Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 104

Văn bản gốc(Tây Tạng)

Trang 18 / 24 (50.000 ký tự/trang)
ིན་ཞེས་བྱ་བ་འདིས་ནི་བདག་རྟེན་དང་གཟུགས་རྟེན་ཉིད་བཀག་པ་ཡིན་ནོ། །དེ་ལྟར་རྣམ་བཞིར་ཕུང་པོ་ཀུན་ཤེས་བྱ། །ཞེས་བྱ་བ་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་མཚན་ཉིད་ཅན་གྱི་
ཕུང་པོ་རྣམས་ལ་རྣམ་པ་བཞི་བཞིར་ཁོང་དུ་ཆུད་པར་བྱ་སྟེ། འདི་ལྟར་ཚོར་བ་བདག་མ་ཡིན། །བདག་ནི་ཚོར་དང་ལྡན་པ་མ་ཡིན་ཞིང་ཚོར་བ་ལ་བདག་མེད་པ་དང་། བདག་ལའང་ཚོར་བ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་དང་། དེ་བཞིན་དུ་འདུ་ཤེས་ལ་སོགས་པ་ལ་སྦྱར་བར་བྱའོ། །གྲངས་སྡོམ་
པ་དེ་བསྟན་པར་བྱ་བའི་ཕྱིར། དེ་དག་བདག་ཏུ་ལྟ་བ་ཉི་ཤུར་འདོད། །ཅེས་བྱ་བ་གསུངས་ཏེ། ཕུང་པོ་རེ་རེ་ལ་རྣམ་པ་བཞི་བཞིའི་སྒོ་ནས་འཇུག་པས་འཇིག་ཚོགས་ལ་ལྟ་བ་ལ་རྣམ་པ་ཉི་ཤུར་འགྱུར་བ་ཡིན་ནོ་ཞེས་པའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། ཕུང་པོ་ཞེས་བྱ་བ་ལ་སོགས་པ་

གསུངས་སོ། །དེ་ལ་གཞན་གྱི་ཕྱོགས་སྔ་མ་བསྟན་པར་བྱ་བའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྣམ་པར་དཔྱད་པ་རྣམ་པ་ལྔ་ལྔ་སྐབས་སུ་བབ་པ་ལ་ཞེས་བྱ་བ་ནི་ཕུང་པོ་དང་བདག་ཐ་མི་དད་པའི་ཕྱོགས་དང་ཐ་དད་པའི་ཕྱོགས་དང་། དེ་དང་ལྡན་པའི་ཕྱོགས་
དང་། ཕུང་པོ་དང་བདག་རྟེན་དང་བརྟེན་པའི་ཕྱོགས་དང་། བདག་དང་ཕུང་པོ་དག་རྟེན་དང་བརྟེན་པར་འདོད་པའི་ཕྱོགས་སོ། །དེ་ལྟར་ཕུང་པོ་རེ་རེ་རྣམ་པ་ལྔ་ལྔར་བྱས་པས་རྣམ་པ་ཉི་ཤུ་རྩ་ལྔར་འགྱུར་ལ། དེས་ན་འདིར་ཅི་ལྟར་ཕུང་པོ་རེ་རེ་ལ་ཐ་དད་པའི་ཕྱོགས་དོར་ནས་རྣམ་པ་བཞི་བཞིར་
བརྗོད་པས་རྣམ་པ་ཉི་ཤུར་ཇི་ལྟར་སྟོན། རྣམ་པ་ཉི་ཤུ་རྩ་ལྔ་ལས་དབུ་མ་རྩ་བའི་ཤེས་རབ་ཀྱི་ཁུངས་བསྟན་པར་བྱ་བའི་ཕྱིར། བསྟན་བཅོས་ལས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་དེ་བཞིན་གཤེགས་པ་ཞེས་བྱ་བ་འགའ་ཞིག་ཡོད་པར་འགྱུར་ན་དེ་ཕུང་པོའི་རང་བཞིན་ནམ།
ཕུང་པོ་ལས་ཐ་དད་པ་དང་། དེ་བཞིན་གཤེགས་པ་ལ་དེ་འགྱུར་བའམ། ཕུང་པོ་དེ་འགྱུར་བའམ། ཕུང་པོ་དང་ལྡན་པར་འགྱུར་བའོ། །དེ་ལ་ཕུང་པོ་ཉིད་དེ་བཞིན་གཤེགས་པ་མ་ཡིན་ཏེ། གལ་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཉེ་བར་ལེན་པ་ཡིན་ན་བྱེད་པ་པོ་དང་ལས་དག་
གཅིག་ཏུ་འགྱུར་བ་དང་། སྐྱེ་བ་དང་འཇིག་པར་ཐལ་བར་འགྱུར་བས་སོ། །དེས་ན་ཕུང་པོ་ཉིད་དེ་བཞིན་གཤེགས་པ་མ་ཡིན་ནོ། །ཕུང་པོ་ལས་དེ་བཞིན་གཤེགས་པ་གཞན་ཡང་མ་ཡིན་ཏེ། གལ་ཏེ་ཉེ་བར་ལེན་པ་ལས་དེ་བཞིན་གཤེགས་པ་གཞན་ཡིན་ན་ཉེ་བར་ལེན་པ་དེ་མེད་དུ་ཟིན་ཀྱང་ཡོད་པར་
འགྱུར་བ་དང་། དེ་བཞིན་དུ་ཕུང་པོ་ལས་ཐ་དད་པར་གྱུར་པ་ཡིན་ན་ཕུང་པོའི་མཚན་ཉིད་དང་མི་ལྡན་པར་ཡང་འགྱུར་རོ། །ཕུང་པོ་རྣམས་དང་དེ་བཞིན་གཤེགས་པ་དག་ཐ་དད་པ་མེད་པའི་ཕྱིར་ཕུང་པོ་ལ་དེ་བཞིན་གཤེགས་པ་དང་དེ་བཞིན་གཤེགས་པ་ལ་ཕུང་པོ་ཞེས་བྱ་བ་ཡང་མི་རིགས་པའོ། །
དེ་བཞིན་གཤེགས་པ་ལ་ཕུང་པོ་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ཡང་མི་རིགས་ཏེ། དེ་ཉིད་གཞན་ཡིན་པའི་ཕྱོགས་བཀག་པས་སོ། །དེས་ན་དེ་ལྟར་རྣམ་པ་ལྔའི་སྒོ་ནས་དཔྱད་ན་གང་མི་དམིགས་པ་དེ་ཇི་ལྟར་ན་དེ་བཞིན་གཤེགས་པ་ཡིན་ཞེས་པའོ། །དེ་ཉིད་ཀྱི་ཕྱིར། དེ་བཞིན་གཤེགས་པ་

གང་ཞིག་ཡིན། །ཞེས་བྱ་བ་གསུངས་སོ། །དེ་ལྟར་རྣམ་པ་ལྔ་གསུངས་པའི་ཕྱིར་འདིར་རྣམ་པ་བཞིར་ཇི་ལྟར་བརྗོད་སྙམ་པའོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། འཇིག་ཚོགས་ལ་ལྟ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་ཚོགས་ལ་ལྟ་བ་ཆ་དེ་དག་ནི་ཞེས་
བྱ་བ་ཉི་ཤུའོ། །དེས་ཀྱང་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བས་སོ། །ཕུང་པོ་རྣམས་མ་བཟུང་བས་ཞེས་བྱ་བ་ནི་ཕུང་པོ་རྣམས་ལ་མི་དམིགས་པར་རོ། །རྣམ་པ་བཞི་བཞིའི་སྒོ་ནས་ཞེས་བྱ་བ་ནི་ཕུང་པོ་ལས་ཐ་དད་དུ་གྱུར་པའི་བདག་གི་ཕྱོགས་དོར་ནས་སོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར།
འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཕུང་པོ་མ་གཏོགས་པར་ནི་ཞེས་བྱ་བ་ནི་འགའ་ཞིག་ལ་ཕུང་པོ་མ་གཏོགས་པར་ཐ་དད་དུ་གྱུར་པའི་བདག་ལ་ཐ་དད་དུ་མངོན་པར་ཞེན་པ་ཡོད་པ་མ་ཡིན་པའོ། །ཕུང་པོ་ལ་དམིགས་པ་ཉིད་ཀྱི་ཕྱིར་འཇིག་ཚོགས་ལ་ལྟ་བ་ཞེས་བྱ་བའི་མིང་ཐོབ་པ་
ཡིན་ནོ་ཞེས་སྔར་བསྟན་ཟིན་ཏོ། །དེས་ན་བདག་ཐ་དད་པ་ཡིན་ནོ་ཞེས་བྱ་བའི་ཕྱོགས་ལྔ་པ་དོར་ནས་འཇིག་ཚོགས་ལ་ལྟ་བའི་རྣམ་པ་ཉི་ཤུ་བསྟན་པ་ཡིན་ནོ། །འོ་ན་བསྟན་བཅོས་ལས་རྣམ་པ་ལྔ་ཇི་ལྟར་བཀག་ཅེ་ན། དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། བསྟན་བཅོས་ལས་ཞེས་བྱ་བ་ལ་སོགས་
པ་གསུངས་ཏེ། མུ་སྟེགས་པ་རྣམས་ཀྱིས་ཐ་དད་པའི་བདག་ཡོངས་སུ་རྟོག་པ་དེ་དགག་པའི་ཕྱིར་རྣམ་པ་ལྔ་བཀག་པ་ཡིན་ནོ། །འདིའི་དོན་ནི་འཇིག་ཚོགས་ལ་ལྟ་བའི་དབྱེ་བའི་གནས་སྐབས་སུ་གལ་ཏེ་འཇིག་ཚོགས་ལ་ལྟ་བ་ཕུང་པོ་མ་གཏོགས་པར་ཐ་དད་པའི་བདག་ལ་དམིགས་པ་ཡིན་
ན་དེའི་ཚེ་དེ་ལ་རྣམ་པ་ཉི་ཤུ་རྩ་ལྔར་འགྱུར་བ་ཡིན་པ་ལས་འོན་ཀྱང་འཇིག་ཚོགས་ལ་ལྟ་བ་ནི་ཕུང་པོ་ལ་མི་དམིགས་པར་མི་འཇུག་པ་དེའི་ཕྱིར་ཐ་དད་པའི་བདག་ལ་དམིགས་པ་མེད་པས་འཇིག་ཚོགས་ལ་ལྟ་བའི་རྣམ་པ་ཉི་ཤུ་ཁོ་ནར་འགྱུར་བ་ཡིན་ལ། ཐ་དད་པའི་བདག་དགག་པ་ནི་མུ་སྟེགས་པའི་འདོད་
པ་དགག་པའི་དོན་དུའོ་ཞེས་པའོ། །འཇིག་ཚོགས་ལ་ལྟ་བའི་དབྱེ་བ་བསྟན་པའི་སྒོ་ནས་ལུང་གི་དོན་བསྟན་པར་བྱ་བའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྩེ་མོ་ཉི་ཤུ་མཐོ་བ་ཞེས་བྱ་བ་ནི་གཟུགས་བདག་གོ་ཞེས་བྱ་བ་ལ་སོགས་པ་རྩེ་མོ་ཉི་ཤུ་འཇིག་ཚོགས་ལ་ལྟ་བའི་གང་ལ་ཡོད་

