Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 125

Văn bản gốc(Tây Tạng)

Trang 1 / 19 (50.000 ký tự/trang)
༄༅༅། །རྒྱ་གར་སྐད་དུ། སཱུ་ཏྲ་ཨ་ལཾ་ཀ་ར་བྲྀཏྟི་བྷཱ་ཥྱཾ། བོད་སྐད་དུ། མདོ་སྡེ་རྒྱན་གྱི་འགྲེལ་བཤད། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་
པོ་རིན་ཆེན་གཏེར་གྱུར་དང་། །ཡང་དག་ཤཱཀ་ཐུབ་སྲས་ཀྱི་ཐུ་བོ་དང་། །རྒྱལ་བ་བདག་ཉིད་ཁྱུ་མཆོག་དེ་དེ་དང་། །ཆགས་མེད་སྲས་ཀྱི་གཅུང་ལ་མོས་པ་དང་། །བསྟན་བཅོས་གསལ་
བར་འགྲོ་ལ་སྣང་བྱེད་དང་། །བླ་མ་གཙོ་བོ་གང་ལས་འདི་ཐོས་པ། །རྟག་པར་ཀུན་ལ་བདག་གིས་སར་གཏུགས་ཏེ། །གུས་དང་བཅས་པས་སྤྱི་བོས་ཕྱག་འཚལ་ནས། །དོན་ལ་བསམ་བྱ་
བདག་བློ་བླུན་པ་དང་། །བསྟན་བཅོས་འདི་ཡི་ཚིག་དོན་ཟབ་པ་ཡང་། །འགྲེལ་བའི་བསམ་པ་བདག་ལ་མ་བྱུང་བས། །དེ་ཕྱིར་བདག་ལ་ཕན་ཕྱིར་ཅུང་ཟད་བྱ། །ཐེག་པ་ཆེན་པོ་མདོ་སྡེའི་
རྒྱན་གྱི་ལུས་སུ་བཞག་པ་ནི། མདོར་ན་རིགས་ལ་གནས་པའི་བྱང་ཆུབ་སེམས་དཔས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་

པར་བྱ་བ་དེ་སྟོན་ཏོ། །དེ་ལ་རིགས་ལ་གནས་པ་ཞེས་བྱ་བ་ལ། རིགས་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བའི་ས་བོན་ལ་བྱ་སྟེ། དེ་ལ་རིགས་ཞེས་ཀྱང་བྱ། གཞི་ཞེས་ཀྱང་བྱ། ཉེ་བར་རྟོན་
པ་ཞེས་ཀྱང་བྱ། རྒྱུ་ཞེས་ཀྱང་བྱ། བརྟན་པ་ཞེས་ཀྱང་བྱ། གནས་ཞེས་ཀྱང་བྱ། སྔོན་དུ་འགྲོ་བ་ཞེས་ཀྱང་བྱ་སྟེ། འདི་དག་ནི་རིགས་ཀྱི་མིང་གི་རྣམ་གྲངས་སོ། །རིགས་དེ་ཡང་མདོར་བསྡུ་ན་རྣམ་པ་གཉིས་ཏེ། རང་བཞིན་
ལ་གནས་པ་དང་། ཡང་དག་པར་བསྒྲུབ་པའོ། །དེ་ལ་རང་བཞིན་ལ་གནས་པའི་རིགས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་མཆེད་ཀྱི་ཁྱད་པར་འཕྲལ་ལ་རྙེད་པ་ནི་མ་ཡིན་གྱི། འཁོར་བ་ཐོག་མ་མེད་པ་ནས་གཅིག་ནས་
གཅིག་ཏུ་བརྒྱུད་དེ་འོངས་པ། ཆོས་ཉིད་ཀྱིས་རྙེད་པ་སྟེ། དེ་དང་ལྡན་པས་བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བའི་སྐལ་བ་ཡོད་པའོ། །ཡང་དག་པར་བསྒྲུབ་པའི་
རིགས་ནི་མ་ངེས་པའི་རིགས་ཅན་རྣམས་དགེ་བའི་བཤེས་གཉེན་བསྟེན་པ་དང་། སྔོན་དགེ་བའི་རྩ་བ་ལ་གོམས་པར་བྱས་པས་ལས་ངེས་པའི་རིགས་སུ་གྱུར་པ་སྟེ། སྐབས་འདིར་ནི་གཉི་ག་ལ་བྱ་བར་རིགས་སོ། །དེ་ལ་

རང་བཞིན་ལ་གནས་པའི་རིགས་ནི་འབྲས་བུ་མ་གྲུབ་ཅིང་མ་བྱུང་བའོ། །དེ་ལ་རིགས་ཀྱི་འབྲས་བུ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་སྟེ། བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་ཕ་རོལ་ཏུ་ཕྱིན་པར་སྤྱོད་པ་ལ་མ་ཞུགས་ན་རིགས་ཡོད་པར་མི་རྟོག་
པས་ན་ཕྲ་བ་ཡིན་ནོ། །ཡང་དག་པར་བསྒྲུབ་པའི་རིགས་ནི་འབྲས་བུ་དང་བཅས་པ་རགས་པ་ཞེས་བྱ་སྟེ། རང་བཞིན་གྱི་རིགས་ལ་ལྟོས་ནས། དེ་ཙམ་དུ་ཟབ་པ་དང་ཕྲ་བ་མ་ཡིན་པས་རགས་པ་ཞེས་བྱའོ། །རིགས་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ཉན་ཐོས་
དང་རང་སངས་རྒྱས་ལས་ཀྱང་འཕགས་པ་ཡིན་ན། སོ་སོའི་སྐྱེ་བོ་གཞན་ལ་ལྟ་ཅི་སྨོས་ཏེ། དེ་བས་ན་རིགས་དེ་ནི་བླ་ན་མེད་པ་མཆོག་ཁྱད་པར་ཅན་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཉིས་པོ་འདི་དག་ནི་མདོར་ན་རྣམ་པར་དག་པར་བྱ་བ་སྟེ། ཉོན་མོངས་པའི་སྒྲིབ་པ་ལས་
རྣམ་པར་དག་པར་བྱ་བ་དང་། ཤེས་བྱའི་སྒྲིབ་པ་ལས་རྣམ་པར་དག་པར་བྱ་བའོ། །དེ་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་ཅན་དག་ནི། ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་དག་པ་ཙམ་དུ་ཟད་དེ། ཤེས་བྱའི་སྒྲིབ་པ་ལས་རྣམ་པར་དག་པ་ནི་མ་ཡིན་ནོ། །བྱང་
ཆུབ་སེམས་དཔའི་རིགས་ཅན་དག་ནི། ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་གཉི་ག་ལས་རྣམ་པར་གྲོལ་བ། དེ་བས་ན་མཆོག་ཁྱད་པར་ཅན་བླ་ན་མེད་པར་རིག་པར་བྱའོ། །ཡང་རྣམ་པ་བཞིས་བྱང་ཆུབ་སེམས་དཔའ་རྣམས་ཉན་ཐོས་དང་རང་སངས་རྒྱས་
ལས་ཁྱད་པར་དུ་འཕགས་པར་རིག་པར་བྱ་སྟེ། བཞི་པོ་དེ་གང་ཞེ་ན། དབང་པོ་དང་། རབ་ཏུ་སྒྲུབ་པ་དང་། མཁས་པ་དང་། འབྲས་བུའོ། །དེ་ལ་དབང་པོའི་ཁྱད་པར་ནི་བྱང་ཆུབ་སེམས་དཔའ་རྣམས་ནི་རང་བཞིན་གྱིས་དབང་པོ་རྣོའོ། །རང་སངས་རྒྱས་རྣམས་ནི་རང་བཞིན་
གྱིས་དབང་པོ་འབྲིང་ངོ་། །ཉན་ཐོས་རྣམས་ནི་རང་བཞིན་གྱིས་དབང་པོ་ཐ་མའོ། །རབ་ཏུ་སྒྲུབ་པའི་ཁྱད་པར་ནི་ཉན་ཐོས་དང་རང་སངས་རྒྱས་དག་བདག་ལ་ཕན་པ་དང་བདེ་བ་བྱ་བའི་ཕྱིར་ཞུགས་ཤིང་སྒྲུབ་པའོ། །བྱང་ཆུབ་སེམས་དཔའ་དག་ནི་བདག་ལ་ཕན་པ་དང་། གཞན་ལ་

ཕན་པ་དང་། འགྲོ་བ་མང་པོ་ལ་ཕན་པ་དང་། འགྲོ་བ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། ལྷ་དང་མིའི་སྐྱེ་བོ་མང་པོའི་དོན་དང་། བདེ་བ་དང་། ཕན་པའི་ཕྱིར་རབ་ཏུ་ཞུགས་པ་ཡིན་པས་ན། དེ་དག་ལ་མཁས་པའི་ཁྱད་
པར་ནི་ཉན་ཐོས་དང་རང་སངས་རྒྱས་དག་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། གནས་དང་གནས་མ་ཡིན་པ་དང་། བདེན་པ་ལ་མཁས་པར་བྱེད་པ་ཙམ་དུ་ཟད་དེ། བྱང་ཆུབ་སེམས་དཔའ་རྣམས་ནི་རིག་པའི་གནས་ལྔ་ཐམས་ཅད་ལ་
མཁས་པར་བྱེད་པས་སོ། །འབྲས་བུའི་ཁྱད་པར་ནི་ཉན་ཐོས་རྣམས་ཉན་ཐོས་ཀྱི་བྱང་ཆུབ་ཁོང་དུ་ཆུད་པ་དང་། རང་སངས་རྒྱས་དག་ཀྱང་རང་སངས་རྒྱས་ཀྱི་བྱང་ཆུབ་ཁོང་དུ་ཆུད་པར་ཟད་དེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་
བྱང་ཆུབ་ཐོབ་ཅིང་ཁོང་དུ་ཆུད་པས་ན་ཁྱད་ཞུགས་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་ཀྱི་རིགས་དེ་ནི་ཐོག་མར་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཐམས་ཅད་དང་། ས་དང་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་གཞི་དང་རྟེན་ཡིན་པར་རིག་པར་བྱའོ། །འདི་ལ་
བྱང་ཆུབ་སེམས་དཔའ་དང་པོ་ཉིད་དུ་སོ་སོ་སྐྱེ་བོའི་དུས་ན། བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡང་དག་པའི་སྨོན་ལམ་ཐམས་ཅད་ཀྱི་གཙོ་བོ་ཡིན་ལ། དེ་ཕན་ཆད་ཀྱི་བྱང་ཆུབ་སེམས་དཔའི་ཡང་དག་པའི་སྨོན་ལམ་ཐམས་ཅད་ཀྱང་དེར་འདུས་
ཤིང་བསྡུས་པས་ན། དང་པོ་དེ་ཡང་དག་པའི་སྨོན་ལམ་གྱི་རང་བཞིན་ནོ། །ཡང་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ན། འདི་ལྟར་སེམས་མངོན་པར་འདུ་བྱེད་ཅིང་ཚིག་ཏུ་ཡང་འབྱིན་ཏེ། ཨེ་མའོ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་
པར་རྫོགས་པར་སངས་རྒྱས་པར་བྱས་ལ། སེམས་ཅན་ཉན་ཐོས་ཀྱི་རིགས་ཅན་དང་། རང་སངས་རྒྱས་ཀྱི་རིགས་ཅན་དག་ནི་མཐར་ཐུག་པའི་མྱ་ངན་ལས་འདས་པར་གཞག །ཐེག་པ་ཆེན་པོའི་རིགས་ཅན་དག་ནི། དེ་བཞིན་གཤེགས་པའི་ཡེ་ཤེས་ལ་གཞག་པར་བྱའོ་

ཞེས་སེམས་སྐྱེད་པར་བྱེད་དོ། །དེ་བས་ན་སེམས་བསྐྱེད་པ་དེ་འདོད་པའི་རྣམ་པའོ། །སེམས་བསྐྱེད་པ་དེ་ཡང་བྱང་ཆུབ་དང་སེམས་ཅན་གྱི་དོན་ལ་དམིགས་ནས། དེ་གཉིས་འདོད་པའི་ཕྱིར་སེམས་སྐྱེད་པར་བྱེད་ཀྱི། མི་དམིགས་པར་ནི་མ་ཡིན་ཏེ། དེ་བས་ན་སེམས་བསྐྱེད་པ་དེ་བྱང་
ཆུབ་ལ་དམིགས་པ་དང་། སེམས་ཅན་གྱི་དོན་ལ་དམིགས་པའོ། །གཞན་ཡང་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་འཇིག་རྟེན་པའི་དགེ་བའི་རྩ་བ་བསྐྱེད་པའི་ཕྱིར་སྨོན་ལམ་བཏབ་པ་དང་། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་
བསྐྱེད་པའི་ཕྱིར། ཡང་དག་པའི་སྨོན་ལམ་བཏབ་པ་དེ་དག་ཐམས་ཅད་ཀྱི་ནང་ན་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདི་ཡང་དག་པའི་སྨོན་ལམ་གྱི་མཆོག་ཡིན་པས་བླ་ན་མེད་པ་སྟེ་དེ་ལྟར་ན་སེམས་བསྐྱེད་པ་འདིའི་རང་བཞིན་དང་། རྣམ་པ་དང་། དམིགས་པ་དང་། མཆོག་ཏུ་
གྱུར་པ་སྟེ། རྣམ་པ་བཞིར་རིག་པར་བྱའོ། །ཡང་སེམས་བསྐྱེད་པ་དེ་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། འབྱུང་བ་དང་འབྱུང་བ་མ་ཡིན་པའོ། །དེ་ལ་འབྱུང་བ་ནི་དང་པོ་སེམས་བསྐྱེད་ནས་ཤིན་ཏུ་དེ་དག་གི་རྗེས་སུ་འཇུག་གི་ལྡོག་པར་མི་བྱེད་དོ། །འབྱུང་བ་མ་ཡིན་པ་ནི་ཤིན་ཏུ་དེ་
དག་གི་རྗེས་སུ་འཇུག་པ་མ་ཡིན་གྱི་སླར་ཡང་ལྡོག་པར་བྱེད་པའོ། །སེམས་བསྐྱེད་ནས་ལྡོག་པ་དེ་ཡང་རྣམ་པ་གཉིས་ཏེ། ཤིན་ཏུ་ལྡོག་པ་དང་། ཤིན་ཏུ་ལྡོག་པ་མ་ཡིན་པའོ། །དེ་ལ་ཤིན་ཏུ་ལྡོག་པ་ནི་གང་ལན་ཅིག་ཕྱིར་འོང་ནས་བྱང་ཆུབ་ཏུ་སེམས་མི་སྐྱེ་བ་སྟེ། དཔེར་ན་ཉན་
ཐོས་ཀྱི་རིགས་ཅན་དག་ཐེག་པ་ཆེན་པོར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལས་ཉན་ཐོས་ཀྱི་རིགས་ཡོད་པ་ལས་ལན་ཅིག་བྱང་ཆུབ་ཀྱི་སེམས་བོར་ན་ཕྱིས་བྱང་ཆུབ་ཀྱི་སེམས་མི་སྐྱེའོ། །ཤིན་ཏུ་ལྡོག་པ་མ་ཡིན་པ་ནི་ལན་ཅིག་ལོག་ནས་ཡང་བྱང་ཆུབ་ཀྱི་སེམས་སྐྱེ་བ་སྟེ། བྱང་ཆུབ་ཀྱི་
སེམས་རྒྱ་ཆེར་རབ་ཏུ་དབྱེ་བ་དང་། སྐྱེ་བའི་རྒྱུ་དང་། རྐྱེན་དང་ལྡོག་པའི་རྒྱུ་དང་། རྐྱེན་ལ་སོགས་པ་ཞིབ་ཏུ་རྣལ་འབྱོར་སྤྱོད་པའི་ས་ལས་འབྱུང་སྟེ། འདིར་ཡང་དེ་བཞིན་དུ་བལྟ་བར་བྱའོ། །ད་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པར་བྱ་བའོ། །དེ་ལྟར་བྱང་ཆུབ་ཏུ་སེམས་

