨིན་པ་ཉིད་བཤད་དོ། །ད་ནི་བྱེ་བྲག་ཏུ་བསྟན་པའི་ཕྱིར། འདི་ནི་ཀུན་གཞིའི་རྣམ་པར་ཤེས་པ་ཉིད་ཅེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་ཀུན་གཞིའི་རྣམ་པར་ཤེས་པ་ཉིད་ལས་དགེ་བ་དང་མི་དགེ་བ་རྣམས་ཀྱི་རྣམ་པར་སྨིན་པ་སྟེ། དེའི་ཕྱིར་ཡང་དག་པའི་དོན་དུ།
ཀུན་གཞིའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་བཏང་སྙོམས་ཉིད་ལས་དགེ་བ་དང་མི་དགེ་བ་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པའོ། །བདེ་བ་དང་སྡུག་བསྔལ་ནི་ལས་དགེ་བ་དང་། མི་དགེ་བའི་རྣམ་པར་སྨིན་པ་ལས་བྱུང་བའི་ཕྱིར། རྣམ་པར་སྨིན་པ་ཞེས་བྱ་བ་ཉེ་བར་འདོགས་པར་

བྱེད་དོ། །བདེ་བ་ལ་སོགས་པའི་རང་གི་ངོ་བོ་བསྟན་པའི་ཕྱིར། དེ་ལ་བདེ་བ་མྱོང་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཚོར་བ་གང་བྱུང་ན་བྲལ་བར་མངོན་དུ་འདོད་པར་མི་འགྱུར་ཏེ། བདག་འདི་དང་ནམ་ཡང་བྲལ་བར་མ་གྱུར་ཅིག་སྙམ་པ་དང་། གང་འགགས་
ན་འཕྲད་པར་མངོན་དུ་འདོད་པ་སྐྱེ་སྟེ། བདག་གི་འདིའི་ཡང་སྐྱེ་བར་གྱུར་ཅིག་སྙམ་པའི་མྱོང་བ་དེ་ནི་བདེ་བ་ཞེས་བྱའོ། །དེ་ལས་བཟློག་པ་ནི་སྡུག་བསྔལ་མྱོང་བར་རིག་པར་བྱའོ། །གང་བྱུང་ངམ་འགགས་ཀྱང་རུང་། འབྲལ་བ་དང་འཕྲད་པར་མངོན་དུ་འདོད་པ་མི་སྐྱེ་བ་དེ་ནི་སྡུག་བསྔལ་
ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་མྱོང་བ་ཞེས་བྱའོ། །སེམས་ལས་བྱུང་བ་བཞི་པ་བསྟན་པའི་ཕྱིར། འདུ་ཤེས་ནི་ཡུལ་ལ་མཚན་མར་འཛིན་པའོ་ཞེས་བྱ་བ་སྨྲས་སོ། །དེ་ཉིད་དགྲོལ་བའི་ཕྱིར། ཡུལ་ནི་དམིགས་པའོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དམིགས་པ་ནི་ཡུལ་གྱི་
སྒྲར་བསྟན་ཏོ། །ཡུལ་དེའི་བྱེ་བྲག་ནི་མཚན་མའི་སྒྲར་བསྟན་ཏེ། སྔོན་པོ་དང་སེར་པོ་ལ་སོགས་པ་དམིགས་པ་རྣམ་པར་གཞག་པའི་བྱེད་རྒྱུ་གང་ཡིན་པ་དེ་ནི་རྒྱུ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ནི་སྔོན་པོ་ཉིད་དེ་སེར་པོ་མ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་རྣམ་པ་ལ་རྟོག་པ་གང་ཡིན་པ་དེ་ནི་དེ་ལ་
མཚན་མར་འཛིན་པའོ། །དེ་ནི་འདི་སྐད་དུ་སྔོན་པོ་དང་སེར་པོ་ལ་སོགས་པ་རྣམ་པར་གཞག་པའི་རྒྱུ་གང་གིས་འཛིན་པ་དེ་ནི་འདུ་ཤེས་སོ་ཞེས་བསྟན་པར་འགྱུར་རོ། །སེམས་ལས་བྱུང་བ་ལྔ་པ་བསྟན་པའི་ཕྱིར། སེམས་པ་ནི་སེམས་མངོན་པར་འདུ་བྱེད་པ་ཞེས་བྱ་བ་ལ་སོགས་པ་སྨྲས་
ཏེ། སེམས་ལ་མངོན་པར་འདུ་བྱེད་པའི་མཚན་ཉིད་ཀྱི་ཆོས་སེམས་གཡོ་བར་བྱེད་པའི་ངོ་བོ་གང་ཡིན་པ་དེ་སེམས་པའོ། །མངོན་པར་འདུ་བྱེད་ཅེས་བྱ་བ་ནི་བྱེད་པའོ། །གཡོ་བར་བྱེད་ཅེས་བྱ་བ་ནི་བསྐྱོད་པ་དང་། བྱེད་པ་ཞེས་བྱ་བའི་བར་དུའོ། །འབྲས་བུའི་སྒོ་ནས་འདིའི་རང་གི་ངོ་བོ་
བསྟན་པའི་ཕྱིར། གང་ཡོད་ན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དཔེར་ན་ཁབ་ལོང་གི་དབང་གིས་ལྕགས་གཡོ་བར་འགྱུར་བ་དེ་བཞིན་དུ་གང་ཡོད་ན་དམིགས་པ་ལ་སེམས་གཡོ་བར་འགྱུར་བ་དེ་སེམས་པ་ཞེས་བྱའོ། །གཡོ་བ་ཞེས་བྱ་བ་ནི་འགུལ་བའོ། །དེ་ནི་འདི་སྐད་དུ་གང་གི་

དབང་གིས་ཡུལ་ལ་འཛིན་པར་སེམས་ཀྱི་བྱེད་པ་འབྱུང་བ་དེ་སེམས་པའོ་ཞེས་བསྟན་པར་འགྱུར་རོ། །ཚིག་ལེའུར་བྱས་པ་དང་སྦྱར་བར་བྱ་བའི་ཕྱིར། ཚོར་བ་ནི་རྣམ་པ་གསུམ་སྟེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གསུང་རབ་ལས་ནི་ཚོར་བ་རྣམ་པ་གསུམ་འབྱུང་ན། ཀུན་གཞིའི་རྣམ་
པར་ཤེས་པ་ལ་ཅིའི་ཕྱིར་སྤྱིར་བཤད། དེ་བས་ན་དེ་ལ་ཚོར་བ་གང་ཡིན་པ་ཡང་མི་ཤེས། དེ་བཞིན་དུ་གསུང་རབ་ལས་དགེ་བ་ལ་སོགས་པའི་བྱེ་བྲག་གི་ཆོས་རྣམ་པ་བཞི་འབྱུང་ན། ཀུན་གཞིའི་རྣམ་པར་ཤེས་པ་ལ་གང་འདུ་བར་འགྱུར་བ་ཡང་མི་ཤེས་པས་དེའི་ཕྱིར། དེ་ལ་ཚོར་བ་བཏང་
སྙོམས་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ལ་ཞེས་བྱ་བ་ནི་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ་དེ་ནི་གོ་སླ་བས་མ་བཤད་དོ། །ཀུན་གཞིའི་རྣམ་པར་ཤེས་པ་དེ་ལ་ཚོར་བ་བཏང་སྙོམས་འབའ་ཞིག་སྟེ། བདེ་བ་ཡང་མེད། སྡུག་བསྔལ་ཡང་མེད་དོ། །
ཅིའི་ཕྱིར་སྙམ་པ་ལ། དེ་གཉིས་ཀྱི་དམིགས་པ་དང་རྣམ་པ་ཡོངས་སུ་ཆད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། འདི་ལྟར་བདེ་བ་དང་སྡུག་བསྔལ་དག་གི་དམིགས་པ་དང་རྣམ་པ་ནི་གསལ་བ་ཡིན་ལ། ཀུན་གཞིའི་རྣམ་པར་ཤེས་པའི་དམིགས་པ་དང་། རྣམ་པ་ཡོངས་སུ་མི་གསལ་ན།
ཇི་ལྟར་དེ་གཉིས་དང་མཚུངས་པར་ལྡན་པར་འགྱུར། སུ་དག་འདོད་ཆགས་དང་ཞེ་སྡང་བག་ལ་ཉལ་བར་བྱེད་པའི་ཕྱིར་རོ་ཞེས་འདོད་པ་དེ་དག་ནི་འབྲེལ་པ་མེད་པར་འདོད་པའོ། །བདེ་བ་དང་སྡུག་བསྔལ་ཐམས་ཅད་ནི་མཚུངས་པར་ལྡན་པས། འདོད་ཆགས་དང་ཞེ་སྡང་བག་ལ་ཉལ་བར་བྱེད་པ་
མ་ཡིན་ཏེ། འདི་ལྟར་དགེ་བ་དང་ལུང་དུ་མ་བསྟན་པ་དང་། ཟག་པ་མེད་པའི་བདེ་བ་ཡང་ཡོད་དོ། །དེ་བཞིན་དུ་སྡུག་བསྔལ་ཡང་དགེ་བ་དང་ལུང་དུ་མ་བསྟན་པ་ཡང་ཡོད་དེ། དེ་དག་ནི་འདོད་ཆགས་དང་ཞེ་སྡང་དང་མཚུངས་པར་ལྡན་པ་མ་ཡིན་ན། ཇི་ལྟར་ན་བདེ་བ་དང་སྡུག་བསྔལ་དེ་
དག་ཐམས་ཅད་འདོད་ཆགས་དང་ཞེ་སྡང་བག་ལ་ཉལ་བར་བྱེད་པར་འགྱུར། ད་ནི་ལུང་དུ་མ་བསྟན་པ་ཉིད་དུ་བསྟན་པའི་ཕྱིར། དེ་ནི་མ་བསྒྲིབས་ལུང་མ་བསྟན། །ཞེས་བྱ་བ་སྨྲས་ཏེ། ཀུན་གཞིའི་རྣམ་པར་ཤེས་པ་ནི་མ་བསྒྲིབས་པ་ལུང་དུ་མ་བསྟན་པ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །དེ་

ཞེས་བྱ་བ་ནི་ཀུན་གཞིའི་རྣམ་པར་ཤེས་པ་དང་སྦྱར་ཏེ། འདི་ལྟར་དེའི་སྐབས་ཡིན་པའི་ཕྱིར་རོ། །བྱེ་བྲག་གཉིས་ཉེ་བར་བཟུང་བའི་འབྲས་བུ་བསྟན་པའི་ཕྱིར། དེ་ལ་མ་བསྒྲིབས་པ་སྨོས་པས་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། མ་བསྒྲིབས་པ་སྨོས་པས་ནི།
བསྒྲིབས་པ་ལས་རྣམ་པར་བྱེད་དོ། །ལུང་དུ་མ་བསྟན་པ་སྨོས་པས་ནི་དགེ་བ་དང་མི་དགེ་བ་ལས་རྣམ་པར་འབྱེད་དོ། །འདི་ལྟར་ཀུན་གཞིའི་རྣམ་པར་ཤེས་པ་ནི་དགེ་བ་མ་ཡིན་ཏེ། དགེ་བའི་རྩ་བ་ཆད་པ་རྣམས་ལ་ཡང་དེ་ཡོད་པའི་ཕྱིར་རོ། །འདིར་མི་དགེ་བར་ཡང་གཟུང་བར་མི་བྱ་སྟེ། འདི་
ལྟར་མི་དགེ་བའི་ཆོས་རྣམས་ནི་མ་བསྒྲིབས་པ་མ་ཡིན་ནོ། །འདི་ཅིའི་ཕྱིར་མ་བསྒྲིབས་སྙམ་པ་ལ། ཡིད་ཀྱི་ས་པའི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདི་ལྟར་ཡིད་ཀྱི་གློ་བུར་གྱི་ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་བསྒྲིབས་པ་མ་ཡིན་ཏེ། དེའི་ཕྱིར་མ་བསྒྲིབས་པ་ཞེས་བྱའོ། །མ་བསྒྲིབས་
པ་ཞེས་བྱ་བ་ནི་རྙོག་པ་ཅན་དུ་མ་བྱས་པའམ། མ་གཡོགས་པའི་ཕྱིར་རོ། །འདིའི་ལུང་དུ་མ་བསྟན་པའི་གཏན་ཚིགས་སྨོས་པ། རྣམ་པར་སྨིན་པ་ཡིན་པས་ཞེས་བྱ་བ་ལ་སོགས་པའོ། །འདི་ལྟར་ཀུན་གཞིའི་རྣམ་པར་ཤེས་པ་འདི་ནི་རང་གི་རྣམ་པར་སྨིན་པའི་ངོ་བོ་ཉིད་དོ། །དེའི་ཕྱིར་རྣམ་
པར་སྨིན་པ་ནི་ལུང་དུ་མི་སྟོན་ཏེ། རྣམ་པར་སྨིན་པ་ལས་རྣམ་པར་སྨིན་པ་གཞན་མི་འབྱུང་ངོ་། །དེ་བས་ན་ལུང་དུ་མ་བསྟན་པ་ཞེས་བྱའོ། །རྣམ་པར་སྨིན་པའི་ངོ་བོ་ཉིད་ཡིན་པས་དགེ་བའམ། མི་དགེ་བ་ཉིད་དུ་ལུང་དུ་མི་སྟོན་ཏེ། དེའི་ཕྱིར་ཡང་ལུང་དུ་མ་བསྟན་པ་ཞེས་བྱའོ། །ཀུན་གཞིའི་
རྣམ་པར་ཤེས་པ་ལ་དཔྱད་པ་བྱས་པ་ཇི་སྙེད་པ་དེ་ཐམས་ཅད་རེག་པ་ལ་སོགས་པ་ལ་ཡང་བསྟན་པའི་ཕྱིར། རེག་པ་ལ་སོགས་པའང་དེ་བཞིན་ནོ་ཞེས་བྱ་བ་སྨྲས་སོ། །དེ་ཉིད་དགྲོལ་བའི་ཕྱིར། ཇི་ལྟར་ཀུན་གཞིའི་རྣམ་པར་ཤེས་པ་གཅིག་ཏུ་རྣམ་པར་སྨིན་པ་ཞེས་བྱ་བ་ལ་སོགས་པ་སྨྲས་
ཏེ། དོན་དེ་ནི་བརྡ་ཕྲད་པར་ཟད་དོ། །རེག་པ་ལ་སོགས་པ་ལ་སྦྱར་བའི་ཕྱིར། དེ་བཞིན་དུ་རེག་པ་ལ་སོགས་པ་ཡང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ཡང་གོ་སླ་བས་མ་བཤད་དོ། །ཅིའི་ཕྱིར་རེག་པ་ལ་སོགས་པ་ཡང་ཀུན་གཞིའི་རྣམ་པར་ཤེས་པ་དང་མཚུངས་སྙམ་པ་ལ། རྣམ་པར་སྨིན་

