Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 138

Văn bản gốc(Tây Tạng)

Trang 6 / 15 (50.000 ký tự/trang)
ག་ལན་འདེབས་པར་བྱེད་པའོ། །འཕེན་པ་ཡང་འདིར་མ་འོངས་པའི་འབྲས་བུ་འབྱུང་བའི་རྒྱུའི་དངོས་པོར་གནས་པ་གང་ཡིན་པའོ། །དེ་དང་འདྲ་བའི་འབྲས་བུ་གཞན། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི་སློབ་
དཔོན་ནོ། །འདི་སྐད་དུ་གལ་ཏེ་འབྲས་བུ་འཕངས་ཟིན་པའི་ཕྱིར་ཡང་མི་འཕེན་དུ་ཆུག་ན་འཕེན་པར་བྱེད་པའི་རང་བཞིན་མ་ཞིག་པའི་ཕྱིར། དེ་དང་འདྲ་བ་གཞན་ཅིའི་ཕྱིར་མི་འཕེན། དེ་དང་འདྲ་བ་སྨོས་པ་ནི་འབྲས་བུ་མཐུན་པ་འཕེན་པ་ལ་བྱ་སྟེ། རྒྱུ་ཐམས་ཅད་ནི་འབྲས་བུ་ཐམས་ཅད་
འཕེན་པར་བྱེད་པ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །རེ་ཞིག་ཇི་ལྟར་འབྲས་བུ་ཞེས་བྱ་བ་ལ་སོགས་པས་ནི། སློབ་དཔོན་ཉིད་ཀྱིས་སུན་དབྱུང་བའི་ཕྱིར་རྨེད་པར་མཛད་པའོ། །སྐྱེ་བར་འཇོག་པར་རུང་བ་ཞེས་བྱ་བ་ལ་སོགས་པས་ནི་བྱེ་བྲག་ཏུ་སྨྲ་བ་པ་དག་འཕེན་པའི་མཚན་ཉིད་སྟོན་པར་
བྱེད་པ་ཡིན་ནོ། །འོ་ན་ནི་ཞེས་བྱ་བ་ལ་སོགས་པས་ནི་སློབ་དཔོན་གྱིས་མཚན་ཉིད་འཁྲུལ་པར་བསྟན་པ་ཡིན་ནོ། །དེ་ལ་དགྲ་བཅོམ་པ་ཡོངས་སུ་མྱ་ངན་ལས་འདའ་བའི་ཚེའི་སྐད་ཅིག་མའི་མཐའ་སྟེ། ཐ་མ་གང་ཡིན་པ་དེ་ནི་ལྷན་ཅིག་བྱེད་པའི་རྒྱུ་མ་ཚང་བའི་ཕྱིར་འབྲས་བུ་མི་འཕེན་ནོ། །
གཞན་ཡང་ལས་གང་ཞིག་གི་འབྲས་བུ་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པས་འགགས་པ་དེ་ཡང་འཕེན་པར་བྱེད་པ་མ་ཡིན་པས། དེའི་ཕྱིར་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྒྱུ་གཞན་མ་ཚང་བའི་ཕྱིར་འབྲས་བུ་མི་སྐྱེ་བར་

ཟད་ཀྱི། ཐ་མ་ལ་སོགས་པ་དེས་ནི་འཕངས་པ་ཉིད་མ་ཡིན་ནམ། ཇི་ལྟར་ན་འབྲས་བུ་འཕེན་པ་མ་ཡིན་ཞེས་བྱ་ཞེ་ན། དེ་ལྟར་ནི་མེད་དེ། འདི་ལྟར་གང་གིས་ན་རྒྱུ་གཞན་མ་ཚང་ཡང་དེ་ལ་དེ་འཕེན་པའི་ནུས་པ་ཡོད་པར་ཡིད་ཆེས་པར་འགྱུར་བ་དེ་ལྟ་བུ་ལས་
འབྲས་བུ་འབྱུང་བ་ནི་འགའ་ཡང་མི་དམིགས་པས་དེ་ནི་གྱི་ནའོ། །དེ་འཕེན་པའི་ནུས་པ་མེད་དུ་ཟད་མོད། དེས་ཅིར་འགྱུར་ཞེ་ན། དེའི་ཕྱིར་ཐོག་མ་ཉིད་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་སྐད་དུ་གཞན་གྱིས་བྱ་བ་བྱེད་པའི་གནས་སྐབས་ཞིག་པས་དངོས་པོ་ཞིག་པ་ཉིད་དུ་རྣམ་པར་
གཞག་གི་རང་གི་ངོ་བོ་ཆད་པས་ནི་མ་ཡིན་ན། ཐ་མ་ལ་སོགས་པ་ལ་ཡང་བྱ་བ་བྱེད་པའི་གནས་སྐབས་ཉིད་མེད་པས་ཇི་ལྟར་ཞིག་པ་ཉིད་དུ་འགྱུར། དེ་བས་ན་ཞེས་བྱ་བ་ལ་སོགས་པས་ནི་མཇུག་སྡུད་པར་བྱེད་དོ། །དེ་ལྟ་བུའི་རང་བཞིན་ཅན་ཞེས་བྱ་བ་ནི་དེ་ལྟ་བུའི་རྣམ་པ་ཞེས་བྱ་བའི་
ཐ་ཚིག་གོ། །འོ་ན་ཇི་ལྟ་ཞེ་ན་ཞེས་ཟེར་བ་ནི་བྱེ་བྲག་ཏུ་སྨྲ་བ་པ་དག་གོ། །གང་གིས་ཞེས་བྱ་བ་ལ་སོགས་པས་ནི་སློབ་དཔོན་གྱིས་འཕེན་པའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་སྟོན་པ་ཡིན་ནོ། །གང་གིས་ཞེས་བྱ་བ་ནི་ལས་ཀྱི་རང་བཞིན་གྱི་རྒྱུས་སོ། །འབྲས་བུའི་ས་བོན་གསོ་བར་
བྱེད་པ་ཞེས་བྱ་བ་ནི་ནང་ན་འབྲས་བུ་དང་འབྲེལ་པའི་ས་བོན་གནས་པ་བརྟག་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །འདིར་ཡང་སྔོན་མེད་པའི་ས་བོན་འབྱུང་བ་ནི་འཕེན་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྣམ་པར་ཤེས་པའི་རྒྱུད་ལ་གནས་པ་ཁོ་ན་གསོ་བར་བྱེད་པ་ཡིན་པར་རིག་པར་བྱའོ། །
དེ་ལྟ་མ་ཡིན་ན་ཉན་ཐོས་ལ་སོགས་པའི་རིགས་རྣམ་པར་གཞག་པ་རྒྱུད་སོ་སོར་ངེས་པར་མི་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་གྱིས་ཀྱང་གང་གིས་འབྲས་བུའི་ས་བོན་གསོ་བར་བྱེད་པ་ཞེས་གསུངས་སོ། །གང་གི་ལྟར་ན་འདས་པ་ཡོད་པ་ཞེས་བྱ་བ་ལ་སོགས་པས་ནི་སློབ་དཔོན་ཉིད་
ཀྱིས་གཞན་གྱི་ཕྱོགས་ཧ་ཅང་ཐལ་བར་སྟོན་པ་ཡིན་ཏེ། མ་འོངས་པ་ཡང་ད་ལྟར་བྱུང་བ་བཞིན་དུ་གྲུབ་པའི་ངོ་བོ་ཡིན་པའི་ཕྱིར། འབྲས་བུ་འཕེན་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ཡང་རྟག་ཏུ་ཞེས་བྱ་བ་ལ་སོགས་པའི་སྐྱོན་གཞན་འདི་ཡང་ཡོད་དོ། །གང་ལས་

དེའི་འབྲས་བུ་འདི་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གཞན་འདི་ཡང་བརྗོད་པའི་རིགས་སོ། །དེ་བས་ན་ཞེས་བྱ་བ་ལ་སོགས་པས་ནི་མཇུག་སྡུད་པ་ཡིན་ནོ། །སློབ་དཔོན་གྱིས་ལུས་ལ་སོགས་པའི་ལས་གཟུགས་ཅན་དགེ་བ་ལ་སོགས་པ་ཉིད་ཡིན་པ་རྒྱ་ཆེར་བཀག་པ་དང་།
བྱེ་བྲག་ཏུ་སྨྲ་བ་པ་དག་འོ་ན་ནི་དགེ་བ་དང་། མི་དགེ་བའི་ཞེས་བྱ་བ་ལ་སོགས་པས་ཕྱོགས་གཞན་སེམས་སོ། །ཕུང་པོའི་རྒྱུད་ལ་ཞེས་བྱ་བ་ནི། སེམས་ཀྱི་རྒྱུད་ལ་ཡིན་གྱི། བདག་ལ་ནི་མ་ཡིན་ཏེ། དེ་ནི་ཡོད་པར་མི་འཐད་པའི་ཕྱིར་རོ། །ཆོས་གཞན་ཞིག་བསྐྱེད་དེ་ཞེས་བྱ་བ་
ནི་སེམས་དང་། སེམས་ལས་བྱུང་བ་ལས་མ་གཏོགས་པར་རང་བཞིན་གཞན་ཁོ་ན་ཞིག་སྐྱེད་ཀྱི། དེ་ཉིད་ལ་བསྒོ་བར་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཁ་ཅིག་ན་རེ་ཞེས་བྱ་བ་ལ་སོགས་པས་ནི་དོན་འདི་ཉིད་སྡེ་པ་གཞན་ལ་གྲགས་པའི་རྣམ་གྲངས་ཀྱིས་སྟོན་པ་ཡིན་ཏེ།
དེ་ལ་ངེས་པ་སྐྱེད་པའི་ཕྱིར་རོ། །ཁ་ཅིག་ན་རེ་བསྩགས་པ་ཞེས་ཟེར་བ་ཞེས་བྱ་བ་ནི་དགེ་འདུན་ཕལ་ཆེན་སྡེ་པ་རྣམས་ཡིན་ཏེ། དེ་དག་ནི་དེ་ལྟ་བུའི་རང་བཞིན་ལ་བསྩགས་པ་ཞེས་བྱ་བའི་སྒྲ་འདིས་ཐ་སྙད་རྗོད་པར་བྱེད་དོ། །གཞན་དག་ན་རེ་ཆུད་མི་ཟ་བ་ཞེས་ཟེར་བ་ཞེས་བྱ་བ་ནི། འཕགས་
པ་མང་པོས་བཀུར་བའི་སྡེ་པ་དག་སྟེ། དེ་དག་ཀྱང་རང་གི་སྡེ་པ་དག་གི་ནང་ན་ཆུད་མི་ཟ་བ་ཞེས་བྱ་བ་འདིས་ཐ་སྙད་རྗོད་པར་བྱེད་དོ། །ཅི་སྟེ་གཞན་དེ་ལྟ་བུའི་ཆོས་གཞན་ཡོད་པར་ཚད་མ་གང་ལས་མངོན་སྙམ་དུ་སེམས་པར་དོགས་ནས། དེ་ནི་འབྲས་བུ་ཞེས་བྱ་བའི་རྗེས་སུ་དཔག་པས་གྲུབ་
པར་བསྟན་པའི་ཕྱིར། གང་ལས་ཚེ་ཕྱི་མ་ལ་འབྲས་བུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་གང་ཡོད་ན་འབྱུང་བ་དེ་ནི་རྒྱུ་དེ་སྔོན་དུ་སོང་བ་ཞེས་བྱ་བ་ལ་སོགས་པ་སྔར་བཤད་པའི་ཚད་མའི་དོན་ཡང་འདིར་བལྟ་བར་བྱའོ། །འདིའི་ཕྱིར་ཡང་ཇི་ལྟར་འབྲས་བུ་ཡིད་དུ་འོང་བ་ལ་སོགས་པ་འགྲུབ་
པར་ནུས་པའི་ཆོས་གཞན་ཁོ་ན་ཞིག་སྐྱེད་པར་ཡིད་ཆེས་པར་གྱིས་ཤིག་ཅེས་བསྟན་པའི་ཕྱིར། གལ་ཏེ་སེམས་ཀྱི་རྒྱུད་ལ་ཆོས་གཞན་ཞིག་མི་སྐྱེད་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གདོན་མི་ཟ་བར་དེ་འདོད་པར་བྱའོ་ཞེ་ན་ཞེས་བྱ་བ་འདིས་ནི་མཇུག་སྡུད་པ་ཡིན་ནོ། །འོ་ན་ཞེས་བྱ་བ་ལ་

ལ་སོགས་པས་ནི་སློབ་དཔོན་གྱིས་ཆོས་གཞན་འཁྲུལ་པ་ཡོད་པའི་སྒོ་ནས། གཏན་ཚིགས་མི་འགྲུབ་པར་སྟོན་པ་ཡིན་ནོ། །འདི་སྐད་དུ་རེ་ཞིག་ངེད་ལ་ནི། འདི་ལྟ་སྟེ། འབྲས་བུ་ཡིད་དུ་འོང་བ་ལ་སོགས་པ་སྐྱེ་བ་ནི་ཆོས་གཞན་ཡོད་ན་འབྱུང་བ་ཡིན་ནོ་ཞེས་
གྲགས་པའི་དོན་འདི་ཉིད་མ་གྲུབ་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་བག་ཆགས་སྔོན་དུ་སོང་བར་ཡང་སྲིད་པས། གཏན་ཚིགས་མི་འགྲུབ་པ་ཡིན་ནོ། །གཞན་ཡང་འབྲས་བུ་སྐྱེ་བ་ནི། བག་ཆགས་སྔོན་དུ་འགྲོ་བ་ཁོ་ན་ཡིན་པར་རྟོགས་པར་ནུས་ཏེ། འདི་ལྟར་དེ་ནི་གཞུང་ལ་སོགས་པའི་
ཡུལ་ལ་ཡང་འབྱུང་བས་སོ། །དེ་ལྟ་མ་ཡིན་ནོ། །གཞན་གྱིས་དེའི་ཡུལ་ལ་ཆོས་གཞན་ཁས་མ་བླངས་པའི་ཕྱིར། ཇི་ལྟར་འབྲས་བུ་འབྱུང་ཞེས་བསྟན་པ་ཡིན་ནོ། །གཞུང་ལ་གོམས་པ་ཞེས་བྱ་བ་ནི། འདྲིས་པ་ཞེས་བྱ་བའི་ཐ་ཚིག་གོ། །མཐོང་བ་ལ་སོགས་པའི་དོན་གཞན་ལ་ཞེས་བྱ་བ་
ནི། མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པའི་དོན་དག་ལ་སྟེ། ཅི་ཞེ་ན། དྲན་པ་སྐྱེ་བ་ཞེས་བྱ་བར་སྦྱར་རོ། །དེ་ལ་ཞེས་བྱ་བ་ནི་གཞུང་ལ་སོགས་པ་ལའོ། །གོམས་པ་དེས་ཆོས་ཅི་ཞིག་སྐྱེད་པར་བྱེད་ཅེས་བྱ་བ་ནི། གཞན་གྱིས་དགེ་བ་ལ་སོགས་པའི་
ཡུལ་ལས་མ་གཏོགས་པར་ཆོས་གཞན་ཁས་མ་བླངས་པའི་ཕྱིར་དེ་མི་སྐྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ཡང་སྐད་ཅིག་མ་གང་ལ་ཞེས་བྱ་བ་འདི་ཡང་བརྗོད་པར་བྱ་སྟེ། སྐྱེད་པར་བྱེད་ཅེས་བྱ་བར་སྦྱར་རོ། །དོན་ནི་འདི་སྐད་དུ་ཅི་སྐད་ཅིག་མ་དང་པོ་ལ་སྐྱེད་དམ། འོན་ཏེ་གཉིས་པ་དག་
ལ་སྐྱེད། གལ་ཏེ་རེ་ཞིག་སྐད་ཅིག་མ་དང་པོ་ལ་ཡིན་ནོ་ཞེ་ན། དེ་ལྟ་ན་འོ་ན་ནི་ལན་ཅིག་གོམས་པ་ན། ཆོས་གཞན་དེ་སྐྱེད་པས། དེའི་འོག་ཏུ་གོམས་པ་དོན་མེད་པ་ཉིད་ཡིན་ནོ། །འོན་ཏེ་སྐད་ཅིག་མ་གཞན་གཉིས་པ་ལ་སོགས་པ་དག་ལའོ་ཞེ་ན། དེ་ནི་མི་འཐད་དེ། རྐྱེན་ལ་ཁྱད་
པར་མེད་པའི་ཕྱིར་བསྟན་པ་ཡིན་ནོ། །སྐད་ཅིག་མ་གང་ལ་ཞེས་བྱ་བ་འདི་ནི། སྐད་ཅིག་པ་མ་ཡིན་པར་སྨྲ་བ་དག་སུན་དབྱུང་བ་ཡིན་པར་རིག་པར་བྱའོ། །དེ་ལྟ་མ་ཡིན་ན་ནི། སྐད་ཅིག་མ་ཉིད་ཀྱིས་རྐྱེན་ལ་ཁྱད་པར་ཡོད་པའི་ཕྱིར། དེ་ཇི་ལྟར་སུན་དབྱུང་བར་རུང་མཐོང་བ་ལ་སོགས་པ་དེས་

