Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 138

Văn bản gốc(Tây Tạng)

Trang 4 / 15 (50.000 ký tự/trang)
སྨྲས་སོ། །ཇི་སྟེ་དེ་ལྟར་མི་འདོད་ན་དེའི་ཚེ་རྣམ་པར་ཤེས་པ་མིང་དང་གཟུགས་ཀྱི་རྐྱེན་གང་ཡིན་པ་བརྗོད་དགོས་སོ། །གཞན་གྱི་ཚིག་གི་གླགས་སུ་གྱུར་དུ་དོགས་ནས། གལ་ཏེ་
དུས་ཕྱི་མ་པ་གང་ཡིན་པ་དེའི་རྐྱེན་ཏོ་ཞེ་ན་ཞེས་བྱ་བ་སྨྲས་ཏེ། ཉིང་མཚམས་སྦྱོར་བའི་སྐད་ཅིག་པའི་འོག་གི་དུས་ཀྱི་མིང་དང་གཟུགས་གང་ཡིན་པ་དེ་རྣམ་པར་ཤེས་པའི་རྐྱེན་གྱིས་བྱུང་བའོ། །གྲུབ་པའི་མཐའ་སྨྲ་བས། དེ་ཉིང་མཚམས་སྦྱོར་བའི་མིང་དང་གཟུགས་ལས་
རང་བཞིན་བྱེ་བྲག་ཏུ་གྱུར་པ་ཅི་ཡོད་ན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དུས་ཕྱི་མའི་མིང་དང་གཟུགས་དེ་དང་ཉིང་མཚམས་སྦྱོར་བའི་མིང་དང་གཟུགས་བྱེ་བྲག་ཅི་ཡོད་ན། ཁྱོད་གང་གི་ཕྱིར་ཕྱི་མའི་མིང་དང་གཟུགས་གང་ཡིན་པ་དེ་ཉིད་ནི་རྣམ་པར་ཤེས་པའི་རྐྱེན་ལས་
བྱུང་བར་འདོད་ལ། སྔ་མ་ནི་མ་ཡིན། སྔ་མ་འདུ་བྱེད་ཀྱི་རྐྱེན་ལས་བྱུང་བར་འདོད་ལ། ཕྱི་མ་ནི་མ་ཡིན། མཇུག་བསྡུས་ནས་བསྟན་པའི་ཕྱིར། དེའི་ཕྱིར་འདུ་བྱེད་ཀྱི་རྐྱེན་གྱིས་མིང་དང་གཟུགས་ཉིད་དུ་གྱུར་གྱི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གང་གི་ཕྱིར་མིང་དང་གཟུགས་བྱེ་
བྲག་མེད་པ་དེའི་ཕྱིར། འདུ་བྱེད་ཀྱི་རྐྱེན་གྱིས་མིང་དང་གཟུགས་ཉིད་དུ་གྱུར་ན། ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པའི་ཡན་ལག་གཞན་ཡོངས་སུ་བརྟག་ཅི་དགོས། རྣམ་པར་རྟོག་པ་སྔ་མ་མཇུག་བསྡུ་བའི་ཕྱིར། དེ་ལྟ་བས་ན་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་ནི་
ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དོན་དེ་ནི་བརྡ་ཕྲད་པར་ཟད་དོ། །རྣམ་པར་རྟོག་པ་གཉིས་པའི་དབང་དུ་བྱས་ནས། རྣམ་པར་ཤེས་པའི་ཚོགས་དྲུག་པོ་ཡོངས་སུ་བསྒོས་པ་དག་ཀྱང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དོན་དེ་ནི་བརྡ་ཕྲད་པར་ཟད་དོ། །མདོ་སྡེ་པ་ཡིད་མ་ཆེས་ནས།
ཅིའི་ཕྱིར་ཞེ་ན་ཞེས་འདྲི་པ་ལ། གྲུབ་པའི་མཐའ་སྨྲ་བས་རྣམ་པར་ཤེས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་རྣམ་པར་ཤེས་པ་ནི་བདག་ཉིད་ལ་རྣམ་པར་སྨིན་པའི་བག་ཆགས་སམ་རྒྱུ་མཐུན་པའི་བག་ཆགས་སྐྱེད་མི་ནུས་ཏེ། འདི་ལྟར་བདག་ཉིད་ལ་བྱེད་པ་འགལ་བའི་

བའི་ཕྱིར་རོ། །དེ་ལ་འདི་སྙམ་དུ་ཕྱི་མ་ལ་སྐྱེད་པར་འགྱུར་རོ་སྙམ་པ་ལ་དེའི་ཕྱིར། མཇུག་ཐོགས་སུ་འབྱུང་བ་ཡང་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། མཇུག་ཐོགས་སུ་འབྱུང་བའི་རྣམ་པར་ཤེས་པ་ལ་ཡང་བག་ཆགས་རྣམ་པ་གཉིས་མི་སྐྱེད་
དེ། འདི་ལྟར་དེའི་ཚེ་ན་དེ་མ་བྱུང་ངོ་། །དེ་མ་བྱུང་བའི་ཕྱིར་དེ་རྫས་སུ་ཡོད་པ་མ་ཡིན་ནོ། །གང་གི་ཚེ་བྱུང་བ་དེའི་ཚེ་སྐྱེད་པར་འགྱུར་རོ་ཞེ་ན་དེའི་ཕྱིར། བྱུང་བ་ན་ཡང་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །མཇུག་ཐོགས་སུ་བྱུང་བ་དེ་ལ་ཡང་མི་སྐྱེད་དེ། འདི་ལྟར་
རྣམ་པར་ཤེས་པ་སྔ་མ་བག་ཆགས་སྐྱེད་པར་བྱེད་པ་དེ་ནི་སྐད་ཅིག་ཡིན་པས་དེའི་ཚེ་འགགས་སོ། །དེའི་ཕྱིར་གང་དུ་བག་ཆགས་སྐྱེད་པར་འགྱུར། འདི་ཉིད་ལ་ཉེས་པ་གཞན་བསྟན་པའི་ཕྱིར། སེམས་མེད་པའི་སྙོམས་པར་འཇུག་པ་ལ་སོགས་པའི་དུས་ན་ནི་ཞེས་བྱ་
བ་ལ་སོགས་པ་སྨྲས་ཏེ། སེམས་མེད་པའི་འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པའི་དུས་གང་ཡིན་པ་དེ་དག་ན། འདུ་བྱེད་རྣམས་ཀྱིས་ཡོངས་སུ་བསྒོས་པའི་སེམས་འབྱུང་མི་སྲིད་དེ། དེ་བས་ན་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་མེད་པར་འགྱུར་རོ། །མིང་དང་
གཟུགས་མེད་པས་སྐྱེ་མཆེད་དྲུག་ལ་སོགས་པ་རྒ་ཤི་ལ་ཐུག་གི་བར་དུ་མེད་པར་འགྱུར་རོ། །དེའི་ཕྱིར་འཁོར་བར་འཇུག་པ་ཉིད་མེད་པར་འགྱུར་ཏེ། སེམས་ཅན་ཐམས་ཅད་བསྒྲིམ་མི་དགོས་པར་གྲོལ་བར་འགྱུར་རོ། །དེ་ལྟར་གཞན་གྱི་ཕྱོགས་བཀག་ནས་མཇུག་བསྡུ་བའི་
ཐབས་ཀྱིས་རང་གི་ཕྱོགས་བསྟན་པའི་ཕྱིར། དེ་བས་ན་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་སོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གི་ཕྱིར་དེ་ལྟར་གཞན་གྱི་ཕྱོགས་རྣམ་པ་གཉིས་ཀ་ལ་འཁོར་བར་འཇུག་པ་མི་རུང་བ་དེའི་ཕྱིར། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཏེ། དེ་དག་
གིས་བསྒོས་པའི་ཀུན་གཞིའི་རྣམ་པར་ཤེས་པ་ཉིད་ཀྱི་རྐྱེན་འདུ་བྱེད་དོ། །ཀུན་གཞིའི་རྣམ་པར་ཤེས་པའི་རྐྱེན་གྱིས་ཉིང་མཚམས་སྦྱོར་བའི་ཚེ། མིང་དང་གཟུགས་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ལ་ཉེས་པ་མེད་དོ། །ལྡོག་པ་མི་འཐད་པར་བསྟན་པའི་ཕྱིར། འཁོར་བ་ལྡོག་པ་

པ་ཡང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གལ་ཏེ་ཀུན་གཞིའི་རྣམ་པར་ཤེས་པ་མེད་ན། དེའི་ཚེ་འཁོར་བ་ལྡོག་པར་མི་རུང་ངོ་། །ཅིའི་ཕྱིར་མི་རུང་སྙམ་པ་ལ། འཁོར་བའི་རྒྱུ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་འཁོར་བའི་རྒྱུ་ནི་ལས་དང་ཉོན་མོངས་པ་རྣམས་སོ། །
དེ་གཉིས་ཀྱི་ནང་ན་ཡང་ཉོན་མོངས་པ་རྣམས་ནི་རྒྱུའི་གཙོ་བོའོ། །ཅིའི་ཕྱིར་དེ་དག་གཙོ་བོ་ཡིན་སྙམ་པ་ལ། འདི་ལྟར་ཉོན་མོངས་པའི་དབང་གིས་ན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་ཉོན་མོངས་པའི་སྟོབས་ཀྱིས་ལས་ཡང་སྲིད་པ་འཕེན་ནུས་པར་འགྱུར་གྱི། གཞན་དུ་ནི་མ་ཡིན་ནོ། །
དེ་ལྟར་ལས་གང་གི་ཡང་སྲིད་པ་འཕེན་པར་འགྱུར་བ་དེ་ཡང་། ཉོན་མོངས་པ་ཉིད་ཀྱི་དབང་གིས་འགྱུར་གྱི་གཞན་གྱི་ནི་མ་ཡིན་ནོ། །དེའི་ཕྱིར་ཉོན་མོངས་པ་ཉིད་གཙོ་བོ་ཡིན་པས་འཁོར་བར་འཇུག་པའི་རྩ་བའི་རྒྱུ་ཡིན་ནོ། །དེ་ལྟ་བས་ན་དེ་དག་སྤངས་ན་འཁོར་བའང་ལྡོག་པར་འགྱུར་ཏེ། དེའི་ལྡོག་
པ་གཞན་དུ་མ་ཡིན་ནོ། །གལ་ཏེ་དེ་ལྟ་ཡིན་ན་ཡང་དེས་ཅིར་འགྱུར་སྙམ་པ་ལ། ཀུན་གཞིའི་རྣམ་པར་ཤེས་པ་མེད་པར་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གལ་ཏེ་ཀུན་གཞིའི་རྣམ་པར་ཤེས་པ་མི་འདོད་ན། དེའི་ཚེ་ཉོན་མོངས་པ་རྣམས་སྤང་དུ་མི་རུང་ངོ་། །ཡིད་མ་ཆེས་ནས་ཇི་ལྟར་མི་
རུང་ཞེ་ན་ཞེས་དྲི་བ་ལ། གྲུབ་པའི་མཐའ་སྨྲ་བས། ཉོན་མོངས་པ་མངོན་དུ་གྱུར་པའམ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་ནི་གོ་སླ་བས་མ་བཤད་དོ། །རྣམ་པར་རྟོག་པ་དང་པོའི་དབང་དུ་བྱས་ནས། དེ་ལ་མངོན་དུ་གྱུར་པ་སྤོང་ངོ་ཞེ་ན་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གང་
གི་ཚེ་རྣལ་འབྱོར་པ་ལམ་ལ་སྙོམས་པར་ཞུགས་པར་གྱུར་པ་དེའི་ཚེ་ཉོན་མོངས་པ་རྣམས་མངོན་དུ་ག་ལ་འགྱུར་ཏེ། འདི་ལྟར་མངོན་དུ་འགྱུར་བ་སྤོང་ངོ་ཞེས་བྱ་བ་འདི་ནི་འདོད་པ་མ་ཡིན་པ་ཉིད་དོ། །རྣམ་པར་རྟོག་པ་གཉིས་པའི་དབང་དུ་བྱས་ཏེ། དེ་སྤོང་བའི་ལམ་ལ་གནས་པའི་ཕྱིར་ཞེས་བྱ་བ་
ལ་སོགས་པ་སྨྲས་ཏེ། འདི་ལྟར་རྣལ་འབྱོར་པ་ནི་ཉོན་མོངས་པ་སྤོང་བའི་ལམ་ལ་གནས་ཏེ། དེའི་ཕྱིར་ས་བོན་གྱི་ཚེ་ཡང་མི་སྤོང་ངོ་། །ཅིའི་ཕྱིར་སྙམ་པ་ལ། དེའི་ཚེ་ན་ནི་གཉེན་པོ་ལས་གཞན་ཅི་ཡང་ཁས་མ་བླངས་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་གང་ལ་ཉོན་མོངས་པའི་

ས་བོན་གནས་པ་དེ་ནི་དེའི་གཉེན་པོས་སྤོང་ན། ཁྱེད་ནི་དེའི་ཚེ་གཉེན་པོ་མ་གཏོགས་པར་གཞན་ཅི་ཡང་ཁས་མི་ལེན་ཏོ། །གཞན་གྱི་ཚིག་གི་གླགས་སུ་འགྱུར་དུ་དོགས་ནས། ཅི་སྟེ་གཉེན་པོའི་སེམས་ཉིད་ཅེས་བྱ་བ་ལ་སོགས་པ་སྨྲས་སོ། །གལ་ཏེ་
གཉེན་པོའི་སེམས་ཉིད་ཉོན་མོངས་པའི་ས་བོན་དང་ལྡན་པར་འདོད་ན་དེ་ནི་མི་རིགས་སོ། །འདི་ལྟར་ཉོན་མོངས་པའི་ས་བོན་དང་ལྡན་པ་ཉིད་ཉོན་མོངས་པ་དེའི་གཉེན་པོར་འགྱུར་བ་ནི་མི་རིགས་ཏེ། དྲི་མས་དྲི་མ་བཀྲུར་མི་རུང་བ་དང་འདྲའོ། །ཉོན་མོངས་པའི་ས་བོན་མ་སྤངས་ན་དེས་ཅིར་འགྱུར་
སྙམ་པ་ལ། ཉོན་མོངས་པའི་ས་བོན་མ་སྤངས་པ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཇི་སྲིད་དུ་ཉོན་མོངས་པའི་ས་བོན་མ་སྤངས་པ་དེ་སྲིད་དུ་འཁོར་བ་ལྡོག་མི་སྲིད་དོ། །མཇུག་བསྡུ་བའི་ཐབས་ཀྱིས་རང་གི་ཕྱོགས་བསྟན་པའི་ཕྱིར། དེ་ལྟ་བས་ན་གདོན་མི་ཟ་བར་ཞེས་བྱ་བ་ལ་སོགས་
པ་སྨྲས་ཏེ། གང་གི་ཕྱིར་དེ་ལྟར་ཀུན་གཞིའི་རྣམ་པར་ཤེས་པ་མེད་པར་ས་བོན་གྱི་གཞི་གང་ཡང་མེད་པ་དེའི་ཕྱིར་གདོན་མི་ཟ་བར་ཀུན་གཞིའི་རྣམ་པར་ཤེས་པ་ལས། དེ་ལས་གཞན་པའི་རྣམ་པར་ཤེས་པ་དང་ལྷན་ཅིག་འབྱུང་བའི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་རྣམས་
ཀྱིས་རང་གི་ས་བོན་ཡོངས་སུ་གསོ་བའི་ཕྱིར་བག་ཆགས་བསྒོ་བར་ཁས་བླང་བར་བྱའོ། །དེ་ཁས་བླངས་ན་དེས་ཅི་ཞིག་འགྲུབ་ཅེ་ན་དེའི་ཕྱིར། བག་ཆགས་སྟོབས་ཇི་ལྟ་བ་བཞིན་དུ་འཇུག་པ་དེ་རྙེད་ན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གི་ཚེ་ཀུན་གཞིའི་རྣམ་པར་ཤེས་པ་ལ་གང་ཉོན་མོངས་
པ་དང་། ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་བག་ཆགས་བསྒོས་པར་གྱུར་པ་དེའི་ཕྱིར། སྟོབས་དང་ལྡན་པའི་བག་ཆགས་རྣམས་འཇུག་པ་རྙེད་པར་གྱུར་ན་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བྱ་བ་རྒྱུར་གྱུར་པའི་བྱེ་བྲག་རྙེད་པའི་སེམས་ཉིད་ལས་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་གང་
དག་འབྱུང་བ་དག་གིས་ས་བོན་ཀུན་གཞིའི་རྣམ་པར་ཤེས་པ་ལ་གནས་པ་ནི་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བྱ་བ་དང་ལྷན་ཅིག་འབྱུང་བ། ཉོན་མོངས་པའི་གཉེན་པོས་སེལ་ཏེ། དེ་ལྟར་ཀུན་གཞིའི་རྣམ་པར་ཤེས་པ་ཡོད་ན་ཉོན་མོངས་པ་སྤོང་བ་འགྲུབ་པར་འགྱུར་རོ། །ཉོན་མོངས་པའི་ས་བོན་

