Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 138

Văn bản gốc(Tây Tạng)

Trang 7 / 15 (50.000 ký tự/trang)
་རག་ལུས་པའི་དངོས་པོ་ལ་བྱ་བ་བྱེད་དམ་ཅིག་ཅར་
ཡིན་གྲང་ན། དེ་ལ་ཅིག་ཅར་བྱ་བ་མི་བྱེད་པར་ནི་གསལ་བ་ཉིད་དེ། ཅིག་ཅར་དེ་ལ་རག་ལུས་པའི་འབྲས་བུ་མི་སྣང་བའི་ཕྱིར་རོ། །འོན་ཀྱང་རིམ་གྱིས་བྱེད་པ་བརྗོད་པར་བྱ་སྟེ། བདག་ལ་རག་ལས་པ་ཡང་སྐྱེ་བའམ། ཡང་ན་གནས་པ་ཞིག་ཡིན་གྲང་ཞེས་བརྟགས་པ་ལ། གལ་ཏེ་སྐྱེ་བ་ཡིན་ནོ་ཞེ་ན་ཞེས་བྱ་
བ་ལ་སོགས་པས་ནི་རེ་ཞིག་སྐྱེ་བའི་ཕྱོགས་ཀྱི་དབང་དུ་མཛད་ནས། རིམ་གྱིས་བྱེད་པ་དགག་པར་མཛད་དེ། རྒྱུ་དེ་མ་ཚང་བ་མེད་པ་ཡིན་ན་རིམ་གྱིས་སྐྱེ་བར་རུང་བ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་དག་རྒྱུ་ནི་མ་ཚང་བ་མེད་པ་ཉིད་མ་ཡིན་ཏེ། འདི་ལྟར་བདག་དེ་ནི་ཤེས་པ་ཕྱི་མ་ཕྱི་མ་སྐྱེ་བར་བྱ་
བའི་ཕྱིར་ལྷན་ཅིག་བྱེད་པའི་རྒྱུ་གཞན་ལ་ལྟོས་སོ་ཞེ་ན། དེའི་ཕྱིར། གལ་ཏེ་ལྷན་ཅིག་བྱེད་པའི་རྒྱུ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་ལྷན་ཅིག་བྱེད་པའི་རྒྱུ་གཞན་ལ་ལྟོས་པའི་ཕྱིར་རོ་ཞེ་ན་ཞེས་བྱ་བ་ནི། རིམ་གྱིས་སྐྱེ་བ་ཡིན་ཞེས་བྱ་བར་སྦྱར་རོ། །དེ་དག་ལས་ཞེས་བྱ་བ་ནི་ལྷན་ཅིག་བྱེད་པའི་རྐྱེན་

དག་ལས་སོ། །གཞན་པ་ལ་ཞེས་བྱ་བ་ནི་བདག་ལའོ། །དེ་སྐྱེད་པའི་ཞེས་བྱ་བ་ནི་ཤེས་པ་གཞན་སྐྱེད་པའིའོ། །ནུས་པ་ཡོད་པར་ཇི་ལྟར་ཁོང་དུ་ཆུད་ཅེས་བྱ་བ་ནི་ཁོང་དུ་མི་ཆུད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་དུ་ཕན་འདོགས་པ་ལ་ནི་ལྟོས་པར་བྱ་བ་ཡིན་ན། བདག་ནི་གང་གིས་ན་ལྷན་ཅིག་བྱེད་པའི་རྒྱུ་
གཞན་ལ་ལྟོས་པའི་ཕྱིར་རིམ་གྱིས་སྐྱེ་བར་འགྱུར་བ་ལྷན་ཅིག་བྱེད་པའི་རྒྱུ་ལས་ཅུང་ཟད་ཀྱང་ཕན་འདོགས་པར་མི་ལྟོས་ཏེ། བསྐྱེད་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །དེ་བས་ན་གལ་ཏེ་ལྷན་ཅིག་བྱེད་པའི་རྒྱུ་དེ་དག་ལས་ཤེས་པ་ཕྱི་མ་ཕྱི་མ་འབྱུང་བ་ཡིན་ན་དེ་དག་ཁོ་ནའི་ནུས་པ་ཉིད་ཡིན་གྱི། བདག་ནི་མ་ཡིན་ནོ་
ཞེས་བསྟན་པ་ཡིན་ནོ། །དེ་ལྟར་ན་རེ་ཞིག་སྐྱེ་བའི་ཕྱོགས་མི་འཐད་དོ། །ད་ནི་གནས་པའི་ཕྱོགས་ཀྱི་དབང་དུ་མཛད་ནས། འོན་ཏེ་འདུག་པ་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། འདུག་པ་ནི་རྣམ་པར་ཤེས་པ་རྣམས་རབ་ཏུ་འདུག་པ་དང་གནས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་རག་ལས་པ་ཡིན་ནོ་ཞེས་
བྱ་བ་ནི་བདག་ལ་རག་ལས་པ་ཡིན་ནོ། །སྐྱེས་ནས་མི་གནས་པ་དག་ཅེས་བྱ་བ་ནི་སྐྱེས་མ་ཐག་ཏུ་འཇིག་པ་དག་ཡིན་ནོ། །ལྟུང་བ་མ་ཡིན་པ་དག་ལ་ཞེས་བྱ་བ་ནི་ལྕི་བ་མ་ཡིན་པའི་ཕྱིར། ལྟུང་བའི་ཆོས་ཅན་མ་ཡིན་པ་དག་ལ་ཞེས་བྱ་བའི་ཐ་ཚིག་གོ། །འདུག་པ་ཅི་ཞིག་ཡོད་ཅེས་བྱ་བ་ནི་དེ་ལྟ་བུའི་རང་བཞིན་དེ་
དག་ལ་འདུག་པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བས་ན་ཞེས་བྱ་བ་ལ་སོགས་པས་ནི་མེད་པར་བསྒྲུབས་ནས་མཇུག་སྡུད་པ་ཡིན་ནོ། །སྦྱོར་བ་ནི་གང་དོན་བྱེད་པའི་ནུས་པ་དང་བྲལ་བ་དེ་ནི་མེད་པ་ཡིན་ཏེ། དཔེར་ན་དངོས་པོ་མེད་པ་ལྟ་བུ་ཡིན་ལ། བདག་ཀྱང་དོན་བྱེད་པའི་ནུས་པ་དང་བྲལ་བ་ཡིན་པས་
ཁྱབ་པར་བྱེད་པ་མི་དམིགས་པ་སྟེ། འདི་ལྟར་ཡོད་པ་ཉིད་ནི་དོན་བྱེད་པའི་ནུས་པས་ཁྱབ་པའི་ཕྱིར་རོ། །དེ་བས་ན་དོན་བྱེད་པའི་ནུས་པ་ལོག་ན། དེས་ཁྱབ་པར་བྱ་བ་ཡོད་པ་ཉིད་ཀྱང་ལྡོག་པ་ཡིན་ནོ། །དེ་ལྟར་རིགས་པས་མེད་པར་བསྒྲུབས་ནས་ལུང་གིས་ཀྱང་བསྒྲུབ་པའི་ཕྱིར། ཆོས་ཐམས་ཅད་ནི་ཞེས་བྱ་བ་
ལ་སོགས་པ་གསུངས་སོ། །དེ་ལྟ་ན་ཞེས་བྱ་བ་ནི་ནང་ན་བྱེད་པའི་སྐྱེས་བུ་བདག་ཡོད་པར་རྟོགས་ན་ཞེས་བྱ་བའི་ཐ་ཚིག་གོ། །དེ་བས་ན་ཞེས་བྱ་བ་ལ་སོགས་པ་ནི་མཇུག་བསྡུ་བ་ཡིན་ནོ། །དེ་ནི་གྱི་ནའོ་ཞེས་བྱ་བ་ནི་གཏན་ཚིགས་མེད་པ་དང་། རིག་པ་མེད་པ་ཅན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཅི་ཞེ་ན།

དེའི་ཕྱིར། རང་དབང་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་གཞན་གྱི་ཕྱོགས་ཀྱང་རྒྱ་ཆེར་བསལ་ཏེ། རང་གི་ཕྱོགས་ཀྱང་བསྒྲུབས་ནས། དེས་ན་སེམས་པ་ཞེས་བྱ་བ་ལ་སོགས་པས་ནི་མཇུག་སྡུད་པ་ཡིན་ནོ། །དེ་ལྟར་ལུས་དང་ངག་གི་ལས་མི་འདོད་ན་ཞེས་བྱ་བ་ལ་
སོགས་པས་ནི་གཞན་དག་མདོ་དང་འགལ་བ་སྟོན་པ་ཡིན་ནོ། །དེ་ལྟར་ཞེས་བྱ་བ་ནི་ཇི་ལྟར་ངེད་ཟེར་བ་དེ་ལྟར་རོ། །ལས་དག་ནི་གསུམ་སྟེ་ཞེས་བྱ་བ་མདོའི་ཚིག་འདི་ཅི་དེ་གསལ་བར་ནུས་སམ་ཞེ་ན་ཞེས་བྱ་བ་ནི་མི་ནུས་སོ་ཞེས་བྱ་བའི་ཐ་ཚིག་གོ། །མི་ནུས་ཏེ་ཞེས་བྱ་བ་ལ་སོགས་པས་ནི་སློབ་དཔོན་གྱིས་ལན་
གསུངས་པ་ཡིན་ནོ། །ཇི་ལྟར་སྐྱོན་མེད་ཅེ་ན་ཞེས་ཟེར་བ་ནི་གཞན་དག་གོ། །འདིར་ལས་དག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི་སློབ་དཔོན་ནོ། །འདི་སྐད་དུ་རེ་ཞིག་བསྟན་པ་འདི་ཅིའི་ཕྱིར་ཡིན་ཞེས་བྱ་བ་ལ་སོགས་པ་འདི་ཉིད་ཐོག་མ་ཁོ་ནར་བརྗོད་པར་བྱ་བ་ལ་ཕྱིས་ནི་ལུས་ལ་སོགས་པའི་ལས་ཇི་ལྟར་བསྟན་པ་
དེ་ལྟ་བུར་དགོངས་པ་འབྱུང་ངོ་ཞེས་བསྟན་པ་ཡིན་ནོ། །ཅིའི་ཕྱིར་ཡིན་པ་ཞེས་བྱ་བ་ནི་དགོངས་པ་ཅི་ཞིག་ཡོད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྟན་པ་ནི་དགོངས་པ་མ་ཡིན་ནོ། །ལུས་གང་ཡིན་ཞེས་བྱ་བ་ནི་ལུས་ཀྱི་སྒྲས་ཅི་ཞིག་གསུངས་ཞེས་བྱ་བའི་ཐ་ཚིག་གོ། །ལས་ཅི་ཡིན་ཞེས་བྱ་བ་
ནི་ལས་ཀྱིས་ཀྱང་ཅི་ཞིག་གསུངས་ཞེས་བྱ་བའི་ཐ་ཚིག་གོ། །དོན་གང་གིས་ཞེས་བྱ་བ་ལ་སོགས་པ་འདི་ནི་སྒྲའི་དོན་གྱི་དབང་དུ་མཛད་ནས་དྲི་བ་ཡིན་ཏེ། རྒྱུ་གང་གིས་ན་དེ་ལ་ལུས་ལ་སོགས་པའི་སྒྲ་འཇུག་ཅེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པས་ནི་མཚན་ཉིད་མཐུན་པའི་ཕྱིར། ལས་གཉིས་
ལ་ཡང་རྩིས་མགོས་བསྒྲེ་བ་ཡིན་ཏེ། དེ་ལ་ཡང་དག་འདི་གང་ཡིན་ཞེས་བྱ་བ་ལ་སོགས་པས་དྲི་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གཞན་འདི་ཡང་བརྗོད་དགོས་སོ། །མིག་ལ་སོགས་པའི་ལས་རྣམས་ནི་འདིར་ལྟ་བ་ལ་སོགས་པར་རིག་པར་བྱའོ། །ད་ནི་རེ་ཞིག་བསྟན་
པ་འདི་ཅིའི་ཕྱིར་ཡིན་ཞེ་ན་ཞེས་བྱ་བ་ལ་སོགས་པས་དྲི་བ་རེ་རེའི་ལན་གདབ་པར་མཛད་དོ། །ལས་ཀྱི་ལམ་བཅུ་པོ་དག་ཅེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པ་དང་། དེ་དག་སྤོང་བ་རྣམས་སོ། །ལས་གསུམ་དག་གིས་བསྡུས་པ་བསྟན་པའི་ཕྱིར་ཏེ་ཞེས་བྱ་བ་ནི་ལུས་ལ་སོགས་པའི་ལས་རྣམས་ཀྱིས་བསྡུ་

བ་རབ་ཏུ་བསྟན་པའི་ཕྱིར་ཏེ། འདི་ལྟར་ལུས་ཀྱི་ལས་ཀྱིས་བསྡུས་པ་ནི་གསུམ་སྟེ། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་རྣམས་དང་། དེ་སྤོང་བ་རྣམས་སོ། །ངག་གི་ལས་ཀྱིས་ནི་བཞི་སྟེ། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་
པ་རྣམས་དང་། དེ་སྤོང་བ་རྣམས་སོ། །ཡིད་ཀྱི་ལས་ཀྱིས་ནི་གསུམ་སྟེ། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་རྣམས་དང་། དེ་སྤོང་བ་རྣམས་བསྡུས་སོ། །གང་ཟག་ཅི་འདྲ་བ་དག་ལ་ཞེ་ན། དེའི་ཕྱིར། བྱ་བ་མང་པོས་འཇིགས་པ་རྣམས་ལ་ཞེས་བྱ་བ་གསུངས་ཏེ། སྲོག་གཅོད་པ་ལ་སོགས་
པ་སྤང་བའི་མཚན་ཉིད་ཀྱི་བྱ་བ་ནི་བདག་ཅག་གིས་མང་པོ་ཞིག་བྱ་དགོས་སོ་སྙམ་དུ་དེ་ལྟར་བསམས་ནས་གང་དག་བྲེད་པ་དེ་དག་ནི་བྱ་བ་མང་པོས་འཇིགས་པ་རྣམས་ཞེས་བྱའོ། །ཅི་འདྲ་བ་ཞིག་ཏུ་བསྡུ་བ་རབ་ཏུ་བསྟན་པའི་ཕྱིར་བསྟན་པ་ཡིན་ཞེ་ན། དེའི་ཕྱིར། བྲི་ཛིའི་བུ་ལ་བསླབ་པ་གསུམ་བསྟན་པ་བཞིན་ནོ་ཞེས་བྱ་བ་
གསུངས་ཏེ། ཇི་ལྟར་བྲི་ཛིའི་བུ་ཞེས་བྱ་བའི་མི་ཞིག་བསླབ་པའི་གཞི་ཉིས་བརྒྱ་ལྔ་བཅུ་ལྷན་ཅིག་ཐོས་ནས་སྤྲོ་བར་ཁས་མི་འཆེ་བ་ལ་བྲི་ཛིའི་བུ་ཁྱོད་ཀྱིས་ནུས་སམ་ཞེས་བྱ་བ་ནས་བྲི་ཛིའི་བུ་ཁྱོད་ཀྱིས་བསླབ་པ་གསུམ་དག་ལ་ལེགས་པར་བསླབ་པར་སྤྲོའམ་ཞེས་རྒྱ་ཆེར་གསུངས་སོ། །གསོལ་པ། བཅོམ་ལྡན་འདས་
སྤྲོ་ལགས་སོ། །བདེ་བར་གཤེགས་པ་སྤྲོ་བར་འཚལ་ལགས་སོ་ཞེས་རྒྱ་ཆེར་གསོལ་པ་དང་། འོ་ན་བྲི་ཛིའི་བུ་ཁྱོད་ཀྱིས་དུས་དུས་སུ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་ཀྱི་བསླབ་པ་ལ་སློབས་ཤིག་ཅེས་རྒྱ་ཆེར་གསུངས་ཏེ། ལྷག་པའི་ཚུལ་ཁྲིམས་ལ་སོགས་པ་
བསླབ་པ་གསུམ་བསྟན་པ་འདིས་ནི་བསླབ་པའི་གཞི་ཉིས་བརྒྱ་ལྔ་བཅུ་ལྷག་པ་དེ་ཉིད་བསླབ་པ་གསུམ་དུ་བསྡུ་བ་མཛད་ནས་བསྟན་པ་ཡིན་ནོ། །གཞན་ཡང་ཁ་ཅིག་ན་རེ་ལུས་ཁོ་ནས་བྱས་པ་ཡིན་གྱི་ཞེས་བྱ་བ་ལ་སོགས་པ་འདིའི་ཕྱིར་ཡང་ལས་གསུམ་བསྟན་པ་ཡིན་ནོ། །ཁ་ཅིག་ན་རེ་ཞེས་བྱ་བ་ནི་མུ་སྟེགས་བྱེད་པ་ཁ་ཅིག་གོ། །
རྣམ་པར་རྟོག་པ་ཙམ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཀུན་དུ་རྟོག་པ་ཙམ་ཡིན་པའི་ཕྱིར་ཏེ། ངག་དང་ཡིད་ཀྱི་ལས་གཉིས་ནི་ཀུན་ཏུ་རྟོག་པ་ཙམ་ཁོ་ན་ཡིན་ཏེ། ཁ་ན་མ་ཐོ་བ་ཆེན་པོ་དང་བཅས་པ་མ་ཡིན་པར་སེམས་སོ་ཞེའོ། །དེ་དག་ལ་ཞེས་བྱ་བ་ནི་དེ་སྐད་ཅེས་ཟེར་བ་དག་ལའོ། །དེ་གཉིས་ཀྱང་ཞེས་བྱ་བ་ནི་ལུས་དང་ངག་གི་ལས་