ཞེས་བྱ་བ་ནི། ཆོས་ཅི་ཞིག་གམ་སྐད་ཅིག་མ་གང་ལ་སྐྱེད་པར་བྱེད་ཅེས་བྱ་བར་སྦྱར་ལ། འདི་ཡང་སྔ་མ་དང་མཐུན་པར་ཐམས་ཅད་ལ་སྦྱར་རོ། །ཕྱིས་ཞེས་བྱ་བ་ནི་དུས་གཞན་ནོ། །འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པའི་འཇུག་པའི་སེམས་ཀྱིས་ཀྱང་ཞེས་བྱ་བ་ཅི་ཞེ་ན།
ཆོས་ཅི་ཞིག་གམ། སྐད་ཅིག་མ་གང་ལ་སྐྱེད་པར་བྱེད་ཅེས་བྱ་བ་ཐམས་ཅད་ལ་སྦྱར་བར་བྱ་སྟེ། འདིར་ཡང་བཤད་པ་ནི་སྔ་མ་བཞིན་ནོ། །མ་དུ་ལུང་གའི་མེ་ཏོག་ཅེས་བྱ་བ་ལ་སོགས་པ་གཞན་འདི་ཡང་ཁྱེད་ཀྱིས་བརྗོད་དགོས་སོ། །བསྒོས་པ་ནི་ཞེན་པར་བྱས་པའོ། །དེ་དང་ལྷན་
ཅིག་ཏུ་འགགས་པས་ཞེས་བྱ་བ་ནི་མ་དུ་ལུང་གའི་མེ་ཏོག་དང་ལྷན་ཅིག་ཏུ་འགག་པ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་འབྲས་བུ་ལ་ཞེས་བྱ་བ་ནི་མ་དུ་ལུང་གའི་འབྲས་བུ་ལ་སྟེ། ཆོས་ཅི་ཞིག་སྐྱེད་པར་བྱེད་དོ་ཞེས་མི་སྐྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ན་རེ་ཞིག་སློབ་དཔོན་
གྱིས་བྱེ་བྲག་ཏུ་སྨྲ་བ་པའི་ཕྱོགས་ལ་ཆོས་གཞན་སྐྱེད་པ་ཇི་ལྟར་མི་འཐད་པ་དེ་ལྟར་རྒྱ་ཆེར་བསྒྲུབས་པ་ཡིན་ནོ། །ད་ནི་མདོ་སྡེ་པ་དག་གི་ཕྱོགས་གཞན་བསྟན་པའི་ཕྱིར་དེ་བས་ན་ཇི་ལྟར་ཀུན་ཏུ་བརྟགས་པའི་ཆོས་གཞན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མ་དུ་ལུང་གའི་མེ་ཏོག་རྒྱ་
སྐྱེགས་ཀྱི་ཁུ་བས་ཞེས་བྱ་བ་ལ་སོགས་པ་ནི་དཔེ་ཡིན་ཏེ་གོ་བར་སླའོ། །འོ་ན་ལུས་དང་ངག་གི་ལས་ཀྱིས་ཀྱང་ཞེས་བྱ་བ་ལ་སོགས་པ་ནི། བྱེ་བྲག་ཏུ་སྨྲ་བ་པ་དག་ཕྱིར་རྒོལ་བར་བྱེད་པ་ཡིན་ནོ། །འདི་སྐད་དུ་སེམས་དང་མི་ལྡན་པའི་ཆོས་གཞན་དང་། འབྲས་བུ་སྐྱེ་བའི་རྒྱུར་མ་རུང་
ན་མ་རུང་དུ་ཟད་དོ། །འོན་ཀྱང་ཇི་ལྟར་སེམས་པས་སེམས་ཀྱི་རྒྱུད་ལ་བསྒོ་བར་བྱེད་ཅེས་བྱ་བ་དེ་བཞིན་དུ་ལུས་དང་། ངག་གི་ལས་ཀྱིས་ཀྱང་ཅིའི་ཕྱིར་བསྒོ་བར་མི་བྱེད་ཅེས་བསྟན་པ་ཡིན་ནོ། །འདི་ལྟར་དེ་ནི་ཞེས་བྱ་བ་ལ་སོགས་པ་ནི། མདོ་སྡེ་པ་དག་ལན་འདེབས་པ་ཡིན་ནོ། །
དེ་ནི་ཞེས་བྱ་བ་ནི། ལུས་དང་། ངག་གི་ལས་སོ། །སེམས་ལ་ལྟོས་ནས་དགེ་བ་དང་། མི་དགེ་བ་ཉིད་དུ་འགྱུར་རོ་ཞེས་བྱ་བ་ནི་ཀུན་ནས་སློང་བར་བྱེད་པའི་སེམས་ལ་ལྟོས་ནས་དགེ་བ་ལ་སོགས་པར་འགྱུར་གྱི། རང་གིས་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །སེམས་ལ་ལྟོས་ནས་

ལུས་དང་ངག་གི་ལས་དགེ་བ་ལ་སོགས་པ་ཉིད་དུ་འགྱུར་དུ་ཆུག་ན། དེས་ཅིར་འགྱུར་ཞེ་ན། དེའི་ཕྱིར། གང་ཞིག་གང་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་ཅེས་བྱ་བ་ནི་ལུས་དང་ངག་གི་ལས་སོ། །གང་གིས་དགེ་བ་དང་། མི་དགེ་བ་ཉིད་དུ་
བྱས་པ་ཞེས་བྱ་བ་ནི་སེམས་ཀྱིས་བྱས་པའོ། །དེ་ཉིད་ཀྱིས་ཞེས་བྱ་བ་ནི། ལུས་དང་ངག་གི་ལས་ཀྱིས་སོ། །དེའི་རྒྱུད་ལ་ཞེས་བྱ་བ་ནི་སེམས་ཀྱི་རྒྱུད་ལའོ། །དེའི་རྒྱུད་ནི་མ་ཡིན་ནོ་ཞེས་བྱ་བ་ནི་སེམས་ཀྱི་རྒྱུད་དགེ་བ་དང་མི་དགེ་བ་སྟེ། འདིར་ཡང་དེའི་རྒྱུད་ལ་འབྲས་བུ་ཡིད་དུ་འོང་བ་དང་།
མི་འོང་བ་འབྱིན་པར་ནུས་པ་ཞེས་རྣལ་མ་དང་སྦྱར་བར་བྱའོ། །དོན་ནི་འདི་སྐད་དུ་སེམས་ཀྱི་ཁྱད་པར་གང་ཞིག་གི་ལུས་ལ་སོགས་པའི་ལས་དགེ་བ་ལ་སོགས་པའི་གཟུགས་གཞན་ཡང་བྱས་ནས་རང་གི་རྒྱུད་ལ་བསྒོ་བར་ནུས་པ་དེས་དེ་ལ་བསྒོ་བར་བྱ་བ་བརྒྱུད་པ་ལ་ལྟོས་ཀྱི། རང་ཉིད་མངོན་སུམ་
དུ་བསྒོ་བར་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ནི། རྣར་མི་འོང་ཞེས་བསྟན་པ་ཡིན་ནོ། །དེ་ལྟར་མདོ་སྡེ་པ་དག་གིས་རང་གི་ཕྱོགས་རྒྱ་ཆེར་བསྒྲུབས་པ་དང་། ད་ནི་སློབ་དཔོན་གྱིས་ཕྱོགས་དེ་ཡང་མི་རུང་བ་ཉིད་དུ་བསྟན་པའི་ཕྱིར། འོ་ན་ནི་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
ལས་ནུབ་ཀྱང་ཞེས་བྱ་བ་ནི་སྐྱེས་པ་འགགས་ཀྱང་ངོ་། །དེས་བསྒོས་པའི་ཞེས་བྱ་བ་ནི། ལས་ཀྱི་བག་ཆགས་ཀྱིས་བསྒོས་པའིའོ། །ཚེ་ཕྱི་མ་ལ་འབྲས་བུ་འབྱུང་ན་ཞེས་བྱ་བ་ནི། མ་འོངས་པའི་དུས་ན་འབྲས་བུ་འབྱུང་བ་ཡིན་ན་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ཡན་ཆད་ཀྱིས་ནི་ཕ་རོལ་
གྱིས་སྨྲས་པ་བཟླས་པ་ཡིན་ནོ། །སེམས་མེད་པའི་ཞེས་བྱ་བ་ལ་སོགས་པས་ནི་སུན་འབྱིན་པ་ཡིན་པར་རིག་པར་བྱའོ། །སེམས་ཀྱི་རྒྱུན་ཆད་པ་དག་གི་ཞེས་བྱ་བ་ནི། གང་དག་ལ་སེམས་ཀྱི་རྒྱུན་ཆད་པ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །ལས་སྔ་མའི་ཞེས་བྱ་བ་ནི་སྔར་སྐྱེད་པའིའོ། །
ཁ་ཅིག་ན་རེ་ཞེས་བྱ་བ་ལ་སོགས་པས་ནི། མདོ་སྡེ་པའི་ནང་ནས་ཁ་ཅིག་ལན་འདེབས་པ་ཡིན་ནོ། །ཚེ་དེ་ཉིད་ལ་ཞེས་བྱ་བ་ནི། ཚེ་གང་ལ་དེ་ལས་སྐྱེད་པ་དེ་ཉིད་ལ་ཡིན་གྱི། ཚེ་གཉིས་པ་ལ་སོགས་པ་ལ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེས་བསྒོས་པའི་སེམས་ཀྱི་རྒྱུད་མཚམས་

འབྱོར་པ་ལས་སོ་ཞེས་བྱ་བ་ནི། ལས་ཀྱིས་བསྒོས་པའི་སེམས་ཀྱི་རྒྱུད་ཕྱིར་མཚམས་འབྱོར་པ་ལས་སོ། །དེ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི་སློབ་དཔོན་ནོ། །དེ་ཡང་ཞེས་བྱ་བ་ནི་སེམས་ཀྱི་རྒྱུད་དོ། །ཅིའི་ཕྱིར་མཚམས་འབྱོར་ཞེས་བྱ་བ་ནི། རྒྱུ་མེད་པའི་ཕྱིར་མཚམས་
ནི་འབྱོར་པ་ཁོ་ནའོ་ཞེས་བྱ་བའི་ཐ་ཚིག་གོ། །སྙོམས་པར་འཇུག་པའི་སེམས་ནི་ཞེས་བྱ་བ་ལ་སོགས་པ་སྨྲ་བ་ནི་མདོ་སྡེ་པ་ཁ་ཅིག་གོ། །སྙོམས་པར་འཇུག་པའི་སེམས་ནི་འདིར་འཇུག་པའི་སེམས་ཡིན་པར་བལྟ་བར་བྱ་སྟེ། གང་གིས་འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པ་དེས་
མངོན་སུམ་དུ་བྱེད་པའོ་ཞེས་བྱ་བའི་ཐ་ཚིག་གོ། །རིང་མོ་ཞིག་ལོན་པ་སྨོས་པ་ནི་ཤིན་ཏུ་མི་སྲིད་པ་བསྟན་པའི་ཕྱིར་ཏེ། རེ་ཞིག་འགགས་མ་ཐག་པ་ཡང་མེད་པའི་ཕྱིར། རྐྱེན་དུ་མི་འགྱུར་ན་འགགས་ནས་རིང་མོ་ཞིག་ལོན་པ་ལྟ་ག་ལ་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་འདས་
པ་ལས་འབྲས་བུ་མི་འབྱུང་ངོ་ཞེས་བྱ་བ་ལ་སོགས་པས་ནི། སློབ་དཔོན་ཉིད་ཀྱིས་བྱེ་བྲག་ཏུ་སྨྲ་བའི་ཕྱོགས་བཤད་པ་དྲན་པར་མཛད་པའོ། །གང་ལས་ཞེས་བྱ་བ་ལ་སོགས་པ་ནི་མཇུག་སྡུད་པ་པ་ཡིན་ནོ། །ཁ་ཅིག་ན་རེ་དེའི་ས་བོན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁ་ཅིག་ན་རེ་ཞེས་
བྱ་བ་ནི་མདོ་སྡེ་པའི་ཁྱད་པར་གཞན་ཁ་ཅིག་གོ། །དེའི་ས་བོན་དབང་པོ་གཟུགས་ཅན་ལ་གནས་པ་ལས་ཞེས་བྱ་བ་ནི་སེམས་ཀྱི་ས་བོན་ལས་ཏེ། ཅི་ཞེ་ན། སེམས་ཀྱི་རྒྱུད་མཚམས་སྦྱོར་བར་བྱེད་ཅེས་བྱ་བར་སྦྱར་རོ། །གཉིས་ལ་གནས་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་
ནི། ཇི་སྐད་དུ་བསྟན་པའི་གཞུང་འཛུགས་པ་ཡིན་ནོ། །ཅི་རིགས་སུ་སྦྱར་རོ་ཞེ་ན་ཞེས་བྱ་བ་ནི་འདོད་པ་དང་། གཟུགས་ཀྱི་ཁམས་སེམས་དང་བཅས་པའི་གནས་སྐབས་ན་ནི། སེམས་ཀྱི་རྒྱུད་དང་། གཟུགས་ཀྱི་རྒྱུད་ལའོ། །སེམས་མེད་པའི་གནས་སྐབས་ན་ནི་གཟུགས་ཀྱི་
རྒྱུད་ལའོ། །གཟུགས་མེད་པའི་ཁམས་ན་ནི་སེམས་ཀྱི་རྒྱུད་ཁོ་ན་ལ་སྟེ། ཅི་རིགས་སུ་སྦྱར་རོ་ཞེས་བྱ་བའི་དོན་ནི་དེ་ཡིན་ནོ། །འོ་ན་ཞེས་བྱ་བ་ལ་སོགས་པ་འདིས་ནི་སློབ་དཔོན་གྱིས་རྣམ་པར་ཤེས་པ་སྐྱེ་བའི་རྒྱུ་མ་ཚང་བས་ལུང་དང་འགལ་བ་ཉིད་གླེང་བར་མཛད་དོ། །ཁ་ཅིག་ཏུ་ཞེས་

བྱ་བ་ལ་སོགས་པ་ནི་མདོ་སྡེ་པའི་ཁྱད་པར་དག་ལན་འདེབས་པ་ཡིན་ནོ། །ཁ་ཅིག་ཏུ་ཞེས་བྱ་བ་ནི་ཐམས་ཅད་དུ་མ་ཡིན་གྱི། འོན་ཀྱང་གང་ལ་ཡིད་མངོན་དུ་གྱུར་པར་འཇུག་པ་མེད་པ་དེ་ལ་འདིར་ཉེ་བར་འདོགས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དཔེར་ན་ཞེས་
བྱ་བ་ལ་སོགས་པའི་དཔེ་ནི་གོ་བར་སླའོ། །ཇི་ལྟར་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི་སློབ་དཔོན་ནོ། །ས་བོན་གྱི་རྒྱུད་གཉིས་སུ་ཞེས་བྱ་བ་ནི་གཟུགས་ཅན་དང་། གཟུགས་ཅན་མ་ཡིན་པའི་ས་བོན་གྱི་རྒྱུད་གཉིས་སུའོ། །ཅིའི་ཕྱིར་མི་འགྱུར་སྙམ་པ་ལ། དེའི་ཕྱིར།
མྱུ་གུ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་འདི་མ་མཐོང་ངོ་ཞེས་བྱ་བ་ནི་ས་བོན་གྱི་རྒྱུད་ཐ་དད་པའི་ངོ་བོ་ཞེས་བྱ་བའི་ཐ་ཚིག་གོ། །བརྒྱ་ལ་གཞན་དག་འདི་སྐད་དུ། ས་ལ་སོགས་པ་རྒྱུ་དུ་མས་ཀྱང་མྱུ་གུ་ལ་སོགས་པ་སྐྱེད་པར་བྱེད་པ་མ་ཡིན་ནམ། དེ་ཇི་ལྟར་
ན་རྒྱུ་ཐ་དད་པ་མ་མཐོང་ངོ་ཞེས་བྱ། ཞེས་སྨྲ་བར་འགྱུར་བས་དེའི་ཕྱིར། རྐྱེན་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྐྱེན་ནི་ཞེས་བྱ་བ་ནི་ལྷན་ཅིག་བྱེད་པའི་རྐྱེན་ཡིན་ནོ། །ས་བོན་ནི་མ་ཡིན་ནོ་ཞེས་བྱ་བ་ནི། ཉེ་བར་ལེན་པའི་རྒྱུ་མ་ཡིན་ནོ། །ཅི་ཞེ་ན། གཅིག་ལ་དུ་མ་ཞེས་བྱ་བ་དང་རྣལ་
འབྱོར་དུ་སྦྱར་རོ། །འདི་ཐམས་ཅད་ཀྱིས་ནི་འདི་སྐད་དུ་ནང་དང་། ཕྱི་རོལ་གྱི་མི་དང་། འབྲས་སཱ་ལུ་ལ་སོགས་པའི་རྒྱུ་ཐ་དད་པ་ནི་ཉེ་བར་ལེན་པའི་རྒྱུ་ཐ་དད་པས་བྱས་པ་ཡིན་ནོ། །དེའི་ཕྱིར་གལ་ཏེ་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་ས་བོན་གྱི་རྒྱུད་ཀྱང་ཐ་དད་པར་འགྱུར་ན་ནི། དེས་
ན་ཉེ་བར་ལེན་པའི་རྒྱུ་དད་པའི་ཕྱིར་ལུས་གཅིག་ལ་ཡང་སེམས་དང་སེམས་ལས་བྱུང་བའི་རྒྱུན་རྣམ་པ་གཉིས་ཁོ་ནར་འགྱུར་རོ། །དེ་ཡང་འདོད་པ་མ་ཡིན་པས་ཉེས་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །འོན་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི་སློབ་དཔོན་ཉིད་དེ། འདི་སྐད་དུ།
གང་གི་ཚེ་ས་བོན་དབང་པོ་གཟུགས་ཅན་ལ་གནས་པ་ལས་ཀྱང་སེམས་ཀྱི་རྒྱུད་ཉིང་མཚམས་སྦྱོར་བར་མི་འཐད་པ་དེའི་ཚེ། སྐྱོན་སྔར་བཤད་པ་དེ་སོ་ན་འདུག་པ་ཁོ་ན་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །སྐྱོན་དེ་ནི་ཕྱོགས་ལ་ཡོད་པ་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི། ཕྱི་རོལ་གྱི་དོན་ཡོད་