པ་དེ་ལ་དེ་སྐད་ཅེས་བྱའོ། །འཇིག་ཚོགས་ལ་ལྟ་བའི་རི་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་ཉིད་རི་ཡིན་ཏེ། ཡེ་ཤེས་ཀྱི་རྡོ་རྗེ་མ་ཡིན་པས་འཇོམས་པར་མི་ནུས་པས་སོ། །ཡེ་ཤེས་ཀྱིས་བཅོམ་ནས་ཞེས་བྱ་བ་ནི་བདག་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་སོ། །རྒྱུན་དུ་ཞུགས་པའི་འབྲས་བུ་
ཞེས་བྱ་བ་ནི་སྔར་བསྟན་ཟིན་ཏོ། །ལྟ་རི་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་ཉིད་རི་ཡིན་པས་སོ། །བདག་མེད་རྟོགས་པའི་རྡོ་རྗེ་ཡེ་ཤེས་ཞེས་བྱ་བ་ནི་བདག་མེད་རྟོགས་པ་དེ་ཉིད་རྡོ་རྗེ་ཡིན་ཏེ། འཇོམས་པར་བྱེད་པའི་བདག་ཉིད་ཅན་ནོ། །གང་དང་ལྷན་ཅིག་ཅེས་བྱ་བ་ནི་རྣམ་པ་ཉི་ཤུའི་རྩེ་མོ་དང་ལྷན་
ཅིག་ཏུའོ། །ལྷུན་སྟུག་ལ་གནས་ལ་ཞེས་བྱ་བ་ནི་ཐོག་མ་མེད་པའི་འཁོར་བ་ནས་གོམས་པས་སོ། །རྩེ་མོ་མཐོ་བར་འགྱུར་བ་འདི་དག་གོ། །ཞེས་བྱ་བ་ནི་ལུང་ལས་གང་རྩེ་མོ་བསྟན་པ་དེ་ནི་འདི་ཁོ་ན་ཡིན་ནོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། འཇིག་ཚོགས་ལ་ལྟ་བའི་རི་བོ་ཞེས་བྱ་བ་
ལ་སོགས་པ་གསུངས་ཏེ། འཕགས་པའི་ཡེ་ཤེས་ཀྱི་རྡོ་རྗེ་བབས་པས་ཞེས་བྱ་བ་ནི་འཕགས་པ་རྣམས་ཀྱི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཡུལ་ཅན་གྱི་ཡེ་ཤེས་གང་ཡིན་པ་དེ་ཉིད་རྡོ་རྗེ་བབས་པ་ཡིན་ཏེ། རྣམ་པར་རྟོག་པའི་བྲག་རི་ཐམས་ཅད་སྙིལ་བར་བྱེད་པ་ཡིན་ལ་དེ་མེད་པས་སོ། །ཉིན་རེ་
ཞིང་ཉོན་མོངས་པའི་བྲག་རི་འཕེལ་བ་ཞེས་བྱ་བ་ནི་ཉི་མ་རེ་རེ་ཞིང་དུ་འཕེལ་བའི་ཉོན་མོངས་པ་འདོད་ཆགས་པ་རྣམས་ཁོ་ན་བྲག་རྡོ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། འཇིག་ཚོགས་ལ་ལྟ་བའི་དབང་གིས་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་ཚོགས་འཕེལ་བར་འགྱུར་བས་སོ། །འཁོར་
བ་ཐོག་མ་མེད་པ་ནས་བྱུང་བ་ཞེས་བྱ་བ་ནི་བསྟན་པ་ཞེས་བྱ་བའི་དོན་ཏོ། །དཔངས་ཁམས་གསུམ་དུ་མཐོ་བ་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བས་ཁམས་གསུམ་དུ་ཁྱབ་པས་སོ། །ཕྱོགས་ཀྱི་ངོས་མ་ལུས་པས་ཁྱབ་པ་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བས་ཕྱོགས་ཐམས་ཅད་དུ་ཁྱབ་པས་སོ། །ཇི་ལྟར་
རི་རབ་གསེར་གྱི་ས་གཞི་ལས་འཐོན་པ་དེ་བཞིན་དུ་འདི་ཡང་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། མ་རིག་པའི་གསེར་གྱི་ས་གཞི་ལས་འཐོན་པ་ཞེས་བྱ་བ་གསུངས་ཏེ། མ་རིག་པ་ཉིད་གསེར་གྱི་ས་གཞི་ཡིན་ལ། དེ་ལས་བྱུང་བ་ཡིན་པས་ན་དེ་སྐད་ཅེས་བྱ་སྟེ། འཇིག་

ཚོགས་ལ་ལྟ་བ་ནི་མ་རིག་པ་ལས་བྱུང་བས་སོ། །རྩེ་མོ་ཆེས་མཐོ་བ་དག་དང་ཞེས་བྱ་བ་ནི་རྣམ་པ་ཉི་ཤུའི་དང་ངོ་། །དེ་དག་ནི་རྩེ་མོ་ཡིན་པར་ཤེས་པར་བྱའོ་ཞེས་བྱ་བ་ནི་གཟུགས་བདག་ཡིན་ནོ་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་མང་པོས་བཀུར་བ་པས་བཏགས་པའི་
ཕུང་པོ་ལས་ཐ་མི་དད་པའི་བཏགས་ཡོད་ཀྱི་བདག་བཀག་ནས་རྫས་སུ་ཡོད་པའི་བདག་དགག་པར་བྱ་བའི་ཕྱིར་ད་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་དང་པོ་ཕྱོགས་སྔ་མ་སྟོན་པ་ནི། ཁ་ཅིག་དེ་ཉིད་གཞན་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཁ་ཅིག་ཅེས་བྱ་བ་ནི་མང་
པོས་བཀུར་བ་པའི་ཁྱད་པར་རོ། །དེ་ཉིད་གཞན་ཉིད་རྟག་མི་རྟག །ལ་སོགས་བརྗོད་མེད་ཅེས་བྱ་བ་ནི་ཕུང་པོ་ལས་ཐ་དད་པ་དང་། ཐ་མི་དད་པའི་ཕྱོགས་ལ་སྔར་བརྗོད་པའི་སྐྱོན་ཡོད་པར་འགྱུར་བས་ཐ་དད་པ་དང་ཐ་མི་དད་པར་བརྗོད་དུ་མེད་པ་དང་། དེ་བཞིན་དུ་རྟག་པ་དང་ཆད་པའི་མཐར་ཐལ་བར་
འགྱུར་བས་རྟག་པ་དང་མི་རྟག་པ་ཉིད་དུ་ཡང་བརྗོད་དུ་མེད་པས་སོ། །སོགས་པའི་སྒྲས་ནི་ཐེར་ཟུག་པ་བསྡུ་བར་བྱའོ། །རྫས་ཡོད་ཅེས་བྱ་བ་ནི་དོན་དམ་པར་ཡོད་པའོ། །རྣམ་ཤེས་དྲུག་གི་ཤེས་བྱར་དེ་འདོད་ཅིང་། །ཞེས་བྱ་བ་ནི་ཕུང་པོ་མ་གཏོགས་པ་བདག་ཏུ་འཛིན་པ་མ་གྲུབ་པས་སོ། །དེ་ནི་ཞེས་
བྱ་བ་ནི་བདག་གོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། དེ་ལ་རེ་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཞེས་བྱ་བ་ནས་བརྗོད་དུ་མེད་དོ་ཞེས་བྱ་བའི་བར་གྱིས་ཐ་དད་པ་དང་། ཐ་མི་དད་པ་ཉིད་དང་། རྟག་པ་དང་མི་རྟག་པ་ཉིད་དུ་བརྗོད་དུ་མེད་པ་ཉིད་བསྟན་པ་ཡིན་ནོ། །རྫས་སུ་ཡོད་པ་
ཉིད་དུ་བསྟན་པར་བྱ་བའི་ཕྱིར། གང་ཟག་དེ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་བྱེད་པ་པོ་ཉིད་དང་ཟ་བ་པོ་ཉིད་དུ་བརྗོད་པའི་ཕྱིར་ཞེས་བྱ་བ་ནི་བདག་དེ་ལས་ཀྱི་བྱེད་པ་པོ་དང་འབྲས་བུ་ལོངས་སྤྱོད་པ་པོ་ཉིད་དུ་བརྗོད་པའི་ཕྱིར་རོ། །འཁོར་བ་དང་མྱ་ངན་ལས་འདས་པ་དང་བཅིངས་པ་དང་ཐར་
པ་དང་འབྲེལ་པ་ཅན་ཉིད་ཡིན་པའི་ཕྱིར་ཡོད་པ་ཡིན་ནོ་ཞེས་སྦྱར་བར་བྱའོ། །དེ་ལ་འཁོར་བ་ནི་འགྲོ་བ་ནས་འགྲོ་བ་གཞན་དུ་འགྲོ་བའོ། །མྱ་ངན་ལས་འདས་པ་ནི་འགྲོ་བ་ནས་འགྲོ་བ་གཞན་དུ་འགྲོ་བ་མ་ཡིན་གྱི། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའོ། །བཅིངས་པ་ནི་འདོད་ཆགས་ལ་

སོགས་པ་ཉོན་མོངས་པས་སོ། །ཐར་པ་ནི་དེ་རྣམས་དང་བྲལ་བ་ལས་སོ། །དེ་ལྟར་ཕྱོགས་སྔ་མ་བསྟན་ནས་ལན་བསྟན་པར་བྱ་བའི་ཕྱིར། སྨྲ་བ་འདི་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྨྲ་བ་འདི་ཡང་ཞེས་བྱ་བ་ནི་བདག་རྫས་སུ་ཡོད་པར་སྨྲ་བའོ། །གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་
ནི་གང་གི་ཕྱིར་རྫས་སུ་ཡོད་ན་བརྗོད་དུ་མེད་པ་མ་ཡིན་པས་སོ། །ཅིའི་ཕྱིར་ཞེ་ན། དངོས་ཡོད་བརྗོད་མེད་རྟོགས་པ་མ་ཡིན་ཉིད། །ཅེས་བྱ་བ་གསུངས་ཏེ། གང་རྫས་སུ་ཡོད་པ་དེ་ནི་བརྗོད་དུ་མེད་པ་མ་ཡིན་ཏེ། དངོས་པོར་ཡོད་ན་དེ་ཉིད་དང་གཞན་ལས་མི་འདའ་བའི་ཕྱིར་རོ། །གལ་ཏེ་དངོས་པོ་
ཡོད་པ་བརྗོད་དུ་མེད་པ་ཡིན་ན་སེམས་ཀྱང་བརྗོད་དུ་མེད་པར་འགྱུར་རོ། །དཔེ་བསྟན་ནས་དོན་དང་སྦྱར་བར་བྱ་བའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གལ་ཏེ་བདག་འགའ་ཞིག་རྫས་སུ་ཡོད་པར་འགྱུར་ན་བརྗོད་དུ་མེད་པར་མི་འགྱུར་ཏེ། སེམས་བཞིན་དུ་བརྗོད་པར་བྱ་བ་ཉིད་
དུ་འགྱུར་རོ་ཞེས་པའོ། །གང་གི་ཕྱིར་བདག་བརྗོད་དུ་མེད་པ་དེའི་ཕྱིར་རྫས་སུ་ཡོད་པ་མ་ཡིན་པའོ། །ཚིགས་སུ་བཅད་པ་འདིའི་ངག་གི་དོན་བསྟན་པར་བྱ་བའི་ཕྱིར། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི། གང་གི་ཕྱིར་བུམ་པ་ལ་སོགས་པ་ཡན་ལག་
ཅན་མ་གྲུབ་པའི་ཕྱིར་གཟུགས་ལ་སོགས་པ་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་འགྱུར་བ་དེའི་ཕྱིར་བདག་འདི་ཡང་བརྗོད་དུ་མེད་པའི་ཕྱིར་དངོས་པོ་ཡོད་པར་མི་འགྱུར་རོ་ཞེས་པའོ། །དེ་བསྟན་པར་བྱ་བའི་ཕྱིར་བདག་གང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་གང་ཕུང་པོ་ལས་དེ་
ཉིད་དང་གཞན་དུ་བརྗོད་དུ་མེད་པར་གྱུར་པའི་བདག་དེ་ལ་རང་གིས་ཡོད་པར་གྲུབ་པ་ཡིན་ནོ་ཞེས་བསམ་པར་མི་བྱའོ། །འོན་ཀྱང་བཏགས་པ་ཙམ་དུ་ཡོད་པ་ཡིན་ནོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། བུམ་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཉིད་དང་གཞན་བརྗོད་དུ་མེད་ཅིང་
ཞེས་བྱ་བ་ནི་གལ་ཏེ་བུམ་པ་གཟུགས་ལ་སོགས་པ་ལས་ཐ་མི་དད་པར་འདོད་ན་དེའི་ཚེ་གཟུགས་ལ་སོགས་པ་ཁོ་ན་ཡིན་པས་བུམ་པ་མེད་པར་ཐལ་བར་འགྱུར་ལ། གལ་ཏེ་ཐ་དད་པ་ཡིན་ན་དེའི་ཚེ་གཟུགས་ལ་སོགས་པ་སྤངས་ནས་ཀྱང་སྣང་བར་ཐལ་བར་འགྱུར་རོ། །དེས་ན་དེ་ཉིད་དང་གཞན་ཉིད་དུ་