གཉིས་སུ་བསྟན་པ་འདི་ནི་དེ་ལྟ་བུའི་ཕྱིར་ཡིན་ནོ་ཞེས་བསྒྲུབས་ནས། ད་ནི་ལུས་ཀྱི་སྒྲའི་བརྗོད་པར་བྱ་བ་བསྟན་པའི་ཕྱིར། ལུས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དབང་པོ་དང་བཅས་པའི་ཁོག་པ་ཞེས་བྱ་བ་ནི་མདོར་བསྟན་པ་ཡིན་ནོ། །འབྱུང་བ་དང་འབྱུང་བ་ལས་གྱུར་པ་
འདུས་པའི་ཁྱད་པར་ཞེས་བྱ་བས་ནི་དེ་ཉིད་རྒྱས་པར་བསྟན་པ་ཡིན་ནོ། །ལས་ནི་ཞེས་བྱ་བ་ལ་སོགས་པས་ནི་ལས་ཀྱི་སྒྲའི་བརྗོད་པར་བྱ་བ་བསྟན་ཏོ། །བསགས་པའི་དོན་གྱིས་ཏེ་ཞེས་བྱ་བ་ལ་སོགས་པ་འདིས་ནི་ལུས་ཀྱི་སྒྲ་བསྡུས་པ་བསྟན་ཏོ། །ཇི་ལྟར་བསགས་པའི་དོན་གྱིས་ཤེ་ན། དེའི་ཕྱིར། འབྱུང་བ་དང་ཞེས་
བྱ་བ་ལ་སོགས་པ་གསུངས་སོ། །ཁ་ཅིག་ན་རེ་ཞེས་བྱ་བ་ནི་སྨྲ་བ་ཁ་ཅིག་གོ། །ངན་པ་བསགས་པའི་དོན་གྱིས་ཏེ་ཞེས་བྱ་བ་ནི་སྨད་པའི་དོན་གྱིས་སོ། །ཇི་ལྟར་སྨད་པ་ཡིན་ཞེ་ན། དེའི་ཕྱིར། མི་གཙང་བའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཕྱོགས་འདི་གླགས་དང་བཅས་པའི་ཕྱིར་སློབ་དཔོན་གྱིས་དེ་དག་གི་
ལྟར་ན་ཞེས་བྱ་བ་ལ་སོགས་པས་སུན་དབྱུང་བ་གསུངས་ཏེ། གང་དག་ངན་པའི་དོན་གྱིས་ལུས་ཡིན་པར་འདོད་པ་དེ་དག་གི་ལྟར་ན་ལྷའི་ལུས་ནི་ལུས་སུ་མི་འགྱུར་ཏེ། ལུས་ཀྱི་ཕྱི་ནང་དང་བཅས་པ་ཡིད་དུ་འོང་བ་ཡིན་པའི་ཕྱིར་རོ། །བྱེད་པ་པོའི་ཞེས་བྱ་བ་ལ་སོགས་པས་ནི་ལས་ཀྱི་སྒྲ་བསྒྲུབ་པ་ཡིན་ནོ། །ལུས་གཡོ་བར་བྱེད་
པའི་ཞེས་བྱ་བ་ལ་སོགས་པས་ནི་ལུས་ཀྱི་ལས་ཀྱི་སྒྲ་བསྒྲུབ་པ་ཡིན་ནོ། །གལ་ཏེ་ལུས་གཡོ་བར་བྱེད་པ་ཡིན་ན་དེ་ཇི་ལྟར་ལུས་ཀྱི་ལས་ཞེས་བྱ་སྟེ། དེ་ལྟ་ན་ལུས་གཡོ་བར་བྱེད་པའི་ལས་ཞེས་དེ་སྐད་བྱ་དགོས་སོ་ཞེས་བྱ་བའི་ཕྱོགས་སྔ་མས་དོགས་ནས་དེའི་ཕྱིར་དེའི་གཞུང་གཟུགས་པའི་ཕྱིར། སེམས་པ་ནི་རྣམ་པ་གསུམ་སྟེ་
ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིས་ཀྱང་རེ་ཞིག་སེམས་པ་ཁོ་ན་རྣམ་པར་འབྱེད་པ་དེ། ལན་ནི་ཕྱིས་འདེབས་སོ། །འགྲོ་བར་བྱེད་པ་ཞེས་བྱ་བ་ནི་གང་གིས་འགྲོ་བར་བྱེད་པ་སྟེ། འདི་དང་འདིས་འགྲོ་བར་བྱེད་དོ་ཞེས་སེམས་པ་གང་ཡིན་པའོ། །ངེས་པར་བྱེད་པ་ཞེས་བྱ་བ་ནི་འདི་དང་འདི་ལྟ་བུ་ཞིག་ནི་བྱའོ། །འདི་
ལྟ་བུ་ཞིག་ནི་མི་བྱའོ་ཞེས་དེ་ལྟར་དཔྱོད་པའི་རྣམ་པར་ཞུགས་པའི་ཕྱིར་རོ། །གཡོ་བར་བྱེད་པ་ཞེས་བྱ་བ་ནི་ངེས་པར་བྱས་ནས་དུས་ཕྱིས་ཏེ་ཞེས་བྱ་བའི་ཚེའི་སེམས་པ་གང་ཡིན་པའོ། །དེ་ཉིད་གང་གིས་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །འོ་ན་སྐད་ཅིག་པ་ཡིན་པའི་ཕྱིར་ཇི་ལྟར་དེས་ལུས་གཡོ་བར་བྱེད་ཅེ་ན། དེའི་ཕྱིར་

དེ་དང་ལྡན་པའི་རྒྱུད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་པ་དེ་དང་འབྲེལ་པའི་རྒྱུད་གང་ཡིན་པ་དེ་ནི་དེ་དང་ལྡན་པའི་རྒྱུད་དེ་གང་ཡོད་ན་དེ་སྐྱེ་བའོ། །དེ་དང་ལྡན་པའི་རྒྱུད་ཡུལ་གཞན་དུ་འབྱུང་བ་གང་ཡིན་པ་དེའི་རྒྱུར་གྱུར་པའི་རླུང་གང་ཡིན་པ་དེ་བསྒྲུབས་པས་ཞེས་བྱ་བའི་ཐ་ཚིག་གོ། །སེམས་པ་རྣམ་
པར་ཕྱེ་ནས་ད་ནི་ཞེས་བྱ་བ་ལ་སོགས་པས་ཇི་ལྟར་ན་ལུས་གཡོ་བར་བྱེད་པའི་ལས་ལུས་ཀྱི་ལས་ཡིན་པ་དེ་ལྟ་བུར་སྟོན་ཏོ། །བར་གྱི་ཚིག་མི་མངོན་པར་བྱས་པའི་ཕྱིར་ཞེས་བྱ་བ་ནི་གཡོ་བར་བྱེད་པའི་ཚིག་མི་མངོན་པར་བྱས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །སྨན་པ་ལའི་འབྲུ་མར་ལྟ་བུ་ཞེས་བྱ་བ་ནི་སྨན་པ་ལ་
དང་བཙོས་པའི་འབྲུ་མར་ལ་སྨན་པ་ལའི་འབྲུ་མར་ཞེས་བར་གྱི་ཚིག་མི་མངོན་པར་བྱས་པའི་ཕྱིར་རོ། །སྨན་པ་ལའི་ཚིག་གིས་ནི་འདིར་སྨན་པ་ཊུ་ལ་ཡིན་པར་རིག་པར་བྱའོ། །རྡུལ་གྱི་རླུང་ཞེས་བྱ་བ་བཞིན་ནོ་ཞེས་བྱ་བ་ནི་རྡུལ་འཐུལ་བར་བྱེད་པའི་རླུང་ནི་རྡུལ་གྱི་རླུང་ངོ་། །དཔེ་སྣ་ཚོགས་པ་སྨོས་པ་ནི་དོན་འདི་
གསལ་བར་བྱ་བའི་ཕྱིར་རོ། །ལུས་ཀྱི་ལས་ཀྱི་སྒྲ་བསྒྲུབ་པ་འདིས་ནི་མདོའི་ཚིག་འདི་ཉིད་གསལ་བར་ནུས་སམ་ཞེས་བྱ་བ་ལ་སོགས་པ་སྔར་བརྩད་པ་གང་ཡིན་པ་དེའི་ལན་བཏབ་བར་རིག་པར་བྱ་སྟེ། སེམས་པའི་ཁྱད་པར་ཁོ་ན་ལ་དེ་ལྟ་བུར་བརྗོད་པའི་ཕྱིར་རོ། །ལན་འདི་ནི་ཕྱི་མ་ངག་གི་ལས་ལ་ཡང་བལྟ་
བར་བྱའོ། །སེམས་པའི་ཁྱད་པར་ཁོ་ན་ལ་ལུས་ལ་སོགས་པའི་ལས་རྣམ་པར་གཞག་པ་དང་། འདིར་ཡང་གཞན་གྱིས་འགལ་བར་བསྟན་པའི་ཕྱིར། ལས་ཀྱི་ལམ་རྣམས་ལས་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་སྐད་ཅེས་བྱ་བར་འགྱུར་ཞེ་ན་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པ་ཞེས་བྱ་བར་
རོ། །འདི་སྐད་དུ་ལས་ཀྱི་ལམ་རྣམས་ཀྱི་ནང་ནས་སྲོག་གཅོད་པ་ལ་སོགས་པས་ལུས་ཀྱི་ལས་རྣམ་པ་གསུམ་དུ་རྣམ་པར་ཕྱེ་ལ། ཁྱེད་ཀྱི་ལུགས་ཀྱིས་ནི་ལུས་ཀྱི་ལས་ཀྱང་སེམས་པ་ལ་བྱ་བས་དེའི་ཕྱིར་ཇི་ལྟར་ན་དེ་ལ་དེ་ལྟར་ཐ་སྙད་གདགས་ཏེ། དེས་ནི་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང་། འདོད་པ་བུད་
མེད་རྣམས་ལ་ལོག་པར་གཡེམ་པར་མི་བྱེད་ཀྱི། འོན་ཀྱང་ལུས་ཀྱི་རྣམ་པར་རིག་བྱེད་ཀྱིས་དེ་ལྟ་བུར་བྱེད་དོ་ཞེས་བསྟན་པ་ཡིན་ནོ། །དེས་དེ་ཞེས་བྱ་བ་ལ་སོགས་པས་ནི་སློབ་དཔོན་གྱིས་ལན་བསྟན་པ་ཡིན་ཏེ། དེས་ཞེས་བྱ་བ་ནི་སེམས་པས་སོ། །དེས་བསྐྱེད་པའི་ཞེས་བྱ་བ་ལ་སོགས་པས་ནི་ཚིག་སྨོས་པ་འདི་ཉིད་

འགྲེལ་པ་ཡིན་ནོ། །ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ནི་ཇི་ལྟར་ཆོམ་རྐུན་གྱིས་སྦར་བའི་མེས་གྲོང་བསྲེགས་པ་དང་། དེ་བཞིན་དུ་རྩྭ་ལས་བྱུང་བའི་མེས་འབྲས་ཆན་ཚོས་པ་ན་ཆོམ་རྐུན་རྣམས་ཀྱིས་གྲོང་བསྲེགས་པ་དང་། རྩྭས་འབྲས་ཆན་ཚོས་ཞེས་ཟེར་ཏེ། འདིར་ཡང་དེ་བཞིན་ནོ་ཞེས་
བྱ་བའི་ཐ་ཚིག་གོ། །ཇི་ལྟར་ན་ཞེས་བྱ་བ་ལ་སོགས་པ་ལ། འདིར་གཞན་གྱི་བསམ་པ་ནི་གང་གི་ལྟར་ན་སྲོག་གཅོད་པ་ལ་སོགས་པ་ལུས་དང་ངག་གི་ལས་ཀྱི་རང་བཞིན་ཡིན་པ་དེའི་ལྟར་ན་ནི་ལུས་དང་ངག་ལས་ཀྱི་རང་བཞིན་ཡིན་པའི་ཕྱིར་ལས་སེམས་པ་ཞེས་བྱ་བའི་ལས་ཀྱི་ལམ་ཉིད་དུ་རིགས་ཀྱི། གང་གི་ལྟར་
ན་སེམས་པ་ཉིད་ལུས་ལ་སོགས་པའི་ལས་ཡིན་པ་དེའི་ལྟར་ན་ལས་ཀྱི་ལམ་དུ་མི་རིགས་སོ་ཞེས་བྱ་བ་འདི་ཡིན་ནོ། །དེ་ནི་ལས་ཀྱང་ཡིན་ལ་ཞེས་བྱ་བ་ལ་སོགས་པས་ནི་སློབ་དཔོན་གྱིས་ལམ་བསྟན་པ་ཡིན་ནོ། །ལས་ཀྱང་ཡིན་ལ་ཞེས་བྱ་བ་ནི་སེམས་པ་ནི་རང་གི་ལས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །བདེ་འགྲོ་
དང་ངན་འགྲོ་གཉིས་ཀྱི་ལམ་ཡང་ཡིན་པས་ན་ཞེས་བྱ་བ་ནི་དགེ་བ་ལ་སོགས་པའི་རང་བཞིན་དེས་བདེ་འགྲོ་དང་ངན་འགྲོར་འགྲོ་བའི་ཕྱིར་རོ། །ལུས་གཡོ་བ་ཞེས་བྱ་བ་ལ་སོགས་པ་འདིས་ནི་སེམས་པ་ལས་ལོགས་ཤིག་ན་ལས་ཀྱི་ལམ་གཞན་ཞིག་ཡོད་པ་ཉིད་དུ་སྒྲུབ་པར་བྱེད་དེ། ལུས་འགུལ་བར་སྣང་བའི་
ཤེས་པ་ནི་འདིར་ལུས་གཡོ་བ་ཡིན་ནོ། །དེ་ནི་ལས་ཀྱི་ལམ་ཡིན་ཏེ། ལུས་ཀྱི་ལམ་ནི་ལས་ཀྱི་ལམ་ཡིན་པའི་ཕྱིར་རོ། །ཇི་ལྟར་ན་དེ་ལས་ཀྱི་ལམ་ཡིན་ཞེ་ན། དེའི་ཕྱིར། སེམས་པ་ཞེས་བྱ་བའི་ལས་རྣམ་པ་གསུམ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་བརྟེན་ནས་འཇུག་པའི་ཕྱིར་རོ་ཞེས་བྱ་བ་
ནི་ལུས་གཡོ་བ་ལ་དམིགས་ཏེ་འཇུག་པའི་ཕྱིར་རོ། །དེ་ནི་དེས་ཀྱང་ཞེས་བྱ་བ་ལ་སོགས་པ་འདིའི་ཕྱིར་ཡང་ལས་ཀྱི་ལམ་ཡིན་ཏེ། དེས་ཀྱང་ཞེས་བྱ་བ་ནི་སེམས་ཀྱིས་བསྐྱོད་པས་ལུས་གཡོ་བས་སོ། །གཞན་ཡང་འཇིག་རྟེན་དག་གི་རྗེས་སུ་མཐུན་པར་དེ་ནི་ཞེས་བྱ་བ་ལ་སོགས་པས་ནི་དེ་ནི་ལས་ཀྱི་ལམ་
ཞེས་བྱ་བ་འབའ་ཞིག་ཏུ་མ་ཟད་ཀྱི་འོན་ཀྱང་ལུས་ཀྱི་ལས་ཞེས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་ན་དེ་ལུས་ཀྱི་ལས་ཞེས་བྱ་ཞེ་ན། དེའི་ཕྱིར་འཇིག་རྟེན་དག་གི་རྗེས་སུ་མཐུན་པར་ཞེས་བྱ་བ་གསུངས་ཏེ། འཇིག་རྟེན་རྣམས་ལ་ཇི་ལྟར་སྣང་བ་དང་བསྟུན་པར་ཡིན་གྱི་དོན་དམ་པར་ནི་མ་ཡིན་ཏེ། སེམས་པའི་ཁྱད་

པར་ཁོ་ན་ལ་དེ་སྐད་ཅེས་བརྗོད་པའི་ཕྱིར་རོ། །དེ་ལ་དགེ་བ་དང་མི་དགེ་བ་ནི་ཡོད་ཀྱི་ཞེས་བྱ་བ་ནི་དོན་དམ་པར་ན་སེམས་པའི་ཁྱད་པར་ཁོ་ན་ལ་དགེ་བ་དང་མི་དགེ་བ་ལ་སོགས་པ་ཡོད་པའི་ཕྱིར་ལུས་གཡོ་བ་ལ་ནི་དེ་ལྟ་བུ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འདོགས་པར་ནི་བྱེད་དེ་ཞེས་བྱ་བ་ནི་མེད་མོད་ཀྱི་འོན་ཀྱང་འདོགས་
པར་ནི་བྱེད་དོ། །ཅིའི་ཕྱིར་འདོགས་ཤེ་ན། དེའི་ཕྱིར། དེའི་སྒོ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་སྒོ་ནས་ཞེས་བྱ་བ་ནི་སེམས་པའི་རྟེན་ལུས་གཡོ་བའི་སྒོ་ནས་ཞེས་བྱ་བའི་ཐ་ཚིག་གོ། །སེམས་པ་དེ་ལ་ཞེས་བྱ་བ་ནི་ལུས་གཡོ་བ་དང་འབྲེལ་པའི་སེམས་པ་དགེ་བ་ལ་སོགས་པ་ལའོ། །འཇིག་རྟེན་འཇུག་
པ་དང་ལྡོག་པར་གཟུད་པའི་ཕྱིར་རོ་ཞེས་བྱ་བ་ནི་དགེ་བ་རྣམས་ལ་ནི་འཇུག་པར་གཟུད་པའི་ཕྱིར་ལ། མི་དགེ་བ་རྣམས་ལ་ནི་ལྡོག་པར་གཟུད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་སེམས་པ་ཁོ་ན་ལས་ཞེས་བྱ་བ་ལ་སོགས་པས་ནི་གཞན་དག་མདོ་དང་འགལ་བར་སྟོན་པ་ཡིན་ནོ། །རྣམ་པ་
གསུམ་ནི་སྲོག་གཅོད་པ་ལ་སོགས་པའི་ཁྱད་པར་གྱིས་སོ། །ཆེད་དུ་བསམས་ནས་ཞེས་བྱ་བ་ནི་ཆེད་དུ་བསམས་ནས་ཡིན་གྱི། བབ་ཅོལ་ལ་སོགས་པར་ནི་མ་ཡིན་པའོ། །སྡུག་བསྔལ་འབྱུང་བ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་རྒྱུར་གྱུར་པའི་ཕྱིར་ན་སྡུག་བསྔལ་ཀུན་འབྱུང་བ་ཡིན་ནོ། །སྡུག་བསྔལ་གྱི་རྣམ་པར་
སྨིན་པ་ཅན་ཞེས་བྱ་བ་ནི་འབྲས་བུ་སྡུག་བསྔལ་ཡིན་པའི་ཕྱིར་སྡུག་བསྔལ་གྱི་འབྲས་བུ་ཅན་ཡིན་ནོ། །བྱས་ཤིང་ཞེས་བྱ་བ་ནི་ཀུན་ཏུ་སྤྱད་པའོ། །བསགས་པ་ཡིན་ཞེས་བྱ་བ་ནི་བརྟས་པ་དང་འཕེལ་བར་བྱས་ཞེས་བྱ་བའི་ཐ་ཚིག་གོ། །མདོ་འདི་ལས་ནི་ལུས་ཀྱིས་ཞེས་འབྱུང་བ་དེ་དང་འགལ་ལོ། །སྒོ་ཞེས་བྱ་བ་ལ་སོགས་
པ་འདི་ནི་སློབ་དཔོན་གྱིས་ལན་བཏབ་པ་ཡིན་ཏེ། ལུས་ཀྱི་སྒོ་ནས་སེམས་པ་ཁོ་ནས་བྱས་པ་ལ་ལུས་ཀྱི་བྱ་བ་ཞེས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །སྒོ་དང་། རྟེན་དང་། དམིགས་པ་ནི་འོག་མ་འོག་མས་བཤད་པའམ། རྣམ་གྲངས་སུ་རིག་པར་བྱའོ། །ཅི་སྟེ་གཞན་དག་གལ་ཏེ་ལུས་ལ་སོགས་པའི་ལས་ཀྱང་
སེམས་པ་ཁོ་ན་ཡིན་ན། འོ་ན་ཡིད་ཀྱི་ལས་དང་དེ་ཁྱད་པར་ཅི་ཡོད་སྙམ་དུ་སེམས་སུ་དོགས་ནས། དེ་ལས་གཞན་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་གཡོ་བ་ལ་སོགས་པ་ལ་བརྟེན་པའི་སེམས་པ་ལས་གཞན་པ་གང་ཡིན་པ་སྟེ། གང་ཞིག་ལུས་ལ་སོགས་པ་ལ་དམིགས་པར་ཞུགས་པ་མ་

