Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 138

Văn bản gốc(Tây Tạng)

Trang 11 / 15 (50.000 ký tự/trang)
ང་དག་པ་མ་ཡིན་པའི་སྣང་བ་ཡིན་ཡང་། ཡང་དག་པ་མ་ཡིན་པ་དེ་ཉིད་དམིགས་པར་སྣང་བས་འཁྲུལ་པའི་དམིགས་པ་ཞེས་བརྗོད་དོ། །དེ་ལྟར་སྣང་
བ་འདི་ཇི་ལྟར་ཇི་སྙེད་དེ་སྙེད་དུ་ནི་འཁྲུལ་པ་ཡིན་ཏེ། ཡང་དག་པ་མ་ཡིན་པ་མཐོང་བ་དང་། དོན་དམ་པ་མ་མཐོང་བའི་ཕྱིར་རོ། །དེ་བས་ན་ཆོས་ཐམས་ཅད་ཀྱི་དོན་དམ་པ་མཐོང་བར་འདོད་པ་དེས། དེ་བཞིན་དུ་ཞི་གནས་དེ་ཉིད་ལ་བརྟེན་ཏེ། སྣང་བ་མེད་པར་གྱུར་པའི་སྦྱོར་བས། མངོན་དུ་གྱུར་པའི་སྣང་བའི་

འཁྲུལ་པའི་མཚན་མ་འདི་དག་སྤང་བར་བྱ་སྟེ། དཔེར་ན་བསམ་གཏན་པ་འབའ་ཞིག་གཅིག་པུ་དབེན་པར་གནས་ཏེ། བསམ་གཏན་ལ་གནས་ནས། གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ནམ་མཁའི་འདུ་ཤེས་ཀྱིས་ཐམས་ཅད་ལ་ཉེ་བར་
གནས་ཏེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ནས་གནས་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་འདི་ཡང་ཁམས་བཅྭ་བརྒྱད་པོ་སྣ་ཚོགས་སེམས་ཀྱི་སྣང་བ་ཙམ་ལ་མཉམ་པར་གཞག་ལ། ཡིད་ཀྱི་བརྗོད་པ་ཐམས་ཅད་སྤངས་ནས། འཁྲུལ་པའི་མཚན་མ་འདི་དག་ཐམས་ཅད་དང་།
རྣམ་པར་རྟོག་པའི་མཚན་མ་འདི་དག་ཐམས་ཅད་སྤང་བར་བྱ་བ་ནི་འདི་ལྟ་སྟེ། ལུས་དང་། ལྗོན་ཤིང་དག་དང་། གྲོང་དང་། གྲོང་ཁྱེར་དང་། ཆུ་བོ་དང་། རྒྱ་མཚོ་དང་། ས་གཞི་དང་། ནམ་མཁའ་དང་། སྣང་བ་དང་། མུན་པ་དང་། ཟླ་བ་དང་། ཉི་མ་དང་། གཟའ་དང་། རྒྱུ་སྐར་ལ་སོགས་པའི་སྣང་བ་
འགའ་ཡང་མེད་ཅིང་། དེ་བཞིན་དུ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་ཡང་འགའ་ཡང་མེད་ལ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཀྱི་དབང་པོ་ཡང་འགའ་ཡང་མེད་དེ། དེ་བཞིན་དུ་མིག་དང་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཀྱི་རྣམ་པར་ཤེས་པ་ཡང་མེད་ཅིང་།
ཡིད་དང་། ཆོས་ཀྱི་ཁམས་ཀྱང་མེད་དོ། །ཁམས་རྣམས་མེད་པ་དེ་བཞིན་དུ། སྐྱེ་མཆེད་རྣམས་དང་ཕུང་པོ་རྣམས་དང་ཇི་སྲིད་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་ཡང་མེད་དེ། དེ་ལྟར་ཆོས་ཐམས་ཅད་ཀྱི་རྣམ་པར་རྟོག་པའི་མཚན་མ་གཟུང་བར་གྱུར་པའི་མཚན་མ་རྣམས་སྤངས་པས། དེ་ལ་ལྟོས་
པའི་འཛིན་པའི་མཚན་མ་ཡང་ནུབ་པར་གྱུར་ནས། ནམ་མཁའ་གཅིག་ཏུ་དྲི་མ་མེད་ཅིང་མཐའ་མེད་པ་ལྟ་བུར་ཆོས་ཐམས་ཅད་ཀྱི་ཆོས་ཉིད་གཉིས་ཀྱིས་སྟོང་པ་ཉིད་གསལ་བ་ཙམ་ཉིད་དུ་བལྟའོ། །ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྣང་བ་ལ་ལྟ་བའི་སེམས་དེ་ཉིད་ལ་སེམས་
བསྡུས་ནས་མི་གཡོ་བར་བྱ་སྟེ། ཇི་སྲིད་དུ་ལུས་དང་སེམས་ཤིན་ཏུ་སྦྱངས་པར་གྱུར་པ་དེ་སྲིད་དུ་ཞི་གནས་མངོན་དུ་བྱའོ། །དེ་ནས་ཞི་གནས་དེ་ཉིད་ལ་བརྟེན་ཏེ། ཏིང་ངེ་འཛིན་དེ་ཉིད་ཀྱི་སྤྱོད་ཡུལ་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་གཟུགས་བརྙན་དེ་ཉིད་རབ་ཏུ་རྣམ་པར་ཕྱེ་ལ། ཆོས་འདི་དག་ཐམས་ཅད་ནི་

ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ལ་གཟུགས་མེད་པ་དང་། བསྟན་དུ་མེད་པ། ཐོགས་པ་མེད་པ་འདི་ལྟ་སྟེ། མཚན་ཉིད་མེད་པར་མཚན་ཉིད་གཅིག་པའོ་ཞེས་བྱ་སྟེ། དེ་ལ་ལྡན་པ་ཡང་མ་ཡིན་ཞེས་བྱ་བ་ནི། དོན་དམ་པར་དབྱེར་མེད་པའི་མཚན་ཉིད་གཅིག་ཏུ་ཡོད་པར་གྱུར་པ་
སྣང་བ་མ་ཡིན་པའོ། །མི་ལྡན་པ་ཡང་མ་ཡིན་ཞེས་བྱ་བ་ནི། མཚན་ཉིད་ཐ་དད་པར་ཡོད་པར་འགྱུར་བ་ཉིད་སྣང་བ་ཡང་མ་ཡིན་ཏེ། འོན་ཀྱང་རང་གི་མཚན་ཉིད་སྣ་ཚོགས་པ་རྣམས། རྟོག་པའི་མཚན་ཉིད་མི་བརྫུན་པའི་རྣམ་པ་ཐ་དད་པར་སྣང་བ་ཙམ་སྟེ། དོན་དམ་པར་གཉིས་ཀྱིས་སྟོང་པ་
ཞེས་བྱ་བ་ཐུན་མོང་གི་མཚན་ཉིད་ཀྱི་སྣང་བར་རོ་གཅིག་ཏུ་སྣང་བ་ཞེས་བྱ་བའི་དོན་ཏོ། །དོན་དམ་པའི་རང་བཞིན་དེ་དག་གི་རྣམ་པར་རྟོག་པའི་ཡུལ་ལས་འདས་ཤིང་རང་གིས་བརྟགས་པར་མི་ནུས་པས་གཟུགས་མེད་པའོ། །གཞན་ལ་ཚིག་གིས་བསྟན་པར་མི་ནུས་པས་བསྟན་དུ་མེད་པའོ། །ནམ་
མཁའ་གཅིག་ཏུ་དྲི་མ་མེད་ཅིང་མཐའ་མེད་པ་ལྟ་བུར་སྣང་བས་ན་ཐོགས་པ་མེད་པའོ། །སྟོང་པ་ཉིད་ཅེས་བྱ་བའི་སྤྱིའི་མཚན་ཉིད་དུ་སྣང་བས་མཚན་ཉིད་གཅིག་པའོ། །དེ་ཡང་དེ་རྣམས་ཀྱི་ཐུན་མོང་གི་མཚན་ཉིད་དེ། དེ་ལས་གཞན་ཡང་མ་ཡིན་ཏེ། སྤྱིའི་རྫས་སུ་ཡོད་པ་དང་མེད་པར་དགག་པ་
ཙམ་ཡང་དེར་སྣང་བ་མ་ཡིན་ཏེ། དེ་དག་ལ་རིགས་པ་མེད་པའི་ཕྱིར་རོ། །འོ་ན་ཇི་ལྟ་བུ་ཞེ་ན། གསལ་བ་ཙམ་གྱི་ལུས་ཏེ། རང་གི་མཚན་ཉིད་ཀྱི་དབྱེ་བ་རྣམས་བརྫུན་པའི་རྣམ་པའི་མཚན་མ་ལས་གྱུར་པའི་ཕྱིར་དེ་དག་དོན་དམ་པར་མེད་དེ། དེ་དག་ཏུ་སྣང་བ་མེད་པ་ཉིད་སྟོང་པ་ཉིད་དུ་སྣང་བ་ཡིན་ནོ། །
དེ་ཉིད་ཀྱི་ཕྱིར་འདི་ལྟ་སྟེ། མཚན་ཉིད་མེད་པའོ་ཞེས་སོ། །དེ་ལྟར་རབ་ཏུ་རྣམ་པར་ཕྱེ་ནས་ཇི་སྲིད་ལུས་དང་སེམས་ཤིན་ཏུ་སྦྱངས་པར་གྱུར་པ་དེ་སྲིད་དུ་ཡོངས་སུ་བརྟགས་པ་དང་། དཔྱད་པས་ལྷག་མཐོང་རྫོགས་པར་བྱའོ། །དེ་ནས་དེའི་འོག་ཏུ་རྣམ་པར་རྟོག་པ་དང་བཅས་པའི་ཏིང་ངེ་འཛིན་གྱི་སྤྱོད་
ཡུལ་སྟོང་པ་ཉིད་ཀྱི་གཟུགས་བརྙན་དེ་ཉིད་ལ་དམིགས་པའི་སེམས་དེ་ཉིད་དུ་བར་མ་ཆད་པ་དང་། རྒྱུན་མ་ཆད་པར་ཡིད་ལ་བྱེད་པའི་རྒྱུན་འཇུག་པ་ནི། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པ་འཇུག་པའི་ལམ་ཞེས་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་ལས། ཇི་ལྟ་བ་བཞིན་དུ་གྱུར་

པའི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་དམིགས་པའི་རྣལ་འབྱོར་གྱི་ས་སྟེ་གསུམ་པའོ།། །།རྣལ་འབྱོར་གྱི་ས་གསུམ་པ་ལ་ཞུགས་པའི་རྣལ་འབྱོར་པ་ཆོས་ཀྱི་རྣམ་པར་རྟོག་པ་ཤིན་ཏུ་ཕྲ་བ་ཡང་སྤྱོད་པ་དེ་སྲིད་དུ་ནི་ས་གསུམ་པ་རྫོགས་པ་མ་ཡིན་ལ། གང་གི་ཚེ་
ཆོས་ཉིད་འབའ་ཞིག་གི་རྣམ་པར་རྟོག་པ་ཤིན་ཏུ་ཕྲ་བ་ལ་སྤྱོད་པ་དེའི་ཚེ་ནི་ཡོངས་སུ་རྫོགས་པར་བརྗོད་པར་བྱའོ། །ཡང་གང་གི་ཚེ་ཡོངས་སུ་རྫོགས་པ་དེ་ལ་མཉམ་པར་གཞག་པས་མངོན་པར་བསྒོམས་པའི་སྟོབས་ཀྱིས་རྗེས་སུ་འགྲོ་བས་འབད་པ་མེད་ཅིང་མངོན་པར་འདུ་བྱེད་པ་མེད་པར་ཆོས་ཐམས་ཅད་
ཀྱི་དེ་བཞིན་ཉིད་མངོན་སུམ་དུ་ཉམས་སུ་མྱོང་བར་མངོན་དུ་གྱུར་པ་ན། རྣམ་པར་མི་རྟོག་པའི་ཡེ་ཤེས་ཆོས་དང་ཆོས་ཉིད་ཀྱི་མཚན་མ་རྣམས་ཡང་དག་པར་ནུབ་པས། གཉིས་སུ་མེད་ཅིང་མ་འཁྲུལ་བས། སྣང་བ་མེད་ཅིང་དམིགས་སུ་མེད་པ། རྣམ་པར་མི་རྟོག་པའི་ཞི་གནས་དང་ལྷག་མཐོང་གི་
བདག་ཉིད་མཆོག་གསལ་བར་རྒྱུ་བ། འཇིག་རྟེན་ལས་འདས་ཤིང་ཟག་པ་མེད་པའི་ཡེ་ཤེས་མངོན་དུ་གྱུར་པ་དེ་ནི་རྣལ་འབྱོར་གྱི་ས་བཞི་པ་སྟེ། ཇི་སྲིད་དུ་དོན་དམ་པའི་བདེན་པ་ལས་མ་མཐོང་བ་ལས་མཐོང་བ་དེ་སྙེད་དུ་ནི་མཐོང་བའི་ལམ་ཡིན་ལ། མཐོང་བ་དེ་ཉིད་ལ་ལྟ་བ་ནི་བསྒོམ་པའི་ལམ་
ཡིན་ནོ། །ས་གསུམ་པས་ཡང་དག་པར་བསྡུས་པའི་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཇི་སྙེད་པ་ནི། དེས་དེ་བཞིན་ཉིད་ལ་རྣམ་པར་རྟོག་ཅིང་། རྣམ་པར་མི་རྟོག་པ་མ་ཡིན་མོད་ཀྱི། འོན་ཀྱང་ཡང་དག་པ་ལ་སོ་སོར་རྟོག་པ་ཡིན་པས་རྣམ་པར་མི་རྟོག་པ་སྐྱེ་བ་དང་རྗེས་སུ་མཐུན་པ་ཡིན་ནོ། །དེ་བཞིན་ཉིད་
ལ་དེས་རྟོག་པའི་ཕྱིར་རོ། །དེ་སྐད་དུ་ཡང་། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ལས། དེ་ལྟར་བྱང་ཆུབ་སེམས་དཔའ་དེས་རྣམ་པར་མི་རྟོག་པའི་མཚན་མ་མངོན་དུ་བྱས་པ་རྣམས། སྣང་བ་མེད་པར་གྱུར་པའི་སྦྱོར་བས། ཇི་སྲིད་དུ་མི་རྟོག་པའི་དབྱིངས་ལ་མ་རེག་པ་དེ་སྲིད་དུ་སྤང་
བར་བྱ་ཞིང་ཡིད་ལ་མི་བྱའོ། །དེ་ཡང་དེས་རྣམ་པར་མི་རྟོག་པའི་དབྱིངས་ལ་རེག་པར་བྱ་བའི་ཕྱིར། དེ་བཞིན་ཉིད་ཀྱི་སྐྱེ་གནས་ཅན་གྱི་ཏིང་ངེ་འཛིན་ཡང་དག་པའི་སྦྱོར་བས་ཀུན་ཏུ་བསྟེན་པས་རྗེས་སུ་འགྲོ་བར་བྱེད། བསྒོམ་པས་རྗེས་སུ་འགྲོ་བར་བྱེད། ལན་མང་དུ་བྱེད་པས་རྗེས་སུ་འགྲོ་བར་