པ་དང་མཚུངས་པར་ལྡན་པ་རྣམས། རྣམ་པར་སྨིན་པ་མ་ཡིན་པ་དང་། དམིགས་པ་དང་རྣམ་པ་ཡོངས་སུ་མ་ཆད་པ་ཡང་དམིགས་པ་དང་རྣམ་པ་ཡོངས་སུ་ཆད་མི་སྲིད་དེ་ཞེས་བྱ་བ་སྨྲས་ཏེ། དེ་ཡང་གོ་སླ་བས་མ་བཤད་དོ། །གཞན་དུ་ཡང་དེ་བཞིན་དུ་བརྗོད་པར་བྱའོ་ཞེས་བྱ་བ་ལ་རེག་པ་
ལ་སོགས་པ་དང་མཚུངས་པར་ལྡན་པ་ནི་ཀུན་གཞིའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་རྣམས་ནི་རེག་པ་ལ་སོགས་པ་དང་མཚུངས་པར་མི་ལྡན་པ་མ་ཡིན་ནོ། །དེ་ལྟར་བཏང་སྙོམས་དང་མཚུངས་པར་ལྡན་པའི་ཀུན་གཞིའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་རྣམས་
ནི་ཚོར་བ་གཞན་དང་མཚུངས་པར་ལྡན་པ་མ་ཡིན་ཏེ། འདི་ལྟར་ཀུན་གཞིའི་རྣམ་པར་ཤེས་པ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་མཚུངས་པར་ལྡན་པ་རྣམས་ནི་དགེ་བ་དང་མི་དགེ་བ་ཉིད་དུ་མི་རུང་ངོ་། །ཀུན་གཞིའི་རྣམ་པར་ཤེས་པ་རྟག་གམ་མི་རྟག་པ་ལ་རྨོངས་ནས། ལ་ལ་ཅི་
ཀུན་གཞིའི་རྣམ་པར་ཤེས་པ་དེ་ཞེས་བྱ་བ་ལ་སོགས་པ་འདྲི་སྟེ། ཀྱེ་ཅི་ཀུན་གཞིའི་རྣམ་པར་ཤེས་པ་དེ་གཅིག་པུ་ཞིག་འཁོར་བའི་མཐའ་ཇི་སྲིད་པ་དེ་སྲིད་དུ་མི་འཇིག་པར་འཇུག་གམ། འོན་ཏེ་སྐད་ཅིག་གཅིག་ནས་གཅིག་དུ་བརྒྱུད་པའི་རྒྱུན་གྱིས་འཁོར་བ་ཇི་སྲིད་པའི་རྗེས་སུ་འཇུག་པ་
ཞིག་ཅེ་ན། གྲུབ་པའི་མཐའ་སྨྲ་བས། དེ་གཅིག་པུ་ཐ་དད་པ་མེད་པར་འཇུག་པ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ཀྱེ་ཀུན་གཞིའི་རྣམ་པར་ཤེས་པ་དེ་གཅིག་པུ་ཐ་དད་པ་མེད་པར་ཇི་སྲིད་འཁོར་གྱི་བར་དུ་རྗེས་སུ་འཇུག་པ་ནི་མ་ཡིན་ཏེ། དེ་ནི་སྐད་ཅིག་མ་གཅིག་པུ་རྗེས་
སུ་འཇུག་པའོ། །གཅིག་པུ་ཐ་དད་པ་མེད་པ་ཞེས་བྱ་བ་ལ་ཐ་དད་པ་མེད་པའི་སྒྲ་ནི་འདྲེ་བ་ལ་ཡང་བསྙེགས་ཏེ། དེའི་ཕྱིར་གཅིག་ཅེས་བྱ་བ་སྨོས་སོ། །གཅིག་པུའི་སྒྲ་ཡང་དོན་གཞན་གྱི་ཚིག་ཏུ་མཐོང་སྟེ། དེའི་ཕྱིར་ཐ་དད་པ་མེད་པར་སྨོས་སོ། །དེ་བས་ན་མི་འཇིག་པ་མ་ཡིན་
པའི་རང་གི་ངོ་བོར་འཇུག་གོ་ཞེས། དེ་སྐད་བསྟན་པར་འགྱུར་རོ། །ཇི་ལྟར་འཇུག་སྙམ་པ་ལ། དེ་ནི་རྒྱུན་འབབ་ཆུ་བོ་བཞིན། །ཞེས་བྱ་བ་སྨྲས་ཏེ། དེ་ནི་ཀུན་གཞིའི་རྣམ་པར་ཤེས་པ་དེ་ཆུ་བོའི་རྒྱུན་བཞིན་དུ་འབབ་པའོ། །དངོས་པོ་གཅིག་པུ་ཐ་དད་པ་མེད་པ་དེ་བསྟན་པའི་ཕྱིར།

དེ་ནི་ཞེས་བྱ་བ་ནི་ཀུན་གཞིའི་རྣམ་པར་ཤེས་པ་ཉིད་དང་ཞེས་བྱ་བ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ། །རྒྱུན་གྱི་རང་གི་ངོ་བོ་བསྟན་པའི་ཕྱིར། དེ་ལ་རྒྱུན་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །རྒྱུ་དང་འབྲས་བུ་བར་ཆད་མེད་པར་རྒྱུན་དུ་འབྱུང་བ་ནི་རྒྱུན་ཞེས་
བྱའོ། །ཆུ་བོའི་རང་གི་ངོ་བོ་བསྟན་པའི་ཕྱིར། ཆུ་བོའི་ཚོགས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཆུ་བོའི་ཚོགས་ཀྱི་སྔ་ཕྱིའི་ཆུ་རྒྱུན་མི་འཆད་པ་གང་ཡིན་པ་དེ་ནི་ཆུ་བོ་ཞེས་བྱའོ། །དེ་ལྟར་ཚིག་གི་དོན་བཤད་ནས་མདོར་བྱས་པའི་དོན་བསྟན་པའི་ཕྱིར། ཇི་ལྟར་ཆུ་བོ་རྩྭ་དང་ཞེས་
བྱ་བ་ལ་སོགས་པ་སྨྲས་ཏེ། ཇི་ལྟར་ཆུ་བོ་རྩྭ་ལ་སོགས་པ་དེད་ཅིང་འབབ་པ་དེ་བཞིན་དུ། ཀུན་གཞིའི་རྣམ་པར་ཤེས་པ་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་ལས་ཀྱི་བག་ཆགས་དང་ལྡན་པ་ཡང་རེག་པ་ལ་སོགས་པ་བསྡུས་ནས། རྒྱུན་མི་འཆད་པར་རྒྱུན་དུ་འབྱུང་ངོ་། །
ཡང་གཞན་དེ་ལྟར་རྒྱུན་དུ་འབྱུང་བ་དེ་ཞེས་བྱ་བ་ལ་སོགས་པ་འདྲི་སྟེ། ཀུན་གཞིའི་རྣམ་པར་ཤེས་པ་དེ་ལྟར་རྒྱུན་དུ་འབྱུང་བ་གང་གི་དུས་ན་ལྡོག་པར་འགྱུར་བ་བརྗོད་དགོས་སོ། །གྲུབ་པའི་མཐའ་སྨྲ་བས། དགྲ་བཅོམ་པ་ཉིད་ན་དེ་ལྡོག་གོ་ཞེས་བྱ་བ་ལ་སོགས་པར་སྨྲས་སོ། །དགྲ་བཅོམ་པ་
ཉིད་ཐོབ་པའི་དུས་ན་དེ་ལྡོག་པར་འགྱུར་རོ། །དགྲ་བཅོམ་པ་ཉིད་ཀྱང་མི་ཤེས་ནས། དགྲ་བཅོམ་པ་ཉིད་ཅེས་བྱ་བ་ཅི་ཞེ་ན་ཞེས་འདྲིའོ། །གྲུབ་པའི་མཐའ་སྨྲ་བས། གང་དང་ལྡན་ན་དགྲ་བཅོམ་པ་ཞེས་བྱ་ཞེས་བྱ་བ་སྨྲས་ཏེ། ཆོས་གང་དང་ལྡན་ན་སྲོག་ཆགས་འདི་དགྲ་བཅོམ་པའོ་ཞེས་བྱ་
བ་དེ་དགྲ་བཅོམ་པ་ཉིད་ཅེས་བྱའོ། །གཞན་གྱིས་ཆོས་དེ་ཡང་མ་ཤེས་ནས། ཅི་དང་ལྡན་ན་ཞེས་བྱ་བ་ལ་སོགས་པ་འདྲི་སྟེ། ཆོས་གང་དང་ལྡན་ན་དགྲ་བཅོམ་པ་ཞེས་བྱ་ཞེ་ན། གྲུབ་པའི་མཐའ་སྨྲ་བས། ཟད་པ་ཤེས་པ་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཟད་པ་ཤེས་པ་དང་མི་སྐྱེ་བ་
ཤེས་པ་ཐོབ་པའི་ཕྱིར་དགྲ་བཅོམ་པ་ཞེས་བྱའོ། །ཀུན་གཞིའི་རྣམ་པར་ཤེས་པ་དེ་ཇི་ལྟར་ལྡོག་པར་འགྱུར་ཞེ་ན། དེའི་ཚེ། ཀུན་གཞིའི་རྣམ་པར་ཤེས་པ་ལ། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་དགྲ་བཅོམ་པའི་དུས་དེ་ན་ཀུན་གཞིའི་རྣམ་པར་ཤེས་པ་ལ་གནས་པའི་

གནས་ངན་ལེན་གང་ཅི་ཡོད་པ་དེ་ཐམས་ཅད་མ་ལུས་པར་སྤོང་ངོ་། །དེའི་ཕྱིར་ཀུན་གཞིའི་རྣམ་པར་ཤེས་པ་ལྡོག་པར་འགྱུར་ཏེ། དེའི་ཚེ་དེ་ཉོན་མོངས་པའི་ས་བོན་གྱི་གཞི་ཉིད་དང་བྲལ་བར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །གང་གི་དུས་ན་ཀུན་གཞིའི་རྣམ་པར་ཤེས་པ་ལྡོག་པ་དེ་
ཉིད་ཀྱི་དུས་ན་དགྲ་བཅོམ་པ་ཞེས་བྱ་སྟེ། འདི་ལྟར་རྣམ་པར་གྲོལ་བའི་སྐུའམ། ཆོས་ཀྱི་སྐུ་ཐོབ་པ་ན་དགྲ་བཅོམ་པ་ཞེས་བསྟན་ཏོ། །དེ་ལྟར་རྣམ་པར་སྨིན་པ་ཞེས་བྱ་བའི་གྱུར་པ་རྒྱ་ཆེར་བཤད་ཟིན་ཏོ། །རྣམ་པར་འབྱེད་པ་དང་བཅས་པ་ཞེས་བྱ་བ་ནི་རྒྱ་ཆེར་རོ། །གྱུར་པ་གཉིས་པ་དང་
སྦྱར་བའི་ཕྱིར། དེ་ནི་ངར་སེམས་ཞེས་བྱ་བ་གྱུར་པ་གཉིས་པ་སྟེ་ཞེས་བྱ་བ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ། །དེ་གང་ཞིག་ཡིན་སྙམ་པ་ལ། དེ་ལ་གནས་དེ་རབ་འབྱུང་ཞིང་། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ནི་ཕྱིས་འཆད་པར་འགྱུར་རོ། །ད་ནི་འདིར་ཚིག་
ལེའུར་བྱས་པ་དང་སྦྱར་བ་བསྟན་པའི་ཕྱིར། དེ་ལ་ཇི་ལྟར་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་ཀྱི་གནས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཇི་ལྟར་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་གནས་དང་དམིགས་པ་གྲགས་པ་དེ་བཞིན་དུ། ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་དེ་གཉིས་
མ་གྲགས་ཏེ། གནས་དང་དམིགས་པ་ལ་མི་ལྟོས་པར་འཇུག་པ་ནི་མི་རུང་ངོ་། །དེ་བས་ན་དེའི་གནས་དང་དམིགས་པ་བསྟན་པ་དང་། ངེས་པའི་ཚིག་བསྟན་པའི་ཕྱིར། དེ་ལ་གནས་ཏེ་རབ་འབྱུང་ཞིང་། །ཞེས་བྱ་བ་ལ་སོགས་པ་ཚིག་ལེའུར་བྱས་པ་དེ་སྨོས་སོ། །ཉོན་མོངས་པ་
ཅན་གྱི་ཡིད་ནི་ཀུན་གཞིའི་རྣམ་པར་ཤེས་པ་ལ་བརྟེན་ཅིང་དམིགས་ནས་འབྱུང་སྟེ། དེ་ནི་ངར་སེམས་པའི་བདག་ཉིད་ཡིན་པས་ཡིད་ཅེས་བརྗོད་དོ་ཞེས་མདོར་བྱས་པའི་དོན་ཏོ། །ཡན་ལག་བཤད་པར་བྱ་བའི་ཕྱིར། དེ་ལ་གནས་ཏེ་རབ་འབྱུང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ལ་
ཞེས་བྱ་བ་ནི་འདིར་ཀུན་གཞིའི་རྣམ་པར་ཤེས་པ་དང་སྦྱར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་ཀུན་གཞིའི་རྣམ་པར་ཤེས་པ་འདིའི་གནས་ཡིན་སྙམ་པ་ལ། དེ་ནི་བག་ཆགས་ཀྱི་གནས་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་བག་ཆགས་གང་

ཡིན་པ་དེའི་གནས་ནི་ཀུན་བཞིའི་རྣམ་པར་ཤེས་པ་སྟེ། དེའི་ཕྱིར་ཉོན་མོངས་པ་ཅན་གྱི་ཡིད་ཀུན་གཞིའི་རྣམ་པར་ཤེས་པ་ལ་གནས་བཅས་ནས་འབྱུང་ཞེས་བྱའོ། །འབྱུང་ཞེས་བྱ་བ་དེའི་བཤད་པ་ནི་རྒྱུན་གྱིས་སྐྱེ་ཞེས་བྱ་བ་སྟེ། སྐད་ཅིག་གཅིག་ནས་གཅིག་ཏུ་བརྒྱུད་
པས་སྐྱེ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ཉིད་ལ་བཤད་པ་གཞན་བྱ་བའི་ཕྱིར། ཡང་ན་ཁམས་སམ་ས་གང་དུ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདོད་པ་ལ་སོགས་པའི་ཁམས་གང་དང་། བསམ་གཏན་དང་པོ་ལ་སོགས་པ་ས་གང་དུ་ཀུན་གཞིའི་རྣམ་པར་ཤེས་པ་རྣམ་པར་སྨིན་པ་ཐོབ་
པ་དེར། ཉོན་མོངས་པ་ཅན་གྱི་ཡིད་དེ་ཡང་རྣམ་པར་སྨིན་པ་འཐོབ་སྟེ། གང་གི་ཕྱིར་ཁམས་དེ་དང་། ས་དེ་པ་ཡིན་པ་དེའི་ཕྱིར་ཀུན་གཞིའི་རྣམ་པར་ཤེས་པ་དང་འབྲེལ་པར་འབྱུང་བས་ན་དེ་ལ་གནས་ཏེ་འབྱུང་བ་ཞེས་བྱའོ། །འདིའི་དམིགས་པ་བསྟན་པའི་ཕྱིར། དེ་ལ་དམིགས་པ་
ཞེས་བྱ་བ་སྨྲས་སོ། །དེ་ཉིད་དགྲོལ་བའི་ཕྱིར། ཀུན་གཞིའི་རྣམ་པར་ཤེས་པ་ཉིད་ལ་དམིགས་པ་སྟེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདི་ལྟར་ཉོན་མོངས་པ་ཅན་གྱི་ཡིད་ནི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་དང་མཚུངས་པར་ལྡན་པ་སྟེ། དེའི་ཕྱིར་ང་དང་ངའི་ཞེས་
བྱ་བའི་རྣམ་པ་འདིས་ཀུན་གཞིའི་རྣམ་པར་ཤེས་པ་ཉིད་ལ་དམིགས་སོ། །གནས་ཉིད་ལ་དམིགས་པ་མི་སྲིད་དོ་ཞེས་ཏེ་གཞན་གྱིས་ཇི་ལྟར་ན་ཞེས་བྱ་བ་ལ་སོགས་པ་དྲིས་ཏེ། གནས་སུ་གྱུར་པའི་སེམས་གང་ལས་ཉོན་མོངས་པ་ཅན་གྱི་ཡིད་བྱུང་བ་དེ་ཉིད། དེའི་དམིགས་
པར་ཇི་ལྟར་འགྱུར། དམིགས་པའི་དོན་ཡང་གཞན་ལ་གནས་ཀྱི་དོན་ཡང་གཞན་ཡིན་ན་དེ་གཉིས་གཅིག་ཏུ་ཇི་ལྟར་རུང་། གྲུབ་པའི་མཐའ་སྨྲ་བས་མཚུངས་པར་བསྒྲུབ་པའི་ཕྱིར། ཇི་ལྟར་ཁ་ཅིག་དེ་མི་འདོད་ཀྱང་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གང་དག་ཉོན་མོངས་པ་
ཅན་གྱི་ཡིད་མི་འདོད་པ་དེ་དག་གི་གཞུང་ལྟར་ན་ཡང་། ཇི་ལྟར་འགའ་ཞིག་འགགས་མ་ཐག་ཏུ་རང་གི་སེམས་ལ་སོ་སོར་རྟོག་པའི་དུས་ན་དེ་མ་ཐག་པའི་རྐྱེན་དུ་གྱུར་པའི་སེམས་གང་ལས་ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་བ་སེམས་དེ་ཉིད་དམིགས་པ་ཡིན་ཞིང་། ཡིད་ཀྱི་རྣམ་