པར་སྨྲ་བ་ཁ་ཅིག་ལན་འདེབས་པ་ཡིན་ནོ། །ཕྱོགས་གང་ལ་ཡོད་ཅེས་གསུངས་པ་ནི་སློབ་དཔོན་ནོ། །གང་དག་གི་ལྟར་ན་ཞེས་བྱ་བ་ལ་སོགས་པ་སྨྲ་བ་ནི་ཕ་རོལ་པོའོ། །འདིར་མདོའི་ཁུངས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨྲ་བ་ཡང་ཕ་རོལ་པོ་ཉིད་ཡིན་ནོ། །འགོག་པའི་
སྙོམས་པར་ཞུགས་པའི་ལུས་ཀྱི་འདུ་བྱེད་དག་འགགས་པ་ནས་ཞེས་བྱ་བ་ནས་མ་བྲལ་བའི་བར་ཡིན་ནོ་ཞེས་བྱ་བ་འདིས་ནི་མདོའི་བར་སྐབས་སུ་ཡང་དེ་བཞིན་དུ་སྦྱར་བ་ཡིན་ཏེ། འདུ་ཤེས་དང་། སེམས་པ་དང་། ཡིད་ལ་བྱེད་པ་དང་། དབང་པོ་དག་ཅེས་བྱ་བའི་ཐ་ཚིག་གོ། །མ་
གྱུར་པ་ཡིན་ཞེས་བྱ་བ་ནི་མ་རྙིས་པ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །མ་བྲལ་བ་ཞེས་བྱ་བ་ནི། མེད་པ་མ་ཡིན་པ་དང་། མ་ཞིག་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་དེའི་ཚེ་ཞེས་བྱ་བ་ནི། སློབ་དཔོན་གྱིས་ཕ་རོལ་གྱི་ཕྱོགས་སུན་དབྱུང་བའི་ཕྱིར་རྨེད་པར་མཛད་པ་ཡིན་ནོ། །རྣམ་
པར་ཤེས་པ་གང་ཡིན་པར་འདོད་ཅེས་བྱ་བ་ནི། ཅི་མིག་གི་རྣམ་པར་ཤེས་པ་ཡིན་ནམ། འོན་ཏེ་རྣ་བའི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་ཡིན་ཞེས་བྱ་བ་ཡིན་ནོ། །ཁ་ཅིག་ན་རེ་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་ནོ་ཞེས་ཟེར་རོ་ཞེས་བྱ་བ་ནི། རེ་ཞིག་ཕྱི་རོལ་གྱི་
དོན་ཡོད་པར་སྨྲ་བ་ཁ་ཅིག་ན་རེ་ནི་དེའི་ཚེ། དེ་ལས་གཞན་པའི་རྣམ་པར་ཤེས་པ་མི་སྲིད་པའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ན་འབྱུང་བ་ཡིན་ནོ་ཞེས་ཟེར་རོ། །འོ་ན་ཞེས་བྱ་བ་ལ་སོགས་པས་ནི། སློབ་དཔོན་གྱིས་དེ་མི་འཐད་པ་ཉིད་དུ་གསུངས་པ་ཡིན་ནོ། །ཡང་དག་པར་འདུས་པ་
ཞེས་བྱ་བ་ལ་སོགས་པའི་ཚིག་གི་དོན་ནི་གོ་བར་སླའོ། །འདི་སྐད་དུ། རྣམ་པར་ཤེས་པ་དང་། ཚོར་བ་ལ་སོགས་པ་དག་ནི་ཕན་ཚུན་མེད་ན་མི་འབྱུང་བ་ཡིན་ཏེ། དེ་བས་ན་གལ་ཏེ་དེའི་ཚེ་རྣམ་པར་ཤེས་པ་དེ་ཡོད་ན། རེག་པ་ལ་སོགས་པ་གདོན་མི་ཟ་བར་འབྱུང་ངོ་། །འོན་ཏེ་
དེ་དག་མེད་ན་ནི་རྣམ་པར་ཤེས་པ་ཡང་གཅིག་ཏུ་མེད་དོ་ཞེས་བསྟན་པ་ཡིན་ནོ། །ཁ་ཅིག་ན་རེ་ཞེས་བྱ་བ་ལ་སོགས་པས་ནི་གཞན་དག་གིས་ཐལ་བ་དེའི་ལན་གདབ་པ་ཡིན་ནོ། །གསུངས་པ་ཞེས་བྱ་བ་ནི། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོགས་པ་བསྟན་པ་ལས། ཚོར་བའི་རྐྱེན་

གྱིས་སྲེད་པ་ཞེས་བྱ་བ་ལ་སོགས་པའི་རྣམ་པར་རོ། །ཚོར་བ་ཐམས་ཅད་ནི་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི། འདི་ལྟར་ཟག་པ་ཟད་པ་དག་ལ་ཚོར་བ་རྣམ་པ་གསུམ་ཆར་འབྱུང་ཡང་སྲེད་པ་མི་སྐྱེ་བའི་ཕྱིར་རོ། །དེ་བཞིན་དུ་ཞེས་བྱ་བ་ལ་སོགས་
པས་ནི། དཔེ་ཉེ་བར་བསྟན་ནས། དོན་གྱི་དངོས་པོ་དང་སྦྱོར་བར་བྱེད་པ་ཡིན་ནོ། །དེ་ནི་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་འདིས་ནི། སློབ་དཔོན་གྱིས་ངེས་པར་གཞུང་འཛུགས་པ་ཉིད་དུ་མཛད་པའོ། །དེ་ནི་ཞེས་བྱ་བ་ནི་ཚོར་བའོ། །ཇི་ལྟར་དེ་ཁྱད་པར་དུ་མཛད་ཅེ་ན།
དེའི་ཕྱིར་མ་རིག་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་རིག་པ་དང་མཚུངས་པར་ལྡན་པའི་རེག་པ་ནི། མ་རིག་པའི་འདུས་ཏེ་རེག་པའོ། །དེ་ལས་སྐྱེས་པ་ནི་མ་རིག་པའི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཞེས་བྱའོ། །ཅི་སྟེ་གཞན་ཇི་ལྟར་བཅོམ་ལྡན་འདས་ཀྱིས་སྲེད་པ་འབྱུང་
བའི་ཚོར་བ་ཁྱད་པར་དུ་མཛད་པ་དེ་བཞིན་དུ་ཚོར་བ་ལ་སོགས་པ་འབྱུང་བའི་རེག་པ་ཡང་ཁ་ཅིག་ཏུ་ཁྱད་པར་དུ་མཛད་དོ་སྙམ་དུ་སེམས་སུ་དོགས་ནས། རེག་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བས་ན་ཞེས་བྱ་བ་ལ་སོགས་པ་ནི་མཇུག་སྡུད་པ་ཡིན་ནོ། །གཞན་དག་
ན་རེ་ཞེས་བྱ་བ་ལ་སོགས་པས་ནི་གཞན་དག་གཞན་དུ་ལན་འདེབས་པ་ཡིན་ཏེ། འདི་སྐད་དུ་གལ་ཏེ་རེག་པ་གང་དུ་ཡང་ཁྱད་པར་མ་མཛད་དུ་ཟིན་ཀྱང་། འོན་ཀྱང་ཚོར་བ་ལ་སོགས་པ་སྐྱེད་པ་གསུམ་ཡང་དག་འདུས་པ་ཁྱད་པར་དུ་འཕགས་པ་ཁོ་ན་ཡིན་པར་བརྗོད་པར་འདོད་
དེ། ཁྱད་པར་དུ་འཕགས་པ་གང་ཞེ་ན། གང་གི་མཇུག་ཐོགས་སུ་རེག་པ་འབྱུང་བའི་འདུས་པ་ནུས་པ་ཅན་གང་ཡིན་པ་སྟེ། དེ་ཡང་ཚོར་བ་ལ་སོགས་པ་སུན་འབྱིན་པའི་ཚེ་མེད་ན་ཇི་ལྟར་རེག་པ་ཡིན། དེ་མེད་པའི་ཕྱིར། ཚོར་བ་ལ་སོགས་པ་ལ་ག་ལ་ཡོད་དེ། དེའི་ཕྱིར།
ཡིད་ཀྱི་རྣམ་པར་ཤེས་པ་འབའ་ཞིག་ལུས་པ་ཡིན་ནོ་ཞེས་བྱ་བ་བསྟན་པ་ཡིན་ནོ། །འོ་ན་དེ་ཞེས་བྱ་བ་ལ་སོགས་པ་ནི་སློབ་དཔོན་གྱིས་སུན་དབྱུང་བའི་ཕྱིར། དགེ་བ་ལ་སོགས་པའི་ཕྱོགས་ཡོངས་སུ་འཛིན་དུ་འཇུག་པར་མཛད་པ་ཡིན་ནོ། །དེ་ལས་ཅིར་འགྱུར་ཞེ་ན་ཞེས་བྱ་བ་ནི་

གཞན་གྱི་སྐྱོན་མ་མཐོང་ནས་སྨྲས་པ་ཡིན་ནོ། །གལ་ཏེ་དགེ་བ་ཡིན་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི་སློབ་དཔོན་ནོ། །ཅི་སྟེ་གཞན་སུ་ཞིག་མ་ཆགས་པ་ལ་སོགས་པ་མེད་པ་ཡིན་ནོ་ཞེས་དེ་སྐད་དུ་སྨྲ་སྙམ་དུ་སེམས་ན། དེའི་ཕྱིར། མ་ཆགས་པ་ལ་སོགས་པ་ཡོད་
ན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གལ་ཏེ་མ་ཆགས་པ་ལ་སོགས་པ་དང་མཚུངས་པར་ལྡན་པ་མེད་པའི་ཕྱིར་དགེ་བ་མ་ཡིན་པར་འགྱུར་ན། འོ་ན་རྣམ་པར་ཤེས་པ་དེ། དེ་མ་ཐག་པའི་རྐྱེན་དགེ་བ་འགོག་པའི་སྙོམས་པར་འཇུག་པ་ལ་འཇུག་པའི་སེམས་ཀྱིས་བསྐྱེད་
པའི་ཕྱིར། དགེ་བ་ཉིད་དུ་འགྱུར་རོ་སྙམ་དུ་སེམས་པར་དོགས་ན་མ་ཡིན་ཏེ། དགེ་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགེ་བའི་མཇུག་ཐོགས་སུ་སེམས་རྣམ་པ་གསུམ་འབྱུང་བའི་ཕྱིར་ཞེས་བྱ་བའི་དོན་ནི་འདི་སྐད་དུ། དགེ་བའི་མཇུག་ཐོགས་སུ་ནི་དགེ་བ་ལ་སོགས་པའི་
སེམས་རྣམ་པ་གསུམ་འབྱུང་བར་གཞན་ན་དམིགས་པ་ཡིན་ནོ། །གལ་ཏེ་དེ་མ་ཐག་པའི་རྐྱེན་དགེ་བའི་དབང་གིས་དགེ་བ་ཉིད་དུ་འགྱུར་ན། མི་དགེ་བ་དང་ལུང་དུ་མ་བསྟན་པ་གཉིས་ཀྱང་དེར་ཐལ་བར་འགྱུར་བ་ཞིག་ན་དེ་ཡང་འདོད་པ་མ་ཡིན་ཏེ། དེ་བས་ན་ཕན་པའི་དབང་
གིས་དགེ་བ་ཉིད་མ་ཡིན་པར་འདོད་པར་མི་བྱའོ་ཞེས་བསྟན་པ་ཡིན་ནོ། །གཞན་ཡང་སྐྱོན་འདི་ཡང་ཡོད་དོ་ཞེས་བསྟན་པའི་ཕྱིར། དགེ་བའི་རྩ་བའི་སྟོབས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགེ་བའི་རྩ་བ་རྣམས་ཀྱི་སྟོབས་ནི། དགེ་བའི་རྩ་བའི་སྟོབས་ཏེ་ནུས་པ་
ཉིད་དོ། །དེས་གང་ལ་དགེ་བ་ཉིད་དེ། དགེ་བའི་ངོ་བོ་ཡོད་པ་འཕངས་ཤིང་བསྐྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཡང་ཅི་ཞིག་ཅེ་ན། སེམས་སོ། །དེ་ལྟ་ཡིན་ན་ཅིར་འགྱུར་ཞེ་ན། དེའི་ཕྱིར། དེ་ལྟོག་པའི་རྒྱུ་མི་རུང་བའི་ཕྱིར་ཞེས་བྱ་བ་གསུངས་སོ། །དེ་ལྡོག་པ་ནི་དགེ་བ་
ཉིད་ལོག་པ་སྟེ། མེད་པར་འགྱུར་བའོ། །དེ་ལྡོག་པའི་རྒྱུ་ནི་དེ་ལྡོག་པའི་རྒྱུའོ། །དེ་མི་རུང་བ་ནི་མི་འཐད་པ་ཉིད་དོ། །འདི་སྐད་དུ་གལ་ཏེ་དེ་མ་ཐག་པའི་རྐྱེན་དགེ་བའི་དབང་གིས་ཕྱི་མའི་དུས་ན་འབྱུང་བའི་སེམས་དགེ་བ་ཉིད་དུ་འགྱུར་ན། དེ་ལྟ་ན་འོ་ན་ནི་ལན་ཅིག་

དགེ་བ་སྐྱེས་ན་འཁོར་བ་ཇི་སྲིད་ཡོད་ཀྱི་བར་དུ་ཕྱི་མའི་དུས་ན་འབྱུང་བར་འགྱུར་བ་ཐམས་ཅད་དགེ་བ་ཉིད་དུ་འགྱུར་ཏེ། མི་དགེ་བ་དང་། ལུང་དུ་མ་བསྟན་པ་གཉིས་མེད་པར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །དེ་ནི་མི་དགེ་བ་ལ་ཡང་ཐལ་བར་འགྱུར་རོ། །
ཞེས་བྱ་བ་འདིས་ནི་རྩིས་མགོ་བསྒྲེ་བ་སྟེ། ཇི་ལྟར་དགེ་བ་ཉིད་མི་འཐད་པ་དེ་བཞིན་དུ་མི་དགེ་བ་ཡང་བཤད་མ་ཐག་པའི་རིགས་པས་མི་འཐད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་སྟེ་གཞན་གལ་ཏེ་འགོག་པའི་སེམས་དགེ་བ་དང་། མི་དགེ་བར་མི་འཐད་ན་སྙོམས་པར་འཇུག་
པ་དེ་ཇི་ལྟར་ན། དགེ་བ་ཞེས་བྱ་སྙམ་དུ་སེམས་ན། དེའི་ཕྱིར། འགོག་པའི་སྙོམས་པར་འཇུག་པ་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འགོག་པ་བཞིན་དུ་ཞེས་བྱ་བ་ནི། ཇི་ལྟར་ཐར་པ་ནི་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བའི་མཚན་ཉིད་ཡིན་པའི་ཕྱིར་དགེ་བ་ཞེས་བྱའི།
དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། ཡང་དག་པར་ནི་མ་ཡིན་པ་དེ་བཞིན་དུ། འགོག་པའི་སྙོམས་པར་འཇུག་པ་ཡང་དུས་རེ་ཞིག་ཞི་བས་དེ་ཙམ་གྱིས་ན་དེ་དགེ་བ་ཡིན་གྱི། ཡང་དག་པར་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་སྟེ་དེ་དགེ་བ་དང་། མི་དགེ་བ་མ་ཡིན་པར་
འགྱུར་ན། འོ་ན་བསྒྲིབས་ལ་ལུང་དུ་མ་བསྟན་པར་འགྱུར་མོད་སྙམ་དུ་སེམས་སུ་དོགས་ནས། གལ་ཏེ་ཉོན་མོངས་པ་ཅན་ཞིག་ཡིན་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཞུ་བ་བཅུའི་མདོ་ཞེས་བྱ་བ་ནི། མདོ་གང་ལས་ཞུ་བ་བཅུ་འབྱུང་བ་དེ་ནི། ཞུ་བ་བཅུའི་མདོ་སྟེ་དེས་
མཚོན་པ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ཡང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ཡང་ཞེས་བྱ་བ་ལ་སོགས་པས། སྐྱོན་གཞན་འདི་ཡང་ཡོད་དོ་ཞེས་བསྟན་པ་ཡིན་ནོ། །ཅི་སྟེ་གཞན་གལ་ཏེ་ཉོན་མོངས་པ་ཅན་མ་ཡིན་པར་གྱུར་ན། འོ་ན་མ་བསྒྲིབས་ལ་ལུང་དུ་
མ་བསྟན་པར་འགྱུར་མོད་སྙམ་དུ་སེམས་སུ་དོགས་ན། འོན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཡང་རྣམ་པ་བཞི་སྲིད་པའི་ཕྱིར། ཅི་སྟེ་རྣམ་པར་སྨིན་པ་ལས་སྐྱེས་པ་ཞིག་ཡིན་ནམ་ཞེས་བྱ་བ་ལ་སོགས་པས་རྟོག་པར་མཛད་དོ། །དེ་ལས་ཅི་འགྱུར་ཞེས་བྱ་བ་