བྱེད། ཡང་དག་པར་ཡིད་ལ་བྱེད་པས་རྗེས་སུ་འགྲོ་བར་བྱས་ན། འབད་པ་མེད་ཅིང་མངོན་པར་འདུ་བྱེད་པ་མེད་པར་རྣམ་པར་མི་རྟོག་པའི་དབྱིངས་ལ་རེག་པར་འགྱུར་ཏེ། རིམ་གྱིས་ཡོངས་སུ་སྦྱོང་བར་བྱེད་དོ་ཞེས་གསུངས་ཏེ། འདིར་རྣམ་པར་མི་རྟོག་པའི་དབྱིངས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་
སོ། །རེག་པ་ནི་ཐོབ་པའོ། །སྐྱེ་གནས་ནི་དེ་བཞིན་ཉིད་དོ། །ཇི་ལྟར་སྐྱེ་གནས་ཡིན་ཞེ་ན། དེ་ལ་དམིགས་པས་སྐྱེ་བའི་རྒྱུར་གྱུར་པའི་ཕྱིར་རོ། །གང་གི་སྐྱེ་གནས་ཡིན་ཞེ་ན། འཕགས་པའི་ཆོས་རྣམས་ཀྱིའོ། །ཀུན་དུ་བརྟེན་པ་ནི་ལུང་ལས་བསྟན་པ་སྟེ། ཐོས་པ་ལས་བྱུང་བའི་ཤེས་
རབ་བོ། །བསྒོམ་པ་ནི་སྒོམ་པ་མངོན་པར་རྟོགས་པ་སྟེ། བསམས་པ་ལས་བྱུང་བའི་ཤེས་རབ་བོ། །ལན་མང་དུ་བྱེད་པ་ནི་ཡང་དང་ཡང་དུ་ཡིད་ལ་བྱེད་པ་སྟེ། བསྒོམས་པ་ལས་བྱུང་བའི་ཤེས་རབ་བོ། །གསུམ་པོ་དེ་དག་ཉིད་ནི་ཡང་དག་པར་ཡིད་ལ་བྱེད་པའོ། །དེ་དག་ཐམས་ཅད་ཀྱིས་
བསྒོམ་པའི་ནུས་པ་དང་། བག་ཆགས་དང་སྟོབས་དང་པོ་བཞག་པ་གང་ཡིན་པ་ཆུ་བོ་བཞིན་དུ་རྗེས་སུ་འབྲེལ་པ་ནི། དེ་དག་གི་རྗེས་སུ་འགྲོ་བའོ། །འབད་པ་མེད་ཅིང་མངོན་པར་འདུ་བྱ་བ་མེད་ཅེས་བྱ་བ་ནི་སོ་སོའི་འབད་རྩོལ་ལ་མ་ལྟོས་པར་རོ། །རེག་པར་གྱུར་ཞེས་བྱ་བ་ནི་རབ་ཏུ་དགའ་
བའི་ས་ཐོབ་པའོ། །རིམ་གྱིས་ཞེས་བྱ་བ་དེ་ལས་གོང་མའི་རྣམས་མངོན་དུ་བྱེད་པའོ། །ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ནི། མཚན་ཉིད་ནི་ཅི་འདྲ། རྟགས་ནི་གང་ཡིན། ཕན་ཡོན་ནི་ཅི་ཞིག་ཡོད་ཅེ་ན། གསུམ་པོ་འདི་དག་ཀྱང་གཟུངས་དེ་ཉིད་ལས་ཇི་ལྟ་བ་བཞིན་དུ་གསུངས་ཏེ། དེ་ལ་རེ་
ཞིག་མཚན་ཉིད་ནི། ཇི་ལྟར་རྣམ་པར་མི་རྟོག་པའི་དབྱིངས་ལ་མི་རྟོག་པ་ཞེས་བརྗོད་ཅེ་ན། རྣམ་པར་རྟོག་པ་ཐམས་ཅད་ལས་ཡང་དག་པར་འདས་པ་ཉེ་བར་བཟུང་ནས། རང་བཞིན་ལ་ཉེ་བར་རྟོག་པ་ལས་ཡང་དག་པར་འདས་པ་དང་། དབང་པོའི་རྟོག་པ་ཐམས་ཅད་ལས་ཡང་དག་པར་འདས་པ་དང་།
ཡུལ་གྱི་རྟོག་པ་ཐམས་ཅད་ལས་ཡང་དག་པར་འདས་པ་དང་། རྣམ་པར་རིག་པའི་རྟོག་པ་ཐམས་ཅད་ལས་ཡང་དག་པར་འདས་པ་དང་། སྒྲིབ་པ་ཐམས་ཅད་ཀྱི་གནས་མ་ཡིན་པ་རྣམས་ཉེ་བར་བཟུང་ནས། རྣམ་པར་མི་རྟོག་པ་དང་། ངེས་པར་མི་རྟོག་པ་དང་། བསྟན་དུ་མེད་པ་དང་། མི་གནས་

པ་དང་། སྣང་བ་མེད་པ་དང་། རྣམ་པར་རིག་པ་མེད་པ་དང་། གནས་མེད་པའོ་ཞེས་གསུངས་ཏེ། འདིར་ཚིག་ཕྱི་མ་བདུན་ནི་མཚན་ཉིད་ཡིན་ལ། ཚིག་སྔ་མ་བདུན་ནི་དེ་དག་ཉིད་རྣམ་པར་བཤད་པ་ཡིན་ནོ། །རྣམ་པར་རྟོག་པ་རྣམས་ལས་འདས་པ་ནི་རྣམ་པར་རྟོག་
པ་ནི་མཚན་མ་རྣམས་ནུབ་པའོ། །དེ་ལ་ཐུན་མོང་དུ་རྣམ་པར་རྟོག་པ་ཐམས་ཅད་ལས་འདས་པས་རྣམ་པར་མི་རྟོག་པ་སྟེ། འདི་ནི་བསྟན་པའོ། །ངེས་པར་རྟོག་པ་ལ་སོགས་པ་ལྔ་ནི་ཁྱད་པར་ཏེ། དེ་དག་ལས་འདས་པ་ནི་ངེས་པར་བཤད་པའོ། །གང་གི་ཕྱིར་འདིར་དམིགས་ཤིང་དཔྱད་པས་ན་
ངེས་པར་རྟོག་པ་སྟེ། རང་གི་ངེས་པར་རྟོག་པའོ། །དེ་ལས་འདས་པ་ན་ངེས་པར་མི་རྟོག་པའོ། །བསྟན་པ་ནི་ཚིག་གིས་གཞན་ལ་ངེས་པར་བསྟན་ཅིང་གསལ་བར་བྱས་པ་སྟེ། དེ་ལས་འདས་པས་ན་བསྟན་དུ་མེད་པའོ། །སེམས་ཅན་དུ་བརྟགས་པའི་དབང་པོའི་ཁམས་དྲུག་ནི་གནས་སོ། །
འདིར་མི་སྣང་བས་མི་གནས་པའོ། །རབ་ཏུ་སྣང་བས་ན་སྣང་བ་སྟེ། ཡུལ་གྱི་ཁམས་དྲུག་གོ། །དེ་རྣམས་སུ་མི་སྣང་བས་ན་སྣང་བ་མེད་པའོ། །རྣམ་པར་རིག་པ་ནི་རྣམ་པར་ཤེས་པའི་ཁམས་དྲུག་གོ། །དེ་རྣམས་སུ་མི་སྣང་བས་ན་རྣམ་པར་རིག་པ་མེད་པའོ། །རྟོག་པ་དེ་དག་ཐམས་ཅད་ཇི་སྙེད་
པ་ལས་འདས་པ་ན་རྣམ་པར་མི་རྟོག་པའོ། །གཞན་ཡང་རྣམ་པར་རྟོག་པའི་གཉེན་པོ་ཡིན་པའི་ཕྱིར་ཡང་རྣམ་པར་མི་རྟོག་པ་བསྟན་པ་ནི་གནས་མེད་པའོ་ཞེས་གསུངས་ཏེ། གཞི་ཡིན་པས་ན་གནས་ཏེ། ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པས་བསྡུས་པའི་རྣམ་པར་རྟོག་པ་རྣམས་ཀྱི་གཞི་
ཡིན་ལ། དེ་དེ་ལ་ཡོད་པ་མ་ཡིན་ཏེ། གཉེན་པོ་དེ་ཉིད་ཀྱིས་དེ་རྣམས་བཅོམ་པའི་ཕྱིར་གནས་མེད་པའོ། །དེའི་ཕྱིར་རྣམ་པར་མི་རྟོག་པ་ཞེས་གསུངས་སོ། །དེ་ནས་དེ་རྙེད་པའི་མཚན་མ་ནི་རྣམ་པར་མི་རྟོག་པའི་དབྱིངས་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའི་ཤེས་བྱ་དང་ཁྱད་པར་མེད་
པའི་ཡེ་ཤེས་ཀྱི་ཆོས་ཐམས་ཅད་ནམ་མཁའི་ངོས་དང་འདྲ་བར་མཐོང་ལ། དེའི་རྗེས་ལས་ཐོབ་པས་ནི་ཆོས་ཐམས་ཅད་སྒྱུ་མ་དང་། སྨིག་རྒྱུ་དང་། རྨི་ལམ་དང་། མིག་ཡོར་དང་། སྒྲ་བརྙན་དང་། གཟུགས་བརྙན་དང་། ཆུ་ཟླ་དང་། སྤྲུལ་པ་དང་མཚུངས་པར་མཐོང་ངོ་ཞེས་གསུངས་ཏེ། འདིར་

ཤེས་བྱ་དང་། ཁྱད་པར་མེད་པ་ཞེས་བྱ་བ་ལ། ཤེས་བྱ་ནི་ཆོས་ཐམས་ཅད་དོ། །དེ་དང་ཁྱད་པར་མེད་པ་ནི་དེ་རྣམས་ཀྱི་རོ་གཅིག་པའི་དེ་བཞིན་ཉིད་ཙམ་མཐོང་བ་སྟེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་སོ། །ཡང་ན་ཤེས་བྱ་དེ་བཞིན་ཉིད་ཙམ་ཡིན་ལ། དེ་དང་ཁྱད་པར་མེད་པ་ནི་དེ་དང་འདྲ་
བར་རོ་གཅིག་པའོ། །ཡང་ན་ཤེས་བྱ་ནི་དེ་བཞིན་ཉིད་ཙམ་དེ་དང་ཁྱད་པར་མེད་ཅིང་དབྱེར་མེད་པ་སྟེ། དེ་དང་ཐ་མི་དད་པར་སྣང་བས་ཆོས་དང་ཆོས་ཅན་གྱི་མཚན་མ་རྣམས་ནུབ་པའི་ཕྱིར། དེ་བཞིན་ཉིད་གཟུང་བར་བྱས་ནས་དེ་འཛིན་པ་པོར་མི་སྣང་བའི་ཕྱིར་རོ། །ནམ་མཁའི་ངོས་དང་མཚུངས་
པར་ཞེས་བྱ་བ་ནི་ནམ་མཁའི་ངོས་དང་མཉམ་པ་སྟེ། ངོས་ནི་སྒྲིབ་པ་མེད་པ་ཡིན་ལ། མཉམ་པ་ནི་ཐམས་ཅད་དེ་ཆོས་གང་དག་གི་ངོས་མཉམ་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་རྗེས་ལས་སྐྱེས་པ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་སྟོབས་ཀྱིས་ཐོབ་པ་ཡང་དག་པ་འཇིག་རྟེན་པའི་ཡེ་ཤེས་
ཀྱིས་སོ། །དེ་ལ་སྒྱུ་མ་ལྟ་བུར་མཐོང་བ་ནི་སེམས་ཅན་གྱི་འཇིག་རྟེན་ཏེ། བདེན་པ་མ་ཡིན་པའི་སྐྱེས་པ་དང་། བུད་མེད་ལ་སོགས་པར་སྣང་བའི་ཕྱིར་རོ། །སྨིག་རྒྱུ་ལྟ་བུ་ནི་སྣོད་ཀྱི་འཇིག་རྟེན་ཏེ། བརྫུན་པའི་ཆུ་ལ་སོགས་པར་སྣང་བའི་ཕྱིར་རོ། །རྨི་ལམ་ལྟ་བུ་ནི་ཡུལ་རྣམས་ལ་ཉེ་བར་སྤྱོད་
པ་སྟེ། དངོས་པོ་མེད་པའི་ཕྱིར་རོ། །མིག་ཡོར་ལྟ་བུ་ནི་གྲིབ་མ་ལྟ་བུ་ལུས་ཀྱི་ལས་ཏེ། གཡོ་བ་མེད་པའི་ཕྱིར་རོ། །སྒྲ་བརྙན་ལྟ་བུ་ནི་ངག་གི་ལས་ཏེ། སྒྲ་མེད་པའི་ཕྱིར་རོ། །གཟུགས་བརྙན་ནི་མེ་ལོང་གི་ངོས་ལ་སྣང་བའི་གཟུགས་སོ། །མཉམ་པར་བཞག་པའི་ས་པའི་ཡིད་ཀྱི་ལས་
རྣམས་ནི་སྤྲུལ་པ་ལྟ་བུ་སྟེ། དོན་མེད་པར་དོན་གྱི་གཟུགས་བརྙན་དེ་ལ་སྣང་བའི་ཕྱིར་རོ། །མཉམ་པར་མ་བཞག་པའི་ས་པའི་ཡིད་ཀྱི་ལས་རྣམས་ནི་ཆུ་ཟླ་ལྟ་བུ་སྟེ། ཤིན་ཏུ་སྦྱངས་པའི་ཆུས་བརླན་པའི་ཕྱིར་རོ། །གཞན་གྱིས་བྱིན་གྱིས་བརླབས་པའི་ཡིད་ཀྱི་ལས་ནི་སྤྲུལ་པ་ལྟ་བུ་སྟེ།
གཞན་ལ་རག་ལས་པའི་ཕྱིར་རོ། །དེ་ནས་འདི་ཐོས་པའི་ཕན་ཡོན་ནི་མདོར་བསྡུས་པའི་ཚིགས་སུ་བཅད་པ་གཅིག་དང་། རྒྱས་པར་ཕྱེ་བའི་འགྲེས་གཅིག་གིས་གསུངས་ཏེ། རབ་ཞི་མི་གཡོ་དམ་པ་སྟེ། །དབང་སྒྱུར་མི་གཡོ་དམ་པ་ཡིན། །རྣམ་པར་མི་རྟོག་བདེ་བ་ནི། །བྱང་ཆུབ་སེམས་

དཔའ་དེ་ལས་ཐོབ། །ཅེས་བྱ་བ་ནི་ཚིགས་སུ་བཅད་པའོ། །བདེ་བ་ཆེན་པོས་གནས་པ་ཤིན་ཏུ་རྒྱས་པའང་རྙེད་པར་འགྱུར་རོ། །སེམས་ཆེན་པོ་ཕུན་སུམ་ཚོགས་པས་གནས་ཤིན་ཏུ་རྒྱས་པ་དང་། ཤེས་རབ་ཀྱི་ཡེ་ཤེས་ཆེན་པོ་ཤིན་ཏུ་རྒྱས་པ་དང་། བསྟན་པ་
སྤངས་པ་ཤིན་ཏུ་རྒྱས་པ་དང་། སེམས་ཅན་གྱི་དོན་བྱ་བ་རྒྱ་ཆེན་པོ་ཤིན་ཏུ་རྒྱས་པ་དག་ཀྱང་རྙེད་པར་འགྱུར་རོ་ཞེས་བྱ་བ་ནི་འགྲེས་སོ། །འདིར་ཉོན་མོངས་པ་མེད་པས་ན་རབ་ཞིའོ། །ཉམས་པ་མེད་པས་ན་མི་གཡོ་བའོ། །དེ་ལས་གཞན་པའི་བདེ་བ་ལས་ཁྱད་པར་དུ་འཕགས་པས་ན་
དམ་པའོ། །ཇི་ལྟར་འདོད་པ་དང་། ཇི་སྙེད་འདོད་པ་མངོན་དུ་བྱེད་པའི་ཕྱིར་དབང་སྒྱུར་རོ། །དེ་ལས་གཞན་པའི་བདེ་བ་དང་། རིགས་མཚུངས་པས་མཉམ་པའོ། །ཁྱད་པར་བཞི་པོ་དེ་དག་གིས་ཁྱད་པར་དུ་བྱས་པས་ན་མི་མཉམ་པ་ཡང་ཡིན་ནོ། །དེ་ལས་བྱ་བ་ནི་རྣམ་པར་མི་རྟོག་པའི་
ཡེ་ཤེས་ལས་སོ། །ཆེན་པོ་དང་སྤངས་པ་ནི་རྒྱ་ཆེ་བའོ། །ཏིང་ངེ་འཛིན་དེས་ཞུགས་པ་ནི་གནས་པའོ། །སེམས་ཕུན་སུམ་ཚོགས་པ་ནི་བསམ་གཏན་ལ་སོགས་པའི་རང་བཞིན་ནོ། །བསྟན་པ་ནི་ཆོས་བཤད་པའོ། །དོན་བྱེད་པ་ནི་ཉོན་མོངས་པ་འདུལ་བ་ཤིན་ཏུ་རྒྱས་པ་ནི་དེ་དག་ལ་
དབང་བར་གྱུར་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་ལས། སྣང་བ་མེད་པའི་རྣལ་འབྱོར་གྱི་ས་སྟེ་བཞི་པའོ།། །།མངོན་པར་རྟོགས་པ་འདི་དག་ནི་བཅོམ་ལྡན་འདས་ཀྱིས་འཕགས་པ་ལང་ཀར་གཤེགས་པ་ལས། ཚིགས་སུ་བཅད་པ་གསུམ་གྱིས་གསུངས་ཏེ། སེམས་
ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་ལ་བརྟག་མི་བྱ། །དེ་བཞིན་ཉིད་ལ་དམིགས་ནས་ནི། །སེམས་ཙམ་ལས་ཀྱང་བཟླ་བར་བྱ། །སེམས་ཙམ་ལས་ནི་བཟླས་ནས་ཀྱང་། །སྣང་བ་མེད་ལས་བཟླ་བར་བྱ། །སྣང་མེད་གནས་པའི་རྣལ་འབྱོར་ལ། །དེ་ཡིས་ཐེག་པ་ཆེན་པོ་མཐོང་། །
ལྷུན་གྱིས་གྲུབ་པས་ཞི་བར་འཇུག །སྨོན་ལམ་གྱིས་ནི་རྣམ་པར་སྦྱངས། །ཡེ་ཤེས་དམ་པ་བདག་མེད་པ། །ཐེག་པ་ཆེན་པོ་མཐོང་བར་འགྱུར། །ཞེས་བྱ་བ་དང་། དཔལ་གསང་བ་འདུས་པ་ལས་ཀྱང་། དེ་ཉིད་ཚིགས་སུ་བཅད་པ་གཅིག་གིས་གསུངས་ཏེ། རང་གི་སེམས་ནི་བརྟགས་