དེ་བསལ་ན་གནས་དེས་ཀྱང་ཉོན་མོངས་པ་རྣམས་མི་སྐྱེ་སྟེ། དེའི་ཕྱིར་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ཐོབ་བོ། །དེ་ཐོབ་ནས་གང་གི་ཚེ་སྔོན་གྱི་ལས་ཀྱིས་འཕངས་པའི་ཚེ་ཟད་པར་གྱུར་པ་དེའི་ཚེ། གཞན་དང་ཉིང་མཚམས་སྦྱོར་བ་མེད་པས། ཕུང་པོའི་ལྷག་མ་
མེད་པའི་མྱ་ངན་ལས་འདས་པའི་དབྱིངས་འཐོབ་བོ། །ཉོན་མོངས་པ་རྣམས་སྤངས་སུ་ཟིན་ཀྱང་། ལས་ཡོད་ན་དེ་སྐྱེ་བ་གཞན་དང་ཉིང་འཚམས་སྦྱོར་བར་འགྱུར་རོ་ཞེ་ན། དེའི་ཕྱིར་ལས་ཡོད་དུ་ཟིན་ཀྱང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གི་ཚེ་ཉོན་མོངས་པ་རྣམས་སྤངས་པར་གྱུར་
པ་དེའི་ཚེ། ལས་ཡོད་དུ་ཟིན་ཀྱང་ལྷན་ཅིག་བྱེད་པའི་རྒྱུ་མེད་པས། ཡང་འབྱུང་བའི་ཉིང་མཚམས་སྦྱོར་བའི་མཐུ་མེད་དེ། དེའི་ཕྱིར་དེའི་ཚེ་སྐྱེ་བ་གཞན་དང་མཚམས་སྦྱོར་བར་མི་འགྱུར་རོ། །རང་གི་ཕྱོགས་ཀྱི་མཇུག་བསྡུས་ནས་བསྟན་པའི་ཕྱིར། དེ་ལྟར་ཀུན་གཞིའི་རྣམ་པར་ཤེས་
པ་ཡོད་ན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གི་ཕྱིར་དེ་ལྟར་ཀུན་གཞིའི་རྣམ་པར་ཤེས་པ་ཡོད་ན། འཁོར་བར་འཇུག་པ་དང་ལྡོག་པ་ཡོད་པར་འགྱུར་ཏེ། གཞན་དུ་མ་ཡིན་པ་དེའི་ཕྱིར། མིག་ལ་སོགས་པའི་རྣམ་པར་ཤེས་པ་ལས་གུད་ན་ཀུན་གཞིའི་རྣམ་པར་ཤེས་པ་
ཡོད་དེ། དེ་ཉིད་ས་བོན་ཐམས་ཅད་པར་འདོད་པར་བྱའི་གཞན་ནི་མ་ཡིན་པར་གདོན་མི་ཟ་བར་ཁས་བླང་བར་བྱའོ། །རྒྱ་ཆེར་དཔྱད་པ་གང་ཡིན་པ་དེ་ནི་ཕུང་པོ་ལྔ་པོའི་བཤད་སྦྱར་གནས་བརྟན་བློ་བརྟན་གྱིས་བྱས་པ་ལས་རིག་པར་བྱའོ།། །།བམ་པོ་ལྔ་པ་སྟེ་ཐ་མ། འོག་
མ་དང་མཚམས་སྦྱར་བར་བྱ་བའི་ཕྱིར། གལ་ཏེ་འདི་དག་རྣམ་པར་རིག་པ་ཙམ་ཡིན་ན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ། །གྲུབ་པའི་མཐའ་སྨྲ་བས་རྣམ་པར་རིག་པ་ཙམ་ཉིད་ལ་ངོ་བོ་ཉིད་གསུམ་རྣམ་པར་གཞག་པས་འགལ་བ་མེད་དོ་ཞེས་བྱ་བ་ལ་སོགས་
པ་སྨྲས་སོ། །འདི་ལྟར་རྣམ་པར་རིག་པ་ཙམ་ཉིད་ལ་ངོ་བོ་ཉིད་གསུམ་པོ་དེ་དག་རྣམ་པར་གཞག་སྟེ། དེའི་ཕྱིར་འདིར་མདོ་དང་འགལ་བ་མེད་དོ། །གཅིག་ལ་གསུམ་རྣམ་པར་གཞག་པ་ཡིད་མ་ཆེས་ནས་ཇི་ལྟ་བུ་ཞེ་ན་ཞེས་འདྲི་བ་ལ། གྲུབ་པའི་མཐའ་སྨྲ་བས། རྣམ་པར་རྟོག་པ་གང་

གང་གིས། །ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །རྣམ་པར་རྟོག་པ་གང་ཡང་རུང་བ་གང་གིས། དངོས་ཅི་ཡང་རུང་བ་གང་རྣམ་པར་བརྟགས་པ་དེ་ཐམས་ཅད་ཀུན་བརྟགས་པའི་ངོ་བོ་ཉིད་དུ་བལྟ་བར་བྱ་སྟེ། འདི་ལྟར་དེ་ཡང་དངོས་པོ་མེད་དོ་ཞེས་མདོར་བྱས་པའི་དོན་ཏོ། །
འགྲེལ་པ་བྱེད་པས་ཡན་ལག་གི་དོན་བསྟན་པའི་ཕྱིར། ནང་དང་ཕྱིའི་དངོས་པོར་བརྟག་པའི་བྱེ་བྲག་གིས་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདི་ལྟར་རྣམ་པར་བརྟག་པར་བྱ་བ་ཁ་ཅིག་ནི་ནང་གི་ཡིན་ཁ་ཅིག་ནི་ཕྱི་རོལ་གྱི་ཡིན་ཏེ། དེའི་ཕྱིར་དེའི་བྱེ་བྲག་གིས་རྣམ་པར་རྟོག་པ་དག་མཐའ་ཡས་
པར་བསྟན་པའི་ཕྱིར། སློབ་དཔོན་གྱིས། རྣམ་པར་རྟོག་པ་གང་གང་གིས། །ཞེས་བྱ་བ་སྨྲས་སོ། །གཉིས་པའི་ཡན་ལག་གི་དོན་བསྟན་པའི་ཕྱིར། དངོས་པོ་གང་གང་རྣམ་བརྟགས་པ། །ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གལ་ཏེ་རྣམ་པར་བརྟག་པར་བྱ་བ་ནང་གི་དངོས་པོའམ། འོན་ཏེ་ཕྱིའི་
དངོས་པོའམ། ཐ་ན་སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་རྣམ་པར་བརྟག་པར་བྱ་བ་གང་ཡིན་པ་དེ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་དུ་བལྟ་བར་བྱའོ། །བརྒྱ་ལ་འགའ་ཞིག་ཡིད་མ་ཆེས་པར་འགྱུར་བས་དེའི་ཕྱིར་འདི་སློབ་དཔོན་གྱིས་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་གཏན་ཚིགས་སྨྲས་ཏེ་དེ་མེད་དོ་ཞེས་བྱ་
བའོ། །དེ་དགྲོལ་བའི་ཕྱིར། རྣམ་པར་བརྟག་པའི་ཡུལ་གྱི་དངོས་པོ་གང་ཡིན་པ་དེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་ལུས་ལ་སོགས་པའི་དངོས་པོ་གཅིག་ཁོ་ན་ལ་རོ་དང་འདོད་པ་ཅན་གྱི་བྱེ་བྲག་གིས་རྣམ་པར་རྟོག་པ་ཕན་ཚུན་མི་མཐུན་པ་རྣམ་པ་དུ་མ་འབྱུང་བར་མཐོང་སྟེ། དཔེར་
ན་སྟག་ལ་སོགས་པ་མེད་པར་སྟག་འོངས་སོ་ཞེས་ཐོས་ནས། དཔའ་བོ་དང་སྡར་མ་ལ་སོགས་པ་རྒོལ་འདོད་པ་དང་། འཇིགས་པ་ལ་སོགས་པ་སྐྱེ་བ་ལྟ་བུའོ། །དེ་ལ་འདི་སྙམ་དུ་དངོས་པོ་ཉིད་ཀྱིས་དེ་རྣམ་པ་དེ་ལྟར་འགྱུར་རོ་ཞེ་ན། དེའི་ཕྱིར། དངོས་པོ་གཅིག་པའི་མེད་པ་ལ། །ཞེས་
བྱ་བ་ལ་སོགས་པ་སྨྲས་ཏེ། དངོས་པོ་གཅིག་པོ་དེ་ཉིད་ནི་ཕན་ཚུན་མི་མཐུན་པ་དུ་མའི་ངོ་བོ་ཉིད་དུ་མི་རུང་ངོ་། །དེ་མེད་པ་ཡང་རྣམ་པ་དེ་ལྟ་བུ་མི་རུང་ངོ་། །མཇུག་བསྡུ་བའི་ཕྱིར། དེ་བས་ན་འདི་དག་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གི་ཕྱིར་དེ་ལྟར་རྣམ་པར་རྟོག་པ་རྣམས་

ཀྱི་དམིགས་པ་དངོས་པོ་མེད་པ་དེའི་ཕྱིར་འགྲོ་བ་འདི་དག་ཐམས་ཅད་རྣམ་པར་རྟོག་པ་ཙམ་ཁོ་ན་སྟེ། རྣམ་པར་རྟོག་པའི་ཡུལ་སྒྲོ་བཏགས་པའི་རང་གི་ངོ་བོ་ཡིན་པའི་ཕྱིར་རོ། །འདིར་ཁུངས་སྨྲས་པ། མདོ་སྡེ་ལས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གཟུགས་ལ་སོགས་པ་དེ་དག་ལ་ཇི་
ལྟར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པ་དེ་བཞིན་དུ་དོན་དམ་པར་ཡོད་པ་མ་ཡིན་ནོ་ཞེས་མདོར་བྱས་པའི་དོན་ཏོ། །འོག་མ་དང་མཚམས་སྦྱར་བར་བྱ་བའི་ཕྱིར། ཀུན་བརྟགས་པའི་འོག་ཏུ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་གང་ཡིན་སྙམ་པ་ལ། གཞན་དབང་གི་ངོ་
བོ་ཉིད་ཅེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདིས་རྣམ་པར་བརྟག་པར་བྱ་བ་ཡིན་པས་རྣམ་པར་རྟོག་པ་སྟེ། སེམས་དང་སེམས་ལས་བྱུང་བ་རྣམས་སོ། །རྣམ་པར་རྟོག་པའི་ངོ་བོ་ཉིད་ནི་གཞན་གྱི་དབང་དུ་བལྟ་བར་བྱ་སྟེ། འདི་ལྟར་དེ་ནི་རྐྱེན་རྣམས་ལས་འབྱུང་ངོ་ཞེས་མདོར་བྱས་པའི་དོན་ཏོ། །
རྣམ་པར་རྟོག་པ་དང་རྐྱེན་ལས་འབྱུང་ཞེས་བྱ་བའི་སྒྲ་གཉིས་ཀྱིས་ཅི་ཞིག་སྟོན་སྙམ་པ་ལ། རྣམ་པར་རྟོག་པ་ཞེས་བྱ་བ་ནི་འདིར་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདིར་ཞེས་བྱ་བ་ནི་མཚན་ཉིད་ཀྱི་ཚིག་ལ་བྱའོ། །རྣམ་པར་རྟོག་པའི་སྒྲས་ནི་གཞན་གྱི་དབང་གི་རང་གི་ངོ་བོ་ཉིད་བསྟན་ཏོ། །རྐྱེན་
ལས་བྱུང་བའི་སྒྲས་ནི་གཞན་གྱི་དབང་ཞེས་བརྗོད་པ་འབྱུང་བའི་རྒྱུ་བསྟན་ཏོ། །ཀུན་རྟོག་པ་དེ་གང་ཡིན་སྙམ་པ་ལ། དེ་ལ་ཀུན་རྟོག་པ་ན་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དགེ་བ་ལ་སོགས་པའི་བྱེ་བྲག་གིས་ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་ཐ་དད་པ་དག་ནི་ཀུན་རྟོག་
པའི་སྒྲར་བརྗོད་དོ། །འདིར་ཁུངས་སྨོས་པ་ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དབུས་དང་མཐའ་རྣམ་པར་འབྱེད་པ་ལས་ཀྱང་། ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ནི་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཞེས་བཤད་དེ། རྣམ་པར་རྟོག་པ་ཞེས་བྱ་བ་དང་ཡོངས་
སུ་རྟོག་པ་ཞེས་བྱ་བ་ནི་དོན་གཅིག་གོ། །ཅིའི་ཕྱིར་རྣམ་པར་རྟོག་པ་དེ་གཞན་གྱི་དབང་ཞེས་བྱ་སྙམ་པ་ལ། རྒྱུ་དང་རྐྱེན་གཞན་དག་གིས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་རྒྱུ་དང་རྐྱེན་གཞན་དག་གིས་དབང་བྱས་པས་ན་གཞན་གྱི་དབང་ཞེས་བྱ་སྟེ། དབང་ཞེས་བྱ་བ་ནི་སྐྱེད་པ་དང་བསྐྲུན་

ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར། བདག་ལས་གཞན་པའི་རྒྱུ་རྐྱེན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ། །འོག་མ་དང་མཚམས་སྦྱར་བར་བྱ་བའི་ཕྱིར་གཞན་གྱི་དབང་བཤད་ཟིན་ཏོ་ཞེས་བྱ་བ་ལ་སོགས་པ་སྨྲས་
ཏེ། དོན་དེ་ནི་བརྡ་ཕྲད་པར་ཟད་དོ། །དེ་གང་ཡིན་སྙམ་པ་ལ། གྲུབ་པ་ནི་དེ་ལ་སྔ་མ་པའོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཀུན་བརྟགས་པ་དང་གཞན་གྱི་དབང་དུ་ཐམས་ཅད་དུ་བྲལ་བ་གང་ཡིན་པ་དེ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ་ཞེས་མདོར་བྱས་པའི་དོན་ཏོ། །ཇི་ལྟར་ན་ཡོངས་སུ་གྲུབ་པ་ཞེས་
བྱ་སྙམ་པ་ལ། མི་འགྱུར་བར་ཡོངས་སུ་གྲུབ་པས་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདི་ལྟར་དེ་ལ་འགྱུར་བ་མེད་དེ་དེའི་ཕྱིར་ཡོངས་སུ་གྲུབ་པའོ། །ཡན་ལག་གི་དོན་བསྟན་པའི་ཕྱིར། དེ་ལ་ཞེས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ལ་ཞེས་བྱ་བ་འདི་ནི་གཞན་གྱི་དབང་དང་སྦྱར་རོ། །སྔ་མ་པོ་
ཞེས་བྱ་བ་འདི་ནི་ཀུན་བརྟགས་པར་སྦྱར་ཏེ། གང་གི་ཕྱིར་རྣམ་པར་རྟོག་པ་དེ་ལ་གཟུང་བ་དང་འཛིན་པའི་དངོས་པོར་བཏགས་པ་དེའི་ཕྱིར་དེ་ལྟར་སྦྱར་རོ། །ཅིའི་ཕྱིར་གཟུང་བ་དང་འཛིན་པ་ལ་ཀུན་བརྟགས་པ་ཞེས་བྱ་སྙམ་པ་ལ། དེ་ལ་འདི་ལྟར་དེ་ལ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་རྣམ་པར་
རྟོག་པ་ལ་གཟུང་བ་དང་འཛིན་པ་གཉིས་མེད་བཞིན་དུ་ཀུན་དུ་རྟོག་པ་སྟེ། དེའི་ཕྱིར་གཉི་ག་ཡང་བརྟགས་པ་ཞེས་བྱའོ། །ཡན་ལག་གི་དོན་བཤད་ནས་མདོར་བྱས་པའི་དོན་བསྟན་པའི་ཕྱིར། གཟུང་བ་དང་འཛིན་པ་དེ་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། བཤད་མ་ཐག་པའི་གཟུང་བ་དང་འཛིན་
པ་དེ་དང་གཞན་གྱི་དབང་དུས་ཐམས་ཅད་དུ་གཏན་དུ་བྲལ་བ་གང་ཡིན་པ་དེ། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཅེས་བྱའོ། །དེ་ལྟར་རྣམ་པར་རིག་པ་ཙམ་ཁོ་ན་ལ་ངོ་བོ་ཉིད་གསུམ་སྟེ། འདི་ལྟར་རྣམ་པར་རིག་པ་ཙམ་ནི་བདག་ཉིད་ཀྱིས་གཞན་གྱི་དབང་གི་ངོ་བོ་ཉིད་དོ། །དེ་ལ་གཟུང་བ་དང་འཛིན་པར་སྒྲོ་
བཏགས་པ་གང་ཡིན་པ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་དོ། །དེ་ཉིད་དེ་གཉིས་དང་གཏན་དུ་བྲལ་བ་གང་ཡིན་པ་དེ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ། །ཅི་ཡོངས་སུ་གྲུབ་པ་འདི་གཞན་གྱི་དབང་ལས་གཞན་ནམ་འོན་ཏེ་གཞན་མ་ཡིན་སྙམ་པ་ལ། དེའི་ཕྱིར་དེ་ཉིད་གཞན་དབང་ལས་ཞེས་བྱ་བ་ལ་