བརྗོད་དུ་མེད་པའོ། །བཏགས་པར་ཡོད་པར་འདོད་པ་ཞེས་བྱ་བ་ནི་ཐ་སྙད་ཙམ་དུ་ཡོད་པར་འདོད་པའོ། །དེ་བཞིན་དུ་བདག་ཀྱང་ཞེས་བྱ་བ་ལ་སོགས་པ་ནི་དོན་དང་སྦྱར་བའོ། །དགག་པ་དང་བསྒྲུབ་པ་ཉེ་བར་བསྟན་ནས་ཞེས་བྱ་བ་ནི་དེ་ལ་ཚིགས་སུ་བཅད་པ་དང་པོས་ནི་དགག་
པ་བསྟན་པ་ཡིན་ཏེ། བརྗོད་དུ་མེད་པ་ཉིད་རྫས་སུ་ཡོད་པ་ལ་མི་འཐད་པ་བསྟན་པས་སོ། །གཉིས་པས་ནི་བསྒྲུབ་པ་བསྟན་པ་ཡིན་ཏེ། བརྗོད་དུ་མེད་པ་དེ་བཏགས་པ་ལ་ཡོད་པས་སོ། །དངོས་པོའི་ཆོས་ཀྱི་རྟེན་ཅན་མ་ཡིན་པ་ཉིད་ཀྱིས་ཞེས་བྱ་བ་ནི་དངོས་པོའི་ཆོས་ནི་དེ་ཉིད་དང་གཞན་ཉིད་ཡིན་
ལ་དེ་དག་གི་རྟེན་དུ་བདག་མི་འགྱུར་ཏེ། བརྗོད་དུ་མེད་པར་ཁས་བླངས་པས་སོ། །བདག་འགོག་པར་རྩོམ་པ་ཞེས་བྱ་བ་ནི་ཐ་དད་པ་དང་ཐ་མི་དད་པའི་རྟེན་མ་ཡིན་ཏེ། ཕྱིར་བདག་ནི་ཡོད་པ་མ་ཡིན་པའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། ཁྱོད་ཀྱི་རྣམ་ཤེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
ཅི་ལྟར་ཁྱོད་ཀྱི་རྣམ་པར་ཤེས་པ་རང་གི་ངོ་བོ་ལ་ལྟོས་ནས་ཐ་མི་དད་པར་འདོད་ཅིང་གཟུགས་ལ་སོགས་པ་ལ་ལྟོས་ནས་ཐ་དད་པར་འདོད་པས་དེས་ན་དངོས་པོ་ལ་རྣམ་པ་གཉིས་མཐོང་བ་ཡིན་ཏེ། རྣམ་པར་ཤེས་པ་དངོས་པོ་ཡོད་པ་ལ་དེ་ཉིད་དང་གཞན་ཉིད་དུ་ཁས་བླངས་པའོ། །དེས་ན་དངོས་པོའི་
ཆོས་ཐ་དད་པ་དང་ཐ་མི་དད་པ་ལ་སོགས་པ་མེད་པས་ན་བདག་མེད་པ་ཡིན་ནོ་ཞེས་པའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་བདག་ཉིད་ལས་ཞེས་བྱ་བ་ནི་ཕུང་པོ་ལྔའི་མཚན་ཉིད་ཅན་གྱི་བདག་ཉིད་ལས་སོ། །དེ་ལྟར་དངོས་པོ་མེད་པ་
ཉིད་དུ་བསྟན་ནས། ངར་འཛིན་གྱི་རྟེན་དུ་ཡང་འགྱུར་བ་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་གང་ཟག་རྫས་སུ་ཡོད་པ་ཉིད་དུ་མི་རིགས་པ་དེའི་ཕྱིར་དངོས་པོ་མེད་པར་ངར་འཛིན་གྱི་རྟེན་དུ་མི་འགྱུར་བའོ། །ཕུང་པོ་ལས་གཞན་མིན་
ཞེས་བྱ་བ་ནི་ཕུང་པོ་ལས་ཐ་དད་པའི་བདག་འགོག་པའོ། །ཕུང་པོའི་ངོ་བོ་མིན་ཞེས་བྱ་བ་ནི་ཕུང་པོ་དང་གཅིག་པའི་བདག་འགོག་པའོ། །ཕུང་པོ་རྟེན་མིན་ཞེས་བྱ་བ་ནི་གཉིས་ཀ་ལ་རྟེན་དང་བརྟེན་པའི་ཕྱོགས་འགོག་པའོ། །འདི་ནི་དེ་ལྡན་མིན་ཞེས་བྱ་བ་ནི་ལྡན་པའི་ཕྱོགས་འགོག་པའོ། །དེ་འགྲེལ་

པས་བསྟན་པར་བྱ་བའི་ཕྱིར། ངར་འཛིན་པའི་ཡུལ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །གཉིས་ཀ་ལ་རྟེན་དང་བརྟེན་པའི་ཕྱོགས་དགག་པར་བྱ་བའི་ཕྱིར། ཕུང་པོ་རྣམས་ཀྱི་རྟེན་ཡང་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕུང་པོ་རྣམས་ཀྱི་རྟེན་ཡང་མ་ཡིན་ནོ། །
ཞེས་བྱ་བ་ནི་བདག་ཕུང་པོ་རྣམས་ཀྱི་རྟེན་དུ་ཡང་མི་འགྱུར་བའོ། །འདི་ལ་རྟེན་ཕུང་པོ་ཡོད་པས་ན་ཕུང་པོ་རྟེན་ཞེས་བྱ་བ་ནི་ཕུང་པོའི་རྟེན་ཡིན་ལ་བདག་བརྟེན་པ་ཡིན་པའི་ཕྱོགས་སུ་ཡང་མི་འགྱུར་རོ་ཞེས་པའོ། །དེ་ཉིད་ཀྱི་ཕྱིར་རྟེན་དང་བརྟེན་པའི་ཕྱོགས་གཉིས་ཀ་བསལ་བའི་ཕྱིར་ཞེས་བྱ་བ་གསུངས་
སོ། །མ་དམིགས་པར་འདོད་པས་ཞེས་བྱ་བ་ནི་ཇི་ལྟར་མུ་སྟེགས་པས་བཏགས་པའི་བདག་ཡོད་པ་ཡིན་གྱི་མ་དམིགས་པ་ཡིན་ནོ་ཞེས་འདོད་པས་ཀྱང་ངོ་། །ཇི་སྐད་སྨྲས་པའི་རྣམ་པ་དག་གིས་ཞེས་བྱ་བ་ནི་སྔར་བསྟན་པའི་གཟུགས་བདག་མ་ཡིན་ཞེས་བྱ་བ་ལ་སོགས་པའི་རྣམ་པས་སོ། །ཁས་བླང་
བར་མི་བྱའོ་ཞེས་བྱ་བས་ནི་སྔར་བསྟན་པའི་རྣམ་པར་དག་པས་ཁས་བླང་བར་མི་བྱ་བ་སྟེ། བརྟགས་ན་མི་བཟོད་པས་སོ། །འོ་ན་ཇི་ལྟར་ཁས་བླང་བར་བྱ་ཞེ་ན། དེ་ལ་ལན་ནི། འདི་ནི་ཕུང་པོ་རྣམས་རྟེན་འགྲུབ་པར་འགྱུར་ཞེས་བྱ་བ་གསུངས་ཏེ། ཕུང་པོ་རྣམས་ལ་བརྟེན་ནས་མ་བརྟགས་ན་ཉམས་དགའ་
བ་ཙམ་གྱིས་བདག་བཏགས་པ་ཙམ་འདི་གྲུབ་པ་ཡིན་གྱི། དཔྱད་ན་ནི་མ་ཡིན་ཏེ། བཏགས་ཤིང་དཔྱད་ན་རྣམ་པ་གང་ཡང་མི་རིགས་པའི་ཕྱིར་རོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། ཇི་ལྟར་འདི་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་རྫོབ་ཀྱི་བདེན་པའི་རྣམ་པར་གཞག་པ་མ་ཆད་
པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་འདི་ལས་འདི་འབྱུང་ཞེས་བྱ་བའི་སྐྱེ་བ་ཉིད་འཇིག་རྟེན་པའི་ཐ་སྙད་ཙམ་དུ་ཡོད་པས་སོ། །ཇི་སྐད་བཤད་པའི་སྐྱོན་དང་ལྡན་པའི་རྣམ་པ་བསལ་ནས་ཞེས་བྱ་བ་ནི་ཐ་དད་པ་དང་ཐ་མི་དད་པ་ལ་སོགས་པའི་ཕྱོགས་བསལ་ནས་སོ། །བདག་ཏུ་ཐ་སྙད་བཏགས་པ་མཐོང་བའི་ཕྱིར་རོ་
ཞེས་བྱ་བ་ནི་བདག་འདྲའོ། །འདི་བདག་གི་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་ཐ་སྙད་མཐོང་བས་སོ། །ཇི་སྐད་དུ་བཤད་པའི་དོན་ཉིད་གསལ་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་བདག་དཔྱད་པར་མི་རིགས་ཤིང་མ་བརྟགས་ན་ཉམས་དགའ་བ་ཙམ་དུ་ཡོད་པས་སོ། །དེ་ལ་དཔེ་བསྟན་པར་བྱ་བའི་ཕྱིར། ཤིང་རྟ་

ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་འདོད་མིན་ཞེས་བྱ་བ་ནི་ཤིང་རྟ་ཡན་ལག་ལས་ཐ་དད་དུ་མི་དམིགས་པའི་ཕྱིར་རོ། །གཞན་མིན་མ་ཡིན་ཞེས་བྱ་བ་ནི་ཡན་ལག་རྣམས་དུ་མ་ཡིན་པའི་ཕྱིར་ཤིང་རྟ་ཡང་དུ་མར་ཐལ་བར་འགྱུར་བ་དང་། ཡན་ལག་རེ་རེ་ཡང་ཤིང་རྟ་
ཉིད་དུ་འགྱུར་བས་སོ། །གལ་ཏེ་ཚོགས་པ་ལས་ཐ་མི་དད་པ་ཡིན་ནོ་ཞེ་ན། དེ་ཡང་མ་ཡིན་ཏེ། ཚོགས་པ་ནི་ཚོགས་པ་ཅན་ལས་ཐ་དད་དུ་མེད་པའི་ཕྱིར། སྐྱོན་དེ་ཉིད་དུ་ཐལ་བར་འགྱུར། དེ་ལྡན་ཡང་མིན་ཞེས་བྱ་བ་ནི། ཐ་དད་པ་དང་ཐ་མི་དད་པའི་ཕྱོགས་བསལ་
བས། དེ་དང་ལྡན་པའི་ཕྱོགས་ཀྱང་མ་གྲུབ་པས་སོ། །ཡན་ལག་ལ་མིན་ཡན་ལག་དག་དེར་མིན། །ཞེས་བྱ་བ་ནི། ཡན་ལག་རྣམས་ལ་ཤིང་རྟ་ཡོད་པར་མི་འགྱུར་བ་དང་། ཤིང་རྟ་དེ་ལ་ཡང་ཡན་ལག་ཡོད་པར་མི་འགྱུར་བ་ཡིན་ཏེ། ཐ་དད་ཡོད་ན་གཉིས་ཀ་རྟེན་དང་བརྟེན་པར་འགྱུར་
བ་ལས་ཐ་དད་པ་ཉིད་མེད་པས་སོ། །འདུས་པ་ཙམ་མིན་ཞེས་བྱ་བ་ནི་ཡན་ལག་རྣམས་འདུས་པ་ཙམ་ཡང་ཤིང་རྟར་མི་འགྱུར་ཏེ། ཡན་ལག་འདུས་པ་ཡང་ཤིང་རྟ་ཉིད་དུ་ཐལ་བར་འགྱུར་བས་སོ། །དབྱིབས་མིན་ཞེས་བྱ་བ་ནི་ཡན་ལག་གི་དབྱིབས་ཙམ་ཡང་ཤིང་རྟར་མི་རིགས་ཏེ། ཡན་ལག་
ཅན་མེད་པའི་ཕྱིར་ཡན་ལག་ཀྱང་མེད་པས་སོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། དེའི་ཕྱིར་འདིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔར་བསྟན་ཟིན་པ་ཉིད་དོ་ཞེས་བྱ་བ་ནི་བདག་བཀག་པའི་གནས་སྐབས་སུའོ། །ཕྱོགས་ལྔ་པོ་བསྟན་པར་བྱ་བའི་ཕྱིར། དེ་ཉིད་ཀྱི་ཕྱོགས་དང་ཞེས་བྱ་བ་
ལ་སོགས་པ་གསུངས་ཏེ། དེ་དག་སྟོན་པ་བརྩམ་པར་བྱ་སྟེ་ཞེས་བྱ་བ་ནི་ཚོགས་པ་དང་དབྱིབས་དག་གོ། །ཚོགས་ཙམ་ཞེས་བྱ་བ་ནི་ཡན་ལག་གི་ཚོགས་སྤུངས་པའོ་ཞེས་པའོ། །འདི་ནི་སྔར་བཤད་ཟིན་ཀྱང་ཞེས་བྱ་བ་ནི། དེ་ཚེ་དེ་ཡི་ཡན་ལག་ཚོགས་གནས་རྣམས། །ཤིང་རྟ་ཉིད་འགྱུར་ཤིང་རྟ་དང་
བདག་མཚུངས། །ཞེས་བྱ་བ་དེར་རོ། །སྐྱོན་གཞན་བརྗོད་པའི་སྒོ་ནས་ཞེས་བྱ་བ་དེ། ཡན་ལག་ཅན་མེད་པའི་ཕྱིར་ཡན་ལག་རྣམས་ཀྱང་མེད་པས་ཞེས་བྱ་བ་ནི་གང་གི་ཚོགས་ཤིང་རྟ་ཡིན་པར་འགྱུར་ཞེས་བྱ་བའི་སྐྱོན་གཞན་བརྗོད་པའི་སྒོ་ནས་སོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་ཚོགས་པ་ལ་