པས་ན། །ཆོས་ཀུན་སེམས་ལ་རབ་ཏུ་གནས། །ཆོས་འདི་ནམ་མཁའི་རྡོ་རྗེར་གནས། །ཆོས་དང་ཆོས་ཉིད་མེད་པའོ། །ཞེས་སོ། །གཉི་ག་ལ་ཡང་རྣལ་འབྱོར་གྱི་ས་དང་པོ་ནི་ཤུགས་ཀྱིས་བསྟན་པར་འགྱུར་ཏེ། ཇི་སྲིད་དུ་ཆོས་ཐམས་ཅད་ནི་འདི་དག་གོ་ཞེས་མ་བཟུང་བ་དེ་
སྲིད་དུ། དེ་དག་གིས་སྟོང་པ་ཉིད་གཟུང་བར་མི་ནུས་པའི་ཕྱིར་རོ། །དེ་བས་ན་ཆོས་ཐམས་ཅད་འདི་དག་གོ་ཞེས་བྱ་བར་ཡོངས་སུ་གཅོད་པ་ནི་རྣལ་འབྱོར་གྱི་ས་དང་པོའོ།། །།དེ་དག་ཀྱང་གཟུང་བ་དང་། འཛིན་པས་སྟོང་པའི་སེམས་ཙམ་ཉིད་དུ་ལྷག་པར་མོས་ཏེ། སྣང་བ་དང་བཅས་
པ་ནི་གཉིས་པའོ། །དེ་ཉིད་ལ་ཆོས་རྣམས་ཀྱི་མཚན་མ་མི་སྣང་བར་ལྷག་པར་མོས་པས་གསལ་བ་བཞིན་དུ་ལྟ་བ་ནི་གསུམ་པའོ། །དེ་ཉིད་ལ་ཆོས་རྣམས་དང་། ཆོས་ཉིད་ཀྱི་མཚན་མ་ཐམས་ཅད་ཤིན་ཏུ་མི་སྣང་བས་མཐོང་བ་ནི་བཞི་པའོ། །དེ་ལ་སེམས་ཙམ་ཞེས་བྱ་བ་ནི་སེམས་ཙམ་དུ་དམིགས་
པའི་ཤེས་པ་སྟེ། རྣལ་འབྱོར་གྱི་ས་གཉིས་པ་ཞེས་བྱ་བའི་དོན་ཏོ། །བརྟག་མི་བྱ་ཞེས་བྱ་བ་ནི་དེ་ལ་བརྟག་པའི་རྣལ་འབྱོར་གྱི་ས་དང་པོའི་ཕྱི་རོལ་གྱི་དོན་རྣམས་དང་ཅིག་ཤོས་ལ་འདའ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་ཉིད་དམིགས་ཞེས་བྱ་བ་ནི། ཡེ་ཤེས་གང་གིས་དེ་བཞིན་ཉིད་དམིགས་
པ་སྟེ། རྣལ་འབྱོར་གྱི་ས་གསུམ་པ་ཞེས་བྱ་བའི་དོན་ཏོ། །སེམས་ཙམ་ལས་ནི་བཟླས་ནས་ཀྱང་། །ཞེས་བྱ་བ་ནི་སྔ་མ་ཉིད་རྗེས་སུ་སློབ་པ་ཡིན་ཏེ། སྔར་མེད་པ་བསྒྲུབ་པ་ནི་མ་ཡིན་ནོ། །སྣང་བ་མེད་ལས་བཟླ་བར་བྱ། །ཞེས་བྱ་བ་ནི་སྔར་མེད་པའི་བསྒྲུབ་པའོ། །འདིར་ཡང་སྣང་བ་མེད་པ་
ཞེས་བྱ་བ་ནི་ཆོས་རྣམས་ཀྱི་མཚན་མ་མི་སྣང་སྟེ། དེ་བཞིན་ཉིད་ལ་དམིགས་པ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་དེ་ལས་འདས་པ་ཡིན་ཞེ་ན། སྣང་བ་མེད་ལ་གནས་པ་སྟེ། ཆོས་དང་ཆོས་ཉིད་ཀྱི་མཚན་མ་རྣམས་ཤིན་ཏུ་མི་སྣང་བར་མཐོང་བ་དང་ལྡན་པ་སྟེ། རྣལ་འབྱོར་གྱི་ས་བཞི་པ་ལ་གནས་
པའོ་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་པ་ཞེས་བྱ་བའི་ཚིག་ནི་སྔ་མ་རྣམས་ལ་ཡང་སྦྱར་བར་བྱའོ། །དེ་ཡིས་ཞེས་བྱ་བ་ནི་རྣལ་འབྱོར་གྱི་ས་བཞི་པ་ལ་གནས་པའི་རྣལ་འབྱོར་པས་ཞེས་བྱ་བའི་དོན་ཏོ། །ཐེག་པ་ཆེན་པོ་ལ་ཞེས་བྱ་བ་ལ་འདིས་འགྲོ་བས་ན་ཐེག་པ་ཡིན་ཞིང་། ཉན་ཐོས་དང་རང་

སངས་རྒྱས་ཀྱི་ཐེག་པ་ལས་ཁྱད་པར་དུ་གྱུར་པས་ཆེན་པོ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཟག་པ་མེད་པའི་ལམ་མོ། །དེ་མཐོང་བ་ནི་མངོན་སུམ་དུ་བྱས་པ་སྟེ། གང་གི་ཕྱིར་ཡེ་ཤེས་དེ་ཉིད་ཐེག་པ་ཆེན་པོ་ཡིན་པའི་ཕྱིར་རོ། །ཇི་སྟེ་ཐེག་པ་ཆེན་པོ་
འདིས་ཇི་ལྟར་འགྲོ། སུ་ཞིག་གང་དུ་འགྲོ་བར་འགྱུར་ཞེ་ན། དེའི་ཕྱིར་ཚིགས་སུ་བཅད་པ་གསུམ་པ་གསུངས་ཏེ། ལྷུན་གྱིས་གྲུབ་པ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ས་རྣམས་སུ་འབད་པ་མེད་པར་འཕོ་བའོ། །ཞི་བ་ཞེས་བྱ་བ་ནི་ས་དེ་དག་ཉིད་ཉོན་མོངས་པ་མེད་པ་དང་། རྣམ་པར་
རྟོག་པ་མེད་པའི་ཕྱིར་རོ། །སྨོན་ལམ་གྱིས་ནི་རྣམ་པར་སྦྱངས། །ཞེས་བྱ་བ་ནི་བྱང་ཆུབ་དམན་པའི་གནས་དགག་པའོ། །དེས་ནི་ཇི་ལྟར་འགྲོ་བ་བསྟན་ཏོ། །ཡེ་ཤེས་བདག་མེད་པ་ཞེས་བྱ་བ་ནི་ཤིན་ཏུ་སྣང་བ་མེད་པའི་ཕྱིར་རོ། །དམ་པ་ཞེས་བྱ་བ་ནི་སྒྲིབ་པ་རྣམས་བག་ཆགས་དང་བཅས་
པར་སྤང་བའི་ཕྱིར་ཏེ། སངས་རྒྱས་ཀྱི་བྱང་ཆུབ་སེམས་ཞེས་བྱ་བའི་དོན་ཏོ། །དེ་ཐེག་པ་ཆེན་པོ་དེའི་རྣལ་འབྱོར་པས་མཐོང་བར་འགྱུར་བ་སྟེ། མངོན་སུམ་དུ་བྱེད་པར་འགྱུར་རོ། །འདིས་ནི་སུ་ཞིག་གང་དུ་འགྲོ་བ་བསྟན་ཏོ། །ཡང་སེམས་བརྟགས་པ་ཞེས་པ་ནི་རྣལ་འབྱོར་གྱི་ས་གཉིས་པའོ། །རབ་ཏུ་གནས་
པ་ནི་ཆོས་ཐམས་ཅད་རང་གི་སེམས་ཀྱི་སྣང་བ་སྟེ། རང་སྟེ་བདག་གི་སེམས་འདི་ཉིད་མེད་བཞིན་དུ་སྣང་བ་ཡིན་ནོ་ཞེས་ངེས་པར་བྱས་པའོ། །ནམ་མཁའ་རྡོ་རྗེས་ཞེས་བྱ་བ་ནི་སྣང་བ་མེད་པ་གཉིས་སོ། །དེར་གནས་པ་ནི་གོ་རིམས་བཞིན་དུ་ཆོས་རྣམས་དང་། ཆོས་ཉིད་དུ་སྣང་བ་མེད་པ་ལས་
གནས་པའོ། །དེ་ལ་ཆོས་རྣམས་རང་བཞིན་མི་སྣང་བ་ནི་ས་གསུམ་པ་ཡིན་ལ། ཆོས་ཉིད་རང་བཞིན་མི་སྣང་བ་ནི་ས་བཞི་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་ལས་མངོན་པར་རྟོགས་པའི་ཚིགས་སུ་བཅད་པ་རྣམས་སོ། །ཐོས་དང་བསམས་དང་བསྒོམས་པ་ལས་བྱུང་སྦྱོར་བ་སྔོན་
འགྲོའི་ཤེས་རབ་ཕ་རོལ་ཕྱིན། །དྲི་མེད་ནམ་མཁའ་ལྟ་བུར་གྱུར་པའི་དངོས་བཞི་དེ་ལྟར་བདག་གིས་བཤད་པ་ལས། །ཐོབ་པའི་དགེ་བ་གང་ཡིན་དེ་ཡིས་བདག་ནི་བདེ་གཤེགས་གོ་འཕང་ཐོབ་གྱུར་ནས། །སྣ་ཚོགས་ཁམས་ལྡན་སྐྱེ་བོ་མ་ལུས་རྣམས་ཀྱང་ཐེག་པ་གསུམ་གྱིས་ངེས་འབྱུང་ཤོག །

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་པཎྜི་ཏ་ཆེན་པོ་རཏྣ་ཨ་ཀ་ར་ཤཱན་ཏིས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་ཞི་བ་བཟང་པོ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅། །རྒྱ་གར་སྐད་དུ། ཀ་ལྱ་ན་ཀནྟོ་ནཱ་མ་
པྲ་ཀ་ར་ཎ། བོད་སྐད་དུ། དགེ་བའི་སྡོང་པོ་ཞེས་བྱ་བའི་རབ་ཏུ་བྱེད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འཁོར་བ་དང་མྱ་ངན་ལས་འདས་པ་དང་། སྡུག་བསྔལ་དང་བདེ་བ་དང་། ངན་འགྲོ་དང་། བདེ་འགྲོ་དང་། དེ་དག་གི་རྒྱུ་རྣམས་རྟོགས་པར་བྱས་ལ། དེ་ནས་
དོར་བ་དང་བླང་བར་བྱ་བ་ཡང་དག་པར་རིག་པར་བྱའོ། །དེ་ལ་ངན་འགྲོ་ནི་དམྱལ་བ་དང་ཡི་དགས་དང་། དུད་འགྲོའི་འགྲོ་བ་རྣམས་སོ། །སྡུག་བསྔལ་ནི་ཡིད་དུ་མི་འོང་བ་ཉམས་སུ་མྱོང་བའོ། །ཐོབ་པར་བྱེད་པའི་རྒྱུ་ནི་ཆོས་མ་ཡིན་པ་སྟེ། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་
ལོག་པར་གཡེམ་པར་སྤྱོད་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ངག་འཁྱལ་པ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་དང་། མྱོས་པར་འགྱུར་བ་འཐུང་བ་དང་། ལོག་པས་འཚོ་བ་དང་། རྣམ་པར་འཚེ་བ་དང་། སེར་སྣ་དང་། མུ་
སྟེགས་པ་རྣམས་ལ་མཆོད་ཅིང་གུས་པས་ཕྱག་བྱེད་པ་དང་། སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་མེད་པ་སྟེ། ཉེས་པར་སྤྱོད་པ་བཅུ་དྲུག་པོ་དེ་རྣམས་ཀྱང་རང་གིས་ཡི་དམ་དུ་བཅས་ཏེ་བྱེད་པ་དང་། ཡི་དམ་དུ་བཅས་པ་མེད་པར་རེས་འགའ་བྱེད་པ་དང་། གཞན་བྱེད་དུ་འཇུག་པ་
དང་། གཞན་བྱེད་པ་ལ་རྗེས་སུ་ཡི་རང་བའི་དབྱེ་བས་རེ་རེ་ལ་ཡང་རྣམ་པ་བཞི་བཞིར་དབྱེ་བ་སྟེ། ཆོས་མ་ཡིན་པའོ། །དེ་རྣམས་ཀྱང་དུས་ཡུན་རིང་པོའི་དག་ཉིད་ཡིན་པའི་ཕྱིར་བྱང་ཆུབ་ཀྱི་བར་དུ་སྤང་བར་བྱའོ། །གཞན་རྣམས་ཀྱང་སྤོང་དུ་གཞུག་པར་བྱའོ། །བདེ་འགྲོ་ནི་ལྷ་དང་མི་དང་ལྷ་མ་
ཡིན་གྱི་འགྲོ་བ་རྣམས་སོ། །བདེ་བ་ནི་ཡིད་དུ་འོང་བ་ཉམས་སུ་མྱོང་བའོ། །དེ་ཐོབ་པར་བྱེད་པའི་རྒྱུ་ནི་དགེ་བའི་ཆོས་ཏེ། སྲོག་གཅོད་པ་སྤོང་བ་དང་། མ་བྱིན་པར་ལེན་པ་སྤོང་བ་དང་། འདོད་པས་ལོག་པར་གཡེམ་པ་སྤྱོད་པ་སྤོང་བ་དང་། བརྫུན་དུ་སྨྲ་བ་སྤོང་བ་དང་། དབྱེན་བྱེད་པ་སྤོང་བ་དང་། ཚིག་