སོགས་པ་སྨྲས་ཏེ། དེ་ཉིད་དགྲོལ་བའི་ཕྱིར། དེའི་ཕྱིར་དེ་ཉིད་ཅེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་ཀུན་བརྟགས་པའི་ངོ་བོ་ཉིད་དང་། གཞན་གྱི་དབང་རྟག་ཏུ་བྲལ་བ་ཉིད་གང་ཡིན་པ་དེ་ཡོངས་སུ་གྲུབ་པར་འདོད་དོ། །བྲལ་བ་ཉིད་ནི་ཆོས་ཉིད་ཅེས་བྱའོ། །ཆོས་ཉིད་དེ་ཡང་དཔྱད་ན་གཞན་
དུ་ཡང་མི་རུང་ལ་གཞན་མ་ཡིན་པ་ཡང་མི་རུང་ངོ་། །ཡོངས་སུ་གྲུབ་པ་འདི་ནི་གཞན་གྱི་དབང་གི་ཆོས་ཉིད་དེ། དེའི་ཕྱིར་གཞན་གྱི་དབང་ལས་ཡོངས་སུ་གྲུབ་པ་གཞན་ཡང་མ་ཡིན་ལ། གཞན་མ་ཡིན་པའང་མ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །ཅིའི་ཕྱིར་སྙམ་པ་ལ། གལ་ཏེ་ཞེས་བྱ་བ་ལ་
སོགས་པ་སྨྲས་སོ། །འདི་ལྟར་གལ་ཏེ་ཡོངས་སུ་གྲུབ་པ་གཞན་གྱི་དབང་ལས་གཞན་ཡིན་ན་ནི་དེ་ལྟ་ན་གོ་ཀུན་བརྟགས་པས་གཞན་གྱི་དབང་སྟོང་པར་མི་འགྱུར་ཏེ། དེ་ལྟར་ན་དངོས་པོ་གཞན་དུ་འགྱུར་རོ། །དེའི་ཕྱིར་ཇི་ལྟར་དེ་ལ་དེ་བསྡུ་བར་བྱ་ཆོས་ཉིད་ནི་བསྡུ་བར་བྱ་བ་ཡིན་ཏེ། སྒྲ་ལ་
སོགས་པ་ལ་མི་རྟག་པ་བསྡུ་བར་བྱ་བ་ལྟ་བུའོ། །ཕྱོགས་གཉིས་པ་ལ་ཉེས་པ་བསྟན་པའི་ཕྱིར། ཇི་སྟེ་གཞན་མ་ཡིན་ན་དེ་ལྟ་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཡོངས་སུ་གྲུབ་པ་གཞན་གྱི་དབང་ལས་གཞན་མ་ཡིན་པར་གྱུར་ན་ནི་དེ་ལྟ་ན་ཡང་ཡོངས་སུ་གྲུབ་པ་རྣམ་པར་དག་པའི་
དམིགས་པར་མི་འགྱུར་ཏེ། ཇི་ལྟར་གཞན་གྱི་དབང་ཀུན་ནས་ཉོན་མོངས་པའི་བདག་ཉིད་ཡིན་པའི་ཕྱིར། དེའི་དམིགས་པ་མ་ཡིན་པ་ལྟར་ཡོངས་སུ་གྲུབ་པ་ཡང་དེ་བཞིན་ནོ། །ཇི་སྟེ་གཞན་གྱི་དབང་ཡང་ཀུན་ནས་ཉོན་མོངས་པའི་བདག་ཏུ་མི་འགྱུར་ན་ནི་ཡོངས་སུ་གྲུབ་པ་ལས་གཞན་
མ་ཡིན་པའི་ཕྱིར་ཡོངས་སུ་གྲུབ་པ་དང་འདྲའོ། །ལམ་ནི་འདིར་རྣམ་པར་དག་པའི་སྒྲས་བསྟན་ཏོ། །དེ་ཉིད་དམ་གཞན་ཉིད་དུ་མི་བརྗོད་པའི་དཔེ་སྨོས་པ། མི་རྟག་ལ་སོགས་བཞིན་དུ་བརྗོད། །ཅེས་བྱ་བ་ལ་སོགས་པའོ། །དེ་དགྲོལ་བའི་ཕྱིར། དཔེར་ན་མི་རྟག་པ་ཉིད་དང་ཞེས་བྱ་བ་ལ་སོགས་པ་སྨྲས་
ཏེ། དེ་ནི་གོ་སླ་བས་མ་བཤད་དོ། །མི་རྟག་པ་འདི་ཉིད་དམ་གཞན་ཉིད་ཡིན་པ་ལ་ཉེས་པ་བསྟན་པའི་ཕྱིར། གལ་ཏེ་འདུ་བྱེད་རྣམས་ལས་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གལ་ཏེ་མི་རྟག་པ་ཉིད་འདུ་བྱེད་རྣམས་ལས་གཞན་ཡིན་ན་ནི་དེ་ལྟ་ན་གོ་འདུ་བྱེད་རྣམས་མི་རྟག་པ་ཉིད་དུ་མི་འགྱུར་ཏེ། དེ་དག་ལ་དེ་བསྡུ་བར་མི་བྱ་

བའི་ཐ་ཚིག་གོ། །ཅི་སྟེ་གཞན་མ་ཡིན་པར་གྱུར་ན་དེ་ལྟ་ན་ཡང་འདུ་བྱེད་རྣམས་ཞིག་ནས་མེད་པའི་ངོ་བོར་གྱུར་ཏེ། ཇི་ལྟར་མི་རྟག་པ་ཉིད་འཇིག་པའི་ངོ་བོ་ཉིད་ཡིན་པ་དང་འདྲའོ། །རིགས་པ་འདི་ནི་སྡུག་བསྔལ་ཉིད་ལ་སོགས་པ་ལ་ཡང་བརྗོད་པར་བྱ་སྟེ། འདི་ལྟར་གལ་ཏེ་
སྡུག་བསྔལ་ཉིད་འདུ་བྱེད་རྣམས་ལས་གཞན་ཡིན་ན་ནི་དེའི་ཚེ་འདུ་བྱེད་རྣམས་སྡུག་བསྔལ་ཉིད་ཀྱི་ངོ་བོར་མི་འགྱུར་རོ། །ཇི་སྟེ་གཞན་མ་ཡིན་ན་ཡང་དེའི་ཚེ་འདུ་བྱེད་རྣམས་སྡུག་བསྔལ་ཉིད་ཀྱི་ངོ་བོར་འགྱུར་རོ་ཞེས་ཕྱོགས་ནི་དེའོ། །ཚིག་ལེའུར་བྱས་པ་དང་མཚམས་སྦྱར་བའི་ཕྱིར། གལ་ཏེ་
གཞན་གྱི་དབང་ལ་གཟུང་བ་དང་འཛིན་པ་མེད་ན་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གལ་ཏེ་གཞན་གྱི་དབང་ལ་གཟུང་བ་དང་འཛིན་པ་ཡང་དག་པའི་དོན་དུ་མེད་ན་དེ་ཇི་ལྟར་གང་གིས་འཛིན། མི་འཛིན་ན་ཡང་དེ་ཡོད་པར་ཇི་ལྟར་ཤེས་པར་བྱ་བ་བརྗོད་དགོས་སོ་ཞེ་ན་དེའི་ཕྱིར། དེ་མ་མཐོང་བར་དེ་
མི་མཐོང་། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཇི་སྲིད་དུ་ཡོངས་སུ་གྲུབ་པ་མ་མཐོང་བ་དེ་སྲིད་དུ་གཞན་གྱི་དབང་མི་མཐོང་ངོ་ཞེས་མདོར་བྱས་པའི་དོན་ཏོ། །ཡན་ལག་གི་དོན་བསྟན་པའི་ཕྱིར། དེ་མ་མཐོང་བར་བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་མ་མཐོང་བར་ཞེས་བྱ་བ་འདི་ནི་
ཡོངས་སུ་གྲུབ་པ་དང་སྦྱར་བར་བྱའོ། །དེ་མི་མཐོང་ཞེས་བྱ་བ་འདི་ནི་གཞན་གྱི་དབང་དང་སྦྱར་བར་བྱའོ། །དེ་མ་མཐོང་བར་ཅིའི་ཕྱིར་མི་མཐོང་སྙམ་པ་ལ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྣམ་པར་མི་རྟོག་པས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་ཇི་སྲིད་དུ་འཇིག་རྟེན་ལས་
འདས་པའི་ཡེ་ཤེས་རྣམ་པར་མི་རྟོག་པས་མཐོང་བར་བྱ་བ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་མ་མཐོང་བ་དེ་སྲིད་དུ། ཤེས་པ་གཞན་གྱི་དབང་མི་འཛིན་ཏེ། འདི་ལྟར་གཞན་གྱི་དབང་གི་ངོ་བོ་ཉིད་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་རྗེས་ལ་ཐོབ་པ་དག་ལ་འཇིག་རྟེན་པ་འཇིག་རྟེན་
ལས་འདས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལོ། །དེ་མ་མཐོང་བ་ནི་དེ་མ་རྟོགས་པ་དང་། མངོན་སུམ་དུ་མ་བྱས་པའོ་ཞེས་བྱ་བ་ལ་མ་མཐོང་བ་ནི་འཕགས་པའི་ཤེས་རབ་ཀྱི་མིག་གིས་མ་མཐོང་བའོ། །མ་རྟོགས་པ་ནི་ཟག་པ་མེད་པའི་ཡེ་ཤེས་ཀྱི་ཐུར་མས་མ་ཕིགས་པའོ། །མངོན་

སུམ་དུ་མ་བྱས་པ་ནི་འཇིག་རྟེན་ལས་འདས་པའི་མངོན་སུམ་གྱིས་མངོན་སུམ་དུ་མ་བྱས་པའོ། །ཡང་ན་ཕྱི་མས་སྔ་མ་བཤད་དོ། །དེའི་རྗེས་ལ་ཐོབ་པ་དག་ནི་འཇིག་རྟེན་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པས་ཞེས་བྱ་བ་ནི་དེའི་རྗེས་ལ་ཐོབ་པས་དེའི་རྗེས་ལས་ཐོབ་པའོ། །དེ་ཞེས་བྱ་བ་ནི་འཇིག་
རྟེན་ལས་འདས་པའི་ཡེ་ཤེས་ལ་བྱའོ། །རྗེས་ཞེས་བྱ་བ་ནི་སྟོབས་ལ་བྱའོ། །འདི་ནི་དག་པ་ཡང་ཡིན་ལ། འཇིག་རྟེན་པ་ཡང་ཡིན་པས་དག་པ་འཇིག་རྟེན་པ་སྟེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་སྟོབས་ཀྱིས་རྙེད་པའི་ཕྱིར་དག་པའོ། །གཟུང་བ་དང་འཛིན་པའི་རྣམ་པར་འབྱུང་བས་འཇིག་
རྟེན་པའོ། །དེ་ནི་དེའི་རྗེས་ལ་ཐོབ་པ་ཡང་ཡིན་ལ། དག་པ་འཇིག་རྟེན་པ་ཡང་ཡིན་ནོ་ཞེས་ཚིག་སྡུད་པའོ། །དེའི་ཕྱིར་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་སྟོབས་ཀྱིས་རྙེད་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་གཞན་གྱི་དབང་འཛིན་ཏོ་ཞེས་བསྟན་པ་ཡིན་ནོ། །གང་དག་གཞན་གྱི་དབང་
འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་འདོད་པ་དེ་དག་གིས་ནི་གཞན་གྱི་དབང་གི་མཚན་ཉིད་མ་གཏོགས་ཏེ། ཇི་ལྟར་གཞན་གྱི་དབང་ནི་རྣམ་པར་རྟོག་པའི་ངོ་བོ་ཉིད་དུ་བསྟན་པ་ཡིན་ན། དེ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་ག་ལ་འགྱུར། གལ་ཏེ་འདི་
སྐད་དུ་འཆད་དེ། བརྒྱ་ལ་ལ་ལ་ཞིག་དེའི་རྗེས་ལ་ཐོབ་པ་དག་པ་འཇིག་རྟེན་པ་དེ་ཉིད་ཐ་མལ་པ་ཕལ་པ་ཀུན་རྫོབ་ཀྱི་ངོ་བོ་ཉིད་དུ་ཡོངས་སུ་སྤྱོད་པར་འགྱུར་བས་དེ་ལས་རྣམ་པར་དབྱེ་བའི་ཕྱིར། འཇིག་རྟེན་ལས་འདས་པ་ཞེས་བྱ་བ་འདིས་ཐ་མལ་པ་ངོ་བོ་མ་ཡིན་པར་བསྟན་པའི་ཕྱིར་བྱེ་
བྲག་ཏུ་བྱས་སོ་ཞེ་ན། དེའི་ཚེ་ཉེས་པ་མེད་དོ། །མཇུག་བསྡུས་ནས་བསྟན་པའི་ཕྱིར། དེའི་ཕྱིར། ཡོངས་སུ་གྲུབ་པ་མ་མཐོང་བ། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གི་ཕྱིར་འདི་ལྟར་གཞན་གྱི་དབང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་སྟོབས་ཀྱིས་ཐོབ་པ་དག་པ་འཇིག་རྟེན་
པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པ་དེའི་ཕྱིར་ཡོངས་སུ་གྲུབ་པ་མ་མཐོང་བར་དེ་མི་མཐོང་གི །རྣམ་པ་ཐམས་ཅད་དུ་མི་མཐོང་བ་ནི་མ་ཡིན་ནོ། །འདིར་ཁུངས་སྨོས་པ། རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་ལས་ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པའོ། །དེ་ལས་ནི་དེའི་རྗེས་ལས་ཐོབ་

པའི་ཡེ་ཤེས་ཀྱི་ཆོས་ཐམས་ཅད་སྒྱུ་མ་ལ་སོགས་པ་དང་མཚུངས་པར་རྟོགས་སོ་ཞེས་གསུངས་སོ། །དེ་ནི་འདི་སྐད་དུ། ཇི་ལྟར་ཤིང་ལ་སོགས་པ་ལ་གླང་པོ་ཆེ་ལ་སོགས་པའི་རྣམ་པ་དང་། སྨིག་རྒྱུ་ལ་ཆུའི་རྣམ་པ་དང་། བྲག་ཅ་ལ་སྒྲའི་རྣམ་པ་དང་། ཆུ་ཟླ་ལ་
ཟླ་བའི་རྣམ་པ་དང་། སྤྲུལ་པ་ལ་སེམས་ཅན་གྱི་རྣམ་པར་རྟོག་པ་དེ་དག་ཀྱང་རྣམ་པ་དེས་མེད་པར་རྟོག་པ་པོ་རྣམས་ཀྱིས་ཤེས་སོ། །དེ་བཞིན་དུ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་ཀྱང་སེམས་དང་སེམས་ལས་བྱུང་བ་གཟུང་བ་དང་འཛིན་པར་སྣང་བ་རྣམས་རྣམ་པ་དེ་དང་བྲལ་བར་རྟོགས་
སོ། །ཡང་ན་ཇི་ལྟར་སྒྱུ་མ་ལ་སོགས་པ་རྐྱེན་གཞན་གྱིས་བྱུང་བ་དེ་བཞིན་དུ། གཞན་གྱི་དབང་ཡང་རྐྱེན་གཞན་གྱི་དབང་གིས་བྱུང་སྟེ། དེའི་ཕྱིར་སྒྱུ་མ་ལ་སོགས་པ་དག་དང་མཚུངས་ཞེས་བྱའོ། །ཇི་ལྟར་ན་དེས་གཞན་གྱི་དབང་བསྟན་པར་འགྱུར་ཞེ་ན། དེའི་ཕྱིར་ཆོས་ནི་འདིར་ཞེས་བྱ་བ་ལ་སོགས་
པ་སྨྲས་སོ། །གཟུངས་ལས་འབྱུང་བའི་ཆོས་རྣམས་ནི་གཞན་གྱི་དབང་དུ་བསྡུས་པ་རྣམས་སུ་བཞེད་དེ། འདི་ལྟར་ཐེག་པ་ཆེན་པོར་སྒྱུ་མ་ལ་སོགས་པར་གང་ཇི་སྙེད་བཤད་པ་དེ་དག་ཐམས་ཅད་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ལ་བརྟེན་ནས་བཤད་པ་སྟེ། དེ་ལྟར་གཞན་གྱི་དབང་ནི་དག་པ་
འཇིག་རྟེན་པའི་ཡེ་ཤེས་ཀྱིས་འཛིན་པར་བསྟན་ཏོ། །ཡོངས་སུ་གྲུབ་པ་ཇི་ལྟ་བུ་ཞིག་སྙམ་པ་ལ། ཡོངས་སུ་གྲུབ་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་ནམ་མཁའ་ལྟར་ཡེ་ཤེས་རོ་གཅིག་པའོ། །དེར་ཡེ་ཤེས་རོ་གཅིག་པས་ཡེ་ཤེས་རོ་གཅིག་
པའོ། །རོ་གཅིག་པ་ཞེས་བྱ་བ་ནི་རྣམ་པ་གཅིག་པ་སྟེ། དཔེར་ན་ནམ་མཁའ་སྣ་ཚོགས་མ་ཡིན་པའི་ཕྱིར་རྣམ་པ་གཅིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པ་ལྟར་ཡོངས་སུ་གྲུབ་པ་ཡང་དེ་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཡི་གེ་ཁ་ཅིག་ལས་ཡོངས་སུ་གྲུབ་པ་དང་། ཡེ་ཤེས་ནི་ནམ་
མཁའ་ལྟར་རོ་གཅིག་པ་ཞེས་འབྱུང་ངོ་། །དེ་ལ་འདིའི་དོན་ནི་འདི་ཡིན་ཏེ། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི་ནམ་མཁའ་ལྟར་རོ་གཅིག་པ་སྟེ་རྣམ་པ་གཅིག་པའོ། །ཡེ་ཤེས་ཀྱང་དེར་རོ་གཅིག་པ་སྟེ། རྣམ་པ་གཅིག་པ་ཞེས་བྱའོ། །བཤད་པ་འདི་ལ་ནི་ཚུལ་གྱིས་སྔར་སྨོས་པ་ཉིད་