ཡང་སྐྱོན་མཚུངས་པར་ཡོད་པ་དེའི་ཕྱིར་རོ། །དབྱིབས་ཙམ་ཤིང་རྟར་རིགས་པའང་མིན། །ཞེས་བྱ་བ་ནི། ཆ་ཤས་རྣམས་ཀྱི་དབྱིབས་ཙམ་ཡང་ཤིང་རྟར་རིགས་པ་མ་ཡིན་ཞེས་པའོ། །འང་གི་སྒྲས་ནི་ཆ་ཤས་ཀྱི་ཚོགས་པ་ཙམ་ཡང་ཤིང་རྟ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཡན་ལག་ཅན་མེད་
པས་ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་ཡན་ལག་ཅན་མེད་ན་ཡན་ལག་ཀྱང་མེད་པ་དེའི་ཕྱིར་ཡན་ལག་ཚོགས་པའམ། ཡན་ལག་གི་དབྱིབས་ཙམ་ཤིང་རྟ་མ་ཡིན་པའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། གང་གི་ཕྱིར་ཡན་ལག་ཅན་མེད་ན་ཞེས་བྱ་བ་ལ་སོགས་
པ་གསུངས་ཏེ། འང་གི་སྒྲ་ནི་བསྡུ་བའི་དོན་ཏོ་ཞེས་བྱ་བ་ནི། དབྱིབས་ཙམ་ཤིང་རྟར་རིགས་པའང་མིན། །ཞེས་བྱ་བའི་འང་གི་སྒྲས་ནི་ཚོགས་པ་ཙམ་ཤིང་རྟ་མ་ཡིན་ནོ་ཞེས་བྱ་བ་སྡུད་པར་བྱེད་པའོ། །དེ་ཉིད་ཀྱི་ཕྱིར། ཚོགས་པ་ཙམ་པོའང་མི་རིགས་སོ། །ཞེས་ཤེས་པར་བྱ་བའི་ཕྱིར་རོ་ཞེས་བྱ་བ་
གསུངས་སོ། །གང་ལས་ཤེ་ན་ཞེས་བྱ་བ་ནི་ཚོགས་པ་ཙམ་མེད་པར་གང་ལས་ཤེས་ཤེ་ནའོ། །ལན་ནི་གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་ཉིད་ཀྱིས་ཞེས་བྱ་བ་ནི་མང་པོས་བཀུར་བ་ཉིད་ཀྱིས་སོ། །གང་གི་ཕྱོགས་ཀྱི་ཡན་ལག་ཅན་ཡོད་པར་འདོད་པ་དེའི་ཕྱོགས་ལ་ཡང་གཡོ་བ་དང་མི་
གཡོ་བ་དང་། དམར་པོ་དང་དམར་པོ་མ་ཡིན་པ་ལ་སོགས་པ་མི་རིགས་པས་ཆ་ཤས་ཅན་མེད་པས་ཡན་ལག་ཀྱང་མེད་པའོ། །དབྱིབས་སྨྲ་བའི་ཕྱོགས་ལ་སྐྱོན་གཞན་བསྟན་པར་བྱ་བའི་ཕྱིར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚོགས་པའི་ཡིན་པར་ཞེས་བྱ་བ་ནི། འཕང་ལོ་ལ་སོགས་
པའོ། །སྔར་གྱི་དབྱིབས་ཀྱི་ཁྱད་པར་མ་བཏང་བ་དག་གི་ཞེས་བྱ་བ་ནི་སྔར་གྱི་དབྱིབས་ཀྱི་ཁྱད་པར་གང་གིས་བར་མ་དོར་མེད་ལ་དེ་སྐད་ཅེས་བྱ་སྟེ། སྔར་གྱི་དབྱིབས་ཀྱི་ཁྱད་པར་ལ་གནས་པའོ་ཞེས་པའོ། །བཏང་བ་དག་གི་ཞེས་བྱ་བ་ནི། སྔར་གྱི་དབྱིབས་ཀྱི་ཁྱད་པར་བཏང་བ་དག་གི་ཞེས་པའོ། །གོང་མ་ཤོས་
འདོད་ན་ཞེས་བྱ་བ་ནི། སྔར་གྱི་དབྱིབས་ཀྱི་ཁྱད་པར་མ་བཏང་བའོ། །ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི། ཅི་ལྟར་ཁྱོད་ཀྱི་ཕྱོགས་ལ་འཕང་ལོ་ལ་སོགས་པའི་ཡན་ལག་རྣམ་པ་ལྔར་ཏེ་སྔར་གྱི་གནས་སྐབས་ན་རེ་རེ་སྟེ། སོ་སོ་ལ་དབྱིབས་ཡོད་པའི་ཡན་ལག་དེ་རྣམས་ཤིང་རྟར་གྱུར་པའི་དུས་སུ་ཡང་དབྱིབས་

དེ་བཞིན་དུ་ཡིན་ནོ་ཞེས་བྱ་བའི་ཕྱོགས་སྔ་མ་རྗེས་སུ་བརྗོད་ནས། ལན་འདེབས་པ་ནི་བྱེ་བར་གྱུར་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་དེ་དག་ཚོགས་པའི་དུས་ན་ཤིང་རྟ་མེད་པ་ཡིན་ཏེ། སྔར་གྱི་རང་བཞིན་མ་བཏང་བས་སོ། །དེ་ལ་དཔེ་བསྟན་པར་
བྱ་བའི་ཕྱིར་བྱེ་བར་གྱུར་པ་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་འཕང་ལོ་ལ་སོགས་པ་བྱེ་བར་གྱུར་པ་རྣམས་ལ་ཤིང་རྟ་ཉིད་ཡོད་པ་མ་ཡིན་པ་དེ་བཞིན་དུ་ད་ལྟར་ཡང་ཡོད་པ་མ་ཡིན་ནོ་ཞེས་པའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་ཡན་
ལག་གི་དབྱིབས་ཐ་མི་དད་པའི་ཕྱིར་རོ་ཞེས་བྱ་བ་ནི། ཤིང་རྟའི་ཡན་ལག་འཕང་ལོ་ལ་སོགས་པ་རྣམས་ཀྱི་དབྱིབས་བྱེ་བར་གྱུར་པའི་སྐབས་དང་ཁྱད་པར་མེད་པས་སོ། །ཅི་སྟེ་ཕྱོགས་གཉིས་པ་ཞེས་བྱ་བ་ནི། ཁྱད་པར་བཏང་བ་དག་གི་ཞེས་བྱ་བའི་ཕྱོགས་ཡིན་ནོ། །དེ་ཉིད་བསྟན་པར་བྱ་
བའི་ཕྱིར། དབྱིབས་གཞན་ཁོ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྱད་པར་ཅན་གྱི་ཤིང་རྟའི་ཡན་ལག་གི་དབྱིབས་ལས་དབྱིབས་གཞན་འབྱུང་བར་འདོད་ནའོ། །དེ་ལྟར་ན་ཡང་ཞེས་བྱ་བ་ནི། དབྱིབས་གཞན་ཡོངས་སུ་རྟོག་ནའོ། །ད་ལྟར་གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་འདིར་འཕང་
ལོ་ལ་སོགས་པ་ལ་ད་ལྟར་ཏེ། ཤིང་རྟ་ཉིད་ཀྱི་དུས་ན་གལ་ཏེ་དབྱིབས་ཀྱི་ཁྱད་པར་ཡོད་པར་འདོད་ན་དེའི་ཚེ་སྔར་གྱི་གནས་སྐབས་ལས་འཕང་ལོ་ལ་སོགས་པའི་དབྱིབས་ཀྱི་ཁྱད་པར་བཟུང་བར་གྱུར་ན་སྟེ། འཕང་ལོ་ལ་སོགས་པའི་དབྱིབས་གཞན་ཁོ་ན་འཛིན་པར་འགྱུར་བའོ། །དེ་ཡང་ཡོད་
མིན་ཏེ་ཞེས་བྱ་བ་ནི། འཕང་ལོ་ལ་སོགས་པའི་དབྱིབས་ཀྱི་ཁྱད་པར་གཞན་དུ་འཛིན་པར་ཡོད་པ་ནི་མ་ཡིན་ཞེས་པའོ། །དེའི་ཕྱིར་དབྱིབས་ཙམ་ཤིང་རྟ་ཡོད་མ་ཡིན། །ཞེས་བྱ་བ་ནི་མཇུག་བསྡུ་བའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷམ་
པ་ཞེས་བྱ་བ་ནི་ལེབ་མའོ། །ཟླུམ་པ་ཞེས་བྱ་བ་ནི་ཕྱོགས་ཀུན་ན་ཟླུམ་པའོ། །སོགས་པའི་སྒྲས་ནི་མཉམ་པ་ལ་སོགས་པ་བསྡུ་བར་བྱའོ། །གང་ཞིག་སྔར་ཡོད་པར་གྱུར་པ་ཞེས་བྱ་བ་ནི་བྱེ་བར་གྱུར་པའི་གནས་སྐབས་ནའོ། །དེ་ལས་ཞེས་བྱ་བ་ནི་སྔར་གྱི་དབྱིབས་ཀྱི་ཁྱད་པར་ལས་སོ། །གཞན་ཞིག་

ཁོ་ན་ཞེས་བྱ་བ་ནི་སྔར་གྱི་དབྱིབས་ལས་གཞན་ཉིད་དོ། །དེ་ཞེས་བྱ་བ་ནི་སྔར་གྱི་དབྱིབས་ཀྱི་ཁྱད་པར་ལས་གཞན་པའི་དབྱིབས་སོ། །གཟུང་བ་ཡང་མ་ཡིན་ནོ་ཞེས་བྱ་བའི་བཤད་པ་ནི། འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་དབྱིབས་གཞན་དུ་འགྱུར་བ་ཉིད་ཅེས་བྱ་བ་ནི་རྩིབས་ལ་
སོགས་པའི་གཞན་ཉིད་དུ་མཐོང་བར་འགྱུར་བའོ། །དེའི་ཕྱིར་ཞེས་བྱ་བ་ནི་མཇུག་བསྡུ་བའོ། །དེ་ལྟར་ཡན་ལག་རྣམས་ཀྱི་དབྱིབས་ཀྱི་ཁྱད་པར་ནི་ཤིང་རྟ་མ་ཡིན་ནོ་ཞེས་བསྟན་ནས། ད་ནི་ཚོགས་པའི་དབྱིབས་ཀྱི་ཁྱད་པར་ཡང་ཤིང་རྟ་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། ཅི་སྟེ་ཞེས་བྱ་བ་ལ་
སོགས་པ་གསུངས་ཏེ། ཕྱོགས་སྔ་མའོ། །དེ་ལ་ལན་འདེབས་པ་ནི། དེ་ཡང་མི་རིགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབྱིབས་དེ་ཡན་ལག་ཚོགས་ཀྱི་མ་ཡིན་ན། །ཞེས་བྱ་བ་ནི་ཡན་ལག་གི་ཚོགས་ཀྱི་དབྱིབས་དེ་ནི་ཤིང་རྟ་མ་ཡིན་པའོ། །ཅིའི་ཕྱིར་ཞེ་ན། དེ་ལ་ལན་ནི། གང་
ཕྱིར་ཁྱོད་ཀྱི་ཚོགས་པ་ཅང་མེད་པ་ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་ཁྱོད་ཀྱི་འདོད་པས་ཚོགས་པ་སྟེ་སྤྱི་འགའ་ཡང་ཡོད་པ་མ་ཡིན་ཏེ། ཚོགས་པ་ནི་ཚོགས་པ་ཅན་ལས་གཞན་ལས་གཞན་དུ་མ་གྲུབ་པའི་ཕྱིར་རོ། །དེས་ན་ཚོགས་པ་མེད་པའི་ཕྱིར་ཚོགས་པ་ལ་བརྟེན་པའི་དབྱིབས་ཀྱི་རང་བཞིན་
ཅན་ཡོད་པ་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཚོགས་པ་དེ་ཅི་ཡང་མེད་དེ་དངོས་པོ་མེད་པ་ཡིན་ལ། དེ་ལ་བརྟེན་ནས་ཤིང་རྟ་ཅི་ལྟར་འགྱུར་ཏེ་རྫས་སུ་མེད་པའི་ཚོགས་པ་ནི་དབྱིབས་ཀྱི་ཉེ་བར་ལེན་པར་མི་རིགས་པས་སོ། །དེ་འགྲེལ་
པས་བསྟན་པར་བྱ་བའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་རྟེན་ཅན་ཞེས་བྱ་བ་ནི་རྫས་སུ་ཡོད་པའི་ཚོགས་པའི་རྟེན་ཅན་ནོ། །འདིའི་རྟེན་ཅན་གྱི་ཞེས་བྱ་བ་ནི་ཅི་ཡང་མེད་པའི་རྟེན་ཅན་ནོ། །བཏགས་པ་ནི་རྫས་ཀྱི་རྟེན་ཅན་ཁོ་ནར་ཁས་བླངས་པའི་ཕྱིར་རོ་ཞེས་བྱ་བ་ནི་མང་པོས་
བཀུར་བ་བས་རྫས་སུ་ཡོད་པའི་ཉེ་བར་ལེན་པ་ལ་བརྟེན་ནས་དབྱིབས་སུ་ཉེ་བར་འདོགས་པར་འདོད་པས་སོ། །གལ་ཏེ་མང་པོས་བཀུར་བ་བས་རྫས་སུ་མེད་པའི་སྙིང་པོ་མེད་པ་ཚོགས་པའི་དབྱིབས་ཀྱི་རང་བཞིན་ཅན་ལ་ཤིང་རྟར་འདོགས་པར་འདོད་ན་དེའི་ཚེ་ཁོ་བོ་ཅག་གི་འདོད་པ་ཡང་འགྲུབ་པ་ཡིན་ནོ་ཞེས་