ནི་གཞན་གྱི་སྐྱོན་མ་མཐོང་བའི་ཕྱིར་དེ་སྐད་སྨྲས་སོ། །གལ་ཏེ་རྣམ་པར་སྨིན་པ་ལས་སྐྱེས་པ་ཞིག་ཡིན་ན་ཞེས་བྱ་བ་ལ་སོགས་པས་ནི་སློབ་དཔོན་གྱིས་ཕྱོགས་རེ་རེ་ནས་རྒྱ་ཆེར་སུན་དབྱུང་བ་གསུངས་པ་ཡིན་ནོ། །ཇི་ལྟར་ན་ཞེས་བྱ་བ་འདི་ནི་མངོན་དུ་འགྱུར་ཞེས་བྱ་བ་བར་དུ་
ཆོད་པ་འདི་དང་སྦྱར་བར་བྱའོ། །རྣལ་འབྱོར་པ་ནི་ཕྲ་བ་དང་། ཕྲ་བའི་མཇུག་ཐོགས་སུ་དེ་ལ་སྙོམས་པར་འཇུག་པ་ཡིན་ནོ། །དེའི་ཕྱིར་སྲིད་པའི་རྩེ་མོ་པའི་སྙོམས་པར་འཇུག་པའི་མཇུག་ཐོགས་སུ་འགོག་པའི་སེམས་མངོན་སུམ་དུ་བྱ་དགོས་ན། གལ་ཏེ་རྣམ་པར་སྨིན་
པ་ལས་སྐྱེ་བ་ཡིན་ན། དེ་འདོད་པ་སྤྱོད་པར་འགྱུར་ཏེ། རྣལ་འབྱོར་པ་འདོད་པ་ན་སྤྱོད་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་སྲིད་པའི་རྩེ་མོའི་སེམས་ཀྱི་མཇུག་ཐོགས་སུ་བསམ་གཏན་དང་པོ་ལ་སོགས་པ་ས་འོག་མ་བརྒྱད་ཀྱིས་བར་དུ་ཆོད་པའི་སེམས་དེ་རྣལ་འབྱོར་པས་ཇི་ལྟར་མངོན་
སུམ་དུ་བྱེད་དེ། ཤིན་ཏུ་ཐག་རིང་བའི་ཕྱིར་རོ། །འདི་ལྟར་ཐོད་རྒལ་དུ་སྙོམས་པར་འཇུག་པར་བྱེད་པ་དག་ཀྱང་རེ་ཞིག་སྙོམས་པར་འཇུག་པའི་སེམས་ཀྱི་མཇུག་ཐོགས་སུ་བཞི་པ་ཡང་མངོན་སུམ་དུ་བྱ་བར་མི་ནུས་ན། དེས་ས་འོག་མ་བརྒྱད་ཀྱིས་བར་དུ་ཆོད་པ་འདོད་པ་ན་སྤྱོད་
པའི་སེམས་ཞིག་མངོན་སུམ་དུ་བྱེད་དམ། དེའི་ཞེས་བྱ་བ་ལ་སོགས་པ་སྐྱོན་གཞན་འདི་ཡང་ཡོད་དེ། འདིར་ཡང་ཤིན་ཏུ་ཐག་རིང་བ་ཉིད་ཀྱི་ཕྱིར་ལངས་པ་ལ་མངོན་དུ་འགྱུར་མི་སྲིད་དོ། །མི་གཡོ་བ་ལ་སོགས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་པས་ནི། ཅི་ཡང་མེད་པ་དང་།
མཚན་མ་མེད་པ་བསྡུའོ། །ཅི་སྟེ་ཕ་རོལ་པོ་གང་གིས་ན་སྐྱོན་དེར་འགྱུར་བར་འགོག་པའི་སེམས་ཀྱི་མཇུག་ཐོགས་སུ་མི་གཡོ་བ་ལ་སོགས་པའི་སེམས་མངོན་དུ་འགྱུར་བ་དེ་ཇི་ལྟར་མི་མངོན་ཞེ་ན་ཞེས་སྨྲ་བར་འགྱུར་རོ་སྙམ་དུ་བསམས་ནས་ལུང་གིས་བསྒྲུབ་པའི་ཕྱིར། ཇི་སྐད་
དུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རེག་པ་དུ་ཞིག་ལ་རེག་ཅེས་བྱ་བ་ནི་མངོན་དུ་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །དེ་ལ་མི་གཡོ་བ་ནི་བསམ་གཏན་བཞི་པའི་ས་པའོ། །ཅི་ཡང་མེད་པ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ས་པའོ། །མཚན་མ་མེད་པ་ནི་འདུ་ཤེས་ཕྲ་

བས་མཚན་མ་ཐམས་ཅད་དང་བྲལ་བའི་ཕྱིར། སྲིད་པའི་རྩེ་མོ་པ་ཡིན་པར་རིག་པར་བྱའོ། །གཞན་ཡང་སྔོན་གྱི་ལས་ཀྱིས་འཕངས་པའི་ཞེས་བྱ་བ་ལ་སོགས་པ་གཞན་འདི་ཡང་བརྗོད་པའི་རིགས་ཏེ། སྔོན་གྱི་ལས་ཀྱིས་འཕངས་པ་ཞེས་བྱ་བ་ནི་ཚེ་
རབས་གཞན་གྱི་ལས་ཀྱིས་འཕངས་པ་ཞེས་བྱ་བའི་ཐ་ཚིག་གོ། །དུས་ཚིགས་ཞེས་བྱ་བ་ནི་དུས་མཚམས་སོ། །སྔར་བསམས་པ་ཞེས་བྱ་བ་ནི། སྔར་བརྣག་བརྣག་པའོ། །འདི་ལ་ཡང་རིགས་པ་ཅི་ཞིག་ཡོད་ཅེས་བྱ་བ་ནི་མེད་པ་ཁོ་ན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་
སྐད་དུ་རྣམ་པར་སྨིན་པ་ནི་རང་གི་ངང་གིས་འབྱུང་བ་ཡིན་ན། ཇི་ལྟར་ན་དེ་རང་གི་ཆོས་ལས་འདས་ནས། གང་གིས་ན་དེས་ལྡང་བའི་དུས་ཀྱི་དུས་ཚིགས་བསམས་པ་ལས་འདའ་བར་མི་བྱེད་པར་རྣལ་འབྱོར་པའི་སེམས་ཀྱི་རྗེས་སུ་འབྲང་ཞེས་བསྟན་པ་ཡིན་ནོ། །མི་འཐད་པ་གཞན་
འདི་ཡང་ཡོད་དོ་ཞེས་བསྟན་པའི་ཕྱིར། རེ་ཞིག་ཇི་ལྟར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཡང་རྣམ་པར་སྨིན་པའི་སེམས་འགྲུབ་པར་བྱ་བའི་ཕྱིར་འཇུག་པ་ཐོབ་ཀྱིས་ཆེས་སྔ་བ་ནི་མ་ཡིན་ཞེས་བྱ་བ་བར་དུ་ཆོད་པ་འདི་དང་སྦྱར་རོ། །འགོག་པ་ལ་དམིགས་པ་ཞེས་བྱ་
བ་ནི། ཞི་བ་ལ་སོགས་པའི་རྣམ་པར་ཚོར་བ་ལ་སོགས་པ་འགོག་པ་ལ་དམིགས་པ་ཞེས་བྱ་བའི་ཐ་ཚིག་གོ། །སྲིད་པའི་རྩེ་མོའི་སྙོམས་པར་འཇུག་པའི་སེམས་ཀྱི་མཐར་ཕྱིན་པ་ན་ཞེས་བྱ་བ་ནི། སྙོམས་པར་འཇུག་པའི་མཐར་ཕྱིན་པའི་ཚེ་ན་ཞེས་བྱ་བའི་ཐ་ཚིག་གོ། །
ཆེས་སྔ་བར་ནི་མ་ཡིན་ཞེས་བྱ་བ་ནི། ཆེས་དང་པོ་ས་གཞན་པའི་སེམས་མངོན་སུམ་དུ་གྱུར་པ་ན་ཡང་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །ཚོར་བ་ལ་སོགས་པ་གཅོད་པར་བྱེད་པ་ཉིད་ཀྱིས་ཤིན་ཏུ་དགྲ་བོར་གྱུར་པའི་གནས་སྐབས་ན། བག་ཆགས་འཇུག་པ་འཐོབ་ཀྱི་ཆེས་སྔ་བ་
རྗེས་སུ་མཐུན་པའི་གནས་སྐབས་སུ་ནི། ལན་འགའ་ཡང་མ་ཡིན་ཞེས་བྱ་བ་དེ་ཇི་ལྟར་རུང་ཞེས་བྱ་བ་བསྟན་པ་ཡིན་ནོ། །སྐྱོན་གཞན་འདི་དང་ཡང་ལྡན་ནོ་ཞེས་བསྟན་པའི་ཕྱིར། རེ་ཞིག་ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཅིའི་ཕྱིར་ཞེས་བྱ་བ་ནི་འདི་ལ་རིགས་པ་ཅི་ཞིག་

ཡོད་ཅེས་བྱ་བའི་ཐ་ཚིག་གོ། །འདིར་ཞེས་བྱ་བ་ནི་འདོད་པ་དང་། གཟུགས་ཀྱི་ཁམས་སུའོ། །ཡང་མཚམས་མི་འབྱོར་ལ་ཞེས་བྱ་བ་ནི། སྔོན་གྱི་ལས་ཀྱིས་འཕེན་པའི་དབང་གིས་རང་གི་ངང་གིས་འབྱུང་བའི་རྒྱུན་ཆད་པའི་ཕྱིར་རོ། །རྣམ་པར་སྨིན་པའི་སེམས་ནི་མཚམས་
འབྱོར་ཞེས་བྱ་བ་ནི་ངེས་པར་སེམས་གཞན་མངོན་དུ་གྱུར་པའི་ཚེ་ན་ཆད་པ་ཡང་མཚམས་འབྱོར་ཏེ། འགོག་པའི་སྙོམས་པར་འཇུག་པས་ཞེས་བྱ་བའི་ཐ་ཚིག་གོ། །ཅི་སྟེ་གཞན་དེ་ལྟ་རྣམ་པར་སྨིན་པ་མ་ཡིན་ཡང་རུང་། འོན་ཀྱང་སྤྱོད་ལམ་པ་ལ་སོགས་པས་འགྱུར་མོད་སྙམ་དུ་སེམས་
སུ་དོགས་ནས། འོན་ཏེ་སྤྱོད་ལམ་པ་ལ་སོགས་པ་ཞིག་ཡིན་ནོ་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྤྱོད་ལམ་པ་ལ་སོགས་པ་ཞེས་བྱ་བ་ལ་སྩོགས་པ་སྨོས་པས་ནི། བཟོའི་གནས་དང་། སྤྲུལ་པའི་སེམས་བསྡུའོ། །ཞི་བ་ལ་སོགས་པའི་རྣམ་པར་ཚོར་བ་ལ་སོགས་པ་
འགོག་པ་ལ་དམིགས་པས་རྣམ་པ་གཞན་དུ་ཞུགས་པའི་ཕྱིར་སྤྱོད་ལམ་པ་ལ་སོགས་པ་མངོན་པར་འདུ་བྱེད་པ་ལྟ་ག་ལ་ཡོད་ཅེས་བྱ་བའི་ཐ་ཚིག་གོ། །གཞན་ཡང་རེག་པ་མེད་པར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་མངོན་པར་འདུ་བྱེད་པ་ཞེས་བྱ་བ་ནི། སྤྱོད་ལམ་ལ་སོགས་པ་
མངོན་པར་འདུ་བྱེད་པ་སྟེ། ཅི་ཞེ་ན་ལྟ་ག་ལ་ཡོད་ཅེས་བྱ་བར་སྦྱར་རོ། །ག་ལ་ཡོད་ཅེས་བྱ་བ་ནི། དེའི་ཚེ་མེད་པ་ཉིད་དེ། འགོག་པའི་སྙོམས་པར་འཇུག་པ་དེ་མངོན་སུམ་དུ་གྱུར་པའི་དུས་ན་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ཡང་འདིའི་ཕྱིར་ཡང་མི་འཐད་དོ་ཞེས་བསྟན་
པའི་ཕྱིར། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཞེས་བྱ་བ་ནི། བསམ་གཏན་དང་། གཟུགས་མེད་པ་བརྒྱད་དང་། འགོག་པའི་སྙོམས་པར་འཇུག་པ་སྟེ། དེ་དག་ནི་མཐར་
གྱིས་གནས་པའི་སྙོམས་པར་འཇུག་པ་དགུའོ། །རྣམ་པར་ཐར་པ་བརྒྱད་དག་ཅེས་བྱ་བ་ནི། གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་ཞེས་བྱ་བ་ལ་སོགས་པ་བརྒྱད་དག་གོ། །དེ་དག་གི་ནང་ནས་འགོག་པའི་སྙོམས་པར་འཇུག་པ་ཡང་འབྱུང་སྟེ། འདུ་ཤེས་དང་། ཚོར་བ་

འགོག་པ་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ། རྫོགས་པར་བྱས་ནས་གནས་པ་ཞེས་འབྱུང་བའི་ཕྱིར་རོ། །གཞན་ཡང་སྲིད་པའི་རྩེ་མོའི་སྙོམས་པར་འཇུག་པ་ལ་བརྟེན་ནས་ཞེས་བྱ་བ་ལ་སོགས་པ་གཞན་འདི་ཡང་བརྗོད་པར་བྱ་སྟེ། སྲིད་པའི་རྩེ་
མོའི་ཞེས་བྱ་བ་ལ་སོགས་པ་གཞུང་འདིས་ནི་རེ་ཞིག་ཇི་ལྟར་འགོག་པའི་སྙོམས་པར་འཇུག་པ་མངོན་སུམ་དུ་བྱེད་པ་དེ་ལྟ་བུའི་ཚུལ་སྟོན་ཏེ། ཕྱིས་ནི་དེའི་དམིགས་པ་དང་། རྣམ་པ་ཅི་ཞིག་ཡིན་ཞེས་བྱ་བ་ལ་སོགས་པས་འགལ་བ་བརྗོད་དོ། །སྟོབས་ཀྱི་དོན་ནི་རྟེན་ནས་ཀྱི་དོན་
དུ་རིག་པར་བྱའོ། །ཚུལ་འདི་གཉིས་ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པའི་ལུང་གིས་གྲུབ་བོ། །མཚན་མ་མེད་པའི་དབྱིངས་ཞེས་བྱ་བ་ནི། འགོག་པའི་སྙོམས་པར་འཇུག་པ་ཞེས་བྱ་བའི་ཐ་ཚིག་གོ། །རྒྱུ་དང་རྐྱེན་ནི་འདིར་དོན་གཅིག་ཏུ་རིག་པར་བྱའོ། །ཡང་ན་རྒྱུ་ཉེ་བ་ནི་རྐྱེན་ནོ། །
རྒྱུ་ནི་བརྒྱུད་པ་གཞན་དག་ཀྱང་ཡིན་ནོ། །ཡིད་ལ་མི་བྱེད་པ་ཞེས་བྱ་བ་ནི་འཇུག་པ་མེད་པའོ། །ཇི་ལྟར་དགེ་བ་མ་ཡིན་ཞེས་བྱ་བ་ནི་དགེ་བ་ཁོ་ན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་དེ་དགེ་བ་ཁོ་ན་ཡིན་ནོ་སྙམ་དུ་སེམས་ན། དེའི་ཕྱིར། དགེ་བ་ཡིན་ན་ཡང་ཞེས་བྱ་བ་ལ་སོགས་པ་
གསུངས་སོ། །འདིར་ཡང་ཇི་ལྟར་ཞེས་བྱ་བ་སྦྱར་བར་བྱའོ། །གལ་ཏེ་འདི་ཡང་འདོད་པ་ཉིད་ཡིན་ནོ་སྙམ་དུ་སེམས་ན། དེའི་ཕྱིར། མཚུངས་པར་ལྡན་ན་ཡང་ཞེས་བྱ་བ་གསུངས་ཏེ། འདི་ཡང་དེ་བཞིན་དུ་སྦྱར་རོ། །གལ་ཏེ་འགོག་པ་ལ་དམིགས་པ་དང་། ཞི་བའི་རྣམ་པ་མ་ཡིན་དུ་ཟིན་
ཀྱང་། དེའི་དམིགས་པ་དང་། རྣམ་པ་གཞན་དུ་འགྱུར་མོད་ཅེ་ན། དེའི་ཕྱིར། འོན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཇི་ལྟར་ཞེས་བྱ་བ་འདིས་ནི་སེམས་གཡེང་བར་རུང་ཞེས་བྱ་བ་འདི་དང་སྦྱར་བར་བྱའོ། །མཚན་མ་མེད་པའི་སེམས་ཀྱི་ཏིང་ངེ་འཛིན་ལ་གནས་པའི་དམིགས་པ་
དང་། རྣམ་པ་གཞན་ཞིག་ཡིན་ནོ། སྦྱོར་བའི་སེམས་ཀྱི་མཇུག་ཐོགས་སུ་གཡེང་བར་འགྱུར་རོ། །དེས་ན་མཚན་མ་མེད་པ་ནི་སྦྱོར་བ་དང་མཐུན་པའི་ཕྱིར་རྐྱེན་གཉིས་ཏེ་ཞེས་བྱ་བ་འདི་དང་འགལ་བར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །དེ་ལྟར་ན་རེ་ཞིག་ལུང་