བསྐྱེད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་གང་ཞེ་ན། དེ་ཡང་མདོར་ན་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། གང་ལ་བསླབ་པ་དང་། ཇི་ལྟར་བསླབ་པ་དང་། གང་དག་སློབ་པ་སྟེ། དེ་རྣམས་གཅིག་ཏུ་བསྡུས་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་
བྱའོ། །དེ་ལ་གང་བྱང་ཆུབ་སེམས་དཔའ་བསླབ་པར་བྱ་ཞེ་ན། གནས་བདུན་ལ་བསླབ་པར་བྱའོ། །གནས་བདུན་པོ་གང་ཞེ་ན། བདག་གི་དོན་དང་། གཞན་གྱི་དོན་དང་། དེ་ཁོ་ནའི་དོན་དང་། མཐུ་དང་། སེམས་ཅན་ཡོངས་སུ་སྨིན་པ་དང་། བདག་ཉིད་སངས་རྒྱས་ཀྱི་
ཆོས་ཡོངས་སུ་སྨིན་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པ་སྟེ་གནས་བདུན་ནོ། །བསྡུས་པའི་དོན་ནི། བདག་དང་གཞན་གྱི་དོན་དེ་ཉིད། །མཐུ་དང་སེམས་ཅན་སྨིན་པ་དང་། །བདག་ཉིད་སངས་རྒྱས་ཆོས་རྣམས་དང་། །བདུན་པ་མཆོག་གི་བྱང་ཆུབ་བོ། །
གང་དུ་བྱང་ཆུབ་སེམས་དཔའ་བསླབ་པར་བྱ་བ་དེ་བསྟན་ཟིན་ཏོ། །ཇི་ལྟར་བསླབ་པར་བྱ་བ་དེ་བསྟན་པར་བྱ་སྟེ་ཇི་ལྟར་བསླབ་པར་བྱ་ཞེ་ན། འདི་ལ་དང་པོ་ཉིད་དུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་བསླབ་པ་ལ་སློབ་པར་འདོད་པས་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་མང་བར་བྱ་
བ་དང་། ཆོས་བཙལ་བར་བྱ་བ་དང་། ཆོས་བཤད་པར་བྱ་བ་དང་། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་བསྒྲུབ་པར་བྱ་བ་དང་། ཡང་དག་པའི་བསྟན་པ་དང་གདམས་ངག་བསྟན་པར་བྱ་བ་དང་། ཡང་དག་པའི་བསྟན་པ་དང་གདམས་ངག་ལ་གནས་པར་བྱ་བ་དང་། ཐབས་ཀྱིས་
ཡོངས་སུ་ཟིན་པའི་ལུས་དང་། ངག་གི་ལས་དང་ཡིད་ཀྱི་ལས་དང་ལྡན་པར་བྱའོ། །བསྡུས་པའི་དོན་ནི། མོས་པར་བྱ་བ་མང་བ་དང་། །ཆོས་བཙལ་བ་དང་བཤད་པ་དང་། །དེ་བཞིན་དུ་ནི་བསྒྲུབ་པ་དང་། །ཡང་དག་བསྟན་དང་གདམས་ངག་དང་། །ཐབས་ཀྱིས་ཡོངས་སུ་ཟིན་པ་
ཡི། །ལུས་ངག་ཡིད་ལ་ཐ་མའོ། །ཇི་ལྟར་བསླབ་པར་བྱ་བ་ཡང་བསྟན་ཟིན་ཏོ། །ད་ནི་གང་དག་བསླབ་པར་བྱ་བ་དེ་བསྟན་པར་བྱའོ། །དེ་ལ་གང་སློབ་པར་བྱེད་ཅེ་ན། བྱང་ཆུབ་སེམས་དཔའ་རྣམས་སློབ་པར་བྱེད་ཅེའོ། །བྱང་ཆུབ་སེམས་དཔའ་དེ་ཡང་མདོར་བསྡུ་ན་རྣམ་པ་བཅུར་

རིག་པར་བྱ་སྟེ། །རིགས་ལ་གནས་པ་དང་། རབ་ཏུ་ཞུགས་པ་དང་། བསམ་པ་མ་དག་པ་དང་། བསམ་པ་དག་པ་དང་། བསམ་པ་ཡོངས་སུ་མ་སྨིན་པ་དང་། བསམ་པ་ཡོངས་སུ་སྨིན་པ་དང་། ངེས་པ་མ་ཡིན་པར་རྟོག་པ་དང་། ངེས་པར་རྟོག་པ་དང་། སྐྱེ་བ་གཅིག་གིས་ཐོགས་པ་དང་།
སྲིད་པ་ཐ་མ་པའོ། །བྱང་ཆུབ་སེམས་དཔའ་དེ་དག་ལ་སྤྱིར་མི་དབྱེ་བར་མིང་དུ་འདི་སྐད་ཅེས་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །བློ་ལྡན་གཟི་བརྗིད་ཆེ་བ་དང་། །ཐུགས་རྗེ་ཆེན་པོ་བསོད་ནམས་ཆེ། །དབང་ཕྱུག་དེད་དཔོན་ཆེན་པོ་དང་། །རྒྱལ་བའི་གནས་
དང་ཆོས་ཆེན་པོ། །ཞེས་བྱ་བ་ལ་སོགས་པའོ། །དེ་ལ་རིགས་ལ་གནས་པ་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་ས་བོན་ཙམ་ཡོད་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པའོ། །གང་རིགས་ལ་བརྟེན་ནས་བྱང་ཆུབ་སེམས་དཔའི་བསླབ་པ་ལ་བསླབ་པར་བྱ་བའི་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་ནས་
བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ལ་གནས་པ་ནི་རབ་ཏུ་ཞུགས་པ་ཞེས་བྱའོ། །རབ་ཏུ་ཞུགས་པ་དེ་སྲིད་དུ་ས་དང་པོ་ལ་རབ་ཏུ་དགའ་བའི་སར་མ་ཞུགས་ཏེ། མོས་པས་སྤྱོད་པའི་ས་ལ་གནས་པ་དེ་སྲིད་དུ་བསམ་པ་མ་དག་པ་ཞེས་བྱའོ། །ནམ་ས་དང་པོར་ཞུགས་པ་ནས་ས་
བདུན་པ་མན་ཆད་ཀྱི་དུས་ན་ནི་བསམ་པ་དག་པ་ཞེས་བྱའོ། །བསམ་པ་དག་པ་དེ་ཉིད་ཇི་སྲིད་དུ་མཐར་ཐུག་པའི་ས་བརྒྱད་པ་དང་། དགུ་པ་ལ་མ་ཞུགས་ཀྱི་བར་བསམ་པ་ཡོངས་སུ་མ་སྨིན་པ་ཞེས་བྱ་སྟེ། རྩོལ་བ་དང་འབད་པ་ཡོད་པའི་ཕྱིར་རོ། །ནམ་ས་བརྒྱད་པ་དང་དགུ་པ་ལ་ཞུགས་
པའི་དུས་ན་བསམ་པ་ཡོངས་སུ་སྨིན་པ་ཞེས་བྱ་སྟེ་རྩོལ་བ་དང་འབད་པ་མེད་པའི་ཕྱིར་རོ། །ཡོངས་སུ་སྨིན་པ་དེ་ཡང་ཇི་སྲིད་དུ་རྒྱལ་ཚབ་ཏུ་ངེས་པའི་ས་ས་བཅུར་མ་ཞུགས་ཀྱི་བར་དུ་ངེས་པ་མ་ཡིན་པར་གཏོགས་པ་ཞེས་བྱའོ། །ས་བཅུར་ཞུགས་ནས་ན་ངེས་པར་གཏོགས་པ་ཞེས་བྱའོ། །
ས་བཅུ་པའི་བྱང་ཆུབ་སེམས་དཔའ་ངེས་པར་གཏོགས་པ་དེ་ལ་ཡང་རྣམ་པ་གཉིས་ཏེ། སྐྱེ་བ་གཅིག་གིས་ཐོགས་པ་དང་། སྲིད་པ་ཐ་མ་པའོ། །སྐྱེ་བ་གཅིག་གིས་ཐོགས་པ་ནི་ཚེ་འདི་ཉིད་ལ་བླ་ན་མེད་པར་འཚང་མི་རྒྱའི། སྐྱེ་བ་དེ་འདས་ནས་ཚེ་རབས་གཞན་དག་ཏུ་བླ་ན་མེད་པའི་

བྱང་ཆུབ་ཏུ་འཚང་རྒྱ་བ་སྟེ། དཔེར་ན་འཕགས་པ་བྱམས་པ་ལྟ་བུའོ། །སྲིད་པ་ཐ་མ་པ་ནི་ཚེ་དེ་ཉིད་ལ་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བ་སྟེ། དཔེར་ན་བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་གྲུབ་པ་ལྟ་བུའོ། །འདི་གསུམ་ནི་བསྟན་བཅོས་འདིའི་ལུགས་
ཏེ། བསྟན་བཅོས་འདི་འོག་གཞུག་ཏུ་དོན་གསུམ་བཤད་པར་ཟད་དེ། གསུམ་པོ་གང་ཞེ་ན། བྱང་ཆུབ་སེམས་དཔའི་རིགས་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བྱ་བའོ། །བསྟན་བཅོས་འདིའི་མིང་ནི་མདོ་སྡེའི་རྒྱན་
ཞེས་བྱ་སྟེ། ཅིའི་ཕྱིར་མདོ་སྡེའི་རྒྱན་ཞེས་བྱ་ཞེ་ན། བསྟན་བཅོས་འདི་ཐེག་པ་ཆེན་པོའི་མདོ་སྡེ་ཐམས་ཅད་ཀྱི་ཚིག་དང་། དོན་མཛེས་པར་བྱེད་པའི་རྒྱན་དུ་གྱུར་པས་ན་མདོ་སྡེའི་རྒྱན་ཞེས་བྱ་སྟེ། ཇི་ལྟར་རྒྱན་དུ་གྱུར་པ་ནི་གང་བརྒྱན་པར་བྱེད། གང་ལ་བརྒྱན་པར་བྱེད་ཅེས་བྱ་
བ་ནས་རྒྱན་རྣམ་པ་དུ་མས་བརྒྱན་པར་བྱེད་ཅེས་བྱ་བ་ལ་སོགས་པས་སྟོན་ཏོ། །དེ་ལ་བསྡུས་ཏེ་བཤད་པ་ནི། །དོན་ཤེས་པ་དག་དོན་སྟོན་བྱེད། །ཅེས་བྱ་བ་ནས་བརྩམས་ཏེ། དོན་རྣམས་རབ་ཏུ་དབྱེ་བས་ན། །མཁས་པ་རྟག་ཏུ་དགའ་མཆོག་སྐྱེ། །ཞེས་བྱ་བ་ཡན་ཆད་ཚིགས་
སུ་བཅད་པ་གསུམ་གྱི་དོན་རྣམ་པ་གཉིས་ཤིག་སྟོན་ཏེ་ཇི་ལྟར་ཡོད་པ་དང་། ཇི་སྙེད་ཡོད་པའོ། །དེ་ལ་ཇི་ལྟར་ཡོད་པའི་བཤད་པ་ནི་གང་བརྒྱན་པར་བྱེད། གང་ལ་བརྒྱན་པར་བྱེད། གང་གིས་བརྒྱན་པར་བྱེད། གང་གི་ཕྱིར་བརྒྱན་པར་བྱེད། གང་ལ་བརྒྱན་པར་བྱེད།
གང་གི་རྒྱན་དུ་བྱེད། གང་གི་དོན་དུ་རྒྱན་དུ་བྱེད་པས་བསྟན་ཏེ། དེ་ཡང་སྒྲའི་གཙུག་ལག་གི་ཚིག་བྱེད་པ་པོ་དང་། ལས་དང་། བྱེད་པ་དང་། དེའི་ཕྱིར་དང་། རྒྱུའི་ཕྱིར་དང་། ཡན་ལག་གི་ཕྱིར་དང་། མཚན་མའི་ཕྱིར་ཏེ། ངེས་པའི་ཚིག་བདུན་དང་རིམ་བཞིན་དུ་སྦྱར་རོ། །
དེ་ཡང་དོན་ཤེས་པ་དག་ཅེས་བྱ་བ་ནས་བརྩམས་ཏེ། རྣམ་པ་དེ་ཕྱིར་འགྲོ་བའི་སེམས་ཅན་ལ། །ཞེས་བྱ་བ་ཡན་ཆད་ཀྱིས་བསྟན་ཏོ། །དེ་ལ་ཇི་སྙེད་པའི་བཤད་པ་ནི་གྲངས་ཀྱི་སྒོ་ནས་བསྟན་ཏེ། གྲངས་ཀྱང་དུ་ཞིག་ཅེ་ན་ལྔའོ། །དེ་ཡང་འབྱོར་པའི་དོན་ཚུལ་བླ་མེད་སོང་བ་ལྔ་ཡི་

རང་བཞིན་རབ་ཏུ་སྟོན། །ཞེས་པ་ནས་བརྩམས་ཏེ། ཆོས་རབ་དེ་འདིར་བཤད་པ་དགའ་བའི་མཆོག་སྐྱེད་དོ། །ཞེས་བྱ་བ་ཡན་ཆད་ཀྱིས་བསྟན་ཏེ། གཟུགས་རྒྱན་གྱི་དཔེ་དང་བཅས་པར་བསྟན་པས་ཀྱང་བསྟན་བཅོས་འདི་མདོ་སྡེའི་རྒྱན་དུ་གྱུར་པར་སྟོན་ཏེ། འདི་ནི་ཐང་ཅིག་
བསྡུས་ཏེ་བཤད་པ་ཡིན་ནོ། །དེ་ལ་གང་བརྒྱན་པར་བྱེད་ཅེ་ན། དེའི་ཕྱིར་དོན་ཤེས་པ་དག་ཅེས་སྨོས་ཏེ། ཐེག་པ་ཆེན་པོའི་མདོ་སྡེའི་ནང་ནས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་། ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་རང་དང་སྤྱིའི་མཚན་ཉིད་ཀྱི་དོན་ཤེས་པའི་གང་ཟག་
གིས་བརྒྱན་པར་བྱེད་དེ། མདོ་སྡེ་བརྒྱན་པར་བྱེད་པའི་བྱེད་པའོ། །དོན་ཤེས་པའི་གང་ཟག་དེ་ཡིན་པས་ན་དེས་ནི་བྱེད་པ་པོ་བསྟན་ཏོ། །གང་ལ་བརྒྱན་པར་བྱེད་ཅེ་ན། དེའི་ཕྱིར་དོན་སྟོན་བྱེད་ཅེས་སྨོས་ཏེ། དོན་ནི་ཐེག་པ་ཆེན་པོའི་ཆོས་རང་དང་སྤྱིའི་མཚན་ཉིད་དོ། །སྟོན་
པར་བྱེད་པ་ནི་དོན་དེ་འཆད་པའི་ཚིག་ལ་བྱ་སྟེ། དོན་དུ་ན་ཐེག་པ་ཆེན་པོའི་མདོ་སྡེའི་དོན་དང་། ཚིག་ལ་བརྒྱན་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །ཐེག་པ་ཆེན་པོའི་མདོ་སྡེའི་དོན་དང་ཚིག་ནི་བརྒྱན་པར་བྱ་བའི་ཡུལ་ཡིན་པས་ན་དེས་ནི་ལས་བསྟན་ཏོ། །གང་གིས་བརྒྱན་པར་
བྱེད་ཅེ་ན། །དེའི་ཕྱིར། ཚིག་དང་རྩ་བའི་དྲི་མ་མེད་པ་ཞེས་སྨོས་ཏེ། ཚིག་ནི་འདུས་བྱས་མི་རྟག་ཅེས་བྱ་བ་རྐང་པ་མི་ཚང་བ་ལ་བྱ་སྟེ། དེ་ཡང་ཡན་ལག་བརྒྱད་དང་ལྡན་པས་ན་དྲི་མ་མེད་པ་ཞེས་བྱའོ། །ཡན་ལག་བརྒྱད་ནི་ཕྱིས་ཞིབ་ཏུ་བཤད་པར་བྱའོ། །རྩ་བ་ནི་དོན་རྟོགས་
པར་ནུས་པའི་རྐང་པ་ཚང་བ་ལ་བྱ་སྟེ། དཔེར་ན་འདུས་བྱས་ཀུན་མི་རྟག །སྐྱེ་ཞིང་འཇིག་པའི་ཆོས་ཅན་ཏེ། །སྐྱེ་ཞིང་འཇིག་པར་འགྱུར་བ་ལ། །དེ་དག་མྱུར་དུ་ཞི་བ་བདེ། །ཞེས་བྱ་བ་ལྟ་བུ་སྟེ། དེ་ཡང་ཡན་ལག་བརྒྱད་དང་ལྡན་པས་དྲི་མ་མེད་པ་ཞེས་བྱའོ། །ཡན་ལག་བརྒྱད་ཀྱང་ཞིབ་ཏུ་
ཕྱིས་བཤད་དོ། །ཐེག་པ་ཆེན་པོའི་དོན་དང་། ཚིག་ལ་ཡང་རིན་པོ་ཆེ་ལ་སོགས་པས་ནི་བརྒྱན་དུ་མི་རུང་གི །ཚིག་དང་མིང་དང་ཡི་གེ་བཟང་པོས་བརྒྱན་པར་བྱེད་དེ། དེས་ནི་བྱེད་པ་བསྟན་ཏོ། གང་གི་ཕྱིར་བརྒྱན་པར་བྱེད་ཅེ་ན། དེའི་ཕྱིར་སྡུག་བསྔལ་བསྒྲལ་ཕྱིར་ཞེས་སྨོས་