བསྟན་པར་བྱ་བའི་ཕྱིར། ཅི་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྱོད་ཀྱི་འདི་ནི་ཅི་ལྟར་འདོད། །ཅེས་བྱ་བ་ནི་ཁྱོད་ཀྱི་ཕྱོགས་ཀྱིས་ཇི་ལྟར་བརྫུན་པའི་ཚོགས་ལ་བརྟེན་ནས་བརྫུན་པའི་དབྱིབས་འདོགས་པར་འདོད་པའོ། །དེ་ལྟར་ཞེས་བྱ་བ་ནི་དེ་བཞིན་དུའོ། །མི་བདེན་
པ་ཡི་རྒྱུ་ལ་བརྟེན་བྱས་ནས། །ཞེས་བྱ་བ་ནི་རྒྱུ་བརྫུན་པ་ལ་བརྟེན་ཞེས་པའོ། །འབྲས་བུའི་ཞེས་བྱ་བ་ལ་སོགས་པ་ནི་བརྫུན་པའི་རང་བཞིན་ཅན་གྱི་འབྲས་བུ་ཐམས་ཅད་སྐྱེ་བ་ཡིན་པར་ཤེས་པར་གྱིས་ཤིག་ཅེས་པའོ། །དེས་ན་ཤིང་རྟའི་ཡན་ལག་རྡུལ་ཕྲ་རབ་ཀྱི་བར་ལ་ཡང་བདེན་པ་ཉིད་ཁས་
བླང་བར་མི་བྱའོ་ཞེས་པའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། མ་རིག་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདུ་བྱེད་ཅེས་བྱ་བ་ནི་དགེ་བ་དང་མི་དགེ་བའི་ལས་རྣམས་སོ། །མ་ལུས་པ་ལ་ཡང་ཞེས་བྱ་བ་ནི་ཕྱི་དང་ནང་གི་དངོས་པོ་ཐམས་ཅད་ལ་ཡང་ངོ་། །དངོས་པོའི་གྲིབ་མའི་རི་
དགས་ལྟ་བུ་ལ་མངོན་པར། །ཞེས་བྱ་བ་ནི་དངོས་པོ་ཉིད་གྲིབ་མའི་རི་དགས་དང་མཚུངས་པ་སྟེ། ཅི་ལྟར་རི་དགས་ཀྱི་གྲིབ་མ་ལ་རང་བཞིན་མེད་པ་དེ་བཞིན་དུ་དངོས་པོ་རྣམས་ཀྱང་ཡིན་ནོ་ཞེས་པའོ། །གང་གི་ཞེས་བྱ་བ་ནི་གྲིབ་མའི་རི་དགས་སོ། །འདིས་ནི་བུམ་པ་ལ་སོགས་པ་ཡང་བསྟན་པ་ཡིན་ནོ་
ཞེས་བརྗོད་པར་བྱ་བའི་ཕྱིར། འདིས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིས་ནི་ཞེས་བྱ་བ་ནི་ཤིང་རྟའི་དཔེས་སོ། །དེ་ལྟར་གནས་རྣམས་ལ་ཞེས་བྱ་བ་ནི་དབྱིབས་ཁྱད་པར་ཅན་ལ་གནས་པ་རྣམས་ཏེ། ཅི་ལྟར་ཤིང་རྟ་ལ་རྣམ་པར་དཔྱད་པར་བྱས་པ་དེ་བཞིན་དུ་གཟུགས་ལ་སོགས་པ་ལ་ཡང་
བྱ་སྟེ། འདི་ལྟར་གལ་ཏེ་དབྱིབས་ཙམ་བུམ་པར་འདོད་ན་དབྱིབས་དེ་ཡན་ལག་གིའམ། ཚོགས་པའི་ཡིན་པར་རྟོག་པ་ཞེས་པའི་རྣམ་པར་དཔྱད་པ་འདིར་ཡང་འཇུག་པར་བྱའོ། །གཞན་ཡང་གལ་ཏེ་གཟུགས་ལ་ཡོད་པར་གྱུར་ན་དེའི་ཚེ་དེ་རྣམས་ཀྱི་དབྱིབས་བུམ་པར་འགྱུར་བ་ཞིག་ན། འོན་ཀྱང་
གཟུགས་ལ་སོགས་པ་ཉིད་མེད་པ་དེ་རྣམས་ཀྱི་དབྱིབས་བུམ་པར་ཅི་ལྟར་འགྱུར་ཞེས་པའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐྱེ་བ་མེད་པ་ཞེས་བྱ་བ་ནི། བདག་ལས་མ་ཡིན་གཞན་ལས་མིན། །ཞེས་བྱ་བ་ལ་སོགས་པ་སྐྱེ་བ་བཀག་པས་སོ། །

དེའི་ཕྱིར་ཡང་ཞེས་བྱ་བ་ནི་སྐྱེ་བ་མེད་པས་ཀྱང་ངོ་། །མི་རིགས་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་དབྱིབས་བུམ་པར་རིགས་པ་མ་ཡིན་ཞེས་པའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་ནི་སྔར་བཤད་ཟིན་ཏོ་ཞེས་བྱ་བ་ནི། བདག་
ལས་མ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་པས་སོ། །རྫས་ཀྱི་ཉེ་བར་ལེན་པ་ཅན། །ཞེས་བྱ་བ་ནི་རྫས་སུ་ཡོད་པའི་གཟུགས་ལ་སོགས་པའི་ཉེ་བར་ལེན་པ་ཅན་དུའོ། །དེ་ལ་གཞན་དག་གི་ཕྱོགས་སྔ་མ་བསྟན་པར་བྱ་བའི་ཕྱིར། འདིར་སྨྲས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པ་
བདུན་གྱིས་བཙལ་བ་ན། །ཞེས་བྱ་བ་ནི་དེ་ཉིད་དང་། གཞན་ཉིད་དང་། རྟེན་དང་བརྟེན་པའི་ཕྱོགས་དང་། ལྡན་པའི་ཕྱོགས་དང་། འདུས་པ་ཙམ་དང་། དབྱིབས་ཀྱི་རྣམ་པར་དཔྱད་པ་ནའོ། །འདིའི་དོན་ནི་གལ་ཏེ་ཤིང་རྟ་མེད་པར་འགྱུར་ན་ཤིང་རྟའི་སྒོ་ནས། ཤིང་རྟ་འོན་ཅིག་ཅེས་བྱ་བ་ལ་
སོགས་པའི་ལོ་ཀ་ན་ཐ་སྙད་མེད་པར་འགྱུར་བ་ལས་ཐ་སྙད་མཐོང་བའི་ཕྱིར་ཤིང་རྟ་ཡོད་པ་ཡིན་ནོ་ཞེ་ན། དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། བརྗོད་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉེས་པ་འདི་ནི་ཞེས་བྱ་བ་ནི། ཤིང་རྟའི་ཐ་སྙད་མེད་པའི་མཚན་ཉིད་ཅན་ནོ། །དེ་ཉིད་རྒྱས་པར་སྟོན་པ་
ནི། འདི་ལྟར་ཞེས་བྱ་བ་ལ་སོགས་པའོ། །སྔར་བཤད་པའི་ཚུལ་ཞེས་བྱ་བ་ནི་ཤིང་རྟ་རང་ཡན་ལག་ལས་གཞན་འདོད་མིན་ཞེས་བྱ་བ་ལ་སོགས་པས་སོ། །ཤིང་རྟ་ལ་སྐྱེ་བ་མེད་པ་ཡིན་དུ་ཆུག་རྣམ་པར་མ་དཔྱད་པར་ཤིང་རྟའི་ཐ་སྙད་བྱེད་པ་ཡིན་ནོ་སྙམ་ན། དེ་ལ་ལན་ནི་ཁྱོད་ཀྱིས་ཀྱང་ཞེས་བྱ་བ་ལ་
སོགས་པ་གསུངས་ཏེ། གྲུབ་པའི་མཐའ་པས་གཞན་ཞེས་བྱ་བ་ནི་ལོ་ཀའི་ཐ་སྙད་ཙམ་གྱིས་དངོས་པོ་རྣམས་ཡོད་པར་འཇོག་པའི་མཚན་ཉིད་ཅན་ནོ། །འདིའི་དོན་ནི་ཁྱོད་ཀྱིས་རྣམ་པར་དཔྱད་ན་དངོས་པོ་རྣམས་གྲུབ་པར་འདོད་པ་ཡིན་ལ། རྣམ་པ་བདུན་གྱི་སྒོ་ནས་དཔྱད་ན་ཤིང་རྟ་ཡོད་པར་མ་གྲུབ་
པས་ཅི་ལྟར་ཤིང་རྟའི་སྒོ་ནས་ཐ་སྙད་བྱེད་ཅེས་པའོ། །དེ་ལྟར་གཞན་གྱི་ཕྱོགས་ལ་སྐྱོན་བརྗོད་ནས། རང་ཉིད་ཀྱི་ཕྱོགས་ལ་ཉེས་པ་མེད་པ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། ཁོ་བོ་ཅག་ལ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་དེ་ཉིད་དང་ལོ་ཀ་རུ་ཡང་རྣམ་པ་བདུན་གྱིས་དཔྱད་ན་ཤིང་རྟ་

འགྲུབ་པར་མི་འགྱུར་གྱི། དེ་ལྟར་ན་ཡང་རྣམ་པར་དཔྱད་པ་མེད་པར་འཕང་ལོ་ལ་སོགས་པའི་རང་གི་ཡན་ལག་ལ་བརྟེན་ནས་ཤིང་རྟ་ཞེས་ཐ་སྙད་འདོད་པས་ཤིང་རྟར་གྲུབ་པ་ཡིན་ནོ། །འདིའི་དོན་ནི་ཁོ་བོས་ནི་རྣམ་པར་དཔྱད་པའི་སྒོ་ནས་ཀུན་རྫོབ་ཁས་ལེན་པ་མེད་ཀྱང་ཀུན་
རྫོབ་ནི་ལོ་ཀའི་ཐ་སྙད་ཀྱི་དོན་དུ་ལོ་ཀའི་སྒོ་ནས་ཁས་ལེན་པའི་ཕྱིར་ཁོ་བོ་ཕྱོགས་ལ་ནི་ཤིང་རྟའི་ཐ་སྙད་མེད་པའི་མཚན་ཉིད་ཅན་གྱི་སྐྱོན་ཉིད་དུ་ཐལ་བར་མི་འགྱུར་རོ་ཞེས་པས་སོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། ཤིང་རྟ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སོགས་པའི་སྒྲས་ནི། གཞན་
མིན་མ་ཡིན་དེ་ལྟར་ཡང་མིན་ཞིང་། །ཞེས་བྱ་བ་ལ་སོགས་པ་བསྡུ་བར་བྱའོ། །འདི་ནི་ཞེས་བྱ་བ་ནི་ཤིང་རྟའོ། །སྔོན་པོ་ལ་སོགས་པ་དང་ཚོར་བ་ལ་སོགས་པ་ལྟར་ཞེས་བྱ་བ་ནི་ཕྱི་དང་ནང་ལ་ལྟོས་ནས་དཔེ་གཉིས་བསྟན་པ་ཡིན་ཏེ། ཅི་ལྟར་སྔོན་པོ་ལ་སོགས་པ་དང་ཚོར་བ་ལ་སོགས་པ་རྣམས་ཡོད་
པ་མ་ཡིན་དུ་ཟིན་ཀྱང་ལོ་ཀའི་ཐ་སྙད་ཀྱིས་ཡོད་པ་དེ་བཞིན་དུའོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་མཇུག་བསྡུ་བའོ། །ཕྱོགས་འདིར་ཞེས་བྱ་བ་འཇིག་རྟེན་གྱི་ཐ་སྙད་ཀྱི་རྗེས་སུ་འབྲངས་ནས་མ་བརྟགས་ན་ཉམས་དགའ་བ་ཙམ་དུ་ཀུན་རྫོབ་ཡོད་པས་སོ། །ཕྱོགས་འདི་ལ་འཇིག་རྟེན་གྱི་ཐ་སྙད་
ཐམས་ཅད་འཐད་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། འཇིག་རྟེན་གྲགས་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིའི་མིང་གི་ཁྱད་པར་ཞེས་བྱ་བ་ནི་ཆ་ཤས་དང་ཆ་ཤས་ཅན་དང་། བྱ་བ་དང་བྱེད་པ་པོ་ཞེས་བྱ་བ་ལ་སོགས་པའོ། །འདིའི་ཞེས་བྱ་བ་ནི་འཇིག་རྟེན་པའི་འོ། །མིང་གི་ཁྱད་
པར་གྲུབ་པ་ཉིད་བསྟན་པར་བྱ་བའི་ཕྱིར། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཉིད་ཡན་ལག་ཅན་ཞེས་བྱ་བ་ནི་ཤིང་རྟ་དེ་ཉིད་འཕང་ལོ་ལ་སོགས་པ་རང་གི་ཡན་ལག་ལ་ལྟོས་ནས་ཡན་ལག་འདི་རྣམས་ལ་ཡོད་པས་ན་ཡན་ལག་ཅན་ཞེས་བྱ་བ་གྲུབ་བོ། །ཆ་ཤས་ཅན་ཞེས་བྱ་བ་ནི་འཕང་ལོ་
ལ་སོགས་པའི་ཆ་ཤས་རྣམས་དེ་ལ་ཡོད་པས་ན་དེ་སྐད་ཅེས་བྱའོ། །ཤིང་རྟ་བྱེད་པ་པོ་ཞེས་བྱ་བ་ནི་འཕང་ལོ་ལ་སོགས་པ་ཉེ་བར་བླང་བའི་བྱ་བ་ལ་ལྟོས་ནས་ཤིང་རྟ་ཉིད་ལ་བྱེད་པ་པོ་ཞེས་བྱའོ། །དེ་ལྟར་སྐྱེ་བོ་རྣམས་ལ་མི་རྣམས་གང་ཡིན་པ་མ་བརྟགས་ན་ཉམས་དགའ་བ་ཙམ་ལ་ལྟོས་ནས་གྲུབ་པ་ཡིན་ནོ། །