པར་ཤེས་པ་དེ་འབྱུང་སྟེ། ཇི་ལྟར་ཡིད་ཀྱི་རྣམ་པར་ཤེས་པ་དེ་རང་གི་གནས་ལ་དམིགས་པ་དེ་བཞིན་དུ། ཉོན་མོངས་པ་ཅན་གྱི་ཡིད་ཀྱང་རང་གི་གནས་ལ་དམིགས་པར་འགྱུར་རོ། །ཡང་རང་གི་གནས་ལ་དམིགས་པའི་རྣམ་པར་ཤེས་པ་དེ་མིང་ཅི་ཞེས་བྱ་སྙམ་པ་ལ། ཡིད་
ཅེས་བྱ་བའི་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ། །དེ་ལྟར་ཚིག་གི་དོན་བཤད་ནས་མདོར་བྱས་པའི་དོན་བསྟན་པའི་ཕྱིར། ཀུན་གཞིའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ལ་བརྟེན་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཡིད་ཅེས་བྱ་བའི་རྣམ་
པར་ཤེས་པར་བརྗོད་པ་གང་ཡིན་པ་དེ་ཀུན་གཞིའི་རྣམ་པར་ཤེས་པ་ལ་བརྟེན་ནས་འབྱུང་ངོ་། །དམིགས་པ་ཡང་ཀུན་གཞིའི་རྣམ་པར་ཤེས་པ་ཡིན་ནོ། །ཡིད་ཅེས་བྱ་བའི་སྒྲའི་རྣམ་པར་བཅད་པ་བསྟན་པའི་ཕྱིར། དེ་ལ་དམིགས་པ་ཡིད་ཅེས་བྱ་བ་འདིས་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་
ཏེ། ཡིད་སྨོས་པས་ནི་རྣམ་པར་ཤེས་པ་འདི་ཀུན་གཞིའི་རྣམ་པར་ཤེས་པ་དང་། འཇུག་པའི་རྣམ་པར་ཤེས་པ་ལས་རྣམ་པར་འབྱེད་པར་བྱེད་དོ། །འདིའི་ངོ་བོ་ཉིད་དྲི་བའི་ཕྱིར། ཡང་དེའི་རང་བཞིན་གང་ཡིན་སྙམ་པ་ལ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ངར་སེམས་བདག་ཉིད་
ཅན་ཞེས་བྱ་བ་ནི་ངའོ་སྙམ་པ་དང་ངའི་སྙམ་དུ་རྟག་ཏུ་རློམ་སེམས་པ་སྟེ། དེའི་དེ་ནི་ངར་སེམས་པའི་ངོ་བོ་ཉིད་དོ། །འདིའི་ངེས་པའི་ཚིག་བསྟན་པའི་ཕྱིར། དེ་ལྟར་ངར་སེམས་པའི་བདག་ཉིད་པས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གི་ཕྱིར་ངར་སེམས་པའི་བདག་ཉིད་ཡིན་
པ་དེའི་ཕྱིར་ཡིད་ཅེས་བྱའོ། །ངེས་པའི་ཚིག་གི་ཚུལ་གྱིས་ཞེས་བྱ་བ་ནི་ངེས་པའི་ཚིག་གི་རིགས་པས་སོ། །ཚིག་ལེའུར་བྱས་པ་དང་སྦྱར་བའི་ཕྱིར། རྣམ་པར་ཤེས་པའི་རང་གི་ངོ་བོ་ཡིན་པས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ། །སེམས་ལས་
བྱུང་བ་རང་གི་ངོ་བོ་དང་། གྲངས་དང་དུས་ཁོང་དུ་ཆུད་པར་བྱ་བའི་ཕྱིར། བསྒྲིབས་ལ་ལུང་དུ་མ་བསྟན་པའི། །ཉོན་མོངས་གཞི་དང་རྟག་ཏུ་འགྲོགས། །ཞེས་བྱ་བ་སྨྲས་ཏེ། ཉོན་མོངས་པ་ཅན་གྱི་ཡིད་ནི་བསྒྲིབས་ལ་ལུང་དུ་མ་བསྟན་པའི་ངོ་བོ་ཉིད་ཀྱི་ཉོན་མོངས་པ་རྣམས་དང་། དུས་

ཐམས་ཅད་དུ་རྟག་ཏུ་མཚུངས་པར་ལྡན་ནོ་ཞེས་མདོར་བྱས་པའི་དོན་ཏོ། །ཉོན་མོངས་པ་ཞེས་སྨོས་པའི་རྣམ་པར་བཅད་པ་བསྟན་པའི་ཕྱིར། སེམས་ལས་བྱུང་བ་དག་ནི་རྣམ་པ་གཉིས་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ། །
གྲངས་ཀྱི་བྱེ་བྲག་གི་རྣམ་པར་བཅད་པ་བསྟན་པའི་ཕྱིར། ཉོན་མོངས་པའང་དྲུག་སྟེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ཡང་གོ་སླ་བས་མ་བཤད་དོ། །འགྲོགས་ཞེས་བྱ་བའི་སྒྲ་ནི་དགའ་བ་ལ་ཡང་བྱའོ་སྙམ་པ་ལ། འགྲོགས་ཞེས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དོན་
དེ་ནི་བརྡ་ཕྲད་པར་ཟད་དོ། །བསྒྲིབས་ལ་ལུང་དུ་མ་བསྟན་པ་སྨོས་པའི་རྣམ་པར་བཅད་པ་བསྟན་པའི་ཕྱིར། ཉོན་མོངས་པའང་རྣམ་པ་གཉིས་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ཡང་གོ་སླ་བས་མ་བཤད་དོ། །ཅིའི་ཕྱིར་དེ་བསྒྲིབས་ལ་ལུང་དུ་མ་བསྟན་པ་རྣམས་དང་མཚུངས་
པར་ལྡན་སྙམ་པ་ལ། བསྒྲིབས་པའི་རྣམ་པར་ཤེས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ཉོན་མོངས་པ་ཅན་གྱི་ཡིད་ནི་བསྒྲིབས་ལ་ལུང་དུ་མ་བསྟན་པ་སྟེ། དེ་བས་ན་བསྒྲིབས་པའི་རྣམ་པར་ཤེས་པ་རྣམས་དང་མི་དགེ་བར་མཚུངས་པར་ལྡན་དུ་མི་རུང་ངོ་། །ཅིའི་ཕྱིར་དེ་དག་
བསྒྲིབས་ཞེས་བྱ་སྙམ་པ་ལ། བསྒྲིབས་པ་དག་ནི་ཉོན་མོངས་པ་ཅན་གྱི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། གང་གི་ཕྱིར་ཉོན་མོངས་པ་ཅན་ཡིན་པ་དེའི་ཕྱིར་བསྒྲིབས་པ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་བསྒྲིབས་པ་ཡིན་ན་ཅིའི་ཕྱིར་ལུང་དུ་མ་བསྟན་ཞེས་བྱ་སྙམ་པ་ལ། ལུང་དུ་མ་
བསྟན་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གི་ཕྱིར་དགེ་བ་ཉིད་དང་མི་དགེ་བ་ཉིད་དུ་ལུང་བསྟན་དུ་མེད་པ་དེའི་ཕྱིར་ལུང་དུ་མ་བསྟན་པ་ཞེས་བྱའོ། །འདིའི་དུས་བསྟན་པའི་ཕྱིར། རྟག་ཏུ་ཞེས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཇི་སྲིད་དུ་ཉོན་མོངས་པ་ཅན་གྱི་ཡིད་
དེ་ཡོད་པ་དེ་སྲིད་དུ་དེ་དག་དང་དུས་ཐམས་ཅད་དུ་མཚུངས་པར་ལྡན་ནོ། །ཚིག་ལེའུར་བྱས་པ་དང་སྦྱར་བའི་ཕྱིར། སྤྱིར་བསྟན་པས་ཁྱད་པར་མི་ཤེས་ནས་ཁྱད་པར་སྟོན་ཏེ་ཞེས་བྱ་བ་སྨྲས་ཏེ། ཉོན་མོངས་པ་བཞི་ཞེས་སྤྱིར་བསྟན་པས། གཞི་གང་ལ་བྱ་བའི་བྱེ་བྲག་མི་ཤེས་ཏེ།

དེའི་ཕྱིར་བྱེ་བྲག་བསྟན་པའི་ཕྱིར། བདག་ཏུ་ལྟ་བ་དང་བདག་ཏུ་རྨོངས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། བདག་ཏུ་ལྟ་བ་དང་། བདག་ཏུ་རྨོངས་པ་དང་། བདག་ཏུ་ང་རྒྱལ་དང་། བདག་ལ་ཆགས་པ་བཞི་པོ་འདི་དག་དང་མཚུངས་པར་ལྡན་ནོ་ཞེས་མདོར་བྱས་པའི་དོན་ཏོ། །བདག་ཏུ་
ལྟ་བ་ལ་སོགས་པ་བསྟན་པའི་ཕྱིར། ཉེ་བར་ལེན་པའི་ཕུང་པོ་རྣམས་ལ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་བདག་ཏུ་འཛིན་པ་གང་ཡིན་པ་དེ་འདིར་བདག་ཏུ་ལྟ་བའོ། །འཇིག་ཚོགས་ལ་ལྟ་བ་ཞེས་བྱ་བ་འདིས་ནི་དེ་ཉིད་རབ་ཏུ་བསྒྲུབ་པའི་རྣམ་གྲངས་
སྟོན་ཏོ། །རྨོངས་པ་ནི་མི་ཤེས་པའི་སྒྲར་བརྗོད་དོ། །བདག་གི་ཡུལ་ལ་རྨོངས་པ་ནི་བདག་ཏུ་རྨོངས་པའོ། །བདག་ལ་ང་རྒྱལ་འབྱུང་བ་གང་ཡིན་པ་དེ་ནི་བདག་ཏུ་ང་རྒྱལ་ཞེས་བྱའོ། །ངའོ་སྙམ་པའི་ང་རྒྱལ་ཞེས་བྱ་བ་འདིས་ནི་དེ་ཉིད་རབ་ཏུ་བསྒྲུབ་པའི་རྣམ་གྲངས་སྟོན་ཏོ། །བདག་ལ་
ཆགས་པ་འབྱུང་བ་གང་ཡིན་པ་དེ་ནི་བདག་ལ་ཆགས་པ་ཞེས་བྱའོ། །བདག་ལ་དགའ་ཞེས་བྱ་བ་འདིས་ནི་དེ་རབ་ཏུ་བསྒྲུབ་པའི་རྣམ་གྲངས་སྟོན་ཏོ། །འདི་དག་ཀུན་གཞིའི་རྣམ་པར་ཤེས་པ་ལ་ཇི་ལྟར་དམིགས་སྙམ་པ་ལ། དེ་ལ་ཀུན་གཞིའི་རྣམ་པར་ཤེས་པའི་རང་གི་ངོ་བོ་ལ་རྨོངས་པར་
གྱུར་ན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཀུན་གཞིའི་རྣམ་པར་ཤེས་པའི་རང་གི་ངོ་བོ་མི་རྟག་པ་ལ་སོགས་པ་མི་ཤེས་པ་གང་ཡིན་པ་དེ་ནི་དེ་ལ་འདི་ནི་ངའི་བདག་གོ་སྙམ་དུ་བདག་ཏུ་འཛིན་པར་བྱེད་དེ། མི་ཤེས་པ་གང་ཡིན་པ་དེ་བདག་ཏུ་རྨོངས་པའོ། །བདག་ཏུ་འཛིན་པ་གང་ཡིན་པ་
དེ་ནི་འཇིག་ཚོགས་ལ་ལྟ་བའོ། །བདག་ཏུ་ལྟ་བའི་འོག་ཏུ་ཆོས་ཉིད་ཀྱི་དབང་གིས་སེམས་ཁེངས་པར་འབྱུང་བ་གང་ཡིན་པ་དེ་ངའོ་སྙམ་པའི་ང་རྒྱལ་ལོ། །བདག་ཏུ་རྨོངས་པ་ལ་སོགས་པ་གསུམ་པོ་དེ་དག་ཡོད་ན། དེའི་འོག་ཏུ་བདག་ཏུ་བསམ་པའི་དངོས་པོ་ལ་མངོན་པར་ཆགས་པ་འབྱུང་བ་
གང་ཡིན་པ་དེ་བདག་ལ་ཆགས་པ་ཞེས་བྱའོ། །བཤད་ཟིན་པའི་དོན་སྡུད་པའི་ཚིགས་སུ་བཅད་པ་སྨྲས་པ་ཡང་སྨྲས་པ་ཞེས་བྱ་བ་ལ་སོགས་པའོ། །ངར་སེམས་པའི་མཚན་ཉིད་ཀྱི་ཡིད་གང་ཡིན་པ་དེ་ནི་མ་རིག་པ་ལ་སོགས་པ་ཉོན་མོངས་པ་བཞི་པོ་དག་གིས་ཀུན་ནས་ཉོན་མོངས་པ་ཅན་