ཏེ། འཁོར་བ་ན་གནས་པའི་སེམས་ཅན་སྡུག་བསྔལ་རྣམ་པ་བརྒྱད་ལ་སོགས་པས་སྡུག་བསྔལ་བར་གྱུར་པའི་སྡུག་བསྔལ་དེ་ལས་བསྒྲལ་ཏེ། མྱ་ངན་ལས་འདས་པའི་གནས་ཐོབ་པར་བྱ་བའི་ཕྱིར་བརྒྱན་པར་བྱེད་དེ། དེས་ནི་དེའི་ཕྱིར་ཞེས་བྱ་བ་བསྟན་ཏོ། །
གང་ལ་བརྒྱན། རྒྱན་དེ་རྒྱུ་ཅི་ལས་བྱུང་ཞེ་ན། དེའི་ཕྱིར། སྡུག་བསྔལ་འགྲོ་ལ་སྙིང་རྗེ་དེ་ཕྱིར་དེ་བདག་ཉིད། །ཅེས་བྱ་བ་སྨོས་ཏེ། ཁམས་གསུམ་ན་གནས་པའི་སེམས་ཅན་སྐྱེ་བ་དང་རྒ་བ་ལ་སོགས་པས་སྡུག་བསྔལ་བར་གྱུར་པ་ལ་སྙིང་རྗེ་སྟེ། དེ་ལྟར་སྙིང་རྗེ་བའི་ཕྱིར་བྱང་ཆུབ་
སེམས་དཔའ་རྣམས་སྙིང་རྗེའི་བདག་ཉིད་དུ་གྱུར་པས་དེ་ལྟར་ན་སྙིང་རྗེའི་རྒྱུས་བརྒྱན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་རྒྱུའི་ཕྱིར་ཞེས་བྱ་བ་བསྟན་ཏོ། །གང་གི་རྒྱན་དུ་ཐེག་པ་གསུམ་ལས་ཐེག་པ་གང་གི་རྒྱན་དུ་བྱེད་ཅེ་ན། དེའི་ཕྱིར། ཆོས་ཀྱི་དམ་པ་ཐེག་པ་བསྟན། །ཞེས་
སྨོས་ཏེ། དམ་པའི་ཐེག་པ་ནི་ཐེག་པ་ཆེན་པོ་ལ་བྱའོ། །ཆོས་དང་གཞུང་གི་ནང་ནས་ཐེག་པ་ཆེན་པོ་འཆད་པའི་ཆོས་དང་གཞུང་དེའི་རྒྱན་དུ་བྱེད་པ་སྟེ། འདིས་ནི་ཡན་ལག་གི་དོན་བསྟན་པ་ཡིན་ནོ། །ཡན་ལག་གི་དོན་ཞེས་བྱ་བ་ནི། རྒྱ་གར་སྐད་དུ་ན་ཤ་སྟི་ཞེས་བྱ་སྟེ། ལྷས་
བྱིན་གྱི་ལག་པ། མཆོད་སྦྱིན་གྱི་ལག་པ་ཞེས་པ་ལྟ་བུ་སྟེ། འདིར་ཡང་བསྟན་བཅོས་འདི་ཐེག་པ་ཆུང་ངུའི་གཞུང་གི་རྒྱན་དུ་གྱུར་པ་ནི་མ་ཡིན་གྱི། ཐེག་པ་ཆེན་པོའི་མདོ་སྡེའི་གཞུང་གི་རྒྱན་དུ་གྱུར་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གང་གི་དོན་དུ་བརྒྱན་པར་བྱེད། དེའི་ཕྱིར།
རྣམ་པ་དེའི་ཕྱིར་འགྲོ་བའི་སེམས་ཅན་ལ། །ཞེས་སྨོས་ཏེ། རྣམ་པ་ནི་ཐེག་པ་ཆེན་པོའི་དོན་དང་ཚིག་ལ་བྱའོ། །དེའི་ཕྱིར་འགྲོ་བའི་སེམས་ཅན་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་དོན་རྟོགས་པར་བྱ་བའི་ཕྱིར་ཞུགས་པའི་སེམས་ཅན་ལ་བྱ་སྟེ། དོན་དུ་ན་ཐེག་པ་ཆུང་ངུ་ལ་ཞུགས་པའི་སེམས་
ཅན་གྱི་དོན་དུ་བརྒྱན་པར་བྱེད་པ་ནི་མ་ཡིན་གྱི། ཐེག་པ་ཆེན་པོ་ལ་ཞུགས་པའི་སེམས་ཅན་གྱི་དོན་དང་ཆེད་དུ་བརྒྱན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་མཚན་མའི་ཕྱིར་ཞེས་བྱ་བ་བསྟན་ཏེ། མཚན་མའི་ཕྱིར་ཞེས་བྱ་བ་ནི་སྒྲའི་གཙུག་ལག་ལས་ནི། མིཏ་ཏ་སཔྟ། ཞེས་བྱ་བ་

འབྱུང་སྟེ། དེ་ཡང་དེའི་དོན་ནམ་དེའི་ཆེད་ཅེས་བྱ་བ་ལྟ་བུར་འདྲེན་ནོ། །ཇི་ལྟར་ཡོད་པ་བཤད་ཟིན་ཏོ། །ད་ནི་ཇི་སྙེད་པ་བཤད་པར་བྱའོ། །དེ་ལྟར་བརྒྱན་ན་རྒྱན་དུ་གྱུར་པའི་ཆོས་དུ་ཞིག་གིས་བརྒྱན་པར་བྱེད་ཅེ་ན། དེའི་ཕྱིར། འབྱོར་པའི་དོན་ཚུལ་བླ་མེད་སོང་བ་ལྔ་ཡི་རང་བཞིན་རབ་
ཏུ་སྟོན། །ཞེས་སྨོས་ཏེ་འབྱོར་པའི་དོན་ཚུལ་ནི་ཡི་གེ་དང་ཚིག་དང་དོན་དུ་འབྲེལ་པ་ལ་བྱའོ། །བླ་མེད་སོང་བ་ཞེས་བྱ་བ་ནི་ཡི་གེ་དང་ཚིག་ཏུ་འབྲེལ་པ་དང་ཚིག་དང་དོན་དུ་འབྲེལ་པ་དེ་ཡང་ཐེག་པ་ཆེན་པོར་གཏོགས་པའི་ཡི་གེ་དང་ཚིག་ཏུ་འབྲེལ་པ་དང་། ཚིག་དང་དོན་དུ་འབྲེལ་པ་ལ་བྱ་སྟེ།
དོན་དུ་ན་ཐེག་པ་ཆེན་པོར་གཏོགས་པའི་ཡི་གེ་དང་ཚིག་ཏུ་འབྲེལ་པ་དང་ཚིག་དང་དོན་དུ་འབྲེལ་པའི་ཆོས་ལྔའི་རང་བཞིན་རབ་ཏུ་སྟོན་པའི་སྒོ་ནས་བརྒྱན་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་ལྔའི་རང་བཞིན་གང་ཡིན་པ་དེ་ནི་གསེར་ལས་བརྡུངས་བྱས་ཞེས་བྱ་བ་ལ་སོགས་པ་དཔེའི་སྐབས་
སུ་བཤད་པར་བྱའོ། །དེ་ནི་འབྲེལ་པའི་ཚིག་རྣམས་རེ་རེ་ནས་དབྱེ་བར་བྱ་སྟེ། དོན་ཤེས་པར་བྱེད་པ་དག །དོན་སྟོན་པར་བྱེད་ཅེས་བྱ་བ་ལ་སོགས་པ་ནི་གང་ཞེས་བྱ་བ་རྣམས་ལས་བརྩམས་ཏེ་ཞེས་བྱ་བ་ལ། དོན་ཤེས་བྱེད་ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་དང་
པོས་ནི་གང་བརྒྱན་པར་བྱེད། གང་ལ་བརྒྱན་པར་བྱེད། གང་གིས་བརྒྱན་པར་བྱེད། གང་གི་ཕྱིར་བརྒྱན་པར་བྱེད། གང་ལས་བརྒྱན་པར་བྱེད། གང་གི་རྒྱན་དུ་བྱེད། གང་གི་དོན་དུ་བརྒྱན་པར་བྱེད། རྒྱན་རྣམ་པ་དུ་མས་བརྒྱན་པར་བྱེད་པ་ལས་བརྩམས་ཏེ་བསྟན་པ་
ཡིན་ནོ། །སུས་བརྒྱན་པར་བྱེད་ཅེ་ན། དོན་ཤེས་པའོ་ཞེས་བྱ་བ་ལ་གང་ཟག་གིས་བརྒྱན་པར་བྱེད། གང་ཟག་སུས་བརྒྱན་པར་བྱེད་ཅེ་ན། ཐེག་པ་ཆེན་པོའི་མདོ་སྡེ་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཀྱི་དོན་ཤེས་པའི་གང་ཟག་མཁས་པ་དེས་བརྒྱན་པར་བྱེད་ཅེས་བྱ་བའི་དོན་ཏོ། །
ཅི་ཞིག་བརྒྱན་ཞེ་ན། དོན་སྟོན་པར་བྱེད་པའོ་ཞེས་པ་ཅི་ཞིག་ལ་བརྒྱན། གང་ལ་བརྒྱན་པར་བྱེད་ཅེ་ན། ཐེག་པ་ཆེན་པོའི་མདོ་སྡེའི་དོན་དང་། ཚིག་ལ་བརྒྱན་པར་བྱེད་དོ། །དེ་ལ་དོན་ནི་རང་དང་སྤྱིའི་མཚན་ཉིད་དོ། །སྟོན་པ་ཞེས་བྱ་བའི་དོན་དེ་འཆད་པའི་ཚིག་ལ་བྱའོ། །

ཅིས་བརྒྱན་ཞེ་ན། ཚིག་དང་རྩ་བ་དྲི་མ་མེད་པ་སྟེ། །ཞེས་པ་ལ། རྒྱན་གང་གིས་བརྒྱན་ཞེ་ན། ཚིག་དྲི་མ་མེད་ཅིང་བཟང་བ་དང་། རྩ་བ་དྲི་མ་མེད་ཅིང་བཟང་བས་བརྒྱན་ཏེ་ཚིག་དང་རྩ་བ་བཟང་པོ་ནི་རྒྱན་ཡིན་ནོ། །ཚིག་དྲི་མ་མེད་པའི་དོན་བསྟན་པའི་ཕྱིར།
དྲི་མ་མེད་ཅེས་བྱ་བ་ནི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བ་ལ་སོགས་པའོ་ཞེས་པ་ལ། ཚིག་དེ་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བ་ལ་སོགས་པ་ཡན་ལག་བརྒྱད་དང་ལྡན་པས་ན་དྲི་མ་མེད་པ་ཞེས་བྱའོ། །ཡན་ལག་བརྒྱད་ནི་གྲོང་ཁྱེར་དུ་འགྲོ་བ་དང་། སྟོབས་
དང་ཡོན་ཏན་དུ་ལྡན་པ་དང་། རྣམ་པར་བསལ་བ་དང་། རྣམ་པར་ཤེས་པ་དང་། མཉན་པར་འོས་པ་དང་། མི་བརྟེན་པ་དང་། རབ་ཏུ་མི་མཐུན་པ་མེད་པ་དང་། མི་ཟད་པའོ། །ཚིག་དེ་མྱ་ངན་ལས་འདས་པར་འགྲོ་བའི་ཆོས་སྟོན་པར་བྱེད་པའི་མྱ་ངན་ལས་འདས་པ་
ཐོབ་པར་བྱེད་པའི་རྒྱུ་བྱེད་པས་ན་གྲོང་ཁྱེར་དུ་འགྲོ་བ་ཞེས་བྱའོ། །ཚིག་དེ་མུ་སྟེགས་རྣམས་འཇོམས་པའི་སྟོབས་དང་ལྡན་པ་དང་། འཇམ་ཞིང་སྙན་པའི་ཡོན་ཏན་དང་ལྡན་པ་ཞེས་བྱའོ། །ངེས་པའི་ཚིག་དང་ཡི་གེ་མཛེས་པ་དག་འབྱུང་བས་རྣམ་པར་གསལ་བ་ཞེས་བྱའོ། །ཚིག་དེ་
མཉན་པའི་དུས་ན་ཡང་བརྡ་ཕྲད་པར་སླ་བས་རྣམ་པར་ཤེས་པ་ཞེས་བྱའོ། །ཆོས་དང་དོན་དུ་བཅས་པ་སྟོན་པས་མཉན་པར་འོས་པ་ཞེས་བྱའོ། །ཁེ་དང་བཀུར་སྟི་ལ་མ་ཆགས་པས་མི་བརྟེན་པ་ཞེས་བྱའོ། །སྨྲ་བ་ན་ཡང་དྲན་པ་དང་དགོས་པ་ཉི་ཚེ་བ་སྨྲ་བས་རབ་ཏུ་མི་མཐུན་པ་མེད་པ་
ཞེས་བྱའོ། །སྤོབས་པ་ཞུམ་པ་མེད་པ་དང་སྤོབས་པ་ཟད་མི་ཤེས་པའི་ཐབས་འབྱུང་བས་མི་ཟད་པ་ཞེས་བྱའོ། །དེ་ལྟར་ཡན་ལག་བརྒྱད་དང་ལྡན་པའི་ཚིག་དེ་མདོར་ན་ཡོན་ཏན་གསུམ་དང་ལྡན་པར་རིག་པར་བྱའོ། །ཡོན་ཏན་གསུམ་ནི། དབང་དུ་བྱས་པ་དང་། རང་བཞིན་དང་སྦྱོར་
བའོ། །དེ་ལ་གྲོང་ཁྱེར་དུ་འགྲོ་ཞེས་བྱ་བའི་ཚིག་གཅིག་གི་དབང་དུ་བྱས་པ་བསྟན་ཏེ། ཚིག་དེ་མྱ་ངན་ལས་འདས་པ་ཐོབ་པའི་དབང་དུ་བྱས་ནས་གསུངས་པའི་ཕྱིར་རོ། །སྟོབས་དང་ཡོན་ཏན་དུ་ལྡན་པ་དང་། རྣམ་པར་གསལ་བ་གཉིས་ཀྱིས་ནི་རང་བཞིན་བསྟན་ཏོ། །ལྷག་མ་

རྣམས་ཀྱིས་ནི་སྦྱོར་བ་བསྟན་ཏེ། །རྩ་བ་དྲི་མ་མེད་པ་ཇི་ལྟ་བུ་ཡིན་པ་བསྟན་པའི་ཕྱིར། དྲི་མ་མེད་པའི་རྩ་བ་ཞེས་བྱ་བ་ནི་ཚིག་དང་ཡི་གེར་སྦྱོར་ཅིང་ལྡན་པ་ལ་སོགས་པ་རྒྱ་ཆེར་བྱ་སྟེ་ཞེས་བྱ་བ་སྨོས་ཏེ། ཚིག་དང་ཡི་གེར་འབྱོར་པ་ལ་སོགས་པ་ཡན་ལག་བརྒྱད་དང་ལྡན་པས་ན་རྩ་
བ་དྲི་མ་མེད་པ་ཞེས་བྱའོ། །ཡན་ལག་བརྒྱད་ནི་ཚིག་དང་ཡི་གེར་འབྱོར་པ་དང་བཅས་པ་དང་། ལུགས་བཞིན་པ་དང་། རྗེས་སུ་བསལ་བ་དང་། སོ་སོར་མཐུན་པ་དང་། ཉེ་བར་འདྲེན་པ་དང་། གཟུང་བར་འོས་པ་དང་། མཁས་པ་དང་། རབ་ཏུ་བྱེད་པའི་ཡན་ལག་གི་
ཚོགས་སོ། །དེ་ལ་ཚིག་དང་ཡི་གེ་དང་མིང་ལ་སོགས་པའི་རིམ་བཞིན་དུ་སྟེང་འོག་མ་འཁྲུལ་པར་འཆད་པས་ན་ཚིག་དང་ཡི་གེར་འབྱོར་པ་ཞེས་བྱའོ། །ཡང་ན་འབྱོར་པ་ཞེས་བྱ་བ་ནི་རིགས་པ་ལ་བྱ་སྟེ། བྱ་བ་སྒྲུབ་པའི་རིགས་པ་དང་། ལྟོས་པའི་རིགས་པ་དང་། གཏན་ཚིགས་
སྒྲུབ་པའི་རིགས་པ་དང་། ཆོས་ཉིད་ཀྱི་རིགས་པ་སྟེ། རིགས་པ་བཞི་དང་ལྡན་པའི་ཚིག་དང་། ཡི་གེ་སྟོན་པའི་ཕྱིར་ཚིག་དང་ཡི་གེར་འབྱོར་པ་ཞེས་བྱའོ། །བསྒྲུབ་པར་བྱ་བ་དང་། སྒྲུབ་པར་བྱེད་པ་རྣམ་པ་གཉིས་ཡོད་པ་ལས། སྒྲུབ་པར་བྱེད་པས་བསྒྲུབ་པར་བྱ་བ་
གྲུབ་པར་འགྱུར་བའི་མཚན་ཉིད་སྟོན་ཏེ། བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་འབྲེལ་པ་འཆད་པས་ན་བཅས་པ་ཞེས་བྱའོ། །བཤད་པའི་ཚིག་རྣམས་ཀྱང་སྔར་བཤད་པར་བྱ་བའི་ཚིག་ཕྱིས་མི་སྨྲ། ཕྱིས་སྨྲ་བར་བྱ་བའི་ཚིག་སྔར་མི་སྨྲ་སྟེ། བཤད་པའི་ཚིག་རྣམས་
སྟེང་འོག་འབྲེལ་པར་རིམ་བཞིན་དུ་འཆད་པས་ན་ལུགས་བཞིན་པ་ཞེས་བྱའོ། །ཚིག་དང་ཡི་གེ་ཐམས་ཅད་ཀྱང་བརྡ་ཕྲད་པར་སླ་བ་གསལ་བ་དག་སྟོན་པས་ན་རྗེས་སུ་གསལ་བ་ཞེས་བྱའོ། །ཉན་ཐོས་ཀྱི་རིགས་ཅན་གྱི་གང་ཟག་ལ་ཡང་ཉན་ཐོས་ཀྱི་ཐེག་པའི་ཆོས་སྟོན། རང་
སངས་རྒྱས་ཀྱི་རིགས་ཅན་གྱི་གང་ཟག་ལ་ཡང་རང་སངས་རྒྱས་ཀྱི་ཐེག་པའི་ཆོས་སྟོན། ཐེག་པ་ཆེན་པོའི་རིགས་ཅན་གྱི་གང་ཟག་ལ་ཡང་ཐེག་པ་ཆེན་པོའི་ཆོས་སྟོན་ཏེ། འཁོར་ཇི་ལྟ་བ་བཞིན་དུ་འཁོར་དང་མཐུན་པ་ཁོ་ནར་སྟོན་པས་ན་སོ་སོར་མཐུན་པ་ཞེས་བྱའོ། །ཚིག་རྣམས་