ཀྱི་དོན་དུ་བསྟན་པ་ཡིན་ནོ། །འདིར་ཁུངས་སྨོས་པ། ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། བཤད་མ་ཐག་པའི་ཆོས་དེ་དག་ཐམས་ཅད་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྣམ་པར་མི་རྟོག་པས་ནམ་མཁའི་དཀྱིལ་དང་འདྲ་བར་མཐོང་ངོ་ཞེས་གཟུངས་དེ་ཉིད་ལས་གསུངས་སོ། །
ཇི་ལྟར་ཆོས་དག་དེ་ལྟར་མཐོང་ཞེ་ན། དེའི་ཕྱིར་གཞན་གྱི་དབང་གི་ཆོས་རྣམས་ཀྱི་དེ་བཞིན་ཉིད་ཙམ་མཐོང་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། འདི་ལྟར་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་གཞན་གྱི་དབང་ཞེས་བྱ་བའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་ཙམ་ཞིག་མཐོང་ངོ་། །དེ་བཞིན་ཉིད་
ཙམ་དེ་ནི་ནམ་མཁའ་ལྟར་གཅིག་པུའི་ངོ་བོ་སྟེ། སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ལ་གཟུང་བ་དང་འཛིན་པའི་དངོས་པོ་མེད་པར་མཚུངས་པའི་ཕྱིར་དེ་བཞིན་ཉིད་ལ་ནི་སྣ་ཚོགས་མེད་དོ། །ཡང་མདོ་དང་འགལ་བ་གཞན་གྱི་ལན་གདབ་པར་འདོད་ནས་ཕྱོགས་སྔ་མ་གཞག་པའི་
ཕྱིར། གཞན་གྱི་དབང་རྫས་ཉིད་ཡིན་ན་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གལ་ཏེ་གཞན་གྱི་དབང་གི་ངོ་བོ་ཉིད་གཅིག་ཏུ་རྫས་སུ་འདོད་ན། མདོ་ལས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་དོ་ཞེས་ཇི་སྐད་དུ་བཤད། མ་སྐྱེས་པ་དང་མ་འགགས་པ་ཞེས་ཀྱང་ཇི་སྐད་དུ་བཤད་སྙམ་པ་ལ། གྲུབ་པའི་མཐའ་
སྨྲ་བས། འགལ་བ་མེད་དེ་ཞེས་བྱ་བ་སྨྲས་ཏེ། མདོ་སྡེ་དང་འགལ་བ་ཅི་ཡང་མེད་དོ། །ཇི་ལྟར་མེད་ཅེ་ན་འདི་ལྟར། ངོ་བོ་ཉིད་ནི་རྣམ་གསུམ་གྱི། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་གཞན་གྱི་དབང་ལ་སོགས་པ་ངོ་བོ་ཉིད་རྣམ་གསུམ་གྱི་ངོ་བོ་ཉིད་མེད་པ་རྣམ་གསུམ་ལ་དགོངས་ནས་
ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་བསྟན་ཏོ་ཞེས་མདོར་བྱས་པའི་དོན་ཏོ། །ཡན་ལག་གི་དོན་བསྟན་པའི་ཕྱིར། ངོ་བོ་ཉིད་རྣམ་གསུམ་ཁོ་ན་སྟེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ། །རྫས་སུ་ཡོད་པའི་ཕྱིར་གཞན་གྱི་དབང་གི་ངོ་བོ་ཉིད་ནི་རིགས་གྲང་ན། གཞན་གཉིས་
ཇི་ལྟར་རང་གི་ངོ་བོ་ཉིད་དུ་འགྱུར་ཞེ་ན། རང་རང་གི་མཚན་ཉིད་ཀྱིས་ཡོད་པ་ལྟ་བུར་འགྱུར་བས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གི་མཚན་ཉིད་དུ་གང་བསྟན་པའི་རང་གི་མཚན་ཉིད་དེས་དེ་དག་ཐམས་ཅད་ཡོད་པ་དང་འདྲ་བས། ཡོད་པའི་ཕྱིར་གསུམ་པོ་ཡང་ངོ་བོ་ཉིད་ཅེས་བྱའོ། །ངོ་བོ་

ཉིད་མེད་པ་རྣམ་གསུམ་གྱི་མིང་བསྟན་པའི་ཕྱིར། ངོ་བོ་ཉིད་མེད་པ་རྣམ་གསུམ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ། །ཆོས་ཐམས་ཅད་གང་ཡིན་ཞེ་ན། ཆོས་ཐམས་ཅད་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ལྟར་ཡན་ལག་བརྗོད་ནས་
ད་ནི་ངོ་བོ་ཉིད་རྣམ་པ་གསུམ་ནི་ངོ་བོ་ཉིད་མེད་པ་སྟེ་ཅི་འདྲ་བ་བསྟན་པའི་ཕྱིར། དང་པོ་པ་ནི་མཚན་ཉིད་ཀྱིས། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དང་པོ་པ་ནི་མཚན་ཉིད་ཁོ་ནས་ངོ་བོ་ཉིད་མེད་པའོ། །གཉིས་པ་ནི་རང་མི་འབྱུང་བས་ངོ་བོ་ཉིད་མེད་པའོ། །གསུམ་པ་ནི་དོན་དམ་པ་ངོ་བོ་ཉིད་མེད་པ་སྟེ།
དེ་ཉིད་དེ་བཞིན་ཉིད་ཅེས་བྱའོ། །ཞེས་མདོར་བྱས་པའི་དོན་ཏོ། །འགྲེལ་པ་བྱས་པས་དེ་དགྲོལ་བའི་ཕྱིར། དང་པོ་པ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་དོ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ཀུན་བརྟགས་པའི་ངོ་བོ་ཉིད་ཡིན་པ་དེ་ནི་མཚན་ཉིད་ཁོ་ནས་ངོ་བོ་ཉིད་མེད་པ་སྟེ། དེའི་མཚན་ཉིད་ཅི་འདྲ་བར་བྱས་པ་དེ་
ཉིད་ཀྱིས་དེ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་ཏེ། འདི་ལྟར་དེའི་མཚན་ཉིད་ནི་བརྟགས་པའོ། །བརྟགས་པའི་མཚན་ཉིད་དེ་བསྟན་པའི་ཕྱིར། གཟུགས་ཀྱི་མཚན་ཉིད་ནི་གཟུགས་སུ་ཡོད་པའོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སྐྱེ་བོ་མི་ཤེས་པ་ལ་བསྟན་པའི་ཕྱིར། འདི་ལྟ་སྟེ་གཟུགས་ཀྱི་
མཚན་ཉིད་ནི་གཟུགས་སུ་ཡོད་པའོ། །ཚོར་བའི་མཚན་ཉིད་ནི་མྱོང་བའོ་ཞེས་བྱ་བ་ལ་སོགས་པ་དངོས་པོ་རྣམས་རྟོགས་པར་བྱ་བའི་ཐབས་རྣམ་པ་དེ་ལྟ་བུ་འདི་བྱས་ཀྱི། དེ་ཆོས་རྣམས་ཀྱི་དོན་དམ་པའི་ངོ་བོ་ཉིད་མ་ཡིན་ནོ། །འདི་ལྟར་ཕྱིའི་མཚན་ཉིད་དུ་བྱེད་དེ། སྤྱི་ནི་དངོས་པོ་ཡོད་པ་མ་
ཡིན་ནོ། །དཔེར་ན་ཁྱིམ་ལ་སོགས་པ་མཚོན་པའི་ཕྱིར་རྒྱལ་མཚན་ལ་སོགས་པས་མཚོན་པར་བྱེད་ཀྱང་རྒྱལ་མཚན་ལ་སོགས་པ་དེ་དག་ནི་ཁྱིམ་ལ་སོགས་པའི་ངོ་བོ་ཉིད་མ་ཡིན་ནོ། །དེ་བཞིན་དུ་གཟུགས་སུ་ཡོད་པ་ལ་སོགས་པ་ཡང་དངོས་པོ་རྣམས་རྟོགས་པར་བྱ་བའི་ཕྱིར་མཚན་
ཉིད་དུ་བྱེད་ཀྱི། དེ་དག་དེའི་ངོ་བོ་ཉིད་ནི་མ་ཡིན་ནོ། །དེའི་ཕྱིར་གཟུགས་ལ་སོགས་པ་ནི་རང་གི་ངོ་བོ་མེད་པས་ཀུན་བརྟགས་པ་ནི་ནམ་མཁའི་མེ་ཏོག་བཞིན་དུ་རང་གི་ངོ་བོས་ངོ་བོ་ཉིད་མེད་པའོ། །གཞན་གང་ཡིན་སྙམ་པ་ལ། གཞན་གྱི་དབང་གི་ངོ་བོ་ཉིད་དོ་ཞེས་བྱ་བ་ལ་སོགས་པ་སྨྲས་

ཏེ། དེ་ནི་འདི་ལྟར་གཞན་གྱི་སྟོབས་ཀྱིས་འབྱུང་གི་དེ་རང་གི་དངོས་པོ་ཡོད་པ་ནི་མ་ཡིན་ཏེ། དེ་བས་ན་ངོ་བོ་ཉིད་མེད་པའོ། །དེའི་ཕྱིར་འདི་ལས་རང་གི་དངོས་པོ་དང་བྲལ་བས་ངོ་བོ་ཉིད་མེད་ཅེས་བསྟན་པ་ཡིན་ནོ། །དངོས་པོའི་སྒྲ་ནི་འདིར་སྐྱེ་བ་ལ་བྱའོ། །འདི་ཉིད་ལ་བཤད་པ་གཞན་བྱ་
བའི་ཕྱིར། འདི་ལྟར་ཡང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་གཟུང་བ་དང་འཛིན་པའི་རྣམ་པ་ཇི་ལྟར་སྣང་བ་དེ་བཞིན་དུ་གཞན་གྱི་དབང་དེ་སྐྱེ་བ་མེད་དེ། དེའི་ཕྱིར་དེ་བས་ན་ཡང་སྐྱེ་བ་ངོ་བོ་ཉིད་མེད་པ་ཞེས་བྱའོ། །དེའི་ཕྱིར་དེ་ནི་སྣང་བའི་རྣམ་པ་དང་བྲལ་བའི་ངོ་བོ་ཉིད་ཡིན་པས། ངོ་བོ་ཉིད་
མེད་པར་བསྟན་པ་ཡིན་ནོ། །འདིར་ངོ་བོ་ཉིད་ཀྱི་སྒྲ་ནི་སྐྱེ་བ་ལ་བྱའོ། །ངོ་བོ་ཉིད་མེད་པ་གསུམ་པ་བསྟན་པའི་ཕྱིར། ཆོས་ཀྱི་དོན་གྱི་དམ་པ་ཡང་དེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་གཞན་གྱི་དབང་གི་ཆོས་རྣམས་ཀྱི་དོན་དམ་པ་གང་ཡིན་པ་དེ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དེ། དེ་བས་
ན་གཟུང་བ་དང་འཛིན་པ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ངོ་བོ་ཉིད་མེད་པའོ། །འོ་ན་ཅིའི་ཕྱིར་ཡོངས་སུ་གྲུབ་པ་དོན་དམ་པ་ཞེས་བྱ་སྙམ་པ་ལ། དམ་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདི་ལྟར་བླ་ན་མེད་པའི་ཕྱིར་དམ་པ་སྟེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་སོ། །དེ་ནི་དེའི་
དོན་ཡིན་ཏེ། དེའི་ཕྱིར་དོན་དམ་པའོ། །འདིར་དོན་ནི་དམིགས་པ་ལ་བྱའོ། །འདི་ཉིད་ལ་བཤད་པ་གཞན་བྱ་བའི་ཕྱིར། ཡང་ན་ནམ་མཁའ་ལྟར་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དཔེར་ན་ནམ་མཁའ་ནི་ཐམས་ཅད་དུ་རོ་གཅིག་པ་རྣམ་པ་གཅིག་པའོ། །དེ་བཞིན་དུ་ཡོངས་སུ་གྲུབ་པ་ཡང་དྲི་
མ་མེད་པ་ཉིད་དང་མི་འགྱུར་བ་ཉིད་དུ་རོ་གཅིག་ཅིང་རྣམ་པ་གཅིག་པའོ། །དེའི་ཕྱིར་དོན་དམ་པ་ཞེས་བྱ་སྟེ། དེ་ནི་དོན་ཀྱང་ཡིན་ལ་དམ་པ་ཡང་ཡིན་པའི་ཕྱིར་རོ། །དེ་བས་ན་དག་པ་དང་བསྟན་པའི་ཕྱིར་དོན་དམ་པ་ཞེས་བསྟན་པ་ཡིན་ནོ། །ཡན་ལག་གི་དོན་བཤད་ནས་མདོར་བྱས་པའི་དོན་
བསྟན་པའི་ཕྱིར། འདི་ལྟར་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དེ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་གཞན་གྱི་དབང་གི་བདག་ཉིད་ཀྱི་ཆོས་ཐམས་ཅད་ཀྱི་དོན་དམ་པ་ཡིན་ཏེ། དེའི་ཕྱིར་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི་དོན་དམ་པ་ངོ་བོ་ཉིད་མེད་

པ་ཞེས་བྱའོ། །དེའི་ཆོས་ཉིད་ཅེས་སྨོས་པ་ནི་ཡོངས་སུ་གྲུབ་པ་གཞན་གྱི་དབང་དང་འབྲེལ་བའི་གཏན་ཚིགས་བསྟན་པ་སྟེ། འདི་ལྟར་དེ་ནི་གཞན་གྱི་དབང་རྣམས་ཀྱི་ཆོས་ཉིད་ཡིན་ཏེ། དེའི་ཕྱིར་དེ་དག་གི་དོན་དམ་པའོ། །དེ་གལ་ཏེ་དེ་དག་གི་དོན་དམ་པ་ཡིན་ན་
ཅིའི་ཕྱིར་དངོས་པོ་མེད་པར་འགྱུར་ཞེ་ན་དེའི་ཕྱིར། ཡོངས་སུ་གྲུབ་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདི་ལྟར་ཡོངས་སུ་གྲུབ་པ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ཏེ། དེའི་ཕྱིར་ངོ་བོ་ཉིད་མེད་པ་ཞེས་བྱའོ། །ཡང་ན་དངོས་པོ་མེད་པའི་སྒྲ་ནི་གཞན་དང་བྲལ་བའི་སྟོང་པ་ཉིད་དེ། དངོས་
པོའི་ངོ་བོ་ལ་བྱའོ། །ཚིག་ལེའུར་བྱས་པ་ལྷག་མ་བཤད་པར་འདོད་དེ། མཚམས་སྦྱར་བར་བྱ་བའི་ཕྱིར། ཅི་དོན་དམ་པ་ཞེས་བྱ་བ་འབའ་ཞིག་གིས་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ནི་འདྲི་བའི་དོན་དེ་གོ་སླ་བས་མ་བཤད་དོ། །གྲུབ་པའི་མཐའ་སྨྲ་བས། སྨྲས་པ་མ་ཡིན་ཏེ། དེ་བཞིན་ཉིད་
ཀྱང་དེའོ་ཞེས་བྱ་བ་སྨྲས་སོ། །དེ་བཞིན་ཉིད་ཀྱི་སྒྲ་ནི་ཡོངས་སུ་གྲུབ་པ་དེ་ལ་བྱ་སྟེ། དོན་དམ་པའི་སྒྲ་འབའ་ཞིག་ཁོ་ནར་ནི་མ་ཡིན་ནོ། །ཀྱང་ཞེས་བྱ་བའི་སྒྲའི་དོན་བསྟན་པའི་ཕྱིར། ཀྱང་གི་སྒྲ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། བརྗོད་པ་འདི་འབའ་ཞིག་ཏུ་བརྗོད་པར་བྱ་བ་མ་ཡིན་གྱི་ཆོས་
ཀྱི་དབྱིངས་ཀྱི་རྣམ་གྲངས་སུ་གཏོགས་པ་ཇི་སྲིད་པ་དེ་དག་ཐམས་ཅད་དུ་བརྗོད་པར་བྱ་སྟེ། འདི་ལྟར་སྟོང་པ་ཉིད་དང་ཡང་དག་པའི་མཐའ་དང་མཚན་མ་མེད་པ་དང་། མི་གཉིས་པ་ཉིད་དང་། རྣམ་པར་མི་རྟོག་པའི་དབྱིངས་དང་། བརྗོད་དུ་མེད་པ་ཉིད་དང་། མི་འགག་པ་དང་མི་སྐྱེ་བ་དང་།
འདུས་མ་བྱས་པ་དང་མྱ་ངན་ལས་འདས་པ་ཞེས་བྱ་བ་ལ་སོགས་པར་ཡང་བརྗོད་པར་བྱའོ། །འོ་ན་ཅིའི་ཕྱིར་དེ་བཞིན་ཉིད་ཅེས་བྱ་སྙམ་པ་ལ། དུས་ཐམས་ཅད་ན་དེ་བཞིན་དུ་ཡོད་པས་དེ་བཞིན་ཉིད་དོ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་དགྲོལ་བའི་ཕྱིར། འདི་ལྟར་སོ་སོའི་སྐྱེ་བོ་དང་
ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གི་ཕྱིར་སོ་སོའི་སྐྱེ་བོ་ལ་སོགས་པའི་དུས་དག་ན་དུས་ཐམས་ཅད་དུ་དེ་བཞིན་དུ་ཡོད་པ་དེའི་ཕྱིར་དེ་བཞིན་ཉིད་ཅེས་བྱའོ། །དེ་ནི་འདི་སྐད་དུ་སོ་སོའི་སྐྱེ་བོ་དང་སློབ་པ་དང་མི་སློབ་པའི་དུས་དག་ན། དུས་ཐམས་ཅད་དུ་སེམས་དང་