དུ་གྱུར་ཏོ་ཞེས་ཚིགས་སུ་བཅད་པའི་དོན་ཏོ། །ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་ཅེས་བྱ་བ་ནི་དྲི་མ་ཅན་དུ་བྱས་པའོ། །ཚིགས་སུ་བཅད་པ་འོག་མས་ཉོན་མོངས་པ་ཅན་གྱི་ཡིད་ཡོད་པར་རིགས་པས་བསྟན་པའི་ཕྱིར། ཕྱིན་ཅི་ལོག་གི་རྒྱུ་བྱེད་པའང་
ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་ཉོན་མོངས་པ་ཅན་གྱི་ཡིད་ནི་དུས་ཐམས་ཅད་དུ་ཕྱིན་ཅི་ལོག་གི་རྒྱུ་ཡིན་ཏེ། དེའི་ཕྱིར་དེ་ཡོད་པར་ཁོང་དུ་ཆུད་པར་བྱའོ། །ཕྱིན་ཅི་ལོག་གང་གི་རྒྱུ་ཡིན་སྙམ་པ་ལ། སེམས་དགེ་ལུང་དུ་མ་བསྟན་ཚེ། །ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །
དགེ་བའི་སེམས་ཀྱི་དུས་ན་ངར་འཛིན་པའི་དུས་ནི་ང་སྦྱིན་པ་སྦྱིན་ནོ་སྙམ་པ་ལ་སོགས་པའོ། །ལུང་དུ་མ་བསྟན་པའི་སེམས་ཀྱི་དུས་ན་ངར་འཛིན་པའི་རྒྱུ་ནི་ང་གླེགས་བམ་འདྲི་བ་ལ་སོགས་པ་བྱེད་དོ་སྙམ་པའོ། །དེའི་ཕྱིར་ཀུན་གཞིའི་རྣམ་པར་ཤེས་པ་བདག་མ་ཡིན་པ་ལ་བདག་གོ་
སྙམ་དུ་ཕྱིན་ཅི་ལོག་པ་གང་ཡིན་པ་དེ་རྒྱུར་བསྟན་པ་ཡིན་ནོ། །ཚིག་ལེའུར་བྱས་པ་དང་སྦྱར་བར་བྱ་བའི་ཕྱིར། བདག་ཏུ་རྨོངས་པ་ལ་སོགས་པ་ཉོན་མོངས་པ་དེ་དག་ཀྱང་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ས་དགུ་ནི་འདིར་འདོད་པའི་ཁམས་དང་བསམ་གཏན་བཞི་དང་གཟུགས་མེད་པ་
བཞིར་རིག་པར་བྱའོ། །ལྷག་མ་ནི་གོ་སླ་བས་མ་བཤད་དོ། །ཐེ་ཚོམ་བཟློག་པའི་ཕྱིར། གང་དུ་སྐྱེས་པ་དེའིའོ་ཞེས་བྱ་བ་སྨྲས་སོ། །དགྲོལ་བའི་ཕྱིར་གང་དུ་སྐྱེས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཁམས་གང་དང་ས་གང་དུ་སྲོག་ཆགས་སྐྱེས་པར་གྱུར་པའི་ཁམས་
དེ་པ་དང་། ས་དེ་པ་ཉིད་ཀྱི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་དང་དེ་མཚུངས་པར་ལྡན་ཏེ། ཁམས་གཞན་དང་ས་གཞན་གྱི་དང་ནི་མ་ཡིན་ནོ། །མདོར་བྱས་པ་དང་སྦྱར་བར་བྱ་བའི་ཕྱིར། ཅི་ཉོན་མོངས་པ་བཞི་ཉིད་དང་མཚུངས་པར་ལྡན་ནམ་ཞེས་བྱ་བ་སྨྲས་ཏེ། དེ་ནི་གོ་སླ་བས་
མ་བཤད་དོ། །བཤད་པ་བྱེད་པས་སྨྲས་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་དགྲོལ་བའི་ཕྱིར། གཞན་རེག་སོགས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་ནི་གོ་སླ་བས་མ་བཤད་དོ། །ཀྱང་ཞེས་བྱ་བ་ལ་སོགས་པས་ནི། ཀྱང་གི་སྒྲའི་དོན་སྟོན་ཏེ། དེའི་ཕྱིར་

ཉོན་མོངས་པ་ཅན་གྱི་ཡིད་བདག་ཏུ་ལྟ་བ་ལ་སོགས་པ་ཉི་ཚེ་དང་མཚུངས་པར་ལྡན་པ་མ་ཡིན་གྱི། རེག་པ་ལ་སོགས་པ་གཞན་དག་དང་ཡང་མཚུངས་པར་ལྡན་ནོ་ཞེས་དེ་སྐད་བསྟན་པར་འགྱུར་རོ། །རེག་སོགས་ཞེས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པས་ནི། རེག་པ་ལ་སོགས་པའི་སྒྲའི་
དོན་སྟོན་ཏོ། །ཅིའི་ཕྱིར་རེག་པ་ལ་སོགས་པ་དང་མཚུངས་པར་ལྡན་སྙམ་པ་ལ། ཆོས་ལྔ་པོ་དེ་དག་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གི་ཕྱིར་རེག་པ་ལ་སོགས་པ་ཆོས་ལྔ་པོ་འདི་དག་ཐམས་ཅད་དུ་འགྲོ་བར་འདོད་པ་དེའི་ཕྱིར་རྣམ་པར་ཤེས་པ་ཐམས་ཅད་དང་མཚུངས་པར་ལྡན་
ནོ། །འདི་དག་གི་ཁམས་དང་ས་ངེས་པར་བསྟན་པའི་ཕྱིར། དེ་དག་ཀྱང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དོན་དེ་ནི་བརྡ་ཕྲད་པར་ཟད་དོ། །འདིར་བཤད་པ་གཞན་བྱ་བའི་ཕྱིར་ཡང་ན་གཞན་ཞེས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། རྩ་བའི་རྣམ་པར་ཤེས་པ་དང་མཚུངས་
པར་ལྡན་པའི་རེག་པ་ལ་སོགས་པ་གང་ཡིན་པ་དེ་དག་ལས་རྣམ་པར་དབྱེ་བའི་ཕྱིར། གཞན་རེག་སོགས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་རྩ་བའི་རྣམ་པར་ཤེས་པ་ལ་རེག་པ་ལ་སོགས་པ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པར་འདོད་དོ། །ཉོན་མོངས་པ་ཅན་གྱི་ཡིད་ལ་ནི་
ཡིད་བཞིན་དུ་བསྒྲིབས་པའི་ལུང་དུ་མ་བསྟན་པའོ། །མདོར་བྱས་པ་དང་སྦྱར་བར་བྱ་བའི་ཕྱིར། གལ་ཏེ་ཉོན་མོངས་པ་ཅན་གྱི་ཡིད་དེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གལ་ཏེ་དགེ་བ་དང་ཉོན་མོངས་པ་ཅན་དང་། ལུང་དུ་མ་བསྟན་པའི་དུས་ཐམས་ཅད་དུ་ཉོན་མོངས་པ་ཅན་གྱི་
ཡིད་བྱེ་བྲག་མེད་པར་འཇུག་ན་ནི་འོ་ན་དེ་ལྡོག་པ་མེད་པར་འགྱུར་ཏེ། ཇི་སྲིད་དུ་དེ་མི་ལྡོག་པ་དེ་སྲིད་དུ་ཐར་པར་ག་ལ་འགྱུར། དེ་བས་ན་སྲོག་ཆགས་རྣམས་ཐར་པ་མེད་པར་འགྱུར་རོ་སྙམ་པ་ལ། གྲུབ་པའི་མཐའ་སྨྲ་བས་མི་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ཐར་པ་མེད་
པར་འགྱུར་བ་མ་ཡིན་ཏེ། འདི་ལྟར་དགྲ་བཅོམ་པ་ལ་ཉོན་མོངས་པ་ཅན་གྱི་ཡིད་མེད་དོ། །འགོག་པའི་སྙོམས་པར་འཇུག་པའི་དུས་ན་མེད་དོ། །འཇིག་རྟེན་ལས་འདས་པའི་ལམ་ན་མེད་དོ། །ཅིའི་ཕྱིར་དགྲ་བཅོམ་པ་ལ་དེ་མེད་དོ་སྙམ་པ་ལ། དགྲ་བཅོམ་པ་ནི་ཞེས་བྱ་བ་ལ་

སོགས་པ་སྨྲས་སོ། །འདི་ལྟར་དགྲ་བཅོམ་པ་ནི་ཉོན་མོངས་པ་ཐམས་ཅད་སྤངས་པ་སྟེ། དེའི་ཕྱིར་ཉོན་མོངས་པ་ཅན་གྱི་ཡིད་མེད་པ་ཉིད་དོ། །ཇི་ལྟར་སྲིད་པའི་རྩེ་མོ་པའི་ཉོན་མོངས་པ་བསྒོམས་པས་སྤང་བར་བྱ་བ་རྣམ་པ་དགུ་པ། དགྲ་བཅོམ་
པ་ཉིད་ཐོབ་པ་ན་བར་ཆད་མེད་པའི་ལམ་རྡོ་རྗེ་ལྟ་བུ་ཞེས་བྱ་བས་སྤོང་བ་དེ་བཞིན་དུ་ཉོན་མོངས་པ་ཅན་གྱི་ཡིད་དེ་ཡང་བར་ཆད་མེད་པའི་ལམ་དེ་ཉིད་ཀྱིས་ཐམས་ཅད་སྤོང་ངོ་། །དེའི་ཕྱིར་ཉོན་མོངས་པ་དེ་དག་དགྲ་བཅོམ་པ་ན་མེད་པ་དེ་བཞིན་དུ། འདི་ཡང་མེད་དོ། །ཕྱིར་མི་འོང་བ་ལ་ཅིའི་
ཕྱིར་མེད་སྙམ་པ་ལ། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ཕྱིར་མི་འོང་བ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བ་ལ་འགོག་པའི་སྙོམས་པར་འཇུག་པ་ཐོབ་པ་གང་ཡིན་པ་དེའི་འགོག་པའི་སྙོམས་པར་འཇུག་པའི་
དུས་ན་ཉོན་མོངས་པ་ཅན་གྱི་ཡིད་མེད་དོ། །འདི་ལྟར་ལམ་གྱི་སྟོབས་ཀྱིས་འགོག་པའི་སྙོམས་པར་འཇུག་པ་ཐོབ་སྟེ། དེའི་ཕྱིར་ལམ་བཞིན་དུ་དེ་ན་ཡང་དུས་དེ་ཙམ་དུ་མེད་དོ། །འོ་ན་ལངས་ན་དེ་གང་ལས་འབྱུང་སྙམ་པ་ལ། འགོག་པ་ལས་ལངས་ནས་ཡང་ཞེས་བྱ་བ་ལ་སོགས་
པ་སྨྲས་སོ། །གང་གི་ཚེ་འགོག་པའི་སྙོམས་པར་འཇུག་པ་ལས་ལངས་པར་གྱུར་པ་དེའི་ཚེ་ཡང་། ཀུན་གཞིའི་རྣམ་པར་ཤེས་པ་ཉིད་ལས་འབྱུང་སྟེ། དེ་ལ་དེའི་བག་ཆགས་ཡོད་པའི་ཕྱིར་རོ། །ལམ་ལ་དེ་མེད་པར་བསྟན་པའི་ཕྱིར། འཇིག་རྟེན་འདས་པའི་ལམ་ནའང་མེད། །
ཅེས་བྱ་བ་སྨོས་ཏེ། དེའི་དོན་ནི་བཤད་ཟིན་ཏོ། །ལམ་ཞེས་བརྗོད་པས་མི་ཆོག་གམ་ཞེ་ན། འཇིག་རྟེན་ལས་འདས་པ་སྨོས་སྙམ་པ་ལ། འཇིག་རྟེན་ལས་འདས་པ་སྨོས་པ་ནི་འཇིག་རྟེན་པ་རྣམ་པར་བཅད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །དེ་ནི་གོ་སླ་བས་མ་བཤད་དོ། །ཅིའི་ཕྱིར་
འཇིག་རྟེན་པ་རྣམ་པར་བཅད་སྙམ་པ་ལ། འཇིག་རྟེན་པའི་ལམ་ལ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ནི་ཞེས་བྱ་བའི་སྒྲ་ནི་འདི་ལྟར་ཞེས་བྱ་བའི་ཐ་ཚིག་སྟེ། འདི་ལྟར་འཇིག་རྟེན་པའི་ལམ་ན་ཉོན་མོངས་པ་ཅན་གྱི་ཡིད་འབྱུང་བར་འདོད་པ་ཉིད་དོ། །ཅིའི་ཕྱིར་འཇིག་རྟེན་ལས་འདས་

པའི་ལམ་ན་མི་འབྱུང་སྙམ་པ་ལ། བདག་མེད་པར་མཐོང་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་བདག་མེད་པར་མཐོང་བ་ནི་བདག་ཏུ་འཛིན་པའི་གཉེན་པོ་སྟེ། དེའི་ཕྱིར་འཇིག་རྟེན་ལས་འདས་པའི་ལམ་ན་ཉོན་མོངས་པ་ཅན་གྱི་ཡིད་འབྱུང་མི་ནུས་ཏེ། མི་མཐུན་པའི་ཕྱོགས་
དང་གཉེན་པོ་ཅིག་ཅར་མི་འབྱུང་ངོ་། །དེའི་ཕྱིར་མི་མཐུན་པའི་ཕྱོགས་དང་གཉེན་པོ་ཅིག་ཅར་མི་འབྱུང་བས། འཇིག་རྟེན་ལས་འདས་པའི་ལམ་ན་དུས་དེ་ཙམ་དུ་ཉོན་མོངས་པ་ཅན་གྱི་ཡིད་མི་འབྱུང་ངོ་། །གང་གི་ཚེ་འཇིག་རྟེན་ལས་འདས་པའི་ལམ་ལས་ལངས་པར་གྱུར་པ་
དེའི་ཚེ་ཡང་ཀུན་གཞིའི་རྣམ་པར་ཤེས་པ་ཉིད་ལས་འབྱུང་ངོ་། །མཇུག་བསྡུ་བའི་ཕྱིར། འདི་ནི་གྱུར་པ་གཉིས་པའོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གོང་དུ་བསྟན་པ་དེ་བཤད་ཟིན་ཏོ་ཞེས་བྱ་བའི་ཐ་ཚིག་གོ།། །།བམ་པོ་གསུམ་པ། གྱུར་པ་གསུམ་
པ་དང་སྦྱར་བ་བསྟན་པའི་ཕྱིར། གྱུར་པ་གཉིས་པའི་འོག་ཏུ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ། །དེ་གང་ཡིན་སྙམ་པ་ལ། གསུམ་པ་ཡུལ་རྣམ་དྲུག་པོ་ལ། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཡུལ་རྣམ་པ་དྲུག་ལ་དམིགས་པ་གང་ཡིན་པ་
དེ་ནི་རྣམ་པར་ཤེས་པ་གྱུར་པ་གསུམ་པའོ་ཞེས་མདོར་བྱས་པའི་དོན་ཏོ། །ཁོང་ནས་དབྱུང་བ་བསྟན་པའི་ཕྱིར། གསུམ་པ་ནི་རྣམ་པར་ཤེས་པ་གྱུར་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། རྣམ་པར་ཤེས་པ་གྱུར་པའི་སྒྲ་ཁོང་ནས་དབྱུང་ཞེས་བྱ་བའི་ཐ་ཚིག་གོ། །ཚིག་གི་དོན་
ཁོང་དུ་ཆུད་པ་ནི་ངག་གི་དོན་ཁོང་དུ་ཆུད་པའི་སྔོན་དུ་འགྲོ་བས་ཚིག་གི་དོན་བསྟན་པའི་ཕྱིར། རྣམ་དྲུག་ཅེས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ། །དེ་ཡང་ཞེས་བྱ་བ་ལ་སོགས་པ་ནི་འདིའི་རབ་ཏུ་དབྱེ་བ་འདྲི་བ་སྟེ། གྲུབ་པའི་མཐའ་སྨྲ་བས་
རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། དགེ་དང་མི་དགེ་གཉི་ག་མིན། །ཞེས་བྱ་བ་སྨྲས་སོ། །དེ་དགྲོལ་བའི་ཕྱིར་དགེ་བ་དང་མི་དགེ་བ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གཉི་ག་མ་ཡིན་པ་སྨོས་པ་ནི་ལུང་དུ་མ་བསྟན་པ་ལ་བྱའོ། །ལྷག་མ་ནི་དོན་གོ་སླ་བས་མ་བཤད་དོ། །དགེ་བ་