ཀྱང་ཡིད་དུ་འོང་ཞིང་ཡིད་སིམ་པ་དང་། སྙིང་དགའ་བར་འགྱུར་བ་ཤ་སྟག་སྟོན་པས་ན་ཉེ་བར་འདྲེན་པ་ཞེས་བྱའོ། །ཆོས་བཤད་པའི་དུས་བཞིན་དུ་སྟོན་པ་དང་། ཆོས་དང་དོན་དུ་བཅས་པར་སྟོན་པས་ན་གཟུང་བར་འོས་པ་ཞེས་བྱའོ། །མཁས་པ་
དང་རྟག་ཏུ་བྱེད་པའི་ཡན་ལག་ཅེས་པ་ལ། མཁས་པར་བྱེད་པ་དང་རྟག་ཏུ་བྱེད་པ་ཞེས་བྱ་བར་སྦྱར་ཏེ། སློབ་མ་རྣམས་ཆོས་ཀྱི་མཚན་ཉིད་ལ་མཁས་པར་བྱེད་པ་དང་། ཆོས་རྒྱུན་དུ་སྟོན་པར་བྱེད་པའི་ཕྱིར་མཁས་པ་དང་རྟག་ཏུ་བྱེད་པ་ཞེས་བྱ་སྟེ། དེའི་ཡན་ལག་ནི་ཡང་དག་པའི་
ལྟ་བ་ལ་སོགས་པ་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་དོ། །དེ་ལྟ་བུའི་ཆོས་དག་འཆད་པས་ན་མཁས་པ་དང་རྟག་ཏུ་བྱེད་པའི་ཡན་ལག་གི་ཚོགས་ཞེས་བྱའོ། །ཐེག་པ་ཆེན་པོའི་ཆོས་རྣམས་ལ་རིན་པོ་ཆེ་ལ་སོགས་པས་བརྒྱན་དུ་མི་རུང་སྙམ་པ་ལ། མི་རུང་བ་བསྟན་པའི་ཕྱིར་
གང་གི་ཕྱིར་ཚིག་དང་རྩ་བ་དང་། ཡི་གེ་མེད་པར་དོན་བསྟན་པར་མི་ནུས་པའི་ཕྱིར་རོ་ཞེས་སྟོན་ཏེ། ཚིག་བཟང་པོ་དང་རྩ་བ་བཟང་པོ་དང་། ཡི་གེ་བཟང་པོ་མེད་པར་ཐེག་པ་ཆེན་པོའི་དོན་བསྟན་པར་མི་ནུས་ཏེ། ཐེག་པ་ཆེན་པོའི་དོན་བསྟན་པ་ཡང་ཚིག་དང་རྩ་བ་དང་ཡི་གེ་
བཟང་པོས་སྟོན་པར་བྱེད་དོ། །གང་གི་ཕྱིར་ཞེ་ན། སྡུག་བསྔལ་བསྒྲལ་བའི་ཕྱིར་རོ་ཞེས་པ་ལ། གང་གི་ཕྱིར་བརྒྱན་པར་བྱེད་ཅེ་ན། ཁམས་གསུམ་གྱི་སེམས་ཅན་སྐྱེ་རྒ་ན་འཆི་ལ་སོགས་པས་སྡུག་བསྔལ་བ་རྣམས་ཀྱི་སྡུག་བསྔལ་བསལ་བའི་ཕྱིར་བརྒྱན་པར་བྱེད་དོ་ཞེས་
བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ནི། ཅིའི་ཕྱིར་བརྒྱན་པར་བྱེད། རྒྱུ་གང་གིས་བརྒྱན་པར་བྱེད། རྒྱུ་གང་ལས་རྒྱན་དེ་བྱུང་ཞེ་ན་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་སྡུག་བསྔལ་བའི་འགྲོ་བ་ལ་སྙིང་རྗེ་སྟེ། དེ་བས་ན་སྙིང་རྗེ་བའི་ཕྱིར་རོ་ཞེས་པ་ལ་གང་གི་ཕྱིར་བྱང་
ཆུབ་སེམས་དཔའ་རྣམས་སྡུག་བསྔལ་གྱིས་ཉེན་པའི་འགྲོ་བ་ལ་སྙིང་རྗེ་སྟེ། དེ་བས་ན་སྙིང་རྗེ་དང་ལྡན་པའི་རྒྱུས་བརྒྱན་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །བདག་ཉིད་ཅེས་བྱ་བ་ནི་སྙིང་རྗེའི་བདག་ཉིད་དེ་ཞེས་བྱ་བ་ལ། བདག་ཉིད་ཅེས་བྱ་བ་ནི་སྙིང་རྗེའི་བདག་ཉིད་ལ་བྱ་སྟེ། བྱང་

ཆུབ་སེམས་དཔའ་རྣམས་ནི་སྙིང་རྗེ་དང་ལྡན་པའི་རང་བཞིན་ཅན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅིའི་རྒྱན་དུ་བྱེད་ཅེ་ན་ཞེས་པ་ནི་ཐེག་པ་གསུམ་ལས་ཐེག་པ་གང་གི་རྒྱན་དུ་བྱེད་ཅེས་བྱ་བའི་དོན་ཏོ། །ཐེག་པ་དམ་པའི་རྣམ་པ་བསྟན་པ་ཆོས་གང་ལ་ཡོད་པ་ཆོས་དེའིའོ་ཞེས་པ་ལ་
ཆོས་དེའི་གཞུང་དང་མདོ་སྡེ་གང་ལས་ཐེག་པ་དམ་པའི་རྣམ་པ་སྟེ། ཐེག་པ་ཆེན་པོའི་ཆོས་ཀྱི་རང་བཞིན་ཐབས་དང་ཤེས་རབ་ཀྱི་མཚན་ཉིད་ཆོས་གང་ལས་བྱུང་བའི་ཆོས་དེའི་རྒྱན་དུ་བྱེད་ཀྱི། ཐེག་པ་ཆུང་ངུའི་ཆོས་ཀྱི་རྒྱན་དུ་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སུ་དག་གི་ཕྱིར་
བརྒྱན་ཞེ་ན་ཞེས་བྱ་བ་ནི། ཉན་ཐོས་ཀྱི་རིགས་ཅན་གྱི་གང་ཟག་དང་། རང་སངས་རྒྱས་ཀྱི་རིགས་ཅན་གྱི་གང་ཟག་དང་། ཐེག་པ་ཆེན་པོའི་རིགས་ཅན་གྱི་གང་ཟག་ལས་གང་གི་དོན་དུ་བརྒྱན་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་འགྲོ་བའི་སེམས་ཅན་གྱི་ཕྱིར་རོ་ཞེས་བྱ་
བ་ནི་དེའི་སྒྲ་ཐེག་པ་ཆེན་པོ་དང་སྦྱར་ཏེ། ཐེག་པ་ཆེན་པོ་དེ་རྟོགས་པར་བྱ་བའི་ཕྱིར་ཞུགས་པའི་སེམས་ཅན་རྣམས་ཀྱི་དོན་དང་ཆེད་དུ་བརྒྱན་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་མཚན་མ་བདུན་པ་སྟེ་ཞེས་བྱ་བས་དེའི་ཕྱིར་ཞེས་བྱ་བའི་སྒྲ་སྒྲའི་གཙུག་ལག་གི་མཚན་ཉིད་
དང་སྦྱར་ན། མཚན་མ་བདུན་པ་ཞེས་བྱ་སྟེ། མཚན་མ་བདུན་པའི་དོན་ནི་དེའི་ཕྱིར་རམ་དེའི་དོན་དུའམ། དེའི་དོན་དུ་ཞེས་བྱ་བའི་ཚུལ་དུ་འདྲེན་ནོ། །རྒྱན་རྣམ་པ་དུ་མས་བརྒྱན་ཞེ་ན་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་ཆོས་དང་དོན་ལ་བརྒྱན་ན། རྒྱན་གྱི་གྲངས་དུ་ཞིག་གིས་བརྒྱན་
པར་བྱེད་ཅེ་ན་ཞེས་བྱ་བའི་དོན་ཏེ། དེ་ཡང་ཆོས་ལྔས་བརྒྱན་པར་བྱེད་དོ། །འབྱོར་པ་ནི་ལྡན་པའོ་ཞེས་པ་ལ་ཡི་གེ་དང་ཚིག་ཏུ་འབྲེལ་པ་དང་། ཚིག་དང་དོན་དུ་འབྲེལ་པ་ལ་བྱའོ། །བླ་མེད་ནི་བླ་ན་མེད་པའི་ཐེག་པར་སོང་བ་ལ་བྱའོ་ཞེས་བྱ་བ་ལ་བླ་ན་མེད་པར་སོང་བ་ཞེས་བྱ་བ་ནི་
བླ་ན་མེད་པའི་ཐེག་པར་སོང་བ་ལ་བྱ་སྟེ། དོན་དུ་ན་ཐེག་པ་ཆེན་པོར་གཏོགས་པའི་ཆོས་ལྔ་བསྟན་པའི་སྒོ་ནས་བརྒྱན་པར་བྱེད་ཅེས་པའི་དོན་ཏོ། །ད་ནི་དོན་གྱི་ཚུལ་ལྔའི་རང་བཞིན་དེ་དག་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏོ་ཞེས་བྱ་བ་ལ། གོང་དུ་རྒྱན་དུས་བརྒྱན་ཞེས་བྱ་བ་

ལ། ཆོས་རྣམ་པ་ལྔ་བསྟན་པས་བརྒྱན་ཏོ་ཞེས་དེ་སྐད་དུ་གླེངས་པ་ལ། ད་ནི་ཚིགས་སུ་བཅད་པ་གཉིས་པོས་ཆོས་ལྔ་པོ་དེ་དག་གང་དང་གང་ཡིན་པ་སྟོན་ཏོ། །དེ་ལ་ཐེག་པ་ཆེན་པོའི་ཆོས་རྣམས་ནི་དོན་རྣམ་པ་ལྔའི་དབང་དུ་བྱས་ནས་བཤད་དེ། ལྔ་
གང་ཞེ་ན། བསྒྲུབ་པར་བྱ་བ་དང་། ཤེས་པར་བྱ་བ་དང་། བསམ་པ་དང་། བསམ་གྱིས་མི་ཁྱབ་པ་དང་། ཡོངས་སུ་རྫོགས་པར་ཐུགས་སུ་ཆུད་པའི་དོན་སོ་སོ་རང་གིས་རིག་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་རང་བཞིན་ནོ། །ཆོས་དེ་ལྔའི་འགྲེལ་པ་ནི་རྣམ་པ་གསུམ་སྟེ། ཐེག་པ་ཆེན་པོའི་དངོས་
པོ་ལྔ་དང་། རང་བཞིན་གསུམ་དང་། གང་ཟག་རྣམ་པར་གཞག་པའོ། །དེ་ལ་ཐེག་པ་ཆེན་པོའི་དངོས་པོ་ལྔ་ནི། མིང་དང་། མཚན་མ་དང་། རྣམ་པར་རྟོག་པ་དང་། དེ་བཞིན་ཉིད་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །དེ་ལ་མིང་ཞེས་བྱ་བ་ནི་བརྡ་དང་ཐ་སྙད་དང་། མངོན་
པར་བརྗོད་པའི་རང་བཞིན་ཏེ། འཇིག་རྟེན་པ་གང་མིང་གི་སྒོ་ནས་ཕུང་པོ་དང་ཁམས་ལ་སོགས་པའི་ཆོས་རྣམས་ལ་མངོན་པར་ཞེན་ཏོ། །ཇི་ལྟར་ཞེ་ན། ཇི་ལྟར་མིང་གང་དང་གང་གིས་ཆོས་གང་དང་གང་དག་ལ་མངོན་པར་བརྗོད་ཅིང་བཏགས་པ་དེ་བཞིན་དུ་ཆོས་དེ་དག་རང་བཞིན་གྱིས་ཡོད་
དོ་ཞེས་ཆགས་སོ། །དེ་ལ་མིང་གིས་བརྗོད་པའི་ཆོས་དེ་དག་ནི་མིང་དང་ཆོས་སུ་བཅས་ཏེ་མེད་པ་ཡིན་ནོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་ཀྱང་། མིང་ནི་གང་དང་གང་དག་གིས། །ཆོས་ནི་གང་དང་གང་བརྗོད་པ། །དེ་ནི་དེ་ན་མེད་པ་སྟེ། །དེ་ནི་ཆོས་ཀྱི་ཆོས་ཉིད་དོ། །ཞེས་གསུངས་སོ། །
དེ་ལྟར་འཇིག་རྟེན་པའི་མིང་གི་སྒོ་ནས་ཆོས་རྣམས་ལ་ཡོད་པར་མངོན་པར་ཞེན་པ་དག་ལ། གང་མིང་གིས་བརྗོད་པའི་ཆོས་དེ་དག་ནི་རང་བཞིན་གྱིས་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་བྱ་བ་དཀའ་བས་ན་དེ་ནི་གཏན་ཚིགས་ཀྱིས་བསྒྲུབ་པར་བྱ་བའོ། །དེ་དང་ཆོས་འདྲ་བའི་དཔེ་ནི། གསེར་
ལས་བརྡུངས་བྱས་འདྲ་ཞིང་ཞེས་བྱ་བ་ལ་འདི་ལྟར་མགར་བ་མཁས་པས་བརྡུངས་པ་དང་བསྲེགས་པ་དང་། སྦྱངས་པ་ལ་སོགས་པའི་འབད་པ་དང་རྩོལ་བ་ཆེན་པོས་ལས་སུ་རུང་བར་བྱས་ཏེ། རྣ་ཆ་དང་དཔུང་རྒྱན་ལ་སོགས་པའི་རྒྱན་དུ་བསྒྲུབས་ནས་མཛེས་པར་བརྒྱན་ན་དགའ་

བའི་མཆོག་བསྐྱེད་པ་དེ་བཞིན་དུ། ཐེག་པ་ཆེན་པོ་འདི་ལ་ཡང་མིང་གིས་དངོས་པོ་འདི་ལ་མངོན་པར་ཆགས་པ་རྣམས་ལ་མིང་གང་གིས་བརྗོད་པའི་དངོས་པོ་དེ་དག་རང་བཞིན་གྱིས་ཡོད་པ་མ་ཡིན་ནོ་ཞེས་གཏན་ཚིགས་ཀྱིས་རང་གི་ཕྱོགས་བསྒྲུབ་པ་དང་གཞན་གྱི་ཕྱོགས་སུ་ནི་དབྱུང་བ་ལ་
སོགས་པའི་སྒོ་ནས་མེད་པར་བསྒྲུབས་ན། གསེར་ལས་བརྡུངས་སུ་བྱས་པ་བཞིན་དུ་དགའ་བའི་མཆོག་སྐྱེ་བར་འགྱུར་ཏེ། བསྒྲུབ་པར་བྱ་བ་སྨྲས་ཟིན་ཏོ། །མཚན་མ་ནི་མངོན་པར་བརྗོད་པའི་བདག་ཉིད་ཀྱི་མིང་དེ་ཉིད་ཀྱི་དངོས་པོ་རྟེན་དུ་གྱུར་པ་ས་བོན་དང་མྱུ་གུ་ལ་སོགས་པ་ཕྱིའི་གཞན་གྱི་
དབང་གི་རང་བཞིན་གཟུང་བའི་ཆ་ལ་བྱ་སྟེ། ཕྱིའི་དངོས་པོ་གང་ལ་བརྟེན་ནས་མིང་རྣམ་པ་སྣ་ཚོགས་འཇུག་པར་འགྱུར་བའི་ཕྱིར་གཞན་དབང་ལ་མཚན་མ་ཞེས་བྱའོ། །དངོས་པོ་དེ་ཡང་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་རང་གི་སེམས་ལས་སྣང་བ་ཙམ་དུ་ཟད་པ་བུམ་པ་དང་སྣམ་བུ་ལ་སོགས་པར་
འཇིག་རྟེན་རང་གིས་རིག་པ་སྟེ། དེ་ནི་རྟེན་འབྲེལ་ཡིན་ནོ་ཞེས་བསྟན་ནས་ཤེས་པར་བྱ་བ་ཙམ་དུ་ཟད་དོ། །ཇི་ལྟར་ཞེ་ན་ཕྱིའི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་དེ་མངོན་སུམ་དུ་གྱུར་ཏེ། རང་གིས་རིག་པས་ན་མངོན་སུམ་དུ་སྣང་བ་དེ་ལ་འཇིག་རྟེན་པ་རྣམས་གཅིག་ཏུ་ཐེ་ཚོམ་སྐྱེ་ཞིང་ཡིད་གཉིས་
ཟ་བ་མེད་པས་ན་ས་བོན་ལས་མྱུ་གུ། མྱུ་གུ་ལས་འདབ་མ་ཞེས་བྱ་བ་ལ་སོགས་པའི་སྒོ་ནས་ཤེས་པར་བྱ་བ་ཙམ་དུ་ཟད་དོ། །དེ་དང་ཆོས་འདྲ་བའི་དཔེ་ནི་པདྨོ་རྒྱས་པ་བཞིན་ཞེས་བྱ་སྟེ། ཇི་ལྟར་ཉི་མའི་འོད་ཟེར་གྱིས་ཁ་བྱེ་བའི་པདྨ་ཁ་བྱེ་བ་མཐོང་ན་དགའ་བའི་མཆོག་སྐྱེ་བ་དེ་བཞིན་དུ།
ཕྱིའི་དངོས་པོ་རྣམས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ཡིན་པར་འབད་རྩོལ་ཆེན་པོ་མེད་པས་བསྟན་ཏེ། ཤེས་པར་གྱུར་ན་དགའ་བའི་མཆོག་སྐྱེ་བར་འགྱུར་ཏེ། ཤེས་པར་བྱ་བ་བཤད་ཟིན་ཏོ། །དེ་ལ་རྣམ་པར་རྟོག་པ་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་དེ་ཉིད་དངོས་པོ་ཙམ་དུ་སེམས་དང་སེམས་
ལས་བྱུང་བའི་རང་བཞིན་འཛིན་པའི་ཆར་གྱུར་པའི་ནང་གི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ལ་བྱའོ། །དེ་ལ་ནི་ཐེག་པ་ཆེན་པོའི་ཆོས་ཉན་པ་དང་། བསམ་པ་ལ་སོགས་པའི་སྒོ་ནས་ཚུལ་བཞིན་དུ་རྣམ་པར་རྟོག་པས་ཕྱིའི་ཡུལ་རྣམས་ནི་སེམས་ལས་བྱུང་བ་ཡིན་ནོ་ཞེས་དེ་ལྟར་བསམ་པར་