སེམས་ལས་བྱུང་བ་རྣམས་ནི་གཟུང་བ་དང་འཛིན་པ་དང་བྲལ་བ་སྟེ། རང་བཞིན་དེ་ནི་དེ་དག་གིས་ནམ་ཡང་ཡོང་མི་འདོར་བས་དེའི་ཕྱིར་གཟུང་བ་དང་འཛིན་པ་དང་བྲལ་བ་ཉིད་དེ། དེ་དག་ལ་དེ་བཞིན་དུ་ཡོད་ཅིང་ནམ་ཡང་གཞན་དུ་མི་འགྱུར་བས་དེ་བཞིན་ཉིད་ཅེས་བྱ་སྟེ། དཔེར་ན་ཆུ་
ལ་སོགས་པ་ནི་རྙོག་པ་ལ་སོགས་པའི་དུས་ན་ཡང་རང་གི་ངོ་བོར་གནས་པ་ལྟ་བུའོ་ཞེས་བསྟན་པར་འགྱུར་རོ། །འོག་མ་དང་མཚམས་སྦྱར་བའི་དོན་དུ་དྲི་བར་བྱ་བའི་ཕྱིར། ཅི་དེ་བཞིན་ཉིད་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཇི་ལྟར་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དེ་བཞིན་
ཉིད་ཅེས་བྱ་བ་དེ་བཞིན་དུ། ཅི་རྣམ་པར་རིག་པ་ཙམ་ཉིད་ཀྱང་དེ་བཞིན་ཉིད་ཅེའམ། འོན་ཏེ་རྣམ་པར་རིག་པ་ཙམ་ཉིད་ཀྱང་གཞན་ལ། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱང་གཞན་ནམ་ཞེ་ན་གྲུབ་པའི་མཐའ་སྨྲ་བས། དེ་ཉིད་རྣམ་པར་རིག་པ་ཙམ། །ཞེས་བྱ་བ་སྨྲས་ཏེ། ཡོངས་སུ་
གྲུབ་པའི་ངོ་བོ་དེ་ཉིད་རྣམ་པར་རིག་པ་ཙམ་ཉིད་ཞེས་བྱའི་གཞན་དུ་མ་ཡིན་ནོ། །ཅིའི་ཕྱིར་སྙམ་པ་ལ། ཤིན་ཏུ་རྣམ་པར་དག་པའི་མཚན་ཉིད་ཁོང་དུ་ཆུད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། འདི་ལྟར་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཁོང་དུ་ཆུད་པས་ཤིན་ཏུ་རྣམ་པར་དག་པའི་མཚན་ཉིད་ཁོང་དུ་
ཆུད་པར་འགྱུར་ཏེ། དེའི་ཕྱིར་དེ་ཉིད་རྣམ་པར་རིག་པ་ཙམ་ཉིད་དོ། །ཤིན་ཏུ་རྣམ་པར་དག་པའི་མཚན་ཉིད་ཁོང་དུ་ཆུད་པའི་གཏན་ཚིགས་སྨོས་པ། འདི་སྐད་དུ་དེ་ཚེ་དེ་ཙམ་མཐོང་བའི་ཕྱིར། མིང་ལ་སེམས་དེ་གནས་པ་ཡིན། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གི་ཚེ་རྣལ་འབྱོར་
པས་དྲོ་བར་གྱུར་པ་དང་། རྩེ་མོའི་དུས་དག་ན་གཟུང་བ་རྣམ་པར་བཤིག་པར་གྱུར་པ་དེའི་ཚེ། བཟོད་པའི་དུས་ན་མིང་ལ་སེམས་དེ་གནས་ཏེ། འདི་ལྟར་གཟུང་བའི་རྣམ་པ་དང་བྲལ་བ་དེའི་ཚེ་མིང་ཙམ་དུ་མཐོང་ངོ་། །དེ་ནི་འདི་སྐད་དུ་གང་གི་ཚེ། གཟུང་བ་རྣམ་པར་བཤིག་པར་གྱུར་པ་དེའི་ཚེ་རྣམ་པར་
རིག་པ་ཙམ་ལ་སེམས་གནས་ཏེ། རྣམ་པར་རིག་པ་འདི་ཙམ་ཉིད་གཟུགས་ལ་སོགས་པར་སྣང་བར་འབྱུང་གི །གཟུགས་ལ་སོགས་པའི་དོན་ནི་མེད་པར་ཤེས་པའི་ཕྱིར་རོ་ཞེས་བསྟན་པར་འགྱུར་རོ། །མིང་ཞེས་བྱ་བའི་སྒྲ་ནི་འདིར་རྣམ་པར་རིག་པ་ཙམ་ལ་བྱ་སྟེ། མིང་ནི་གཟུགས་ཅན་མ་

ཡིན་པའི་ཕུང་པོ་རྣམས་སོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་མིང་ལ་སེམས་གནས་པས་ཆོས་ཀྱི་མཆོག་གི་དུས་ན་རྣམ་པར་རིག་པ་ལ་དམིགས་པ་སྤོང་བར་འགྱུར་ཏེ། གཟུང་བ་མི་དམིགས་ན་འཛིན་པ་མི་དམིགས་པའི་ཕྱིར་རོ། །རྣམ་པར་རིག་
པའི་སྒྲ་ནི་འཛིན་པའི་རྣམ་པ་ལ་བྱའོ། །གང་གི་ཚེ་དེ་ལྟར་གཟུང་བ་དང་འཛིན་པ་རྣམ་པར་བཤིག་པར་གྱུར་པ་དེའི་འོག་ཏུ་མཐོང་བའི་ལམ་འབྱུང་བ་དེའི་ཚེ་བསྒོམས་པའི་སྟོབས་ཀྱིས་དམིགས་པ་མེད་པའི་དབྱིངས་ལ་རེག་སྟེ། ཆོས་ཀྱི་དབྱིངས་རྟོགས་ཞེས་བྱ་བའི་ཐ་ཚིག་གོ། །
དམིགས་པ་མེད་པའི་དབྱིངས་ཀྱི་སྒྲ་ནི་ཆོས་ཀྱི་དབྱིངས་ལ་བྱའོ། །རེག་ཅེས་བྱ་བ་ནི་རྟོགས་པ་དང་། མངོན་སུམ་བྱེད་ཅེས་བྱ་བའི་བར་དུའོ། །བསྒོམས་པའི་རྒྱུ་ཡིས་ཞེས་བྱ་བ་ནི་བསྒོམས་པའི་སྟོབས་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ། །གང་གི་ཚེ་ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་པར་གྱུར་པ་དེའི་ཚེ་
གོང་ནས་གོང་དུ་ཁྱད་པར་དུ་འགྲོ་བས། སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་འཐོབ་བོ། །ཏིང་ངེ་འཛིན་ལ་སོགས་པ་ཡོན་ཏན་རྣམས་ལ་དབང་འབྱོར་པ་ཡང་འཐོབ་པོ། །དེའི་ཚེ་དམིགས་པ་མེད་པའི་དབྱིངས་ལ་རེག་ཅེས་བྱ་བ་དེ་ནི་འདིར་ཁུངས་སོ། །དེ་ཉིད་རྣམ་པར་རིག་པ་ཙམ། །
ཞེས་བྱ་བ་འདིས་ཅི་བསྟན་པར་འགྱུར་ཞེ་ན། དེ་ཉིད་ཅེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ཉིད་རྣམ་པར་རིག་པ་ཙམ་ཞེས་བྱ་བ་འདིས་ནི་མངོན་པར་རྟོགས་པའི་དུས་བསྟན་ཏོ། །ཡང་ན་ལམ་ཡང་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཡིན་པས། དེ་ཉིད་རྣམ་པར་རིག་པ་ཙམ་ཉིད་དུ་བསྟན་ཏེ།
དེའི་ཕྱིར་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ནི་རྣམ་པར་རིག་པ་ཙམ་ཉིད་ཀྱི་སྒྲར་བསྟན་པ་ཡིན་ནོ། །འདི་ལྟར་དེས་ཤིན་ཏུ་རྣམ་པར་དག་པའི་མཚན་ཉིད་ཁོང་དུ་ཆུད་པར་འགྱུར་ཏེ། ཤིན་ཏུ་རྣམ་པར་དག་པའི་མཚན་ཉིད་ཆོས་ཀྱི་དབྱིངས་རྟོགས་ཞེས་བྱ་བའི་ཐ་ཚིག་གོ། །དོན་འདི་ཉིད་
བསྟན་པའི་ཕྱིར་ཚིགས་སུ་བཅད་པ་གཉིས་ཏེ། ཚིགས་སུ་བཅད་པའི་དོན་འདི་སྔ་མ་བཞིན་ནོ། །བཤད་པ་འདི་ལ་ནི་མངོན་པར་རྟོགས་པའི་དོན་གསལ་བར་འཐད་དོ། །འོག་མ་དང་མཚམས་སྦྱར་བར་བྱ་བའི་དོན་དུ་དྲི་བའི་ཕྱིར། གལ་ཏེ་འདི་དག །རྣམ་པར་རིག་པ་

ཙམ་ཡིན་ན། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གལ་ཏེ་རྣམ་པར་རིག་པ་ཙམ་གཟུང་བ་དང་འཛིན་པ་དང་བྲལ་བ་ཡིན་ན། ཅིའི་ཕྱིར་འགྲོ་བ་འདི་མཐའ་དག་མིག་ལ་སོགས་པར་གཟུགས་ལ་སོགས་པ་འཛིན་ཏོ་སྙམ་དུ་ལྷག་པར་ཆགས་པར་འགྱུར་ཞེ་ན། གྲུབ་
པའི་མཐའ་སྨྲ་བས། ཇི་སྲིད་རྣམ་རིག་ཙམ་ཉིད་ལ། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཇི་སྲིད་དུ་སྲོག་ཆགས་རྣམས་ཀྱི་རྣམ་པར་ཤེས་པ་རྣམས་རྣམ་པར་རིག་པ་ཙམ་ཉིད་ལ་མི་གནས་པ་དེ་སྲིད་དུ། དེ་དག་གི་འཛིན་པ་གཉིས་ཀྱི་བག་ལ་ཉལ་མི་ལྡོག་སྟེ། དེ་མ་ལོག་ན་འདིས་འདི་
འཛིན་ཏོ་སྙམ་དུ་ལྷག་པར་ཆགས་སོ། །ཡང་ཚིག་ལེའུར་བྱས་པའི་མཚམས་སྦྱར་བ་གཞན་བྱ་བའི་ཕྱིར། ཡང་ན་གང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེའི་དོན་ནི་བཤད་ཟིན་ཏོ། །གྲུབ་པའི་མཐའ་སྨྲ་བས། ཇི་སྲིད་རྣམ་རིག་ཙམ་ཉིད་ལ། །ཞེས་བྱ་བ་ལ་སོགས་པ་སྨྲས་
སོ། །དེ་དགྲོལ་བའི་ཕྱིར། ཇི་སྲིད་དུ་སེམས་ཀྱི་ཆོས་ཉིད་ཅེས་བྱ་བ་ལ་སོགས་པ་སྨྲས་ཏེ། སེམས་ཀྱི་ཆོས་ཉིད་རྣམ་པར་རིག་པ་ཙམ་ཉིད་ཅེས་བྱ་བ་ལ། ཇི་སྲིད་དུ་རྣལ་འབྱོར་པའི་རྣམ་པར་ཤེས་པ་མི་གནས་ཀྱི། གཟུང་བ་དང་འཛིན་པ་ལ་མངོན་པར་ཞེན་པ་དེ་སྲིད་དུ་འཛིན་
པ་གཉིས་ཀྱི་བག་ཆགས་མི་སྤོང་ངོ་། །འཛིན་པ་གཉིས་གང་ཡིན་སྙམ་པ་ལ། འཛིན་པ་གཉིས་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གཟུང་བ་ལ་མངོན་པར་ཞེན་པ་དང་། འཛིན་པ་ལ་མངོན་པར་ཞེན་པ་དེ་ནི་འཛིན་པ་གཉིས་སོ། །བག་ལ་ཉལ་བསྟན་པའི་ཕྱིར། དེའི་བག་ལ་ཉལ་
ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། མ་འོངས་པའི་འཛིན་པ་གཉིས་སྐྱེ་བར་བྱ་བའི་ཕྱིར་འཛིན་པ་གཉིས་ཀྱིས་ཀུན་གཞིའི་རྣམ་པར་ཤེས་པ་ལས་ས་བོན་བཏབ་པ་གང་ཡིན་པ་དེ་བག་ལ་ཉལ་ཏེ། བག་ཆགས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ཚིག་གི་དོན་བརྗོད་ནས་ཚིག་ལེའུར་བྱས་པའི་
དོན་བསྟན་པའི་ཕྱིར། ཇི་སྲིད་དུ་གཉིས་མེད་པའི་མཚན་ཉིད་ཅེས་བྱ་བ་ལ་སོགས་པ་སྨྲས་ཏེ། གཟུང་བ་དང་འཛིན་པའི་མཚན་ཉིད་གཉིས་དང་བྲལ་བའི་རྣམ་པར་རིག་པ་ཙམ་ལ་ཇི་སྲིད་དུ་རྣལ་འབྱོར་པའི་སེམས་གནས་པར་མ་གྱུར་པ་དེ་སྲིད་དུ། འཛིན་པ་གཉིས་ཀྱི་བག་ཆགས་མི་སྤོང་ངོ་། །

ཚིག་ལེའུར་བྱས་པའི་དོན་གཉིས་པ་བསྟན་པའི་ཕྱིར། འདིར་ནི་ཕྱི་རོལ་གྱི་དམིགས་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། བཤད་པ་རྣམ་པ་འདི་ལྟ་བུ་འདིར་ནི་དོན་འདི་བསྟན་པ་ཡིན་ཏེ། ཇི་སྲིད་དུ་ཕྱིའི་ཡུལ་ལ་དམིགས་པ་མ་སྤངས་པ་དེ་
སྲིད་དུ་ནང་གི་འཛིན་པའི་དམིགས་པ་ཡང་སྤོང་བར་མི་འགྱུར་ཏེ། དེའི་ཕྱིར་སྲོག་ཆགས་དེ་འདི་སྙམ་དུ་བདག་ནི་མིག་ལ་སོགས་པས་གཟུགས་ལ་སོགས་པ་འཛིན་ཏོ་སྙམ་དུ་སེམས་སོ། །འོག་མ་དང་མཚམས་སྦྱར་བའི་དོན་དུ་དྲི་བའི་ཕྱིར། ད་ནི་འདི་བརྗོད་པར་བྱ་སྟེ་ཞེས་
བྱ་བ་ལ་སོགས་པ་སྨྲས་སོ། །གང་གི་ཚེ་རྣལ་འབྱོར་པས་དོན་དང་བྲལ་བའི་སེམས་ཙམ་དམིགས་པ་དེའི་ཚེ་ཅི་སེམས་ཀྱི་ཆོས་ཉིད་ལ་གནས་པ་ཡིན་ནམ་ཞེ་ན། གྲུབ་པའི་མཐའ་སྨྲ་བས་སྨྲས་པ། མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདི་ལྟ་བུ་ནི་སེམས་
ཀྱི་ཆོས་ཉིད་ལ་གནས་པ་མ་ཡིན་པར་རིག་པར་བྱ་སྟེ། གང་གི་ཚེ་འདི་དག་རྣམ་པར་རིག་པ་ཙམ་ཉིད་དོ་སྙམ་པ་དེ་ལྟ་བུ་དེའི་རྣམ་པ་འབྱུང་བས་འཛིན་པ་དེའི་ཚེ་དམིགས་པ་ཅི་ཡང་རུང་བ་ཞིག་མདུན་དུ་འཇོག་གོ། །ཅི་ཡང་རུང་བ་ཞིག་མདུན་དུ་འཇོག་ན་སེམས་ཙམ་ལ་གནས་
པ་མ་ཡིན་ཏེ། འདི་ལྟར་འདི་དམིགས་པ་གཞན་ཐམས་ཅད་བཀག་ནས་སེམས་ཙམ་དེ་ཉིད་ལ་དམིགས་པ་བྱས་པའི་ཕྱིར་རོ། །ཇི་སྲིད་དུ་ནང་གིའམ་ཕྱིའི་ཡང་རུང་སྟེ། དམིགས་པ་ཅི་ཡང་རུང་བ་ཞིག་ལ་རྟོག་པ་དེ་སྲིད་དུ་སེམས་ཀྱི་ཆོས་ཉིད་ལ་གནས་པར་ག་
ལ་འགྱུར་ཡང་ཚིག་ལེའུར་བྱས་པའི་མཚམས་སྦྱར་བ་གཞན་བྱ་བའི་ཕྱིར། ཡང་ན་མངོན་པའི་ང་རྒྱལ་ཅན་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །རྣལ་འབྱོར་སྤྱོད་པ་ཉེས་པར་བསླབས་པ་གང་རྣམ་པར་རིག་པ་ཙམ་ཡོངས་སུ་བརྗོད་པའི་རབ་ཏུ་བྱེད་པ་ཐོས་པ་ཙམ་གྱིས་
བསྙེམས་ནས་ང་ནི་རྣམ་པར་རིག་པ་ཙམ་ཉིད་དག་པ་ལ་གནས་ཏེ། ང་གཟུང་བའམ་འཛིན་པ་ལ་ཡང་ཀུན་དུ་མི་རྟོག་གོ་སྙམ་དུ་སེམས་པ་དེའི་ལོག་པའི་ང་རྒྱལ་བསལ་བའི་ཕྱིར། འདི་དག་རྣམ་རིག་ཙམ་ཉིད་ཅེས། །ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ཡང་