དུ་མ་བསྟན་པ་རྣམ་པ་བཞི་རྒྱ་ཆེར་མི་འཐད་དོ། །གལ་ཏེ་འདིར་གཞན་དག་འོན་ཏེ་ལུང་དུ་མ་བསྟན་པ་གཞན་ཞིག་ཏུ་འགྱུར་མོད་ཅེས་ཟེར་དུ་དོགས་ནས། གཉིས་པོ་དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཉིས་པོ་དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི། མཐར་གྱིས་གནས་པའི་
སྙོམས་པར་འཇུག་པ་དགུ་ཞེས་གསུངས་པའི་ཕྱིར་དང་། སྲིད་པའི་རྩེ་མོའི་སྙོམས་པར་འཇུག་པ་ལ་བརྟེན་ནས་ཞེས་གསུངས་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་གཞན་གྱི་ཕྱོགས་རྒྱ་ཆེར་བསལ་ནས། དེ་བས་ན་ཞེས་བྱ་བ་ལ་སོགས་པས་མཇུག་བསྡུ་བ་མཛད་དོ།། །།
བམ་པོ་གསུམ་པ། འོ་ན་ཞེས་བྱ་བ་ལ་སོགས་པས་ནི། གཞན་དག་སློབ་དཔོན་ལ་ཞུ་བ་བྱེད་པ་ཡིན་ཏེ། གལ་ཏེ་འགོག་པའི་སྙོམས་པར་འཇུག་པ་ཡིད་ཀྱི་རྣམ་པར་ཤེས་པའི་སེམས་དང་བཅས་པར་མི་འཐད་ན། ཀྱེ་ཁྱོད་ཀྱིས་ཀྱང་དེ་སེམས་དང་བཅས་པ་ཇི་ལྟ་བུ་ཡིན་པར་བརྗོད་དགོས་
སོ་ཞེས་བྱ་བའི་ཐ་ཚིག་གོ། །འདིས་གདོན་མི་ཟ་བར་གཉེར་གསད་དགོས་སམ། ཅི་ན་གང་གིས་ན་དེ་སྐད་དུ་ཞུ་བར་བྱེད། འདི་ལྟར་སློབ་དཔོན་གྱིས་ནི། དེ་སེམས་དང་བཅས་པར་གསུངས་པ་མེད་དོ་ཞེ་ན། དེ་ནི་མ་ཡིན་ཏེ། སློབ་དཔོན་གྱིས་ཀྱང་ལུང་གི་ཚད་མས་ཞལ་གྱིས་བཞེས་
པ་ཁོ་ན་ཡིན་ཏེ། རྣམ་པར་ཤེས་པ་ལུས་དང་མ་བྲལ་བ་ཡིན་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་བས་ན་དེ་ནི་གྱི་ནའོ། །ཇི་ལྟར་མདོ་སྡེ་པ་ཁ་ཅིག་འདོད་པ་ལྟ་བུའོ་ཞེས་བྱ་བ་ནི། དེ་ལྟ་བུར་སེམས་དང་བཅས་པར་འདོད་དོ་ཞེས་བྱ་བ་ལྷག་མའོ། །འདིས་ནི་སློབ་དཔོན་བཞེད་པའི་
ཕྱོགས་སྟོན་ཏོ། །ཁ་ཅིག་པ་ཞེས་བྱ་བ་ནི་དང་པོའི་ཁྱད་པར་རྣམ་པར་འབྱེད་པའི་ཆོས་ཀྱི་རྣམ་གྲངས་ལ་སེམས་པ་དེ་དག་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །མདོ་སྡེ་པ་ཁ་ཅིག་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨྲ་བ་ནི་གཞན་དག་གོ། །རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ཞེས་
བྱ་བ་ལ་སོགས་པ་སྨྲ་བ་ནི་སློབ་དཔོན་ནོ། །རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ཞེས་བྱ་བ་ནི། རྣམ་པར་སྨིན་པ་ཞེས་བྱ་བའི་རྣམ་པར་ཤེས་པའོ། །ས་བོན་ཐམས་ཅད་པ་ཞེས་བྱ་བ་ནི། དགེ་བ་ལ་སོགས་པའི་ཆོས་བསྐྱེད་ནུས་པའོ། །ཉིང་མཚམས་སྦྱོར་བ་ནས་བཟུང་སྟེ་

ཞེས་བྱ་བ་ནི། མའི་རུམ་དུ་ཉིང་མཚམས་སྦྱོར་བ་ཁུ་བ་དང་། ཁྲག་བརྡོས་པར་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་མྱོས་པ་དེ་ནས་བཟུང་སྟེ་ཞེས་བྱ་བའི་ཐ་ཚིག་གོ། །སྐྱེ་བ་དེ་དང་དེར་ཞེས་བྱ་བ་ནི་མི་ལ་སོགས་པར་རོ། །བར་ཆད་མེད་པ་ཞེས་བྱ་
བ་ནི། རྣམ་པར་ཆད་པ་མེད་པར་སྦྱར་རོ། །རྣམ་པར་སྨིན་པའི་རྒྱུ་ཐ་དད་པས་ཐ་དད་པར་གྱུར་པ་ཞེས་བྱ་བ་ནི། དགེ་བ་ལ་སོགས་པ་ཐ་དད་པས་ཐ་དད་པ་ལ་སོགས་པ་ཞེས་བྱ་བའི་ཐ་ཚིག་གོ། །མྱ་ངན་ལས་འདས་པ་ལ་ཐུག་གི་བར་དུ་ཞེས་བྱ་བ་ནི། མྱ་ངན་ལས་འདས་པའི་
མཐར་ཕྱིན་པ་སྟེ་མྱ་ངན་ལས་འདས་པ་ཟད་ཅེས་བྱ་བའི་ཐ་ཚིག་གོ། །རྒྱུན་གྱིས་འཇུག་པ་ཞེས་བྱ་བ་ནི་རྒྱུན་གྱིས་སོ། །དེ་ཞེས་བྱ་བ་ནི་རྣམ་པར་སྨིན་པ་ལ་སོགས་པའི་ངོ་བོའི་རྣམ་པར་ཤེས་པ་བཤད་མ་ཐག་པ་དེ་ལྟ་བུ་དེ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཚེ་ཞེས་བྱ་བ་ནི་འགོག་པའི་
སྙོམས་པར་འཇུག་པའི་ཚེའོ། །མི་འཆད་དེ་ཞེས་བྱ་བ་ནི་མི་འབྲལ་ཞིང་མི་འགག་ཅེས་བྱ་བའི་ཐ་ཚིག་གོ། །དེས་ན་ཞེས་བྱ་བ་ནི་རྣམ་པར་ཤེས་པ་མི་འཐད་པས་སོ། །སེམས་དང་བཅས་པ་ཞེས་བྱའོ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་དང་བཅས་པ་ཞེས་བྱ་བའོ། །རྣམ་པར་ཤེས་
པའི་ཚོགས་དྲུག་པོ་གཞན་དག་ནི་མི་འཇུག་སྟེ་ཞེས་བྱ་བ་ནི། རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ལས་གཞན་པའི་ཚོགས་རྣམས་སོ། །ཅིའི་ཕྱིར་མི་འཇུག་ཅེ་ན། དེའི་ཕྱིར་རྣམ་པར་ཤེས་པ་དེ་དག་གི་ས་བོན་ཉམས་པའི་ཕྱིར་ཞེས་བྱ་བ་གསུངས་ཏེ། མིག་གི་རྣམ་པར་ཤེས་པ་ལ་
སོགས་པའི་ནུས་པ་ཉམས་པའི་ཕྱིར་རོ། །གང་གིས་ས་བོན་ཉམས་པར་བྱས་ཤེ་ན། དེའི་ཕྱིར། འགོག་པའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཇུག་པའི་སེམས་ཀྱི་ཞེས་བྱ་བ་ནི་སྦྱོར་བའི་སེམས་སུ་རིག་པར་བྱ་སྟེ། གང་གིས་ན་དེ་མངོན་སུམ་དུ་བྱེད་པའོ། །དུས་ཇི་
སྲིད་ཅིག་ཏུ་ཉམས་ཤེ་ན། དེའི་ཕྱིར། དུས་རེ་ཞིག་ཅེས་བྱ་བ་གསུངས་སོ། །དེས་ན་ཞེས་བྱ་བ་ནི། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ཆད་པས་སོ། །འོ་ན་རྣམ་པར་ཤེས་པའི་སེམས་ཡོད་བཞིན་དུ་ཡང་ཇི་ལྟར་དེའི་གནས་སྐབས་སེམས་མེད་པ་ཞེས་བྱ་ཞེ་ན། ཞེས་གཞན་

གྱིས་གླན་ཀ་འབྱུང་དུ་དོགས་ནས། སེམས་ནི་རྣམ་པ་གཉིས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཅིག་ནི་ཞེས་བྱ་བ་ནི། འདི་ནི་རེ་ཞིག་གཅིག་ཡིན་ཏེའོ། །དེའི་ས་བོན་རྣམས་ཞེས་བྱ་བ་ནི། མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་ས་བོན་རྣམས་སོ། །བསྩགས་
པ་ཞེས་བྱ་བ་ནི་ཀུན་ཏུ་བསྩགས་པ་སྟེ། ངེས་པའི་ཚིག་གི་ཚུལ་གྱིས་ན་བསྩགས་པའི་ཕྱིར་སེམས་ཡིན་ནོ། །གཉིས་པ་ནི་ཞེས་བྱ་བ་ནི། འདི་ནི་གཞན་ཡིན་ཏེའོ། །སྣ་ཚོགས་པ་ཞེས་བྱ་བ་ནི། རྣམ་པ་སྣ་ཚོགས་པ་ཞེས་བྱ་བའི་ཐ་ཚིག་གོ། །གང་གིས་སྣ་ཚོགས་པ་
ཡིན་ཞེ་ན། དེའི་ཕྱིར་དེའི་དམིགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་དམིགས་པ་རྣམ་པ་ཐ་དད་པ་ནི་གཟུགས་ལ་སོགས་པའོ། །རྣམ་པ་རྣམས་ཐ་དད་པ་ནི་གཟུགས་ལ་སོགས་པ་དེ་དག་ཉིད་ཀྱི་སྔོན་པོ་ལ་སོགས་པའོ། །བྱེ་བྲག་ཐ་དད་པ་ནི་སྔོན་པོ་ལ་སོགས་
པ་དེ་དག་གི་ནང་གི་བྱེ་བྲག་སྟེ། རྨ་བྱའི་མགྲིན་པ་ལ་སོགས་པའོ། །དེ་ཉིད་ཀྱི་ཚུལ་གྱིས་ན། སྣ་ཚོགས་པའི་ཕྱིར་སེམས་ཡིན་ནོ། །འདིས་ནི་རེ་ཞིག་སེམས་ཁོ་ན་རྣམ་པར་དབྱེ་བར་ཟད་དོ། །ད་ནི་སེམས་གཉིས་པ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པ་ཡིན་ནོ། །
དཔེ་ནི་གོ་བར་སླའོ། །གལ་ཏེ་དུས་རེ་ཞིག་ས་བོན་ཉམས་པའི་ཕྱིར། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་མི་འབྱུང་ན། ཕྱིས་རྣལ་འབྱོར་པ་ལངས་པ་ན་ཡང་དེའི་རྣམ་པར་ཤེས་པ་དེ་ཇི་ལྟར་འབྱུང་སྙམ་དུ་གཞན་དེ་ལྟར་སེམས་པར་ཐུགས་སུ་ཆུད་ནས། ས་བོན་ཉམས་
པའི་གནས་སྐབས་དེ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །ཞན་པ་དང་། ཆེས་ཞན་པ་དང་། ཞེས་བྱ་བ་ནི་ཞན་པ་དང་། ཆེས་ཞན་པ་དང་། ཤིན་ཏུ་ཆེས་ཞན་པའི་རིམ་གྱིས་ཞེས་བྱ་བའི་ཐ་ཚིག་གོ། །ཅི་འདྲ་བ་ཞིག་ཅེ་ན། དེའི་ཕྱིར། ཆུ་ཚན་དང་ཞེས་བྱ་བ་ལ་
སོགས་པ་གསུངས་སོ། །འབྲི་བའི་ཚུལ་གྱིས་སྒྲ་ནི་ཆུ་ཚན་འབྲི་བའི་ཚུལ་དང་། མདའ་འཕངས་པའི་ཤུགས་འབྲི་བའི་ཚུལ་དུ་ཞེས་རེ་རེ་ལ་སྦྱར་བར་བྱ་སྟེ། ཇི་ལྟར་ཆུ་ཚན་དང་། མདའ་འཕངས་པའི་ཤུགས་ཞན་པ་དང་། ཆེས་ཞན་པ་དང་། ཤིན་ཏུ་ཆེས་ཞན་པའི་རིམ་པས་

འབྲི་བ་ལྟར་དེ་ཡང་དེ་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེས་ཞེས་བྱ་བ་ནི་ཞན་པ་དང་། ཆེས་ཞན་པ་དང་། ཤིན་ཏུ་ཆེས་ཞན་པའི་རིམ་པས་སོ། །ལྡང་བའི་དུས་འཕངས་པའི་མཐར་ཐུག་པ་ན། ཞེས་བྱ་བ་འདིས་ནི་གནས་སྐབས་དེ་ཉིད་ཁྱད་པར་དུ་བྱེད་
དོ། །འཕངས་པའི་ཞེས་བྱ་བ་ནི་བདག་གིས་དུས་འདི་སྲིད་ཅིག་ཏུ་སྙོམས་པར་ཞུགས་པས་གནས་པར་བྱའོ་སྙམ་པ་རྣལ་འབྱོར་པའི་སེམས་ཀྱི་ཤུགས་སོ། །དེའི་མཐར་ནི་རྫོགས་པ་སྟེ་དེར་ཐུག་ཅིང་ཕྱིན་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །སྐད་
ཅིག་རེ་རེ་ལ་ཞེས་བྱ་བ་ནི། སྐད་ཅིག་སྐད་ཅིག་ལའོ། །འགྱུར་བའི་ཁྱད་པར་ལས་ཞེས་བྱ་བ་ནི། རྒྱུའི་སྐད་ཅིག་དང་མི་མཐུན་པའི་མཚན་ཉིད་འབྲས་བུ་མི་འདྲ་བ་འབྱུང་བ་ལས་ཞེས་བྱ་བའི་ཐ་ཚིག་གོ། །འཇུག་པ་རྙེད་པས་ཞེས་བྱ་བ་ལ། འཇུག་པ་རྙེད་པ་ནི་གང་གིས་ཡོངས་སུ་
བརྟས་པ་དེ་ནི་འཇུག་པ་རྙེད་པ་སྟེ་དེས་སོ། །དེ་ཅི་ཞེ་ན། དེའི་ཕྱིར། ས་བོན་ཞེས་བྱ་བ་གསུངས་སོ། །རྐྱེན་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི། གང་གི་རྐྱེན་དག་གང་ཡིན་པ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་དག་ཀྱང་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ལས་གཞན་པ་
མིག་གི་རྣམ་པར་ཤེས་པ་ལ་སོགས་པའོ། །དེ་ལྟར་དང་པོའི་ཁྱད་པར་རྣམ་པར་འབྱེད་པའི་ཆོས་ཀྱི་རྣམ་གྲངས་ལ་སེམས་པའི་མདོ་སྡེ་པ་དེ་དག་གི་སེམས་དང་བཅས་པར་འདོད་པ་རྒྱ་ཆེར་བསྒྲུབས་ནས། དེ་ནི་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་དེ་ཉིད་ཀྱི་རྣམ་པར་གཞག་པ་
བསྟན་པའི་ཕྱིར། རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ཅི་ཞེ་ན། བསྒོ་བར་བྱེད་དོ་ཞེས་བྱ་བ་འདི་དང་སྦྱར་རོ། །ས་བོན་རྣམ་པ་སྣ་ཚོགས་ཁོང་ན་ཡོད་པ་ཞེས་བྱ་བ་འདིས་ནི་དེའི་རང་བཞིན་
བསྟན་པ་ཡིན་ཏེ། གང་ལ་ས་བོན་རྣམ་པ་སྣ་ཚོགས་ཁོང་ན་ཡོད་ཅིང་ལུས་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་བའི་ཐ་ཚིག་གོ། །གང་གིས་དེ་ལ་བསྒོ་བར་བྱེད་ཅེ་ན། དེའི་ཕྱིར། དེ་ལས་གཞན་པའི་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལས་གཞན་པའི་