བྱའོ། །ཇི་ལྟར་མངོན་པའི་ཆོས་བསྡུས་པ་ལས། ཆོས་ལ་རབ་ཏུ་ཞུགས་པའི་ཆོས་རྣམས་ལ་དཔྱོད་པ་ནི་རིགས་པ་དུས་དཔྱོད་པར་བྱེད་ཅེ་ན། རིགས་པ་བཞིས་དཔྱོད་པར་བྱེད་དེ། རིགས་པ་བཞི་ནི། ལྟོས་པའི་རིགས་པ་དང་། བྱ་བ་བྱེད་པའི་རིགས་པ་
དང་། གཏན་ཚིགས་སྒྲུབ་པའི་རིགས་པ་དང་། ཆོས་ཉིད་སྒྲུབ་པའི་རིགས་པའོ། །ད་ལྟར་རིགས་པ་བཞིས་ཕྱིའི་དངོས་པོ་རྣམས་ནི་སེམས་ལས་སྣང་བ་ཡིན་ནོ་ཞེས་ཚུལ་བཞིན་དུ་རྣམ་པར་བརྟགས་ཏེ་བསམས་ན་ཀུན་ནས་ཉོན་མོངས་པ་སྤངས་པ་དང་རྣམ་པར་བྱང་བ་སྐྱེ་བ་དང་
རྗེས་སུ་མཐུན་པར་འགྱུར་རོ། །དེ་དང་ཆོས་མཐུན་པའི་དཔེ་ནི། བཀྲེས་པས་ཉེན་པ་གཡོས་ལེགས་ཁ་ཟས་ཟ་བ་འདྲ། །ཞེས་བྱ་སྟེ། ཇི་ལྟར་ཁ་ཟས་ལེགས་པར་གཡོས་པའི་ཁ་དོག་དང་དྲི་དང་རོ་ལ་སོགས་པ་ཕུན་སུམ་ཚོགས་པ། བཀྲེས་པས་ཉེན་པའི་གང་ཟག་གིས་ཟོས་
ན་དགའ་བའི་མཆོག་སྐྱེ་བ་དེ་བཞིན་དུ་ཐེག་པ་ཆེན་པོའི་ཆོས་བདུད་རྩིའི་ཟས་དང་འདྲ་བ་འདི་ལ་ཡང་སྔོན་དམ་པའི་ཆོས་ཉན་པ་དང་། བསམ་པ་ལ་སོགས་པ་མ་བྱས་པས་བཀྲེས་པར་གྱུར་པ་རྣམས་ཀྱིས་མཉན་པ་དང་བསམ་པ་ལ་སོགས་པའི་སྒོ་ནས་ཚུལ་བཞིན་ཡིད་ལ་བྱེད་
པས་བསམས་ཏེ་ཟོས་ན་དོན་རྟོགས་པས་ཚིམ་པ་ཐོབ་ན་དགའ་བའི་མཆོག་སྐྱེ་བར་འགྱུར་ཏེ། བསམ་པ་བཤད་ཟིན་ཏོ། །དེ་བཞིན་ཉིད་ནི་བསམ་གྱིས་མི་ཁྱབ་པ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། སོ་སོའི་སྐྱེ་བོས་བསམ་པའི་སྤྱོད་ཡུལ་ལས་འདས་པ་དང་། འཕགས་པ་རྣམས་
ཀྱིས་སོ་སོ་རང་གིས་རིག་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ཡང་ཐེག་པ་ཆེན་པོ་བསྡུས་པའི་བསྟན་བཅོས་ལས་ཆོས་ཀྱི་སྐུ་ནི་བསམ་གྱིས་མི་ཁྱབ་པའི་མཚན་ཉིད་དོ་ཞེས་བཤད་པ་ལྟ་བུའོ། །དེ་ལྟར་ན་དེ་བཞིན་ཉིད་རྣམ་པར་དག་པ་ནི་སོ་སོ་རང་གིས་རིག་པ་ཡིན་པའི་ཕྱིར་དང་། འཇིག་
རྟེན་ན་དེ་དང་འདྲ་བའི་དཔེ་མེད་པ་དང་། རྟོག་གེའི་སྤྱོད་ཡུལ་ལས་འདས་པའི་ཕྱིར་བསམ་གྱིས་མི་ཁྱབ་པའོ། །དེ་དང་ཆོས་འདྲ་བའི་དཔེ་ནི། ཕྲིན་ཡིག་སྙན་པ་ཐོས་པ་འདྲ། །ཞེས་བྱ་སྟེ། ཇི་ལྟར་དོན་དང་ཚིག་ཏུ་འབྲེལ་པ་དོན་ཕུན་སུམ་ཚོགས་པའི་ཕྲིན་ཡིག་སྙན་པ་དེ་དོན་ལ་

ཕྱིན་ཅི་ལོག་ཏུ་རྣམ་པར་རྟོག་པ་སྤངས་པའི་མཁས་པའི་ལག་ཏུ་སོང་སྟེ་མཐོང་ནས་དོན་རྟོགས་ནས་དགའ་བའི་མཆོག་སྐྱེ་བ་དེ་བཞིན་དུ་དེ་ཉིད་དེ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ས་དང་པོ་ཁོང་དུ་ཆུད་པ་ནས་བརྩམས་ཏེ་མངོན་སུམ་དུ་གྱུར་པ་ན་དེ་བཞིན་ཉིད་དེ་སོ་སོ་རང་
གིས་རིག་པ་དང་། རྟོག་གེའི་སྤྱོད་ཡུལ་ལས་འདས་པ་དང་། ཟག་པ་མེད་པ་དང་དཔེ་མེད་པར་གཟིགས་ནས་དགའ་བའི་མཆོག་སྐྱེ་སྟེ། དེ་བས་ན་ས་དང་པོ་དེ་རབ་ཏུ་དགའ་བ་ཞེས་བཏགས་སོ། །དེ་ལྟར་ན་དེ་བཞིན་ཉིད་དེ་འཕགས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་ན། ཅིའི་
ཕྱིར་བསམ་གྱིས་མི་ཁྱབ་ཅེས་བྱ་ཞེ་ན། བྱིས་པ་དེ་ཁོ་ན་ཁོང་དུ་མ་ཆུད་པ་རྣམས་ཀྱིས་བསམ་པར་མི་ནུས་ཏེ། དེ་དག་གིས་བསམ་པ་ལས་འདས་པས་ན་བསམ་གྱིས་མི་ཁྱབ་པ་ཞེས་བྱ་སྟེ། བསམ་གྱིས་མི་ཁྱབ་པ་ཞེས་བཤད་ཟིན་ཏོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་ཡོངས་སུ་
རྫོགས་པ་ཐུགས་སུ་ཆུད་པའི་དོན་བྱང་ཆུབ་ཀྱི་ཕྱོགས་ཀྱི་རང་བཞིན་ཞེས་བྱ་སྟེ། ཡོངས་སུ་གྲུབ་པ་རྣམ་པ་གཉིས་ལས་ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པའི་རང་བཞིན་ཡིན་པས་ཡོངས་སུ་གྲུབ་པ་ཞེས་བྱའོ། །རྣམ་པར་མི་རྟོག་པ་དེ་ནི་བཤད་པའི་ཆོས་མ་ཡིན་གྱི་རྟོགས་ཤིང་
ཁོང་དུ་ཆུད་པར་བྱ་བའི་ཆོས་ཡིན་པས་ན་ཐུགས་སུ་ཆུད་པའི་དོན་ཞེས་བྱའོ། །སེམས་དང་སེམས་ལས་བྱུང་བའི་རང་བཞིན་ཡིན་པས་ན་བྱང་ཆུབ་ཀྱི་ཕྱོགས་ཀྱི་རང་བཞིན་ཞེས་བྱ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་རྩིག་པ་ལ་སོགས་པ་ལྟ་བུར་བླུན་པའི་རང་བཞིན་མ་ཡིན་གྱི་འཕགས་
པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ་ཡིན་པས་ན་བྱང་ཆུབ་ཀྱི་ཕྱོགས་ལ་རང་བཞིན་དུ་བཤད་པ་དེ་དང་ཆོས་འདྲ་བའི་དཔེ་ནི་རིན་ཆེན་སྒྲོམ་ཕྱེ་ལྟར་ཞེས་བྱ་བ་སྟེ། དཔེར་ན་རིན་པོ་ཆེ་སྣ་ཚོགས་ཡོད་པའི་སྒྲོམ་དེ་ཁ་ཕྱེ་ནས་ཁ་དོག་དང་འོད་དུ་ལྡན་པའི་རིན་པོ་ཆེ་སྣ་ཚོགས་མཐོང་ན་དགའ་བའི་
མཆོག་སྐྱེ་བ་དེ་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་ཏེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རིན་པོ་ཆེ་དེ་དག་སེམས་ཀྱི་རྒྱུད་ལ་སྣང་བར་གྱུར་ན་དགའ་བའི་མཆོག་སྐྱེ་བར་འགྱུར་རོ། །བརྒལ་བ་ཡོངས་སུ་གྲུབ་པ་རྣམ་པ་གཉིས་ཏེ།

མི་འགྱུར་བར་ཡོངས་སུ་གྲུབ་པ་དང་། ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པའོ། །དེ་ལྟར་དེ་བཞིན་ཉིད་དང་རྣམ་པར་མི་རྟོག་པའི་ཡེ་ཤེས་གཉིས་ཀ་ལ་ཡང་ཡོངས་སུ་གྲུབ་པར་འདྲ་བ་ལས་ཅིའི་ཕྱིར་དེ་ཉིད་ལ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་ལ། རྣམ་པར་
མི་རྟོག་པའི་ཡེ་ཤེས་ལ་བསམ་གྱིས་མི་ཁྱབ་པ་ཞེས་མི་བྱ་ཞེ་ན། ལན་དུ་དེ་གཉིས་ཀ་ཡོངས་སུ་གྲུབ་པ་ཡིན་པར་བདེན་མོད་ཀྱི་འོན་ཀྱང་དེ་བཞིན་ཉིད་ནི་བྱིས་པ་དེ་ཁོ་ན་ཁོང་དུ་མ་ཆུད་པ་རྣམས་ལ་ནམས་ཀྱང་རང་གིས་རིག་པར་མ་གྱུར་ཏོ། །བྱང་ཆུབ་ཀྱི་ཕྱོགས་ནི་སེམས་དང་སེམས་
ལས་བྱུང་བའི་རང་བཞིན་ཡིན་ཏེ། དེ་ཟག་པ་མེད་པའི་ངོ་བོ་ཡིན་དུ་ཟིན་ཀྱང་དེ་ཁོ་ན་ཉིད་མ་རྟོགས་པ་རྣམས་ཀྱིས་དེ་བཞིན་ཉིད་ནི་སོ་སོ་རང་གིས་རིག་པར་འགྱུར་རོ། །ཇི་ལྟར་ཞེ་ན། འདི་ལྟར་ཆོས་ཀྱི་སྐུའི་རྒྱུ་མཐུན་པ་ལས་བྱུང་བའི་ཐེག་པ་ཆེན་པོའི་ཆོས་མཉན་པ་དང་། མཉན་
ནས་སེམས་པའི་དུས་ན་དེ་ཁོ་ན་ཁོང་དུ་མ་ཆུད་པ་རྣམས་ལ་ནམས་ཀྱང་རང་གིས་རིག་པར་མ་གྱུར་ཏོ། །བྱང་ཆུབ་ཀྱི་ཕྱོགས་ནི་སེམས་དང་སེམས་ལས་བྱུང་བའི་རང་བཞིན་ཡིན་ཏེ། ཟག་པ་མེད་པའི་ངོ་བོ་ཡིན་དུ་ཟིན་ཀྱང་དེ་ཁོ་ན་མ་རྟོགས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་འགྱུར་རོ། །
ཇི་ལྟར་ཞེ་ན། འདི་ལྟར་ཆོས་ཀྱི་སྐུའི་རྒྱུ་མཐུན་པ་ལས་བྱུང་བའི་ཐེག་པ་ཆེན་པོའི་ཆོས་མཉན་པ་དང་། མཉན་ནས་སེམས་པའི་དུས་ནི་དེ་ཁོ་ན་མ་རྟོགས་པ་རྣམས་ལ་ཡང་ཚུལ་བཞིན་དུ་སྦྱོར་བའི་ཚེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་སོ་སོ་རང་གིས་རིག་པ་དང་རྗེས་སུ་མཐུན་པའི་སེམས་སྐྱེ་བར་
འགྱུར་རོ། །སོ་སོ་རང་གིས་རིག་པ་དང་རྗེས་སུ་མཐུན་པའི་སེམས་སྐྱེ་བར་ཡང་ཅིས་མངོན་ཞེ་ན། ཇི་ལྟར་ཐེག་པ་ཆེན་པོ་བསྡུས་པའི་བསྟན་བཅོས་ལས། ཡོངས་སུ་གྲུབ་པའི་རང་བཞིན་ཇི་ལྟར་རིག་པར་བྱ་ཞེ་ན། རྣམ་པར་བྱང་བའི་ཆོས་རྣམ་པ་བཞི་བསྟན་པས་རིག་པར་བྱ་སྟེ། རྣམ་
པར་བྱང་བའི་ཆོས་རྣམ་པ་བཞི་ནི། རང་བཞིན་གྱིས་རྣམ་པར་བྱང་བ་དང་། དྲི་མ་མེད་པར་རྣམ་པར་བྱང་བ་དང་། དེ་ཐོབ་པའི་ལམ་རྣམ་པར་བྱང་བ་དང་། དེ་སྐྱེད་པ་ལ་དམིགས་པའི་རྣམ་པར་བྱང་བའོ། །དེ་ལ་རང་བཞིན་གྱིས་རྣམ་པར་བྱང་བ་ནི་དེ་བཞིན་ཉིད་དོ། །དྲི་མ་མེད་པར་

རྣམ་པར་བྱང་བ་ནི་དེ་བཞིན་ཉིད་དེ་ནམ་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པའི་དྲི་མ་གློ་བུར་དང་བྲལ་བར་གྱུར་པའོ། །དེ་ཐོབ་པའི་ལམ་རྣམ་པར་བྱང་བ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་དོ། །དེ་སྐྱེད་པ་ལ་དམིགས་པའི་རྣམ་པར་བྱང་བ་ནི་ཐེག་པ་ཆེན་པོའི་ཆོས་བཤད་པ་
ཐམས་ཅད་དང་དེ་ཉན་པ་དང་སེམས་པར་བྱེད་པའོ་ཞེས་བཤད་དོ། །དེ་ལྟར་ཉན་པ་དང་སེམས་པར་བྱེད་པའོ་ཞེས་བཤད་དོ། །རྣམ་པར་བྱང་བ་འཐོབ་པའི་རྒྱུར་གྱུར་པས་ན་ཀུན་བརྟགས་ཀྱི་རང་བཞིན་ཞེས་ཀྱང་མི་བྱ། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ལས་བྱུང་
བའི་ཆོས་ལ་དམིགས་པས་ན་གཞན་དབང་ཞེས་ཀྱང་མི་བྱའོ། །རྣམ་པ་དེས་ཀྱང་ཉན་པ་དང་སེམས་པ་ལ་སོགས་པའི་དུས་ཀྱི་ཚེ་ན་ཡང་ཟག་པ་མེད་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་འཐོབ་པ་དང་རྗེས་སུ་མཐུན་པ་ཡོད་པས་ན་ཟག་པ་མེད་པ་ཞེས་བཏགས་ཏེ། རྣམ་པར་
མི་རྟོག་པའི་ཡེ་ཤེས་ལ་བསམ་གྱིས་མི་ཁྱབ་པ་ཞེས་མ་བཏགས་པ་ནི་ཁྱད་པར་དེ་ཡོད་དེ། དེ་ལྟར་ན་ཐང་ཅིག་ཐེག་པ་ཆེན་པོའི་ཆོས་ལྔ་དངོས་པོ་ལྔ་སྦྱར་ཏེ། གསེར་ལས་བརྡུངས་བྱས་པ་ལ་སོགས་པ་ཤིན་ཏུ་རྒྱས་པ་དཔེ་ལྔ་ནི་དེ་དང་ཆོས་འདྲ་བའི་དཔེར་བསྟན་ནས་བཤད་དོ། །དེ་ལ་ཆོས་
ལྔ་པོ་དེ་རང་བཞིན་གསུམ་གྱིས་ཇི་ལྟར་བཤད་ཅེ་ན། གང་བསྒྲུབ་པར་བྱ་བ་ཞེས་བྱ་བ་དེའི་བཤད་པ་ནི། ཇི་ལྟར་ཐེག་པ་ཆེན་པོ་བསྡུས་པའི་བསྟན་བཅོས་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པར་བཤད་པ་ལ་བཤད་པ་དེ་ལས་ཀུན་ཏུ་བརྟགས་
པའི་རང་བཞིན་ཇི་ལྟར་རིག་པར་བྱ་ཞེ་ན། མེད་པའི་རྣམ་གྲངས་བཤད་པས་རིག་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་ནས་རབ་འབྱོར་སངས་རྒྱས་མེད་དོ། །ཆོས་མེད་དོ། །དགེ་འདུན་མེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལས་རིག་པར་བྱའོ་ཞེས་བཤད་དོ། །མེད་
དོ་ཞེས་བྱ་བའི་ཚིག་དང་ཡི་གེ་འདི་དག་ནི་ཀུན་ཏུ་སྐྲག་པ་སྐྱེད་པར་བྱེད་པ་སྟེ། མེད་པ་ཐོས་ནས་འཇིག་རྟེན་པ་དག་སྐྲག་པར་འགྱུར་རོ། །དེ་བས་ན་ཀུན་བརྟགས་པའི་རང་བཞིན་ནི་བསྒྲུབ་པར་བྱ་བ་ཞེས་བྱ་སྟེ། ཇི་ལྟར་བསྒྲུབ་ཅེ་ན། མེད་ཅེས་བཤད་ཀྱང་ཆོས་འདི་དག་རྣམ་པ་ཐམས་ཅད་