རྩུབ་པོ་ལས་ལོག་པ་དང་། ངག་འཁྱལ་པ་སྤོང་བ་དང་། བརྣབ་སེམས་སྤོང་བ་དང་། གནོད་སེམས་སྤོང་བ་དང་། ལོག་པར་ལྟ་བ་སྤོང་བ་དང་། མྱོས་པར་འགྱུར་བ་འཐུང་བ་སྤོང་བ་དང་། ལོག་པས་འཚོ་བ་སྤོང་བ་དང་། རྣམ་པར་འཚེ་བ་སྤོང་བ་དང་།
སེར་སྣ་སྤོང་བ་དང་། མུ་སྟེགས་པ་རྣམས་ལ་གུས་པར་མཆོད་པ་དང་ཕྱག་བྱེད་པ་སྤོང་བ་དང་། སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་མེད་པ་སྤངས་ཏེ། ཉེས་པར་སྤྱོད་པ་བཅུ་དྲུག་ལས་ལྡོག་པའོ། །དེ་རྣམས་ཀྱང་ཡི་དམ་དུ་བླངས་པ་དང་། རེས་འགའ་བྱེད་པ་དང་། གཞན་བྱེད་
དུ་འཇུག་པ་དང་། གཞན་བྱེད་པ་ལ་རྗེས་སུ་ཡི་རང་བ་དེ་རེ་རེ་ཡང་བཞི་བཞིར་ཕྱེ་བ་ནི་ཕྱིན་ཅི་མ་ལོག་པའི་ཆོས་སོ། །དེ་ཡང་དགེ་བའི་བཤེས་གཉེན་མཆོག་ཉིད་དེ་ཡིན་པས་ན་ནམ་བྱང་ཆུབ་ཀྱི་བར་དུ་དང་དུ་བླང་བར་བྱའོ། །གཞན་རྣམས་ཀྱང་དེ་ལ་གཞུག་པར་བྱའོ། །དེ་བཞིན་དུ་གཞན་
གྱི་སྲོག་བསྲུང་བ་དང་། རང་གི་སྲོག་ཀྱང་སྟེར་བ་དང་། གཞན་གྱི་རྫས་སྲུང་བ་དང་། རང་གི་རྫས་སྟེར་བའོ། །གཞན་གྱི་བུད་མེད་སྲུང་བ་དང་། རང་གི་བུད་མེད་ཀྱང་སྟེར་བའོ། །བདེན་པའི་ཚིག་སྨྲ་བ་དང་། གཞན་བསྲུང་བའི་ཚིག་སྨྲ་བ་དང་། སྙན་པའི་ཚིག་སྨྲ་བ་དང་། སྡིག་པ་མེད་པའི་
ཚིག་དང་། སེམས་ཅན་ཐམས་ཅད་ལ་ཕུན་སུམ་ཚོགས་པ་ཐམས་ཅད་རབ་ཏུ་སྟེར་བར་འདོད་པ་དང་། གསོད་པ་དང་། འཚོང་བ་དང་། བརྡེག་པ་ལ་སོགས་པ་མི་འདོད་པ་ཐམས་ཅད་ལས་སེམས་ཅན་ཐམས་ཅད་ཡོངས་སུ་སྒྲོལ་བར་འདོད་པ་དང་། དགེ་བ་དང་མི་དགེ་བའི་ལས་དེའི་འབྲས་
བུ་དག་ཡོད་པར་ཡང་དག་པར་ཡིད་ཆེས་པའོ། །དེ་བཞིན་གཤེགས་པའི་ཆོས་བདུད་རྩི་འཐུང་བ་དང་། འཚོ་བ་རྣམ་པར་དག་པ་དང་། སེམས་ཅན་རྣམས་ལ་བསྙེན་བཀུར་བྱེད་པ་དང་། ཇི་ལྟར་ནུས་པ་བཞིན་དུ་རབ་ཏུ་སྟེར་བ་དང་། སངས་རྒྱས་དང་ཆོས་དང་དགེ་འདུན་ལས་སྟོན་པ་གཞན་
མེད་པར་གུས་པས་ཡང་སྐྱབས་སུ་འགྲོ་བ་སྔོན་དུ་སོང་བས་གུས་པས་མཆོད་ཅིང་ཕྱག་འཚལ་བ་ལ་དངོས་པོ་ཐམས་ཅད་བདག་ཉིད་ཀྱིས་རབ་ཏུ་འཇུག་པ་དང་། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བ་ཅན་གྱི་བྱམས་པ་དང་། འཆད་པར་འགྱུར་བའི་ཕ་རོལ་ཏུ་ཕྱིན་པ་བཅུའོ། །

དེ་རྣམས་ཀྱང་ཡི་དམ་དུ་བླངས་པ་དང་། རེས་འགའ་བྱེད་པ་དང་། གཞན་བྱེད་དུ་འཇུག་པ་དང་། གཞན་དག་བྱེད་པ་ལ་རྗེས་སུ་ཡི་རང་བ་སྟེ། རེ་རེ་ལ་ཡང་རྣམ་པ་བཞི་བཞིར་སོ་སོར་དབྱེ་བ་ནི་འཇུག་པར་བྱ་བའི་ཆོས་སོ། །དེ་ཡང་དགེ་བའི་བཤེས་གཉེན་ཏེ་མཆོག་ཉིད་ཡིན་པའི་ཕྱིར་
ནམ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཁས་བླང་བར་བྱའོ། །གཞན་རྣམས་ཀྱང་དེ་ལ་གཞུག་པར་བྱའོ། །འཁོར་བའི་ཕུང་པོ་ནི་སྡུག་བསྔལ་གྱི་བདེན་པ་ཡིན་ཏེ། སྡུག་བསྔལ་ཡོངས་སུ་ཤེས་པར་བྱའོ། །དེ་ཐོབ་པར་བྱེད་པའི་རྒྱུ་ནི་ཕུང་པོ་རྣམས་ལ་རྟག་པ་དང་། བདེ་བ་དང་། བདག་དང་། བདག་
གི་བ་ངེས་པར་སྔོན་དུ་སོང་བ་ཅན་གྱི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ཐེ་ཚོམ་དང་། འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པའི་ལྟ་བ་དང་། ལོག་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་
པ་སྟེ། ཉོན་མོངས་པ་རྣམས་དང་། དགེ་བ་དང་། མི་དགེ་བ་ལ་སོགས་པའི་ལས་རྣམས་ནི་ཀུན་འབྱུང་སྟེ། ཀུན་འབྱུང་གི་བདེན་པའོ། །ཀུན་འབྱུང་ནི་འཁོར་བར་འགྲོ་བ་རིས་དྲུག་ཏུ་ཉོན་མོངས་པ་དང་བཅས་པའི་ཕུང་པོ་སྐྱེ་བ་སྟེ་སྤང་བར་བྱའོ། །བྱེ་བྲག་ཏུ་སྨྲ་བའི་ལྟ་བ་ལ་གནས་
པའི་མྱ་ངན་ལས་འདས་པ་རྣམ་པ་གཉིས་ཏེ། ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་དང་། ལྷག་མ་མེད་པའི་མྱ་ངན་ལས་འདས་པའོ། །དེ་ལ་གང་ཟག་ཡོད་པར་སྨྲ་བ་ནི་དེའི་ཡོངས་སུ་དག་པའི་ཕུང་པོ་ཁྱད་པར་དུ་འཕགས་པ་ཙམ་ཡོད་ཅིང་། ལས་དང་ཉོན་མོངས་པ་དང་
སྐྱེ་བ་རྣམས་ཟད་པ་ནི་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའོ། །ཡོངས་སུ་དག་པའི་ཕུང་པོ་ཡང་ཟད་ནས་གང་ཟག་ཙམ་དུ་གནས་པ་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའོ། །གང་ཟག་མེད་པར་སྨྲ་བ་ནི་ཡོངས་སུ་དག་པའི་ཕུང་པོ་ཙམ་གྱི་བདག་ཉིད་ཀྱི་འཕགས་
པ་ལས་དང་ཉོན་མོངས་པ་དང་སྐྱེ་བ་ཟད་པ་ནི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའོ། །མར་མེ་ཟད་པ་བཞིན་ཡོངས་སུ་དག་པའི་ཕུང་པོ་ཟད་པ་ནི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་སྟེ། ཐར་པ་དང་འགོག་པའི་བདེན་པའོ། །འགོག་པ་ནི་མངོན་དུ་བྱ་བའོ། །དེ་

ཐོབ་པར་བྱེད་པའི་རྒྱུ་ནི་ཡང་དག་པའི་ལྟ་བ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏེ། ཚུལ་ཁྲིམས་དང་
ཏིང་ངེ་འཛིན་དང་ཤེས་རབ་ཀྱི་བདག་ཉིད་ཀྱིས་འཕགས་པའི་ལམ་ཡན་ལག་བརྒྱད་དེ། ལམ་གྱི་བདེན་པའོ། །ལམ་ནི་བསྒོམ་པར་བྱ་བའོ། །ཐེག་པ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་གནས་པ་ནི་སྣ་ཚོགས་གཉིས་སུ་མེད་པའི་ཡེ་ཤེས་གསལ་བའི་རང་བཞིན་ཆོས་དང་
སྤྲུལ་པའི་སྐུ་གཉིས་ཀྱི་རྟེན་དུ་གྱུར་པ་དང་། མཚན་དང་དཔེ་བྱད་འབར་བའི་དཔལ་འབྱོར་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་སྣ་ཚོགས་པའི་སྤྲུལ་པས་ཇི་སྲིད་ནམ་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་བའི་དོན་བྱེད་པ་དང་ལྡན་པ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་
བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་། ལས་དང་སྐྱེ་བ་རྣམས་ཟད་པ་ནི་ཐར་པ་དང་། སངས་རྒྱས་དང་། ཡོངས་སུ་མྱ་ངན་ལས་འདས་པ་དང་། འགོག་པའི་བདེན་པ་སྟེ། འགོག་པ་ནི་མངོན་དུ་བྱ་བའོ། །དེ་ཐོབ་པར་བྱེད་པའི་རྒྱུ་ནི་འགྲོ་བ་མཐའ་དག་སྡུག་བསྔལ་རྣམ་པ་གསུམ་གྱི་
མེ་རབ་ཏུ་འབར་བར་བལྟ་སྟེ། སྙིང་རྗེ་དང་། བྱམས་པ་དང་། དགའ་བ་དང་། བཏང་སྙོམས་དང་། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཟང་ཟིང་གི་སྦྱིན་པ་དང་། མི་འཇིགས་པའི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པ་སྟེ། སྦྱིན་པའི་ཕ་རོལ་
ཏུ་ཕྱིན་པ་གསུམ་མོ། །དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང་། སྡོམ་པའི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་ཏེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གསུམ་མོ། །སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པ་དང་གཞན་གྱི་གནོད་པ་དང་དུ་ལེན་པའི་བཟོད་པ་
དང་ཆོས་ཉིད་ཟབ་མོ་ལ་མི་སྐྲག་པའི་བཟོད་པ་སྟེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གསུམ་མོ། །དགེ་བའི་ལས་རྣམས་ལ་སྦྱོར་བའི་བརྩོན་འགྲུས་དང་། གོ་ཆའི་བརྩོན་འགྲུས་དང་། བརྩམས་པ་མཐར་ཕྱིན་པའི་བརྩོན་འགྲུས་ཏེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་གསུམ་མོ། །རང་གི་

སྐྱོན་སེལ་བར་བྱེད་པའི་བསམ་གཏན་དང་། རྫུ་འཕྲུལ་ཐོབ་པར་བྱེད་པའི་བསམ་གཏན་དང་། མཐོང་བའི་ཆོས་ལ་བདེ་བར་གནས་པར་བྱེད་པའི་བསམ་གཏན་ཏེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གསུམ་མོ། །ཐོས་པ་ལས་བྱུང་བའི་ཤེས་རབ་དང་། བསམས་པ་ལས་བྱུང་བའི་ཤེས་རབ་དང་།
བསྒོམས་པ་ལས་བྱུང་བའི་ཤེས་རབ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་གསུམ་མོ། །སེམས་ཅན་ཐམས་ཅད་ཀྱི་སྐྱོན་ཐམས་ཅད་སེལ་བར་བྱེད་པའི་ཐབས་དང་། སེམས་ཅན་ཐམས་ཅད་ཀྱི་ཡོན་ཏན་ཐམས་ཅད་ཐོབ་པར་བྱེད་པའི་ཐབས་དང་། བདེ་བར་མྱུར་དུ་ཡང་དག་པར་རྫོགས་པའི་
བྱང་ཆུབ་སྒྲུབ་པར་བྱེད་པའི་ཐབས་ཏེ། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་གསུམ་མོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་སྨོན་ལམ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པའི་སྨོན་ལམ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའི་རྒྱུན་མི་
གཅོད་པའི་སྨོན་ལམ་སྟེ། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་གསུམ་མོ། །ལས་ཐམས་ཅད་འཇོམས་པར་བྱེད་པའི་སྟོབས་དང་། ཉོན་མོངས་པ་འཇོམས་པར་བྱེད་པའི་སྟོབས་དང་། བདུད་དང་ཕས་ཀྱི་རྒོལ་བ་ལ་སོགས་པ་རབ་ཏུ་འཇོམས་པར་བྱེད་པའི་སྟོབས་ཏེ། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་
པ་རྣམ་པ་གསུམ་མོ། །རྣམ་པར་རྟོག་པ་སེལ་བར་བྱེད་པའི་ཡེ་ཤེས་དང་། རྟོག་པ་དང་མི་རྟོག་པ་མཉམ་པ་ཉིད་དུ་བྱེད་པའི་ཡེ་ཤེས་དང་། སེམས་ཅན་གྱི་དོན་ཐམས་ཅད་རྟོགས་པར་བྱེད་པའི་ཡེ་ཤེས་ཏེ། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་གསུམ་མོ། །བསོད་ནམས་དང་ཡེ་ཤེས་ཀྱི་
ཚོགས་མཐའ་དག་བསྡུས་པའི་རང་བཞིན་ནི་ཕ་རོལ་ཏུ་ཕྱིན་པ་བཅུའི་བདག་ཉིད་ཀྱི་ལམ་སྟེ། ལམ་གྱི་བདེན་པའི་ལམ་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ཚུལ་གྱིས་དངོས་སུ་ཀུན་དུ་སྤྱད་པར་བྱའོ། །གསང་སྔགས་ཀྱི་ཐེག་པ་ལ་གནས་པ་ནི་སྣ་ཚོགས་གཉིས་སུ་མེད་པའི་ཡེ་ཤེས་ཤིན་ཏུ་གསལ་བའི་
རང་བཞིན་བདེ་བ་ཆེན་པོ་དང་། ཆོས་དང་ངོ་བོ་ཉིད་ཀྱི་སྐུ་བཞི་མཉམ་པར་བརྟེན་པ་དཔལ་གསང་བ་འདུས་པ་ལ་སོགས་པའི་དཀྱིལ་འཁོར་གྱི་བདག་པོའི་རང་བཞིན་མཚན་དང་དཔེ་བྱད་ཀྱིས་འབར་བའི་དཔལ་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་ཇི་སྲིད་དུ་རབ་ཏུ་ཕྱེ་བའི་སྤྲུལ་པས་ཇི་སྲིད་དུ་ནམ་འཁོར་

བ་མ་སྟོངས་ཀྱི་བར་དུ་འགྲོ་བའི་དོན་བྱེད་པ་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་སྐྱེ་བ་རྣམས་ཟད་པ་ནི་ཐར་པ་དང་། སངས་རྒྱས་དང་། མྱ་ངན་ལས་འདས་པ་དང་། འགོག་པའི་བདེན་པ་སྟེ། འགོག་པ་ནི་མངོན་
དུ་བྱ་བའོ། །དེ་ཐོབ་པར་བྱེད་པའི་རྒྱུ་ནི་ཇི་ལྟར་གསུངས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མཐའ་དག་བསྡུས་པའི་རང་བཞིན་ཏིང་ངེ་འཛིན་རྣམ་པ་གསུམ་གྱི་བདག་ཉིད་ཆོ་ག་ཇི་ལྟ་བ་བཞིན་དུ་ཏིང་ངེ་འཛིན་རྟོགས་པ་རྣམ་པར་རྟོག་པས་བྱས་ལ། དཔལ་གསང་བ་འདུས་པ་ལ་སོགས་པའི་
དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་ཀྱི་ལམ་གྱི་བདེན་པ་སྟེ། ལམ་ནི་བསྒོམ་པར་བྱ་ཞེས་པའོ། །ཇི་ལྟར་གསུངས་པ་མ་ལུས་པ་འདི་ཀུན་ཡོངས་སུ་ཤེས་པའི་ཤེས་རབ་གང་གིས་ཡོངས་སུ་སྦྱངས་ན་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འགྱུར་རོ། །ད་ནི་མདོར་
བསྡུས་ཏེ་བྱེ་བྲག་ཏུ་སྨྲ་བ་ལ་སོགས་པའི་ལྟ་བ་ལ་གནས་པས་སྣ་ཚོགས་དང་དེ་ཁོ་ན་ཉིད་རིམ་པར་སྨྲ་བ་ཉེ་བར་བསྟན་པར་བྱ་སྟེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་བདག་ཉིད་ཀྱི་འདས་པའི་ཕུང་པོ་ལྔ་དང་། མ་འོངས་པའི་ཕུང་པོ་ལྔ་དང་།
ད་ལྟར་གྱི་ཕུང་པོ་ལྔ་དང་། མྱ་ངན་ལས་འདས་པ་དང་། གང་ཟག་སྟེ། ངོ་བོ་ལྔའི་བདག་ཉིད་ནི་སྣ་ཚོགས་སོ། །ཕུང་པོ་རྣམས་ནི་རྟག་པ་དེ་ཁོ་ན་ཉིད་དང་། མྱ་ངན་ལས་འདས་པ་རྟག་པ་ནི་དེ་ཁོ་ན་ཉིད་དང་། གང་ཟག་མི་རྟག་པ་ཡང་མ་ཡིན་རྟག་པ་ཡང་མ་ཡིན་པ་ནི་དེ་ཁོ་ན་ཉིད་དེ།
ནུབ་ཕྱོགས་པའི་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་རྟོགས་པའི་སྣ་ཚོགས་དང་། དེ་ཁོ་ན་ཉིད་དོ། །ད་ལྟར་གྱི་ཕུང་པོ་ལྔ་དང་། ནམ་མཁའ་དང་། སོ་སོར་བརྟགས་པའི་འགོག་པ་དང་། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་སྟེ། ངོ་བོ་ཉིད་བཞིའི་བདག་ཉིད་ནི་སྣ་ཚོགས་སོ། །ཕུང་པོ་
རྣམས་མི་རྟག་པ་ནི་ཁོ་ན་ཉིད་དང་། ནམ་མཁའ་དང་། སོ་སོར་བརྟགས་པའི་འགོག་པ་དང་། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་རྣམས་རྟག་པ་ནི་དེ་ཁོ་ན་ཉིད་དོ། །ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་རྟོགས་པའི་སྣ་ཚོགས་དང་དེ་ཁོ་ན་ཉིད་དོ། །རྣམ་པ་དང་བཅས་པའི་ཤེས་པ་ནི་ཕྱི་རོལ་གྱི་