རྣམ་པར་ཤེས་པ་དང་ལྷན་ཅིག་འབྱུང་བའི་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དང་ལྷན་ཅིག་འབྱུང་བའིའོ། །ཆོས་གཞན་ཞེས་བྱ་བ་ནི་དག་པ་དང་། འདོད་ཆགས་ལ་སོགས་པའོ། །ཇི་ལྟར་བསྒོ་བར་བྱེད་ཅེ་ན། དེའི་ཕྱིར། ས་བོན་བརྟས་པར་བྱེད་པའི་སྒོ་ནས་ཞེས་
བྱ་བ་སྨོས་ཏེ། ས་བོན་གསོ་བར་བྱེད་པའི་སྒོ་ནས་ཡིན་གྱི། སྔོན་མེད་པ་སྐྱེད་པས་ནི་མ་ཡིན་ཏེ། ཇི་སྐད་སྔར་བཤད་པ་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་རིགས་པར་ཞེས་བྱ་བ་ནི་ཇི་ལྟར་སྲིད་པར་རོ། །སྟོབས་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་ནུས་པ་ཇི་ལྟ་བ་བཞིན་དུའོ། །བག་
ཆགས་འཇུག་པ་རྙེད་ན་ཞེས་བྱ་བ་ནི། བག་ཆགས་བརྟས་ན་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ཀྱི་དབང་དུ་བྱས་ནས་ཞེས་བྱ་བ་ནི། གནས་བརྟན་རྟ་སྐད་ཀྱིས། རྣམ་པར་སྨིན་པའི་རྣམ་པར་ཤེས་པ་དེ་ཉིད་ཀྱི་དབང་དུ་བྱས་ནས། ཚིགས་སུ་བཅད་དེ་བཤད་དོ་ཞེས་བྱ་བའི་ཐ་ཚིག་
སྟེ། འདིས་ནི་སྐྱེས་བུ་ཚད་མས་བཤད་པར་སྟོན་ཏོ། །སེམས་འདི་ཞེས་བྱ་བ་ནི། སེམས་དེ་ཡིན་པར་རིག་པར་བྱའོ། །ཁྱད་པར་ཇི་ལྟ་བུ་དང་ལྡན་པ་ཞིག་ཅེ་ན། དེའི་ཕྱིར། ས་བོན་མཐའ་ཡས་པ་དང་ལྡན་པ་ཞེས་བྱ་བ་གསུངས་ཏེ། དགེ་བ་ལ་སོགས་པའི་ཆོས་ཀྱི་ས་
བོན་དཔག་ཏུ་མེད་པ་དང་འབྲེལ་པ་ཞེས་བྱ་བའི་ཐ་ཚིག་གོ། །འདིས་ཀྱང་བསྩགས་པའི་ཕྱིར་ན། སེམས་ཞེས་བྱ་བ་བསྟན་ཏེ། བག་ཆགས་བསྩགས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །རྒྱུན་གྱིས་འཇུག་འགྱུར་ཞིང་ཞེས་བྱ་བ་ནི། དེ་ཡང་རྒྱུན་གྱིས་འཇུག་
པའོ། །དེ་དང་དེའི་ས་བོན་བརྟས་ཞེས་བྱ་བ་ནི། ཆོས་དེ་དང་དེ་འབྱུང་བའི་རྒྱུ་བག་ཆགས་ཞེས་བྱ་བ་ས་བོན་ཐོག་མ་མེད་པའི་དུས་ནས་ཞུགས་པའོ། །བརྟས་པ་ནི་གསོས་པའོ། །འགྱུར་ཞེས་བྱ་བ་ནི་འགྲོའོ་ཞེས་བྱ་བའི་ཐ་ཚིག་གོ། །གང་ཞིག་ཡོད་ན་དེ་བརྟས་པར་འགྱུར་
ཞེ་ན། དེའི་ཕྱིར། སེམས་ལ་རང་རྐྱེན་བྱུང་ན་ཞེས་བྱ་བ་གསུངས་ཏེ། སེམས་ལ་དད་པ་དང་། འདོད་ཆགས་ལ་སོགས་པའི་རྐྱེན་ཀུན་ཏུ་བྱུང་ན་ཞེས་བྱ་བའི་ཐ་ཚིག་གོ། །དེ་བརྟས་ཞེས་བྱ་བ་ནི་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་དེ་ཡོངས་སུ་བརྟས་ནའོ། །རིམ་གྱིས་འཇུག་

པ་རྙེད་ན་དུས་སུ་འབྲས་བུ་འབྱིན་པ་འགྲུབ་ཅེས་བྱ་བ་ནི། རྣམ་པར་སྨིན་པའི་རྣམ་པར་ཤེས་པ་གང་གིས་རིམ་གྱིས་འཇུག་པ་རྙེད་ན་འབྲས་བུ་ཡང་འབྱིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དུས་སུ་ཞེས་བྱ་བ་ནི་དུས་གཞན་ནའོ། །ཅི་འདྲ་བར་འགྲུབ་ཅེ་ན། དེའི་ཕྱིར།
མ་དུ་ལུང་གའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེའི་ཤ་ཞེས་བྱ་བ་ནི། མ་དུ་ལུང་གའི་ནང་གི་ཤ་ལའོ། །ཅི་ཞེ་ན། ཚོན་དེའི་རིམ་གྱིས་འཇུག་པ་རྙེད་ནས་དུས་སུ་འབྲས་བུ་འབྱིན་པ་འགྲུབ་ཅེས་བྱ་བར་སྦྱར་རོ། །དེ་ཉིད་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པས་ནི།
བཅོམ་ལྡན་འདས་ཀྱིས་ཀྱང་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་དེ་བསྟན་པ་ཉིད་ཡིན་ནོ་ཞེས་བྱ་བ་དེ་བསྟན་ཏོ། །ལེན་པའི་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པའི་དོན་ནི་བརྡ་ཕྲད་པར་ཟད་དོ། །ད་ནི་དེ་ཡང་ཡང་སྲིད་པར་ཞེས་བྱ་བ་ལ་སོགས་པས་ནི།
ལེན་པའི་རྣམ་པར་ཤེས་པ་དེའི་མིང་གི་རྣམ་གྲངས་རྣམས་བསྟན་ཏོ། །ལུས་ཉེ་བར་ལེན་པའི་ཕྱིར་ཞེས་བྱ་བ་ནི། ལུས་རང་གིར་བྱེད་པའི་ཕྱིར་རོ། །ལེན་པའི་རྣམ་པར་ཤེས་པ་ཞེས་བྱའོ་ཞེས་བྱ་བ་ནི་འདིས་ལེན་པར་བྱེད་པས་ན་ལེན་པའོ། །དེ་ནི་ལེན་པ་ཡང་ཡིན་ལ་རྣམ་པར་
ཤེས་པ་ཡང་ཡིན་པས་ལེན་པའི་རྣམ་པར་ཤེས་པའོ། །གཞིར་གྱུར་པའི་ཕྱིར་ཞེས་བྱ་བ་ནི་རྟེན་དུ་གྱུར་པའི་ཕྱིར་རོ། །ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བྱ་བ་ནི། འདིར་ཆོས་ཐམས་ཅད་ཀུན་ཏུ་སྦྱོར་བར་བྱེད་པས་ཀུན་གཞི་སྟེ། ཚིག་བསྡུ་བ་ནི་སྔ་མ་བཞིན་ནོ། །རྣམ་པར་
སྨིན་པའི་རྣམ་པར་ཤེས་པ་ཞེས་བྱ་བ་ནི། རྣམ་པར་སྨིན་པས་རྣམ་པར་སྨིན་པ་སྟེ། འདིར་ཡང་ཚིག་བསྡུ་བ་ནི་སྔ་མ་ཁོ་ན་དང་འདྲའོ། །ལུང་གིས་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་རབ་ཏུ་བསྒྲུབས་ནས། ད་ནི་རིགས་པས་ཀྱང་དེ་འགྲུབ་པར་བསྟན་པའི་ཕྱིར། གལ་ཏེ་དེ་ཡང་མི་འདོད་
ན། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལས་གཞན་པའི་རྣམ་པར་ཤེས་པ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པའོ། །མི་གཏོང་བར་འདུག་པ་ཞེས་བྱ་བ་ནི། ཡོངས་སུ་མ་བཏང་བར་འདུག་པའོ། །ཁྱབ་པར་བྱ་བ་ཅི་ཞེ་ན། འདུག་པ་ཞེས་བྱ་བར་སྦྱར་ཏེ།

མིག་ལ་སོགས་པའི་རྟེན་ཉི་ཚེ་ལ་འདུག་པའི་ཕྱིར་རོ། །འདི་སྐད་དུ་ལུས་ནི་རྣམ་པར་ཤེས་པས་ཟིན་པའི་ཕྱིར་མ་ཤིའི་བར་དུ་རུལ་བར་མི་འགྱུར་རོ། །དེ་ནི་གལ་ཏེ་དེ་ལ་རྣམ་པར་ཤེས་པ་རྒྱུན་མི་འཆད་པའམ། ཁྱབ་པར་འདུག་ན། དེ་ལྟ་ན་ཟིན་པ་ཡིན་ན། རྣམ་པར་
སྨིན་པའི་རྣམ་པར་ཤེས་པ་ལས་མ་གཏོགས་པའི་རྣམ་པར་ཤེས་པ་གཞན་ལ་ནི་ཇི་སྐད་བཤད་པའི་རྣམ་པ་ཡང་མི་སྲིད་དོ། །དེ་བས་ན་དེ་དང་བྲལ་བའི་ཕྱིར། ཤི་བའི་རོ་བཞིན་དུ་རུལ་བར་འགྱུར་བ་ཞིག་ན། དེ་ལྟ་ཡང་མ་ཡིན་ཏེ། དེ་བས་ན་གང་གི་དབང་གིས་འདྲུལ་བར་མི་འགྱུར་
བ་དེ་བས་ན། གདོན་མི་ཟ་བར་རྣམ་པར་ཤེས་པ་གཞན་ཡོད་པར་ཁས་བླང་བར་བྱའོ་ཞེས་བསྟན་པ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་ལས་འབྲས་བུ་མི་འབྱུང་བ་འགྲུབ་པར་བྱེད་པ་དེ་ནི་དེ་དང་ཐ་དད་པ་ཡིན་ཏེ། དཔེར་ན་སྣམ་བུ་ལས་ཆུ་འཛིན་པ་ལ་སོགས་པའི་འབྲས་བུ་མི་
འབྱུང་བ་བུམ་པས་འགྲུབ་པར་བྱེད་པ་ལྟ་བུ་ཡིན་ལ། དེ་ལས་གཞན་པའི་རྣམ་པར་ཤེས་པ་ལས་འབྲས་བུ་ལུས་མི་འདྲུལ་བ་ལ་སོགས་པ་མི་འབྱུང་བ་ལ་ཡང་རྣམ་པར་ཤེས་པས་འགྲུབ་པར་བྱེད་དོ། །ཐ་དད་པ་ནི་དེ་ལས་འབྲས་བུ་མི་འབྱུང་བ་འགྲུབ་པར་བྱེད་པ་ཙམ་གྱིས་ཡོད་
པ་ཡིན་པས། རང་བཞིན་གྱི་གཏན་ཚིགས་ཡིན་ནོ། །གལ་ཏེ་དེ་ཡང་མི་འདོད་ན་ཉོན་མོངས་པའི་བག་ལ་ཉལ་བ་གང་ལ་གནས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་གཞན་འདི་ཡང་བརྗོད་དགོས་སོ། །གང་ལ་གནས་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་གང་ལ་རྣམ་པར་གནས་
པ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་གཉེན་པོས་ཞེས་བྱ་བ་ནི། བག་ལ་ཉལ་གྱི་གཉེན་པོ་འཕགས་པའི་ལམ་གྱིས་སོ། །རེ་ཞིག་རྣམ་པར་ཤེས་པའི་ཚོགས་ལྔ་པོ་རྣམས་ནི་ཕྱི་རོལ་དུ་རྣམ་པར་གཡེངས་པའི་ཕྱིར། དེའི་ཚེ་མི་སྲིད་པས་ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ན་འདུས་ལ། དེ་
ཡང་བག་ལ་ཉལ་གྱི་གཉེན་པོར་གྱུར་པ་ཡིན་ནོ། །དེའི་ཕྱིར་བག་ལ་ཉལ་གང་ལ་གནས་པ་སྤོང་བར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །ཅི་སྟེ་གཞན་དག་དེ་ནི་གཉེན་པོའི་སེམས་ལ་གནས་པ་ཉིད་སྤོང་བར་འགྱུར་རོ་སྙམ་དུ་སེམས་སུ་དོགས་ནས། དེའི་ཕྱིར། གལ་ཏེ་ཞེས་

བྱ་བ་ལ་སོགས་པ་གསུངས་སོ། །འདི་སྐད་དུ་འཕགས་པའི་ལམ་ནི་བག་ཆགས་དཔྱིས་དབྱུང་བའི་ཕྱིར་ཞུགས་པ་ཡིན་ན། ཇི་ལྟར་ན་གང་གིས་ན་གཞིར་འགྱུར་བར་དེ་དེ་དང་མཐུན་པར་འགྱུར་ཏེ། གང་ཞིག་གང་གཞོམ་པར་བརྩོན་པ་དེ་ཉིད་དེ་ལ་ཕན་འདོགས་
པར་བྱེད་པ་ནི་མི་རུང་ངོ་ཞེས་བསྟན་པ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་འཇོམས་པར་བྱེད་པ་དེ་ནི། དེ་སྐྱེད་པར་བྱེད་པ་མ་ཡིན་ཏེ། དཔེར་ན་ཆུ་དང་། མེ་ལྟ་བུ་ཡིན་ལ། འཕགས་པའི་ལམ་ཡང་བག་ཆགས་འཇོམས་པར་བྱེད་པ་ཡིན་པས། ཁྱབ་པར་བྱེད་པ་འགལ་བ་དམིགས་
པ་སྟེ། འདི་ལྟར་འཇོམས་པར་བྱེད་པ་དང་། འཇོམས་པར་བྱེད་པ་མ་ཡིན་པ་ཉིད་གཉིས་ཀྱིས་ནི་ཕན་ཚུན་སྤངས་ཏེ། གནས་པའི་མཚན་ཉིད་ཀྱིས་འགལ་བ་ཡིན་ལ། འཇོམས་པར་བྱེད་པ་མ་ཡིན་པ་ཉིད་ཀྱིས་ནི་སྐྱེད་པར་བྱེད་པ་ཉིད་ལ་ཁྱབ་པའི་ཕྱིར། དེ་དང་འགལ་བ་འཇོམས་པར་
བྱེད་པ་ཉིད་དམིགས་ན། འཇོམས་པར་བྱེད་པ་མ་ཡིན་པ་ཉིད་ལྡོག་གོ། །དེ་ལོག་ན་དེས་ཁྱབ་པར་བྱ་བ་སྐྱེད་པར་བྱེད་པ་ཉིད་ཀྱང་ལྡོག་པར་འགྱུར་རོ། །དེ་བས་ན་རྣམ་པར་ཤེས་པ་གཞིར་གྱུར་པ་གཞན་ཞིག་གདོན་མི་ཟ་བར་ཁས་བླང་བར་བྱའོ། །སྦྱོར་བ་ནི་གང་ཞིག་གང་ཡོད་ན་འབྱུང་བ་
དེ་ནི་སྔོན་དུ་འགྲོ་བ་ཅན་ཡིན་ཏེ། དཔེར་ན་ས་བོན་ཡོད་ན་མྱུ་གུ་འབྱུང་བ་ལྟ་བུ་ཡིན་ལ། རྣམ་པར་ཤེས་པ་གཞན་ཡོད་ན་ཡང་ཉོན་མོངས་པའི་བག་ཆགས་འབྱུང་བ་ཡིན་ནོ། །དེ་སྔོན་དུ་འགྲོ་བ་ཅན་ནི་དེ་ཡོད་ན་འབྱུང་བ་ཙམ་དང་འབྲེལ་པའི་ཕྱིར། དེ་ཡོད་པ་ཁོ་ནས་ཡོད་པ་ཡིན་པས། རང་
བཞིན་གྱི་གཏན་ཚིགས་སོ། །གཞན་ཡང་གཟུགས་མེད་པའི་ཁམས་སུ་སྐྱེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་དག་ལ་སེམས་ཀྱི་རྒྱུད་ཉོན་མོངས་པ་ཅན་དང་། དགེ་བ་དང་། ཟག་པ་མེད་པ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །འདི་སྐད་དུ་གཟུགས་མེད་པ་དེ་ནི་གཟུགས་ཀྱི་འདོད་
ཆགས་དང་བྲལ་བས་གཟུགས་དང་། དེའི་རྣམ་པར་ཤེས་པ་མི་སྲིད་པའི་ཕྱིར། ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ན་ལུས་སོ། །དེ་ཡང་གང་གི་ཚེ་ཉོན་མོངས་པ་ཅན་ལ་སོགས་པའི་ངོ་བོ་ཡིན་པ་དེའི་ཚེ། རྣམ་པར་སྨིན་པ་ཉིད་མེད་པས། རྣམ་པར་སྨིན་པའི་རྫས་མེད་དོ། །དེ་བས་ན་འགྲོ་བ་ནི་རྣམ་