ཡིན་པའོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་ན་དེ་ཡིད་ཀྱི་ལས་ཞེས་བྱ་ཞེ་ན། དེའི་ཕྱིར། ཡིད་དང་མཚུངས་པར་ལྡན་པའི་ཕྱིར། །ཞེས་བྱ་བ་གསུངས་ཏེ། ཡིད་ཙམ་ཁོ་ན་དང་མཚུངས་པར་ལྡན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་ན་དེ་ཙམ་ཁོ་ན་དང་མཚུངས་པར་ལྡན་ཞེ་ན།
དེའི་ཕྱིར། ལུས་དང་ངག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །འོ་ན་ཞེས་བྱ་བ་ལ་སོགས་པས་ནི་གཞན་དག་འགལ་བ་གཞན་སྟོན་པ་ཡིན་ནོ། །འོ་ན་ཅི་སྟེ་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ནི་འོ་ན་ཅིའི་ཕྱིར་ཞེས་བྱ་བའི་ཐ་ཚིག་སྟེ། བསམ་པ་ནི་ལོགས་ཤིག་ནས་ལས་གཞན་ཞིག་མེད་པ་མ་ཡིན་པ་དེའི་ལྟར་ན་
སེམས་པས་ལུས་དང་ངག་གི་ལས་ཀྱི་རང་བཞིན་དུ་བྱས་པའི་ཕྱིར་བསམས་པའི་ཞེས་བྱ་བར་རིགས་ཀྱི། གང་གི་ལྟར་ན་སེམས་པ་ཉིད་ལུས་ལ་སོགས་པའི་ལས་ཡིན་པ་དེའི་ལྟར་ན་སེམས་པར་བྱེད་པར་མི་རིགས་ཏེ། དེ་ཉིད་ཀྱིས་དེ་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་འདི་ཡིན་ནོ། །སྔར་སེམས་པ་ཞེས་བྱ་བ་ལ་སོགས་པས་
ནི་སློབ་དཔོན་གྱིས་ལན་བཏབ་པ་ཡིན་ནོ། །སྔར་སེམས་པ་རྣམ་པ་གསུམ་བཤད་པ་ཞེས་བྱ་བ་ནི་འགྲོ་བར་བྱེད་པའི་སེམས་པ་ཞེས་བྱ་བ་ལ་སོགས་པའི་དབྱེ་བས་སོ། །དེ་ལས་གཉིས་ཀྱིས་ནི་ཞེས་བྱ་བ་ནི་འགྲོ་བར་བྱེད་པ་དང་། ངེས་པ་གཉིས་ཀྱིས་སོ། །གསུམ་པ་ནི་རབ་ཏུ་འཇུག་པར་བྱེད་པས་ཞེས་བྱ་བ་ནི་
གཡོ་བར་བྱེད་པས་སོ། །དེ་ནི་ཞེས་བྱ་བ་ནི་གཡོ་བར་བྱེད་པའི་སེམས་པའོ། །དེ་ལྟར་ལུས་ལ་སོགས་པའི་ལས་རྒྱ་ཆེར་རྣམ་པར་ཕྱེ་ནས། ད་ནི་ངག་གི་ལས་རྣམ་པར་བཤད་པར་བཞེད་ནས། ངག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དབྱངས་ཀྱི་ཁྱད་པར་གང་གིས་དོན་གོ་བར་བྱེད་པའོ་
ཞེས་བྱ་བ་ནི། ཀྱེ་མ་འདུ་བྱེད་རྣམས་མི་རྟག །ཅེས་བྱ་བ་ལ་སོགས་པའོ། །དེ་སློང་བར་བྱེད་པ་ཞེས་བྱ་བ་ནི་ངག་སློང་བར་བྱེད་པའོ། །ཡི་གེ་ཞེས་བྱ་བ་ལ་སོགས་པས་ནི་ངག་རྣམ་པ་གཞན་དུ་སྒྲུབ་པ་བསྟན་ཏོ། །ཡི་གེའི་རྣམ་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་ཡི་གེའི་རང་བཞིན་ཡིན་པའི་ཕྱིར་ན་ངེས་པའི་ཚིག་
གི་ཚུལ་གྱིས་དབྱངས་ལ་ངག་ཡོད་ཅེས་བྱའོ། །འདོད་པའི་དོན་རྗོད་པར་བྱེད་པས་ན་ཞེས་བྱ་བ་ནི་འདོད་པའི་དོན་ཏེ་བརྗོད་པར་འདོད་པའི་དོན་གཞན་ལ་རྗོད་པར་བྱེད། རབ་ཏུ་སྟོན་པར་བྱེད་པས་སོ། །འདིར་ཡང་ངེས་པའི་ཚིག་གི་ཚུལ་ཉིད་ཀྱིས་དབྱངས་ལ་ངག་ཅེས་བྱའོ། །སྔ་མ་བཞིན་དུ་ཞེས་བྱ་བ་ནི་ཇི་ལྟར་ལུས་ཀྱི་ལས་

བསྟན་པར་བྱེད་པ་པོའི་ཡིད་མངོན་པར་འདུ་བྱེད་པ་ནི་ལས་སོ་ཞེས་ལས་བསྒྲུབས་པ་དེ་ཉིད་འདིར་ཡང་བལྟ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །སྔ་མ་བཞིན་དུ་བར་གྱི་ཚིག་མི་མངོན་པར་བྱས་པའི་ཕྱིར་རོ་ཞེས་བྱ་བ་ནི་ཇི་ལྟར་ལུས་ཀྱི་ལས་ནི་སྨན་པ་ལའི་འབྲུ་མར་ལྟ་བུ་དང་རྡུལ་གྱི་རླུང་ཞེས་བྱ་བ་བཞིན་ཏེ། བར་གྱི་ཚིག་མི་
མངོན་པར་བྱས་པའི་ཕྱིར་རོ་ཞེས་བསྒྲུབས་པ་དེ་བཞིན་དུ་ངག་གི་ལས་ལ་ཡང་བལྟ་བར་བྱའོ། །ངག་གི་ལས་བྱེ་བྲག་ཏུ་བསྒྲུབས་ནས། ད་ནི་ཡིད་ཀྱི་ལས་བསྒྲུབ་པ་རྣམ་པར་ཤེས་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྣམ་པར་ཤེས་པ་ནི་ཡིད་དེ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་
ལ་ཡིད་དུ་རིག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་ན་རྣམ་པར་ཤེས་པ་ལ་ཡིད་ཅེས་བྱ་ཞེ་ན། དེའི་ཕྱིར་ང་ཡིར་བྱས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ང་དང་ངའི་ཞེས་ང་ཡིར་བྱས་པའི་ཕྱིར་ཏེ། རང་གིར་བྱ་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །སྐྱེ་བ་གཞན་དང་ཞེས་བྱ་བ་ལ་སོགས་པ་འདིའི་
ཕྱིར་ཡང་རྣམ་པར་ཤེས་པ་ལ་ཡིད་དུ་རིག་པར་བྱའོ། །གཞོལ་བར་བྱེད་པའི་ཕྱིར་ཞེས་བྱ་བ་ནི་འབབ་པར་བྱེད་པའི་ཕྱིར་ཏེ། དེ་ནི་སེམས་དང་མཚུངས་པ་དང་ལྡན་པར་བྱ་བའི་ཕྱིར་ལྷ་ལ་སོགས་པའི་རིས་མཐུན་པའི་སྐྱེ་བ་གཞན་དང་གཟུགས་ལ་སོགས་པ་ཡུལ་ལ་འཇུག་པར་བྱེད་པས་སོ། །ལྷག་མ་ནི་སྔར་ཇི་སྐད་
བསྟན་པ་བཞིན་ནོ་ཞེས་བྱ་བ་ལ། ལྷག་མ་ནི་ལས་དང་ཡིད་ཀྱི་ལས་ཏེ། དེ་ནི་སྔར་བསྟན་ཏེ། འདི་ལྟར་བྱེད་པ་པོའི་ཡིད་མངོན་པར་འདུ་བྱེད་པ་ནི་ལས་སོ་ཞེས་བྱ་བ་འདིས་ནི་ལས་བསྟན་ཏོ། །དེ་བཞིན་དུ་ལུས་དང་ངག་རབ་ཏུ་འཇུག་པར་མི་བྱེད་པའི་ཕྱིར་ཡིད་དང་མཚུངས་པར་ལྡན་པའི་ལས་ནི་ཡིད་ཀྱི་ལས་ཞེས་
བྱ་བ་འདིས་ཀྱང་མཚུངས་པར་ལྡན་པའི་སྒྲ་མི་མངོན་པར་བྱས་པའི་ཕྱིར་ཡིད་ཀྱི་ལས་ཞེས་བསྟན་པ་ཡིན་ནོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་ནི་གཞན་དག་རྒོལ་བར་བྱེད་པ་ཡིན་ནོ། །དེ་ལ་སེམས་རྣམ་པར་གཡེངས་པ་དག་ནི་སྡོམ་པ་ལ་སོགས་པ་ལེན་པའི་སེམས་ལས་གཞན་པའི་སེམས་གང་དག་
ཡིན་པའོ། །སེམས་མེད་པ་དག་ནི་སེམས་ཡོད་པ་མ་ཡིན་པའོ། །སེམས་དེ་མེད་ན་ཞེས་བྱ་བ་ནི་ལུས་དང་ངག་གི་ལས་ཀྱི་རང་བཞིན་གྱིས་སེམས་པ་མེད་པའོ། །སྡོམ་པ་དང་སྡོམ་པ་མ་ཡིན་པ་གཉིས་ཇི་ལྟར་ཡོད་ཅེ་ན་ཞེས་བྱ་བ་ནི་མེད་པ་ཁོ་ན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །སེམས་པའི་ཁྱད་

པར་གྱི་ཞེས་བྱ་བ་ལ་སོགས་པས་ནི་ལན་འདེབས་པ་ཡིན་ནོ། །སེམས་པའི་ཁྱད་པར་ནི་སེམས་པའི་ཁྱད་པར་རོ། །དེའི་བག་ཆགས་ནི་སེམས་པའི་ཁྱད་པར་གྱི་བག་ཆགས་སོ། །དེ་མ་བཅོམ་པ་ནི་སེམས་པའི་ཁྱད་པར་གྱི་བག་ཆགས་མ་བཅོམ་པ་སྟེ་དེའི་ཕྱིར་རོ། །
ཅི་ཞེ་ན། དེའི་ཕྱིར། སྡོམ་པ་དང་སྡོམ་པ་མ་ཡིན་པ་གཉིས་ཏེ། ཡོད་པར་འགྱུར་རོ་ཞེས་བྱ་བ་ལྷག་མའོ། །གལ་ཏེ་ན་སེམས་པའི་ཁྱད་པར་ཞེས་བྱ་བ་ལ་སོགས་པའི་ཚིག་ལ་ཅིའི་ཕྱིར་ཁྱད་པར་སྨོས་པ་བྱས་སྙམ་དུ་སེམས་པས་དེའི་ཕྱིར། ཁྱད་པར་སྨོས་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
གང་ལས་ཞེས་བྱ་བ་ནི་སེམས་པའི་ཁྱད་པར་ལས་སོ། །སྡོམ་པ་དང་སྡོམ་པ་མ་ཡིན་པའི་རྣམ་པར་རིག་བྱེད་མ་ཡིན་པ་ཀུན་ནས་ལྡང་བར་བརྟགས་པའི་ཞེས་བྱ་བ་ནི་སྡོམ་པ་དང་སྡོམ་པ་མ་ཡིན་པའི་རང་བཞིན་གྱི་རྣམ་པར་རིག་བྱེད་མ་ཡིན་པ་གང་ཡིན་པ་དེ་ནི་སྡོམ་པ་དང་སྡོམ་པ་མ་ཡིན་པའི་རྣམ་པར་རིག་བྱེད་
མ་ཡིན་པ་སྟེ་གང་ལས་དེ་ཀུན་ནས་ལྡང་ཞིང་འབྱུང་བར་བརྟགས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་བག་ཆགས་བཅོམ་པ་ཅི་ཞེ་ན་ཞེས་བྱ་བ་འདིས་ནི་གཞན་དག་བཅོམ་པའི་དོན་འདྲི་བ་ཡིན་ནོ། །སྤོང་བ་དང་ཞེས་བྱ་བ་ལ་སོགས་པས་ནི་སློབ་དཔོན་གྱིས་སྟོན་པ་ཡིན་ནོ། །ཇི་ལྟར་ཁས་བླངས་པ་ཞེས་
བྱ་བ་ནི་གང་ཞིག་ཉིན་ཞག་གཅིག་པའམ་ཇི་སྲིད་འཚོ་བ་དེ་ལྟ་བུ་ཁས་ལེན་པའོ། །སྤོང་བ་དང་སྤོང་བ་མ་ཡིན་པའི་སེམས་པ་ཞེས་བྱ་བ་དེ་ལ་སྡོམ་པ་ནོད་པའི་སེམས་པ་ནི་སྤོང་བའི་སེམས་པའོ། །སྤོང་བ་མ་ཡིན་པའི་སེམས་པ་ནི་སྡོམ་པ་མ་ཡིན་པ་ནོད་པའི་སེམས་པའོ། །རྒྱུ་མ་ཡིན་པ་ཉིད་དོ་ཞེས་བྱ་བ་ནི་
ཇི་ལྟར་སྔོན་བག་ཆགས་དེ་སེམས་པ་འཇུག་པའི་རྒྱུ་ཡིན་པ་དེ་ལྟར་རྒྱུ་མ་ཡིན་པ་ཉིད་དོ། །ཅི་ཞེ་ན། དེ་བཅོམ་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །གང་གིས་ཞེས་བྱ་བ་ལ་སོགས་པ་ནི་གཞན་བཅོམ་པའི་རྒྱུ་འདི་འདྲི་བ་ཡིན་ནོ། །སྡོམ་པ་དང་སྡོམ་པ་མ་ཡིན་པ་ཞེས་བྱ་བ་ལ་སོགས་པས་ནི་སློབ་དཔོན་
གྱིས་དེའི་རྒྱུ་སྟོན་པ་ཡིན་ནོ། །སྡོམ་པ་དང་སྡོམ་པ་མ་ཡིན་པ་ནི་སྡོམ་པ་དང་སྡོམ་པ་མ་ཡིན་པ་དག་གོ། །དེ་གཉིས་གཏོང་བ་ནི་སྡོམ་པ་དང་སྡོམ་པ་མ་ཡིན་པ་གཏོང་བའོ། །དེའི་རྒྱུ་ནི་སྡོམ་པ་དང་སྡོམ་པ་མ་ཡིན་པ་གཏོང་བའི་རྒྱུའོ། །དེ་ནི་སྡོམ་པ་དང་སྡོམ་པ་མ་ཡིན་པ་གཏོང་བའི་རྒྱུ་ཡང་ཡིན་ལ། རྣམ་