ལ་སོགས་པའི་རང་གི་ངོ་བོ་བསྟན་པའི་ཕྱིར། མ་ཆགས་པ་དང་ཞེ་སྡང་མེད་པ་དང་གཏི་མུག་མེད་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ཡང་གོ་སླ་བས་མ་བཤད་དོ། །སེམས་ལས་བྱུང་བའི་རང་གི་ངོ་བོ་དང་དེའི་གྲངས་ལ་ཐེ་ཚོམ་ཟ་ནས། དེ་ཡང་སེམས་
ལས་བྱུང་བ་ཅི་འདྲ་བ་དང་ཞེས་བྱ་བ་ལ་སོགས་པ་འདྲི་སྟེ། ཐེ་ཚོམ་གཉིས་བསལ་བའི་ཕྱིར། ཀུན་ཏུ་འགྲོ་བ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀུན་ཏུ་འགྲོ་བ་ལ་སོགས་པ་དང་མཚུངས་པར་ལྡན་ནོ་ཞེས་མདོར་བསྡུས་ཏེ་མདོར་བྱས་པའི་དོན་ཏོ། །ཀུན་ཏུ་འགྲོ་བ་ལ་སོགས་
པ་ལ་ཡང་གཞན་ཐེ་ཚོམ་ཟ་ནས་དྲི་བའི་ཕྱིར། ཀུན་ཏུ་འགྲོ་བ་ལ་སོགས་པ་གང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ། །གྲུབ་པའི་མཐའ་སྨྲ་བས་དེ་རབ་ཏུ་བསྟན་པའི་ཕྱིར། དང་པོའི་རེག་ལ་སོགས་པ་དང་། །ཞེས་བྱ་བ་སྨྲས་ཏེ། རེག་པ་ལ་སོགས་
པ་ནི་འདིར་ཀུན་ཏུ་འགྲོ་བར་འདོད་དོ། །ཅིའི་ཕྱིར་ཀུན་ཏུ་འགྲོ་བ་དག་དང་པོར་བརྗོད་སྙམ་པ་ལ། ཐོག་མར་བཤད་པས་དང་པོ་སྟེ། །ཞེས་བྱ་བ་སྨྲས་སོ། །དེ་དགྲོལ་བའི་ཕྱིར་འདི་ལྟར་ཀུན་ཏུ་འགྲོ་བ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་ཀུན་ཏུ་འགྲོ་བ་རྣམས་ནི་ཚིག་ལེའུར་
བྱས་པ་སྔར་འདས་མ་ཐག་པ་ལས། ཐོག་མ་ཉིད་དུ་བསྟན་ཏེ། དེའི་ཕྱིར་དང་པོ་ཞེས་བྱའོ། །གང་དག་རེག་པ་ལ་སོགས་པ་ལ་དང་པོ་ཞེས་འཆད་པར་བྱེད་པ་དེ་དག་ནི། ཤིན་ཏུ་འབྲེལ་བ་མེད་པར་སྨྲ་བ་སྟེ། འདི་ལྟར་ཚིག་ལེའུར་བྱས་པ་འདས་མ་ཐག་ལས་ནི་ཀུན་ཏུ་འགྲོ་བ་
རྣམས་ཐོག་མར་བསྟན་གྱི། རེག་པ་ལ་སོགས་པ་ནི་མ་བསྟན་ཏོ། །འདིར་རེག་པ་ཞེས་བྱ་བ་ལ་སོགས་པའི་ཚིག་བསྡུ་བར་བྱ་བའི་ཕྱིར། དེ་དག་གི་དང་པོ་ནི་རེག་པ་གང་ཡིན་པས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དོན་དེ་ནི་བརྡ་ཕྲད་པར་ཟད་དོ། །ཅིའི་ཕྱིར་དེ་དག་ཀུན་ཏུ་འགྲོ་བ་ཞེས་
བྱ་སྙམ་པ་ལ། རེག་པ་དང་ཡིད་ལ་བྱེད་པ་ལ་སོགས་པ་ཆོས་ལྔ་པོ་དེ་དག་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདི་ལྟར་རེག་པ་ལ་སོགས་པ་དེ་དག་ཐམས་ཅད་ནི་སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་སྟེ། དེའི་ཕྱིར་ཀུན་ཏུ་འགྲོ་བ་ཞེས་བྱའོ། །ཇི་ལྟར་ཤེས་སྙམ་པ་ལ་འདི་

ལྟར་དེ་དག་ནི་ཀུན་གཞིའི་རྣམ་པར་ཤེས་པ་དང་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདི་ལྟར་ཀུན་གཞིའི་རྣམ་པར་ཤེས་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་དང་། འཇུག་པའི་རྣམ་པར་ཤེས་པ་རྣམས་ལ་འབྱུང་སྟེ། དེའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་འགྲོ་བར་གྲུབ་
བོ། །བྱེ་བྲག་ཏུ་ངེས་པའི་དབང་དུ་བྱས་ནས་ཞེས་བྱ་བ་འདིས་ནི་ཚིག་ལེའུར་བྱས་པ་དང་སྦྱར་བ་བསྟན་ཏོ། །འདུན་མོས་དྲན་དང་བཅས་པ་དང་། །ཞེས་བྱ་བ་ལ་སོགས་པས་ནི་བྱེ་བྲག་ཏུ་ངེས་པར་སྟོན་ཏེ། འདུན་པ་ལ་སོགས་པ་ལྔ་ནི་བྱེ་བྲག་ཏུ་ངེས་པའོ་ཞེས་མདོར་བྱས་པའི་དོན་
ཏོ། །ཅིའི་ཕྱིར་དེ་དག་བྱེ་བྲག་ཏུ་ངེས་ཞེས་བྱ་སྙམ་པ་ལ། བྱེ་བྲག་ཅན་ལ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདི་ལྟར་དེ་དག་ནི་བྱེ་བྲག་ཅན་ལ་ངེས་པ་སྟེ། དེའི་ཕྱིར་བྱེ་བྲག་ཏུ་ངེས་པ་ཞེས་བྱའོ། །འདི་ལྟར་དེ་དག་གི་ཡུལ་ནི་བྱེ་བྲག་ཅན་ཉིད་ཡིན་གྱི་ཐམས་ཅད་ནི་མ་ཡིན་ནོ། །
འདུན་པ་ཞེས་བྱ་བ་འདི་གང་ཡིན་སྙམ་པ་ལ། དེ་ལ་འདུན་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། བསམ་པའི་དངོས་པོ་ལ་འདོད་པ་གང་ཡིན་པ་དེ་འདུན་པའོ། །བསམ་པ་སྨོས་པས་ནི་ཡུལ་སོ་སོར་ངེས་པར་བསྟན་པ་ཡིན་ཏེ། འདི་ལྟར་མ་བསམས་པ་ལ་འདུན་པ་མི་
འབྱུང་ངོ་། །བསམས་པ་ཇི་ལྟ་བུ་སྙམ་པ་ལ་ལྟ་བ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ། །འདུན་པའི་རྣམ་གྲངས་གཞན་བསྟན་པའི་ཕྱིར། དེ་ལ་མཐོང་བ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། མཐོང་བ་དང་ཐོས་པ་ལ་སོགས་པར་སྨོས་
པ་གང་ཡིན་པ་དེ་འདུན་པ་དང་འདོད་པ་ཞེས་བྱའོ། །འདིའི་ལས་བསྟན་པའི་ཕྱིར་དེ་ནི་བརྩོན་འགྲུས་རྩོམ་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདིའི་ལས་ནི་བརྩོན་འགྲུས་རྩོམ་པའི་རྒྱུའི་དངོས་པོར་ཉེ་བར་འགྲོ་བའོ་ཞེས་བྱ་བའི་ཐ་ཚིག་གོ། །མོས་པ་གང་ཡིན་སྙམ་པ་ལ།
མོས་པ་ནི་ངེས་པའི་དངོས་པོ་ལ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཚད་མས་ཡོངས་སུ་མཐོང་བའི་དངོས་པོ་ལ་ཡིད་ཆེས་པ་གང་ཡིན་པ་དེ་ནི་མོས་པ་ཞེས་བྱའོ་ཞེས་མདོར་བྱས་པའི་དོན་ཏོ། །ཅིའི་ཕྱིར་ངེས་པ་སྨོས་སྙམ་པ་ལ། ངེས་པ་སྨོས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ།

དེ་ནི་གོ་སླ་བས་མ་བཤད་དོ། །ངེས་པ་ཞེས་བྱ་བ་འདི་ནི་ཇི་ལྟ་བུ་ཞིག་ཡིན་སྙམ་པ་ལ། རིགས་པའམ་ཡིད་ཆེས་པའི་ལུང་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མངོན་སུམ་དང་རྗེས་སུ་དཔག་པའམ་ཡིད་ཆེས་པའི་ལུང་གིས་ཐེ་ཚོམ་མེད་པར་
བྱས་པའི་དངོས་པོ་གང་ཡིན་པ་དེ་ངེས་པ་ཞེས་བྱའོ། །གང་གི་དངོས་པོ་མི་རྟག་པ་ལ་སོགས་པའི་རྣམ་པར་ངེས་པའི་རྣམ་པ་དེ་ཉིད་ཀྱི་དངོས་པོ་དེ་ལ་སེམས་འཇོག་སྟེ། འདི་ནི་དེ་བཞིན་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་ངེས་པར་འཛིན་པ་གང་ཡིན་པ་དེ་མོས་པ་ཞེས་བྱའོ། །འདིའི་
ལས་བསྟན་པའི་ཕྱིར། དེ་ནི་མི་འཕྲོགས་པ་ཉིད་ཀྱི་ལས་ཅན་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདིའི་ལས་ནི་གྲུབ་པའི་མཐའ་ལས་མི་འཕྲོགས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཇི་ལྟར་འདིའི་ལས་ཡིན་ཞེ་ན། དེའི་ཕྱིར། མོས་པ་གཅེས་སུ་བྱེད་པ་ནི་ཞེས་བྱ་བ་ལ་
སོགས་པ་སྨྲས་ཏེ། འདི་ལྟར་མོས་པ་གཅེས་སུ་བྱེད་པ་དེ་ནི་ཕས་ཀྱི་རྒོལ་བ་རྣམས་ཀྱིས་རང་གི་གྲུབ་པའི་མཐའ་ཕྲོགས་པར་མི་ནུས་ཏེ། དེའི་ཕྱིར་དེ་ནི་ལས་ཅན་ནོ། །དྲན་པ་དེ་གང་ཡིན་སྙམ་པ་ལ་དྲན་པ་ནི་འདྲིས་པའི་དངོས་པོ་མ་བརྗེད་པར་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་
སོ། །སྔོན་མྱོང་བའི་དངོས་པོ་ལས་སེམས་མི་ཉམས་པ་གང་ཡིན་པ་དང་། ཡང་མངོན་དུ་བྱེད་པ་གང་ཡིན་པ་དེ་དྲན་པའོ། །འདྲིས་པ་ཞེས་བྱ་བ་འདི་ཇི་ལྟ་བུ་ཞིག་སྙམ་པ་ལ། འདྲིས་པའི་དངོས་པོ་ནི་སྔོན་མྱོང་བའོ་ཞེས་བྱ་བ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་
དོ། །ཅིའི་ཕྱིར་དྲན་པ་ལ་མ་བརྗེད་པ་ཞེས་བྱ་སྙམ་པ་ལ། དམིགས་པ་ལ་འཛིན་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་དམིགས་པ་ལ་འཛིན་པ་སྔོན་བྱུང་བ་གང་ཡིན་པ་དེ། ཆུད་མི་ཟ་བའི་རྒྱུ་ནི་དྲན་པ་ཡིན་ཏེ། དེ་བས་ན་མ་བརྗེད་པ་ཞེས་བྱའོ། །དེའི་ཕྱིར་མ་བརྗེད་
པའི་རྒྱུ་ཡིན་པས་མ་བརྗེད་པ་ཞེས་བསྟན་པ་ཡིན་ནོ། །མངོན་པར་བརྗོད་པའི་རང་གི་ངོ་བོ་བསྟན་པའི་ཕྱིར། སྔོན་གཟུང་བའི་དངོས་པོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སྔོན་གཟུང་བའི་དངོས་པོ་གང་ཡིན་པ་དེ་ལ་དམིགས་པའི་རྣམ་པ་ཡང་དྲན་པར་བྱེད་པ་གང་ཡིན་པ་

དེ་ནི་མངོན་པར་བརྗོད་པ་ཉིད་དོ། །རང་གི་དོན་ལ་དངོས་པོའི་རྐྱེན་བསྟན་པའི་ཕྱིར། མངོན་པར་བརྗོད་པ་ཁོ་ན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ། །འདིའི་ལས་བསྟན་པའི་ཕྱིར། དེ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདིའི་ལས་ནི་དམིགས་པ་ལས་
མི་གཡེང་བར་བྱེད་པ་སྟེ། འདི་ལྟར་གང་གི་ཚེ་དམིགས་པ་ལ་སེམས་མངོན་དུ་གྱུར་པ་དེའི་ཚེ། དམིགས་པ་གཞན་ནམ་རྣམ་པ་གཞན་ལ་སེམས་རྣམ་པར་གཡེང་བར་མི་འགྱུར་ཏེ། དེའི་ཕྱིར་དྲན་པ་ནི་རྣམ་པར་གཡེང་བ་མེད་པའི་ལས་ཅན་ཞེས་བྱའོ། །ཏིང་ངེ་འཛིན་དེ་གང་ཡིན་སྙམ་པ་
ལ། ཏིང་ངེ་འཛིན་བརྟགས་པའི་དངོས་པོ་ལ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དཔྱད་པར་བྱ་བའི་དངོས་པོ་ལ་སེམས་རྩེ་གཅིག་པ་ཉིད་གང་ཡིན་པ་དེ་ཏིང་ངེ་འཛིན་ཏོ། །ཅིའི་ཕྱིར་བརྟགས་པ་ཞེས་བྱ་སྙམ་པ་ལ། བརྟགས་པའི་དངོས་པོ་ནི་ཡོན་ཏན་དུའམ་ཉེས་པར་བརྟག་པར་བྱའོ་ཞེས་
བྱ་བ་སྨྲས་ཏེ། ཡོན་ཏན་དུའམ་ཉེས་པར་བརྟག་པར་བྱའོ། །འགོག་པ་དང་ལམ་གྱི་བདེན་པ་ལ་ནི་ཞི་བ་དང་། གྱ་ནོམ་པ་ལ་སོགས་པའི་རྣམ་པར་ཡོན་ཏན་དུ་བརྟག་པར་བྱ་བའོ། །སྡུག་བསྔལ་དང་ཀུན་འབྱུང་བའི་བདེན་པ་ལ་ནི་མི་རྟག་པ་ལ་སོགས་པའི་རྣམ་པ་ཉེས་པར་བརྟག་
པར་བྱའོ། །དེ་ལ་དམིགས་པ་གཅིག་པ་ཉིད་གང་ཡིན་པ་དེ་རྩེ་གཅིག་པ་ཞེས་བྱའོ། །འདིའི་ལས་བསྟན་པའི་ཕྱིར་ཤེས་པའི་རྟེན་བྱེད་པའི་ལས་ཅན་ནོ་ཞེས་བྱ་བ་སྨྲས་སོ། །འདིའི་ལས་ནི་ཤེས་པའི་རྒྱུའི་དངོས་པོར་ཉེ་བར་འགྲོ་བ་སྟེ། འདི་ལྟར་སེམས་མཉམ་པར་གཞག་ན་ཡང་
དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པར་འགྱུར་རོ། །བློ་ཞེས་བྱ་བ་དེ་གང་ཡིན་སྙམ་པ་ལ། བློ་ནི་ཤེས་རབ་པོ་ཞེས་བྱ་བ་སྨྲས་སོ། །དེ་དགྲོལ་བའི་ཕྱིར་དེ་ཡང་བརྟགས་པའི་དངོས་པོ་ཉིད་ཅེས་བྱ་བ་ལ་སོགས་པ་སྨྲས་ཏེ། བརྟགས་པའི་དངོས་པོ་ཉིད་ལ་རིགས་པས་བསྐྱེད་པ་དང་། རིགས་
པ་མ་ཡིན་པས་བསྐྱེད་པ་དང་། གཞན་པའི་རབ་ཏུ་རྣམ་པར་འབྱེད་པ་གང་ཡིན་པ་དེ་ཤེས་རབ་བོ། །རྣམ་པར་བསྒྲུབ་པར་བྱ་བའི་ཕྱིར། རབ་ཏུ་རྣམ་པར་འབྱེད་པར་བྱེད་པས་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །རབ་ཏུ་རྣམ་པར་འབྱེད་པའི་དོན་བསྟན་པའི་ཕྱིར། རང་དང་སྤྱིའི་མཚན་ཉིད་