རྣམ་པར་རིག་པ་ཙམ་ཉིད་ལ་དམིགས་པ་བྱ་སྟེ། མདུན་དུ་བཞག་པས་དེ་ལ་གནས་པ་མ་ཡིན་གྱི་གཅམ་བུ་གཟུང་བ་དང་འཛིན་པ་ལ་དམིགས་པ་གསལ་བ་ལ་སྤྱོད་པའོ། །ཇི་ལྟར་དམིགས་སྙམ་པ་ལ། འདི་དག་རྣམ་རིག་ཙམ་ཉིད་ཅེས། །ཞེས་བྱ་བ་ལ་སོགས་པ་
སྨྲས་སོ། །འདི་དག་རྣམ་པར་རིག་པ་ཙམ་ཞེས་བྱ་བའི་རྣམ་པ་འདིས་དམིགས་པར་ཟད་དོ། །འདིའི་རྣམ་གྲངས་བསྟན་པའི་ཕྱིར། འཛིན་པ་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འཛིན་པ་མཚན་མར་བྱེད་པ་དང་། མངོན་པར་ཞེན་པ་དང་། དེའི་རྣམ་པ་འབྱུང་
ཞེས་བྱ་བའི་བར་དུའོ། །མདུན་དུ་ཞེས་བྱ་བ་འདི་ནི་མངོན་དུ་ཞེས་བྱ་བ་འདི་ཡིན་ཏེ། སེམས་ལ་མངོན་དུ་ཞེས་བྱ་བའི་ཐ་ཚིག་གོ། །འཇོག་ན་ཞེས་བྱ་བ་འདིའི་བཤད་པ་ནི་ཇི་ལྟར་ཐོས་པ་བཞིན་དུ་ཡིད་ཀྱིས་འཇོག་པ་ཞེས་བྱ་བ་འདི་ཡིན་ཏེ། ཇི་ལྟར་ཐོས་པ་བཞིན་དུ་རྣམ་པར་རིག་པ་
ཙམ་ཉིད་ལ་ཡིད་ཀྱིས་དམིགས་པ་བྱས་ནས། མདུན་དུ་འཇོག་པ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ཡན་ལག་གཞན་བཤད་པར་བྱ་བའི་ཕྱིར། རྣལ་འབྱོར་སྤྱོད་པའི་དམིགས་པ་རྣམ་པ་མང་བས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་དམིགས་པ་མང་བས། དེའི་
ཕྱིར་ཅི་ཡང་རུང་བ་ཞེས་བྱ་བ་སྨོས་སོ། །གལ་ཏེ་རྣམ་པར་རིག་པ་ཙམ་ཉིད་ཀྱི་རྒྱའི་ཆ་ཙམ་ཞིག་དམིགས་པ་བྱས་ཏེ། མདུན་དུ་འཇོག་ན་ཡང་དེ་ལ་གནས་པ་མ་ཡིན་ཏེ། དོན་དེ་བསྟན་པའི་ཕྱིར་ཅི་ཡང་རུང་བ་ཞེས་བྱ་བ་སྨོས་སོ་ཞེས་བྱ་བའི་ཐ་ཚིག་གོ། །གང་དག་འདིར་ཀེང་
རུས་ལ་སོགས་པ་འདོན་པ་དེ་དག་གིས་ནི་སྐབས་མ་རྟོགས་ཏེ། འདི་ལྟར་རྣམ་པར་རིག་པ་ཙམ་ཉིད་ཅི་ཡང་རུང་བ་ཞིག་མདུན་དུ་འཇོག་ན་ཞེས་བྱ་བའི་སྐབས་ཡིན་པས། སྐབས་འདི་ལ་ཀེང་རུས་ལ་སོགས་པ་དང་འབྲེལ་བ་ཅི་ཞིག་ཡོད་ན། དེས་དེ་དག་ཉེ་བར་དགོད། འདི་ལྟར་དེ་དག་
ནི་ཕྱི་རོལ་གྱི་བཞིན་དུ་དམིགས་པར་སྣང་སྟེ། དེ་ནི་འདིར་སྔར་བསྩལ་ཟིན་ཏོ། །དེ་མ་ཡིན་པའི་ཡན་ལག་གཞན་བསྟན་པའི་ཕྱིར། དེ་ནི་ཙམ་ལ་མི་གནས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་རྣམ་པར་རིག་པ་ཙམ་གྱི་དམིགས་པ་མ་སྤངས་ན། རྣམ་པར་རིག་པ་

ཙམ་ཉིད་དུ་དམིགས་པ་ཉིད་དེ། དེའི་དེ་ལ་མི་གནས་སོ། །འོག་མ་དང་མཚམས་སྦྱར་བའི་དོན་དུ་གཞན་གྱིས་དྲི་བའི་ཕྱིར། ནམ་ཞིག་ན་རྣམ་པར་ཤེས་པའི་འཛིན་པ་སྤངས་ཤིང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གལ་ཏེ་དེ་ལྟར་
ཤེས་པ་ཡང་རྣམ་པར་ཤེས་པ་འཛིན་པ་མ་ལོག་ཅིང་རྣམ་པར་རིག་པ་ཙམ་ལ་ཡང་མི་གནས་པ་དེའི་ཚེ། ནམ་ཞིག་རྣམ་པར་ཤེས་པའི་འཛིན་པ་སྤོང་བར་འགྱུར་བ་དང་། ནམ་ཞིག་ན་ཆོས་ཉིད་ལ་སེམས་གནས་པར་འགྱུར་བ་བརྗོད་དགོས་སོ་སྙམ་པ་ལ། གྲུབ་པའི་མཐའ་སྨྲ་
བས། ནམ་ཞིག་ཤེས་པས་དམིགས་པ་རྣམས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གི་ཚེ་དམིགས་པ་ཡོངས་སུ་བསལ་ནས་སེམས་ལས་ཕྱི་རོལ་དུ་རྣམ་པར་ཤེས་པས་མི་དམིགས་པ་དེའི་ཚེ། སེམས་དེ་རྣམ་པར་རིག་པ་ཙམ་ལ་གནས་པ་ཡིན་ཏེ། འདི་ལྟར་གཟུང་
བ་མེད་ན་འཛིན་པའང་མེད་དོ་ཞེས་བསྡུས་ཏེ་མདོར་བྱས་པའི་དོན་ཏོ། །འགྲེལ་པ་བྱེད་པས་རྒྱ་ཆེར་བསྟན་པའི་ཕྱིར། གང་གི་ཚེ་བསྟན་པ་ལ་དམིགས་པ་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གི་ཚེ་བསྟན་པ་ལ་སོགས་པ་ལ་དམིགས་པའི་སེམས་ལས་ཕྱི་རོལ་གྱི་རྣམ་
པར་ཤེས་པས་མི་མཐོང་མི་འཛིན་ཅིང་མངོན་པར་ཞེན་པ་མེད་ལ། གལ་ཏེ་དེ་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་སྟེ་མི་དམིགས་ཀྱང་། དམུས་ལོང་བཞིན་དུ་མཐུ་མེད་པ་ནི་མ་ཡིན་པ་དེའི་ཚེ་རྣམ་པར་ཤེས་པའི་འཛིན་པ་སྤངས་ཤིང་། སེམས་ཀྱི་ཆོས་ཉིད་ལ་ཡང་
སེམས་གནས་པ་ཡིན་ནོ། །རྣམ་པར་ཤེས་པའི་སྒྲ་ནི་འདིར་ཞེན་པ་ལ་བྱའོ། །འཛིན་པའི་སྒྲ་ནི་མངོན་པར་ཞེན་པ་ལ་བྱ་སྟེ། དེའི་ཕྱིར་དེའི་ཚེ་ན་འཛིན་པ་ལ་མངོན་པར་ཞེན་པ་སྤངས་སོ་ཞེས་བསྟན་པར་འགྱུར་རོ། །ཅིའི་ཕྱིར་དེའི་ཚེ་སེམས་ཀྱི་ཆོས་ཉིད་ལ་
སེམས་གནས་པར་འགྱུར་ཞེ་ན། འདིར་གཏན་ཚིགས་སྨོས་པ། གཟུང་བ་མེད་ཅེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་དགྲོལ་བའི་ཕྱིར། གཟུང་བ་ཡོད་ན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་གཟུང་བ་ཡོད་ན་ནི་འཛིན་པར་འགྱུར་གྱི། གཟུང་བ་

མེད་ན་ནི་མ་ཡིན་ཏེ། དེའི་ཕྱིར་གཟུང་བ་མེད་ན་འཛིན་པ་ཡང་མེད་པར་རྟོགས་ཀྱི། གཟུང་བ་མེད་པ་འབའ་ཞིག་ཏུ་རྟོགས་པ་ནི་མ་ཡིན་ནོ། །གཟུང་བ་དང་འཛིན་པ་རྣམ་པར་བཤིག་པས་ཡོན་ཏན་ཅི་ཞིག་འཐོབ་སྙམ་པ་ལ། དེ་ལྟར་ན་དམིགས་པར་བྱ་བ་དང་ཞེས་བྱ་བ་ལ་
སོགས་པ་སྨྲས་ཏེ། དེ་ལྟར་ན་གཟུང་བ་དང་འཛིན་པ་རྣམ་པར་བཤིག་པར་གྱུར་པ་དེའི་ཚེ། དམིགས་པར་བྱ་བ་དང་། དམིགས་པར་བྱེད་པ་ལ་རྣམ་པར་མི་རྟོག་པས་མཉམ་པ་ཉིད་འཇིག་རྟེན་ལས་འདས་པའི་ཡེ་ཤེས་འབྱུང་སྟེ། གཟུང་བ་དང་འཛིན་པ་ལ་མངོན་པར་ཞེན་པའི་
བག་ལ་ཉལ་ཡང་སྤོང་ཞིང་། རང་གི་སེམས་ཀྱི་ཆོས་ཉིད་རྣམ་པར་རིག་པ་ཙམ་ཞེས་བྱ་བ་ལ་སེམས་གནས་པར་འགྱུར་རོ། །དམིགས་པར་བྱ་བ་དང་དམིགས་པར་བྱེད་པ་མཉམ་པས་མཉམ་པ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཏེ། ཇི་ལྟར་དམིགས་
པར་བྱ་བ་ལ་རྣམ་པར་མི་རྟོག་ཅིང་། མངོན་པར་ཞེན་པ་མེད་པ་དེ་བཞིན་དུ། དམིགས་པར་བྱེད་པ་ལ་ཡང་རྣམ་པར་མི་རྟོག་ཅིང་། མངོན་པར་ཞེན་པ་མེད་ཅེས་བྱ་བའི་ཐ་ཚིག་གོ། །མཉམ་པས་མཉམ་ཞེས་བྱ་བ་ནི་ཤིན་ཏུ་མཚུངས་པ་ལ་བྱའོ། །འོག་མ་དང་
མཚམས་སྦྱར་བའི་དོན་དུ་དྲི་བའི་ཕྱིར། གལ་ཏེ་དེ་ལྟར་རྣམ་པར་རིག་པ་ཙམ་ཉིད་ལ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གི་ཚེ་གཟུང་བ་དང་འཛིན་པ་རྣམ་པར་བཤིག་ནས། རྣམ་པར་རིག་པ་ཙམ་ཉིད་ལ་སེམས་གནས་པ་དེའི་ཚེ། སེམས་དེ་ལ་ཇི་སྐད་ཅེས་བྱ་
ཞེ་ན། གྲུབ་པའི་མཐའ་སྨྲ་བས། དེ་ནི་སེམས་མེད་མི་དམིགས་པ། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སེམས་མེད་པ་དང་མི་དམིགས་པ་དང་། འཇིག་རྟེན་ལས་འདས་པའི་ཡེ་ཤེས་དང་། གནས་གྱུར་བ་དང་། ཟག་པ་མེད་པའི་དབྱིངས་དང་། བསམ་
གྱིས་མི་ཁྱབ་པ་དང་། དགེ་བ་དང་། བརྟེན་པ་དང་། བདེ་བ་དང་། རྣམ་པར་གྲོལ་བའི་སྐུ་དང་ཆོས་ཀྱི་སྐུ་ཞེས་བྱའོ་ཞེས་བསྡུས་ཏེ་མདོར་བྱས་པའི་དོན་ཏོ། །འགྲེལ་པ་བྱེད་པས་ཚིགས་སུ་བཅད་པ་གཉིས་ཀྱིས་བསྡུས་པའི་དོན་བསྟན་པའི་ཕྱིར། ཚིགས་སུ་བཅད་པ་འདི་

གཉིས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ཚིགས་སུ་བཅད་པ་འདི་གཉིས་ཀྱིས་རྣམ་པར་རིག་པ་ཙམ་ཉིད་ལ་ཞུགས་པའི་རྣལ་འབྱོར་པའི་མཐོང་བའི་ལམ་ལ་བརྟེན་ནས། གོང་ནས་གོང་དུ་བྱེ་བྲག་ཏུ་འགྲོ་བས་འབྲས་བུ་ཕུན་
སུམ་ཚོགས་པ་བསྟན་ཏོ། །སེམས་མེད་པ་དང་། མི་དམིགས་པ་དང་། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ལ་སོགས་པ་ནི་མཐོང་བའི་ལམ་གྱི་ཚེའོ། །གནས་གྱུར་པ་ལ་སོགས་པ་ནི་གོང་ནས་གོང་དུ་བྱེ་བྲག་ཏུ་འགྲོ་བའོ། །སྐུ་གཉིས་ནི་འབྲས་བུ་ཕུན་སུམ་ཚོགས་
པའོ། །སེམས་ཉིད་ནི་རྟོགས་པ་ཡིན་ན་དེ་སེམས་མེད་པ་དང་། མི་དམིགས་པ་ཞེས་ཇི་སྐད་དུ་བྱ་སྙམ་པ་ལ། དེ་ལ་འཛིན་པའི་སེམས་མེད་ཅེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་འཇིག་རྟེན་ལས་འདས་པའི་སེམས་དེ་ལ་འཛིན་པའི་སེམས་གཞན་མེད་པས། དེའི་ཕྱིར་
སེམས་མེད་པའོ། །འདི་ལྟར་འཇིག་རྟེན་ལས་འདས་པའི་སེམས་དེས་གཟུང་བ་ཅི་ཡང་མི་དམིགས་པས། དེའི་ཕྱིར་མི་དམིགས་པའོ། །འོ་ན་ཅིའི་ཕྱིར་འཇིག་རྟེན་ལས་འདས་པ་ཞེས་བྱ་སྙམ་པ་ལ། འཇིག་རྟེན་འདྲིས་པར་མ་བྱས་པ། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་
ལྟར་འདྲིས་པར་མ་བྱས་ཏེ། མ་གོམས་པ་དང་། འདི་ལྟར་ཡང་འཇིག་རྟེན་ན་ཀུན་ཏུ་འབྱུང་བ་མེད་པ་དང་། འདི་ལྟར་ཡང་རྣམ་པར་མི་རྟོག་པས། དེའི་ཕྱིར་འཇིག་རྟེན་ལས་བརྒལ་བ་སྟེ། དེ་བས་ན་འཇིག་རྟེན་ལས་བརྒལ་བའི་ཕྱིར། འཇིག་རྟེན་ལས་འདས་པའི་ཡེ་ཤེས་
སོ། །གནས་གྱུར་པ་བསྟན་པའི་ཕྱིར། ཡེ་ཤེས་དེའི་འོག་ཏུ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དེའི་འོག་ཏུ་གནས་འགྱུར་བས། དེའི་ཕྱིར་གནས་གྱུར་པའི་སྒྲས་དེ་ཉིད་བརྗོད་དོ། །གནས་ནི་གང་ཡིན་འགྱུར་བ་ནི་གང་
ཡིན་ཞེ་ན། དེའི་ཕྱིར་གནས་ཀྱང་ཞེས་བྱ་བ་ལ་སོགས་པས་སོ། །སྐབས་འདིར་ནི་གནས་ཀྱི་སྒྲ་ཀུན་གཞིའི་རྣམ་པར་ཤེས་པ་ས་བོན་དང་བཅས་པ་ལ་བྱ་བར་བལྟའོ། །གནས་རྣམ་པ་དེ་ལྟ་བུའི་གནས་ངན་ལེན་གྱི་ངོ་བོ་དང་། རྣམ་པར་སྨིན་པའི་ངོ་བོ་དང་། གཟུང་བ་དང་