ཡུལ་འཛིན་ཅིང་ད་ལྟར་གྱི་ཕུང་པོ་ལྔ་པོ་ཙམ་མོ་ཞེས་དངོས་པོ་གཅིག་གི་བདག་ཉིད་ནི་སྣ་ཚོགས་སོ། །དེ་རང་རང་གི་རྒྱུར་བྱས་པ་ནས་བཟུང་སྟེ་ཇི་སྲིད་རྒྱུན་གནས་པ་དེ་སྲིད་དུ་རབ་ཏུ་འཇུག་པའི་བདག་ཉིད་ཙམ་ནི་སྐད་ཅིག་མ་ཉིད་དང་བདག་མེད་པ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དེ། མདོ་སྡེ་པའི་
ལྟ་བ་ལ་གནས་པ་རྣམས་ཀྱིས་རྟོགས་པའི་སྣ་ཚོགས་དང་དེ་ཁོ་ན་ཉིད་དོ། །དོན་དམ་པར་སྟོན་ཀའི་ནམ་མཁའི་སྤྲིན་མེད་པ་ལྟ་བུའི་གཉིས་སུ་མེད་པའི་ཡེ་ཤེས་ཉིད་གཅིག་པུའོ། །ཡང་མ་རིག་པའི་དབང་གིས་བརྫུན་པ་འདི་ལྟ་བུ་གཟུང་བར་འཛིན་པའི་བདག་ཉིད་ཀྱི་སྔོན་པོ་ལ་སོགས་པའི་
རྣམ་པའི་འཁོར་ལོར་གསལ་བ་ཞེས་པ་རྣལ་འབྱོར་སྤྱོད་པའི་གཞུང་གཅིག་གོ། །བདེ་བ་ཆེན་པོ་རང་བཞིན་གསལ་བ་ཙམ་ནི་བདེན་པའོ། །མ་རིག་པའི་བག་ཆགས་ཀྱི་དབང་གིས་སྒྱུ་མ་བཞིན་བརྫུན་པའི་རྣམ་པའི་འཁོར་ལོར། རིགས་པའི་རྗེས་སུ་འབྲངས་པ་རྣམས་དོན་འདི་དག་གི་ཁྱད་
པར་བསྟན་པར་འདོད་པ་རྣམས་ལ་མ་ཉམས་པའི་སྤྱན་གྱིས་ཚད་མས་གཞན་དག་ཏུ་བསྒྲུབས་ཟིན་ཏོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་སྣ་ཚོགས་དང་དེ་ཁོ་ན་རྣམ་པ་དུ་མར་བརྗོད་དུ་ཟིན་ཀྱང་འགྲོ་བ་མ་ལུས་པ་ལ་ཕན་པར་འདོད་པས། འཕགས་པ་བྱམས་པས་གསུངས་པའི་དབུ་མ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཀྱི་སྒྲུབ་པའི་ཐབས་ཉིད་ལ་སེམས་ཅན་ཀུན་གཞུག་པར་བྱའོ། །དེ་ལ་སྣ་ཚོགས་རྣམས་ཇི་སྲིད་དུ་སོ་སོར་སྣང་བ་དེ་སྲིད་ལུས་དང་ལོངས་སྤྱོད་དང་གནས་ལ་སོགས་པའི་རྣམ་པ་རྣམས་རང་རང་གི་སེམས་ཀྱི་སྣང་བ་ཙམ་སྟེ། སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གཉིས་སུ་སྒྲོ་
བཏགས་པ་ནི་འཁོར་བ་སྟེ། དེ་ཟད་པ་ནི་ཐར་པའོ། །དེ་ལྟར་སྣ་ཚོགས་གཉིས་སུ་མེད་པར་གསལ་བའི་རྒྱུན་གྱི་བདག་ཉིད་ཀྱི་ཆོས་ཐམས་ཅད་བརྟགས་པའི་གཟུང་བ་དང་འཛིན་པས་སྟོང་པ་ཉིད་ནི་སྣ་ཚོགས་དང་དེ་ཁོ་ན་ཉིད་དོ། །དེ་དག་ཀྱང་ཤིན་ཏུ་རྣམ་པར་གྱུར་པ་ནི། དེ་
བཞིན་གཤེགས་པ་རྣམས་ནི་ཆོས་ཀྱི་སྐུའོ། །དེ་ཉིད་བེམས་པོ་ལས་ལོག་པའི་ལོངས་སྤྱོད་རྫོགས་པའི་སྐུ་མངོན་སུམ་དུ་མཛད་པ་ནི། འབྲས་བུའི་གནས་སྐབས་ཉིད་དོན་དམ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ངེས་པ་ཙམ་དུ་བྱས་པ་ནི།

རྒྱུའི་གནས་སྐབས་ཀྱི་བདག་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སྡུག་བསྔལ་བ་གསུམ་གྱི་མེས་རབ་ཏུ་འབར་བར་འཁོར་བའི་སེམས་ཅན་ཐམས་ཅད་ལ་བལྟས་པས་སྙིང་རྗེ་ཆེན་པོའི་དབང་གིས། སེམས་ཅན་དེ་རྣམས་
ཀུན་ལ་མཉམ་པའི་སེམས་དང་། ཕན་པའི་སེམས་དང་། གནོད་སེམས་མེད་པའི་སེམས་དང་། བྱམས་པའི་སེམས་དང་། མི་སྨོད་པའི་སེམས་དང་། ཕ་དང་མའི་སེམས་དང་། བུ་དང་བུ་མོའི་སེམས་དང་། མཛའ་བཤེས་ཀྱི་སེམས་དང་།
སྣག་གི་གཉེན་མཚམས་ཀྱི་སེམས་སུ་བྱ་བ་སྟེ། རང་གི་སྲོག་ལས་ཀྱང་ལྷག་པའི་བྱམས་པ་དང་པོར་བྱ་ཞིང་། སེམས་ཅན་དེ་རྣམས་ཀུན་འཁོར་བ་ལས་བསྒྲལ་ཞིང་། སངས་རྒྱས་ཉིད་ལ་རབ་ཏུ་གཞག་པར་བྱ་སྟེ། ཡང་དག་པར་རྫོགས་པའི་སངས་
རྒྱས་སུ་གྱུར་ཅིག་ཅེས་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱ་ཞིང་། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ཞིང་། མི་དགེ་བ་བཅུ་ལ་སོགས་པའི་ཉེས་པས་སྤྱོད་པ་མཐའ་དག་ལས་ལོག་ཅིང་། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་གོམས་པར་
བྱ་ཞིང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མཐའ་དག་གི་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པ། ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་གསུམ་གྱི་བདག་ཉིད་ཀྱི་དེ་བཞིན་གཤེགས་པར་གྱུར་ནས། ཇི་སྲིད་ནམ་འཁོར་བ་མ་སྟོངས་ཀྱི་བར་
དུ་འགྲོ་བ་རྣམས་སྒྲོལ་བར་བྱེད་པ་སྟེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་གནས་པའི་རིམ་པའོ།། །།བི་ཀྲ་མ་ཤཱི་ལའི་པཎྜི་ཏ་རཏྣ་ཀཱིརྟིས་མཛད་པ་དགེ་བའི་སྡོང་པོ་ཞེས་བྱ་བ་རྫོགས་སོ།། །།
པཎྜི་ཏ་བིདྱཱ་ཀ་ར་སིང་ཧ་དང་། ལོ་ཙཱ་བ་མཉྫུ་ཤྲཱི་ཝརྨས་བསྒྱུར་བའོ།། །།

༄༅༅། །རྒྱ་གར་སྐད་དུ། བོ་དྷི་སཏྭ་སཾ་བ་ར་བིང་ཤི་ཀ །བོད་སྐད་དུ། བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྲས་དང་བཅས་པ་ལ། །གུས་པས་ཕྱག་འཚལ་ཅི་
ནུས་མཆོད། །ཕྱོགས་དུས་ཀུན་ན་བཞུགས་པ་ཡི། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཁྲིམས། །བསོད་ནམས་ཀུན་གྱི་གཏེར་གྱུར་གང་། །དེ་ནི་བསམ་པ་དམ་པ་ཡིས། །བླ་མ་སྡོམ་པ་གནས་ཤིང་མཁས། །ནུས་དང་ལྡན་ལ་བླང་བར་བྱ། །དེ་ཚེ་དེ་ལ་དགེ་བའི་ཕྱིར། །
རྒྱལ་བ་སྲས་དང་བཅས་རྣམས་ཀྱིས། །དགེ་བའི་ཐུགས་ཀྱིས་རྟག་པར་ཡང་། །བུ་སྡུག་འདྲ་བར་དགོངས་པར་འགྱུར། །གཞན་རྣམས་དང་ནི་བདག་ལའང་རུང་། །སྡུག་བསྔལ་ཡིན་ཡང་གང་ཕན་དང་། །ཕན་དང་བདེ་བ་རྣམས་བྱ་སྟེ། །བདེ་ཡང་མི་ཕན་མི་བྱའོ། །ཉོན་མོངས་དྲག་
ལས་བྱུང་བ་ཡིས། །སྡོམ་པ་ཞིག་པར་གང་གྱུར་པ། །དེ་ཡི་ཉེས་པ་བཞི་པོ་ནི། །ཕམ་པ་འདྲ་བར་དགོངས་པ་ཡིན། །རྙེད་དང་བཀུར་སྟི་ཆགས་པ་ཡིས། །བདག་བསྟོད་གཞན་ལ་སྨོད་པ་དང་། །སྡུག་བསྔལ་མགོན་མེད་གྱུར་པ་ལ། །སེར་སྣས་ཆོས་ནོར་མི་སྟེར་དང་། །གཞན་
གྱིས་བཤགས་ཀྱང་མི་ཉན་པར། །ཁྲོས་ནས་གཞན་ལ་འཚོག་པ་དང་། །ཐེག་པ་ཆེན་པོ་སྤོང་བྱེད་ཅིང་། །དམ་ཆོས་འདྲར་སྣང་སྟོན་པའོ། །སྡོམ་པ་སླར་ཡང་བླང་བར་བྱ། །ཟག་པ་འབྲིང་ནི་གསུམ་ལ་བཤགས། །གཅིག་གི་མདུན་དུ་ལྷག་མ་རྣམས། །ཉོན་མོངས་
མི་མོངས་བདག་སེམས་བཞིན། །དཀོན་མཆོག་གསུམ་ལ་གསུམ་མི་མཆོད། །འདོད་པའི་སེམས་ཀྱི་རྗེས་སུ་འཇུག །རྒན་པ་རྣམས་ལ་གུས་མི་བྱེད། །དྲིས་པ་ལ་ནི་ལན་མི་འདེབས། །མགྲོན་པོར་བདག་གིར་མི་བྱེད་ཅིང་། །གསེར་ལ་སོགས་པ་ལེན་མི་བྱེད། །
ཆོས་འདོད་པ་ལ་སྦྱིན་མི་བྱེད། །ཚུལ་ཁྲིམས་འཆལ་རྣམས་ཡལ་བར་འདོར། །ཕ་རོལ་དད་ཕྱིར་སློབ་མི་བྱེད། །སེམས་ཅན་དོན་ལ་བྱ་བ་ཆུང་། །སྙིང་བརྩེར་བཅས་ན་མི་དགེ་མེད། །འཚོ་བ་ལོག་པ་དང་དུ་ལེན། །འཕྱར་ནས་རབ་ཏུ་རྒོད་ལ་སོགས། །འཁོར་བ་གཅིག་

བུ་བགྲོད་པར་སེམས། །གྲགས་པ་མ་ཡིན་མི་སྤོང་བ། །ཉོན་མོངས་བཅས་ཀྱང་ཆོས་མི་བྱེད། །གཤེ་ལ་ལན་དུ་གཤེ་ལ་སོགས། །ཁྲོས་པ་རྣམས་ནི་ཡལ་བར་འཇོག །ཕ་རོལ་ཤད་ཀྱིས་འཆགས་པ་སྤོང་། །ཁྲོ་བའི་སེམས་ཀྱི་རྗེས་སུ་འཇུག །
བསྙེན་བཀུར་འདོད་ཕྱིར་འཁོར་རྣམས་སྡུད། །ལེ་ལོ་ལ་སོགས་སེལ་མི་བྱེད། །ཆགས་པས་བྲེ་མོའི་གཏམ་ལ་བརྟེན། །ཏིང་ངེ་འཛིན་གྱི་དོན་མི་ཚོལ། །བསམ་གཏན་སྒྲིབ་པ་སྤོང་མི་བྱེད། །བསམ་གཏན་རོ་ལ་ཡོན་ཏན་ལྟ། །ཉན་ཐོས་ཐེག་པ་སྤོང་བར་བྱེད། །རང་ཚུལ་ཡོད་བཞིན་
དེ་ལ་བརྩོན། །བརྩོན་མིན་ཕྱི་རོལ་བསྟན་བཅོས་བརྩོན། །བརྩོན་པར་བྱས་ཀྱང་དེ་ལ་དགའ། །ཐེག་པ་ཆེན་པོ་སྤོང་བར་བྱེད། །བདག་ལ་སྟོད་ཅིང་གཞན་ལ་སྨོད། །ཆོས་ཀྱི་དོན་དུ་འགྲོ་མི་བྱེད། །དེ་ལ་སྨོད་ཅིང་ཡི་གེ་བརྟེན། །དགོས་པའི་གྲོགས་སུ་འགྲོ་མི་བྱེད། །ནད་པའི་
རིམ་གྲོ་བྱ་བ་སྤོང་། །སྡུག་བསྔལ་སེལ་བར་མི་བྱེད་པ། །བག་མེད་རྣམས་ལ་རིགས་མི་སྟོན། །བྱམས་ལ་ལན་དུ་ཕན་མི་འདོགས། །གཞན་གྱི་མྱ་ངན་བསང་མི་བྱེད། །ནོར་འདོད་པ་ལ་སྦྱིན་མི་བྱེད། །འཁོར་རྣམས་ཀྱི་ནི་དོན་མི་བྱེད། །གཞན་གྱི་བློ་དང་མཐུན་མི་འཇུག །
ཡོན་ཏན་བསྔགས་པ་སྨྲ་མི་བྱེད། །རྐྱེན་དུ་འཚམ་པར་ཚར་མི་གཅོད། །རྫུ་འཕྲུལ་སྡིག་ལ་སོགས་མི་བྱེད། །སྙིང་རྗེར་ལྡན་ཞིང་བྱམས་ཕྱིར་དང་། །སེམས་དགེ་བ་ལ་ཉེས་པ་མེད། །བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་པ། །སློབ་དཔོན་ཙན་དྲ་གོ་མིས་མཛད་པ་རྫོགས་སོ།། །།
༄༅༅། །རྒྱ་གར་སྐད་དུ། སཾ་བ་ར་བིང་ཤི་ཀ་བྲྀཏྟི། བོད་སྐད་དུ། སྡོམ་པ་ཉི་ཤུ་པའི་འགྲེལ་པ། བམ་པོ་དང་པོ། སྡོམ་པ་མ་ལུས་རྒྱ་མཚོ་ཡི། །མཐར་ཕྱིན་འཇམ་པའི་གསུང་མངའ་ལ། །ཕྱག་འཚལ་ནས་ནི་སྡོམ་པའི་མཆོག །ཉི་ཤུ་པ་ནི་གསལ་
བར་དགྲོལ། །སངས་རྒྱས་སྲས་དང་བཅས་པ་ལ། །གུས་པས་ཕྱག་འཚལ་ཅི་ནུས་མཆོད། །ཕྱོགས་དུས་ཀུན་ན་བཞུགས་པ་ཡི། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཁྲིམས། །བསོད་ནམས་ཀུན་གྱི་གཏེར་གྱུར་གང་། །དེ་ནི་བསམ་པ་དམ་པ་ཡི། །བླ་མ་སྡོམ་ལ་གནས་ཤིང་མཁས། །ནུས་