པར་རིག་བྱེད་ཀྱང་ཡིན་པས་སྡོམ་པ་དང་སྡོམ་པ་མ་ཡིན་པ་གཏོང་བའི་རྒྱུ་རྣམ་པར་རིག་བྱེད་དོ། །དེ་གང་ཞེ་ན། བསླབ་པ་གཏོང་བའི་རྣམ་པར་རིག་བྱེད་དང་། དེ་ཀུན་དུ་སྤྱོད་པའི་རྣམ་པར་རིག་བྱེད་དོ། །གཏོང་བའི་རྒྱུར་གྱུར་པའི་རྣམ་པར་རིག་བྱེད་དེ་ཀུན་ནས་སློང་བར་བྱེད་པའི་སེམས་པ་གང་ཡིན་པ་སྟེ། དེས་
བག་ཆགས་ཉམས་པར་བྱས་པས་སོ། །དེ་ལས་གཞན་པའི་གཏོང་བའི་རྒྱུས་སོ་ཞེས་བྱ་བ་ནི་དགེ་བའི་རྩ་བ་ཆད་པ་ལ་སོགས་པའོ། །སྔར་ཅིའི་ཕྱིར་ལུས་ལ་སོགས་པའི་ལས་ཁོ་ན་ཞེས་བྱ་བའི་མིག་ལ་སོགས་པའི་ལས་རྣམས་ནི་མ་ཡིན་ནོ་ཞེས་བསྟན་པ་གང་ཡིན་པ་དེ་ལ། ལན་ནི་མིག་ལ་སོགས་པའི་
ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། འདིར་རྩོལ་བ་ཅན་ཞེས་བྱ་བ་ནི་དགེ་བ་ལ་སོགས་པ་མངོན་པར་འདུ་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །རྩོལ་བ་ཅན་གྱི་ལས་ཅི་ཡིན་ཞེ་ན་ཞེས་བྱ་བ་འདི་སྨྲ་བ་ནི་གཞན་ནོ། །བྱེད་པ་པོའི་ཡིད་མངོན་པར་འདུ་བྱེད་པ་གང་ཡིན་པའོ་ཞེས་བྱ་བ་གསུང་བ་ནི་སློབ་དཔོན་ནོ། །
བྱེད་པ་ཅི་ཡིན་ཞེ་ན་ཞེས་བྱ་བ་ནི་གཞན་གྱི་སྐབས་སུ་མིག་ལ་སོགས་པའི་བྱེད་པ་འདྲི་བ་ཡིན་ནོ། །སོ་སོའི་ནུས་པ་ཡོད་པའོ་ཞེས་བྱ་བ་འདིས་ནི་སློབ་དཔོན་གྱིས་ལན་གསུངས་པ་ཡིན་ནོ། །སོ་སོའི་ཞེས་བྱ་བ་ནི་མིག་ལ་སོགས་པ་རེ་རེའོ། །ནུས་པ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་སྐྱེད་པར་
བྱེད་པ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་རབ་ཏུ་བྱེད་པ་རྒྱ་ཆེར་རྫོགས་པར་བྱས་ནས་བསོད་ནམས་ཡོད་པ་གང་ཡིན་པ་དེ་སེམས་ཅན་ཐམས་ཅད་གོ་འཕང་བླ་ན་མེད་པ་ཐོབ་པར་བྱ་བའི་ཕྱིར། སློབ་དཔོན་གྱིས། ལས་གསུམ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་བསྔོ་བ་གསུངས་པ་ཡིན་ནོ། །
ལས་གསུམ་ཞེས་བྱ་བ་ནི་ལུས་ལ་སོགས་པའི་ལས་གསུམ་མོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་གང་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའོ། །དེ་ཅི་ཞེ་ན། དེའི་ཕྱིར། མ་བཤད་ཅེས་བྱ་བ་གསུངས་ཏེ། རྣམ་པར་མ་ཕྱེ་བའོ། །སུས་ཤེ་ན། ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བ་
རྣམས་ཀྱིས་སོ་ཞེས་བྱ་བ་ཚིག་ལྷག་མའོ། །རྣམ་པ་གང་གིས་མ་བཤད་ཅེ་ན། དེའི་ཕྱིར་ཚུལ་གང་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་གིས་རྣལ་འབྱོར་སྤྱོད་པའི་ལུགས་ཀྱི་རྗེས་སུ་འབྲང་བ་ཇི་སྐད་བཤད་པའི་ཚུལ་གང་གི་ལས་གསུམ་རབ་ཏུ་འགྲུབ་པ་དེ་ལྟར་མ་བཤད་པ་ཞེས་བྱ་

བའི་ཐ་ཚིག་གོ། །རྣལ་འབྱོར་སྤྱོད་པ་རྣམས་ཀྱི་ལུགས་འདི་ཡང་རང་གི་བློས་དཔྱད་པ་ཡིན་པར་ནི་གོ་བར་མི་བྱའོ་ཞེས་དེ་ཀུན་བཀའ་སྩལ་པའི་ཞེས་བྱ་བ་གསུངས་ཏེ། ཚུལ་བཤད་མ་ཐག་པ་དེ་ཐམས་ཅད་ནི་བཅོམ་ལྡན་འདས་ཀྱིས་འཕགས་པ་དགོངས་
པ་ངེས་པར་འགྲེལ་པ་དང་། ལང་ཀར་གཤེགས་པ་ལ་སོགས་པའི་མདོ་སྡེ་དེ་དང་དེ་དག་ལས་རྒྱ་ཆེར་བཀའ་སྩལ་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །ལས་གྲུབ་འདི་ཞེས་བྱ་བ་ལ་སོགས་པ་ནི་བདག་གིས་ལས་གྲུབ་པ་འདི་བཤད་པར་བྱས་པའི་བསོད་ནམས་གང་ཡིན་པ་དེས་འགྲོ་བ་སངས་རྒྱས་པའི་
རྣམ་པར་དག་པ་ཐོབ་པར་གྱུར་ཅིག་ཅེས་བྱ་བ་ཡིན་ནོ། །རྣམ་པར་དག་པ་ནི་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་སྤང་བའི་ཁྱད་པར་ལས་རྣམ་པ་གཉིས་སོ། །བདག་གིས་ལས་གྲུབ་བཤད་པས་དེང་། །བསོད་ནམས་ཐོབ་པ་གང་ཡིན་དེས། །འགྲོ་བ་བློ་གྲོས་བཟང་པོ་ལས། །
ཡོང་ཡེ་གཡོ་བ་མེད་པར་ཤོག །ལས་གྲུབ་པའི་རབ་ཏུ་བྱེད་པའི་འགྲེལ་པ། སློབ་དཔོན་དཔལ་ནཱ་ལེན་དྲའི་གཙུག་ལག་ཁང་ཆེན་པོ་ན་གནས་པའི་དགེ་སློང་བློ་བཟང་ངང་ཚུལ་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིཾ་ཧ་དང་། ལོ་ཙཱ་བ་དགེ་
སློང་རྩངས་དེ་བེན་དྲ་རཀྵི་ཏས་བསྒྱུར་ཅིང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་དཔལ་བརྩེགས་ཀྱིས་ཞུས་ཏེ་གཏན་ལ་ཕབ་པ། ༄༅། །རྒྱ་གར་སྐད་དུ། མ་དྷྱ་མ་ཀཱ་ལང་ཀཱ་ར་བྲྀཏྟི་མ་དྷྱ་མ་པྲ་ཏི་པ་ད་སིདྡྷི་ནཱ་མ། བོད་སྐད་དུ། དབུ་མ་རྒྱན་གྱི་འགྲེལ་པ་དབུ་མའི་ལམ་
གྲུབ་པ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གྲངས་མེད་གསུམ་གྱིས་ངེས་འབྱུང་ཞིང་། །ཇི་སྲིད་འགྲོ་གནས་འགྲོ་དོན་དུ། །ཡང་དག་སྐུ་གསུམ་གྱིས་བཞུགས་པ། །ཐུབ་པ་ཁྱེད་ཀྱིས་རྟག་ཏུ་སྲུངས། །བྱམས་པ་ཐོགས་མེད་ཀྱིས་གསུངས་ཤིང་། །
ཀླུ་སྒྲུབ་ཀྱིས་ཀྱང་བཞེད་པ་ཡི། །ཚད་མ་ལུང་དང་ལྡན་པ་ཡིས། །བདེན་པ་གཉིས་འདིར་བཤད་པར་བྱ། །བདེན་པ་གཉིས་ཞེས་བྱ་བ་ནི་དོན་དམ་པའི་བདེན་པ་དང་། ཀུན་རྫོབ་ཀྱི་བདེན་པའོ། །དེ་ལས་འདི་བཤད་པར་ཞེས་བྱ་བ་འདིས་རབ་ཏུ་བྱེད་པ་བརྗོད་པར་བྱ་བ་བསྟན་ཏོ། །ལྷག་མས་ནི་དེ་

ཕྱིན་ཅི་མ་ལོག་པར་འཇིག་རྟེན་པའི་ཚད་མ་མངོན་སུམ་དང་རྗེས་སུ་དཔག་པ་དེས་གྲུབ་པ་ནི་གྲུབ་པ་ཁོ་ནའོ། །བཅོམ་ལྡན་འདས་ཀྱང་མཆོག་ཏུ་ཚད་མ་ཡིན་ཏེ། དེ་བས་ན་ལུང་ཡང་གཟུང་ངོ་། །ཚད་མ་ལུང་དང་ལྡན་པ་ཡིས། །ཞེས་བྱ་བ་ལ་ལུང་ནི་འདིར་ཐེག་པ་ཆེན་པོ་སྟེ། དེའི་ཡང་ཟབ་མོའི་དོན་ལ་འཕགས་པ་འབའ་
ཞིག་ཚད་མ་ཡིན་ཏེ། དེ་ནི་བྱམས་པ་ལ་སོགས་པས་གསུངས་པ་ཡིན་ནོ། །བཅོམ་ལྡན་འདས་བྱམས་པ་བྱང་ཆུབ་སེམས་དཔའི་མཐར་ཕྱིན་པ་དེ་མ་ཐག་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། འཕགས་པ་ཐོགས་མེད་ས་གསུམ་པ་དང་། འཕགས་པ་ཀླུ་སྒྲུབ་ནི་ས་དང་པོ་པ་ཡིན་
ཏེ། རབ་ཏུ་དགའ་བའི་ས་བསྒྲུབས་ནས། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་གསུངས་པའི་ཕྱིར་རོ། །བཅོམ་ལྡན་འདས་བྱམས་པས་གསུངས་ཤིང་ལེགས་པར་གསུངས་ལ། འཕགས་པ་ཐོགས་མེད་དང་། འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང་ཅི་མ་གསུངས་སམ། གསུངས་པ་སྨོས་པས་ནི་
རྒྱུན་མ་ཆད་པར་བསྟན་པའི་ཕྱིར་རོ། །བཞེད་པ་སྨོས་པས་ནི་དེས་ཕྱོགས་ཁ་ཅིག་ཏུ་བསྟན་པའི་ཕྱིར་དེས་ཕལ་ཆེར་རང་བཞིན་གཉིས་བསྟན་པར་གྲགས་སོ། །ཁ་ཅིག་ཏུ་གཞན་གྱི་དབང་ཁོ་ན་བསྟན་གྱི་ཅིའི་ཕྱིར་ཐམས་ཅད་དུ་མ་ཡིན། སྟོང་པ་ཉིད་བསྟན་པས་ཡང་དེ་མ་སྨྲས་ཀྱང་གྲུབ་པའི་
ཕྱིར་རོ། །གཞན་གྱི་དབང་མེད་ན་སྟོང་པ་ཉིད་ཆོས་ཉིད་དུ་མི་འགྱུར་ཏེ། རི་བོང་གི་རྭ་ལ་བྱེ་བྲག་ཏུ་བྱར་མེད་པ་བཞིན་ནོ། །གསལ་བའི་རང་བཞིན་རྣམས་མེད་ན། དེ་ཇི་ལྟར་འཕགས་པ་རྣམས་ཀྱིས་ཐུགས་སུ་ཆུད་པར་འགྱུར། བྱང་ཆུབ་ཀྱི་ཐབས་དབུ་མའི་ལམ་དེ་འདིར་ཇི་ལྟ་བུ་ཞིག་ཡིན་ཞེ་ན། གཉིས་
ཀྱི་བདག་ཉིད་ཐམས་ཅད་མེད། །གཉིས་སུ་འཁྲུལ་པའི་བདག་ཉིད་ཡོད། །དེ་ནི་སྟོང་པའི་བདག་ཉིད་དེ། །དབུ་མའི་ལམ་དུ་འདི་བཞེད་དོ། །ཞེས་བྱ་བ་སྨྲས་ཏེ། གཉིས་ནི་གཟུང་བ་དང་འཛིན་པའོ། །དེའི་བདག་ཉིད་ནི་རང་བཞིན་ནོ། །དེས་ཐམས་ཅད་མེད་པ་ནི་ཕུང་པོ་ལ་སོགས་པ་མེད་པའོ། །
གཉིས་མེད་པ་ལ་གཉིས་སུ་སྣང་བ་ནི་འཁྲུལ་པའོ། །དེ་ལ་བདག་ཉིད་ནི་ཕུང་པོ་ལ་སོགས་པ་གཉིས་པའོ། །དེའི་ཕྱིར་འདི་ནི་ཡོད་པ་ཉིད་དོ། །དེ་ལ་སྟོང་པ་ཉིད་ནི་གཉིས་ཀྱིས་སྟོང་པ་སྟེ། གཉིས་དང་བྲལ་བ་གཞན་གྱི་དབང་གི་བདག་ཉིད་ཕུང་པོ་ལ་སོགས་པ་གསུམ་པའོ། །དེས་ན་ཡང་འདི་དག་

ནི་ཡོད་པ་ཉིད་དོ། །དེ་ནི་དབུ་མའི་ལམ་ཞེས་བཞེད་དོ། །དང་པོའི་རང་བཞིན་གྱི་ཆོས་རྣམས་ནི་མེད་པའི་ཕྱིར་ལ། གཞན་དག་གིས་ནི་ཡོད་པའི་ཕྱིར་རོ། །འགའ་ཞིག་གིས་ནི་ཡོད་ལ། འགའ་ཞིག་མེད་པ་ནི་དབུ་མའི་དོན་ཞེས་བྱའོ། །འོ་ན་རང་བཞིན་དེ་དག་གི་
མིང་ཅི་ཞེས་བྱ། ཡང་གང་ལས་དེ་ནི་དེ་དག་གི་མིང་དུ་བཏགས་ཤེ་ན། ཀུན་བརྟགས་དང་ནི་གཞན་དབང་དང་། །ཡོངས་སུ་གྲུབ་པ་འདི་རྣམས་ནི། །བཏགས་དང་རྒྱུ་ལས་སྐྱེ་བ་དང་། །མི་འགྱུར་ཕྱིར་ན་གོ་རིམས་བཞིན། །ཞེས་བྱ་བ་སྨྲས་ཏེ། འདི་གསུམ་གྱི་རང་བཞིན་ནི་གོ་རིམས་
ཇི་ལྟ་བ་བཞིན་དུ་ཀུན་བརྟགས་དང་གཞན་དབང་དང་ཡོངས་སུ་གྲུབ་པ་ཞེས་བྱ་བའི་མིང་ཅན་ཏེ། འཁྲུལ་པ་ལ་སྒྲོ་བཏགས་པའི་ཕྱིར་དང་། རྒྱུ་ལས་སྐྱེ་བའི་ཕྱིར་དང་། མི་འགྱུར་བའི་ཕྱིར་གོ་རིམས་ཇི་ལྟ་བ་བཞིན་ནོ། །ཡང་གང་གཞན་གྱི་དབང་དེ་ཉིད་མེད་པ་ལ་སྒྲོ་འདོགས་པའི་ཕྱིར་ཡང་
དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་སྟེ། འཕགས་པ་བྱམས་པས་ཀྱང་དབུས་དང་མཐའ་རྣམ་པར་འབྱེད་པའི་བསྟན་བཅོས་ལས། ཡང་དག་མ་ཡིན་ཀུན་རྟོག་ཡོད། །དེ་ལ་གཉིས་པོ་ཡོད་མ་ཡིན། །སྟོང་པ་ཉིད་ནི་དེ་ལ་ཡོད། །དེ་ལ་ཡང་ནི་དེ་ཡོད་དོ། །སྟོང་པ་མ་ཡིན་མི་སྟོང་མིན། །
དེ་ལྟ་བས་ན་ཐམས་ཅད་བཤད། །ཡོད་པས་མེད་པས་ཡོད་པས་ན། །དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་གསུངས་སོ། །གཞན་དག་ནི་གཞན་དུ་དབུ་མའི་ལམ་སྨྲ་སྟེ། འདི་ལྟ་སྟེ་སྔོན་པོ་ལ་སོགས་པ་འདི་དག་ནི་མེད་པ་མ་ཡིན་ཏེ། ཉམས་སུ་མྱོང་བས་གྲུབ་པའི་ཕྱིར་རོ། །ཡོད་པ་མ་
ཡིན་ཏེ། རྣམ་པར་དཔྱད་ན་མི་བཟོད་པའི་ཕྱིར་རོ་ཞེ་ན། དེ་ནི་བདེན་པ་མ་ཡིན་ཏེ། གང་གི་ཕྱིར་ཞེ་ན། དེ་ཉམས་སུ་མྱོང་བས་ཉམས་སུ་མྱོང་བ་མེད་པ་འགལ་བས་སེལ་གྱི་བརྫུན་པ་ནི་མ་ཡིན་ཏེ། དེའི་ཕྱིར་ཉམས་སུ་མྱོང་བ་ཙམ་གྱིས་ཡོད་པར་མི་འགྲུབ་ལ། མེད་པར་ཡང་མ་ཡིན་ཏེ། མི་རིགས་པའི་
ཕྱིར་རོ། །ཡོད་པ་མ་ཡིན་པའི་རིགས་པར་ནི་འགྱུར་ན། གལ་ཏེ་རྣམ་པར་དཔྱད་པ་དང་འགལ་བ་ཉིད་གྲུབ་ན་ནི་འགྱུར་རོ། །ཕུང་པོ་ལ་སོགས་པའི་ཆོས་དོན་དམ་པར་ནི་མེད་ལ། ཀུན་རྫོབ་ཏུ་ཡོད་པ་འདི་ནི་དབུ་མའི་ལམ་ཡིན་པར་གཞན་དག་འདོད་དེ། དེ་ཡང་བདེན་པ་མ་ཡིན་ཏེ། དངོས་པོའི་ཆོས་