པར་སྨིན་པ་མ་ཡིན་པ་དང་ལྡན་པ་མ་ཡིན་པར་ཡང་འགྱུར་རོ། །དེ་ཡང་མི་འདོད་དེ། དེ་ལྟ་བས་ན་རྣམ་པར་སྨིན་པའི་འགྲོ་བ་གདགས་པའི་རྒྱུ་རྣམ་པར་ཤེས་པ་གཞན་ཞིག་གདོན་མི་ཟ་བར་ཁས་བླང་བར་བྱའོ་ཞེས་བསྟན་པ་ཡིན་ནོ། །འདིར་ཡང་གང་ཞིག་གང་ཡོད་ན། འབྱུང་བ་ཞེས་བྱ་བ་ལ་སོགས་
པ་སྦྱོར་བ་བཤད་མ་ཐག་པ་གང་ཡིན་པ་དེ་ཉིད་རིག་པར་བྱ་སྟེ། འདི་ལྟར་གཟུགས་མེད་པ་ན་རྣམ་པར་སྨིན་པའི་འགྲོ་བར་གདགས་པ་ནི་རྣམ་པར་ཤེས་པ་གཞན་ཡོད་ན་འབྱུང་ངོ་། །སྐྱོན་འདི་ཡང་བྱེ་བྲག་ཏུ་སྨྲ་བ་པ་དག་ལ་ཡོད་དེ། དེ་དག་ནི་འགྲོ་བ་དག་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཉིད་
ཡིན་ནོ་ཞེས་རྗོད་པར་བྱེད་དོ། །གཞན་ཡང་སྲིད་པའི་རྩེ་མོའི་ཞེས་བྱ་བ་གཞན་འདི་ཡང་བརྗོད་དགོས་སོ། །དོན་ནི་འདི་སྐད་དུ། སྲིད་པའི་རྩེ་མོ་ལས་མ་གཏོགས་པའི་གཟུགས་མེད་པ་ན་ནི་གལ་ཏེ་ཞིག་ན་རྣམ་པར་སྨིན་པ་མ་ཡིན་པ་ཡང་འགྲོ་བ་ཡིན་པར་འགྱུར་གྲང་ན། སྲིད་པའི་རྩེ་མོ་དེ་ན་ནི་ལན་
ཅིག་ཕྱིར་མི་འོང་བ་ཟག་པ་ཟད་པར་བྱེད་པ་རྣམས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ཟག་པ་མེད་པའི་སེམས་མངོན་དུ་གྱུར་པ་ན། དེ་ཡང་མི་སྲིད་པས་འགྲོ་བ་ཆད་པ་ཉིད་དུ་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །དེ་ཡང་མི་འདོད་དེ་དེ་བས་ན་འདིར་ཡང་སྦྱོར་བ་སྔ་མ་བཞིན་ནོ། །སྐྱོན་འདི་ནི་སྤྱིར་རྣམ་པར་ཤེས་
པ་དེ་ཁས་མི་ལེན་པར་གྱུར་པ་ཐམས་ཅད་ལ་ཡོད་དོ། །འདིར་གལ་ཏེ་བྱེ་བྲག་ཏུ་སྨྲ་བ་པ་དག་རྒོལ་བ་གང་ཞིག །སེམས་དང་སེམས་ལས་བྱུང་བ་ལས་མ་གཏོགས་པ་ལྡན་པ་མ་ཡིན་པ་གཞན་ཁས་མི་ལེན་པ་དེ་ལ་སྐྱོན་འདི་ཡོད་ཀྱི་གང་ཞིག་རིགས་མཐུན་པ་ལ་སོགས་པ་ལྡན་པ་མ་ཡིན་པ་ཡང་
ཡོད་པར་ཁས་ལེན་པ་དེ་ལ་ནི་ཐལ་བ་འདིར་ཡང་མི་འགྱུར་རོ་ཞེས་སྨྲས་ན། དེའི་ཕྱིར་ཕ་རོལ་གྱི་གླགས་བཟློག་པའི་ཕྱིར། རིགས་མཐུན་པའམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་རིགས་མཐུན་པ་ལ་སོགས་པ་མི་སྲིད་པ་དེ་ལྟ་བུ་ནི་མཛོད་ཀྱི་བསྟན་བཅོས་ལས་རྒྱ་ཆེར་བཤད་ཟིན་པའི་ཕྱིར།
འདིར་སྤྲོ་བར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བས་ན་ཞེས་བྱ་བ་ལ་སོགས་པ་ནི་རིགས་པས་རྒྱ་ཆེར་རབ་ཏུ་བསྒྲུབས་ནས་མཇུག་བསྡུ་བ་མཛད་དོ། །དེ་ཉིད་ཅེས་བྱ་བ་ལ་སོགས་པ་ནི་སྡེ་པ་གཞན་ལ་རབ་ཏུ་གྲགས་པས་ཀྱང་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་འགྲུབ་པར་སྟོན་པའོ། །བཙུན་

པ་གོས་དམར་སྡེ་བ་རྣམས་ཞེས་བྱ་བ་ནི་འཕགས་པ་གནས་བརྟན་པ་རྣམས་ཏེ། དེ་དག་ནི་ཀུན་གཞིའི་རྣམ་པར་ཤེས་པ་ཁོ་ན་ལ་སྲིད་པའི་ཡན་ལག་གི་རྣམ་པར་ཤེས་པའི་སྒྲས་ཐ་སྙད་རྗོད་པར་བྱེད་དོ། །གཞན་དག་ན་རེ་རྩ་བའི་རྣམ་པར་ཤེས་པ་ཞེས་ཟེར་རོ་ཞེས་བྱ་
བ་ནི་འཕགས་པ་དགེ་འདུན་ཕལ་ཆེན་པ་རྣམས་ཏེ། དེ་དག་ཀྱང་རང་གི་སྡེ་པ་དག་ལས་རྩ་བའི་རྣམ་པར་ཤེས་པའི་སྒྲས་ཐ་སྙད་རྗོད་པར་བྱེད་དོ། །འོ་ན་དེའི་ཞེས་བྱ་བ་ལ་སོགས་པས་ནི། སློབ་དཔོན་ལ་གཞན་དག་རྒོལ་བར་བྱེད་པ་སྟེ། གལ་ཏེ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ལས་མ་
གཏོགས་པའི་ཀུན་གཞིའི་རྣམ་པར་ཤེས་པ་གཞན་ཞིག་ཡོད་ན། དེའི་དམིགས་པ་ཅི་ཡིན་པ་དང་། རྣམ་པ་ཅི་ཡིན་པ་བརྗོད་དགོས་ཏེ། རྣམ་པར་ཤེས་པ་དམིགས་པ་མེད་པ་དང་། རྣམ་པ་མེད་པ་ནི་མེད་དོ་ཞེས་བསམས་པའོ། །དམིགས་པ་དང་། རྣམ་པ་མ་ཆད་པ་ཡིན་ནོ་ཞེས་བྱ་བ་འདིས་ནི། སློབ་དཔོན་ལ་
ལན་འདེབས་པར་མཛད་པ་སྟེ། གང་ལ་དུས་ཐམས་ཅད་དུ་རྣམ་པར་སྨིན་པའི་རང་བཞིན་དུ་རོ་གཅིག་པ་ཉིད་ཀྱི་ཕྱིར་དང་། རྗེས་སུ་དཔག་པས་ཤེས་པར་བྱ་བ་ཉིད་ཀྱི་ཕྱིར། དམིགས་པ་དང་། རྣམ་པ་འདི་ཡིན་ནོ་ཞེས་བྱ་བར་མི་གསལ་བ་དང་། ཡོངས་སུ་མི་ཆོད་པ་དག་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ་ཞེས་
བྱ་བའི་ཐ་ཚིག་གོ། །ཇི་ལྟར་ན་རྣམ་པར་ཤེས་པ་ཡང་ཡིན་ལ་དེ་དང་འདྲ་བ་ཡང་ཡིན་ཞེ་ན་ཞེས་བྱ་བ་འདི་ནི་གཞན་གྱིས་རྣམ་པར་ཤེས་པ་འདི་འདྲ་བ་མི་སྲིད་པོར་བསྟན་པའི་ཕྱིར་སྨྲ་བ་ཡིན་ནོ། །དེ་ནི་འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པའི་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པར་ཤེས་པ་རྒྱུ་བ་མི་
གསལ་བ་ནི། གཞན་གྱིས་ཀྱང་ཁས་བླངས་སོ་ཞེས་བསྟན་ཏོ། །རྣམ་པ་ཤེས་པ་ཡོད་པར་སྨྲ་བ་གཞན་དག་དང་ཡང་ཞེས་བྱ་བ་ནི། བཙུན་པ་དབྱིག་བཤེས་ལ་སོགས་པ་ཀུན་གཞིའི་རྣམ་པར་ཤེས་པ་ཁས་མི་ལེན་པར་སྨྲ་བ་དག་གོ། །མཚུངས་སོ་ཞེས་བྱ་བ་ནི་དེ་དང་ཡང་བརྩད་པར་བྱ་བ་འདི་མཚུངས་ཞེས་
བྱ་བའི་ཐ་ཚིག་གོ། །འོ་ན་དེ་ཞེས་བྱ་བ་ལ་སོགས་པ་སྨྲ་བ་ནི་གཞན་ཏེ། གལ་ཏེ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ལས་མ་གཏོགས་པའི་ཀུན་གཞིའི་རྣམ་པར་ཤེས་པ་གཞན་ཞིག་ཡོད་ན། ཟག་པ་དང་བཅས་པ་ཐམས་ཅད་ནི་ཉེ་བར་ལེན་པའི་ཕུང་པོར་བསྡུས་པའི་ཕྱིར། འོ་ན་དེ་གཟུགས་ལ་

སོགས་པའི་ཉེ་བར་ལེན་པའི་ཕུང་པོ་གང་དུ་གཏོགས་ཞེས་བྱ་བའི་ཐ་ཚིག་གོ། །དོན་གྱིས་ན་རྣམ་པར་ཤེས་པའི་ཉེ་བར་ལེན་པའི་ཕུང་པོར་རོ་ཞེས་བྱ་བ་འདིས་ནི་སློབ་དཔོན་གྱིས་རྟོགས་པ་སྟོན་པར་མཛད་དོ། །དོན་གྱིས་ན་ཞེས་བྱ་བ་ནི་ཀུན་གཞིའི་རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་རང་བཞིན་ཡིན་པའི་ཕྱིར་ཤུགས་
ཀྱིས་ན། རྣམ་པར་ཤེས་པའི་ཉེ་བར་ལེན་པའི་ཕུང་པོར་གཏོགས་པ་ཡིན་གྱི། སྒྲས་ནི་མ་ཡིན་ཏེ། ཀུན་གཞིའི་རྣམ་པར་ཤེས་པ་དངོས་སུ་ཉེ་བར་ལེན་པའི་ཕུང་པོར་གཏོགས་པར་གསུངས་པ་ནི་མེད་པས་སོ། །འོ་ན་ཞེས་བྱ་བ་ལ་སོགས་པས་ནི་གཞན་དག་ལུང་དང་འགལ་བར་བརྗོད་པ་ཡིན་ཏེ། གལ་ཏེ་ཀུན་
གཞིའི་རྣམ་པར་ཤེས་པ་གཞན་ཞིག་ཡོད་ན། མདོ་འདི་གཉི་ག་ལས་ཀྱང་རྣམ་པར་ཤེས་པའི་ཚོགས་དྲུག་དག་གོ་ཞེས་འབྱུང་བ་དེ་དང་འགལ་ལོ་ཞེས་བྱ་བའི་ཐ་ཚིག་གོ། །དགོངས་པ་ཅན་ཡིན་ཞེས་བྱ་བ་ལ་སོགས་པས་ནི། སློབ་དཔོན་གྱིས་མི་འགལ་བར་སྟོན་པར་མཛད་པའོ། །འདི་ལ་དགོངས་པ་
གང་ཡིན་ཞེ་ན། ཞེས་ཟེར་བ་ནི་གཞན་ཏེ། སེམས་པ་ནི་ཡང་སྲིད་པ་མངོན་པར་འདུ་བྱེད་པ་ཞུགས་པའི་ཕྱིར། དེ་ལས་དེ་སྐད་ཅེས་བརྗོད་པར་ཆེད་ཆེ་བ་ནི་དགོངས་པ་ཡིན་ན། རྣམ་པར་ཤེས་པའི་ཚོགས་དྲུག་བསྟན་པ་འདི་ལ་གོ་དགོས་པ་ཅི་ཞིག་ཡོད་ཅེས་བྱ་བའི་ཐ་ཚིག་གོ། །རེ་ཞིག་བཅོམ་ལྡན་འདས་
ཀྱིས་ཞེས་བྱ་བ་ལ་སོགས་པས་ནི། སློབ་དཔོན་དགོངས་པ་སྟོན་པར་མཛད་དོ། །ཅིའི་ཕྱིར་དེ་ལྟར་རྟོག་པར་འགྱུར་ཞེ་ན་ཞེས་ཟེར་བ་ནི་གཞན་ནོ། །དེའི་རྣམ་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི་སློབ་དཔོན་ཏེ། ཀུན་གཞིའི་རྣམ་པར་ཤེས་པ་ནི་རྣམ་པར་སྨིན་པ་རང་བཞིན་གཅིག་པའི་ཕྱིར། འཁོར་བ་
ཇི་སྲིད་པར་གཞན་དུ་འགྱུར་བ་མེད་དེ། དེས་ན་ཤིན་ཏུ་ཕྲ་བའི་ཕྱིར་དེའི་རང་བཞིན་ཁོང་དུ་མ་ཆུད་པ་རྣམས། གལ་ཏེ་ན་བདག་ཏུ་ཡང་རྟོག་པར་འགྱུར་རོ། །རེ་ཞིག་མདོ་ལས་གསུངས་པའི་དགོངས་པ་གཅིག་ནི་དེ་ལྟ་བུ་ཡིན་ནོ། །དེ་ནི་དགོངས་པ་གཞན་བསྟན་པའི་ཕྱིར། གང་ཞིག་རྟེན་དང་ཞེས་བྱ་བ་ལ་སོགས་
པ་གསུངས་ཏེ། རྣམ་པར་ཤེས་པ་གང་ཞིག་གོ། །ཅི་ཞེ་ན། རགས་པའོ། །ཇི་ལྟར་རགས་པ་ཡིན་ཞེ་ན། དེའི་ཕྱིར། རྟེན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་རྟེན་ནི་མིག་ལ་སོགས་པའོ། །དམིགས་པ་ལ་སོགས་པ་ནི་སྔར་བསྟན་ཟིན་ཏོ། །གང་ཞིག་ལ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ལའོ། །

ཅི་ཞེ་ན། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་རྣམ་པར་གཞག་པའོ། །དེ་ཇི་ལྟར་རྣམ་པར་གཞག་ཅེ་ན། དེའི་ཕྱིར། ཉོན་མོངས་པ་དང་། དེའི་གཉེན་པོ་དང་མཚུངས་པར་ལྡན་པའི་ཕྱིར་ཞེས་བྱ་བ་གསུངས་ཏེ། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་ཕྱིར་དང་། ཉོན་མོངས་པའི་གཉེན་པོ་དང་
མཚུངས་པར་ལྡན་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །འབྲས་བུ་ཞེས་བྱ་བ་ནི་བྱ་བའོ། །གང་གིས་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པའོ། །ཅི་ཞེ་ན། རྗེས་སུ་དཔོག་པར་བྱེད་པའོ། །རྗེས་སུ་དཔག་པར་བྱ་བ་དེ་ཅི་ཞིག་ཡིན་ཞེ་ན། དེའི་ཕྱིར། དེའི་ས་བོན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་
ཏེ། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དེ་དག་གི་ས་བོན་ནི་དེའི་ས་བོན་ནོ། །དེ་ནི་དེའི་ས་བོན་ཡང་ཡིན་ལ། རྣམ་པར་ཤེས་པ་ཡང་ཡིན་པས་དེའི་ས་བོན་གྱི་རྣམ་པར་ཤེས་པའོ། །དེ་རྗེས་སུ་དཔོག་པ་ནི་དེ་ས་བོན་གྱི་རྣམ་པར་ཤེས་པ་རྗེས་སུ་དཔོག་པའོ། །དེ་ཁོ་ན་འདིར་རྣམ་པར་ཤེས་པར་
བསྟན་གྱི་ཞེས་བྱ་བའི་ཚིག་འདི་ནི་རགས་པ་ལ་སོགས་པ་ཇི་སྐད་བསྟན་པ་ཐམས་ཅད་ལ་རག་ལས་པ་གང་ཡིན་པ་དེ་ཉིད་འདིར་རྣམ་པར་ཤེས་པར་བསྟན་གྱི་ཞེས་བྱ་བ་ལ་སོགས་པ་རེ་རེ་ལ་སྦྱོར་རོ། །འདིར་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཚོགས་དྲུག་བསྟན་པའི་མདོར་རོ། །རྣམ་པར་ཤེས་པ་ཞེས་བྱ་བ་ནི་
འཇུག་པའི་རྣམ་པར་ཤེས་པར་རིག་པར་བྱའོ། །རྒྱུའི་རྣམ་པར་ཤེས་པ་ནི་མ་ཡིན་ཏེ་ཞེས་བྱ་བ་ཅི་ཞེ་ན། བསྟན་པ་ནི་ཞེས་བྱ་བར་སྦྱར་ཏེ། ཀུན་གཞིའི་རྣམ་པར་ཤེས་པ་ནི་འཇུག་པའི་རྣམ་པར་ཤེས་པའི་རྒྱུར་གྱུར་པའི་ཕྱིར། རྒྱུའི་རྣམ་པར་ཤེས་པའོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར། དེ་ལས་བཟློག་པའི་ཕྱིར་
རོ་ཞེས་བྱ་བ་གསུངས་ཏེ། རགས་པ་ལ་སོགས་པ་ལས་བཟློག་པའི་ཕྱིར་ཏེ། འདི་ལྟར་རྟེན་དང་། དམིགས་པ་དང་། རྣམ་པ་དང་། བྱེ་བྲག་ཡོངས་སུ་མ་ཆད་པའི་ཕྱིར། རགས་པ་ཡང་མ་ཡིན་ཞིང་། དེ་ལ་ནི་ཉོན་མོངས་པ་དང་། དེའི་གཉེན་པོ་དང་མཚུངས་པར་ལྡན་པའི་ཕྱིར་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་
བྱང་བ་རྣམ་པར་གཞག་པ་ཡང་མེད་ལ་འབྲས་བུར་གྱུར་པ་དེས། ས་བོན་དུ་གྱུར་པའི་རྣམ་པར་ཤེས་པ་འགའ་ཞིག་རྗེས་སུ་དཔོག་པར་ཡང་མི་བྱེད་དོ། །འདིས་ནི་ཞེས་བྱ་བ་ནི་རྩིས་མགོས་བསྒྲེ་བ་སྟེ། ཇི་ལྟར་རྣམ་པར་ཤེས་པའི་ཕུང་པོ་བསྟན་པར་ལན་གདབ་པ་དེ་བཞིན་དུ། རྟེན་ཅིང་འབྲེལ་པར་འབྱུང་བའི་མདོ་