འཛིན་པ་གཉིས་སུ་སྣང་བའི་ངོ་བོ་ལོག་པར་གྱུར་ན། གོ་རིམས་བཞིན་དུ་ལས་སུ་རུང་བའི་ངོ་བོ་དང་། ཆོས་སྐུའི་ངོ་བོ་དང་། མི་གཉིས་པའི་ཡེ་ཤེས་ཀྱི་ངོ་བོར་གྱུར་པ་དེ་ནི་གནས་གྱུར་པ་ཞེས་བྱའོ། །གནས་ངན་ལེན་ལོག་ན་ལས་སུ་རུང་བའི་དངོས་པོར་འགྱུར་རོ། །རྣམ་
པར་སྨིན་པ་ལོག་ན་ཆོས་ཀྱི་སྐུར་འགྱུར་རོ། །གཉིས་སུ་སྣང་བ་ལོག་ན་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དངོས་པོར་འགྱུར་རོ། །གནས་ངན་ལེན་གྱི་སྒྲ་ནི་ཉོན་མོངས་པའི་ས་བོན་ཏེ། ལས་སུ་མི་རུང་བ་ལ་བྱའོ། །གཉིས་སུ་སྣང་བའི་སྒྲ་ནི་གཟུང་བ་དང་། འཛིན་པར་སྣང་བ་ལ་
བྱའོ། །གཉིས་སུ་མེད་པའི་སྒྲ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་བྱའོ། །འདི་ཇི་ལྟར་འཐོབ་ཅེ་ན། དེའི་ཕྱིར། གནས་གྱུར་པ་དེ་ཡང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གནས་གྱུར་པ་ཞེས་གང་བཤད་པ་དེ་གང་སྤངས་ན་འཐོབ་པར་འགྱུར་བ་བརྗོད་དགོས་སོ། །གྲུབ་པའི་
མཐའ་སྨྲ་བས། གནས་ངན་ལེན་གཉིས་སྤངས་པས་སོ། །ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གནས་ངན་ལེན་རྣམ་པ་གཉིས་སྤངས་ན་དེ་ཐོབ་པར་འགྱུར་རོ། །རྣམ་པ་གཉིས་བསྟན་པའི་ཕྱིར། གཉིས་ཞེས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཉོན་མོངས་པའི་སྒྲིབ་
པའི་གནས་ངན་ལེན་དང་། ཤེས་བྱའི་སྒྲིབ་པའི་གནས་ངན་ལེན་ནི་འདིར་གནས་ངན་ལེན་གཉིས་སུ་བཞེད་དོ། །གནས་ངན་ལེན་ཞེས་བྱ་བ་འདི་ཅི་ཞིག་སྙམ་པ་ལ། གནས་ངན་ལེན་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གནས་ལས་སུ་མི་རུང་བ་ནི་གནས་ངན་ལེན་ཞེས་བྱའོ། །
ཡང་དག་པའི་དོན་དུ་ན་གནས་ངན་ལེན་ནི་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པའི་ས་བོན་ལ་བྱའོ། །འདིའི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། གནས་གྱུར་པ་དེ་ཡང་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གཅིག་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་ལ་ཡོད་པའི་གནས་ངན་ལེན་
སྤངས་པས་འཐོབ་སྟེ། གང་རྣམ་པར་གྲོལ་བའི་སྐུ་ཞེས་སྨོས་པའོ། །ཅིག་ཤོས་ནི་བྱང་ཆུབ་སེམས་དཔའ་ལ་ཡོད་པའི་གནས་ངན་ལེན་སྤངས་པས་འཐོབ་སྟེ། གང་ཐུབ་པ་ཆེན་པོའི་ཆོས་ཞེས་བྱ་བ་སྨོས་པའོ། །དེ་ཉིད་འདིར་སྒྲིབ་པ་རྣམ་པ་གཉིས་སྤོང་བའི་བྱེ་བྲག་གིས་གནས་

གྱུར་པ་བླ་ན་ཡོད་པ་དང་། བླ་ན་མེད་པ་བསྟན་པར་རིག་པར་བྱའོ། །སྒྲིབ་པ་རྣམ་གཉིས་བསྟན་པའི་ཕྱིར་ཁུངས་སྨོས་པ། འདིར་ཚིགས་སུ་བཅད་པ་ཞེས་བྱ་བ་ལ་སོགས་པའོ། །སྒྲིབ་པ་གཉིས་ཀྱི་ངོ་བོ་ཉིད་ནི་ལེན་པའི་རྣམ་པར་ཤེས་པ་སྟེ། འཆིང་བར་ཤེས་
པར་བྱའོ། །སུའི་འཆིང་བ་སྙམ་པ་ལ། དེར་ནི་གཉིས་ལ་གཉིས་འཆིང་ངོ་། །ཞེས་བྱ་བ་སྨྲས་སོ། །ཀུན་གཞིའི་རྣམ་པར་ཤེས་པ་སྒྲིབ་པའི། མཚན་ཉིད་དེས་ནི་ཉན་ཐོས་ལ་སོགས་པའི་རིགས་དང་། བྱང་ཆུབ་སེམས་དཔའ་གཉིས་ལ་འཆིང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །ཉོན་མོངས་
པ་ས་བོན་ཀུན་ས་བོན་ཞེས་བྱ་བ་འདིས་སྒྲིབ་པ་གཉིས་བསྟན་ཏོ། །ཀུན་གཞིའི་རྣམ་པར་ཤེས་པ་གང་ལ་སྒྲིབ་པ་གཉིས་ཀྱི་ས་བོན་ཡོད་པ་དེ་དེ་སྐད་བརྗོད་དེ། ཀུན་གཞིའི་རྣམ་པར་ཤེས་པ་དེ་ཀུན་གྱི་ས་བོན་ཡོད་པ་དང་། དེ་ལ་ཉོན་མོངས་པའི་ས་བོན་ཡོད་པས་དེ་ལ་དེ་སྐད་ཅེས་བྱའོ། །འགྲེལ་
པ་བྱེད་པས་ཡན་ལག་གི་དོན་བསྟན་པའི་ཕྱིར། གཉིས་ཞེས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཉོན་མོངས་པའི་ས་བོན་ནི་ཉན་ཐོས་ལ་སོགས་པའི་རིགས་ཀྱི་འཆིང་བའོ། །སྒྲིབ་པ་གཉིས་ཀྱི་ས་བོན་ནི། བྱང་ཆུབ་སེམས་དཔའི་འཆིང་བའི་སྒྲིབ་པ་གཉིས་ཀྱི་ས་བོན་གྱི་སྒྲ་ནི་ཀུན་
གྱི་ས་བོན་དུ་བསྟན་ཏོ། །ཅིའི་ཕྱིར་འདི་བྱང་ཆུབ་སེམས་དཔའི་སྒྲིབ་པ་ཞེས་བྱ་ཞེ་ན། དེའི་ཕྱིར་དེ་དག་བཅོམ་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་སྒྲིབ་པ་གཉིས་སྤངས་ན། ཐམས་ཅད་མཁྱེན་པ་ཉིད་འཐོབ་པས་དེའི་ཕྱིར་སྒྲིབ་པ་གཉིས་ནི་དེའི་འཆིང་བའོ། །ཚིགས་སུ་
བཅད་པ་བཤད་ནས། གོང་མའི་སྐབས་ཀྱི་འཕྲོ་ལུས་པ་བཤད་པར་བྱ་བའི་ཕྱིར། དེ་ཉིད་ཟག་པ་མེད་པ་དང་དབྱིངས་ཞེས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གནས་གྱུར་པ་དེ་ཉིད་ཀྱི་བྱེ་བྲག་ལ་ཟག་པ་མེད་པ་དང་དབྱིངས་ཞེས་བྱ་སྟེ། འདི་ལྟར་གནས་ངན་ལེན་མེད་པས་ཟག་པ་
ཐམས་ཅད་དང་བྲལ་ཏེ། དེའི་ཕྱིར་ཟག་པ་མེད་པའོ། །དེ་ཡང་འཕགས་པའི་ཆོས་ཀྱི་རྒྱུ་ཡིན་པས་དབྱིངས་ཞེས་བཤད་དོ། །འདི་ལྟར་རྒྱུའི་དོན་ནི་འདིར་དབྱིངས་ཀྱི་སྒྲར་བཟུང་སྟེ། དེ་ནི་འཕགས་པའི་ཆོས་ཐམས་ཅད་ཀྱི་རྒྱུ་ཡིན་ནོ། །ཇི་ལྟར་བསམ་གྱིས་མི་ཁྱབ་ཅེ་ན། དེའི་ཕྱིར། བསམ་གྱིས་

མི་ཁྱབ་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་རྟོག་གེ་པའི་སྤྱོད་ཡུལ་མ་ཡིན་པ་དང་། འདི་ལྟར་འཕགས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པ་དང་། འདི་ལྟར་དེ་ལ་དཔེ་མེད་པས་དེའི་ཕྱིར་བསམ་གྱིས་མི་ཁྱབ་པའོ། །ཇི་ལྟར་དགེ་ཞེ་ན། དེའི་ཕྱིར་དགེ་བ་ནི་ཞེས་བྱ་བ་ལ་
སོགས་པ་སྨྲས་ཏེ། འདི་ལྟར་རྣམ་པར་དག་པའི་དམིགས་པ་དང་། འདི་ལྟར་བདེ་བ་དང་། འདི་ལྟར་ཟག་པ་མེད་པའི་ཆོས་ཉིད་ཡིན་པས་དེའི་ཕྱིར་དགེ་བའོ། །ཇི་ལྟར་བསྟན་ཞེ་ན་དེའི་ཕྱིར། བརྟན་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་བདེ་བར་གཤེགས་པ་བརྟན་པ་
དང་། མི་ཟད་པས་དེའི་ཕྱིར་བརྟན་པའོ། །ཇི་ལྟར་བདེ་ཞེ་ན་དེའི་ཕྱིར་བདེ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གི་ཕྱིར་རྟག་པ་དེའི་ཕྱིར་བདེ་བའོ། །འདི་ལྟར་གང་མི་རྟག་པ་དེ་ནི་སྡུག་བསྔལ་བའོ། །འདི་ནི་རྟག་པ་སྟེ་དེའི་ཕྱིར་བདེ་བའོ། །གང་ཟག་གི་བྱེ་བྲག་གི་གནས་གྱུར་
པའི་བྱེ་བྲག་བསྟན་པའི་ཕྱིར། ཉོན་མོངས་པའི་སྒྲིབ་པ་སྤངས་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གནས་གྱུར་པའི་བྱེ་བྲག་དེ་ནི་ཉན་ཐོས་རྣམས་ཀྱི་རྣམ་པར་གྲོལ་བའི་སྐུ་ཞེས་བྱ་སྟེ། འདི་ལྟར་དེ་དག་ནི་ཉོན་མོངས་པའི་སྒྲིབ་པ་སྤངས་པ་ཙམ་གྱིས་དེ་དག་རྣམ་པར་གྲོལ་བ་ཐོབ་པར་
བྱེད་དེ། དེའི་ཕྱིར་གནས་རྣམ་པར་གྲོལ་བ་ནི་རྣམ་པར་གྲོལ་བའི་སྐུར་བསྟན་པ་ཡིན་ནོ། །གནས་གྱུར་པའི་མཚན་ཉིད་དེ་ནི་ཐུབ་པ་ཆེན་པོའི་ཆོས་ཀྱི་སྐུ་ཞེས་བྱའོ། །ཅིའི་ཕྱིར་བཅོམ་ལྡན་འདས་དེ་ཆོས་ཀྱི་སྐུ་ཞེས་བྱ་སྙམ་པ་ལ། ས་དང་ཕ་རོལ་ཏུ་ཕྱིན་པ་བསྒོམས་ནས་ཞེས་བྱ་བ་ལ་སོགས་པ་
སྨྲས་ཏེ། འདི་ལྟར་ས་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་བསྒོམས་པས་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་སྤོང་བར་འགྱུར། གནས་གྱུར་པ་ཡང་ཡང་དག་པ་འགྲུབ་པར་འགྱུར་ཏེ། དེའི་ཕྱིར་ཐུབ་པ་ཆེན་པོའི་ཆོས་ཀྱི་སྐུ་ཞེས་བྱའོ། །དེ་ནི་འདི་སྐད་དུ་འདི་ལྟར་ས་དང་ཕ་རོལ་ཏུ་ཕྱིན་
པའི་ཆོས་རྣམས་ཀྱི་བསྩགས་པས་ཆོས་ཀྱི་སྐུ་ཞེས་བྱའོ་ཞེས་བསྟན་པར་འགྱུར་རོ། །འདི་ཉིད་ལ་བཤད་པ་གཞན་བྱ་བའི་ཕྱིར། འཁོར་བ་ཡོངས་སུ་མི་གཏོང་ཞིང་། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་འདི་གནས་གྱུར་པ་རྙེད་ན་བྱང་ཆུབ་སེམས་དཔའ་རྣམས་འཁོར་བ་ཡོངས་སུ་

མི་གཏོང་ཞིང་། འཁོར་བའི་ཉེས་པ་རྣམས་ཀྱིས་ཀྱང་ཀུན་ནས་ཉོན་མོངས་པར་མི་འགྱུར་ལ། ཆོས་ཐམས་ཅད་ལ་དབང་འབྱོར་པ་ཡང་འཐོབ་སྟེ། དེའི་ཕྱིར་ཆོས་ཀྱི་སྐུ་ཞེས་བྱའོ། །ཆོས་དེ་དག་གི་གནས་ཡིན་པས་ན་ཆོས་ཀྱི་སྐུ་ཞེས་བྱ་བའི་ཐ་ཚིག་གོ། །
བཅོམ་ལྡན་འདས་ལ་ཅིའི་ཕྱིར་ཐུབ་པ་ཆེན་པོ་ཞེས་བྱ་ཞེ་ན་དེའི་ཕྱིར། ཐུབ་པ་ཆེན་པོ་ཞེས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་ལུས་དང་ངག་དང་ཡིད་ཐུབ་པ་མཆོག་དང་ལྡན་པས། དེའི་ཕྱིར་བཅོམ་ལྡན་འདས་ལ་ཐུབ་པ་ཆེན་པོ་ཞེས་བྱ་སྟེ། ཉོན་མོངས་པ་དང་ཉེ་བའི་ཉོན་
མོངས་པས་བྱས་པའི་སྨྲ་བ་དང་བྲལ་བའི་ཕྱིར་ཐུབ་པ་ཆེན་པོ་ཞེས་བྱ་བའི་ཐ་ཚིག་གོ། །འཇིག་རྟེན་ནའང་སུ་དག་ཚིག་བསྡམས་ཏེ་འདུག་པ་དེ་ཐུབ་པ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱང་ཉོན་མོངས་པས་ནོན་པའི་ཚིག་ཅུང་ཟད་ཀྱང་མི་གསུང་སྟེ། དེ་བས་ན་ཉོན་མོངས་པ་ལས་བྱུང་བའི་ཚིག་
ལེགས་པར་བསྡམས་པས་དེ་བཞིན་གཤེགས་པ་ནི་ཐུབ་པ་ཆེན་པོ། ཐུབ་པའི་དབང་པོ། ཐུབ་པའི་མཆོག །ཐུབ་པའི་རྒྱལ་པོ། ཐུབ་པའི་དབང་ཕྱུག་ཅེས་བྱའོ། །བདག་གིས་བློ་གྲོས་བརྟན་པ་ཡིས། །སུམ་ཅུའི་བཤད་པ་རྣམ་ཕྱེ་བས། །དགེ་བ་ཐོབ་པ་གང་ཡིན་
དེས། །འགྲོ་བ་སངས་རྒྱས་གྲུབ་གྱུར་ཅིག །མི་ཤེས་དབང་གིས་འདི་དག་ཏུ། །མི་འདྲར་ཅུང་ཟད་གང་སྨྲས་ཏེ། །འདི་ལྟར་བདག་ནི་ཁོང་བླུན་པས། །མཁས་པ་རྣམས་ཀྱིས་བཟོད་པར་མཛོད། །འདི་འདྲའི་བསྟན་བཅོས་ལམ་ལ་ནི། །འཁྲུལ་པ་ངོ་མཚར་མི་ཆེ་སྟེ། །དཔེར་
ན་ལོང་བ་གཅིག་པུ་ཞིག །ཉམ་ངའི་ལམ་ན་རྒྱུག་པ་བཞིན། །བདག་འདྲའི་བློ་ལས་འགའ་ཙམ་ཞིག །ལེགས་པར་སྨྲས་ན་དེ་རབ་མང་། །དཔེར་ན་ཕུབ་ཁྲོད་སཱ་ལུ་ཡི། །འབྲུ་གཅིག་ན་ཡང་མང་དང་མཚུངས། །སློབ་དཔོན་དུལ་བའི་ལྷས་སུམ་ཅུ་པའི་
འགྲེལ་བཤད་བྱས་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཤཱི་ལེནྡྲ་བོ་དྷི་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།