རྣམས་མེད་ན་ནི། །གལ་ཏེ་ཀུན་རྫོབ་ཇི་ལྟར་ཡོད། །དམ་པའི་དོན་དུ་ཡོད་མིན་ཕྱིར། །དེ་ནི་ཡོད་པར་ཇི་ལྟར་འགྱུར། །ཞེས་བྱ་བ་ནི་གང་གི་ཕྱིར་ཚད་མ་དམ་པས་གནོད་པ་གང་ཡིན་པ་དེ་ནི་དོན་དམ་པར་མེད་པ་ཡིན་ནོ། །དེ་ཚད་མ་མ་ཡིན་པར་གྱུར་པའི་ཀུན་རྫོབ་ཀྱིས་ཡོད་པར་ནི་མི་གྲུབ་བོ། །
དེ་ཇི་ལྟར་ཀུན་རྫོབ་ཏུ་ཡོད་ཅེས་བརྗོད། གཞན་ཡང་དོན་དམ་པར་ཐམས་ཅད་མེད་པར་སྨྲ་བ་དེ་ལ། ཐམས་ཅད་དུ་ནི་ཀུན་མེད་ན། །མེད་པ་པ་ལས་ལྷག་པ་འཐོབ། །སྔོན་ཡོད་པ་ནི་གཉེན་པོ་ཡིས། །བཤིག་པ་ཉིད་ན་གཟུགས་བརྙན་འགྱུར། །ཞེས་བྱ་བ་སྨྲས་ཏེ། ཐམས་ཅད་དུ་ཐམས་
ཅད་མེད་པར་སྨྲ་ན། མེད་པ་པ་ལས་ལྷག་པར་འགྱུར་ཏེ། གང་གི་ཕྱིར་མེད་པ་པ་དག་ནི་བདེན་པ་དང་། དཀོན་མཆོག་དང་ལས་དང་འབྲས་བུ་ལ་སོགས་པ་མེད་པར་ལྟའོ། །འོན་ཏེ་སྔར་ཡོད་པའི་གཉེན་པོས་བཤིག་པར་གྱུར་པས་ཆོས་རྣམས་མེད་དོ་ཞེས་ཟེར་ན་དེའི་ཚེ་གཟུགས་བརྙན་ཡིན་
པར་ཐལ་བར་འགྱུར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་གསུངས་ཏེ། གཟུགས་མི་རྟག་པ་ནི་གཟུགས་འཇིག་པའོ་ཞེས་བྱ་བ་ནས། རྣམ་པར་ཤེས་པ་མི་རྟག་པ་ནི་རྣམ་པར་ཤེས་པ་འཇིག་པའོ་ཞེས་བྱ་བའི་བར་དུ་དེ་དག་འཐོབ་པར་
འགྱུར་རོ། །ནུས་པ་ལྟ་བུར་དེར་སྣང་བས། །གལ་ཏེ་དབུ་མ་དེ་ཅི་དགོས། །ནུས་པ་འཁྲུལ་པ་ལས་སྐྱེས་པས། །དགོས་པའི་བྱ་བ་རྣམས་མི་བྱེད། །ཅེས་བྱ་བ་ནི་ཆོས་རྣམས་དོན་དམ་པར་ནུས་པས་སྟོང་པའི་ཕྱིར་མེད་ཀྱང་ཀུན་རྫོབ་ཏུ་ཡང་ནུས་པ་དང་ལྡན་པར་སྣང་བས་དེའི་ཕྱིར་དབུ་མའི་
ལམ་ཡིན་ནོ་ཞེས་ཟེར་བ་དེ་འདྲ་བའི་དབུ་མ་ཅི་ཞིག་དགོས་ཏེ། འདི་ལྟ་བུའི་ནུས་པ་ནི་འཁྲུལ་པ་ལས་སྐྱེས་པ་ཡིན་ཏེ། དེ་ནི་མེད་པས་དགོས་པའི་བྱ་བ་རྣམས་མི་བྱེད་དོ། །གང་གི་ཕྱིར་ཀུན་རྫོབ་ཏུ་རྒྱུ་དང་འབྲས་བུ་མཐོང་ན་རྒྱུ་གྲུབ་པས་འབྲས་བུ་ཐོབ་པར་འགྱུར་རོ། །ས་བོན་ལ་སོགས་པ་ལས་མྱུ་གུ་ལ་
སོགས་པའི་ནུས་པ་མཐོང་བས་མཐོང་བ་ལ་རིགས་པ་མ་ཡིན་པ་མེད་དོ་ཞེ་ན། དེ་ལྟ་མོད་ཀྱི་ཚད་མས་ཆོས་རྣམས་ནུས་པ་དང་ལྡན་པར་གྲུབ་པས་དོན་དམ་པ་ཉིད་དུ་ཡོད་པར་འགྱུར་བས་དེ་ནི་དབུ་མར་མི་འགྱུར་རོ། །གཞན་ཡང་། ནུས་པའང་མཐོང་བར་མི་འགྱུར་ཏེ། །ས་བོན་ལ་སོགས་དེ་མེད་ཕྱིར། །ས་

བོན་ལ་སོགས་སྣང་བ་ཡི། །བློ་ཡིས་དེ་ནི་ཡོད་པའི་ཕྱིར། །ཞེས་བྱ་བ་ནི། ས་བོན་ལ་སོགས་པ་ལས་མྱུ་གུ་ལ་སོགས་པའི་ནུས་པ་ཞེས་བྱ་བ་འདི་དག་ནི་འཁྲུལ་པ་སྟེ། གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ས་བོན་ལ་སོགས་པ་ནི་མེད་དེ། དེ་ནུས་པ་མི་རིགས་
པའི་ཕྱིར་རོ། །ས་བོན་ལ་སོགས་པར་སྣང་བའི་གཞན་གྱི་དབང་དུ་བསྟན་པའི་ཤེས་པ་དེ་ལ་ནུས་པ་དང་ལྡན་ཏེ། དེ་ནི་ཡོད་པའི་ཕྱིར་རོ། །གང་ཚད་མ་རྣམ་འགྲེལ་མཛད་པས་འདི་སྐད་དུ། ས་བོན་ལས་ནི་མྱུ་གུ་སྐྱེས། །དུ་བས་མེ་འགྲུབ་ཅི་འདྲ་བར། །ཕྱི་ཡི་དོན་ལ་རྟེན་པ་འདི། །བྱེད་པོ་ཤེས་
པར་བྱེད་པར་གནས། །དེ་ཡང་ས་བོན་ལ་སོགས་སྣང་། །དེ་བཞིན་དུ་ནི་བྱེད་དང་འབྲེལ། །ཤེས་ལ་བརྟེན་པའི་རྟོག་ཡིན་པར། །གལ་ཏེ་འགལ་བ་ཅི་ཞིག་ཡོད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །འཕགས་པ་ལང་ཀར་གཤེགས་པ་ལས་ཀྱང་། རྒྱུ་དང་རྐྱེན་ལས་བཟློག་པ་ཡི། །
བྱེད་པ་པོ་ནི་བཀག་པ་ཡིས། །སེམས་ཙམ་ཉིད་དུ་རྣམ་གཞག་ཅིང་། །སྐྱེ་བ་མེད་པར་ངས་བཤད་དོ། །ཞེས་གསུངས་སོ། །རྒྱུ་ནི་རྣམ་པ་དྲུག་སྟེ། ལྷན་ཅིག་འབྱུང་བ་ལ་སོགས་པའོ། །རྐྱེན་ནི་བཞི་སྟེ། རྒྱུ་དང་དམིགས་པ་ལ་སོགས་པའོ། །དེ་དག་ལས་བཟློག་པའི་བྱེད་པ་པོ་དང་དབང་
ཕྱུག་ལ་སོགས་པའོ། །དེ་དག་བཀག་པས་ནི་སེམས་ཙམ་ཉིད་དུ་སྐྱེ་བར་རྣམ་པར་གཞག་སྟེ། དེ་དག་གིས་བསྐྱེད་པའི་སྐྱེ་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་ཀྱང་ཇི་སྐད་དུ། འདིར་གང་ཅུང་ཟད་སྐྱེ་མེད་པ། །ཅུང་ཟད་འགག་པའང་ཡོད་མ་ཡིན། །
སྐྱེ་བ་དང་ནི་འགག་པ་དག །ཤེས་པ་འབའ་ཞིག་ཁོ་ནའོ། །ཞེས་གསུངས་སོ། །འདིར་ཞེས་བྱ་བའི་ཕུང་པོ་དང་ཁམས་ལ་སོགས་པ་སྟེ། ངེས་པར་བཟུང་བའི་འདུན་པའོ། །ཤེས་པ་འབའ་ཞིག་ཅེས་བྱ་བ་ནི་གཞན་གྱི་དབང་གི་ཤེས་པའོ། །ཡང་ཇི་ལྟར་སྐྱེ་བ་ཉིད་ལ་སྐྱེ་བ་མེད་པ་ཞེས་བྱ་
ཞེ་ན། གང་ཞིག་ཇི་ལྟར་སྐྱེ་མེད་པ། །གང་གིས་སྐྱེ་བར་འགྱུར་བ་ནི། །སྐྱེ་བ་མེད་ཅེས་དེ་ལ་བརྗོད། །མི་བཟའ་བ་དང་མི་རེག་བཞིན། །ཞེས་བྱ་བ་སྨྲས་ཏེ། འདི་ལྟར་གང་གི་ཕྱིར་གང་ཟག་ཁ་ཅིག་ཟ་བ་དང་། རེག་པ་ཉིད་ཁ་ཅིག་མི་ཟ་ཞིང་རེག་པར་མི་བྱེད་དོ་ཞེས་བརྗོད་དོ། །མི་ཟ་བ་ནི་གྲོང་

ཁྱེར་གྱི་བྱ་གག་ལ་སོགས་པའོ། །མི་རེག་པ་ནི་གདོལ་པ་ལ་སོགས་པའོ། །དེ་བཞིན་དུ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་གང་སྐྱེ་བ་དེ་ནི་སྐྱེ་བ་མེད་པ་ཞེས་བསྟན་ཏོ། །ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྨྲ་བ་ནི་ཐེག་པ་ཆེན་པོ་པ་ཡིན་ནོ་ཞེས་སྨྲ་བ་དེ་ལ་གཞན་གྱིས་སྨྲས་པ། སྟོང་པ་
ཉིད་ནི་མེད་པ་ཡིན་ཏེ། གང་གི་ཚེ་ཐམས་ཅད་མེད་པ་ཡིན་ན་དེའི་ཚེ་འགའ་ལ་ཡང་རྒྱུ་མེད་དོ། །རྟེན་ཅིང་འབྲེལ་བར་འབྱུང་བ་དང་འགལ་བའི་ཕྱིར་རོ། །བདེན་པ་དང་དཀོན་མཆོག་དང་ལས་དང་འབྲས་བུ་ལ་སོགས་པ་ལ་སྐུར་པ་བཏབ་པར་ཡང་འགྱུར་རོ། །གལ་ཏེ་དོན་དམ་པར་ནི་མེད་ལ། ཀུན་
རྫོབ་ཏུ་ནི་ཡོད་དོ་ཞེས་ཟེར་ན་དེ་ཡང་བདེན་པ་མ་ཡིན་ཏེ། ཤིང་རྟའི་ཡན་ལག་ཡོད་ན་ཤིང་རྟར་གདགས་སོ། །དེ་བཞིན་དུ་ཕུང་པོ་ཡོད་ན་གང་ཟག་ལ་གདགས་སོ། །ཐམས་ཅད་མེད་པ་ཉིད་ཡིན་ན་ཅི་ཞིག་ཉེ་བར་ལེན་ཅིང་ཅི་ཞིག་ལ་ཉེ་བར་གདགས། འོན་ཏེ་ཡང་ཐམས་ཅད་ཡོད་པ་ཡང་མ་ཡིན་མེད་པ་
ཡང་མ་ཡིན་པ་དབུ་མའི་ལམ་ཡིན་ཏེ། ཐམས་ཅད་མེད་པ་མ་ཡིན་ནོ་ཞེས་བདག་ཅག་སྨྲའོ་ཞེ་ན། དེ་ཡང་མི་རིགས་ཏེ། ཡོད་པ་དང་མེད་པ་ཕན་ཚུན་གཞན་སེལ་བའི་མཚན་ཉིད་གཅིག་ཡིན་པའི་ཕྱིར་གཅིག་བཀག་པ་ཉིད་ཀྱིས་གཉིས་པ་མཚོན་པའི་ཕྱིར་གཉིས་བཀག་པ་ནི་མི་རིགས་སོ། །འདིར་སློབ་
དཔོན་ཀླུ་སྒྲུབ་ཀྱིས་ལན་བཏབ་སྟེ། གང་ཞིག་རྟེན་ཅིང་འབྲེལ་པར་འབྱུང་། དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་རྒྱུར་བཅས་བཏགས་པ་སྟེ། །དེ་ནི་དབུ་མའི་ལམ་ཡིན་ནོ། །གང་ཞིག་གཞན་གྱི་དབང་གི་ངོ་བོ་ཉིད་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ལ། དེ་ཉིད་ལ་ཀུན་ཏུ་བརྟགས་པའི་ངོ་བོ་མེད་པའི་ཕྱིར་ཇི་ལྟར་
རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སྐུར་པ་བཏབ་པར་འགྱུར། ཉེ་བར་ལེན་པ་བཏགས་པ་དེ་ཉིད་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ཏེ། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཡོད་ན། དེས་ཉེ་བར་ལེན་པའི་ཕུང་པོ་ལ་སོགས་པ་རྣམས་འདོགས་པའི་ཕྱིར་རོ་ཞེས་དགོངས་པ་ཡིན་ནོ། །གང་ཞིག་རྟེན་ཅིང་འབྲེལ་
བར་འབྱུང་། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །ཞེས་བྱ་བ་ནི་འདི་ལྟར་དགོངས་པ་ཡིན་ཏེ། ཀུན་དུ་བརྟགས་པའི་བདག་ཉིད་ཐམས་ཅད་མེད་ལ། གཞན་གྱི་དབང་གི་བདག་ཉིད་ནི་མེད་པ་མ་ཡིན་ཏེ། དེའི་ཕྱིར་དབུ་མའི་ལམ་ཞེས་བྱའོ། །དེ་ལྟ་བས་ན་གང་གི་ཕྱིར་གཉིས་པོ་མེད་པར་སྣང་བ་དེ་

ཉིད་ཀྱི་ཕྱིར་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ནི་ཡོད་དོ། །གང་གི་ཕྱིར་དེ་ཡོད་པ་ཉིད་ཀྱི་ཕྱིར་གཉིས་ཀྱིས་སྟོང་པ་དེ་ལ་ཡོད་དེ་འདི་ནི་ཆོས་གསུམ་གྱི་རང་བཞིན་དུ་གྲུབ་པར་གྱུར་པ་ཡིན་ནོ། །ཀུན་ཏུ་བརྟགས་པའི་རང་བཞིན་དེ་ནི་ཡོད་པ་མ་ཡིན་གྱི། གཞན་དག་ནི་མེད་
པ་མ་ཡིན་པ་འདི་ནི་དབུ་མའི་ལམ་ཡིན་ནོ་ཞེས་ངེས་པར་འགྲུབ་པ་ཡིན་ནོ། །ཡང་གང་ཞིག་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཡང་ཡོད་པར་མི་བཞེད་པའི་ཕྱིར་ཐམས་ཅད་བརྫུན་པ་ཡིན་ནོ་ཞེས་སྨྲ་བ་དེ་ལ་ལན་གདབ་པར་བྱ་སྟེ། བརྫུན་པ་འབའ་ཞིག་ཡིན་པས་ན། །རྒྱུ་མེད་པ་
དང་རེས་འགའ་འང་མིན། །ནུས་པ་མེད་དང་འཁྲུལ་པ་ཙམ། །ཐམས་ཅད་ཚད་མ་ཡིན་མི་འགྱུར། །གལ་ཏེ་ཐམས་ཅད་བརྫུན་པར་གྱུར་པ་ཡིན་ན་དེའི་ཚེ་རྒྱུ་མེད་པའི་ཕྱིར་རྒྱུ་མེད་པར་འགྱུར་ཞིང་། རེས་འགའ་བར་ཡང་མི་འགྱུར་ཏེ། རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་
ཡོད་པའམ་མེད་པར་འགྱུར། །ཞེས་བྱ་བའི་རིགས་པས་སོ། །ནུས་པ་མེད་པ་ཡིན་ཏེ། ནུས་པ་མེད་པར་ཡང་མི་འགྱུར་བ་ཡོད་པར་ནུས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །འཁྲུལ་པ་ཙམ་ཐམས་ཅད་ཀྱིས་ཐོབ་པར་འགྱུར་ཏེ། མེད་པར་གསལ་བའི་ཕྱིར་རོ། །དེ་བས་ན་མ་འཁྲུལ་པ་
འཕགས་པ་རྣམས་ཀྱིས་མ་གཟིགས་པར་ཐལ་བར་འགྱུར་རོ། །ཐམས་ཅད་འཁྲུལ་པ་ཡིན་ན་ཡང་མངོན་སུམ་མེད་པས་རྗེས་སུ་དཔག་པ་ཡང་མེད་པའི་ཕྱིར་ཐམས་ཅད་ཚད་མ་མ་ཡིན་པ་མ་ལུས་པས་ཐོབ་བོ། །གང་ཡང་དེས་ཀུན་རྫོབ་ཀྱི་མཚན་ཉིད་དུ་བཞག་པ། མ་བརྟགས་གཅིག་པུ་
ཉམས་དགའ་བ། །སྐྱེ་བ་དང་ནི་འཇིག་པའི་ཆོས། །དོན་བྱེད་ནུས་དང་ལྡན་པ་ཡི། །དངོས་པོ་ཀུན་རྫོབ་ཡིན་པར་འདོད། །ཅེས་སྨྲས་པ་དེ་སྔ་ཕྱི་འགལ་བ་ཡིན་ཏེ། མ་བརྟགས་གཅིག་པུ་ཉམས་དགའ་བ་དེ་ནི་གང་ཞིག་དཔྱད་པས་འགལ་བའི་ཕྱིར་རོ། །དེ་མེད་པ་ཞེས་བྱ་སྟེ། དེ་རྣམས་ཀྱིས་
དོན་བྱེད་པ་དང་། སྐྱེ་བ་དང་འཇིག་པར་གང་ལས་འགྱུར། གཞན་ཡང་གང་གིས་ཆོས་རྣམས་ངོ་བོ་ཉིད་མེད་པར་སྒྲུབ་པ་དེ་ལ་འདི་ལྟར་དྲི་བར་བྱའོ། །དངོས་ཙམ་སྣང་དང་ནུས་པ་དང་། །རྟེན་ཅིང་འབྲེལ་པར་འབྱུང་བ་ནི། །ཁྱེད་ཀྱིས་རང་བཞིན་མེད་སྨྲས་པས། །ཆོས་རྣམས་རབ་ཏུ་བཀག་པར་