འདྲེས་པ་ལྟ་བུའི་ཆོས་རྣམས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། རང་དང་སྤྱིའི་མཚན་ཉིད་འདྲེས་པ་ལྟ་བུའི་ཆོས་རྣམས་ལ་ཡང་དག་པའམ། ལོག་པ་སོ་སོར་རྟོག་པ་གང་ཡིན་པ་དེ་རབ་ཏུ་རྣམ་པར་འབྱེད་པའོ། །རིགས་པས་བསྐྱེད་པ་གང་ཡིན་སྙམ་པ་ལ། རིགས་
པ་ནི་གཤའ་བ་སྟེ་ཞེས་བྱ་བ་སྨྲས་ཏེ། རིགས་པ་ནི་གཤའ་བའི་སྒྲར་བརྗོད་དོ། །དེ་ཉིད་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། དེ་ཡང་ཡིད་ཆེས་པའི་ལུང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ། །བསྐྱེད་པའི་དོན་བསྟན་པའི་ཕྱིར། རིགས་པ་རྣམ་པ་དེ་གསུམ་གྱིས། །
ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། བརྟགས་པའི་དངོས་པོ་ལ་རབ་ཏུ་རྣམ་པར་འབྱེད་པས་བསྐྱེད་པ་གང་ཡིན་པ་དེ་རིགས་པས་བསྐྱེད་པ་ཞེས་བྱའོ། །དེའི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། དེ་ཡང་ཐོས་པ་ལས་བྱུང་བ་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ། །ཐོས་
པ་ལས་བྱུང་བ་ལ་སོགས་པའི་རང་གི་ངོ་བོ་བསྟན་པའི་ཕྱིར། དེ་ལ་ཡིད་ཆེས་པའི་གསུང་རབ་ཅེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཡིད་ཆེས་པ་ཚད་མར་བྱེད་པའི་ཁོང་དུ་ཆུད་པ་སྐྱེ་བ་གང་ཡིན་པ་དེ་ནི་ཐོས་པ་ལས་བྱུང་བ་ཞེས་བྱའོ། །རིགས་པས་རྟོགས་པའི་ཁོང་དུ་ཆུད་པ་སྐྱེ་བ་གང་ཡིན་པ་
དེ་ནི། བསམས་པ་ལས་བྱུང་བ་ཞེས་བྱའོ། །ཏིང་ངེ་འཛིན་གྱི་སྟོབས་ཀྱིས་བསྐྱེད་པ་གང་ཡིན་པ་དེ་ནི་བསྒོམས་པ་ལས་བྱུང་བ་ཞེས་བྱའོ། །ཚད་མར་གྱུར་པའི་སྐྱེས་བུ་ནི་ཡིད་ཆེས་པ་ཞེས་བྱའོ། །ངེས་པར་སེམས་པ་ནི་སྤྱོད་པའི་རིགས་པ་མ་ཡིན་པའི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར།
རིགས་པ་མ་ཡིན་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ཡང་དག་པ་མ་ཡིན་པ་ལ་བཅུག་པའི་ཏིང་ངེ་འཛིན་ནི། ལོག་པར་བསམ་པ་ཞེས་བྱའོ། །ལྷག་མ་ནི་གོ་སླ་བས་མ་བཤད་དོ། །བསྐྱེད་པའི་དོན་བསྟན་པའི་ཕྱིར། རིགས་པ་མ་ཡིན་པ་ངེས་བསྐྱེད་པ་ནི་ཞེས་བྱ་བ་ལ་སོགས་
པ་སྨྲས་ཏེ། དོན་དེ་ནི་བརྡ་ཕྲད་པར་ཟད་དོ། །རྣམ་པ་གསུམ་པ་བསྟན་པའི་ཕྱིར། སྐྱེ་བས་ཐོབ་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ལྷན་ཅིག་སྐྱེས་པའི་ཤེས་རབ་ཀྱི་དངོས་པོ་ཁོང་དུ་ཆུད་པ་གང་ཡིན་པ་དང་། འཇིག་རྟེན་པའི་ཐ་སྙད་ཉོ་བ་དང་། འཚོང་པ་ལ་སོགས་པ་ཁོང་

དུ་ཆུད་པ་གང་ཡིན་པ་དེ་ནི་རིགས་པས་བསྐྱེད་པ་ཡང་མ་ཡིན། མི་རིགས་པས་བསྐྱེད་པ་ཡང་མ་ཡིན་པ་ཞེས་བྱའོ། །སྐྱེ་བས་འཐོབ་པ་ཞེས་བྱ་བ་ནི། སྐྱེས་ནས་འཐོབ་པས་སྐྱེ་བས་འཐོབ་པ་སྟེ། དེ་འདི་ལ་ཡོད་པས་སྐྱེས་པས་འཐོབ་པ་སྟེ། ལྷན་ཅིག་སྐྱེས་ཞེས་བྱ་བའི་ཐ་ཚིག་གོ། །
བསྐྱེད་ཅེས་བྱ་བ་ནི་བསྐྲུན་པ་དང་། བྱས་ཞེས་བྱ་བའི་བར་དུའོ། །འདིའི་ལས་བསྟན་པའི་ཕྱིར། འདི་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདིའི་ལས་ནི་ཐེ་ཚོམ་བཟློག་པ་སྟེ། འདི་ལྟར་ཤེས་རབ་ཀྱིས་ཆོས་རྣམས་རབ་ཏུ་རྣམ་པར་ཕྱེ་ནས་ངེས་པ་འཐོབ་བོ། །ངེས་པ་ཐོབ་ནས་
ཐེ་ཚོམ་ལྡོག་གོ། །ཅི་འདི་དག་ལྷན་ཅིག་འབྱུང་ངམ། འོན་ཏེ་རེ་རེ་འབྱུང་སྙམ་པ་ལ། ཆོས་ལྔ་པོ་དེ་དག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་ལྔ་པོ་དེ་དག་ཕན་ཚུན་ཐ་དད་དུ་གྱུར་ནས་སྐྱེ་བ་ཡིན་གྱི། ལྷན་ཅིག་སྐྱེས་པ་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ན་གང་ལ་སེམས་
མོས་པ་དེར་གཞན་དག་གདོན་མི་ཟ་བར་འབྱུང་བ་མ་ཡིན་ནོ། །དེ་བཞིན་དུ་གཞན་དག་ལ་ཡང་བརྗོད་པར་བྱའོ། །བསམས་པ་དང་། ངེས་པ་དང་། འདྲིས་པ་དང་། བརྟག་པ་སྨོས་པས་ནི་འདི་དག་གི་ཡུལ་སོ་སོར་ངེས་པ་ཉིད་དུ་བསྟན་པ་ཡིན་ཏེ། འདི་ལྟར་མ་བསམས་པ་ལ་འདུན་པ་
མེད་དོ། །ངེས་པ་མ་ཡིན་པ་ལ་མོས་པ་མེད་དོ། །མ་འདྲིས་པ་ལ་དྲན་པ་མེད་དོ། །བརྟག་པ་མ་ཡིན་པ་ལ་ཏིང་ངེ་འཛིན་དང་ཤེས་རབ་མེད་དོ། །ཁ་ཅིག་ནི་ཚིག་འདི་གཞན་དུ་འདོད་དེ། ཆོས་ལྔ་པོ་དེ་དག་ནི་ཕན་ཚུན་ཐ་དད་པ་མ་ཡིན་པར་གྱུར་ནས་འབྱུང་ངོ་། །དེ་ལྟར་ན་གང་
དུ་མོས་པ་དེར་གཞན་དག་ཀྱང་གདོན་མི་ཟ་བར་འབྱུང་ངོ་ཞེས་དེ་སྐད་དུ་ལོག་པར་འདུན་ཏེ། འདི་ལྟར་གང་གི་ཚེ་མ་འོངས་པའི་དངོས་པོ་ལ་འདོད་པ་སྐྱེ་བ་དེའི་ཚེ་དེ་ལ་དྲན་པ་མེད་དེ། དེའི་ཡུལ་ནི་མྱོང་བ་ཡིན་པའི་ཕྱིར་རོ། །གང་གི་ཚེ་བརྟག་པ་མ་ཡིན་པའི་དངོས་པོ་ལ་འདུན་པ་ལ་སོགས་
པ་འབྱུང་བ་དེའི་ཚེ། དེ་ལ་ཏིང་ངེ་འཛིན་མེད་དེ། དེའི་ཡུལ་ནི་བརྟག་པའི་དངོས་པོ་ཡིན་པའི་ཕྱིར་རོ། །གང་གི་ཚེ་ངེས་པ་མ་ཡིན་པའི་དངོས་པོ་ལ་འདུན་པ་ལ་སོགས་པ་འབྱུང་བ་དེའི་ཚེ། དེ་ལ་མོས་པ་མེད་དེ། དེའི་ཡུལ་ནི་ངེས་པའི་དངོས་པོ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཕན་

ཚུན་ཐ་དད་པ་མ་ཡིན་པར་གྱུར་ནས་འབྱུང་ངོ་ཞེས་བྱ་བ་ཇི་ལྟར་འགྱུར། འོག་མ་དང་མཚམས་སྦྱར་བ་བསྟན་པའི་ཕྱིར། བྱེ་བྲག་ཏུ་ངེས་པ་རྣམས་བཤད་ཟིན་ཏོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ། །དགེ་བ་དག་བསྟན་པའི་ཕྱིར།
དད་དང་ངོ་ཚ་ཁྲེལ་ཡོད་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་དག་གི་གྲངས་བསྟན་པའི་ཕྱིར། དེ་དག་ནི་ཆོས་བཅུ་གཅིག་གོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ། །དད་པའི་རང་གི་ངོ་བོ་བསྟན་པའི་ཕྱིར། དེ་ལ་དད་པ་ནི་ཞེས་བྱ་བ་ལ་སོགས་
པ་སྨྲས་ཏེ། དགེ་བ་དང་མི་དགེ་བའི་ལས་རྣམས་དང་། འདོད་པ་དང་མི་འདོད་པའི་འབྲས་བུ་རྣམས་དང་། སྡུག་བསྔལ་ལ་སོགས་པའི་བདེན་པ་རྣམས་དང་། རྫོགས་པའི་སངས་རྒྱས་ལ་སོགས་པ་དཀོན་མཆོག་རྣམས་ལ་ཡིད་ཆེས་པ་གང་ཡིན་པ་དང་། དང་བ་གང་
ཡིན་པ་དང་འདོད་པ་གང་ཡིན་པ་དེ་དད་པ་སྟེ། འདི་ལྟར་དད་པ་ནི་རྣམ་པ་གསུམ་དུ་འགྱུར་རོ། །ཡིད་ཆེས་པ་ལ་སོགས་པའི་ཡུལ་གྱི་རྣམ་པར་དབྱེ་བ་བསྟན་པའི་ཕྱིར། དངོས་པོ་ཡོད་པ་ཡོན་ཏན་ཅན་ནམ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཡོན་ཏན་ཅན་ནམ་ཡོན་ཏན་ཅན་
མ་ཡིན་པའང་རུང་སྟེ། དངོས་པོ་ཡོད་པ་གང་ཡིན་པ་དེ་ལ་ཡོད་པ་ཉིད་དུ་ཡིད་ཆེས་པའི་རྣམ་པའི་དད་པ་དང་། དངོས་པོ་ཡོད་པ་ཡོན་ཏན་དང་ལྡན་པ་གང་ཡིན་པ་དེ་ལ་དད་པའི་རྣམ་པ་དང་། དངོས་པོ་ཡོད་པ་ཡོན་ཏན་ཅན་ཐོབ་པར་བྱེད་དམ། སྐྱེད་ནུས་པ་གང་
ཡིན་པ་དེ་ལ་འདོད་པའི་རྣམ་པའོ། །དང་བའི་རང་གི་ངོ་བོ་བསྟན་པའི་ཕྱིར། སེམས་དང་བ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདི་ལྟར་དང་བ་ནི་སེམས་ཀྱི་རྙོག་པ་དང་མི་མཐུན་པ་སྟེ། དེའི་ཕྱིར་དེ་དང་མཚུངས་པར་ལྡན་ན་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཞེས་
བྱ་བའི་དྲི་མའི་རྙོག་པ་མེད་པས། སེམས་དད་པ་ལ་བརྟེན་ཏེ་དང་བར་འགྱུར་རོ། །དེ་ལྟ་བས་ན་སེམས་དང་བ་ཞེས་བྱའོ། །སེམས་ཀྱི་རྙོག་པའི་སྒྲ་ནི་ཉོན་མོངས་པའི་བག་ཆགས་ལ་བྱའོ། །འདིའི་ལས་བསྟན་པའི་ཕྱིར། དེ་ནི་འདུན་པའི་རྟེན་བྱེད་པའི་ལས་ཅན་ནོ་ཞེས་བྱ་བ་