དང་ལྡན་ལས་བླང་བར་བྱ། །ཞེས་བྱ་བ་འདིས་བྱང་ཆུབ་སེམས་དཔའི་སྡོམ་པ་ནོད་པའི་ཆོ་ག་བསྟན་ཏེ། བྱང་ཆུབ་སེམས་དཔའི་ས་ལས་དེ་སྐད་འབྱུང་བའི་ཕྱིར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པའམ། རབ་ཏུ་བྱུང་བ་བྱང་ཆུབ་སེམས་དཔའི་བསླབ་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་རྣམ་པ་གསུམ་
པོ་འདི་དག་ལ་སློབ་པར་འདོད་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་པས་བྱང་ཆུབ་སེམས་དཔའི་སྨོན་ལམ་བཏབ་པའི་ཕྱིར་ཆོས་མཐུན་པ་སྡོམ་པ་བླངས་པ་མཁས་པ། ངག་གི་རྣམ་པར་རིག་བྱེད་ཀྱི་དོན་འཛིན་པ་དང་། གོ་བར་ནུས་པ་དེ་ལྟ་བུའི་བྱང་ཆུབ་སེམས་
དཔའི་རྐང་པ་གཉིས་ལ་ཐོག་མར་ཕྱག་བྱས་ནས་གསོལ་བ་གདབ་པར་བྱ་སྟེ། འདི་སྐད་ཅེས། བདག་རིགས་ཀྱི་བུ་ཁྱོད་ལས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་ནོད་པར་འཚལ་གྱི། དེ་ལས་ནོད་པ་མཆིས་ན་བདག་ལ་ཐུགས་བརྩེ་བའི་སླད་དུ་ཅུང་ཟད་ཅིག་
གསན་ཅིང་སྩལ་བའི་རིགས་སོ་ཞེས་བརྗོད་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ནུས་པ་དེས་བྱང་ཆུབ་སེམས་དཔའ་འདོད་པ་དེ་ལ་བྱང་ཆུབ་སེམས་དཔའི་སྡོམ་པའི་ཕན་ཡོན་རྒྱ་ཆེར་བརྗོད་ནས། སྡོམ་པ་འདོད་པ་ལ་བསླབ་པའི་གཞིའི་ལྕི་ཡང་ཡང་དག་པར་བརྗོད་ཅིང་སྤྲོ་བ་བསྐྱེད་པ་ཡང་བྱ་
སྟེ། འདི་སྐད་ཅེས་བརྗོད་པར་ཡང་བྱའོ། །རིགས་ཀྱི་བུ་ཁྱོད་ཉོན་ཅིག །ཁྱོད་འདི་ལྟར་སེམས་ཅན་མ་བརྒལ་བ་རྣམས་བསྒྲལ་བ་དང་། མ་གྲོལ་བ་རྣམས་དགྲོལ་བ་དང་། དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་
འདའ་བ་དང་། སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པར་འདོད་དམ། དེ་ལ་ཁྱོད་ཀྱིས་སེམས་བསྐྱེད་པ་བརྟན་པ་དང་། ཡི་དམ་ལ་བརྟན་པར་བྱའོ་ཞེས་དེ་ལྟར་མི་ཤེས་པའི་རིགས་མཐོང་ནས་སྤྲོ་བ་སྐྱེད་པའི་ཕྱིར་བརྗོད་པར་བྱའོ། །དེ་ནས་འདོད་པ་དེས་ལེགས་པར་གསོལ་བ་བཏབ་ནས་བླ་
གོས་ཕྲག་པ་གཅིག་ཏུ་གཟར་ཏེ། འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་ས་ཆེན་པོ་ལ་ཞུགས་པ་ཡེ་ཤེས་དང་མཐུ་ཆེན་པོ་ཐོབ་པ་ཕྱོགས་བཅུ་ན་བཞུགས་པ་རྣམས་ལ་མཆོད་པ་བྱས་ནས། དེ་དག་གི་ཡོན་ཏན་

རྣམས་ཀྱང་མངོན་སུམ་དུ་བྱས་ལ་སྙིང་ནས་དང་བའི་སེམས་སམ། ཡང་ན་དེས་ཅི་ནུས་པ་དང་། རྒྱུའི་སྟོབས་ཅི་ཡོད་པས་ཆུང་ངུ་ཡང་བསྐྱེད་ལ། དེ་བཞིན་གཤེགས་པའི་སྐུ་གཟུགས་མདུན་དུ་བཞག་སྟེ། ལེགས་པར་མཆོད་པ་བྱས་ནས། གདུང་བའི་ཚུལ་
གྱིས་པུས་མོའི་ལྷ་ང་ས་ལ་གཙུགས་པའམ་ཙོག་ཙོག་པོར་འདུག་ཀྱང་རུང་སྟེ། བྱང་ཆུབ་སེམས་དཔའ་མཁས་པ་དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། རིགས་ཀྱི་བུའམ་ཚེ་དང་ལྡན་པའམ་བཙུན་པས་ཀྱང་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་བདག་ལ་སྩལ་དུ་
གསོལ་ཞེས་སྨྲས་ནས་དྲན་པ་རྩེ་གཅིག་ཏུ་གཞག་སྟེ། སེམས་དང་བ་ཁོ་ན་བསྐྱེད་ནས། ད་ནི་བདག་གིས་རིང་པོ་མི་ཐོགས་པར་བསོད་ནམས་ཀྱི་གཏེར་ཆེན་པོ་བླ་ན་མེད་པ་ཟད་མི་ཤེས་ཤིང་དཔག་ཏུ་མེད་པ་འཐོབ་པར་འགྱུར་རོ་སྙམ་དུ་དོན་དེ་ཉིད་རྗེས་སུ་བསམ་ཞིང་ཅང་མི་སྨྲ་བར་བྱའོ། །དེ་ལྟར་
ཞུགས་པའི་བྱང་ཆུབ་སེམས་དཔའ་དེ་ལ་བྱང་ཆུབ་སེམས་དཔའ་མཁས་པ་འགྲེང་ཡང་རུང་། སྟན་ལ་འདུག་ཀྱང་རུང་སྟེ། དེས་སེམས་མ་གཡེངས་པར་འདི་སྐད་ཅེས་བརྗོད་པར་བྱ་སྟེ། རིགས་ཀྱི་བུའམ་ཆོས་ཀྱི་སྤུན་མིང་འདི་ཞེས་བྱ་བ་ཁྱོད་བྱང་ཆུབ་སེམས་དཔའ་ཡིན་ནམ། བྱང་ཆུབ་ཏུ་སྨོན་
ལམ་བཏབ་བམ་ཞེས་སྨྲོས་ཤིག །དེས་ཀྱང་ལགས་སོ་ཞེས་ཁས་ལོངས་ཤིག །དེའི་འོག་ཏུ་དེ་ལ་ཡང་འདི་སྐད་ཅེས་བརྗོད་པར་བྱ་སྟེ། རིགས་ཀྱི་བུ་མིང་འདི་ཞེས་བྱ་བ་ཁྱོད་འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་རྣམས་དང་། ཚུལ་
ཁྲིམས་སུ་གྱུར་པ་གང་ཡིན་པ་དང་། མ་འོངས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་རྣམས་དང་། ཚུལ་ཁྲིམས་སུ་གྱུར་པ་གང་ཡིན་པ་དང་། ད་ལྟ་ན་ཕྱོགས་བཅུ་དག་ན་ད་ལྟར་བཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསླབ་པའི་
གཞི་གང་ཡིན་པ་རྣམས་དང་། ཚུལ་ཁྲིམས་གང་ཡིན་པ་དང་། བསླབ་པའི་གཞི་གང་དག་དང་། ཚུལ་ཁྲིམས་གང་དག་ལ་འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསླབ་པར་གྱུར་པ་དང་། མ་འོངས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་སློབ་པར་འགྱུར་བ་དང་། ཕྱོགས་

བཅུ་དག་ན་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ད་ལྟར་སློབ་པའི་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་ཐམས་ཅད་དང་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད་དེ། སྡོམ་པའི་ཚུལ་ཁྲིམས་དང་། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་བྱ་
བའི་ཚུལ་ཁྲིམས་ལས་ནོད་དམ་ཞེས་སྨྲོས་ཤིག །དེས་ཀྱང་ནོད་ལགས་སོ་ཞེས་ཁས་ལོངས་ཤིག །བྱང་ཆུབ་སེམས་དཔའ་མཁས་པ་དེས་ཀྱང་དེ་ལྟར་ལན་གཉིས་ལན་གསུམ་དུ་བརྗོད་པར་བྱའོ། །དྲིས་ན་ནོད་པའི་བྱང་ཆུབ་སེམས་དཔའ་དེས་ཀྱང་ལན་གསུམ་གྱི་བར་དུ་ཁས་བླང་བར་
བྱའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་མཁས་པ་དེས་ནོད་པའི་བྱང་ཆུབ་སེམས་དཔའ་དེ་ལ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་ལན་གསུམ་གྱི་བར་དུ་ཕོག་སྟེ་ཁས་ལེན་དུ་ཡང་བཅུག་ནས། ནོད་པའི་བྱང་ཆུབ་སེམས་དཔའ་དེ་མ་ལངས་པར་དེ་བཞིན་གཤེགས་
པའི་སྐུ་གཟུགས་དེ་ཉིད་ཀྱི་སྤྱན་སྔར་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བཞུགས་ཤིང་འཚོ་སྐྱོང་བ་ཐམས་ཅད་ཀྱི་ཞབས་ལ་གཏུགས་ཏེ་ཐལ་མོ་སྦྱར་ནས། འདི་ལྟར་མཁྱེན་པར་མཛད་དུ་གསོལ་བ་བྱ་སྟེ། བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བགྱི་བ་འདིས་བདག་བྱང་ཆུབ་
སེམས་དཔའ་མིང་འདི་ཞེས་བགྱི་བ་ལས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་ལན་གསུམ་གྱི་བར་དུ་མནོས་ལགས་ཏེ། བདག་མིང་འདི་ཞེས་བགྱི་བ་ལས་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བགྱི་བ་འདིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་
པར་བླངས་པ་ལ་བདག་དཔང་དུ་གྱུར་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ཏུ་འཕགས་པའི་མཆོག་ལྐོག་ཏུ་གྱུར་ཀྱང་། ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལྐོག་ཏུ་མ་གྱུར་པའི་ཐུགས་མངའ་བ་རྣམས་ལ་མཁྱེན་པར་མཛད་དུ་གསོལ་ལོ་ཞེས་དེ་སྐད་ལན་གཉིས་ལན་
གསུམ་གྱི་བར་དུ་བརྗོད་པར་བྱའོ། །མཁས་པ་ཡིན་དུ་ཟིན་ཀྱང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལས་བྱང་ཆུབ་སེམས་དཔས་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་དེ་མནོད་པར་མི་བྱ་སྟེ། དད་པ་མེད་པ་གང་ཐོག་མར་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་འདི་ལ་མ་མོས་ཤིང་མི་འཇུག་

ལ་མི་རྟོག་པ་ལས་ཀྱང་མནོད་པར་མི་བྱའོ། །བརྐམ་ཆགས་ཅན་དང་། ཆགས་པས་ཟིལ་གྱིས་ནོན་པ་དང་། འདོད་པ་ཆེ་བ་དང་། ཆོག་མི་ཤེས་པ་ལས་ཀྱང་མནོད་པར་མི་བྱའོ། །ཚུལ་ཁྲིམས་ཉམས་པ་དང་། བསླབ་པ་དག་ལ་གུས་པར་མི་བྱེད་དེ་ལྷོད་པ་དག་ལས་
ཀྱང་མནོད་པར་མི་བྱའོ། །ཁྲོ་བ་དང་། ཁོན་དུ་འཛིན་པ་དང་། མི་བཟོད་པ་ཤས་ཆེ་བ་དང་། ཕ་རོལ་གྱི་ཉེས་པ་མི་བཟོད་པ་ལས་ཀྱང་མནོད་པར་མི་བྱའོ། །སྙོམ་ལས་ཅན་དང་། ལེ་ལོ་ཅན་དང་། ཤས་ཆེར་ཉིན་མཚན་དུ་གཉིད་ཀྱི་བདེ་བ་དང་། གློས་འབེབས་པའི་བདེ་བ་དང་། ཉལ་བའི་བདེ་
བ་ཉམས་སུ་ལེན་པ་དང་། འདུ་འཛིའི་གཏམ་གྱིས་དུས་ཡོལ་བར་བྱེད་པ་ལས་ཀྱང་མནོད་པར་མི་བྱའོ། །སེམས་རྣམ་པར་གཡེངས་ཏེ། ཐ་ན་བ་འཇོས་ཙམ་གྱི་བར་དུ་ཡང་དགེ་བ་ལ་སེམས་རྩེ་གཅིག་ཏུ་བསྒོམ་མི་ནུས་པ་ལས་ཀྱང་མནོད་པར་མི་བྱའོ། །ཡིད་རྟུལ་པོ་དང་། རྨོངས་པའི་རང་བཞིན་
ཅན་དང་། ཧ་ཅང་སེམས་ཞུམ་པ་དང་། བྱང་ཆུབ་སེམས་དཔའི་མདོ་སྡེའི་སྡེ་སྣོད་དང་། བྱང་ཆུབ་སེམས་དཔའི་མདོ་སྡེའི་སྡེ་སྣོད་ཀྱི་མ་མོ་ལ་སྐུར་པ་འདེབས་པ་ལས་ཀྱང་མནོད་པར་མི་བྱའོ། །བྱང་ཆུབ་སེམས་དཔའ་སྡོམ་པ་ཡང་དག་པར་བླང་བའི་ཆོ་ག་འདི་གཟུང་ཞིང་ཀུན་ཆུབ་པར་བྱས་ཀྱང་
བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་སྡང་ཞིང་མ་དད་པའི་སེམས་ཅན་རྣམས་ལ་གྱ་ཙོམ་དུ་བསྒྲགས་པར་མི་བྱ་ཞིང་ཤེས་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན་འདི་ལྟར་དེ་དག་གིས་ཐོས་ནས། མ་མོས་ཤིང་མི་ཤེས་པའི་སྒྲིབ་པ་ཆེན་པོས་བསྒྲིབས་པས་སྐུར་པ་འདེབས་པར་འགྱུར་བའི་ཕྱིར་ཏེ།
དེ་ལ་སྐུར་པ་འདེབས་པ་དེ་ནི་སྡོམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་ཇི་ཙམ་དང་ལྡན་པར་གྱུར་པ་དེ་ཙམ་དུ་དེ་ནི་སྡིག་པའི་ཚིག་དང་། སྡིག་པའི་ལྟ་བ་དང་། སྡིག་པའི་ཀུན་ཏུ་རྟོག་པ་དེ་དག་ཇི་སྲིད་དུ་ཐམས་ཅད་ཀྱི་ཐམས་ཅད་དུ་མ་སྤངས་ཀྱི་བར་དུ་
བསོད་ནམས་མ་ཡིན་པའི་ཕུང་པོ་དཔག་ཏུ་མེད་པ་དེ་ཙམ་ཁོ་ན་དང་ལྡན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བར་འདོད་པ་ལ་སྔ་ནས་བྱང་ཆུབ་སེམས་དཔའི་མདོ་སྡེའི་སྡེ་སྣོད་ཀྱི་མ་མོ་འདི་ལས་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་རྣམས་དང་། ཉེས་