དེ་འབའ་ཞིག་དེ་ལྟར་གྲུབ་པ་མ་ཡིན་གྱི་འོན་ཀྱང་འཕང་ལོ་ལ་སོགས་པ་རང་གི་ཉེ་བར་བླང་བར་བྱ་བ་ལེན་པའི་ཕྱིར་སྐྱེ་བོ་རྣམས་ལ་ལེན་པ་པོ་ཉིད་དུ་ཡང་གྲུབ་པ་ཡིན་ནོ། །ཐ་དད་པ་མེད་ན་ཅི་ལྟར་ཐ་སྙད་བྱེད་ཅེ་ན། མ་བརྟགས་ན་ཉམས་དགའ་བར་འཇིག་རྟེན་གྱི་ཐ་སྙད་ཙམ་གྱིས་གྲུབ་པ་ཡིན་ནོ་ཞེས་པའོ། །
དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། དེ་ལ་ཤིང་རྟ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཞིག་རྣམ་པར་དཔྱད་པར་བྱས་ནས་ཡན་ལག་ལ་སོགས་པ་འབའ་ཞིག་ཁས་ལེན་པ་དེ་ལ་མིང་གི་ཁྱད་པར་མེད་པ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། གང་འགའ་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ།
དེ་ལྟ་བུའི་རྣམ་པར་གནས་པའི་ཞེས་བྱ་བ་ནི་མ་བརྟགས་ན་ཉམས་དགའ་བའི་འཇིག་རྟེན་གྱི་ཐ་སྙད་ཙམ་གྱིས་རྣམ་པར་གནས་པའོ། །གསུང་རབ་ཀྱི་དོན་ཕྱིན་ཅི་ལོག་ཏུ་རྟོགས་པས་ཞེས་བྱ་བ་ནི་ལུང་ལ་ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་ཀྱི་ཕྱིན་ཅི་ལོག་ཏུ་རྟོགས་པའོ། །ཕྱིན་ཅི་ལོག་ཏུ་རྟོགས་པ་དེ་བསྟན་
པར་བྱ་བའི་ཕྱིར། ཡན་ལག་ཚོགས་པ་ཙམ་ཡོད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཡང་ཅི་ལྟར་ཕྱིན་ཅི་ལོག་ཡིན་ཞེ་ན། གཏན་ཚིགས་དེ་ཉིད་ཀྱི་ཞེས་བྱ་བ་སྨོས་ཏེ། མ་དམིགས་པའི་གཏན་ཚིགས་དེ་ཉིད་ཀྱི་ཡིན་ཏེ། ཇི་ལྟར་ཡན་ལག་ལས་ཐ་དད་པའི་ཡན་ལག་ཅན་ལ་མ་དམིགས་
པའི་ཕྱིར་རོ། །ཡན་ལག་ཅན་མེད་པ་དེ་བཞིན་དུ་ཡན་ལག་ཀྱང་མ་དམིགས་པའི་ཕྱིར་ཡན་ལག་ཡོད་པ་མ་ཡིན་ཏེ། ཡན་ལག་རྣམས་ཡན་ལག་ཅན་ལ་ལྟོས་པའི་ཕྱིར་རོ། །དེ་བཞིན་དུ་གཞན་རྣམས་ལ་ཡང་སྦྱར་བར་བྱའོ། །དེའི་ཕྱིར་གལ་ཏེ་རྣམ་པར་དཔྱད་ན་ནི་དེའི་ཚེ་ནི་གཉིས་ཀ་ཡང་ཡོད་པ་
མ་ཡིན་ལ་གལ་ཏེ་རྣམ་པར་མ་དཔྱད་ན་ནི་དེའི་ཚེ་འཇིག་རྟེན་གྱི་ཐ་སྙད་ཙམ་དུ་ནི་གཉིས་ཀ་ལ་ཡོད་པ་ཡིན་ཏེ། མ་དཔྱད་ན་འཇིག་རྟེན་གྱི་ཐ་སྙད་གྲུབ་པས་སོ། །འདི་ནི་ཞེས་བྱ་བ་ནི་ཡན་ལག་ཅན་ཡོད་པར་སྨྲ་བའོ། །ཅི་ལྟར་དགག་པར་བྱ་ཞེ་ན། ལན་ནི། འཇིག་རྟེན་གྲགས་པའི་ཀུན་རྫོབ་མ་
བརླག་ཅིག །ཅེས་བྱ་བ་གསུངས་ཏེ། ཡན་ལག་དང་ཡན་ལག་ཅན་ལ་སོགས་པའི་འཇིག་རྟེན་ལ་གྲགས་པའི་ཀུན་རྫོབ་དེ་བརླག་པར་མ་བྱེད་ཅིག་ཅེས་པ་སྟེ། དེ་བརླག་ན་འཇིག་རྟེན་གྱི་ཐ་སྙད་ཆད་པར་འགྱུར་བའོ། །མ་དཔྱད་པར་གྲུབ་པའི་ཀུན་རྫོབ་ཁས་བླངས་ན་དེ་ཁོ་ན་ཉིད་ལ་བདེ་བླག་ཏུ་

འཇུག་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིམ་པ་འདི་ཉིད་ཀྱིས་ཞེས་བྱ་བ་ནི་བདག་ལས་མ་ཡིན་ཞེས་བྱ་བ་ལ་སོགས་པ་དང་། ཤིང་རྟ་རང་ཡན་ལག་ལས་གཞན་མིན་ཞེས་བྱ་བ་ལ་སོགས་པས་སོ། །དེ་ཁོ་
ན་ཉིད་ལ་བདེ་བླག་ཏུ་ཇི་ལྟར་འཇུག་པར་འགྱུར་ཞེས་འདྲི་བ་ནི། ཇི་ལྟར་ཞེ་ན་ཞེས་བྱ་བ་སྨོས་ཏེ། ལན་ནི་རྣམ་བདུན་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་བདུན་གྱིས་མེད་གང་ཞེས་བྱ་བ་ནི་ཤིང་རྟ་གང་སྔར་བསྟན་པའི་རྣམ་པ་བདུན་གྱི་སྒོ་ནས་མེད་པའོ། །དེ་ཇི་ལྟ་བུར་ཡོད་ཅེས་
བྱ་བ་ནི་ཤིང་རྟ་དེ་རྣམ་པ་གང་གི་སྒོ་ནས་ཡོད་པར་འགྱུར་ཏེ། རྣམ་པ་བདུན་ལས་ཐ་དད་པའི་རྣམ་པ་གཞན་མེད་པས་སོ། །འདི་ཞེས་བྱ་བ་ནི་ཤིང་རྟའིའོ། །དེ་ཉིད་ལ་ཡང་བདེ་བླག་འཇུག་འགྱུར་བས། །ཞེས་བྱ་བ་ནི་གང་གི་ཕྱིར་ཀུན་རྫོབ་འདི་ངོ་བོ་ཉིད་ཀྱིས་གྲུབ་པ་མ་ཡིན་གྱི། འོན་
ཀྱང་མ་རིག་པའི་དབང་གིས་དེ་ལྟར་སྣང་བ་ཡིན་པ་དེའི་ཕྱིར་དེ་ཁོ་ན་ཉིད་ལ་བདེ་བླག་ཏུ་འཇུག་པར་འགྱུར་བ་ཡིན་ཏེ། དངོས་པོའི་ངོ་བོ་ཉིད་ཀྱིས་ཡོད་པར་འགྱུར་ན། དངོས་པོ་ངོ་བོ་ཉིད་ཀྱིས་བཟློག་པར་མི་ནུས་པ་དེ་ཁོ་ན་ཉིད་ལ་བདེ་བླག་ཏུ་འཇུག་པར་མི་འགྱུར་བ་ལས་གང་གི་ཕྱིར་མ་རིག་པ་
ཙམ་གྱི་དབང་གིས་སྣང་བར་གྱུར་པ་དེའི་ཚེ་མ་རིག་པ་ལོག་པར་གྱུར་ན་ཀུན་རྫོབ་སྣང་བ་མེད་པའི་ཕྱིར། དེ་ཁོ་ན་ཉིད་ལ་འཇུག་པ་ཡིན་ནོ་ཞེས་པའོ། །འདིར། དེ་ཡི་གྲུབ་པ་དེ་བཞིན་འདོད་པར་བྱ། །ཞེས་བྱ་བ་ནི་མ་བརྟགས་ན་ཉམས་དགའ་བ་ཙམ་གྱིས་འཇིག་རྟེན་གྱི་ཐ་སྙད་ཀྱི་ཀུན་རྫོབ་ཀྱི་
བདེན་པ་ཡོད་པར་འདོད་པར་བྱ་བ་ཡིན་ནོ་ཞེས་པའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། ཉེ་བར་རྟོག་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉེ་བར་རྟོག་པའི་ཞེས་བྱ་བ་ནི་རྣམ་པར་དཔྱོད་པར་བྱེད་པའོ། །དེ་ཞེས་བྱ་བའི་དངོས་པོའོ། །འང་གི་སྒྲས་ནི་ཞེས་བྱ་བ་ནི། དེས་དེ་ཉིད་
ལའང་བདེ་བླག་འཇུག་འགྱུར་བས། །ཞེས་བྱ་བའི་འང་གི་སྒྲས་སོ། །ཀུན་རྫོབ་ཉམས་པར་ཡང་མི་འགྱུར་བ་སྟེ་ཞེས་བྱ་བ་ནི་མ་བརྟགས་ན་ཉམས་དགའ་བ་ཙམ་གྱི་ཀུན་རྫོབ་ཁས་ལེན་པས་སོ། །འདི་ནི་ཞེས་བྱ་བ་ནི་ཤིང་རྟའོ། །སྐྱོན་མེད་ཅིང་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཐ་སྙད་དང་རྗེས་