འགྱུར། །ཆོས་ཅན་རང་བཞིན་མི་འགྲུབ་དང་། །ཉམས་སུ་མྱོང་བས་གནོད་པ་དང་། །དང་པོའི་ཕྱོགས་དང་ལྷག་མ་ལ། །ནུས་དང་སྐྱེ་དང་འཇིག་མི་འགྱུར། །ཞེས་བྱ་བ་ལ། རང་བཞིན་མེད་པའི་ཚིག་གིས་རང་བཞིན་རྣམ་པར་གཅོད་དེ། དེ་ཡང་དངོས་པོ་ཙམ་དུ་གྱུར་པའམ། སྣང་བའམ།
ནུས་པའམ། རྟེན་ཅིང་འབྲེལ་པར་འབྱུང་བའོ། །དེ་ལ་དང་པོའི་ཕྱོགས་གཉིས་ལ་བརྟེན་ནས་མི་འགྲུབ་པ་དང་། རང་གི་ངོ་བོ་ཉིད་འགྲུབ་པ་དང་། ཉམས་སུ་མྱོང་བ་དང་འགལ་བ་ཡིན་ནོ། །ལྷག་མའི་ཕྱོགས་གཉིས་པོ་ལ་ནུས་པ་དང་། སྐྱེ་བ་དང་འཇིག་པ་མེད་པར་འགྱུར་རོ། །དབུ་མའི་ལམ་
ནི། ཡོད་མིན་ཆོས་རྣམས་དེ་དག་སྣང་། །བེམས་པོ་ལས་མིན་གཞན་ལམ་མིན། །མེད་པ་ལས་མིན་ཉེས་གཉིས་ཕྱིར། །དེ་ཕྱིར་ཤེས་པའི་བདག་ཉིད་ཡོད། །ཅེས་བྱ་བ་ནི་ཆོས་ནི་ཕུང་པོ་ལ་སོགས་པ་ཡོད་པ་མ་ཡིན་ཏེ། གཉིས་མེད་པའི་མཚན་ཉིད་ལས་གཅིག་དང་དུ་མའི་རང་
བཞིན་དང་བྲལ་བའི་ཕྱིར་རོ། །དེ་བཞིན་དུ་འདི་དག་སྣང་ངོ་ཞེས་བྱ་བར་ནི་གྲུབ་པོ། །འདི་དག་རྣམ་པར་དཔྱད་ན་གང་ལས་འདི་དག་སྣང་བ་པ་ཞེ་ན། རེ་ཞིག་བེམས་པོ་ལས་ནི་མ་ཡིན་ཏེ། སྣང་བ་ནི་ཤེས་པ་གཅིག་པུ་དང་ལྡན་པ་ལས་གྲུབ་པའི་ཕྱིར་རོ། །ཤེས་པ་ཡང་གཞན་ལས་ནི་མ་
ཡིན་ཏེ། གཞན་གྱི་ཆོས་ནི་གཞན་གྱི་སྤྱོད་ཡུལ་དུ་མི་འགྱུར་བའི་ཕྱིར་རོ། །རང་བཞིན་མེད་པ་དང་བརྫུན་པ་ལས་ནི་མི་འགྱུར་ཏེ། གང་གི་ཕྱིར་ཞེ་ན། ཉེས་པ་གཉིས་ཡོད་པའི་ཕྱིར་རོ། །འདི་ལྟར་གལ་ཏེ་འདི་དག་རང་བཞིན་མེད་ན་རྒྱུ་དང་ལྡན་པའི་ཤེས་པའི་དངོས་པོར་ནི་མི་འགྱུར་རོ། །དེ་
བཞིན་དུ་ཡང་རེས་འགའ་བར་ཡང་མི་འགྱུར་ཏེ། དུས་ངེས་པར་འགྲུབ་པ་ལ་ལྟོས་པ་མེད་པའི་ཕྱིར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་སྤངས་པར་འགྱུར་རོ། །དེའི་ཕྱིར་ཤེས་པའི་བདག་ཉིད་དུ་ནི་ཡོད་དོ། །གང་གི་ཕྱིར་བེམས་པོ་ལས་མ་ཡིན་པ་དང་། གཞན་ལས་མ་ཡིན་པ་དང་། མེད་
པ་ལས་མ་ཡིན་པ་དེའི་ཕྱིར་ཤེས་པའི་རང་བཞིན་བདེན་པ་འདི་ཉིད་ལས་བརྫུན་པར་སྣང་བར་རིག་པར་བྱའོ། །ཡོད་དང་མེད་པའི་བདག་ཉིད་ནི། །མེད་དོ་ཞེས་ནི་ཅི་ཞིག་དགག །ཅེས་བྱ་བ་ནི་གལ་ཏེ་ཡོད་པ་དང་མེད་པའི་བདག་ཉིད་མེད་ན། ཁྱོད་ཀྱིས་ཅི་ཞིག་དགག་པར་བྱ། །གལ་ཏེ་སྒྲོ་

བཏགས་ཡིན་ཞེ་ན། །ཀུན་རྟོག་གིས་བཏགས་དེ་བཞིན་ནོ། །ཞེས་བྱ་བ་སྨྲས་ཏེ། གལ་ཏེ་འདི་སྐད་དུ་སྒྲོ་བཏགས་པའི་ཡོད་པ་དང་མེད་པའི་བདག་ཉིད་བདག་ཅག་འགོག་པར་བྱེད་དོ་ཞེས་ཟེར་ན། དེ་ལྟ་ཡིན་ན་ཕུང་པོ་ལ་སོགས་པ་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པའི་བདག་ཉིད་ཡོད་
པར་སྒྲོ་བཏགས་པར་གྱུར་པ་ཉིད་ཡིན་ནོ། །གང་གིས་སྒྲོ་བཏགས་པ་ཡིན་ཞེ་ན། །ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཉིད་ཀྱིས་སོ། །དེ་ནི་གསལ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཡང་དག་པ་མ་ཡིན་པའི་བདག་ཉིད་ཕུང་པོ་ལ་སོགས་པ་གསལ་བར་སྣང་ངོ་། །བདག་ཅེས་བྱ་བ་གང་ལས་ཡིན།
བདག་ཉིད་མེད་པ་དེ་ནི་གསལ་བར་སྣང་བར་མི་རིགས་སོ། །སྒྲོ་མ་བཏགས་པའི་བདག་ཉིད་མེད་པ་ཇི་ལྟར་སྣང་ཞེ་ན། སྒྲོ་མ་བཏགས་པ་མེད་པའི་ཕྱིར་རོ། །ཕྱི་རོལ་གྱི་དོན་མེད་པས་ཀུན་དུ་རྟོག་པའི་ཤེས་པ་ནི་འཁྲུལ་པ་ཡིན་ནོ། །རྣམ་པར་མི་རྟོག་པ་ནི་མ་ཡིན་ཏེ། རང་རིག་པ་ནི་འཁྲུལ་པར་མི་
རིགས་པའི་ཕྱིར་རོ། །དེའི་ཕྱིར་དེ་ནི་སྔོན་པོ་དང་སེར་པོ་ལ་སོགས་པའི་སྒྲོ་བཏགས་པ་མ་ཡིན་ནོ་ཞེ་ན། མེད་པར་སྣང་བའི་སྒྲོ་བཏགས་ནི། །རིགས་ལ་མངོན་པར་ཞེན་པ་བཞིན། །ཞེས་བྱ་བ་སྨྲས་ཏེ། ཇི་ལྟར་རྣམ་པར་རྟོག་པ་རྡུལ་དུ་འཁྲུལ་པ་ནི་མེད་པར་རྡུལ་དུ་སྣང་བས་དེ་ནི་སྒྲོ་བཏགས་པ་
ཡིན་ནོ། །དེ་ལྟར་རྣམ་པར་མི་རྟོག་པ་ཡང་སྔོན་པོ་ལ་སོགས་པར་འཁྲུལ་པ་ནི་མེད་པའི་སྔོན་པོ་ལ་སོགས་པར་སྣང་བ་སྒྲོ་བཏགས་པ་ཡིན་ནོ། །སྒྲོ་བཏགས་པ་དེ་ལ་ཡང་ཤེས་པའི་རྫས་ཀྱི་བདག་ཉིད་ཡིན་པར་ཚད་མས་གནོད་པའི་ཕྱིར་རོ་ཞེས་ཟེར་ན། བརྫུན་པ་ཉིད་དུ་གྲུབ་པ་ཡི། །བྱེ་བྲག་
སྣང་བས་གྲུབ་པ་ཡིན། །ཞེས་བྱ་བ་སྨྲས་ཏེ། བརྫུན་པའི་ཁྱད་པར་རྣམས་ཀྱང་བརྫུན་པ་ཡིན་ཏེ། དེ་རྣམས་སྣང་བ་ཉིད་ཀྱིས་གྲུབ་པ་ཡིན་ནོ། །ཚད་མས་ཀྱང་དངོས་པོ་ཉིད་དུ་བསྒྲུབ་པའམ། འགོག་པ་སྟེ་ཕུང་པོ་ལ་སོགས་པའི་མཚན་ཉིད་ལ་ཚད་མས་གནོད་པའི་བདག་ཉིད་ལ་སོགས་པ་
མེད་དོ་ཞེས་སྦྱོར་བའི་ཕྱིར་རོ། །རྣམ་པར་རྟོག་པའི་ཆ་ལས་ཕྱི་རོལ་ཉིད་དང་ཐུན་མོང་ཉིད་ལ་སོགས་པ་སྣང་བར་གྲུབ་སྟེ་བ་ལང་བཞིན་ནོ། །ཚད་མ་རྣམ་འགྲེལ་ལས་ཀྱང་། དེ་ལ་ངོ་བོར་གང་སྣང་བ། །ཕྱི་རོལ་གཅིག་དང་གཞན་ལས་ནི། །ལྡོག་པ་ལྟ་བུ་དེ་ཉིད་མིན། །ཡོངས་བརྟགས་

ཡན་ལག་དངོས་མེད་ཕྱིར། །ཞེས་པ་དང་། ཡང་། ཇི་ལྟ་བུར་ནི་རབ་བརྗོད་པ། །སྒྲ་དོན་དེ་བཞིན་ཡོད་མ་ཡིན། །ཞེས་གསུངས་པ། དེ་ལྟ་བས་ན་བརྫུན་པ་ཤེས་པའི་རྫས་ཀྱི་བདག་ཉིད་ལས་བརྫུན་པ་ཉིད་སྣང་བར་གྲུབ་པ་སྟེ། དེ་བས་ན་ཚད་མས་གནོད་པ་མ་ཡིན་ལ། དངོས་པོར་
གྱུར་པ་ཉིད་ཡིན་པར་ནི་ཚད་མས་གནོད་དོ། །བརྫུན་པ་ཞེས་བརྗོད་པར་ནི་རིགས་པ་གྲུབ་པའི་སྒྲ་ཅིའི་ཕྱིར་སྨོས་ཤེ་ན། སྨྲས་པ། བརྫུན་པ་ཡིན་ཡང་བདག་ཉིད་དེ། ཕྱི་ཡི་དོན་དང་འགལ་བ་ཡིན། །ཐམས་ཅད་བརྫུན་པར་མི་འགྲུབ་ཕྱིར། །དེ་ཡི་བྱེ་བྲག་གང་ལས་སྣང་། །བརྫུན་པ་ཉིད་
མི་འགྲུབ་པ་ནི་གཉིས་ཏེ། སྔོན་པོ་ལ་སོགས་པ་དངོས་པོ་མ་ཡིན་པའམ། ཐམས་ཅད་བརྫུན་པ་ཉིད་དོ། །གལ་ཏེ་རེ་ཞིག་སྔོན་པོ་ལ་སོགས་པ་ཕྱིའི་དོན་ཡིན་ན་དེའི་ཚེ་དེ་ཤེས་པ་ལས་དོན་གཞན་ཡིན་པའི་ཕྱིར་དངོས་པོར་གྱུར་པ་དེའི་བདག་ཉིད་དུ་འགལ་བ་ཡིན་ནོ། །བརྫུན་པར་ཡང་འགལ་
བ་ཉིད་དེ། འདི་ལྟར་སྔོན་པོ་ལ་སོགས་པ་མཐོང་བ་ཉིད་ནི་གལ་ཏེ་ཡང་དག་པ་མ་ཡིན་པའི་སྔོན་པོ་ལ་སོགས་པའི་རང་བཞིན་གྱིས་སོ་སོར་སྣང་ན་དེ་ནི་དེའི་བདག་ཉིད་བརྫུན་པར་འགྱུར་ན། དེ་ལྟར་ཡོད་པ་མ་ཡིན་ཏེ། སྔོན་པོ་ལ་སོགས་པ་ཡང་བརྫུན་པར་ཐལ་བར་འགྱུར་རོ། །ཐམས་ཅད་བརྫུན་
པ་ལ་ཡང་སྔོན་པོ་ལ་སོགས་པའི་བྱེ་བྲག་ཏུ་སྣང་བར་མི་འགྲུབ་སྟེ། བརྫུན་པ་ཉིད་འགའ་ཡང་མ་གྲུབ་པའི་ཕྱིར་རོ། །ཐམས་ཅད་བརྫུན་པ་ཉིད་ལ་ནི་མངོན་སུམ་དང་རྗེས་སུ་དཔག་པ་མེད་པ་ནི་སྔར་བསྟན་པ་ཉིད་དོ། །གལ་ཏེ་བརྫུན་དང་ཡང་དག་རིག །དེ་ཡི་བདག་ཉིད་འབྲེལ་པར་དཀའ། །
རྣམ་རྟོག་དོན་དང་ཕྱོགས་གཅིག་ཏུ། །དེ་བས་ཤིན་ཏུ་འབྲེལ་པར་དཀའ། །ཞེས་བྱ་བ་ནི་སྒྲོ་བཏགས་པ་དེའི་བདག་ཉིད་དུ་འབྲེལ་པར་དཀའ་བ་མ་ཡིན་ཏེ། དེ་བཞིན་དུ་ཡང་གལ་ཏེ་འབྲེལ་པར་དཀའ་བར་སེམས་ན། དེ་ལྟ་ན་ནི་རྣམ་པར་རྟོག་པ་དེ་འཁྲུལ་པར་མི་འགྱུར་ཏེ། འདིར་བ་ལང་མ་
ཡིན་པ་ལས་ལྡོག་པ་ཙམ་རྟོགས་པར་འགྱུར་རོ། །དེ་རྣམ་པར་རྟོག་པའི་རང་བཞིན་ཡིན་པའི་ཕྱིར་རབ་ཏུ་སྣང་བ་ལ་དོན་གྱི་རང་བཞིན་ཉིད་དུ་ཞེན་པ་ཡིན་ནོ། །ཡོངས་སུ་ལྷག་པའི་རྣམ་པར་རྟོག་པ་དང་། དོན་གྱི་ཆོས་རྣམས་གང་ཡིན་པ་དེ་དག་དེའི་རང་བཞིན་མ་ཡིན་ཏེ། དེ་ལྟ་བས་ན་ཤིན་

ཏུ་འབྲེལ་པར་དཀའ་བར་ཅིའི་ཕྱིར་མི་སེམས། བརྫུན་པ་ཇི་ལྟར་ཉམས་སུ་མྱོང་བ་བཞིན་དུ་རྣམ་པར་གཞག་པ་ལ་ཉེས་པ་མེད་དོ་ཞེ་ན་རྟོགས་པ་ལ་ཡང་ཅི་ཞིག་ཉེས་པ་ཡོད། གཞན་ཡང་ཞེན་པ་ཙམ་གྱིས་ནི། ཤེས་པ་འདྲ་བའི་བདག་ཉིད་དེ། །གང་གི་རྣམ་པ་
ཡིན་ཞེ་ན། །སོ་སོའི་ལས་གང་ཡིན་པས་དབྱེ། །ཞེས་བྱ་བ་ནི་རྣམ་པ་ལས་གཞན་གྱི་དོན་རྟོགས་པར་རྣམ་པར་དབྱེ་བར་མི་ནུས་ཏེ་བུམ་པ་རྟོག་པ་ཡིན་གྱི་སྣམ་བུ་ནི་མ་ཡིན་ནོ། །འདི་ལྟར་ཡང་བུམ་པ་མཐོང་བས་བུམ་པའི་རྣམ་པ་ལྟར་དེ་བཞིན་དུ་བུམ་པའི་རྣམ་པར་རྟོག་པ་ཡིན་ཏེ། དེ་མཐོང་བ་
བཞིན་ནོ། །རྣམ་པར་རྟོག་པས་ཀྱང་ཐམས་ཅད་ཀྱི་བདག་ཉིད་ཀྱི་དངོས་པོ་ཡུལ་དུ་བྱེད་དོ། །དངོས་པོ་ཡུལ་དུ་ཆ་ཤས་མེད་པའི་ཕྱིར་རོ། །རྣམ་པར་རྟོག་པའི་རྣམ་པ་དེ་ཡང་། གཅིག་ལས་བཟློག་པའི་མཚན་ཉིད་དུ། །རིག་དང་མངོན་པར་ཞེན་པའི་ཕྱིར། །རྣམ་རྟོག་བློ་ནི་འཁྲུལ་པས་གྲུབ། །
ཅེས་བྱ་བ་ནི་རྣམ་པར་རྟོག་པའི་བློ་ཉིད་དེ་ལྟར་འཁྲུལ་པས་གཉིས་སུ་གྲུབ་སྟེ། དེ་ཉིད་གཅིག་ལས་བཟློག་པའི་ངོ་བོ་རང་གི་རྣམ་པར་རིག་པའི་འཁྲུལ་པའོ། །དེ་ཉིད་ལ་ཞེན་པས་དོན་གྱི་རྣམ་པར་ཞེན་པ་ནི་འཁྲུལ་པ་ཡིན་ནོ། །དེ་བཞིན་དུ་རིག་པ་གཞན་ཡང་ཁ་ཅིག་ཏུ་འཁྲུལ་པ་ཡིན་ནོ། །རིག་
པ་པོ་གཅིག་པུ་འདི་ཉིད་གལ་ཏེ་སྔོན་པོ་ལ་སོགས་པ་འཁྲུལ་པ་ཡིན་ནམ་འཁྲུལ་པ་གང་ལས་ཡིན་ཞེ་ན། སྨྲས་པ། སྔོན་པོ་ལ་སོགས་དེ་ཡི་བློ། །ཐ་དད་མ་ཡིན་དེ་འདྲར་འདོད། །རྟོགས་པའི་དངོས་དེ་མངོན་སུམ་སྟེ། །སྔོན་བརྩོན་བདག་ཉིད་དེ་འཁྲུལ་ཡིན། །རིག་པའི་དངོས་པོ་དེ་ཉིད་ནི་
གཅིག་ཏུ་འདོད་དེ། །སྔོན་པོ་ལ་སོགས་པ་རྣམས་དང་རིག་པ་དེ་ཐ་དད་པ་མེད་པའི་ཕྱིར་རོ། །འོན་ཀྱང་རིག་པ་དེ་ཉིད་རྟོགས་པའི་བདག་ཉིད་རིག་པར་བྱ་བ་ལ་མངོན་སུམ་གྱི་ཚད་མ་ཡིན་ལ། སྔོན་པོ་ལ་སོགས་པའི་བདག་ཉིད་རིག་པ་ནི་འཁྲུལ་པ་ཡིན་ཏེ། སྔོན་པོ་ལ་སོགས་པ་གཅིག་དང་དུ་མ་དང་བྲལ་
བས་བརྫུན་པའི་ཕྱིར་རོ། །དཔེར་ན་རྣམ་པར་རྟོག་པ་དེ་ཉིད་ཀྱི་དངོས་པོ་ལ་མངོན་སུམ་གྱི་ཚད་མ་ཡིན་ལ། དོན་དུ་མངོན་པར་ཞེན་པ་ལས་ནི་འཁྲུལ་པ་ཡིན་ནོ། །སྔོན་པོ་ལ་སོགས་པ་དང་། དེ་རྟོགས་པ་ཐ་མི་དད་པའི་ཕྱིར་རོ། །སྔོན་པོ་ལ་སོགས་པ་ལ་གནོད་པ་གང་ཡིན་པ་དེ་ཉིད་རྟོགས་