སྨྲས་སོ། །འདི་ནི་འཇུག་པར་འདོད་པ་བསྐྱེད་པའི་ལས་ཅན་ཏེ། འདི་ལྟར་ཡིད་ཆེས་པར་གྱུར་ཅིང་། ནུས་པའི་དངོས་པོ་འདོད་པ་སྐྱེས་ནས་འཇུག་པ་ལ་འདུན་པར་བྱེད་དོ། །ངོ་ཚ་ཤེས་པའི་རང་གི་ངོ་བོ་བསྟན་པའི་ཕྱིར། ངོ་ཚ་ཤེས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། བདག་
དང་ཆོས་ལ་ལྟོས་ནས་ཁ་ན་མ་ཐོ་བས་འཛེམ་པ་སྐྱེ་བ་གང་ཡིན་པ་དེ་ངོ་ཚ་ཤེས་པ་ཞེས་བྱའོ། །ཁ་ན་མ་ཐོ་བ་ཇི་ལྟ་བུ་ཞིག་སྙམ་པ་ལ། དམ་པ་རྣམས་ཀྱིས་སྨད་པ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདི་ལྟར་དམ་པ་རྣམས་ཀྱིས་སྨད་པ་དང་། རྣམ་པར་སྨིན་པ་མི་འདོད་པ་
པ་ཡིན་ཏེ། དེའི་ཕྱིར་སྡིག་པ་ཉིད་ཁ་ན་མ་ཐོ་བ་ཞེས་བྱ་བའོ། །བྱས་ཀྱང་རུང་མ་བྱས་ཀྱང་རུང་། ཁ་ན་མ་ཐོ་བ་དེས་སེམས་ཞུམ་པ་སྐྱེ་བ་གང་ཡིན་པ་དེ་འཛིན་པ་སྟེ། དེ་ཉིད་ངོ་ཚ་ཤེས་པ་ཞེས་བྱའོ། །འདིའི་ལས་བསྟན་པའི་ཕྱིར། འདི་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ།
ཉེས་པར་སྤྱོད་པ་བཟློག་པའི་ལས་ཅན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཁྲེལ་ཡོད་པའི་རང་གི་ངོ་བོ་བསྟན་པའི་ཕྱིར། ཁྲེལ་ཡོད་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འཇིག་རྟེན་ལ་ལྟོས་ནས་ཁ་ན་མ་ཐོ་བས་འཛེམ་པ་གང་ཡིན་པ་དེ་ནི་ཁྲེལ་ཡོད་པའོ། །འདི་ལྟར་འཇིག་རྟེན་
ན་འདི་ནི་སྨད་པ་སྟེ། བདག་ལས་འདི་ལྟ་བུ་བྱེད་པར་རིགས་ན་འཇིག་རྟེན་སྨད་པར་འགྱུར་ཏེ། དེའི་ཕྱིར་མི་སྙན་པའི་འཇིགས་པས་ཁ་ན་མ་ཐོ་བ་ལ་འཛེམ་མོ། །སྨད་པ་ནི་བཤུང་བའོ། །ཚིགས་སུ་བཅད་པ་མ་ཡིན་པ་ནི་མི་སྙན་པའི་སྒྲར་བརྗོད་དོ། །ལས་བསྟན་པའི་ཕྱིར་འདི་
ཡང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དོན་དེ་ནི་བརྡ་ཕྲད་པར་ཟད་དོ། །མ་ཆགས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཆགས་པའི་གཉེན་པོར་གྱུར་པའི་ཆོས་གང་ཡིན་པ་དེ་ནི་མ་ཆགས་པའོ། །ཆགས་པ་ཞེས་བྱ་བ་གང་ཡིན་སྙམ་པ་ལ། ཆགས་པ་ཞེས་བྱ་བ་ནི་ཞེས་
བྱ་བ་ལ་སོགས་པ་སྨྲས་ཏེ། འཁོར་བ་དང་། འཁོར་བའི་ཡོ་བྱད་ལ་ཆགས་པ་དང་། སྨོན་པ་གང་ཡིན་པ་དེ་ཆགས་པའོ། །དེའི་གཉེན་པོ་ནི་མ་ཆགས་པའོ། །དེའི་ཕྱིར་འཁོར་བ་དང་དེའི་ཡོ་བྱད་གླང་པོ་ཆེ་དང་རྟ་ལ་སོགས་པ་ལ་མ་ཆགས་པ་དང་། མི་ཕྱོགས་པ་དང་མི་

འདོད་པ་དང་མི་སྨོན་པ་ནི་མ་ཆགས་པའོ་ཞེས་བསྟན་པར་འགྱུར་རོ། །ཞེ་སྡང་མེད་པ་བསྟན་པའི་ཕྱིར། ཞེ་སྡང་མེད་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཞེ་སྡང་གི་གཉེན་པོར་གྱུར་པའི་ཆོས་བྱམས་པའི་ངོ་བོ་ཉིད་ནི་ཞེ་སྡང་མེད་པའོ། །ཞེ་སྡང་ཉིད་གང་
ཡིན་སྙམ་པ་ལ། ཞེ་སྡང་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གནོད་པ་བྱེད་པའི་སེམས་ཅན་རྣམས་དང་། སྡུག་བསྔལ་རྣམས་དང་། སྡུག་བསྔལ་གྱི་རྒྱུ་དུག་དང་། ཚེར་མ་ལ་སོགས་པ་ལ་ཀུན་ནས་མནར་སེམས་པ་གང་ཡིན་པ་ཞེ་སྡང་ངོ་། །ཞེ་སྡང་མེད་པ་ནི་ཞེ་སྡང་གི་གཉེན་
པོ་ཡིན་པས་སེམས་ཅན་རྣམས་དང་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་རྣམ་པ་ཀུན་ནས་མནར་སེམས་པ་མེད་པའི་ངོ་བོར་བལྟའོ། །ལས་བསྟན་པའི་ཕྱིར། འདི་ཡང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དོན་དེ་ནི་བརྡ་ཕྲད་པར་ཟད་དོ། །གཏི་མུག་མེད་པར་བསྟན་པའི་ཕྱིར། གཏི་
མུག་མེད་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གཏི་མུག་གི་གཉེན་པོར་གྱུར་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའི་ངོ་བོ་ཉིད་ཀྱི་ཆོས་གང་ཡིན་པ་དེ་ནི་འདིར་གཏི་མུག་མེད་པའོ། །གཏི་མུག་ཉིད་གང་ཡིན་སྙམ་པ་ལ། གཏི་མུག་ནི་ལས་དང་འབྲས་བུ་དང་ཞེས་བྱ་བ་ལ་སོགས་པ་
སྨྲས་ཏེ། ལས་ལ་སོགས་པ་མི་ཤེས་པ་གང་ཡིན་པ་དེ་ནི་གཏི་མུག་གོ། །གཏི་མུག་མེད་པ་ནི་དེའི་གཉེན་པོ་ཡིན་པས། བདེན་པ་ལ་སོགས་པ་རྟོགས་པའི་ངོ་བོ་ཉིད་དུ་བལྟ་བར་བྱའོ། །འདི་ཡང་ཞེས་བྱ་བ་ལ་སོགས་པས་ནི་ལས་སྟོན་ཏེ། དོན་ནི་བརྡ་ཕྲད་པར་ཟད་དོ། །བརྩོན་
འགྲུས་ཀྱི་རང་གི་ངོ་བོ་བསྟན་པའི་ཕྱིར། བརྩོན་འགྲུས་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ལེ་ལོའི་གཉེན་པོར་གྱུར་པ་དགེ་བའི་ལས་ལ་སེམས་སྤྲོ་བ་གང་ཡིན་པ་དེ་བརྩོན་འགྲུས་ཡིན་གྱི། ཉོན་མོངས་པ་ཅན་གྱི་ལས་ལ་སྤྲོ་བ་ནི་བརྩོན་འགྲུས་མ་ཡིན་ཏེ། གང་ཉོན་མོངས་པ་ཅན་གྱི་
ལས་ལ་སྤྲོ་བ་ནི་སྨད་པའི་ཕྱིར། ལེ་ལོ་ཉིད་ཡིན་གྱི། བརྩོན་འགྲུས་མ་ཡིན་ནོ། །སྨད་པའི་དངོས་པོ་ལ་ཆགས་པའི་ཕྱིར་དེ་ཡང་ལེ་ལོ་ཉིད་དོ། །དེའི་ཕྱིར་ལེ་ལོ་ནི་རྣམ་པ་གཉིས་ཏེ། སྙོམ་ལས་ཀྱི་མཚན་ཉིད་དང་ཉོན་མོངས་པ་ཅན་ལ་སྤྲོ་བའོ། །ལས་བསྟན་པའི་ཕྱིར་འདི་ནི་

ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ནི་དགེ་བའི་ཕྱོགས་ཡོངས་སུ་རྫོགས་པར་བྱེད་པ་དང་། ཡོངས་སུ་སྒྲུབ་པའོ། །ཤིན་ཏུ་སྦྱངས་པ་ནི་གང་ཡིན་སྙམ་པ་ལ་ཤིན་ཏུ་སྦྱངས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ་གནས་ངན་ལེན་གྱི་གཉེན་པོར་གྱུར་པ་ལུས་དང་སེམས་ལས་སུ་རུང་བ་ཉིད་
གང་ཡིན་པ་དེ་ཤིན་ཏུ་སྦྱངས་པའོ། །གནས་ངན་ལེན་དེ་ཇི་ལྟ་བུ་ཞིག་སྙམ་པ་ལ། གནས་ངན་ལེན་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ལུས་དང་སེམས་ལས་སུ་མི་རུང་བ་ཉིད་གནས་ངན་ལེན་ཞེས་བྱའོ། །ཡང་ན་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱི་ས་བོན་ནི་གནས་ངན་
ལེན་ཏོ། །ཅིའི་ཕྱིར་སྙམ་པ་ལ་དེ་མེད་ན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་ཀུན་ནས་ཉོན་མོངས་པའི་ཆོས་ཀྱི་ས་བོན་མེད་པར་གྱུར་ན་ཤིན་ཏུ་སྦྱངས་པར་འགྱུར་ཏེ། དེའི་ཕྱིར་དེ་ཡང་གནས་ངན་ལེན་ཏོ། །ལུས་ལས་སུ་རུང་བ་ཉིད་གང་ཡིན་སྙམ་པ་ལ། དེ་ལ་ལུས་ལས་
སུ་རུང་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ལུས་རང་གི་དགོས་པ་རྣམས་ལ་ལྡང་བ་ཡང་བ་གང་ལས་བྱུང་བ་དེ་ལུས་ལས་སུ་རུང་བ་ཉིད་ཅེས་བྱའོ། །ལྡང་བ་ཡང་བ་ཞེས་བྱ་བ་བདེ་བའོ། །སེམས་ལས་སུ་རུང་བ་བསྟན་པའི་ཕྱིར། སེམས་ལས་སུ་རུང་བ་ནི་ཞེས་བྱ་བ་ལ་
སོགས་པ་སྨྲས་ཏེ། ཡང་དག་པ་ཡིད་ལ་བྱེད་པ་ལ་ཞུགས་པའི་རྣལ་འབྱོར་པའི་སེམས་གང་ཡིན་པ་དེའི་སིམ་པ་དང་ཡང་བའི་རྒྱུ་སེམས་ལས་བྱུང་བའི་ཆོས་གཞན་གང་ཡིན་པ་དེ་སེམས་ལས་སུ་རུང་བ་ཉིད་དོ། །སིམ་པ་ནི་བདེ་བའོ། །ཡང་བ་ནི་གསལ་བའོ། །ཅིའི་
ཕྱིར་སྙམ་པ་ལ་དེ་དང་ལྡན་ན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་སེམས་ལས་བྱུང་བ་དེ་དང་ལྡན་ན་དམིགས་པ་ལ་སེམས་འཇུག་སྟེ། དེའི་ཕྱིར་དེ་སེམས་ལས་སུ་རུང་བ་ཉིད་ཅེས་བྱའོ། །འདིར་ནི་སེམས་ལས་བྱུང་བའི་ཆོས་གཞན་ཤིན་ཏུ་སྦྱངས་པ་ཡིན་ན། ལུས་ཤིན་
ཏུ་སྦྱངས་པ་ཞེས་ཇི་སྐད་དུ་བྱ་ཞེ་ན། ལུས་ཀྱི་རེག་བྱའི་ཁྱད་པར་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ལུས་ཀྱི་རེག་བྱའི་ཁྱད་པར་ཉིད་འགའ་ཞིག་དགའ་བས་ཟིན་པ་ལ་ལུས་ཤིན་ཏུ་སྦྱང་བར་བྱའོ། །ཅིའི་ཕྱིར་སྙམ་པ་ལ་ཡིད་དགའ་ན་ལུས་ཤིན་ཏུ་སྦྱངས་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་

པ་སྨྲས་ཏེ། འདི་ལྟར་གང་གི་ཚེ་ཡིད་དགའ་བར་གྱུར་པ་དེའི་ཚེ། ལུས་ཤིན་ཏུ་སྦྱངས་པར་འགྱུར་རོ་ཞེས་མདོ་ལས་གསུངས་སོ། །འདིའི་ལས་བསྟན་པའི་ཕྱིར། འདི་ནི་དེའི་དབང་གིས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་ཤིན་ཏུ་
སྦྱངས་པའི་དབང་གིས་གནས་གྱུར་ཏེ། དེའི་ཕྱིར་འདིའི་ལས་ནི་ཉོན་མོངས་པའི་སྒྲིབ་པ་མ་ལུས་པར་སེལ་བའོ། །བག་ཡོད་བཅས་པ་ཞེས་བྱ་བ་དེ་དགྲོལ་བའི་ཕྱིར། བག་ཡོད་བཅས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ། །རྣམ་པར་
བསྒྲུབ་པ་ཙམ་གྱིས་འདིའི་རང་གི་ངོ་བོ་མི་ཤེས་པས། དེ་ཡང་གང་ཞེ་ན་ཞེས་འདྲིའོ། །གྲུབ་པའི་མཐའ་སྨྲ་བས་བཏང་སྙོམས་སོ་ཞེས་སྨྲས་ཏེ། བཏང་སྙོམས་ནི་འདིར་བག་ཡོད་པ་དང་བཅས་པར་འདོད་དོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་གྱིས་གཏན་ཚིགས་འདྲི་བའི་ཕྱིར།
དེ་ཅིའི་ཕྱིར་ཞེས་སྨྲས་པ་དང་། གྲུབ་པའི་མཐའ་སྨྲ་བས་གཏན་ཚིགས་བསྟན་པའི་ཕྱིར། གཅིག་ཏུ་དགེ་བ་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་བཏང་སྙོམས་ནི་གཅིག་ཏུ་དགེ་བ་དང་། འདིར་སེམས་ལས་བྱུང་བ་དགེ་བ་ཐམས་ཅད་བསྟན་པའི་དབང་དུ་བྱས་པ་
དང་། དད་པ་ལ་སོགས་པ་བཞིན་དུ་འདིར་དངོས་སུ་མ་བསྟན་པ་དང་། སེམས་ལས་བྱུང་བ་དགེ་བ་བཅུ་གཅིག་ལས་མ་གཏོགས་པར་སེམས་ལས་བྱུང་བ་དགེ་བ་གཞན་མི་སྲིད་པས། དེའི་ཕྱིར་ལྷག་མ་ལུས་པ་ནི་བཏང་སྙོམས་ཉིད་དེ། བག་ཡོད་པ་དང་བཅས་པའི་སྒྲར་བརྗོད་
དོ། །དེ་ནི་འདི་སྐད་དུ་ཡོང་ནི་བཏང་སྙོམས་གཏོགས་པ་དགེ་བ་བཅུ་གཅིག་ཡོད་ན། དེ་ལ་བཅུ་ནི་རྭ་ནས་བཟུང་བའི་ཚུལ་གྱིས་བཤད་ཟིན་ལ། བཏང་སྙོམས་ནི་འདིར་རང་གི་མིང་གིས་བསྟན་ཏེ། དེའི་ཕྱིར་དེ་ཉིད་འདིར་བག་ཡོད་པ་དང་བཅས་པའི་སྒྲར་བརྗོད་དོ་ཞེས་བསྟན་
པར་འགྱུར་རོ། །བག་ཡོད་པ་གང་ཡིན་སྙམ་པ་ལ་དེ་ལ་བག་ཡོད་པ་ནི་བག་མེད་པའི་གཉེན་པོའོ་ཞེས་བྱ་བ་སྨྲས་སོ། །དེ་ཉིད་དགྲོལ་བའི་ཕྱིར་མ་ཆགས་པ་ནས་བརྩོན་འགྲུས་ཀྱི་བར་ནི་བག་ཡོད་པ་སྟེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་མ་ཆགས་པ་ལ་སོགས་