སུ་མཐུན་པས་སོ། །ཕན་ཡོན་དང་བཅས་པའི་ཞེས་བྱ་བ་ནི་ཁོ་ན་ཉིད་དང་བདེ་བླག་ཏུ་འཇུག་པར་འགྱུར་བས་སོ། །ད་ནི་ཤིང་རྟ་མེད་དུ་ཟིན་ཀྱང་ཡན་ལག་མེད་པ་ཉིད་གཞན་གྱིས་མ་བཟོད་ན་ཕྱོགས་སྔ་མ་འགོད་པ་ནི། འདིར་སྨྲས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལན་བསྟན་པར་བྱ་བའི་ཕྱིར།
བཤད་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཞད་གད་དུ་བྱ་བ་ཞིག་སྟེ་ཞེས་བྱ་བ་ལ་སོགས་པ་ནི་ཤིང་རྟ་མེད་ཀྱང་ཡན་ལག་ཚོལ་བར་བྱེད་པ་དེ་ནི་སྣམ་བུ་ཚིག་ན་ཐལ་བ་ལ་སྣལ་མ་ཚོལ་བ་དང་འདྲ་བས་ཁྱོད་ནི་བཞད་གད་དུ་བྱ་བར་འོས་པ་ཡིན་ནོ་ཞེས་པའོ། །དེ་ཉིད་བསྟན་པར་བྱ་
བའི་ཕྱིར། ཤིང་རྟ་ཡོད་ཉིད་མིན་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་ཚེ་ཞེས་བྱ་བ་ནི་ཤིང་རྟ་མ་དམིགས་པའི་དུས་ནའོ། །ཡན་ལག་ཅན་མེད་དེའི་ཡན་ལག་ཀྱང་མེད་ཅེས་བྱ་བ་ནི་གལ་ཏེ་ཡན་ལག་མེད་པར་གྱུར་ན་དེའི་ཚེ་གང་གིས་ཡན་ལག་ཏུ་འགྱུར་ཏེ། ཡན་ལག་ཅན་ནི་
ཡན་ལག་རྣམས་ལ་ལྟོས་པས་སོ། །དེའི་ཞེས་བྱ་བ་ནི་ཡན་ལག་ཅན་གྱིའོ། །གཞན་དག་གིས་ཡན་ལག་ཅན་མེད་ཀྱང་ཡན་ལག་ནི་ཡོད་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤིང་རྟ་ཞིག་ན་ཞེས་བྱ་བ་ནི་གཟེར་ཕྱུང་བའི་གནས་སྐབས་ནའོ། །
ཡན་ལག་ཅན་མེད་པར་ཡན་ལག་དག་ཀྱང་མེད་དོ་ཞེས་ཅི་ལྟར་བརྗོད་ཅེ་ན་ཞེས་བྱ་བ་ནི་ཤིང་རྟ་མེད་ཀྱང་ཤིང་རྟའི་ཡན་ལག་དག་ནི་ཡོད་པ་ཡིན་ནོ་ཞེས་པའོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། དེ་ནི་དེ་ལྟར་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འབྲེལ་པ་རིག་པ་ཁོ་ནས་ཞེས་བྱ་བ་ནི་གང་
གིས་སྔར་འཕང་ལོ་ལ་སོགས་པ་དང་ཤིང་རྟ་འབྲེལ་པ་མཐོང་བ་དེ་ཁོ་ནས་ཤིང་རྟའི་ཡན་ལག་ཡིན་ནོ་སྙམ་དུ་རྟོགས་པ་ཡིན་གྱི། འབྲེལ་པ་མ་མཐོང་བ་ལ་ནི་མ་ཡིན་ནོ། །དེས་ནི་ཤིང་རྟའི་ཡན་ལག་རྣམས་ངོ་བོ་ཉིད་ཀྱིས་ཡན་ལག་ཏུ་གྲུབ་པར་གྱུར་ན་དེའི་ཚེ་འབྲེལ་པ་མ་མཐོང་བས་ཀྱང་རྟོགས་པར་
འགྱུར་བ་ལས་རྟོགས་པ་ཡང་མ་ཡིན་ནོ། །དེས་ན་འཕང་ལོ་ལ་སོགས་པ་རྣམས་ཡན་ལག་གི་ངོ་བོ་ཉིད་དུ་ཡོད་པ་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་རིགས་པས་སོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། དེས་ནི་རང་གི་ཆ་ཤས་ལ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཞན་ཡང་ཤིང་རྟ་

མི་རིགས་པའི་ཤིང་རྟའི་ཡན་ལག་ཀྱང་རིགས་པ་མ་ཡིན་ནོ་ཞེས་དཔེའི་སྒོ་ནས་བསྟན་པར་བྱ་བའི་ཕྱིར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེ་འདི་ལས་ཞེས་བྱ་བ་ནི་ཤིང་རྟ་ཚིག་པའི་དཔེའི་སྒོ་ནས་སོ། །དོན་འདི་ནི་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཤིང་རྟ་
བསྲེགས་ན་ཤིང་རྟའི་ཡན་ལག་ཀྱང་ཚིག་པའི་མཚན་ཉིད་ཅན་ནོ། །ཤིང་རྟ་ཚིག་ན་ཞེས་བྱ་བ་ལ་སོགས་པ་ནི་ཇི་ལྟར་མེས་ཤིང་རྟ་ཚིག་པར་འགྱུར་བ་ན་འཕང་ལོ་ལ་སོགས་པའི་ཤིང་རྟའི་ཡན་ལག་རྣམས་ཀྱང་ཡོད་པ་མ་ཡིན་ཏེ། ཤིང་རྟ་ཚིག་ན་དེ་རྣམས་ཀྱང་ཚིག་པས་སོ། །དཔེ་བསྟན་ནས།
དོན་དང་སྦྱར་བ་ནི། བློ་མེས་ཡན་ལག་ཅན་བསྲེགས་ཡན་ལག་གོ། །ཞེས་བྱ་བ་གསུངས་ཏེ། ཡན་ལག་ཅན་ཏེ་ཤིང་རྟའི་མཚན་ཉིད་ཅན་ཤེས་རབ་ཀྱི་མེས་བསྲེགས་པར་འགྱུར་བ་ན་ཡན་ལག་རྣམས་ཀྱང་ཚིག་པ་ཉིད་ཡིན་ཏེ། ཡན་ལག་རྣམས་ནི་ཡན་ལག་ཅན་ཁོ་ན་ལ་ལྟོས་པའི་ཕྱིར་
ཡན་ལག་ཅན་མེད་པས་ཡན་ལག་རྣམས་ག་ལ་ཡོད། དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། དཔེར་ན་ཤིང་རྟ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་དཔྱོད་པའི་གཙུབ་ཤིང་གཙུབས་པ་ལས་ཞེས་བྱ་བ་ནི། རྣམ་པར་དཔྱོད་པ་ཉིད་ཤིང་གཙུབས་པ་ཡིན་ཏེ། མེ་བྱུང་བའི་རྒྱུར་
གྱུར་པའི་ཤིང་གི་ཁྱད་པར་གཙུབས་པར་དེ་ཇི་ལྟར་གཙུབ་ཤིང་གཙུབས་པ་ལས་མེ་བྱུང་བ་དེ་བཞིན་དུ་རྣམ་པར་དཔྱད་པ་ལས་བློ་རྣོ་བ་འབྱུང་བར་འགྱུར་བའོ། །བློའི་མེ་ཞེས་བྱ་བ་ནི་བློ་ཉིད་མེ་ཡིན་ཏེ། །ཇི་ལྟར་མེས་སྲེག་པར་བྱེད་པ་དེ་བཞིན་དུ་ཤེས་རབ་ཀྱི་མེས་ཀྱང་ཤིང་རྟ་མི་དམིགས་པའི་མཚན་
ཉིད་ཅན་དུ་སྲེག་པར་བྱེད་པའོ། །དེ་ཉིད་ཀྱི་ཕྱིར་མི་དམིགས་པའི་སྲེག་པར་བྱེད་པ་ཅན་གྱི། ཤིང་རྟ་ལུས་པ་མེད་པར་བསྲེགས་པས་ན་ཞེས་བྱ་བ་གསུངས་སོ། །ཤེས་རབ་ཀྱི་མེའི་བུད་ཤིང་དུ་གྱུར་པ་ཞེས་བྱ་བ་ནི་ཤེས་རབ་ཀྱི་མེའི་བསྲེག་བྱར་གྱུར་པ་སྟེ། དེ་དག་ཀྱང་ཚིག་པར་གྱུར་པའོ། །ཇི་
ལྟར་ཤིང་རྟ་ལོ་ཀའི་ཐ་སྙད་ཙམ་དུ་ཁས་ལེན་པ་དེ་བཞིན་དུ་བདག་ཀྱང་བཏགས་པ་ཙམ་དུ་ཡོད་པ་འཇིག་རྟེན་གྱི་གྲགས་པ་ལས་ཁས་བླང་བར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤིང་རྟ་རྣམ་པར་དཔྱོད་པའི་ཚུལ་ལ་བསམས་ཏེ་ཞེས་བྱ་བ་ནི་རྣམ་པ་

བདུན་གྱི་སྒོ་ནས་རྣམ་པར་དཔྱད་ན་ཤིང་རྟ་མི་འཐད་པ་ཡིན་ནོ་སྙམ་པའི་ཚུལ་སེམས་ལ་བཞག་ནས་སོ། །བརྟེན་ནས་གདགས་པ་རྣམ་པར་གཞག་པ་ཞེས་བྱ་བ་ནི་ཤིང་རྟའི་ཡན་ལག་ལ་བརྟེན་ནས་ཤིང་རྟ་འདོགས་པའི་རང་བཞིན་ཅན་ནོ། །དེ་ཁོ་ན་ཉིད་ལ་བདེ་བླག་ཏུ་འཇུག་པར་བྱ་བའི་ཕྱིར་ཞེས་བྱ་
བ་ནི་སྔར་བསྟན་ཟིན་ཏོ། །དེ་བཞིན་ཞེས་བྱ་བ་ལ་སོགས་པ་ནི་ཇི་ལྟར་རྣམ་པ་བདུན་གྱི་སྒོ་ནས་དཔྱད་ན་བདག་མི་རིགས་པས་བདག་མེད་དུ་ཟིན་ཀྱང་ཕུང་པོ་ལ་སོགས་པ་ལ་བརྟེན་ནས་བདག་འགྲོའོ། །བདག་གིས་ཤེས་སོ། །འདི་ནི་བདག་གིའོ་ཞེས་བྱ་བ་ལ་སོགས་པ་འཇིག་རྟེན་གྱི་ཐ་
སྙད་མི་བཅད་པའི་དོན་དུ་བདག་ཉེ་བར་ལེན་པ་པོ་ཉིད་དུ་བརྟགས་ན་འདོད་པའོ། །དེ་ཉིད་ཀྱི་ཕྱིར། འཇིག་རྟེན་གྲགས་པ་ཞེས་བྱ་བ་གསུངས་ཏེ། གཞན་དུ་འཇིག་རྟེན་གྱི་ཐ་སྙད་འཆད་པར་འགྱུར་བས་སོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། ཇི་ལྟར་འཕང་ལོ་ལ་སོགས་པ་དག་ལ་
བརྟེན་ནས་ཤིང་རྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཇི་ལྟར་འཇིག་རྟེན་གྱི་རྗེས་སུ་འབྲངས་ནས་བདག་ཏུ་ཁས་ལེན་པ་དེ་བཞིན་དུ་ལས་དང་བྱེད་པ་པོ་ལ་སོགས་པའི་ཐ་སྙད་བཏགས་པ་ཡང་འཇིག་རྟེན་གྱི་ཐ་སྙད་མི་གཅད་པར་བྱ་བའི་ཕྱིར་འཇིག་རྟེན་པའི་རྗེས་སུ་འབྲངས་ནས་ཁས་བླང་བར་བྱ་ཞེས་
བསྟན་པར་བྱ་བའི་ཕྱིར། ཇི་ལྟར་འཕང་ལོ་ལ་སོགས་པ་དག་ཤིང་རྟའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉེ་བར་ལེན་པ་དང་ཉེ་བར་ལེན་པ་པོའི་རྣམ་པར་གཞག་པ་འདི་ཞེས་བྱ་བ་ནི་འཕང་ལོ་ལ་སོགས་པ་དང་ཕུང་པོ་ལ་སོགས་པ་དག་ནི་ཉེ་བར་ལེན་པ་ཡིན་ལ་ཤིང་རྟ་དང་བདག་ལ་སོགས་པ་ནི་ཉེ་
བར་ལེན་པ་པོ་སྟེ་དེ་དག་གི་རྣམ་པར་གཞག་པའོ། །ལས་དང་བྱེད་པ་པོའི་རྣམ་པར་གཞག་པ་ཡང་ཞེས་བྱ་བ་ནི་ཕུང་པོ་རྣམས་ནི་བདག་གིས་ཉེ་བར་བླང་བར་བྱ་བ་ཡིན་པས་ན་ཕུང་པོ་རྣམས་ནི་ལས་སུ་རྣམ་པར་གཞག་ལ་ཕུང་པོ་ལ་སོགས་པ་རྣམས་བདག་གིས་ཉེ་བར་ལེན་པར་བྱེད་པས་ན་བདག་ལ་ཉེ་
བར་ལེན་པ་པོ་ཉིད་དུ་རྣམ་པར་གཞག་པའོ། །ཤིང་རྟ་ལྟར་ཁས་བླང་བར་བྱའོ་ཞེས་བྱ་བ་ནི་བཏགས་པར་ཡོད་པ་ཙམ་དུ་ཁས་བླང་བར་བྱའོ་ཞེས་པའོ། །ཉེར་ལེན་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པའོ། །འདི་ནི་ཞེས་བྱ་བ་ནི་བདག་གོ། །དེ་ལྟར་བརྟེན་ནས་བཏགས་པ་ལ་ཡོན་ཏན་བསྟན་པར་བྱ་བའི་