པའི་གཞི་གང་དག་བསྟན་པ་དེ་དག་བསྒྲགས་པར་བྱ་སྟེ། གལ་ཏེ་སྙིང་ནས་བརྟགས་ཤིང་ཤེས་རབ་ཀྱིས་སོ་སོར་བརྟགས་ནས་སྤྲོ་བར་འགྱུར་ལ། ཕ་རོལ་གྱིས་ཡང་དག་པར་འཛིན་དུ་བཅུག་པའི་ཕྱིར་ཡང་མ་ཡིན། ཕ་རོལ་དང་འགྲན་པའི་ཕྱིར་ཡང་མ་ཡིན་ན། བྱང་ཆུབ་སེམས་དཔའ་བརྟན་
པོ་ཡིན་པར་རིག་པར་བྱ་སྟེ། ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་འདི་ཆོ་ག་འདི་བཞིན་དུ་དེས་ཀྱང་མནོད་པར་བྱ་ཞིང་དེ་ལ་དབོག་པར་ཡང་བྱའོ། །བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བའི་ལས་དེ་ཡོངས་སུ་རྫོགས་ནས་བྱང་ཆུབ་སེམས་དཔའ་དེ་གཉི་གས་ཕྱོགས་
བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན་བཞུགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དེ་དག་ལ་མཆོད་པ་བྱས་ལ་ཞབས་ལ་གཏུགས་ཏེ་ལྡང་བར་བྱའོ། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་འདི་ནི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་
དག་པར་བླངས་པ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། བླ་ན་མེད་པ་དང་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་དང་ལྡན་པ་དང་། སེམས་ཀྱི་བསམ་པ་མཆོག་ཏུ་དགེ་བས་བསྐྱེད་པ་དང་། སེམས་ཅན་ཐམས་ཅད་ལ་ཉེས་པར་སྤྱོད་པ་རྣམ་པ་ཐམས་ཅད་ཀྱི་གཉེན་པོར་གྱུར་པ་ཡིན་ནོ། །
སོ་སོར་ཐར་པའི་སྡོམ་པ་ཡང་དག་པར་བླངས་པ་དག་ནི་འདི་ལྟ་སྟེ། བསོད་ནམས་ཡོངས་སུ་བཟུང་བ་ལ་བརྟེན་ནས་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་དེའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ། །
གཞན་ཡང་ཕན་ཡོན་འདི་དག་ཡོད་དེ། དེ་ཚེ་དེ་ལ་དགེ་བའི་ཕྱིར། །རྒྱལ་བ་སྲས་དང་བཅས་རྣམས་ཀྱིས། །དགེ་བའི་ཐུགས་ཀྱིས་རྟག་པར་ཡང་། །བུ་སྡུག་འདྲ་བར་དགོངས་པར་འགྱུར། །འདི་ནི་ཆོས་ཉིད་ཡིན་ཏེ། དེ་ལྟར་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བའི་ལས་ཡོངས་སུ་
རྫོགས་མ་ཐག་ཏུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན་དེ་བཞིན་གཤེགས་པ་རྣམས་དང་། ས་ཆེན་པོར་ཆུད་པའི་བྱང་ཆུབ་སེམས་དཔའ་བཞུགས་ཏེ། འཚོ་སྐྱོང་བ་རྣམས་ལ་གང་གིས་དེ་དག་འདི་སྙམ་དུ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་

ཡང་དག་པར་མནོས་སོ་སྙམ་དུ་དགོངས་པར་འགྱུར་བ་དེ་ལྟ་བུའི་ལྟས་འབྱུང་བར་འགྱུར་རོ། །དེའི་རྗེས་ལ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་དེ་ལ་དགོངས་པར་འགྱུར་ཏེ། དགོངས་པར་གྱུར་ན་ཡེ་ཤེས་གཟིགས་པ་འཇུག་གོ། །དེ་དག་གི་ཡེ་ཤེས་གཟིགས་པ་དེས་
འདི་ལྟར་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བས་འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ཏུ་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་ལས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་ལེགས་པར་མནོས་སོ་ཞེས་བྱ་བ་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་པར་
འགྱུར་ཏེ། དེ་དག་ཐམས་ཅད་ཀྱང་དེ་ལ་བུ་དང་འདྲ་བ་དང་། སྤུན་དང་འདྲ་བར་དགོངས་པ་བཟང་པོས་སོ་སོ་ནས་ཐུགས་བརྩེ་བར་མཛད་དོ། །དེ་ལྟར་དགོངས་པ་བཟང་པོས་སོ་སོ་ནས་ཐུགས་བརྩེ་བར་མཛད་པའི་བྱང་ཆུབ་སེམས་དཔའ་དེའི་དགེ་བའི་ཆོས་རྣམས་ནི་རྒྱ་ཆེར་འཕེལ་བར་འགྱུར་ཏེ།
ཉམས་པར་མི་འགྱུར་བར་ཤེས་པར་བྱའོ། །ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པར་མཁྱེན་པར་གསོལ་བ་དེ་ཡང་དེ་དག་གི་ཐུགས་སུ་ཆུད་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེས་འདི་ལྟར་བདག་
ཉིད་ཀྱིས་ཀྱང་བརྟག་ཅིང་འདི་ནི་བྱང་ཆུབ་སེམས་དཔས་བྱ་བའི་ཆ་ཡིན་ནོ། །འདི་ནི་བྱ་བའི་ཆ་མ་ཡིན་ནོ་སྙམ་ནས། དེ་ཕྱིན་ཆད་དེ་ཁོ་ན་བཞིན་དུ་ལས་སུ་བསྒྲུབ་པར་བྱ་ཞིང་བསྲུང་བར་བྱའོ། །བྱང་ཆུབ་སེམས་དཔའི་མདོ་སྡེའི་སྡེ་སྣོད་ལས་ཀྱང་བསྒྲིམས་ཏེ་མཉན་པའམ། ཡང་ན་བྱང་ཆུབ་
སེམས་དཔའི་མདོ་སྡེའི་སྡེ་སྣོད་ཀྱི་མ་མོ་བསྡུས་པ་འདི་ལས་ཀྱང་མཉན་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་མདོ་སྡེ་དེ་དང་དེ་དག་ཏུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པའི་གཞི་སྟོང་ཕྲག་དུ་མ་གསུངས་པ་དག་བསྒྲུབ་པའི་ཕྱིར་དེ་ཁོ་ན་བཞིན་དུ་བསླབ་པར་བྱའོ། །དེ་ལ་བྱ་བའི་ཆ་གང་ཡིན་པ་
དང་། བྱ་བའི་ཆ་མ་ཡིན་པ་གང་ཡིན་པ་དེ་ཡང་མདོར་བསྡུས་ཏེ་སྨྲས་པ། གཞན་རྣམས་དང་ནི་བདག་ལའང་རུང་། །སྡུག་བསྔལ་ཡིན་ཡང་གང་ཕན་དང་། །ཕན་དང་བདེ་བ་རྣམས་བྱ་སྟེ། །བདེ་ཡང་མི་ཕན་མི་བྱའོ། །དེ་ལ་ཕན་པ་ནི་ཚེ་ཕྱི་མ་ལ་ཕན་པའོ། །བདེ་བ་ནི་བདེ་བར་ཚོར་བའོ། །བདེ་

བ་རྣམས་བྱ་སྟེ་ཞེས་བྱ་བ་སྤྱིར་བཤད་པ་འདི་དགྲོལ་བ་ནི་སྡུག་བསྔལ་ཡིན་ཡང་གང་བྱས་ན་ཕན་པ་ཉིད་དུ་འགྱུར་ན་བྱ་དགོས་ཏེ། དཔེར་ན་སྨད་པའི་ཡུལ་ལ་ཉེ་བར་སྤྱོད་པ་ལས་བཀག་ན་སྡུག་བསྔལ་དུ་འགྱུར་བ་ལྟ་བུ་སྟེ། དེ་ནི་སྨན་ཚ་བ་ནད་པ་བདག་ལ་ཕན་པར་མི་ཤེས་པ་དག་ལ་གནོད་དུ་ཟིན་ཀྱང་
དེ་ནི་གནོད་པར་འགྱུར་བ་གཅིག་ནས་གཅིག་ཏུ་བརྒྱུད་པའི་གཉེན་པོར་གྱུར་པ་སྟེ། ཚེ་ཕྱི་མ་ལ་ཕན་པར་འགྱུར་རོ། །དེ་བས་ན་སྙིང་རྗེ་དང་ལྡན་པ་རྣམས་ཀྱིས་བྱ་བའི་ཆ་ཡིན་པ་ཉིད་དོ། །གང་བདེ་བ་ཡིན་ཡང་ཚེ་ཕྱི་མ་ལ་གནོད་པར་འགྱུར་བའི་རྒྱུ་ཡིན་པའི་ཕྱིར་ཚེ་ཕྱི་མ་ལ་མི་ཕན་པ་ནི་
དཔེར་ན་སྨད་པའི་ཡུལ་ལ་ཉེ་བར་སྤྱོད་པའི་བདེ་བ་ནི་འཕྲལ་གྱི་ཚོར་བ་བདེ་བ་མྱོང་བ་ཙམ་དུ་ཟད་དེ། དེ་ནི་འཕྲལ་གྱི་ཉམས་དགའ་བ་ཡིན་དུ་ཟིན་ཀྱང་། སྡུག་བསྔལ་མང་པོ་འཕེལ་བར་འགྱུར་ཏེ། དཔེར་ན་འབྲས་སཱ་ལུའི་ཆན་དུག་དང་འདྲེས་པ་བཞིན་ནོ། །དེ་བས་ན་སྙིང་རྗེ་དང་ལྡན་པ་རྣམས་ཀྱིས་
བྱ་བའི་ཆ་མ་ཡིན་ནོ། །དེ་ལ་ཚུལ་ཁྲིམས་ཀྱི་སྡོམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་ཕམ་པའི་གནས་ལྟ་བུར་གྱུར་པའི་ཆོས་བཞི་ཡོད་དེ། དེ་དག་བསྟན་པར་བྱ་བའི་ཕྱིར། ཉོན་མོངས་དྲག་ལས་བྱུང་བ་ཡི། །སྡོམ་པ་ཞིག་པར་གང་གྱུར་པ། །དེ་ཡི་ཉེས་པ་བཞི་པོ་ནི། །ཕས་
ཕམ་འདྲ་བར་དགོངས་པ་ཡིན། །ཞེས་བྱ་བ་འདི་སྨྲས་སོ། །ཕམ་པའི་གནས་ལྟ་བུར་གྱུར་པའི་ཆོས་འདི་དག་ལས་གང་ཡང་རུང་བའི་ཆོས་ཅིག་ལན་ཅིག་བྱས་ན་ཡང་དེ་ཚེ་འདི་ཉིད་ལ་བྱང་ཆུབ་སེམས་དཔའི་ཚོགས་རྒྱ་ཆེན་པོ་སྩོགས་པ་དང་། ཡོངས་སུ་འཛིན་པའི་སྐལ་བ་མེད་པར་འགྱུར་ན་
ཐམས་ཅད་བྱས་ན་ལྟ་ཅི་སྨོས། ཚེ་འདི་ཉིད་ལ་བསམ་པ་རྣམ་པར་དག་པར་འགྱུར་བའི་སྐལ་བ་མེད་དེ། དེ་ནི་བྱང་ཆུབ་སེམས་དཔའ་ལྟར་བཅོས་པ་ཡིན་གྱི། ཡང་དག་པའི་བྱང་ཆུབ་སེམས་དཔའ་མ་ཡིན་ནོ། །ཕམ་པའི་གནས་ལྟ་བུ་འདི་དག་ཀྱང་ཀུན་ནས་དཀྲིས་པ་ཆུང་ངུ་དང་། འབྲིང་
གིས་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་དེ་བྱང་ཆུབ་སེམས་དཔས་བཏང་བར་མི་འགྱུར་རོ། །ཀུན་ནས་དཀྲིས་པ་ཆེན་པོས་ནི་བཏང་བར་འགྱུར་ཏེ། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ཕམ་པའི་གནས་ལྟ་བུའི་ཆོས་བཞི་པོ་འདི་དག་རྒྱུན་མ་ཆད་པ་ཀུན་ཏུ་སྤྱོད་པ་དང་། ངོ་ཚ་ཤེས་པ་

དང་། ཁྲེལ་ཡོད་པ་ཆུང་ངུ་ཙམ་ཡང་མི་སྐྱེད་པ་དང་། དེས་མགུ་བར་བྱེད་ཅིང་དགའ་བ་དང་། དེ་ཉིད་ལ་ཡོན་ཏན་དུ་ལྟ་བ་ཅན་དུ་གྱུར་པ་འདི་ནི་ཀུན་ནས་དཀྲིས་པ་ཆེན་པོ་ཡིན་པར་རིག་པར་བྱའོ། །མདོར་བསྡུ་ན་རྒྱུ་གཉིས་ཁོ་ནས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་
སྡོམ་པ་ཡང་དག་པར་བླངས་བ་བཏང་བར་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་པ་ཡོངས་སུ་བཏང་བ་དང་། ཕམ་པའི་གནས་ལྟ་བུའི་ཆོས་ཀྱི་ཀུན་ནས་དཀྲིས་པ་ཆེན་པོ་ཀུན་དུ་སྤྱོད་པའོ། །དེ་ལ་བྱང་ཆུབ་ཀྱི་སེམས་བཏང་བས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་
སྡོམ་པ་བཏང་བར་འགྱུར་བ་ནི་གཙོ་བོ་བཏང་བའི་ཕྱིར་ཏེ། སངས་རྒྱས་བཏང་བས་དགེ་སློང་གི་སྡོམ་པ་བཏང་བ་བཞིན་ནོ། །འོ་ན་འདིར་ཡང་དེ་བཏང་བས་སྡོམ་པ་ཉམས་པའི་རྒྱུར་འགྱུར་བར་ཅིའི་ཕྱིར་མི་བཤད། གོ་སླ་བའི་ཕྱིར་མ་བཤད་དོ། །གཙོ་བོ་བསྟན་པར་བྱས་པ་ལ་ཕས་ཕམ་པའི་ཆོས་
བསྟན་པའི་ཕྱིར་ཡང་མ་བཤད་དོ། །བྱང་ཆུབ་སེམས་དཔའ་གང་གིས་སྨོན་ལམ་ཡང་མ་བཏང་ལ་ཕམ་པའི་གནས་ལྟ་བུའི་ཆོས་རྣམས་ཀྱི་ཀུན་ནས་དཀྲིས་པ་ཆེན་པོ་ཡང་ཀུན་ཏུ་མ་སྤྱད་ན་ཚེ་བ་རྗེས་སུ་ཟིན་ཀྱང་འོག་དང་། སྟེང་དང་ཐད་ཀ་ཐམས་ཅད་དུ་སྐྱེས་པའི་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་
དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་སྤོང་བར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཚེ་བརྗེས་པས་བརྗེད་ནའང་དགེ་བའི་བཤེས་གཉེན་བསྟེན་པ་ལ་བརྟེན་ནས་དྲན་པ་གསོ་བའི་ཕྱིར་ཡང་དང་ཡང་དུ་ནོད་པར་བྱེད་པར་ཟད་ཀྱི། གསར་དུ་ཡང་དག་པར་ལེན་པར་བྱེད་པ་ནི་
མ་ཡིན་ནོ། །ཉེས་པ་བཞི་པོ་དེ་དག་ཀྱང་གང་ཞེ་ན། རྙེད་དང་བཀུར་སྟི་ཆགས་པ་ཡི། །བདག་སྟོད་གཞན་ལ་སྨོད་པ་དང་། །སྡུག་བསྔལ་མགོན་མེད་གྱུར་པ་ལ། །སེར་སྣས་ཆོས་ནོར་མི་སྟེར་དང་། །གཞན་གྱིས་བཤགས་ཀྱང་མི་ཉན་པར། །ཁྲོས་ནས་གཞན་ལ་འཚོག་པ་དང་། །
ཐེག་པ་ཆེན་པོ་སྤོང་བྱེད་ཅིང་། །དམ་ཆོས་འདྲར་སྣང་སྟོན་པའོ། །དེ་ལ་རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཞེན་པ་སྟེ་བདག་ལ་སྟོད་པ་དང་། གཞན་ལ་སྨོད་པ་ནི་བྱང་ཆུབ་སེམས་དཔའི་ཕམ་པའི་གནས་ལྟ་བུའི་ཆོས་དང་པོའོ། །ལོངས་སྤྱོད་དག་ཡོད་དེ་བདོག་བཞིན་དུ་ཆགས་པའི་རང་བཞིན་ཅན་