པའི་ངོ་བོ་ལ་ཡང་འགྱུར་རོ་ཞེ་ན། སྨྲས་པ། མངོན་སུམ་ཕྱིར་ཕུལ་བྱུང་མེད་ཕྱིར། །སྒྲོ་བཏགས་མིན་ཕྱིར་རང་རིག་པ། །རྟོགས་པའི་ངོ་བོ་གནོད་མེད་པ། །སྔོ་སྩོགས་བཟློག་པར་གྱུར་པ་ཡིན། །ཡང་རང་རིག་པའི་ངོ་བོ་ལ་གནོད་པར་བྱེད་པ་ནི་མེད་དེ། དེ་ལ་དེའི་མངོན་སུམ་ཡིན་པའི་
ཕྱིར་རོ། །མངོན་སུམ་ལ་ནི་གཞན་གྱིས་གནོད་པར་མི་ནུས་སོ། །ཕུལ་བྱུང་མེད་ཅེས་བྱ་བ་ནི་མངོན་སུམ་དེ་ལ་གནོད་པར་བྱེད་པ་ཕུལ་དུ་བྱུང་བ་མེད་དོ། །གང་གིས་དེ་ལ་གནོད་པར་འགྱུར། །སྒྲོ་བཏགས་ཞེས་བྱ་བ་ནི་གལ་ཏེ་ཡང་རྟོགས་པའི་ངོ་བོ་ལ་གནོད་ན་དེའི་ཚེ་སྒྲོ་བཏགས་པར་འགྱུར་ཏེ།
དེ་ཡང་མི་རིགས་ཏེ། ངོ་བོ་གཞན་མེད་པའི་ཕྱིར་རོ། །སྔོན་པོ་ལ་སོགས་པ་རང་རིག་པས་གནོད་པ་ཉིད་ཡིན་ཏེ། གོ་བཟློག་ནས་འཆད་པར་འགྱུར་བའི་ཕྱིར་རོ། །དེ་ལ་དེའི་རྟོག་པ་ཙམ་གྱིས་མངོན་སུམ་དུ་མི་ཕྱེད་པའི་ཕྱིར་དང་། གནོད་པར་བྱེད་པའི་ཚད་མ་ཕུལ་དུ་བྱུང་བ་ཡོད་པའི་ཕྱིར་དང་།
སེར་པོ་ལ་སོགས་པ་ལས་ཤེས་པའི་ངོ་བོ་གཞན་ཡོད་པས་སྒྲོ་བཏགས་པ་ཡིན་པའི་ཕྱིར་རོ། །གཅིག་དང་དུ་མ་དང་བྲལ་བའི་གཏན་ཚིགས་ཀྱིས་སྔར་སྔོན་པོ་ལ་སོགས་པ་ལ་གནོད་ན་དེའི་བདག་ཉིད་རྟོགས་པ་ལ་ཡང་གནོད་དོ་ཞེ་ན། དེ་ལྟར་མ་ཡིན་ཏེ། འདི་ལྟར་ཐམས་ཅད་བརྫུན་པའི་ཚུལ་
གྱིས་ཤེས་པ་འདི་དག་ཐམས་ཅད་མེད་པར་སྣང་བ་འཁྲུལ་པ་ཡིན་པས་དེ་བས་མངོན་སུམ་ཅུང་ཟད་ཀྱང་མ་གྲུབ་པོ། །དེའི་ཕྱིར་ཚུལ་གསུམ་ལ་ངེས་པ་མེད་པས་གཏན་ཚིགས་འདི་དག་ཐམས་ཅད་གཏན་ཚིགས་ལྟར་སྣང་བར་འགྱུར་རོ། །དེ་བས་ན་ཡང་རྣམ་པར་བརྟགས་པའི་ཆོས་རྣམས་
མེད་ལ་ཡང་དག་པ་མ་ཡིན་པའི་ཀུན་དུ་བརྟགས་པ་ནི་ཡོད་པས་སྒྲོ་བཏགས་པ་དེས་བདག་ཉིད་རིག་པ་དང་འདི་ནི་སྣང་བ་མེད་པར་གནས་སོ། །ཤེས་པ་ཐམས་ཅད་མེད་སྣང་ན། །མངོན་སུམ་རྗེས་སུ་དཔག་པའང་མེད། །རྒྱུ་མེད་ཐམས་ཅད་བརྫུན་སྨྲ་བའི། །སྨྲ་བ་ཉིད་ནི་གང་ལས་འགྱུར། །ཞེས་
བྱ་བ་ནི་ཐམས་ཅད་བརྫུན་པར་སྨྲ་བས་ཡང་གྲུབ་པ་སྨྲས་པ། གང་གཅིག་དང་དུ་མ་དང་བྲལ་བ་དེ་ནི་རང་བཞིན་མེད་པ་ཡིན་ཏེ། དཔེར་ན་རི་བོང་གི་རྭ་བཞིན་ནོ། །སྔོན་པོ་དང་སེར་པོ་ལ་སོགས་པ་དེ་དག་ཀྱང་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་རོ་ཞེ་ན། དེ་ནི་ཤིན་ཏུ་འབྲེལ་པ་མེད་དེ། འདི་ལྟར་དེ་དག་གི་ཤེས་

པ་ཐམས་ཅད་བརྫུན་པར་རིག་པ་ལས་མེད་པར་སྣང་བ་དེའི་ཕྱིར་འཁྲུལ་པ་ཡིན་ཏེ། འཁྲུལ་པ་ཡང་མངོན་སུམ་དུ་མ་ཡིན་ནོ། །དེ་བས་ན་རྗེས་སུ་དཔག་པ་ཡང་མེད་དེ། དེའི་ཕྱིར་ཚུལ་གསུམ་པ་མ་གྲུབ་པས་གཏན་ཚིགས་ཐམས་ཅད་དེ་དག་གི་གཏན་ཚིགས་ལྟར་སྣང་
བར་འགྱུར་རོ། །བརྫུན་པ་ནི་གང་གི་ཡང་རྒྱུར་མི་འགྱུར་རོ། །ཡང་གང་རྗེས་སུ་དཔག་པ་ལ་རྒྱུ་མེད་ན་དེ་ཇི་ལྟར་རྒྱུར་འགྱུར། གལ་ཏེ་རྗེས་སུ་དཔག་པ་ལ་རྒྱུ་ཡོད་ན་དེ་ཉིད་ཀྱིས་གྲུབ་པའི་མཐའ་ལ་གནོད་པར་འགྱུར་རོ། །གཞན་ཡང་ཐམས་ཅད་བརྫུན་པ་ཉིད་སྔར་བསལ་ཏོ། །གཞན་ཡང་
སྔོན་པོ་ལ་སོགས་པའི་ཆོས་འདིར་གང་ལས་གྲུབ། ཉམས་སུ་མྱོང་བ་ལས་སོ་ཞེ་ན། ཉམས་སུ་མྱོང་བའི་ཤེས་པ་དེ་ནི་བརྫུན་པ་ཡིན་ཏེ། དེ་ལ་དོན་གྲུབ་པ་མེད་དོ། །མངོན་སུམ་གྱིས་སོ་ཞེ་ན་མ་ཡིན་ཏེ། བརྫུན་པར་སྣང་བ་ཉིད་འཁྲུལ་པ་ཡིན་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་བྲལ་
བ་ནི་མེད་པ་ཡིན་པས་ནུས་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཇི་ལྟར་གཏན་ཚིགས་སུ་འགྱུར། གལ་ཏེ་མ་ཡིན་པར་དགག་པ་ཡིན་ན་རང་ཉིད་ཀྱིས་མ་གྲུབ་པོ། །གལ་ཏེ་འདི་རང་བཞིན་གྱི་གཏན་ཚིགས་ཡིན་ན། ཁྱབ་པར་བྱེད་པ་འགལ་བ་དམིགས་པའམ། ཁྱབ་པར་བྱེད་པ་མི་དམིགས་པ་
ཡིན་ན་ཐམས་ཅད་དུ་རང་ཉིད་ཀྱིས་མ་གྲུབ་སྟེ། མི་དམིགས་པ་ཞེས་བྱ་བ་ནི་ཡང་དངོས་པོ་དམིགས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་ཡང་སྔོན་པོ་ལ་སོགས་པ་རང་བཞིན་མེད་ན་དེའི་ཚེ་ཆོས་ཅན་གྱི་རང་བཞིན་གང་ཞིག་ཡིན། འོན་ཏེ་སྔོན་པོ་ལ་སོགས་པའི་རང་བཞིན་ཆོས་ཅན་དང་།
དངོས་པོའི་རང་བཞིན་སྟོང་པ་ཉིད་དུ་བསྒྲུབ་པར་བྱ་བ་ནི་དངོས་པོའི་རང་བཞིན་ནི་གཅིག་ཉིད་དང་། གཞན་ཉིད་ཀྱིས་ཁྱབ་པ་ཡིན་གྱི། རང་བཞིན་ཙམ་ནི་མ་ཡིན་ནོ་ཞེ་ན། དེ་ཡང་མི་རིགས་ཏེ་ཁྱབ་པ་མ་གྲུབ་པའི་ཕྱིར་རོ། །དངོས་པོ་སྒྲུབ་པར་ནུས་པ་མེད་དེ། དེའི་སྒྲུབ་པར་བྱེད་པའི་ཚད་མ་མངོན་
སུམ་དང་རྗེས་སུ་དཔག་པ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དཔེའི་ཆོས་ཅན་ཡང་མ་གྲུབ་པོ། །ཡང་ན། སྨྲ་བ་ཉིད་ནི་གང་ལས་འགྱུར། །ཞེས་བྱ་བ་ནི་སྒྲུབ་པ་སྨྲ་བ་ཡང་མེད་ལ། དགག་པ་སྨྲ་བ་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་བརྫུན་པར་སྨྲ་བས་དེ་དག་སྨྲ་ན་རང་གི་གྲུབ་པའི་མཐའ་

དང་འགལ་ཏེ། དེ་དག་གཞན་རྟོགས་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཐམས་ཅད་བརྫུན་ན་ཐམས་ཅད་རྒྱུ་མེད་པའི་ཕྱིར་རོ། །གཞན་ཡང་དེའི་སྒྲུབ་པ་དང་། སུན་འབྱིན་པ་ཐམས་ཅད་རང་ཉིད་ལ་མ་གྲུབ་སྟེ། སྒྲུབ་པ་ནི་ཚད་མ་ལ་རག་ལུས་པའི་ཕྱིར་དང་། ཚད་མ་ཡང་ཁས་མི་ལེན་པའི་ཕྱིར་
རོ། །ཁས་ལེན་ན་ནི་རང་བཞིན་གསུམ་གྱི་ཚུལ་དུ་གྲུབ་པས་ཐམས་ཅད་བརྫུན་དུ་སྨྲ་བ་ག་ལ་ཡིན། དེ་ལྟ་ན་ཁྱེད་དང་གཞན་ལ་ཡང་སྒྲུབ་པ་དང་སུན་འབྱིན་པ་ཐམས་ཅད་མ་གྲུབ་པོ། །བདག་ཅག་ནི་ཚད་མ་མེད་པར་རྩོད་དོ་ཞེ་ན། ཚད་མ་ཡོད་དོ། །དེའི་ཕྱིར་འདི་ལྟར་ཡང་ཚད་མ་མ་གྲུབ་
པས་བདག་ཅག་སྒྲུབ་པ་དང་སུན་འབྱིན་པ་ཡིན་ཏེ། ཚད་མ་ནི་ཚད་མ་བརྒྱས་ཀྱང་མི་གནོད་དེ། ཚད་མ་མ་ཡིན་པའི་ཕ་རོལ་གྱི་འདོད་པ་ཙམ་གྱིས་སྨོས་ཀྱང་ཅི་དགོས་གང་གི་ཕྱིར་གཞན་ལ་མ་གྲུབ་པར་བརྗོད། ཕྱོགས་འདི་ལ་གང་བརྫུན་པ་ལས་ཐ་མི་དད་པ་དེ་ཡང་བརྫུན་ཏེ། དཔེར་ན་བརྫུན་
པའི་ངོ་བོ་བཞིན་ནོ། །བརྫུན་པར་སྣང་བའི་ཤེས་པ་ཡང་བརྫུན་པ་ལས་ཐ་མི་དད་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་ཕ་རོལ་གྱི་སྦྱོར་བ་རྣམས་ལ་སུན་འབྱིན་པ་བརྗོད་པར་མི་བྱའོ། །ཐམས་ཅད་ཡོད་པར་སྨྲ་བས་བརྗོད་པ། གང་རིག་པར་བྱ་བ་དེ་ནི་བརྫུན་མ་ཡིན་ཏེ། ཤེས་པའི་ངོ་བོ་བཞིན་ནོ། །
དངོས་པོ་ལ་སོགས་པ་ཡང་རིག་པར་བྱ་བ་ཡིན་པས་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པ་ཡིན་ནོ་ཞེ་ན། དེ་ཡང་བཟང་པོ་མ་ཡིན་ཏེ། འདི་ལྟར་གཏན་ཚིགས་འདི་ནི་བརྫུན་པ་གཞན་སེལ་བའི་རྣམ་པར་རྟོག་པ་ལ་ཡང་རིག་པར་བྱ་བ་འཇུག་པའི་ཕྱིར་ཐུན་མོང་གི་མ་ངེས་པ་ཡིན་ནོ། །
ཡང་རིག་པར་བྱ་བ་མ་ཡིན་པས་བརྫུན་པ་ལ་ཁྱབ་པ་མ་གྲུབ་པའི་ཕྱིར་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཡིན་ནོ། །ཡང་ན་གཅིག་དང་དུ་མ་དང་བྲལ་བའི་ཡུལ་ཡིན་པའི་ཕྱིར་དང་། དེ་མེད་པའི་ཡུལ་དུ་གྲུབ་པའི་ཕྱིར་གཞི་མ་གྲུབ་པ་ཡིན་ནོ། །ཡང་། སྨྲ་བ་ཉིད་ནི་གང་ལས་འགྱུར། །ཞེས་བྱ་བ་ནི་ཆོས་སྨྲ་བ་
ཉིད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། འདི་ལྟར་ཐམས་ཅད་བརྫུན་པར་སྨྲ་བའི་ཤེས་པ་འདི་དག་ཐམས་ཅད་འཁྲུལ་པ་ཡིན་ཏེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་འཁྲུལ་པའི་མཚན་ཉིད་ཀྱང་སྤོང་བར་འགྱུར་ལ། དེས་བསྒྲུབས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ངོ་། །

རྗེས་སུ་དཔག་པ་ལ་སྐུར་པས་ཐམས་ཅད་མཁྱེན་པ་དང་། འཇིག་རྟེན་ཕ་རོལ་ལ་སོགས་པ་སྒྲུབ་པ་ལ་སྐུར་པར་གྱུར་པ་དང་། རྒྱུ་དང་འབྲས་བུ་ལ་སྐུར་ན་ལས་དང་འབྲས་བུ་དང་། བདེན་པ་དང་དཀོན་མཆོག་ལ་སྐུར་པ་ཡིན་ཏེ། གང་གིས་ན་འདི་དག་ཆོས་སྨྲ་བ་
ཡིན། ཐམས་ཅད་བརྫུན་པར་སྨྲ་བའི་སྨྲ་བ་ཉིད་བཀག་པ་ཡིན་ནོ། །གཅིག་དང་གཞན་ལས་ངེས་བྲལ་བའི། །ཤེས་ཏེ་བརྫུན་པའི་བདག་ཉིད་ཅན། །ཇི་ལྟར་གཉིད་ཀྱིས་ལོག་པ་ཡིས། །གླང་ཆེན་མྱོས་པ་མཐོང་བ་བཞིན། །གཅིག་དང་དུ་མ་ལས་གྲོལ་བའི། །ཤེས་པ་དེ་ཉིད་
ཡོངས་སུ་གསལ། །ལུས་དང་ལྗོན་ཤིང་མཚེའུ་ལ་སོགས། །སད་པ་རྣམས་ཀྱིས་མཐོང་བ་བཞིན། །ཞེས་བྱ་བ་ནི་ཁོ་བོ་ཅག་གི་ཆོས་ལ་བདག་མེད་པར་སྒྲུབ་པ་ཉོན་ཅིག །གང་ཞིག་གཅིག་དང་དུ་མ་དང་བྲལ་བ་ཡང་དག་པར་རིག་པ་དེ་ནི་བརྫུན་པའི་བདག་ཉིད་ཅན་ཡིན་ཏེ། དཔེར་ན་གཉིད་
ཀྱིས་ལོག་པས་གླང་ཆེན་མྱོས་པ་མཐོང་བ་བཞིན་ནོ། །ཡང་དག་པར་རག་པ་འདི་ཡང་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་ལུས་དང་ལྗོན་ཤིང་དང་རྫིང་བུ་ལ་སོགས་པ་མཐོང་བ་བཞིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །མ་གྲུབ་མ་ཡིན་གཞི་གྲུབ་ཕྱིར། །གང་ཕྱིར་འདི་ནི་རང་
རིག་པས། །ལུས་སོགས་རང་གི་ངོ་བོར་གྲུབ། །སྣ་ཚོགས་ལྷན་ཅིག་རིག་པའི་ཕྱིར། །མཐུན་ཕྱོགས་ཡོད་ཕྱིར་འགལ་བ་མིན། །རྨི་ལམ་བརྫུན་པ་མཐོང་བ་བཞིན། །ཐམས་ཅད་བསྡུས་པས་ཁྱབ་གྲུབ་ཕྱིར། །མ་ངེས་པ་ཡང་མ་ཡིན་ནོ། །གཏན་ཚིགས་འདི་གཞི་མ་གྲུབ་པ་ཡང་
མ་ཡིན་ཏེ། ལུས་དང་ལྗོན་ཤིང་དང་རྫིང་བུ་ལ་སོགས་པ་མཐོང་བས་ལུས་ལ་སོགས་པའི་ཆོས་ཅན་རིག་པའི་རང་གི་ངོ་བོ་ཉམས་སུ་མྱོང་བ་དེ་བཞིན་དུ་རྟོགས་པ་ཉིད་ཀྱིས་ངེས་པའི་ཕྱིར་རོ། །དེའི་རང་གི་ངོ་བོ་མ་གྲུབ་པ་ཡང་མ་ཡིན་ཏེ། འདི་ལྟར་ལུས་ནི་གཅིག་མ་ཡིན་ཏེ། ལག་པ་དང་རྐང་པ་
ལ་སོགས་པ་འདི་དག་དུ་མར་དེ་ལྟར་རྟོགས་པའི་ཕྱིར་རོ། །དུ་མ་ཡང་མ་ཡིན་ཏེ། ལུས་གཅིག་པ་ཉིད་དུ་རྟོགས་པའི་ཕྱིར་རོ། །གང་ཞིག་འདིར་ཕྲ་རབ་དུ་མ་ནི་ཆ་ཤས་ཡིན་ལ། གང་ཞིག་གཅིག་ཏུ་རགས་པ་དེ་ནི་ཆ་ཤས་ཅན་ཡིན་ནོ་ཞེས་ཟེར་ན། མ་ཡིན་ཏེ། ལག་པ་ལ་སོགས་པའི་