ནས་ཐམས་ཅད་དུ་མེད་པ་ནི་མ་ཡིན་གྱི་གཞན་གྱིས་བྱིས་པའི་སྐྱེ་བོ་རྣམས་ཀྱིས་གཟུང་བ་དང་འཛིན་པར་ཀུན་ཏུ་བརྟགས་པའི་བདག་ཉིད་རྣམ་པ་མེད་པ་ལ་དགོངས་ནས་མེད་དོ་ཞེས་བཤད་པ་ཡིན་ནོ་ཞེས་སྒྲུབ། དེ་བས་ན་བཅོམ་ལྡན་འདས་ཀྱིས།
ཆོས་རྣམས་ཐམས་ཅད་མེད་པའི་ཕྱིར། །ཀུན་ནས་ཉོན་མོངས་དག་མེད་པ། །ཇི་ལྟར་མཐོང་བ་དེ་ལྟར་མིན། །དེ་བཞིན་དུ་ཡང་མེད་པ་མིན། །ཞེས་གསུངས་སོ། །དེ་དང་ཆོས་འདྲ་བའི་དཔེ་ནི། གསེར་ལས་བརྡུངས་བྱས་འདྲ་ཞིང་ཞེས་བྱ་བ་སྟེ། ཇི་ལྟར་གསེར་མགར་
མཁས་པས་བསྲེགས་པ་དང་བརྡུངས་པ་ལ་སོགས་པ་བྱས་པའི་སྒོ་ནས་ལས་སུ་རུང་བ་མཉེན་པོར་བྱས་ཏེ། དཔུང་རྒྱན་དང་རྣ་ཆ་ལ་སོགས་པའི་རྒྱན་དུ་བྱས་ན་དགའ་བའི་མཆོག་སྐྱེ་བ་དེ་བཞིན་དུ་གཏན་ཚིགས་ཀྱིས་ཀུན་ཏུ་བརྟགས་པའི་རང་བཞིན་མེད་པར་བསྒྲུབས་ནས་མེད་པ་ཁོ་ནར་
ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་ནས་མཁས་པ་རྣམས་དགའ་བའི་མཆོག་སྐྱེ་བར་འགྱུར་ཏེ་བསྒྲུབ་པར་བྱ་བ་བཤད་ཟིན་ཏོ། །གཞན་གྱི་དབང་གི་རང་བཞིན་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་སེམས་དང་སེམས་ལས་བྱུང་བའི་མཚན་ཉིད་བདེ་བ་དང་སྡུག་བསྔལ་ལ་སོགས་པ་
སོ་སོ་རང་གིས་མྱོང་བའོ། །ཀུན་ཏུ་བརྟགས་པའི་ངོ་བོ་རང་བཞིན་མེད་པར་བསྒྲུབས་ན་ཐེག་པ་ཆེན་པོ་ལ་གཞན་གྱི་དབང་གིས་བསྡུས་པའི་ཆོས་རྣམས་འབད་པ་མེད་པར་བདེ་བླག་ཏུ་ཤེས་པར་འགྱུར་ཏེ། དེ་བས་ན་དེ་ནི་ཤེས་པར་བྱ་བ་བཤད་པ་ཡིན་ནོ། །དེ་དང་ཆོས་འདྲ་བའི་
དཔེ་ནི་པདྨོ་རྒྱས་པ་བཞིན་ཞེས་བྱ་བ་སྟེ། ཇི་ལྟར་འབད་པ་མེད་པར་ཉི་མའི་འོད་ཟེར་གྱིས་པདྨོ་ཁ་ཕྱེ་བ་མཐོང་ན་དགའ་བའི་མཆོག་སྐྱེ་བ་དེ་བཞིན་དུ་ཀུན་ཏུ་བརྟགས་པའི་རང་བཞིན་མེད་པར་བསྒྲུབས་ན་འབད་པ་ཆེན་པོ་མེད་པར་ཡང་གཞན་གྱི་དབང་གི་ངོ་བོ་བདེ་བླག་ཏུ་རྟོགས་པར་འགྱུར་
ཏེ། རྟོགས་ན་མཁས་པ་རྣམས་དགའ་བའི་མཆོག་སྐྱེ་སྟེ། ཤེས་པར་བྱ་བ་བཤད་ཟིན་ཏོ། །གཞན་དབང་གི་ངོ་བོ་དེ་ཉིད་བསམ་པར་བྱ་སྟེ། ཅིའི་ཕྱིར་ཞེ་ན། གཞན་དབང་གིས་སེམས་དང་སེམས་ལས་བྱུང་བའི་རང་བཞིན་མེད་པས་འདོད་ཆགས་ལ་སོགས་པའི་མི་དགེ་བའི་ཆོས་རྣམས་

སྤངས་པ་དང་། དད་པ་ལ་སོགས་པའི་དགེ་བའི་ཆོས་རྣམས་གོམས་པར་བྱ་བའི་ཚུལ་གྱིས་ཚུལ་བཞིན་དུ་བསམ་པར་བྱའོ། །དེ་དང་ཆོས་འདྲ་བའི་དཔེ་ནི། བཀྲེས་པས་ཉེན་པ་གཡོས་ལེགས་ཁ་ཟས་ཟ་བ་འདྲ། །ཞེས་བྱ་བ་སྟེ། ཇི་ལྟར་ཁ་ཟས་ལེགས་པར་གཡོས་པའི་
དྲི་དང་ཁ་དོག་དང་རོ་ཕུན་སུམ་ཚོགས་པ་དེ་བཀྲེས་པས་ཉེན་པས་ཟོས་ན་དགའ་བའི་མཆོག་སྐྱེ་བ་དེ་བཞིན་དུ་གཞན་གྱི་དབང་གི་ཆོས་ལ་ཡང་། འདོད་ཆགས་ལ་སོགས་པའི་མི་དགེ་བའི་ཆོས་སྤོང་བ་དང་། དད་པ་ལ་སོགས་པའི་དགེ་བའི་ཆོས་རྣམས་གོམས་པར་བསྒོམ་པའི་ཚུལ་དུ་
ཚུལ་བཞིན་དུ་བསམ་ན་དགའ་བའི་མཆོག་སྐྱེ་བར་འགྱུར་ཏེ། བསམ་པ་བཤད་ཟིན་ཏོ། །ཡོངས་སུ་གྲུབ་པའི་རང་བཞིན་ལ་རྣམ་པ་གཉིས་ཡོད་དེ། དེ་བཞིན་ཉིད་ཀྱི་རང་བཞིན་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་བྱང་ཆུབ་ཀྱི་ཕྱོགས་ཀྱི་རང་བཞིན་ནོ། །དེ་ལ་དེ་བཞིན་ཉིད་
ནི་བསམ་གྱིས་མི་ཁྱབ་པ་ཞེས་བྱ་སྟེ། ཇི་ལྟར་བསམ་གྱིས་མི་ཁྱབ་པ་ནི་སྔར་བཤད་ཟིན་ཏོ། །གཞན་ཡང་དེ་བཞིན་ཉིད་བསམ་གྱིས་མི་ཁྱབ་པ་ཡིན་པར་མདོ་སྡེ་ལས་ཀྱང་འབྱུང་སྟེ། འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ་ལས། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་
བའི་བྱང་ཆུབ་སེམས་དཔས་གསོལ་པ། བཅོམ་ལྡན་འདས་དེ་ཁོ་ན་ཞེས་བགྱི་བ་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཡང་དག་པའི་དོན་གྱི་ཚིག་བླ་དགས་སོ། །གསོལ་པ། བཅོམ་ལྡན་འདས་ཡང་དག་པ་ཞེས་བགྱི་བ་ཅི་ལགས། བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཡང་དག་པ་ཞེས་བྱ་བ་དེ་ནི་མི་སླུ་བའི་ཚིག་བླ་དྭགས་སོ། །གསོལ་པ། བཅོམ་ལྡན་འདས་མི་སླུ་བ་ཞེས་བགྱི་བ་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་དེ་ཉིད་མ་ནོར་བ་དེ་ཉིད་ཕྱིན་ཅི་མ་ལོག་པ་ཉིད་དོ། །
གསོལ་པ། བཅོམ་ལྡན་འདས་དེ་ཉིད་ཅེས་བགྱི་བ་དེ་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཆོས་དེ་དག་ནི་སོ་སོ་རང་གིས་རིག་པ་སྟེ། ཡི་གེས་གདགས་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་དེ་ནི་ཡི་གེ་ཐམས་ཅད་ལས་ཡང་དག་པར་འདས་

པ། བརྗོད་པ་ཐམས་ཅད་ལས་ཡང་དག་པར་འདས་པ། ཚིག་གི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ། ཚིག་གི་ལམ་ལས་ཡང་དག་པར་འདས་པ། སྤྱོད་པ་ཐམས་ཅད་དང་བྲལ་བ། རྟོག་གེ་ཐམས་ཅད་དང་བྲལ་བ། བརྟག་ཏུ་མེད་པ་
རྟོག་གེ་རྣམས་མི་འཇུག་པ། རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་ནས་བྱིས་པའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ། རྣམ་པར་ཤེས་པའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ། བསམ་གྱིས་མི་ཁྱབ་པའི་དབྱིངས་ཡིན་ནོ་ཞེས་གསུངས་སོ། །དེ་ལྟར་
ན་དེ་བཞིན་ཉིད་ཅེས་བྱ་བའི་ཆོས་དེ་སྤྲོས་པ་དང་། རྟོག་གེ་དང་། རྣམ་པར་ཤེས་པའི་སྤྱོད་ཡུལ་ལས་ཡང་དག་པར་འདས་ནས་བྱིས་པ་རྣམས་ཀྱིས་བསམ་པར་མི་ནུས་པས་ན་བསམ་གྱིས་མི་ཁྱབ་པར་བཤད་དོ། །དེ་དང་ཆོས་འདྲ་བའི་དཔེ་ནི། ཕྲིན་ཡིག་སྙན་པ་ཐོས་
པ་འདྲ། །ཞེས་བྱ་བ་སྟེ། དཔེར་ན་ཕྲིན་ཡིག་ཚིག་དང་དོན་དུ་ལྡན་པ་མཁས་པ་རྣམས་ཀྱིས་ཐོས་ཤིང་མཐོང་ན་དགའ་བའི་མཆོག་སྐྱེ་བ་དེ་བཞིན་དུ་ས་དང་པོ་ཡན་ཆད་དེ་བཞིན་ཉིད་ཆོས་ཀྱི་དབྱིངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཐོང་ནས་དགའ་བའི་མཆོག་སྐྱེ་བར་
འགྱུར་ཏེ། བསམ་གྱིས་མི་ཁྱབ་པ་བཤད་ཟིན་ཏོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་བྱང་ཆུབ་ཀྱི་ཕྱོགས་ཀྱི་རང་བཞིན་ནི་ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པའི་ངོ་བོ་འཕགས་པ་རྣམས་ཀྱིས་ཐུགས་སུ་ཆུད་པར་བྱ་བའི་དོན་སོ་སོ་རང་གིས་རིག་པར་བྱ་བ་ཡིན་ཏེ། དེ་དང་ཆོས་འདྲ་
བའི་དཔེ་ནི་རིན་ཆེན་སྒྲོམ་ཕྱེ་ལྟར་ཞེས་བྱ་བ་སྟེ། ཇི་ལྟར་རིན་པོ་ཆེ་སྣ་ཚོགས་ཡོད་པའི་སྒྲོམ་ཁ་ཕྱེ་ནས་རིན་པོ་ཆེ་སྣ་ཚོགས་མཐོང་ན་དགའ་བའི་མཆོག་སྐྱེ་བ་དེ་བཞིན་དུ་དེ་ཁོ་ན་མཐོང་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྒྲིབ་པ་གཉིས་སྤངས་ནས་རྣམ་པར་མི་རྟོག་པ་བྱང་ཆུབ་ཀྱི་ཕྱོགས་
ཀྱི་ཆོས་རིན་པོ་ཆེ་སེམས་ཀྱི་རྒྱུད་ལ་སྣང་བར་གྱུར་ན་དགའ་བའི་མཆོག་སྐྱེ་བར་འགྱུར་ཏེ། དེ་ལྟར་རང་བཞིན་གསུམ་གྱིས་བཤད་པ་ཡིན་ནོ། །ད་ཇི་ལྟར་ན་ཆོས་རྣམ་པ་ལྔ་གང་ཟག་རྣམ་པར་གཞག་པས་བཤད་ཅེ་ན། འདིས་གང་ཟག་རྣམ་པ་གསུམ་སྣང་སྟེ། མི་ཤེས་པའི་གང་

ཟག་དང་། ཐེ་ཚོམ་དུ་གྱུར་པའི་གང་ཟག་དང་། ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པའི་གང་ཟག་གོ། །དེ་ལ་མི་ཤེས་པའི་གང་ཟག་ནི་ཐེག་པ་ཆེན་པོའི་དོན་དང་། ཚིག་གང་ཡིན་པ་ཁོང་དུ་མ་ཆུད་པའོ། །ཐེ་ཚོམ་དུ་གྱུར་པའི་གང་ཟག་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ལ་སོགས་པའི་མདོ་སྡེ་དེ་དག་ཐེག་པ་ཆེན་པོ་ཡིན་ནམ། འོན་ཏེ་མ་ཡིན་སྙམ་དུ་བློ་གཉིས་འཇུག་པའོ། །ལོག་པར་ཞེན་པའི་གང་ཟག་ནི་ཐེག་པ་ཆེན་པོ་འདི་ཐེག་པ་ཆེན་པོ་མ་ཡིན་གྱི་ཉན་ཐོས་ཀྱི་ཐེག་པ་ལ་ཐེག་པ་ཆེན་པོ་ཡིན་ཞེས་འཛིན་པའོ། །དེ་ལ་ལོག་པར་མངོན་
པར་ཞེན་པ་དང་ཐེ་ཚོམ་དུ་གྱུར་པའི་གང་ཟག་གཉིས་ལ་ནི་ལོག་པར་ཞེན་པ་དང་། ཐེ་ཚོམ་བསལ་བར་བྱ་བའི་ཕྱིར་ཐེག་པ་ཆེན་པོའི་ཆོས་འདི་སྒྲུབ་པ་སྟེ། ཇི་ལྟར་སྒྲུབ་ཅེ་ན་འདི་ཉིད་ཐེག་པ་ཆེན་པོ་ཡིན་གྱི་གཞན་ནི་ཐེག་པ་ཆེན་པོ་མ་ཡིན་ནོ་ཞེས་བསྒྲུབས་ཏེ། དེ་དང་ཆོས་འདྲ་བའི་
དཔེ་ནི། གསེར་ལས་བརྡུངས་བྱས་འདྲ་ཞིང་ཞེས་བྱ་བ་སྟེ། དེ་ཡང་སྔར་བཤད་པ་བཞིན་དུ་སྦྱར་རོ། །མི་ཤེས་པའི་གང་ཟག་ལ་ནི་ཐེག་པ་ཆེན་པོའི་དོན་དང་ཚིག་དང་མཚན་ཉིད་འདི་ལྟ་བུ་ཡིན་ནོ་ཞེས་བསྟན་ནས་ཐེག་པ་ཆེན་པོའི་མཚན་ཉིད་གང་ཡིན་པ་ཤེས་པར་བྱའོ། །དེ་དང་
ཆོས་འདྲ་བའི་དཔེ་ནི། པདྨོ་རྒྱས་པ་བཞིན་ཞེས་བྱ་བ་སྟེ། དཔེར་ན་འབད་པ་ཆེན་པོ་མེད་པར་ཉི་མའི་འོད་ཟེར་གྱིས་ཁ་བྱེ་བའི་པདྨོ་མཐོང་ན་དགའ་བའི་མཆོག་སྐྱེ་བ་བཞིན་དུ་མི་ཤེས་པ་རྣམས་ལ་ཐེག་པ་ཆེན་པོ་བསྟན་ཏེ། མི་ཤེས་པ་དང་ཕྲལ་ནས་ཐེག་པ་ཆེན་པོ་ཤེས་པར་གྱུར་
ན་དགའ་བའི་མཆོག་སྐྱེ་བར་འགྱུར་རོ། །དེ་ལྟར་ལོག་པར་ཞེན་པ་དང་། ཐེ་ཚོམ་ཅན་གྱི་གང་ཟག་ཐེག་པ་ཆེན་པོ་སྒྲུབ་མི་ཤེས་པའི་གང་ཟག་ལ་ཡང་ཐེག་པ་ཆེན་པོ་བསྟན་པས་ཤེས་པར་བྱས་ནས་གང་ཟག་དེ་གསུམ་གྱིས་ད་འདི་ལྟར་བྱ་སྟེ། ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ལ་
སོགས་པ་བསམ་པར་བྱ་བའི་གནས་རྣམས་ལ་བསམ་མོ། །བསམ་གྱིས་མི་ཁྱབ་པའི་གནས་རྣམས་ལ་བསམ་པ་ནི་སྤང་བར་བྱ་སྟེ། དེ་ལ་བསམ་གྱིས་མི་ཁྱབ་པའི་གནས་གང་ཞེ་ན། དེ་ཡང་བཞི་སྟེ། ཇི་སྐད་དུ་མདོ་ལས། སངས་རྒྱས་ཀྱི་མཛད་པ་སྒྲུབ་པའི་ཕྲིན་ལས་བསམ་