པ་ལ་གནས་ནས་མི་དགེ་བའི་ཆོས་རྣམས་སྤོང་ཞིང་མི་དགེ་བའི་ཆོས་ཀྱི་གཉེན་པོར་གྱུར་པ། དགེ་བའི་ཆོས་རྣམས་ཀྱང་སྒོམ་པ་མ་ཆགས་པ་ལ་སོགས་པ་དེ་དག་ནི་བག་ཡོད་པའི་སྒྲར་བརྗོད་དོ། །དེ་བས་ན་འདི་ནི་བག་མེད་པའི་གཉེན་པོ་ཉིད་ཡིན་ནོ། །འདི་ལྟར་དེ་ནི་བག་མེད་
པ་ལས་བཟློག་པ་སྟེ་འདིའི་བཟློག་པ་བརྗོད་དོ། །ལས་བསྟན་པའི་ཕྱིར་དེ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདིའི་ལས་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའོ། །བཏང་སྙོམས་གང་ཡིན་སྙམ་
པ་ལ། བཏང་སྙོམས་ནི་སེམས་མཉམ་པ་ཉིད་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། བྱིང་བ་དང་རྒོད་པ་དང་བྲལ་ནས་སེམས་མཉམ་པ་ཉིད་གང་ཡིན་པ་དང་། བསྒྲིམ་མི་དགོས་པར་སེམས་རང་གི་ངང་གིས་རྣལ་དུ་འདུག་པར་འཇུག་པ་གང་ཡིན་པ་དང་། བྱིང་བ་དང་རྒོད་པའི་
གཉེན་པོ་མཆོག་ཏུ་དགའ་བ་དང་། ཀུན་ཏུ་སྐྱོ་བ་ཡིད་ལ་བྱེད་པ་དག་ལ་རྩོལ་བ་མི་བྱེད་དེ། སེམས་ལྷུན་གྱིས་གྲུབ་པ་གང་ཡིན་པ་དེ་བཏང་སྙོམས་སོ། །ཚིག་འདི་སྙེད་ཅིག་ཅི་དགོས་སྙམ་པ་ལ། ཚིག་འདི་གསུམ་གྱིས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་
མ་བཤད་དོ། །སེམས་མཉམ་པ་ཉིད་ཅེས་བྱ་བ་འདི་གང་ཡིན་སྙམ་པ་ལ། དེ་ལ་བྱིང་བ་དང་རྒོད་པ་ནི་སེམས་མི་མཉམ་པ་སྟེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གི་ཚེ་སེམས་བྱིང་བའམ་རྒོད་པར་གྱུར་པ་དེའི་ཚེ་མི་མཉམ་པ་ཞེས་བྱའོ། །གང་གི་ཚེ་བྱིང་བ་དང་རྒོད་པ་
མེད་དེ་ཐོག་མར་སེམས་བྱིང་བ་ཡང་མ་ཡིན། རྒོད་པ་ཡང་མ་ཡིན་པར་གྱུར་པ་དེའི་ཚེ་མཉམ་པ་ཞེས་བྱ་སྟེ། འདི་ནི་སེམས་མཉམ་པ་ཉིད་དོ། །སེམས་རྣལ་དུ་འདུག་པ་ཉིད་བསྟན་པའི་ཕྱིར། དེའི་འོག་ཏུ་མངོན་པར་འདུ་བྱེད་པ་མེད་ཅིང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སེམས་
མཉམ་པ་ཉིད་ཀྱི་འོག་ཏུ་བསྒྲིམ་མི་དགོས་པར་སེམས་མཉམ་པར་གཞག་པའི་རྣལ་འབྱོར་གྱི་རྗེས་སུ་མཐུན་པར་མཉམ་པ་ཉིད་དུ་འཇུག་པ་གང་ཡིན་པ་དེ་སེམས་རྣལ་དུ་འདུག་པ་ཉིད་དོ། །དེའི་དུས་ན་རྣལ་འབྱོར་པ་ལ་བྱིང་བ་དང་རྒོད་པ་མི་མཉམ་པའི་ཉེས་པའི་བདག་ཉིད་

དེ་དག་ཡང་འབྱུང་བར་མི་འགྱུར་གྲང་སྙམ་དུ་དེ་ལྟ་བུའི་དོགས་པ་ཡོད་དེ། འདི་ལྟར་མཉམ་པ་ཉིད་དེ་ནི་གདོད་ཐོབ་མ་ཐག་སྟེ། རིང་པོར་གོམས་པར་བྱས་པས་དེའི་ཕྱིར་དོགས་པ་ཡོད་པ་སྲིད་དོ། །སེམས་ཀྱི་ལྷུན་གྱིས་གྲུབ་པ་བསྟན་པའི་
ཕྱིར། དེའི་འོག་ཏུ་སྒོམ་པ་ཁྱད་ཞུགས་པར་གྱུར་པས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེའི་འོག་ཏུ་གང་གི་ཚེ་སྒོམ་པ་ཁྱད་ཞུགས་པར་གྱུར་པ་དེའི་ཚེ་དེའི་མི་མཐུན་པའི་ཕྱོགས་བྱིང་བ་དང་རྒོད་པ་ཐག་རིང་དུ་གྱུར་པས་མི་མཉམ་པའི་དོགས་པ་མི་འབྱུང་ངོ་། །དེའི་ཕྱིར་བྱིང་
བ་དང་རྒོད་པའི་གཉེན་པོའི་རྒྱུ་མཆོག་ཏུ་དགའ་བ་དང་། ཀུན་ཏུ་སྐྱོ་བ་ཡིད་ལ་བྱེད་པ་རྣམས་ལ་རྣལ་འབྱོར་པ་རྩོལ་བར་མི་བྱེད་དོ། །རྣལ་འབྱོར་པ་རྩོལ་བར་མི་བྱེད་དེ། སེམས་ལྷུན་གྱིས་གྲུབ་པར་གནས་པའི་དུས་གང་ཡིན་པ་དེ་སེམས་ལྷུན་གྱིས་གྲུབ་པ་ཉིད་ཅེས་བྱའོ། །
འདིའི་ལས་བསྟན་པའི་ཕྱིར་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདིའི་ལས་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་སྐབས་མི་འབྱེད་པའི་རྟེན་བྱེད་པའོ། །རྣམ་པར་མི་འཚེ་བ་གང་ཡིན་སྙམ་པ་ལ། རྣམ་པར་མི་འཚེ་བ་ནི་རྣམ་པར་འཚེ་བའི་གཉེན་
པོ་སྟེ་ཞེས་བྱ་བ་སྨྲས་སོ། །དེ་དགྲོལ་བའི་ཕྱིར་གསོད་པ་དང་འཆིང་བ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གསོད་པ་དང་འཆིང་བ་ལ་སོགས་པ་གནོད་པའི་རྒྱུ་རྣམས་ཀྱིས་སེམས་ཅན་རྣམས་ལ་གནོད་པ་མི་བྱེད་པ་ནི་ཐོ་མི་འཚམས་པས་རྣམ་པར་འཚེ་བ་ཞེས་བྱ་བ་སྟེ། དེ་ནི་
སེམས་ཅན་རྣམས་ལ་སྙིང་རྗེ་བའོ། །འདི་རྣམ་པར་བསྒྲུབ་པར་བྱ་བའི་ཕྱིར། བསོད་ཉམས་སེལ་བས་སྙིང་རྗེ་བའོ་ཞེས་བྱ་བ་སྨྲས་སོ། །བསོད་ཉམས་ཀྱི་སྒྲ་ནི་བདེ་བ་ལ་བྱ་སྟེ། དེའི་ཕྱིར་བདེ་བ་སེལ་ཞེས་བསྟན་པ་ཡིན་ནོ། །སེལ་ཞེས་བྱ་བ་ནི་སྤོང་བའོ། །དེ་ཇི་
ལྟར་ཤེས་སྙམ་པ་ལ། སྙིང་རྗེ་ཅན་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་སྙིང་རྗེ་ཅན་གང་ཡིན་པ་ནི་ཕ་རོལ་གྱི་སྡུག་བསྔལ་ཐམས་ཅད་ཀྱིས་སྡུག་བསྔལ་བར་འགྱུར་ཏེ། དེའི་ཕྱིར་སྙིང་རྗེས་བདེ་བ་སེལ་ཏོ། །འདིའི་ལས་བསྟན་པའི་ཕྱིར་འདི་ནི་རྣམ་པར་ཐོ་མི་

འཚམས་པའི་ལས་ཅན་ནོ་ཞེས་བྱ་བ་སྨྲས་ཏེ། འདིའི་ལས་ནི་སེམས་ལ་རྣམ་པར་ཐོ་མི་འཚམས་པའོ། །འོག་མ་དང་མཚམས་སྦྱར་བའི་ཕྱིར། དགེ་བ་བཅུ་གཅིག་བཤད་ཟིན་ཏོ་ཞེས་བྱ་བ་སྨྲས་ཏེ། དོན་དེ་ནི་བརྡ་ཕྲད་པར་ཟད་དོ། །ཉོན་མོངས་པ་རྣམས་བསྟན་པའི་
ཕྱིར་ཉོན་མོངས་པ་ནི། འདོད་ཆགས་ཁོང་ཁྲོ་གཏི་མུག་དང་། །ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ཚིག་སྡུད་པ་བསྟན་པའི་ཕྱིར། འདོད་ཆགས་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དོན་དེ་ནི་བརྡ་ཕྲད་པར་ཟད་དོ། །འདོད་ཆགས་གང་ཡིན་སྙམ་པ་ལ་དེ་
ལ་འདོད་ཆགས་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སྲིད་པ་དང་ལོངས་སྤྱོད་རྣམས་ལ་ལྷག་པར་ཆགས་པ་གང་ཡིན་པ་དང་། སྨོན་པ་གང་ཡིན་པ་དེ་འདོད་ཆགས་ཞེས་བྱ་སྟེ། ད་ལྟར་བྱུང་བ་རྣམས་ལ་ནི་ལྷག་པར་ཆགས་སོ། །མ་འོངས་པ་རྣམས་ལ་ནི་སྨོན་ཏོ། །
འདིའི་ལས་བསྟན་པའི་ཕྱིར། དེ་ནི་སྡུག་བསྔལ་ཀུན་སྐྱེད་པའི་ལས་ཅན་ཏེ་ཞེས་བྱ་བ་སྨྲས་སོ། །དེ་ཉིད་དགྲོལ་བའི་ཕྱིར། སྡུག་བསྔལ་ནི་འདིར་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སྡུག་བསྔལ་གསུམ་དང་ལྡན་པའི་ཕྱིར། ཕུང་པོ་ལྔ་ནི་ཁམས་གསུམ་དུ་ཅི་རིགས་
པར་སྡུག་བསྔལ་བར་འདོད་དོ། །འདིས་སྲིད་པ་གསུམ་དུ་སྐྱེ་བའམ། ཡང་སྲིད་པའི་ལས་འབྱུང་བར་བྱེད་པས། སྲེད་པ་ལ་ཉེ་བར་ལེན་པ་ཞེས་བྱ་སྟེ། ཉེ་བར་ལེན་པ་དེས་ན་སྐྱེད་པའམ། དེ་ལ་རག་ལས་ཏེ་འབྱུང་བའམ། དེ་དག་ལས་ཉེ་བར་ལེན་པ་འདི་འབྱུང་བའི་ཕྱིར་
ཉེ་བར་ལེན་པའི་ཕུང་པོ་རྣམས་ཞེས་བྱའོ། །ཕུང་པོ་དེ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྲེད་པའི་དབང་གིས་མངོན་པར་འགྲུབ་པས། དེའི་ཕྱིར་འདོད་ཆགས་ཀྱི་ལས་ནི་སྡུག་བསྔལ་ཀུན་སྐྱེད་པར་བཤད་དོ། །ཁོང་ཁྲོ་བ་གང་ཡིན་སྙམ་པ་ལ་ཁོང་ཁྲོ་བ་ནི་
སེམས་ཅན་ཀུན་ལ་ཀུན་ནས་མནར་སེམས་པ་སྟེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སེམས་ཅན་རྣམས་ལ་ཀུན་ནས་མནར་སེམས་པ་གང་ཡིན་པ་དང་། སེམས་ཅན་རྣམས་ལ་སེམས་རྩུབ་པ་གང་ཡིན་པ་དང་། གང་གིས་ནོན་ན་སེམས་ཅན་རྣམས་ལ་བསད་པ་དང་བཅིང་བ་ལ་སོགས་

པས་གནོད་པ་བྱ་བར་སེམས་པ་དེ་ཁོང་ཁྲོ་བའོ། །འདིའི་ལས་བསྟན་པའི་ཕྱིར་དེ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་དགྲོལ་བའི་ཕྱིར་རེག་པ་ནི་བདེ་བ་སྟེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ། །དེ་ཇི་ལྟར་ཤེས་སྙམ་
པ་ལ་ཀུན་ནས་མནར་སེམས་ཀྱི་སེམས་ཡོད་ན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་སྡང་བའི་སེམས་ཡོད་ན་གདོན་མི་ཟ་བར་སྡུག་བསྔལ་དང་ཡིད་མི་བདེ་བ་ཀུན་ཏུ་འབྱུང་ངོ་། །དེ་ཀུན་ཏུ་བྱུང་ན་སེམས་ལ་གདུང་བར་འགྱུར་རོ། །སེམས་ལ་གདུང་བར་གྱུར་ན་དེའི་རྗེས་
སུ་འགྱུར་བའི་ཕྱིར་ལུས་ལ་ཡང་གདུང་བར་འགྱུར་ཏེ། དེའི་ཕྱིར་དེ་སྤྱོད་ལམ་ཐམས་ཅད་དུ་སྡུག་བསྔལ་དང་བཅས་ཤིང་ཕོངས་པ་དང་བཅས་པར་གནས་པར་འགྱུར་རོ། །ཞེ་འགྲས་པའི་སེམས་གང་ཡིན་པ་དེ་ནི་ཉེས་པར་སྤྱོད་པ་གང་དང་ཡང་རིང་བ་མ་ཡིན་ཏེ། དེའི་ཕྱིར་ཇི་སྐད་བརྗོད་པ་
དེ་ནི་ཁོང་ཁྲོ་བའི་ལས་སུ་བཤད་དོ། །གཏི་མུག་གང་ཡིན་སྙམ་པ་ལ། གཏི་མུག་ནི་ངན་སོང་རྣམས་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ངན་སོང་ལ་སོགས་པ་མི་ཤེས་པ་གང