གྱི་སྡུག་བསྔལ་བ་དང་། བཀྲེས་པ་དང་མགོན་མེད་པ་དང་རྟེན་མེད་པའི་སློང་བ་པོ་ལེགས་པར་སློང་ཞིང་འོངས་པ་རྣམས་ལ་སྙིང་སྲ་བས་ཟང་ཟིང་མི་གཏོང་བ་དང་། ཆོས་ལ་སེར་སྣ་བྱེད་པའི་ཕྱིར་ལེགས་པར་དོན་དུ་གཉེར་བ་འོངས་པ་རྣམས་ལ་ཆོས་མི་སྟོན་པ་ནི་བྱང་ཆུབ་སེམས་དཔའི་ཕམ་
པའི་གནས་ལྟ་བུའི་ཆོས་གཉིས་པའོ། །གང་གིས་བྱང་ཆུབ་སེམས་དཔའ་ལ་ཚིག་རྩུབ་མོ་སྨྲས་པ་ཙམ་གྱིས་གཏོང་བར་མི་བྱེད་དེ། ཁྲོ་བའི་ཀུན་ནས་དཀྲིས་པ་དེ་ལྟ་བུ་འཕེལ་བར་བྱེད་ལ། ཁྲོ་བས་ཟིལ་གྱིས་ནོན་ནས་ལག་པའམ། བོང་བའམ་དབྱིག་པས་སེམས་ཅན་རྣམས་ལ་རྡེག་པར་
བྱེད། རྣམ་པར་འཚེ་བར་བྱེད། རྣམ་པར་ཐོ་འཚམས་པར་བྱེད་ལ། ཁྲོ་བའི་བསམ་པ་བདོ་བ་ཁོ་ན་ཞེ་ལ་བཟུང་སྟེ་གཞན་དག་གིས་ཤད་ཀྱིས་སྦྱངས་ཀྱང་མི་ཉན་ཅིང་མི་བཟོད་ལ་བསམ་པས་མི་གཏོང་བ་འདི་ནི་བྱང་ཆུབ་སེམས་དཔའི་ཕམ་པའི་གནས་ལྟ་བུའི་ཆོས་གསུམ་པའོ། །བྱང་ཆུབ་
སེམས་དཔའི་སྡེ་སྣོད་ལ་སྐུར་པ་འདེབས་པ་དང་། བདག་ཉིད་དམ་གཞན་དག་གི་གཡམ་ལ་དམ་པའི་ཆོས་ལྟར་བཅོས་པ་ལ་མོས་ནས། དམ་པའི་ཆོས་ལྟར་བཅོས་པ་དག་ལ་དགའ་བ་དང་། སྟོན་པ་དང་། འཇོག་པ་ནི་བྱང་ཆུབ་སེམས་དཔའི་ཕམ་པའི་གནས་ལྟ་བུའི་ཆོས་བཞི་པའོ། །ད་ནི་འདི་
དཔྱད་པར་བྱ་སྟེ། གལ་ཏེ་བྱང་ཆུབ་སེམས་དཔས་ཕམ་པའི་གནས་ལྟ་བུ་ལན་ཅིག་སྤྱད་པས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་བཏང་བར་གྱུར་པ་དཔེར་ན་དགེ་སློང་སོ་སོར་ཐར་པའི་སྡོམ་པ་ལས་ཕམ་པའི་ཆོས་བྱུང་བ་ལྟར་གྱུར་ན། དེ་ཅི་བྱང་ཆུབ་སེམས་དཔའ་ཡང་དག་པར་བླང་
བར་གྱུར་པ་དེས་དེ་འདི་ལྟར་དགེ་སློང་སོ་སོར་ཐར་པའི་སྡོམ་པ་ལས་ཕམ་པ་བྱུང་བ་བཞིན་དུ་ཚེ་འདི་ཉིད་ལ་ཡང་དག་པར་བླང་བའི་སྐལ་བ་མེད་པ་ཡིན་ནམ་ཞེ་ན་མ་ཡིན་ཏེ། སྡོམ་པ་སླར་ཡང་བླང་བར་བྱ། །ཞེས་བྱ་བ་སྨོས་སོ། །དེ་ལྟར་ཆོ་ག་སྔར་བཤད་པ་བཞིན་དུ་སྡོམ་པ་སླར་ཡང་མནོད་པར་
བྱའོ། །ཡང་ན་ཐབས་གཞན་ཡང་ཡོད་དེ། དེས་མནོད་པར་བྱའོ། །དེ་ཡང་བྱང་ཆུབ་སེམས་དཔའི་ས་ལས་གལ་ཏེ་ཡོན་ཏན་དེ་དག་དང་ལྡན་པའི་གང་ཟག་མེད་པར་གྱུར་ན། བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་སྤྱན་སྔར་བདག་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་

ཀྱི་སྡོམ་པ་ཡང་དག་པར་བླང་བར་བྱ་སྟེ། འདི་ལྟར་སྤྱན་སྔར་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་སམ། ཙོག་ཙོག་པོར་འདུག་ཀྱང་རུང་སྟེ་འདི་སྐད་དུ། བདག་མིང་འདི་ཞེས་བགྱི་བ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དང་། ས་
ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་གསོལ་བ་འདེབས་ཏེ། དེ་དག་གི་སྤྱན་སྔར་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད་དེ། སྡོམ་པའི་ཚུལ་ཁྲིམས་དང་། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང་
སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་གང་ལ་འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསླབས་པ་དང་། མ་འོངས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་སློབ་པར་འགྱུར་བ་དང་། ཕྱོགས་བཅུ་ན་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ད་ལྟར་སློབ་པ་རྣམས་བདག་གིས་
ཡང་དག་པར་བླང་བར་བྱའོ་ཞེས་བརྗོད་པར་བྱ་སྟེ་ལན་གཉིས་ལན་གསུམ་དུ་བརྗོད་ནས་ལྡང་བར་བྱའོ། །ལྷག་མ་ཐམས་ཅད་ནི་སྔ་མ་བཞིན་དུ་རིག་པར་བྱའོ་ཞེས་འབྱུང་ངོ་། །ཐོག་མ་ཡང་དེ་ལྟ་བུའི་གང་ཟག་མེད་པར་གྱུར་ན་དེ་ལྟར་མནོད་པར་བྱའོ། །ཉོན་མོངས་པ་དྲག་པོ་ལས་ཉེས་པ་བྱུང་བ་རྣམས་
སླར་བསབ་པའི་ཆོ་ག་བཤད་པ་ནི་དེ་ཡིན་ནོ། །ཉོན་མོངས་པ་འབྲིང་ལས་བྱུང་བ་རྣམས་ཇི་ལྟར་བྱ་ཞེ་ན། ཟག་པ་འབྲིང་ནི་གསུམ་ལ་བཤགས། །ཞེས་བྱ་བ་སྨྲས་ཏེ། གལ་ཏེ་བྱང་ཆུབ་སེམས་དཔའ་ཀུན་ནས་དཀྲིས་པ་འབྲིང་གིས་ཕམ་པའི་གནས་ལྟ་བུའི་ཆོས་བྱས་པར་གྱུར་ན། དེ་ནི་ཉེས་བྱས་ཀྱི་
ཉེས་པ་ཡིན་ཏེ། དེས་ཉན་ཐོས་ཀྱི་ཐེག་པ་པ་ཡང་རུང་། བྱང་ཆུབ་སེམས་དཔའི་ཐེག་པ་པ་ཡང་རུང་སྟེ། གང་ཟག་གསུམ་མམ། དེ་ལས་ལྷག་ཀྱང་རུང་། གང་དག་ཚིག་དེ་བརྡ་ཕྲད་ཅིང་འཛིན་ནུས་པ་རྣམས་ལ་བཤགས་པར་བྱ་སྟེ། མདུན་དུ་འདུག་ནས་ཐོག་མར་དངོས་པོ་བརྗོད་དོ། །འདི་
སྐད་ཅེས་ཚེ་དང་ལྡན་པ་རྣམས་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ལ་ཇི་སྐད་དུ་ཡོངས་སུ་བརྗོད་པའི་གཞི་ལས་བྱང་ཆུབ་སེམས་དཔའི་འདུལ་བ་དང་འགལ་བ་ཉེས་བྱས་ཀྱི་ནོངས་པ་བྱུང་སྟེ་ཞེས་བརྗོད་ལ། དེ་དག་ཚེ་དང་ལྡན་པ་རྣམས་ལ་བདག་བཤགས་ཤིང་མཐོལ་ཏེ་མི་འཆབ་བོ། །

བཤགས་ཤིང་མཐོལ་བས་བདག་བདེ་བར་གནས་པར་འགྱུར་གྱི། མ་བཤགས་མ་མཐོལ་ན་བདེ་བར་གནས་པར་མི་འགྱུར་རོ། །ཁྱོད་ཀྱིས་འདི་རྣམས་ཉེས་པར་མཐོང་ངམ་ཞེས་སྨྲས་ན་མཐོང་ངོ་ཞེས་སྨྲ་བར་བྱའོ། །ཕྱིས་ཀྱང་སྡོམ་པར་བྱེད་དམ་ཞེས་སྨྲ་ན་ཆོས་བཞིན་འདུལ་བ་བཞིན་དུ་
ཤིན་ཏུ་ལེགས་པར་སྤྱི་བོས་མནོད་པར་བགྱིའོ་ཞེས་དེ་ལྟར་ལན་གཉིས་ལན་གསུམ་དུ་བརྗོད་པར་བྱའོ། །དེ་སྟེ་ཀུན་ནས་དཀྲིས་པ་ཆུང་ངུས་གང་ཕམ་པའི་གནས་ལྟ་བུའི་ཆོས་བྱས་པར་གྱུར་ན་དེས་ཇི་ལྟར་བྱ་ཞེ་ན། གཅིག་གི་མདུན་དུ་ལྷག་མ་རྣམས་ཞེས་བྱ་བ་སྨྲས་ཏེ། ལྷག་མ་རྣམས་
ནི་ཟག་པ་ཆུང་ངུས་བྱས་པའི་ཉེས་བྱས་རྣམས་ཏེ་ཉེས་བྱས་སུ་གཏོགས་པ་ཉིད་དོ། །དེ་དག་ནི་གང་ཟག་གཅིག་གི་མདུན་དུ་བཤགས་པར་བྱའོ། །སྔ་མ་བཞིན་དུ་དངོས་པོ་བརྗོད་ནས། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ལ་སོགས་པ་སྨྲ་བར་བྱའོ། །དེ་ནས་
གང་འོག་ནས་འབྱུང་བའི་ཉེས་པ་ཉོན་མོངས་པ་ཅན་དང་། ཉོན་མོངས་པ་མེད་པ་ཉེས་བྱས་སུ་གཏོགས་པ་དཀོན་མཆོག་གསུམ་ལ་མཆོད་པ་མ་བྱས་པ་ལ་སོགས་པ་དེ་དག་ལ་ཇི་ལྟར་བྱ་ཞེ་ན། ཉོན་མོངས་མི་མོངས་བདག་སེམས་བཞིན། །ཞེས་བྱ་བ་སྨྲས་ཏེ། གཅིག་གི་མདུན་དུ་ཡང་
བཤགས་པར་བྱའོ་ཞེས་བྱ་བ་དང་སྦྱར་རོ། །བདག་རང་གི་སེམས་ལ་ཇི་ལྟ་བ་བཞིན་དུ་གྱུར་པ་ནི་བདག་སེམས་བཞིན་ནོ། །འདི་ལྟར་རྗེས་སུ་མཐུན་པའི་གང་ཟག་མེད་ན་བདག་གི་སེམས་ཀྱི་མདུན་དུ་བཤགས་པར་བྱ་སྟེ། བདག་གི་སེམས་གཅིག་ཏུ་ཁྲེལ་ཡོད་པ་དང་། ངོ་ཚ་ཤེས་པ་དང་།
དུལ་བ་དང་། ཞི་བ་དང་། ཕྱིས་མི་བྱ་བའི་བསམ་པ་ཅན་དཔང་དུ་གྱུར་པར་བྱས་ལ་བཤགས་པར་བྱ་བ་དེ་བཞིན་དུ་གང་ཟག་གཅིག་གི་མདུན་དུ་ཡང་བཤགས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །བདག་གི་སེམས་བཞིན་ཞེས་བྱ་བའི་དཔེ་བསྟན་པས་ཀྱང་ཉེས་པ་བྱུང་བ་གསོ་བའི་ཐབས་གཞན་
བཤད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མ་མོ་ལས་ཀྱང་གང་གི་མདུན་དུ་བཤགས་པར་བྱ་བའི་དགེ་སློང་མཐུན་པ་དེ་ལྟ་བུ་མེད་ན་ཡང་བྱང་ཆུབ་སེམས་དཔས་བསམ་པ་ཐག་པ་ནས་ཕྱིས་ཉེས་པ་མི་འབྱུང་བར་སེམས་བསྐྱེད་ཅིང་ཕྱིས་ཀྱང་བསྡམ་པར་བྱའོ། །དེ་ལྟར་བྱས་ན་དེ་ཉེས་པ་

དེ་ལས་ཚངས་པར་ཤེས་པར་བྱའོ། །ཚུལ་འདི་ནི་སྔར་བཤད་པའི་ཉེས་པ་ཟག་པ་འབྲིང་དང་ཆུང་ངུ་ལས་བྱུང་བ་རྣམས་ལ་ཡང་ཤེས་པར་བྱའོ། །ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པ་དེ་དག་ཀྱང་གང་ཡིན་ཞེས་དྲིས་པ་ལ། དེ་དག་རྒྱས་པར་བསྟན་
པར་རྩོམ་སྟེ། དཀོན་མཆོག་གསུམ་ལ་གསུམ་མི་མཆོད། །ཅེས་སྨྲས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ལ་གནས་པ་ཉིན་གཅིག་བཞིན་དུ་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་མཆོད་རྟེན་ནམ། ཆོས་སམ་ཆོས་ཀྱི་གླེགས་
བམ་དུ་བྱས་པ་བྱང་ཆུབ་སེམས་དཔའི་མདོ་སྡེའི་སྡེ་སྣོད་དམ། བྱང་ཆུབ་སེམས་དཔའི་མདོ་སྡེའི་སྡེ་སྣོད་ཀྱི་མ་མོའམ། དགེ་འདུན་ལ་ཡང་རུང་སྟེ། ཕྱོགས་བཅུ་དག་ནས་ཆེན་པོར་ཆུད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་འདུན་གང་ཡིན་པ་ལ་མཆོད་པའི་བྱ་བ་ཆུང་ངུའམ་ཆེན་པོ་ཅི་ཡང་རུང་སྟེ།
ཐ་ན་ལུས་ཀྱིས་ཕྱག་གཅིག་ཙམ་འཚལ་བ་དང་། ཆོས་དང་། དགེ་འདུན་གྱི་ཡོན་ཏན་རྣམས་ལས་བརྩམས་ཏེ་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཙམ་ཚིག་ཏུ་བརྗོད་པ་དང་། ཐ་ན་སེམས་ཀྱིས་སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་ཡོན་ཏན་རྗེས་སུ་དྲན་པ་སྔོན་དུ་འགྲོ་བའི་དང་བ་གཅིག་ཙམ་
ཡང་མ་བྱས་པར་ཉིན་མཚན་འདའ་བར་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། གལ་ཏེ་མ་གུས་པ་དང་། སྙོམ་ལས་དང་། ལེ་ལོའི་ཉེས་པ་བྱུང་ན་ནི་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །གལ་ཏེ་བརྗོད་པས་ཉེས་པ་བྱུང་ན་ནི་ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་
པར་འགྱུར་རོ། །སེམས་འཁྲུགས་པ་ལ་ནི་ཉེས་པ་མེད་དོ། །འདོད་པའི་སེམས་ཀྱི་རྗེས་སུ་འཇུག །ཉེས་པ་ཞེས་བྱ་བ་ཐམས་ཅད་དུ་སྦྱར་བར་བྱ་སྟེ། དེ་དག་ཐམས་ཅད་ཀྱང་ཉེས་བྱས་ཉིད་དོ། །གང་གི་ཕྱིར་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་ཉེས་པའི་རིགས་གཉིས་སུ་ཟད་པ་འབྱུང་སྟེ། ཕམ་པའི་
གནས་ལྟ་བུའི་ཆོས་སུ་གཏོགས་པ་དང་། ཉེས་བྱས་ཀྱི་ཆོས་སུ་གཏོགས་པའོ། །དགེ་སློང་གི་སྡོམ་པ་ལས་ཉེས་པའི་རིགས་ལྔ་འབྱུང་བ་ལྟ་བུ་ནི་མ་ཡིན་ནོ། །དེ་ལ་གལ་ཏེ་བྱང་ཆུབ་སེམས་དཔའ་འདོད་པ་ཆེ་བ་དང་། ཆོག་མི་ཤེས་པ་དང་། རྙེད་པ་དང་བཀུར་སྟི་ལ་ཆགས་པ་འབྱུང་བ་དང་དུ་ལེན་པར་

བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །དེ་སྤང་བའི་ཕྱིར་འདུན་པ་སྐྱེས་ཤིང་བརྩོན་འགྲུས་རྩོམ་པ་དེའི་གཉེན་པོ་ཡོངས་སུ་འཛིན་པས་དེའི་འགགས་ལ་གནས་པ་རང་བཞིན་གྱིས་ཉོན་མོངས་པ་ཤས་ཆེ་བའི་ཕྱིར་ཟིལ་གྱིས་
མནན་ནས་ཡང་དང་ཡང་དུ་ཀུན་ཏུ་སྤྱོད་པ་ལ་ཉེས་པ་མེད་དོ། །རྒན་པ་རྣམས་ལ་གུས་མི་བྱེད། །དྲིས་པ་ལ་ནི་ལན་མི་འདེབས། །བྱང་ཆུབ་སེམས་དཔས་ཆེས་རྒན་ཞིང་ཡོན་ཏན་དང་ལྡན་པ་ལ་བཀུར་སྟི་བྱ་བར་འོས་པ་ཆོས་