གྱིས་མི་ཁྱབ་པ་དང་། ཕྱིའི་དངོས་པོ་རྣམ་པ་སྣ་ཚོགས་གྲུབ་པར་བྱེད་པའི་ལས་བསམ་གྱིས་མི་ཁྱབ་པ་དང་། ནོར་བུ་དང་སྔགས་དང་སྨན་དང་འཁྱུད་སྤྱད་ཀྱི་སྦྱོར་བ་དང་རབ་ཏུ་ལྡན་པའི་ལས་བསམ་གྱིས་མི་ཁྱབ་པ་དང་། རྣལ་འབྱོར་པའི་རྣལ་འབྱོར་གྱི་སྤྱོད་
ཡུལ་བསམ་གྱིས་མི་ཁྱབ་པའོ་ཞེས་གསུངས་པ་ལྟ་བུ་སྟེ། བསམ་གྱིས་མི་ཁྱབ་པའི་གནས་དེ་དག་ལ་བསམ་པར་བྱས་ནས་སེམས་འཁྲུགས་པ་དང་མྱོས་པར་འགྱུར་ཏེ། དེ་བས་ན་དེ་དག་བསམ་གྱིས་མི་ཁྱབ་པར་བཤད་དོ། །དེ་ལྟར་བསམ་གྱིས་མི་ཁྱབ་པའི་གནས་ནི་
སྤངས། བསམ་པའི་གནས་རྣམས་ལ་བསམས་ན་དགའ་བའི་མཆོག་སྐྱེ་བར་འགྱུར་རོ། །དེ་དང་ཆོས་མཐུན་པའི་དཔེ་ནི། བཀྲེས་པས་ཉེན་པ་གཡོས་ལེགས་ཁ་ཟས་ཟ་བ་འདྲ། །ཕྲིན་ཡིག་སྙན་པོ་ཐོས་འདྲ་ཞེས་བྱ་བ་སྟེ། ཇི་ལྟར་ཁ་ཟས་ལེགས་པ་བཀྲེས་པས་ཟོས་ན་
དགའ་བའི་མཆོག་སྐྱེ་བ་དེ་བཞིན་དུ་བསམ་པའི་གནས་རྣམས་ལ་ཚུལ་བཞིན་དུ་བསམས་ན་དགའ་བའི་མཆོག་སྐྱེ་བར་འགྱུར་རོ། །ཇི་ལྟར་ཕྲིན་ཡིག་བཟང་པོ་ལ་ལོག་པར་རྟོགས་པ་སྤངས་ཏེ། ལེགས་པར་རྟོགས་ན་དགའ་བའི་མཆོག་སྐྱེ་བ་བཞིན་དུ། བསམ་གྱིས་མི་ཁྱབ་
པའི་གནས་རྣམས་ལ་བསམ་པ་སྤངས་ན་ཡང་དགའ་བའི་མཆོག་སྐྱེ་བར་འགྱུར་རོ། །དེ་ལྟར་གང་ཟག་དེ་དག་གིས་བསམ་གྱིས་མི་ཁྱབ་པའི་གནས་རྣམས་ནི་སྤངས། བསམ་གྱིས་མི་ཁྱབ་པའི་གནས་རྣམས་ལ་ནི་བསམས་ཏེ་མ་ནོར་བར་ཚུལ་བཞིན་དུ་ཞུགས་ན་ཡོངས་སུ་རྫོགས་
པ་ཐུགས་སུ་ཆུད་པའི་དོན་སོ་སོ་རང་གིས་རིག་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྟོགས་པར་འགྱུར་རོ། །དེ་དང་ཆོས་འདྲ་བའི་དཔེ་ནི་རིན་ཆེན་སྒྲོམ་ཕྱེ་ལྟར་ཞེས་བྱ་སྟེ། དཔེར་ན་རིན་པོ་ཆེའི་སྒྲོམ་ཁ་ཕྱེ་ནས་རིན་པོ་ཆེ་སྣང་ན་དགའ་བའི་མཆོག་སྐྱེ་བ་བཞིན་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱིས་གཉེན་པོ་བྱས་
ནས་ཐེག་པ་ཆེན་པོའི་ཆོས་དང་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་བསལ་ན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སེམས་ལ་སྣང་བར་འགྱུར་བས་ན་དགའ་བའི་མཆོག་སྐྱེ་བར་འགྱུར་ཏེ། དེ་ལྟར་གང་ཟག་རྣམ་པར་གཞག་

པས་བཤད་པ་ཡིན་ནོ། །དེ་ལྟར་ཐང་ཅིག་འདུལ་བའི་འགྲོ་བ་ལ་ལྟོས་ནས་སྒྲུབ་པ་ལ་སོགས་པ་ཆོས་ལྔ་བསྟན་པ་ཡིན་ཏེ། རང་བཞིན་མེད་པ་ལ་སོགས་པའི་དོན་ནི་བསྒྲུབ་པར་བྱའོ། །གཞན་དབང་གི་རང་བཞིན་གྱིས་བསྡུས་པ་སེམས་དང་སེམས་ལས་བྱུང་བའི་རང་བཞིན་ནི་ཤེས་
པར་བྱའོ། །གཞན་དབང་དེ་ཉིད་ལ་མི་དགེ་བའི་ཆོས་སྤང་བ་དང་། དགེ་བའི་ཆོས་བསྒོམ་པ་ལ་སོགས་པའི་ཚུལ་གྱིས་བསམ་པར་བྱའོ། །སངས་རྒྱས་ཀྱི་མཛད་པ་སྒྲུབ་པའི་ཕྲིན་ལས་ལ་སོགས་པ་ནི་བསམ་གྱིས་མི་ཁྱབ་པར་བཤད་དོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་
ཡོངས་སུ་སྒྲུབ་པ་ཐུགས་སུ་ཆུད་པའི་དོན་སོ་སོ་རང་གིས་རིག་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་རང་བཞིན་དུ་བསྟན་ཏེ། འདི་ནི་བསྡུས་ཏེ་བཤད་པའོ། །ཆོས་དེ་འདིར་བཤད་པ་ཡང་དགའ་བའི་མཆོག་བསྐྱེད་དོ་ཞེས་བྱ་བ་ལ་ཆོས་ཀྱི་སྒྲས་ནི་བསྒྲུབ་པར་བྱ་བ་ལ་སོགས་པ་ལྔ་ལ་བྱ་སྟེ། ཆོས་
ལྔ་པོ་དེ་རྣམས་མདོ་སྡེའི་རྒྱན་གྱི་བསྟན་བཅོས་འདིས་ཕྱིན་ཅི་མ་ལོག་པར་བཤད་པས་ན་དེ་ཐོས་པའི་སྒོ་ནས་མཁས་པ་རྣམས་དགའ་བའི་མཆོག་སྐྱེ་བར་འགྱུར་རོ། །གོང་དུ་དོན་ཤེས་པའི་གང་ཟག་དག་གིས་ཚིག་དང་རྩ་བ་དྲི་མ་མེད་པས་མདོ་སྡེ་ལ་བརྒྱན་པར་བྱེད་ཀྱི་རྣ་ཆ་དང་དཔུང་རྒྱན་ལ་
སོགས་པས་བརྒྱན་པ་ནི་མ་ཡིན་ནོ་ཞེས་གླེང་བ་ལས་བརྒལ་བ། འདི་ལྟར་ཆོས་དེ་རང་བཞིན་གྱིས་ཡོན་ཏན་དང་ལྡན་པ་ལ་ཇི་ལྟར་བརྒྱན་ཞེས་བརྒལ་བ་ལ་ལན་གདབ་པའི་ཕྱིར་ཞེས་སྨོས་ཏེ། གོང་དུ་བཤད་པ་ལྟར་ན་ས་དང་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཐེག་པ་ཆེན་པོའི་
ཆོས་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་དང་ཐུན་མོང་དུ་མ་གྱུར་པ་དེ་རང་བཞིན་གྱིས་ཐོག་མར་ཡང་དགེ། བར་དུ་ཡང་དགེ། ཐ་མར་ཡང་དགེ། དོན་བཟང་པོ། ཚིག་འབྲུ་བཟང་པོ། ཡོངས་སུ་རྫོགས་པ། ཡོངས་སུ་དཀར་བ་སྟེ། ཡོན་ཏན་དང་ལྡན་པ་དེ་ལ་ཇི་
ལྟར་བརྒྱན། བརྒྱན་ཅི་དགོས་ཏེ། ཁ་ར་མངར་པོ་ལ་བུ་རམ་མངར་པོས་བསྐུས་ན་ཡང་མངར་མ་བསྐུས་ན་ཡང་མངར་བས། བུ་རམ་གྱིས་བསྐུ་མི་དགོས་སོ་ཞེས་རྒོལ་བ་ལ་ཚིགས་སུ་བཅད་པ་གསུམ་པ་རྩོམ་མོ། །གཟུགས་རྣམས་རྒྱན་དང་རང་བཞིན་ལེགས་ལྡན་མེ་

ལོང་ནང་སོང་ན། །མཐོང་བའི་དབང་གིས་མི་རྣམས་རབ་ཏུ་དགའ་བའི་མཆོག་ཀྱང་སྐྱེ། །ཞེས་བྱ་བ་ལ་རང་བཞིན་གྱིས་ལེགས་ཤིང་མཛེས་པའི་ལུས་ཀྱི་རང་བཞིན་གྱི་གཟུགས་ལ་རིན་པོ་ཆེ་ལ་སོགས་པའི་རྒྱན་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་ལ་མེ་ལོང་ལ་
བལྟས་ཏེ། བཞིན་གྱི་གཟུགས་བརྙན་མཛེས་པ་རྒྱན་དང་བཅས་པ་དེ་མེ་ལོང་ལ་བལྟས་ཏེ། བཞིན་གྱི་གཟུགས་བརྙན་མཛེས་པ་དེ་མེ་ལོང་གི་ནང་དུ་སོང་བ་མཐོང་ན་མཐོང་བའི་དབང་གིས་མི་རྣམས་སྔུན་པས་སེམས་དགའ་བའི་ཁྱད་པར་ལྷག་པར་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་དོན་
ཏེ་འདི་ནི་དཔེའོ། །དཔེ་དེ་དང་མཐུན་པའི་དོན་ནི། དེ་བཞིན་ཆོས་ཀྱང་དགེར་གསུངས་རང་བཞིན་ཡོན་ཏན་ལྡན་པ་ཡང་། །རབ་ཏུ་ཕྱེ་བས་མཁས་པ་རྟག་ཏུ་དགའ་མཆོག་སྐྱེ། །ཞེས་སྨོས་ཏེ། དེ་དང་འདྲ་བ་ཐེག་པ་ཆེན་པོའི་ཆོས་ས་དང་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་འདི་ཡང་
ཐོག་མར་ཡང་དགེ། བར་དུ་ཡང་དགེ། ཐ་མར་ཡང་དགེ་བ་ཡིན་པས་དགེར་གསུངས་པ་བཞིན་བྱའོ། །དོན་བཟང་ཚིག་བཟང་ཡོངས་སུ་དཀར་བ། ཡོངས་སུ་དག་པ་ཡིན་པས་རང་བཞིན་གྱིས་ཡོན་ཏན་དང་ལྡན་པ་ཡིན་པ་ཞེས་བྱའོ། །དེ་ལྟར་རང་བཞིན་གྱིས་ཡོན་ཏན་དང་
ལྡན་པ་དེ་ཡང་མདོ་སྡེའི་རྒྱན་ལྟ་བུ་བསྟན་བཅོས་མདོ་སྡེའི་ཚིག་དང་དོན་རྣམ་པར་འགྲེལ་ཞིང་རྣམ་པར་འབྱེད་པར་བྱེད་པ། མེ་ལོང་གི་དཀྱིལ་འཁོར་དྲི་མ་མེད་པ་ལྟ་བུའི་ནང་དུ་སོང་སྟེ། འགྲེལ་པའི་ནང་ནས་དོན་མཐོང་བར་གྱུར་ན་མཁས་པ་བློ་དང་ལྡན་པ་དག་དགའ་བའི་མཆོག་སྐྱེ་བར་འགྱུར་རོ་
ཞེས་བྱ་བའི་དོན་ཏོ། །འདིས་ནི་ཅི་སྟོན་ཞེས་བྱ་བ་ནི་དཔེ་དང་བཅས་པའི་ཚིགས་སུ་བཅད་པ་འདིས་ཅི་སྟོན་ཞེ་ན་ཞེས་བྱ་བའི་ཐ་ཚིག་གོ། །དེའི་འོག་ཏུ་ཚིགས་སུ་བཅད་པ་གསུམ་གྱིས་ནི་ཆོས་དེ་ལ་རི་མོ་བསྐྱེད་པའི་ཕྱིར་ལེགས་པ་རྣམ་པ་གསུམ་བསྟན་ཏོ་ཞེས་བྱ་བ་ལ། གོང་དུ་ཐེག་པ་ཆེན་
པོའི་ཆོས་དེ་རང་བཞིན་གྱིས་ཡོན་ཏན་དང་ལྡན་ནོ་ཞེས་བསྟན་པ་ལ་ཡོན་ཏན་ཡོད་པར་ཅིས་ཤེས་ཤེ་ན། ལན་དུ་ཚིགས་སུ་བཅད་པ་གསུམ་གྱིས་དཔེ་གསུམ་དང་སྦྱར་ཏེ། ཐེག་པ་ཆེན་པོའི་ཆོས་ལ་ལེགས་པ་དང་ཡོན་ཏན་རྣམ་པ་གསུམ་ཡོད་པར་སྟོན་ཏོ། །ཡོན་ཏན་རྣམ་པ་

གསུམ་ནི། སྒྲིབ་པ་སྤོང་བའི་རྒྱུ་དང་། ཕུན་སུམ་ཚོགས་པའི་རྒྱུ་དང་། འཕགས་པའི་ནོར་ལ་སྤྱོད་པའི་རྒྱུའོ། །ཇི་ལྟར་བསྣམས་ན་རབ་དཀུ་ལ། །མྱངས་ན་ཞིམ་པའི་སྨན་བཞིན་དུ། །ཆོས་ཀྱང་དེ་བཞིན་གཉིས་ཀྱིས་གཞག །དོན་དང་ཡི་གེར་ཤེས་པར་བྱ། །ཞེས་བྱ་བ་ནི་དཔེ་
དང་པོའོ། །དེ་ལ་སྨན་གྱི་རིགས་ལ་ལ་འདི་ལྟ་བུ་དག་ཡོད་དེ། གང་གི་ཚེ་སྣའི་དབང་པོས་བསྣམས་ན། དཀུ་བས་སྣའི་དབང་པོ་གདུང་བར་བྱེད་ཅིང་། སིམ་པར་མི་བྱེད་ལ། རྒྱབ་ཀྱིས་ཕྱོགས་པའི་སེམས་སྐྱེ་བར་བྱེད་དོ། །སྨན་གྱི་རིགས་དེ་ཉིད་གང་གི་ཚེ་ལྕེའི་དབང་པོ་ལ་
བཞག་སྟེ། ལྕེའི་དབང་པོས་མྱངས་པར་གྱུར་ན་རོ་ཕུན་སུམ་ཚོགས་པ་ལས་ལྕེའི་དབང་པོ་སིམ་པར་བྱེད་ཅིང་དགའ་བར་བྱེད་ལ། མངོན་དུ་ཕྱོགས་པའི་སེམས་སྐྱེ་བར་བྱེད་དོ། །དེ་ནས་རིམ་གྱིས་མགྲིན་པ་ནས་མར་སོང་ལ་ལུས་ཀྱི་ནང་དུ་ཕྱིན་ཏེ། ཞུ་བར་གྱུར་པ་ན་ལུས་ལ་ཡོད་
པའི་ནད་མཁྲིས་པ་དང་བད་ཀན་དང་། རླུང་ལས་གྱུར་པའི་ནད་ཐམས་ཅད་སེལ་བར་བྱེད་དོ། །དེ་དང་འདྲ་བར་ཐེག་པ་ཆེན་པོའི་ཆོས་འདི་ཡང་རྣམ་པ་གཉིས་སུ་གཞག་སྟེ། ཡི་གེར་གཞག་པ་དང་། དོན་དུ་གཞག་པའོ། །དེ་ལ་ཡི་གེ་ནི་སྨན་གྱི་དྲི་དཀུ་བ་ལྟར་ཤེས་པར་བྱའོ། །
དོན་ནི་སྨན་གྱི་རོ་མངར་བ་ལྟར་ཤེས་པར་བྱའོ། །ཡི་གེའི་སྨན་གྱི་དྲི་དཀུ་བ་ལྟ་བུར་ཤེས་པར་བྱ་བ་ནི། རབ་འབྱོར་སངས་རྒྱས་མེད་དོ། །ཆོས་མེད་དོ། །དགེ་འདུན་མེད་དོ། །མ་སྐྱེས་སོ། །མ་བྱུང་ངོ་། །ཐམས་ཅད་སྟོང་པའོ་ཞེས་བྱ་བ་ལ་སོགས་པའི་མིང་དང་ཚིག་དང་། ཡི་གེ་
རྣམས་ཐོས་ན་སྨན་དཀུ་བ་བསྣམས་པ་བཞིན་དུ་སྐྲག་ཅིང་རྒྱབ་ཀྱིས་ཕྱོགས་པའི་སེམས་སྐྱེད་པར་བྱེད་དོ། །དེ་ནས་ནམ་ཞིག་དགེ་བའི་བཤེས་གཉེན་ལ་བསྙེན་པ་ལས་དགེ་བའི་བཤེས་གཉེན་རྣམས་ཀྱིས། ཀྱེ་རིགས་ཀྱི་བུ་མེད་དོ་ཞེས་བྱ་བའི་མིང་དང་ཚིག་དང་ཡི་གེ་འདི་དག་ནི་སྒྲ་ཇི་
བཞིན་གྱི་དོན་མ་ཡིན་གྱི་མེད་ཅེས་བྱ་བ་ནི་སོ་སོའི་སྐྱེ་བོ་རྣམས་ཀྱིས་གཟུང་བ་དང་འཛིན་པ་ཀུན་ཏུ་བརྟགས་པའི་ཀུན་བརྟགས་ཀྱི་རང་བཞིན་མེད་པར་ཟད་ཀྱི་གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་རང་བཞིན་ནི་མེད་པ་མ་ཡིན་ནོ་ཞེས་ཐེག་པ་ཆེན་པོའི་དོན་རྣམ་པ་དེ་ལྟ་བུ་ཁོང་དུ་ཆུད་ན་སྨན་གྱི་རོ་