ཚོགས་པ་ལུས་པོ་གཅིག་ཡིན་གྱི། ཡང་དེ་དག་ལས་ལུས་པོ་ཐ་དད་པ་མེད་པར་རྟོགས་པའི་ཕྱིར་རོ། །ཆ་ཤས་ཅན་གཅིག་པུ་ཁྲུ་བཞི་པའི་ཚད་དང་ལྡན་པ་ལག་པ་དང་རྐང་པ་ལ་སོགས་པ་རེ་རེར་རྟོགས་པ་ཡོད་དོ་ཞེས་སྨྲ་བ་ཇི་ལྟར་སྟོན་པ་མ་ཡིན་ཏེ། དེ་ལྟ་བས་ན་ལག་པ་ལ་སོགས་པ་དུ་མ་
ནི་ལུས་གཅིག་པ་ཡིན་གྱི། གཅིག་དང་དུ་མ་དང་བྲལ་བར་ཡང་དག་པར་རིག་པ་གཏན་ཚིགས་ཀྱི་རང་གི་ངོ་བོ་ཆོས་ཅན་ལ་གྲུབ་པ་མ་ཡིན་ནོ། །གཞན་ཡང་ལག་པ་དང་རྐང་པ་ལ་སོགས་པ་གཅིག་མ་ཡིན་ཏེ། ཕན་ཚུན་རང་གི་ངོ་བོས་གཟུགས་སུ་རྣམ་པར་དབེན་པར་སྣང་བའི་ཕྱིར་རོ། །
དུ་མ་ཡང་མ་ཡིན་ཏེ། རེ་རེའི་བདག་ཉིད་དུ་གྱུར་པ་སྣང་བ་ཉམས་སུ་མྱོང་བ་ཐུན་མོང་དུ་རིག་པ་མེད་པས། ལྷན་ཅིག་ཏུ་འབྲེལ་པར་སྣང་བ་མི་རིགས་པའི་ཕྱིར་རོ། །རང་དང་གཞན་གྱི་སེམས་བཞིན་ནོ། །ལྷན་ཅིག་སོ་སོར་སྣང་བ་ཡོད་དེ་དེ་ཉིད་ཀྱི་ཕྱིར་ཡང་གཏན་ཚིགས་ཀྱི་རང་གི་ངོ་བོ་གཅིག་
དང་དུ་མ་དང་བྲལ་བ་ཡང་དག་པར་རིག་པ་ཉིད་ཆོས་ཅན་ལ་མ་གྲུབ་པ་མ་ཡིན་ནོ། །གཏན་ཚིགས་འདི་འགལ་བ་ཡང་མ་ཡིན་ཏེ། མཐུན་པའི་ཕྱོགས་རྨི་ལམ་དུ་གླང་པོ་མྱོས་པ་མཐོང་བ་ལ་ཡང་ཡོད་པའི་ཕྱིར་རོ། །རྨི་ལམ་ནི་བརྫུན་པ་མཐོང་བ་ཡིན་ནོ་ཞེས་རབ་ཏུ་གྲགས་སོ། །དེའི་བདག་ཉིད་
མ་ཡིན་པ་དེ་ལས་སྣང་བར་མི་རིགས་སོ། །དེའི་ཕྱིར་གླང་པོ་མྱོས་པ་མཐོང་བ་འདི་ནི་བརྫུན་པའི་བདག་ཉིད་མཐུན་པའི་ཕྱོགས་ལ་གྲུབ་པོ། །མཐོང་བ་ཉིད་རང་རིག་པའོ། །བརྫུན་པ་ལ་ཡང་གཅིག་དང་དུ་མ་ཉིད་མེད་དེ། དེ་དག་ནི་དངོས་པོའི་ཆོས་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་གཅིག་དང་
དུ་མ་དང་བྲལ་བའི་ཡང་དག་པར་རིག་པ་ཉིད་མཐུན་པའི་ཕྱོགས་ལ་ཡོད་པར་གྲུབ་པས་དེའི་ཕྱིར་འདི་འགལ་བ་ཡང་མ་ཡིན་ནོ། །མ་ངེས་པ་ཡང་མ་ཡིན་ཏེ། དཔེ་འདི་ཉིད་ཀྱིས་ཐམས་ཅད་ཉེ་བར་བསྡུས་པས་ཁྱབ་པ་གྲུབ་པའི་ཕྱིར་རོ། །གང་དང་གང་གཅིག་དང་དུ་མ་དང་བྲལ་བ་ཡང་དག་པར་རིག་
པ་དེ་དང་དེ་དག་ཐམས་ཅད་ནི་བརྫུན་པའི་བདག་ཉིད་ཡིན་ཏེ། དེ་གང་ལས་ཤེ་ན། དངོས་པོ་ལ་ཁྱབ་པར་བྱེད་པ་གཅིག་དང་དུ་མ་ཉིད་ལོག་ན་དངོས་པོ་ཉིད་ཀྱང་ལྡོག་སྟེ། དངོས་པོའི་ཆོས་ཉིད་བརྫུན་པ་ཁོ་ན་སྟེ། དེའི་བདག་ཉིད་ཀྱང་ཡང་དག་པར་རིག་པ་གྲུབ་པ་སྟེ། དེ་མེད་ན་ཡང་དག་པར་

རིག་པ་དང་འབྲེལ་པ་མི་རིགས་པའི་ཕྱིར་རོ། །དངོས་པོ་ཉིད་ལ་དེ་དག་གིས་ཁྱབ་པ་ཇི་ལྟར་གྲུབ་ཅེ་ན། ཕན་ཚུན་གཞན་སེལ་བའི་མཚན་ཉིད་དངོས་པོའི་ཆོས་དག་ནི་དངོས་པོ་གཅིག་བཀག་ན་གཉིས་པ་ངེས་པར་གྲུབ་པའི་ཕྱིར་དངོས་པོ་དེ་ཉིད་ལས་འདའ་བར་
མི་ནུས་སོ། །དེ་ཉིད་ཀྱི་ཕྱིར་གཉིས་ཀྱི་དངོས་པོ་ལ་ཁྱབ་པར་གྲུབ་པོ། །ཐམས་ཅད་བརྫུན་དུ་སྨྲ་བས་སྨྲས་པ། བདག་ཅག་ལ་དངོས་པོ་མ་གྲུབ་སྟེ། དངོས་པོའི་ཆོས་ཀྱང་མེད་པའི་ཕྱིར་རོ། །དེ་བས་ན་གཉིས་ཀྱིས་དངོས་པོ་ལ་ཁྱབ་པ་མ་གྲུབ་པོ་ཞེ་ན། དེ་ནི་མི་རིགས་ཏེ། གང་གི་
ཕྱིར། བླང་བ་ལ་ནི་འཇུག་ལྡན་ཞིང་། །དོར་བ་ལས་ནི་ལྡོག་པ་ཅན། །དངོས་དང་དེ་ཆོས་ལ་བསྙོན་པ། །གཡོ་ཅན་དེ་ནི་ཚར་བཅད་འོས། །གང་ཞིག་བླང་བར་བྱ་བ་བཏུང་བ་དང་བཟའ་བ་ལ་སོགས་པ་ལ་འཇུག་པ་དང་། དོར་བར་བྱ་བ་བཀྲེས་སྐོམ་ལ་སོགས་པ་ལས་ལྡོག་པ་དེའི་ཕྱིར་
དངོས་པོ་དང་། དེའི་ཆོས་ཉིད་དུ་ངེས་པའི་ཕྱིར་ཡིན་ཏེ། དངོས་པོ་མེད་པ་ལ་ནི་བདེ་བ་དང་། སྡུག་བསྔལ་སྒྲུབ་པ་དང་དགག་པ་མེད་པར་ངེས་ཏེ། དེ་གཉིས་མི་རིགས་པའི་ཕྱིར་རོ། །གཡོ་འབའ་ཞིག་གིས་གཞན་ལ་བསྙོན་པ་དེ་ལྟ་བུ་ནི་ཚོགས་ཀྱི་
ནང་དུ་ཚར་བཅད་པར་འོས་པ་ཡིན་ནོ། །གཞན་ཡང་དངོས་པོ་ཞེས་བྱ་བ་གང་ཁྱེད་ཀྱིས་བཀག་པར་བྱ་བ་ཅི་ཞིག་ཡིན། ཡུལ་མེད་པ་ལ་དགག་པ་ནི་མི་རིགས་སོ། །གལ་ཏེ་དངོས་པོའི་མཚན་ཉིད་དངོས་པོ་ཡིན་ན། རང་བཞིན་ཡང་དངོས་པོ་ཡིན་ཏེ། དེའི་ཕྱིར་རང་བཞིན་མེད་པར་བསྒྲུབས་
པས་ཆོས་སམ་ཆོས་ཅན་བསྒྲུབ་པར་བྱ་བ་ཡིན་ཏེ། གལ་ཏེ་དེ་དག་གི་ངོ་བོ་གཞན་ཡོད་ན་དེའི་ཚེ་དེ་ཉིད་ཀྱིས་རང་བཞིན་མེད་པ་ལ་གནོད་པར་འགྱུར་རོ། །དེ་བས་ན་ངོ་བོ་ཙམ་གྱིས་གྲུབ་པའི་ཆོས་ཅན་དངོས་པོའི་ཆོས་ཅན་དང་། བྲལ་བ་བསྒྲུབ་པར་བྱ་བ་ཡིན་པར་གྱུར་ཏེ། དངོས་པོ་དེ་ཡང་ནུས་
པའི་མཚན་ཉིད་ཁོ་ན་ཡིན་ནོ། །གཞན་ལ་ནི་སྒྲུབ་པ་དང་དགག་པ་མི་རིགས་པའི་ཕྱིར་རོ། །ནུས་པའི་དངོས་པོའི་མཚན་ཉིད་ཡིན། །ཞེས་གང་བཤད་པ་ཡིན་ནོ། །དེའི་ཕྱིར་ཡང་། མཚན་ཉིད་དག་གིས་དངོས་པོར་འགྲུབ། །དེ་ཕྱིར་དེ་གཉིས་རྗེས་སུ་འགྲོ། །གང་ཕྱིར་ཕན་ཚུན་གཞན་

སེལ་བདག །རང་གི་ཆོས་ལས་དངོས་མི་འདའ། །གང་གི་ཕྱིར་མཚན་ཉིད་ཀྱིས་དངོས་པོ་འགྲུབ་ན་དེ་ཉིད་ཀྱི་ཕྱིར་དེ་གཉིས་ཀྱི་རྗེས་སུ་འགྲོ་བ་འགྲུབ་སྟེ། གཅིག་དང་དུ་མ་དག་གིས་ཁྱབ་པོ། །གང་གི་ཕྱིར་དེ་དག་ཕན་ཚུན་གཞན་སེལ་བའི་ངོ་བོ་ཡིན་ནོ། །གཅིག་པ་
བཀག་པ་ཉིད་ནི་གཉིས་པའི་མཚན་ཉིད་དོ། །དེ་བས་ན་གསུམ་པ་མེད་པའི་ཕྱིར་དངོས་པོ་གཉིས་ལས་མི་འདའ་བས་གཉིས་ཀྱིས་ཁྱབ་པོ། །དེའི་ཕྱིར་ཅི་ཞིག་ཡིན་ཞེ་ན་སྨྲས་པ། ཁྱབ་པར་བྱེད་པ་ལོག་པ་ཡིས། །གདོན་མི་ཟ་བར་ཁྱབ་བྱ་ལྡོག །ཐམས་ཅད་བསྡུས་པས་ཁྱབ་པ་
ཡིས། །རྩ་བའི་གཏན་ཚིགས་རྗེས་སུ་འགྲོ། །ཕན་ཚུན་གཞན་སེལ་བའི་མཚན་ཉིད་ཀྱི་ཆོས་ལས་གལ་ཏེ་དངོས་པོ་མི་འདའ་ན་དངོས་པོ་ལ་སོགས་པ་ཇི་ལྟར་མི་འདའ་ཞེ་ན། མ་ཡིན་དགག་པའི་བདག་ཉིད་ཆོས། །ཕན་ཚུན་གཞན་སེལ་བདག་ཉིད་གང་། །དེ་གཉིས་དག་ལ་དངོས་མི་འདའ། །
དངོས་པོ་མིན་ལ་དེ་གཉིས་མེད། །མ་ཡིན་པར་དགག་པའི་བདག་ཉིད་འགལ་བའི་ཆོས་དག་ལས་དངོས་པོ་མི་འདའ་སྟེ། དངོས་པོ་གཅིག་སྤངས་ན་གཉིས་པ་ཡོད་པས་རྣམ་པ་གསུམ་པ་མེད་པའི་ཕྱིར་རོ། །སྔོན་པོ་ལ་སོགས་པ་ནི་དངོས་པོ་མ་ཡིན་པས་དེའི་ཕྱིར་ཆོས་དེ་གཉིས་ཀ་ཡང་དེ་
ལ་མེད་དོ། །དེ་བས་ན་གཉིས་ཀ་དང་བྲལ་བ་གང་ཡིན་པ་དེ་ནི་དངོས་པོ་མ་ཡིན་ནོ། །གལ་ཏེ་དེ་ལྟར་ཡིན་ན་དངོས་པོ་གཞན་སེལ་བའི་མཚན་ཉིད་དངོས་པོ་མེད་པ་ཉིད་དངོས་པོ་ལ་ཡང་འགྱུར་གྱི། དངོས་པོ་མེད་པ་ལ་མི་འགྱུར་རོ་ཞེ་ན། དངོས་པོ་མེད་པ་ལ་སོགས་པ། །གང་ཕྱིར་དགག་
པའི་བདག་ཉིད་མིན། །མ་ཡིན་དགག་པ་དེ་ཐམས་ཅད། །དངོས་པོ་ཉིད་ཀྱིས་བསྡུ་ཕྱིར་རོ། །ཞེས་བྱ་བའི་དོན་ནི་འདི་ཡིན་ཏེ། གང་མ་ཡིན་པར་དགག་པ་དེ་ཐམས་ཅད་ནི། དངོས་པོ་ཉིད་ཀྱིས་བསྡུས་པ་ཡིན་ཏེ། དེ་ལྟ་བས་ན་དངོས་པོ་མེད་པར་བཀག་པ་ནི་མ་ཡིན་པར་དགག་པ་མ་ཡིན་ནོ། །
དེའི་ཕྱིར་དངོས་པོ་མེད་པ་མ་ཡིན་གྱི། །དངོས་པོ་ལ་ནི་མ་ཡིན་ནོ། །དེ་ལྟ་བས་ན་འདི་ལྟར་ཉེས་པ་གསུམ་སྤངས་པའི་གཅིག་དང་དུ་མ་དང་བྲལ་བ་ཡང་དག་པར་རིག་པའི་གཏན་ཚིགས་ཏེ། བརྫུན་པའི་བདག་ཉིད་ལུས་དང་ལྗོན་ཤིང་མཚེའུ་ལ་སོགས་པ་ལ་མཐོང་བས་ཆོས་ཅན་ལ་ཡོད་པར་

གྲུབ་བོ། །གང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཇིག་རྟེན་ལས་འདས་པའི་མངོན་སུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དེའི་མཚན་ཉིད་བསྟན་པར་བྱའོ། །ཡེ་ཤེས་ཆོས་རྣམས་ཐམས་ཅད་ལ། །ཀུན་ཏུ་འཁྲུལ་པ་མི་མངའ་བ། །ཡང་དག་
མཐའ་བསྒོམས་ལས་བྱུང་བ། །དམ་པའི་དོན་ལ་མངོན་སུམ་ཡིན། །ཡེ་ཤེས་ཆོས་རྣམས་ཐམས་ཅད་ལ། །ཞེས་པ་ནི་ཆོས་ཐམས་ཅད་ལ་དམིགས་ནས་ཆོས་ཐམས་ཅད་ཀྱི་དོན་དམ་པ་ཡང་དག་པར་མཁྱེན་པའོ། །འཁྲུལ་པ་མི་མངའ་བ་ནི་འཁྲུལ་པ་མེད་པ་སྟེ། ཡང་དག་པ་
མ་ཡིན་པ་ཡང་དག་པར་མི་མཁྱེན་པའི་ཕྱིར་དང་། མངོན་པར་བརྗོད་པ་མེད་པའི་ཕྱིར་རོ། །ཡང་དག་པའི་མཐའ་ནི་ཡང་དག་པའི་མཐའ་སྟེ་སྟོང་པ་ཉིད་དོ། །དེ་བསྒོམས་པ་ནི་ཞི་གནས་དང་ལྷག་མཐོང་གིས་ཏེ། དེ་ལས་བྱུང་བ་ནི་མངོན་སུམ་སྟེ། དོན་མངོན་སུམ་དུ་མཛད་པའི་ཕྱིར། །
དམ་པ་ཡང་ཡིན་ལ་དོན་ཡང་ཡིན་པའམ། ཡེ་ཤེས་དམ་པའི་དོན་དེ་ལ་ཡོད་པ