༄༅༅།། །།རྒྱ་གར་སྐད་དུ། ཀརྨ་སིདྡྷ་ཊཱི་ཀཱ། བོད་སྐད་དུ། ལས་གྲུབ་པའི་བཤད་པ། བམ་པོ་དང་པོ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །རྟོག་པའི་དྲ་བ་རྣམ་བསལ་ཅིང་། །གཞན་གྱི་དོན་ལ་ངེས་བསྟན་པ། །
སེམས་ཅན་ཀུན་གྱི་གཉེན་གཅིག་པོ། །འཇམ་པའི་དཔལ་ལ་ཕྱག་འཚལ་ལོ། །ལས་གྲུབ་རབ་ཏུ་བྱེད་པ་ནི། །མདོར་བཤད་འདོད་པ་གང་ཡིན་པ། །དེ་དག་དགའ་བར་བྱ་བའི་ཕྱིར། །མདོར་ན་དེ་ཡི་བཤད་པ་བྱ། །མདོ་ལས་ལས་རྣམས་ནི་གསུམ་སྟེ། ཞེས་བྱ་བ་ལ་སོགས་
པ་འབྱུང་བ་ལ། རབ་ཏུ་བྱེད་པ་དགོས་པ་དང་བཅས་པ་བཤད་པ་ནི་རིགས་མོད། འདི་ལ་ནི་དགོས་པ་ཡང་མེད་དེ། དེའི་ཕྱིར་རེ་ཞིག་རྟོག་པ་སྔོན་དུ་གཏོང་བ་ཅན་གྱིས་དེ་བརྩམས་པ་ཉིད་ཀྱང་མི་རུང་ན། དེ་བཤད་པ་ལྟ་ལེགས་པར་ག་ལ་འགྱུར། འདི་ལ་སྦྱོར་བ་ཡང་ཡོད་དེ།
རྟོག་པ་སྔོན་དུ་གཏོང་བ་ཅན་གྱིས་ནི་དགོས་པ་མེད་པ་གང་ཡིན་པ་དེ་བརྩམས་པར་མི་བྱ་སྟེ། དཔེར་ན་བྱ་རོག་གི་སོ་བརྟག་པའི་བསྟན་བཅོས་ལྟ་བུ་ཡིན་ལ། རབ་ཏུ་བྱེད་པ་འདི་ཡང་དགོས་པ་མེད་པ་ཡིན་པས་ཁྱབ་པར་བྱེད་པ་མི་དམིགས་པ་སྟེ། དེ་བརྩམས་པ་ལ་དགོས་པ་དང་ལྡན་པ་ཉིད་
ཀྱིས་ཁྱབ་པའི་ཕྱིར་རོ། །དེ་ལྟར་རབ་ཏུ་བྱེད་པ་ལ་གཞན་གྱིས་བརྒལ་བ་དང་། འདིར་བཤད་པ་དགོས་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ནི་མ་གྲུབ་པོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་འདི་ལ་ལུས་ལ་སོགས་པའི་ལས་གསུམ་གྱི་རང་བཞིན་ཕྱིན་ཅི་མ་ལོག་པར་ངེས་པར་
བཟུང་བ་ཞེས་བྱ་བའི་དགོས་པ་ཡོད་དོ། །དེ་ཡང་ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བ་གཞན་ཐམས་ཅད་ཀྱིས་ལོག་པར་རྟོགས་པའི་ཕྱིར་ཏེ། དེའི་ཕྱིར་ཤེས་བྱ་ནང་གི་ཡིན་པར་སྨྲ་བས་དེའི་ལུགས་དགག་པ་དང་། རང་གི་བསམ་པ་བསྟན་པའི་སྒོ་ནས་རབ་ཏུ་བྱེད་པ་འདིས་བསྒྲུབ་པར་བྱའོ། །
བཅོམ་ལྡན་འདས་ཀྱིས་མདོ་ལས་ལས་རྣམས་ནི་གསུམ་སྟེ་ཞེས་གསུངས་པ་དགོད་པ་ནི་རྩོད་པའི་གནས་ཡིན་པའི་ཕྱིར་རོ། །ཕ་རོལ་གྱི་ལུགས་བསལ་བས་རང་གི་ངོ་བོ་ཕྱིན་ཅི་མ་ལོག་པར་བསྟན་པར་བྱ་བའི་ཕྱིར་རོ། །དེ་ལ་རེ་ཞིག་དེ་ལ་ཁ་ཅིག་ན་རེ་ཞེས་བྱ་བ་ལ་སོགས་པས་ཕ་རོལ་གྱི་

ལུགས་དགོད་པ་མཛད་དེ། །དེའི་ལུགས་དམིགས་ཀྱིས་བཀར་ཏེ་ཕྱོགས་རེ་རེ་ནས་སུན་ཕྱུང་བས་ནི་ཕྱིས་རང་གི་ཕྱོགས་བདེ་བླག་ཏུ་ཁོང་དུ་ཆུད་པར་ནུས་པའི་ཕྱིར་རོ། །དང་པོ་ནི་བྱེ་བྲག་ཏུ་སྨྲ་བའི་ཕྱོགས་ཡིན་པར་རིག་པར་བྱ་སྟེ། རང་གི་བླ་མ་བརྒྱུད་པ་ལས་
བཤད་པ་འོངས་པས་བསླུས་པ་དེ་དག་ནི་འདི་སྐད་དུ་ལུས་ཀྱིས་བྱས་པའི་ལས་ནི་ལུས་ཀྱི་ལས་ཡིན་ཞེས་བྱ་བ་ལ་སོགས་པ་ཟེར་ཏེ། ལས་གསུམ་པོ་དག་གི་ཚིག་བསྡུ་བ་ནི་གཞན་དང་གཞན་དུ་རིག་པར་བྱའོ། །ལུས་ཀྱིས་བྱས་པའི་ལས་ནི་ལུས་ཀྱི་ལས་ཞེས་བྱ་བའི་ཚིག་བསྡུ་བ་ནི་
གསུམ་པ་ཡིན་ཏེ། ལུས་ལ་བརྟེན་ནས་ཞེས་བྱ་བར་བསམས་པ་ཡིན་ཏེ། དེ་ནི་བྱ་བའི་རང་བཞིན་མ་ཡིན་པའི་ཕྱིར་རོ། །ངག་ཉིད་ནི་ངག་གི་ལས་ཡིན་ཏེ་ཞེས་བྱ་བའི་ཚིག་བསྡུ་བ་ནི་ཁྱད་པར་དུ་བྱེད་པ་ཡིན་ཏེ། དབྱངས་ནི་ངག་གི་ཡིན་ནོ་ཞེས་འབྱུང་བས་དེ་ནི་བྱ་བའི་རང་བཞིན་ཡིན་པའི་ཕྱིར་
རོ། །སོ་སོར་ཞེས་བྱ་བ་ནི་རེ་རེ་ཞིང་ཞེས་བྱ་བའི་དོན་ཏེ། གཉིས་ཀ་ཡང་ཞེས་བྱ་བ་ནི་ལུས་དང་ངག་གི་ལས་སོ། །རྣམ་པར་རིག་བྱེད་དང་། རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་བ་དེ་ལ། རྣམ་པར་རིག་བྱེད་པས་ན་རྣམ་པར་རིག་བྱེད་དེ། ཐ་སྙད་རྟོགས་པ་གཞན་གྱི་ནང་ན་ཡོད་པའི་བསམ་
པ་སྟོན་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །རྣམ་པར་རིག་བྱེད་གཞན་དུ་གཟུགས་དང་བྱ་བའི་རང་བཞིན་ཡིན་དུ་ཟིན་ཀྱང་། གཞན་དག་ལ་རྣམ་པར་རིག་པར་མི་བྱེད་པས་ན་རིག་བྱེད་མ་ཡིན་པའོ། །ཡིད་དང་མཚུངས་པར་ལྡན་པའི་ལས་ནི་ཡིད་ཀྱི་ལས་ཏེ་ཞེས་བྱ་བ་འདིར་ཡང་ཚིག་བསྡུ་བ་
ནི་གསུམ་པ་ཡིན་ནོ། །ཡིད་ནི་བྱ་བའི་རང་བཞིན་མ་ཡིན་པའི་ཕྱིར། ལས་ཉིད་དུ་མི་སྲིད་པས་དེ་དང་མཚུངས་པར་ལྡན་པའི་སེམས་པ་ནི་ལས་སོ། །དེ་ལ་འདིར་འདི་དཔྱད་པར་བྱ་སྟེ་ཞེས་བྱ་བ་ནི་སློབ་དཔོན་གྱིས་དྲི་བ་གླེང་བར་མཛད་པ་སྟེ། དེའི་ཕྱོགས་གཏན་ལ་ཕབ་ནས་ཕྱིས་སུན་དབྱུང་
བའི་ཕྱིར་རོ། །རེ་ཞིག་ལུས་ཀྱི་རྣམ་པར་རིག་བྱེད་ཅེས་བྱ་བ་ལ་སོགས་པར་རྒྱ་ཆེར་འབྱུང་བས་ནི་བྱེ་བྲག་ཏུ་སྨྲ་བ་པ་དག་རང་གི་ཕྱོགས་རྣམ་པར་འཇོག་པར་བྱེད་དོ། །རེ་ཞིག་ལུས་ཀྱི་རྣམ་པར་རིག་བྱེད་ཅེས་བྱ་བ་ལ། རེ་ཞིག་གི་སྒྲས་ནི་རྣམ་པར་རིག་བྱེད་ཅིག་ཤོས་རྣམ་པར་གཅོད་པར་

མཛད་དོ། །དེ་ལ་དམིགས་པའི་སེམས་ལས་སྐྱེས་པ་ཞེས་བྱ་བ་ལ། དེའི་སྒྲས་ནི་དབྱིབས་ལ་སྙེགས་སོ། །གང་ལ་ལག་པ་ལ་སོགས་པ་དབྱིབས་ཀྱི་དམིགས་པ་ཡོད་པ་དེ་ནི་དེ་ལ་དམིགས་པའོ། །དེ་ནི་དེ་ལ་དམིགས་པ་ཡང་ཡིན་ལ་སེམས་ཀྱང་ཡིན་པས་དེ་ལ་དམིགས་པའི་
སེམས་ཏེ། འཇུག་པར་བྱེད་པའི་སེམས་སོ། །དེ་ལས་སྐྱེས་པས་ན་དེ་ལ་དམིགས་པའི་སེམས་ལས་སྐྱེས་པ་ཡིན་ཏེ། དེ་ཅི་ཞེ་ན། དབྱིབས་ཀྱི་རྣམ་པར་རིག་བྱེད་དོ་ཞེས་བྱ་བར་སྦྱར་རོ། །འདི་སྐད་དུ་མཆོད་རྟེན་ལ་ཕྱག་འཚལ་བ་ལ་སོགས་པ་ཀུན་ནས་སློང་བར་བྱེད་པའི་སེམས་གང་
ཡིན་པ་དེའི་དམིགས་པ་ནི་མ་འོངས་པའི་ལུས་ཀྱི་ལས་རྣམ་པར་རིག་བྱེད་ཅེས་བྱ་བའི་དབྱིབས་ཡིན་གྱི་གཞན་ནི་མ་ཡིན་ཏེ། དེའི་ཕྱིར་སེམས་དེ་ལྟ་བུས་ཀུན་ནས་བསླང་བའི་རྣམ་པར་རིག་བྱེད་ནི་དེ་ལས་སྐྱེས་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །གང་གི་ཞེས་བྱ་བ་ནི་རྒོལ་བར་བྱེད་པ་ཡིན་ཏེ།
འདི་ཡང་གཡས་གཡོན་འདུག་པ་འགའ་ཞིག་ཡིན་གྱི། སློབ་དཔོན་ནི་མ་ཡིན་ན་ལུས་ཀྱི་ཡིན་ནོ་ཞེས་ཟེར་བ་ནི་བྱེ་བྲག་ཏུ་སྨྲ་བ་པ་དག་གོ། གལ་ཏེ་ལུས་ཀྱི་ཡིན་ནོ་ཞེས་བྱ་བ་ནི་རྒོལ་བར་བྱེད་པ་ཡིན་ཏེ། དེའི་བསམ་པ་ནི་རྣམ་པར་དབྱེ་བ་གང་ཡང་རུང་བ་ཞིག་བསྟན་པས་དོན་རྟོགས་པའི་ཕྱིར་དེ་
ལས་གཞན་པའི་སྒྲུབ་པ་མེད་པའི་ཕྱིར་ཇི་ལྟར་ན་དེ་ལུས་ཀྱིས་བྱས་པའི་ལས་ཞེས་བྱ་ཞེས་སྨོས་ནས་ལུས་ཀྱི་ཞེས་བྱ་སྟེ། ཐ་སྙད་གཉི་ག་ཡང་མེད་དོ་ཞེས་བྱ་བ་འདི་ཡིན་ནོ། །ལུས་ཞེས་བྱ་བ་སྤྱིའི་ཡན་ལག་ཏུ་གྱུར་པའི་ཕྱིར་ཞེས་བྱ་བ་རྒྱ་ཆེར་འབྱུང་བས་བྱེ་བྲག་ཏུ་སྨྲ་བ་པ་དག་ཐ་སྙད་གཉི་
ག་གཞུང་འཛུགས་པར་བྱེད་པ་ཡིན་ནོ། །ལུས་ནི་འབྱུང་བ་དང་། འབྱུང་བ་ལས་གྱུར་པ་འདུས་པ་སྟེ་ཁོག་པ་རིལ་ལ་བྱ་ལ། ལས་ནི་ལག་པ་ལ་སོགས་པ་ཉི་ཚེ་ལ་ཡོད་པ་མ་ཡིན་ནམ། ཇི་ལྟར་ན་ལུས་ཀྱིའམ། ལུས་ཀྱིས་ཞེས་བྱ་ཞེས་བྱ་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་འདི་སེམས་
ལ་བསྡོགས་ནས་སྤྱི་དག་ལ་ཡོད་ཅེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་ལ་དམིགས་པའི་སེམས་ལས་སྐྱེས་པ་ཞེས་བྱ་བ་ཅི་དགོས་ཤེ་ན་ཞེས་བྱ་བ་འདིར་འདྲི་བ་པོ་དེའི་བསམ་པ་ནི་སེམས་ལས་བྱུང་བའི་ཕྱིར། སེམས་ལས་སྐྱེས་པ་ཞེས་བྱ་བ་ཁོ་ནར་བསྟན་པའི་རིགས་ན་ཅིའི་ཕྱིར་དེ་ལ་

དམིགས་པའི་ཞེས་སྨོས་པ་བྱས་ཤེ་ན་ཞེས་བྱ་བ་འདི་ཡིན་ནོ། །བརྒལ་ཞིང་བརྟག་པ་དེ་ལ་བྱེ་བྲག་ཏུ་སྨྲ་བ་པ་རྣམས་ཀྱིས་སྨྲ་བ་ན་མཆུ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པས་ལན་བཏབ་པ་ཡིན་ཏེ། དེ་ནི་དེ་ལ་དམིགས་པའི་སེམས་ལས་སྐྱེས་པ་མ་ཡིན་ཏེ་
ཞེས་བྱ་བ་ནི། མཆུ་ལ་སོགས་པའི་དབྱིབས་ནི་དབྱིབས་ལ་དམིགས་པའི་སེམས་ལས་སྐྱེས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མཆུ་ལ་སོགས་པ་ཞེས་བྱ་བ་ལ་སྩོགས་པ་སྨོས་པས་ནི་འབྱེད་པ་དང་འཛུམས་པ་ལ་སོགས་པ་བཟུང་ངོ་། །ཅིའི་ཕྱིར་མ་ཡིན་ཞེ་ན། དེའི་ཕྱིར་ཚིག་ལ་དམིགས་
པའི་སེམས་ལས་སྐྱེས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །འདི་སྐད་དུ་སྨྲ་བར་བྱེད་པ་ནི་འདི་ལ་ཚིག་འདིས་བརྗོད་པར་འདོད་པའི་དོན་འདི་ཁོང་དུ་ཆུད་པར་བྱའོ་ཞེས་ཚིག་ལ་དམིགས་ནས་ཚིག་ཏུ་འདོན་པར་བྱེད་དོ། །དེའི་ཕྱིར་ཚིག་ལ་དམིགས་པའི་སེམས་ལས་ས