དང་པོ་ལྕེའི་དབང་པོས་མྱོང་བ་བཞིན་དུ་དོན་མཐོང་བའི་དུས་ན་དགའ་བའི་མཆོག་སྐྱེ་བར་འགྱུར་རོ། །ཆོས་དེ་ཉིད་ལ་ནམ་ཞིག་ན་མཉན་པ་དང་བསམ་པ་དང་བསྒོམ་པ་ལ་སོགས་པའི་རིམ་པས་ལྟོར་སོང་བ་ལྟར་བྱས་ནས་སེམས་ལ་ཡོད་པའི་ཉོན་མོངས་པའི་སྒྲིབ་
པ་དང་། ཤེས་བྱའི་སྒྲིབ་པ་སེལ་བར་བྱེད་དེ་དེ་བས་ན་ཚིགས་བཅད་དེས་སྒྲིབ་པ་སྤོང་བའི་རྒྱུར་བསྟན་ཏོ། །རྒྱལ་པོ་བཞིན་དུ་མཉེས་དཀའ་སྟེ། །ཆོས་འདི་རྒྱ་ཆེ་དཀའ་ཞིང་ཟབ། །མཉེས་པར་བྱས་ན་དེ་བཞིན་དུ། །ཡོན་ཏན་མཆོག་གི་ནོར་སྦྱིན་བྱེད། །ཅེས་བྱ་བ་ནི་དཔེ་གཉིས་
པའོ། །འདི་ལྟར་རྒྱལ་པོ་དེ་དག་ནི་མཉེས་པ་དང་དགའ་བ་དང་། མགུ་བར་བྱ་བ་དཀའ་སྟེ། དཔའ་བོ་རྣམས་ཀྱིས་ཀྱང་དཔའ་བའི་ལན་གྲངས་མང་པོ་དྲག་པོས་བྱས་ན་མགུ་བར་འགྱུར་བ་དང་། མཛངས་པའི་ལས་ཀྱིས་ཀྱང་མཛངས་པའི་ལས་རླབས་ཆེར་བྱས་ན་མགུ་བར་འགྱུར་བ་
དང་། མཁས་པ་རྣམས་ཀྱིས་ཀྱང་མཁས་པ་རྒྱ་ཆེར་བྱས་ན་མགུ་བར་འགྱུར་བ་དང་། གཞན་ཡང་ལེགས་ཞེས་སྨྲས་ན་ནི་བསྟོད་ཅེས་ཟེར། ཉེས་ཞེས་སྨྲས་ན་ནི་སྨད་ཅེས་ཟེར་ཏེ། རྒྱལ་པོ་རྣམས་ནི་ཤིན་ཏུ་ཡང་མཉེས་པར་བྱ་དཀའ་བ་ལས། བསྟོད་པ་ལེགས་པས་མཉེས་བར་གྱུར་
ན་གཏེར་དང་འབྲུ་དང་ཕྱུགས་ལ་སོགས་པ་ཅི་བསམ་པ་ཕུན་སུམ་ཚོགས་པར་བྱེད་དོ། །དེ་ཡང་ཡབ་དང་སྲས་མཇལ་བའི་མདོ་ལས། འཕགས་པ་འཆར་ཀས་རྒྱལ་པོ་རྣམས་ནི་བརྟེན་པར་དཀའ་བ་ཡིན་ཏེ་རབ་ཏུ་སྡུག་བསྔལ་བས་མཉེས་པར་འགྱུར་རོ། །གང་གི་ཚེ་མཉེས་པར་
བྱས་ན་དེའི་ཚེ་ཇི་ལྟར་བསམས་པའི་དོན་རྣམས་སྦྱིན་པར་བྱེད་དོ་ཞེས་གསུངས་པ་ལྟ་བུའོ། །དེ་བཞིན་དུ་ཐེག་པ་ཆེན་པོའི་ཆོས་འདི་ཡང་རྒྱ་ཆེ་ལ་དཀའ་ཞིང་ཟབ་པས་མཉེས་པར་བྱ་དཀའ་བ་སྟེ། ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་འཆད་པས་རྒྱ་ཆེ་བའོ། །སྟོང་པ་དང་བདག་མེད་
པར་སྟོན་པས་ན་དཀའ་ཞིང་ཟབ་པ་ཞེས་བྱ་སྟེ། སྟོང་པ་ཞེས་བྱ་བའི་ཚིག་ཀྱང་ཚིག་གཞན་ལ་དོན་གཞན་འབྱུང་བས་བརྟག་དཀའ་བའི་ཕྱིར་དཀའ་བའོ། །དོན་རྣམས་ཀྱང་རྟོགས་པར་དཀའ་བས་ན་ཟབ་པའོ། །མཉེས་པར་དཀའ་བ་ནི་ཆོས་དེ་མངོན་སུམ་དུ་བྱ་བར་རབ་ཏུ་དཀའ་བས་

ན་མཉེས་པར་བྱ་བ་དཀའ་བའོ། །དེ་ཡང་ཅིས་མངོན་ཞེ་ན། ཇི་ལྟར་འཕགས་པ་རྒྱ་མཚོ་བློ་གྲོས་ཀྱི་མདོ་ལས་རྒྱ་མཚོ་བློ་གྲོས་སངས་རྒྱས་བསྒྲུབ་བོ་ཞེས་བྱ་བའི་ཚིག་འདིར་སླ་མོད་ཀྱིས་ཚོགས་བསྒྲུབ་པར་བྱ་བ་ནི་ཤིན་ཏུ་སྒྲུབ་པར་དཀའ་བའོ་ཞེས་གསུངས་པ་ལྟ་བུའོ། །གང་གི་ཚེ་གོ་
ཆའི་བརྩོན་འགྲུས་དང་སྦྱོར་བའི་བརྩོན་འགྲུས་ལ་སོགས་པ་བརྩམས་ཏེ་ཆོས་དེ་མངོན་སུམ་དུ་བྱས་ཏེ་མཉེས་པར་བྱས་ན་རྒྱལ་པོ་མཉེས་པར་བྱས་པ་བཞིན་དུ་དེའི་ཚེ་ཁྱད་པར་ཅན་གྱི་ཡོན་ཏན་མངོན་པར་ཤེས་པ་ལ་སོགས་པ་དང་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཡོན་ཏན་དཔག་ཏུ་
མེད་པའི་ཕྱུག་པོ་ཐོབ་པར་འགྱུར་ཏེ་འདིས་ནི་ཆོས་དེ་ཕུན་སུམ་ཚོགས་པ་རྒྱུར་གྱུར་པར་སྟོན་ཏོ། །རིན་ཐང་མེད་པའི་རིན་ཆེན་རིགས། །ལྟ་མི་ཤེས་པའི་མི་མི་མགུ། །དེ་བཞིན་མི་མཁས་ཆོས་འདི་ལ། །དེ་ལས་བཟློག་པས་མགུ་བར་འགྱུར། །ཞེས་བྱ་བ་ནི་དཔེ་གསུམ་
པའོ། །ཇི་ལྟར་རིན་པོ་ཆེའི་རིགས་ཕུན་སུམ་ཚོགས་པ་རང་བཞིན་གྱིས་འོད་གསལ་བ་དང་ལྡན་པ་དབྱིབས་དང་ཚད་ཕུན་སུམ་ཚོགས་པ་དེའི་རིན་དུ་འཛམ་བུའི་གླིང་བྱིན་ན་ཡང་རིན་གྱི་ཐང་དུ་མི་འགྱུར་བའི་རིན་པོ་ཆེའི་རིགས་རིན་ཐང་མེད་པ་དེ་ཤིང་ཐུན་དང་། ཕྱུགས་རྫི་ལ་
སོགས་པ་སྔོན་ཆད་རིན་པོ་ཆེ་འཆང་མ་མྱོང་བ་རིན་པོ་ཆེ་ལྟ་མི་ཤེས་པ་རྣམས་ཀྱི་ལག་ཏུ་སོང་ན་གཅེས་པ་ཡིན་པར་ཁོང་དུ་མ་ཆུད་པའི་ཕྱིར་སེམས་མགུ་བར་མི་འགྱུར་ཞིང་དགའ་བར་མི་འགྱུར་རོ། །རིན་པོ་ཆེའི་རིགས་དེ་ཉིད་སྔོན་རིན་པོ་ཆེ་བདག་ལ་བདོག་པར་གྱུར་པ་རིན་པོ་ཆེའི་མཚན་
ཉིད་ལྟ་ཤེས་པའི་ལག་ཏུ་སོང་ན་མཆོག་ཏུ་དགའ་བ་སྐྱེ་བར་འགྱུར་ཞིང་གཞན་ཡང་གསེར་ལ་སོགས་པ་ནོར་མང་པོ་སྐྱེ་བའི་རྒྱུར་ཡང་འགྱུར་རོ། །དེ་བཞིན་དུ་ཐེག་པ་ཆེན་པོའི་ཆོས་དོན་དང་ཚིག་ཕུན་སུམ་ཚོགས་པ་འདི་ཡང་དོན་དང་ཚིག་ལྟ་མི་ཤེས་པའི་སྐྱེ་བོའི་ལག་ཏུ་གླེགས་བམ་མམ་
བཤད་པའི་ཚིག་སོང་ཡང་དགའ་བ་དང་མགུ་བ་སྐྱེད་པར་མི་འགྱུར་ལ། དེ་ལས་བཟློག་སྟེ་ཐེག་པ་ཆེན་པོའི་དོན་དང་། ཚིག་ཁོང་དུ་ཆུད་པའི་གང་ཟག་ལྟ་ཤེས་པ་འཕགས་པ་རྣམས་ཀྱི་ལག་ཏུ་སོང་ན་དེའི་ཚེ་དགའ་བའི་མཆོག་སྐྱེད་པར་བྱེད་ལ་དད་པ་དང་། ཚུལ་ཁྲིམས་དང་། ཐོས་

པ་དང་། གཏོང་བ་དང་། ཤེས་རབ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་སྟེ། འཕགས་པའི་ནོར་བདུན་གྱི་ལོངས་སྤྱོད་ཀྱི་རྒྱུར་ཡང་འགྱུར་བས་ན། ཆོས་དེ་འཕགས་པའི་ནོར་ལ་སྤྱོད་པའི་རྒྱུར་འགྱུར་བར་ཡང་བསྟན་ཏོ། །དེ་ལ་ཉན་ཐོས་
དག་ནི་ཐེག་པ་ཆེན་པོ་འདི་སངས་རྒྱས་ཀྱིས་གསུངས་པར་མི་འདོད་དོ། །སངས་རྒྱས་ཀྱིས་གསུངས་པ་མ་ཡིན་པ་དང་། ཐེག་པ་ཆེན་པོའི་ཡོན་ཏན་རྣམ་པ་གསུམ་ཡོད་པ་ཡང་མི་སྲིད་པར་བརྒལ་དུ་དོགས་པའི་ཕྱིར་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་ཡིན་པར་སྒྲུབ་པའི་དོན་དུ་ཁ་ཅིག་
ཐེག་པ་ཆེན་པོ་འདི་སངས་རྒྱས་ཀྱི་ཚིག་ཀྱང་མ་ཡིན་ནོ། །དེ་ལ་ལེགས་པ་ལྟ་ག་ལ་ཡོད་ཅེས་ལོག་པར་འཛིན་ཏེ་དེ་དག་ལ་སངས་རྒྱས་ཀྱི་ཚིག་ཏུ་བསྒྲུབ་པའི་ཕྱིར་གཏན་ཚིགས་རྣམ་པར་དབྱེ་བ་ལས་བརྩམས་ཏེ་ཚིགས་སུ་བཅད་པ་ཞེས་སྨོས་ཏེ། ཉན་ཐོས་ཀྱི་བརྒལ་བ་ཉན་ཐོས་ཀྱི་སྡེ་སྣོད་
གསུམ་ནི་སངས་རྒྱས་ཀྱི་བཀའ་ཡིན་པར་བསྒྲུབ་སྟེ། གང་གི་ཕྱིར་སངས་རྒྱས་ཀྱི་བཀའ་ཡིན་པ་རྣམས་ནི་གོང་དུ་བཤད་པའི་ཡོན་ཏན་རྣམ་པ་གསུམ་དག་སྲིད་དོ། །སངས་རྒྱས་ཀྱི་བཀའི་མཚན་ཉིད་ཉན་ཐོས་ཀྱི་ཐེག་པ་དང་ཐེག་པ་ཆེན་པོར་མཚན་ཉིད་མི་མཐུན་པས་ན། ཐེག་
པ་ཆེན་པོ་སངས་རྒྱས་ཀྱི་བཀའི་ཚིག་མ་ཡིན་ཏེ། ཇི་ལྟར་ཉན་ཐོས་ཀྱི་མདོ་ལས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཡོད་ཅེས་བཤད་ན་ཐེག་པ་ཆེན་པོ་ལས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བཤད་པ་དང་། ཉན་ཐོས་ཀྱི་ཐེག་པ་ལས་སྐྱེ་ཞིང་འཇིག་པའི་ཆོས་ཅན་ཞེས་བཤད་ན། ཐེག་
པ་ཆེན་པོ་ལས་མི་སྐྱེ་མི་འགག་ཅེས་བཤད་པ་དང་། ཉན་ཐོས་ཀྱི་ཐེག་པ་ལས་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་ན་མྱ་ངན་ལས་འདས་པར་འགྱུར་རོ་ཞེས་གསུངས་ན་ཐེག་པ་ཆེན་པོ་ལས་རང་བཞིན་གྱིས་མྱ་ངན་ལས་འདས་པའོ་ཞེས་བཤད་པས་ན། སངས་
རྒྱས་ཀྱི་བཀའ་དང་མཚན་ཉིད་མི་མཐུན་པའི་ཕྱིར་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་ཡང་མ་ཡིན་ན་དེ་ལ་ཡོན་ཏན་རྣམ་པ་གསུམ་ལྟ་ག་ལ་ཞིག་ཡོད་དེ་མེད་དོ་ཞེས་ལོག་པར་འཛིན་ཏེ། དེ་ལྟར་ལོག་པར་འཛིན་པ་དེ་དག་ལ་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་ཡིན་པར་བསྒྲུབ་པའི་

ཕྱིར་སངས་རྒྱས་ཀྱི་བཀའ་ཡིན་པའི་གཏན་ཚིགས་རྣམ་པ་བརྒྱད་དུ་དབྱེ་བ་ཚིགས་སུ་བཅད་པ་གཅིག་གིས་སྟོན་ཏོ། །གཏན་ཚིགས་བརྒྱད་ནི། སྔར་ལུང་མ་བསྟན་པ་དང་། ལྷན་ཅིག་བྱུང་བ་དང་། སྤྱོད་ཡུལ་དུ་མ་ཡིན་པ་དང་། གྲུབ་པ་དང་། ཡོད་པ་དང་། མེད་པ་དང་།
གཉེན་པོ་དང་། སྒྲ་གཞན་ཕྱིར་རོ། །གལ་ཏེ་ཉན་ཐོས་དག་ན་རེ་ཐེག་པ་ཆེན་པོ་ཞེས་བྱ་བའི་ཆོས་འདི་སངས་རྒྱས་མྱ་ངན་ལས་འདས་པའི་འོག་ཏུ་དམ་པའི་ཆོས་ནུབ་ཅིང་མེད་པར་བྱ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་མེད་དོ་ཞེས་བྱ་བའི་ཆོས་ཕལ་ཆེར་བྱས་ཏེ་
བཞག་ནས་དེ་སངས་རྒྱས་ཀྱི་བཀའ་ཡིན་ནོ་ཞེས་བཏགས་ཏེ་བཞག་པས་ན་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་ཚིག་མ་ཡིན་ནོ་ཞེས་པ་ལ་ལན་དུ་སྔར་ལུང་མ་བསྟན་ཞེས་བྱ་བ་སྨོས་ཏེ། གལ་ཏེ་སངས་རྒྱས་ཀྱི་ཆོས་ནུབ་པར་བྱ་བའི་ཕྱིར་གསུང་རབ་འཁྲུག་པར་འགྱུར་བ། ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལ་ལ་ཞིག་གིས་བྱས་ན་སངས་རྒྱས་ཀྱི་བཀའ་ཡིན་ནོ་ཞེས་བཏགས་ན། གསུང་རབ་འཁྲུག་པར་འགྱུར་བའི་རྒྱུ། རྒྱལ་པོ་ཀྲྀ་ཀཱིའི་རྨི་ལམ་དུ་རྨི་ལམ་རྣམ་པ་བདུན་རྨིས་པ་ལུང་བསྟན་པ་བཞིན་དུ་མྱ་ངན་ལས་འདས་པའི་སྔོན་རོལ་དུ་
དམ་པའི་ཆོས་འཇིག་ཅིང་ནུབ་པར་འགྱུར་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་སྟོང་པར་སྨྲ་བ་འདི་ལྟ་བུ་དག་ཀྱང་འབྱུང་སྟེ། དེ་སངས་རྒྱས་ཀྱི་བཀའ་ཡིན་ནོ་ཞེས་སྨྲ་མོད་ཀྱི་དེ་སངས་རྒྱས་ཀྱི་བཀའ་ནི་མ་ཡིན་གྱི། གསུང་རབ་འཇིག་པར་བྱེད་པ་ཡིན་ནོ་ཞེས་
སྔར་བསྟན་པའི་རིགས་ན་དེ་ལྟ་བུ་ལུང་མ་བསྟན་པས་ན་ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱི་བཀའ་ཡིན་ནོ། །གལ་ཏེ་ཉན་ཐོས་དག་གང་གི་ཚེ་མཉན་དུ་ཡོད་པ་ལ་སོགས་པར་ཉན་ཐོས་ཀྱི་ཐེག་པ་བཅོམ་ལྡན་འདས་ཀྱིས་བཤད་པ་དེའི་ཚེ་ཐེག་པ་ཆེན་པོ་མ་བཤད་ཀྱི། སངས་རྒྱས་
མྱ་ངན་ལས་འདས་པའི་འོག་ཏུ་ཐེག་པ་ཆེན་