རྣམ་པར་དབྱེ་བ་བསྟན་པ་ཡང་ལན་བཏབ་པ་མཚུངས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་རིགས་པར་ཞེས་བྱ་བ་ནི་ཇི་ལྟར་འབྱོར་པ་སྟེ། རྣམ་པར་ཤེས་པ་གསལ་བར་སྣང་བར་མྱོང་བ་གང་ཡིན་པ་དེ་ཉིད་བསྟན་གྱི། ཀུན་གཞིའི་རྣམ་པར་ཤེས་པ་རྗེས་སུ་དཔག་པས་ཁོང་དུ་ཆུད་པར་བྱ་བ་ནི་མ་ཡིན་ནོ། །གཞན་
ཡང་རྣམ་པར་བཤད་པའི་རིགས་པ་ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་བཤད་པའི་རིགས་པ་ལས་ཡང་དག་པར་བསྡུས་པའི་གཞི་ནི་ནུབ་པའི་ཕྱིར་ལ། གསུང་རབ་ཀྱང་དེང་སང་རྣམ་པ་དུ་མར་འཐོར་བའི་ཕྱིར་ཞེས་བྱ་བ་ལ་སོགས་པས། དེང་སང་མདོ་སྡེ་ཐམས་ཅད་ནི་མི་སྣང་ངོ་ཞེས་རྒྱ་ཆེར་བསྒྲུབས་
སོ། །དེའི་ཕྱིར་མདོ་སྡེ་དག་ལས་ཞེས་བྱ་བ་ནི། ཇི་ལྟར་དམིགས་པའི་མདོ་སྡེ་དག་ལས་ཞེས་བྱ་བའི་ཐ་ཚིག་གོ། །ལྷངས་པོར་ཞེས་བྱ་བ་ནི་གཟུགས་བོར་རོ། །འོ་ན་དེ་ལྟ་ནི་ཞེས་བྱ་བ་ལ་སོགས་པས་ནི་གཞན་དག་ཕྱིར་རྒོལ་བར་བྱེད་པའོ། །གཞན་ཞེས་བྱ་བ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པའོ། །ཀུན་
གཞིའི་རྣམ་པར་ཤེས་པ་ནི་རྒྱུན་མི་འཆད་པར་འབྱུང་བས་རྟག་ཏུ་གནས་པ་ཡིན་པའི་ཕྱིར་ལ། གང་གི་ཚེ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་གཞན་ཡང་དམིགས་པ་དེའི་ཚེ། དེ་དང་ཀུན་གཞིའི་རྣམ་པར་ཤེས་པ་ལྷན་ཅིག་པ་ཡིན་པས། ཅིག་ཅར་རྣམ་པར་ཤེས་པའི་རྒྱུན་གཉིས་སུ་འགྱུར་རོ་ཞེས་བྱ་བའི་ཐ་
ཚིག་གོ། །དེ་ལྟ་ཡིན་ན་ཅི་ཉེས་ཞེས་བྱ་བ་ནི། སློབ་དཔོན་གྱིས་སྐྱོན་མ་གཟིགས་ནས་གསུངས་པ་ཡིན་ནོ། །རྣམ་པར་ཤེས་པའི་རྒྱུད་གཉིས་ཞེས་བྱ་བ་ལ་སོགས་པས་ནི། ཕ་རོལ་པོ་སྐྱོན་བརྗོད་པ་ཡིན་ཏེ། སེམས་ཅན་དུ་གདགས་པ་ཐ་དད་པ་ནི་རྣམ་པར་ཤེས་པའི་རྒྱུད་ཐ་དད་པས་བྱས་པ་ཡིན་ན། གལ་ཏེ་
ལུས་གཅིག་ལ་ཡང་རྣམ་པར་ཤེས་པའི་རྒྱུན་རྣམ་པ་གཉིས་ཉིད་དུ་ཁས་ལེན་ན། སེམས་ཅན་གཉིས་སུ་གདགས་པར་ཐལ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དཔེར་ན་ཞེས་བྱ་བ་ལ་སོགས་པའི་དཔེ་ནི་བརྡ་ཕྲད་པར་སླའོ། །དེ་ལྟར་མི་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་འདིས་ནི་སློབ་དཔོན་གྱིས་ཐལ་བའི་ལན་
འདེབས་པར་མཛད་པ་ཡིན་ནོ། །དེ་གཉིས་ནི་ཞེས་བྱ་བ་ནི་ཀུན་གཞི་དང་འཇུག་པའི་རྣམ་པར་ཤེས་པ་གཉིས་སོ། །རྒྱུ་དང་འབྲས་བུའི་དངོས་པོ་དང་ཐ་དད་པ་མ་ཡིན་པར་འཇུག་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུའི་དངོས་པོ་དང་ཐ་དད་པ་མ་ཡིན་པར་འཇུག་པའི་ངང་ཚུལ་ཅན་ནི། རྒྱུ་དང་འབྲས་བུའི་དངོས་པོ་དང་།

ཐ་དད་པ་མ་ཡིན་པར་འཇུག་པའོ། །དེའི་ངོ་བོ་ནི་རྒྱུ་དང་འབྲས་བུའི་དངོས་པོ་དང་ཐ་དད་པ་མ་ཡིན་པར་འཇུག་པ་ཉིད་དེ། དེའི་ཕྱིར་རོ། །གཞན་ཡང་རྣམ་པར་སྨིན་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཅིག་ཤོས་ཀྱིས་ཞེས་བྱ་བ་ནི་འཇུག་པའི་རྣམ་པར་ཤེས་པས་སོ། །
ཡོངས་སུ་བསྒོ་བར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཡོངས་སུ་སྤོག་པར་བྱེད་པའི་ཕྱིར་རོ། །ཆོས་ཉིད་དེ་ཡང་མེད་དེ་ཞེས་བྱ་བ་ནི་བཤད་མ་ཐག་པའི་རྒྱུ་དང་། འབྲས་བུ་དང་ཐ་དད་པ་མ་ཡིན་པའི་ཆོས་ཉིད་དམ། ཡོངས་སུ་བསྒོ་བར་བྱེད་པའི་ཆོས་ཉིད་གང་ཡིན་པ་དེ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འགའ་ཞིག་ལ་
ས་བོན་དང་ཞེས་བྱ་བ་ལ་སོགས་པས་ནི་གཞན་ཡང་མི་སྲིད་པར་སྟོན་ཏོ། །ས་བོན་དང་། ས་བོན་ཅན་གྱི་ཞེས་བྱ་བ་དེ་ལ་ས་བོན་ནི་རྒྱུའོ། །ས་བོན་ཅན་ནི་འབྲས་བུའི་ཁྱད་པར་ཏེ། འདི་ལ་ས་བོན་ཡོད་པའི་ཕྱིར་རོ། །ཨུཏྤ་ལའི་རྩ་བ་དང་ཞེས་བྱ་བ་ལ་སོགས་པས་ནི་སློབ་དཔོན་གྱིས་སྲིད་པར་སྟོན་པར་མཛད་
པའོ། །སྲིད་པར་བསྒྲུབས་ནས། ད་ནི་གལ་ཏེ་ཞེས་བྱ་བ་ལ་སོགས་པས་ཀུན་གཞིའི་རྣམ་པར་ཤེས་པ་གདོན་མི་ཟ་བར་ཁས་བླངས་པར་བསྒྲུབ་པར་མཛད་དོ། །གལ་ཏེ་མ་མཐོང་ཡང་རུང་ཞེས་བྱ་བ་ནི་འབྲས་སཱ་ལུ་ལ་སོགས་པ་ལའོ། །དེ་ལྟར་མི་འདོད་ན་ཞེས་བྱ་བ་ནི་ཀུན་གཞིའི་རྣམ་པར་ཤེས་པ་
གཞན་ཡོད་པར་རོ། །ཇི་སྐད་དུ་བཤད་པའི་སྐྱོན་རྣམས་སུ་ཞེས་བྱ་བ་ནི་གཞན་གང་ཞིག་གིས་ལུས་ཟིན་པར་འགྱུར་ཞེས་བྱ་བ་ལ་སོགས་པའོ། །འོ་ན་ཅིའི་ཕྱིར་བདག་གིས་ཞེས་བྱ་བ་ལ་སོགས་པས་ནི། གཞན་མི་འདོད་པར་གླེང་བར་བྱེད་པ་སྟེ། གལ་ཏེ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ལས་
ལོགས་ཤིག་ན་དེ་དག་གི་རྟེན་ཉིད་དུ་ཀུན་གཞིའི་རྣམ་པར་ཤེས་པ་གཞན་ཞིག་ཡོད་པར་རྟོག་ན། འོ་ན་དེ་ལྟ་ན་ནང་ན་བྱེད་པའི་སྐྱེས་བུ་བདག་ཀྱང་། ཅིའི་ཕྱིར་དེ་དག་གི་རྟེན་དུ་འགྱུར་བར་མི་བརྟག་སྟེ། བདག་དང་ཀུན་གཞིའི་རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ལས་ལོགས་ཤིག་
ན་ཡོད་པར་ནི་མཚུངས་སོ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་འདྲ་བར་འདོད་པར་བྱ་ཞེས་བྱ་བ་ལ་སོགས་པས་ནི། སློབ་དཔོན་གྱིས་རྣམ་པར་བརྟགས་པ་ཐ་དད་པར་མཛད་ནས་ལན་འདེབས་པར་མཛད་དོ། །དེ་ཞེས་བྱ་བ་ནི་བདག་གི་རྫས་སོ། །ཀུན་གཞིའི་རྣམ་པར་ཤེས་པ་བཞིན་དུ་ཞེས་བྱ་བ་ནི། འདི་ལྟར་ཀུན་གཞིའི་

རྣམ་པར་ཤེས་པ་ནི་རྒྱུན་ལ་གནས་པ་ཡིན་ཏེ་སྐད་ཅིག་གཅིག་ནས་གཅིག་ཏུ་ཞུགས་པའི་ཕྱིར་རོ། །རྐྱེན་གྱིས་འགྱུར་བ་ཡང་ཡིན་ཏེ། དེ་དག་གིས་གཞན་དུ་སྐྱེད་པའི་ཕྱིར་རོ། །དེ་དང་དེ་ཁྱད་པར་ཅི་ཞིག་ཡོད་ཅེས་བྱ་བ་ནི་བདག་གི་རྫས་དེ་འདྲ་བ་ཞིག་ཡིན་ན། དེ་ཀུན་གཞིའི་རྣམ་པར་ཤེས་པ་ལས་ཁྱད་པར་མེད་དོ། །དེ་བས་
ན་དེ་ནི་ཀུན་གཞིའི་རྣམ་པར་ཤེས་པ་ཁོ་ན་ཡིན་པས་གྲུབ་པ་ཉིད་བསྒྲུབ་པར་འགྱུར་རོ། །འོན་ཏེ་གཅིག་པ་ཞེས་བྱ་བ་ནི་ཆ་ཤས་མེད་པའོ། །གཏན་དུ་མི་འགྱུར་བ་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་རྟག་ཏུ་རྐྱེན་གྱིས་འགྱུར་བ་དང་བྲལ་བར་འདོད་ན་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་ཞེས་བྱ་བ་ནི་བདག་གི་རྫས་ལའོ། །
རྣམ་པར་ཤེས་པ་ལ་སོགས་པས་ཞེས་བྱ་བ་ལ་སོགས་པ་སྨོས་པས་ནི་འདོད་ཆགས་ལ་སོགས་པ་བསྡུའོ། །འདི་སྐད་དུ་ལན་ཅིག་ལྷ་རྣམ་པར་ཤེས་པ་རྣམས་དེ་ལ་རག་ཅི་ཞིག་ལུས་ན་ཞེས་བྱ་བ་ལ་སོགས་པས་བདག་གི་རིམ་དང་། ཅིག་ཅར་གཉིས་ཀྱི་དོན་བྱེད་པ་དང་བྲལ་བའི་ཕྱིར། དངོས་པོ་མེད་པ་བཞིན་
དུ་མེད་པ་ཉིད་ཡིན་ནོ་ཞེས་བྱ་བར་བསྒྲུབ་པར་བྱ་མོད་ཀྱི། འོན་ཀྱང་ཁས་བླངས་ནས་གལ་ཏེ་དེ་འགྱུར་བ་མེད་པ་ཡིན་ན། ཇི་ལྟར་ན་དེ་ལྟ་བུ་ལ་རྣམ་པར་ཤེས་པ་ལ་སོགས་པས་བག་ཆགས་བསྒོ་བ་འགྲུབ་པར་འགྱུར་ཞེས་སྨྲའོ་ཞེས་བསྟན་པ་ཡིན་ནོ། །ཅིའི་ཕྱིར་འགྲུབ་པར་མི་འགྱུར་ཞེ་ན། དེའི་ཕྱིར། བག་
ཆགས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བག་ཆགས་ཀྱི་རང་བཞིན་ནི་འདི་ཡིན་ཏེ། འདི་ལྟ་སྟེ། བསྒོ་བར་བྱེད་པས་བསྒོ་བར་བྱ་བའི་རྫས་ལ་ནུས་པའི་ཁྱད་པར་སྐྱེད་པ་ཡིན་ན། བདག་གི་རྫས་ལ་ནི་འགྱུར་བ་མེད་པའི་ཕྱིར་དེ་ཡང་མི་སྲིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་བག་ཆགས་
མི་སྲིད་དུ་ཟིན་ཀྱང་དེས་ཅིར་འགྱུར་ཞེ་ན། དེའི་ཕྱིར། ཡོངས་སུ་འགྱུར་བའི་ཁྱད་པར་མེད་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡོངས་སུ་འགྱུར་བའི་ཁྱད་པར་མེད་ན་ཞེས་བྱ་བ་ནི་གོང་ནས་གོང་དུ་ནུས་པའི་ཁྱད་པར་མེད་པར་ཞེས་བྱ་བའི་ཐ་ཚིག་གོ། །དེའི་བག་ཆགས་མེད་པར་ཞེས་བྱ་བ་ནི། རྣམ་པར་ཤེས་
པ་ལ་སོགས་པའི་བག་ཆགས་སོ། །སྔོན་མྱོང་བ་དང་། ཤེས་པ་དང་། འདོད་ཆགས་ལ་སོགས་པ་དག་ལ་ཞེས་བྱ་བ་ནི། མྱོང་བ་དང་། ཤེས་པ་དང་། འདོད་ཆགས་ལ་སོགས་པ་ནི་མྱོང་བ་དང་། ཤེས་པ་དང་། འདོད་ཆགས་ལ་སོགས་པའོ། །དེ་དག་ནི་སྔོན་བྱུང་བའི་ཕྱིར་སྔོན་ཡང་ཡིན་ལ། མྱོང་བ་

དང་། ཤེས་པ་དང་། འདོད་ཆགས་ལ་སོགས་པ་ཡང་ཡིན་པས། སྔོན་མྱོང་བ་དང་། ཤེས་པ་དང་། འདོད་ཆགས་ལ་སོགས་པའོ། །དེའི་ཕྱིར། སྔོན་བྱུང་བའི་མྱོང་བ་དང་། ཤེས་པ་དང་། འདོད་ཆགས་ལ་སོགས་པ་དེ་དག་ལ་སྟེ། མྱོང་བ་ནི་འདིར་སྔོན་པོ་ལ་སོགས་པ་
མྱོང་བའོ། །ཤེས་པ་ནི་ངེས་པའི་ཤེས་པ་ལ་སོགས་པའོ། །གོམས་པའི་ཞེས་བྱ་བ་ནི་འདྲིས་པའིའོ། །དྲན་པ་དང་། ཤེས་པ་དང་། འདོད་ཆགས་ལ་སོགས་པའི་ཞེས་བྱ་བ་ནི། སྔོན་མྱོང་བ་ལ་སོགས་པ་དག་དང་ལྷན་ཅིག་གོ་རིམས་བཞིན་དུ་སྦྱར་རོ། །གཞན་ཡང་བདག་སེམས་མེད་པའི་གནས་
སྐབས་སུ་གྱུར་པ་ནི་ཞེས་བྱ་བ་ལ་སོགས་པ་ཡང་གསུངས་སོ། །གང་དག་བདག་ཁོ་ན་ལས་སྐྱེའོ་སྙམ་དུ་སེམས་ན། དེའི་ཕྱིར་བདག་ལ་ནི་ཁྱད་པར་མེད་ན་ཞེས་བྱ་བ་གསུངས་སོ། །དེ་ལྟར་རེ་ཞིག་བདག་ཁས་བླངས་ནས་སྐྱོན་བསྟན་པ་ཡིན་ནོ། །ད་ནི་དོན་བྱེད་པའི་ནུས་པ་དང་བྲལ་བ་ཉིད་ཀྱིས་དེ་ཡོད་པ་ཉིད་
མི་བཟོད་པར་བསྟན་པ་ནི། རྣམ་པར་ཤེས་པ་རྣམས་ཅི་ཞིག་དེ་ལ་རག་ལུས་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་རག་ལུས་ཞེས་བྱ་བ་ནི་བདག་ལ་རག་ལས་པ་ཞེས་པའི་ཐ་ཚིག་གོ། །འདིར་ནི་རྣམ་པར་བརྟག་པ་གཉིས་ཏེ། རིམ་གྱི་དེ་ལ་བདག