ཕྱིར། བརྟེན་ནས་བཏགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བརྟན་པ་དང་མི་བརྟན་པ་ལ་སོགས་པའི་རྟོག་པའི་རྟེན་ཉིད་མ་ཡིན་པ་ཉིད་ལས་ཞེས་བྱ་བ་ནི་གལ་ཏེ་དངོས་པོ་ཡོད་ན་བརྟན་པ་དང་མི་བརྟན་པར་འགྱུར་བ་ཡིན་ལ། སྔར་བསྟན་པའི་རིགས་པས་བདག་
དངོས་པོར་མེད་པ་བདག་བརྟན་པ་དང་མི་བརྟན་པ་ལ་སོགས་པའི་རྟོག་པའི་རྟེན་དུ་ཇི་ལྟར་འགྱུར་ཞེས་པའོ། །རྟག་པ་དང་མི་རྟག་པ་ལ་སོགས་པའི་རྟོག་པ་ཞེས་བྱ་བ་ནི་དེ་ཉིད་དང་གཞན་ཉིད་ལ་སོགས་པ་བསྡུ་བར་བྱའོ། །དེ་ལ་སྐྱེས་ནས་མི་འཇིག་པ་ནི་རྟག་པ་ཡིན་ལ། སྐྱེས་ནས་འཇིག་པ་
ནི་མི་རྟག་པའོ། །དེ་ཉིད་དང་གཞན་ཉིད་མེད་ཅེས་བྱ་བ་ནི་ཕུང་པོ་ལ་སོགས་པ་དང་བདག་ལས་ཐ་དད་པ་དང་ཐ་མི་དད་པ་བདག་མེད་པས་སོ། །བརྟན་པ་དང་མི་བརྟན་པ་ལ་སོགས་པ་མ་ཡིན་པའི་རྒྱུ་མཚན་བསྟན་པར་བྱ་བའི་ཕྱིར། དངོས་པོ་ཡོད་མིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་
དངོས་པོ་ཡོད་པ་མ་ཡིན་པའི་ཕྱིར་རོ་ཞེས་པའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། ཕུང་པོ་དག་ལ་བརྟེན་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་གལ་ཏེ་བདག་མི་བརྟན་པ་ཡིན་ན་ནི་བསྟན་བཅོས་དང་འགལ་བར་འགྱུར་རོ་ཞེས་སྦྱར་བར་བྱ་སྟེ། བསྟན་བཅོས་དབུ་མ་རྩ་བའི་ཤེས་
རབ་དང་འགལ་བར་འགྱུར་རོ་ཞེས་པའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར་ཉེ་བར་ལེན་པ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཉེ་བར་ལེན་པའི་ཕུང་པོ་ལྔ་ཞེས་བྱ་བ་དེ་དག་ནི་སྐད་ཅིག་སོ་སོ་ལ་འབྱུང་བ་དང་འཇིག་པ་ཡིན་ལ་བདག་ནི་ཕུང་པོ་ལས་དེ་ཉིད་དང་གཞན་ཉིད་དང་རྟག་པ་དང་མི་རྟག་
པ་ཉིད་དུ་བརྗོད་པར་མི་ནུས་ཏེ་སྐྱོན་དུ་མི་འབྱུང་བར་འགྱུར་བས་སོ། །འདི་ལྟར་གལ་ཏེ་བདག་རྟག་པ་ཡིན་ན་རྟག་པར་སྨྲ་བར་འགྱུར་བ་དང་། མི་རྟག་ན་ཆད་པར་ཐལ་བར་འགྱུར་བའོ། །རྟག་པ་དང་ཆད་པ་ཞེས་བྱ་བའི་གཉིས་ཀ་ཡང་དོན་མ་ཡིན་པ་ཆེན་པོར་འགྱུར་བས་ཁས་བླང་བར་བྱ་བ་མ་ཡིན་
པའོ། །དེ་ལྟར་ཉེ་བར་བླང་བའི་ཕུང་པོ་ལྔ་ཉིད་བདག་ཉིད་དུ་མི་རིགས་པའོ། །གཞན་ཡང་ཉེ་བར་བླང་བ་ཉེ་བར་ལེན་པ་པོར་ཇི་ལྟར་འགྱུར་ཏེ་བུམ་པ་དང་རྫ་མཁན་དག་ཀྱང་གཅིག་ཏུ་ཐལ་བར་འགྱུར་བའོ། །དེ་བཞིན་དུ་མ་བྱུང་བ་ལས་ཞེས་བྱ་བ་ལ་སོགས་པ་ནི་གལ་ཏེ་བདག་སྔར་མ་བྱུང་བ་

ཕྱིས་འབྱུང་བར་འགྱུར་ན་དེའི་ཚེ་བདག་བྱས་པར་ཐལ་བར་འགྱུར་བ་ལས། བདག་བྱས་པར་འདོད་པ་ཡང་མ་ཡིན་ཏེ། མི་རྟག་པར་ཐལ་བར་འགྱུར་བས་སོ། །དེ་ལས་ཐ་དད་པའི་དེ་སྒྲུབ་པར་བྱེད་པའི་བྱེད་པ་པོ་ཡང་མེད་པས་བདག་བྱས་པ་ཉིད་དུ་ཁས་ལེན་པ་ནི་འཁོར་བ་ཐོག་མ་དང་ལྡན་པར་འགྱུར་བ་དང་།
སྔར་མེད་པའི་སེམས་ཅན་འབྱུང་བར་འགྱུར་བ་ལས་དེ་ལྟར་འདོད་པ་ཡང་མ་ཡིན་ནོ། །དེས་ན་བདག་ནི་བྱས་པ་མ་ཡིན་ནོ། །གཞན་ཡང་འབྱུང་བ་རྒྱུ་མེད་ཅན་དུ་འགྱུར། །ཞེས་བྱ་བ་ནི་སྔར་མེད་པའི་བདག་འབྱུང་བར་འགྱུར་ན། རྒྱུ་མེད་པ་ལས་སྐྱེ་བར་འགྱུར་བ་ཡིན་ཏེ། སྔར་བདག་མེད་པས་བྱེད་པ་
པོ་མེད་པས་རྒྱུ་མེད་པ་ཅན་དུ་འགྱུར་བའོ། །འདིས་ནི་བསྟན་བཅོས་ལས་བདག་མི་རྟག་པ་ཉིད་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །གལ་ཏེ་བདག་མི་རྟག་པ་ཉིད་ཀྱི་རྟེན་དུ་ཁས་ལེན་ན་དེའི་ཚེ་བསྟན་བཅོས་དང་འགལ་བའོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་མི་རྟག་པ་ཉིད་དུ་མི་འདོད་པས་སོ། །
དེའི་ཕྱིར་འདི་ནི་མི་རྟག་པ་ཉིད་དུ་ཡང་མི་འཐད་དོ་ཞེས་བྱ་བ་ནི་མཇུག་བསྡུ་བའོ། །བསྟན་པ་ཡང་མི་འཐད་པ་དེ་བསྟན་བཅོས་ཀྱི་ཁུངས་ཀྱི་སྒོ་ནས་བསྟན་པར་བྱ་བའི་ཕྱིར། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་སྐད་དུ་ཞེས་བྱ་བ་ནི་དབུ་མ་རྩ་བའི་ཤེས་རབ་ལས་སོ། །འདས་པའི་ཞེས་
བྱ་བ་ལ་སོགས་པ་ནི་གང་འདས་པའི་སྐྱེ་བར་བྱུང་བ་འདི་ཉིད་གལ་ཏེ་ད་ལྟར་བྱུང་བར་གྱུར་ན་དེའི་ཚེ་འདས་པའི་དུས་ན་བྱུང་བར་གྱུར་པ་ཡིན་ནོ་ཞེས་བྱ་བ་རིགས་པ་ལས་དེ་ལྟར་ཡང་མི་འཐད་དེ་རྟག་པ་ཉིད་དུ་ཐལ་བར་འགྱུར་བ་དང་། རྟག་པ་འཁོར་བར་ཡང་མི་རིགས་པ་དང་། འགྲོ་བ་གཅིག་ལ་གནས་
སུ་ཟིན་ཀྱང་འགྲོ་བ་སྣ་ཚོགས་པ་འཛིན་པར་འགྱུར་བས་སོ། །འདིར་དམྱལ་བ་ལ་སོགས་པའི་འགྲོ་བ་ཅན་དུ་གྱུར་ནས་ད་ལྟར་མིར་སྐྱེས་ན་ང་ཉིད་དམྱལ་བར་གནས་སོ་ཞེས་དེ་ལྟར་རྟོག་ན་དེ་ཉིད་འདི་ལ་མི་རིགས་ཏེ། ཇི་ལྟར་ན་མི་ཉིད་དམྱལ་བ་ལ་སོགས་པར་འགྱུར་ཞེས་པའོ། །འོ་ན་མདོ་ལས་དེའི་ཚེ་
དེའི་དུས་ན་ང་ཉིད་འཁོར་ལོས་སྒྱུར་བའི་རྒྱལ་པོ་ང་ལས་ནུ་ཞེས་བྱ་བར་གྱུར་ཏོ་ཞེས་བྱ་བ་དེ་ཇི་ལྟར་ཁོང་དུ་ཆུད་པར་བྱ་ཞེ་ན། དེ་ལྟར་གསུངས་པ་དེ་ནི་གཞན་ཉིད་དགག་པ་ཙམ་ཡིན་གྱི་དེ་ཉིད་དུ་སྟོན་པར་མཛད་པ་ནི་མ་ཡིན་ནོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །དེ་ཉིད་ཀྱི་ཕྱིར་དེའི་ཚེ་དེའི་དུས་ན་གཞན་མ་ཡིན་ནོ་

ཞེས་བརྗོད་པ་ཡིན་ནོ། །གལ་ཏེ་སྔོན་གྱི་དེ་ཉིད་ད་ལྟར་གྱི་འདི་ཡིན་ནོ་ཞེས་དེ་བཞིན་དུ་གྱུར་ན་སྐྱོན་ཅི་ཡོད་ཅེ་ན། རྟག་པར་ཐལ་བར་འགྱུར་རོ་ཞེས་བྱ་བའི་སྐྱོན་བརྗོད་དུ་ཟིན་ཀྱང་ཡང་བརྗོད་པར་བྱ་སྟེ། དེ་ཉིད་བདག་ཏུ་འགྱུར་སྙམ་ན། ཉེ་བར་ལེན་པ་ཐ་དད་པར་འགྱུར་ཞེས་བྱ་བ་
གསུངས་ཏེ། གལ་ཏེ་སྔོན་གྱི་བདག་ཉིད་དེ་ཉིད་ད་ལྟར་གྱི་ཡིན་པར་འགྱུར་ན། དེའི་ཚེ་ཕུང་པོ་ལྔའི་མཚན་ཉིད་ཅན་གྱི་ཉེ་བར་ལེན་པ་ལ་ཁྱད་པར་མེད་པར་འགྱུར་རོ། །བདག་ནི་ཉེ་བར་ལེན་པ་ལ་ཁྱད་པར་མེད་པ་ཡང་མ་ཡིན་ནོ། །འོན་ཀྱང་ཉེ་བར་ལེན་པ་ནི་ཁྱད་པར་དུ་གྱུར་པ་ཡིན་ཏེ། ཉེ་བར་ལེན་པའི་
རྒྱུ་ལས་ཐ་དད་པ་དང་། དུས་ཐ་དད་པའི་ཕྱིར་རོ། །དེས་ན་ཉེ་བར་ལེན་པ་ཁྱད་པར་ཅན་མ་ཡིན་པའི་ཕྱིར་བདག་ཉིད་དེ་ཉིད་དུ་རིགས་པ་མ་ཡིན་ནོ། །གལ་ཏེ་ཉེ་བར་ལེན་པ་ཁྱད་པར་ཅན་ཡིན་དུ་ཆུག །བདག་ནི་གཅིག་ཉིད་ཡིན་པས་བདག་ལ་ཁྱད་པར་མེད་པའི་ཕྱིར་འདས་པའི་དུས་ན་དེ་ལྟར་གྱུར་པ་
ཡིན་ནོ་ཞེས་བྱ་བ་འབྱུང་བ་ཡིན་ནོ་ཞེ་ན། དེ་ལ་ལན་ནི་ཉེ་བར་ལེན་པ་ལས་མ་གཏོགས་པར། ཁྱོད་ཀྱི་བདག་ནི་གང་ཞིག་ཡིན། །ཞེས་བྱ་བ་གསུངས་ཏེ། གལ་ཏེ་ཉེ་བར་ལེན་པ་གཞན་ཡིན་ལ་བདག་མིན་པར་གྱུར་ན། དེའི་ཚེ་ཉེ་བར་ལེན་པ་ཁྱད་པར་ཡིན་དུ་ཟིན་ཀྱང་བདག་ལས་ཁྱད་པར་མེད་པར་འགྱུར་
བ་ལས་འདི་ནི་བདག་གོ། །འདི་ནི་ཉེ་བར་ལེན་པའོ་ཞེས་བྱ་བའི་ཐ་དད་དུ་བསྟན་པར་མི་ནུས་ཏེ། བདག་དེ་ཉེ་བར་ལེན་པའི་རང་བཞིན་ལས་ཐ་དད་པ་ཡིན་ན་རྒྱུ་མེད་པ་ཅན་དུ་ཐལ་བར་འགྱུར་བ་དང་། ཐ་དད་དུ་འཛིན་པར་ཐལ་བར་འགྱུར་བས་སོ། །གང་གི་ཚེ་ཉེ་བར་ལེན་པ་ལས་མ་གཏོགས་པར་བདག་སྟོན་
པར་མི་ནུས་པ་དེའི་ཚེ་ཉེ་བར་ལེན་པ་ནི་ཁྱད་པར་ཅན་ཡིན་ལ། བདག་ནི་ཁྱད་པར་ཅན་མ་ཡིན་ནོ་ཞེས་བྱ་བ་དེ་ལྟར་བརྟག་པར་མི་ནུས་སོ། །དེ་ལྟར་བསྟན་བཅོས་ཀྱི་སྒོ་ནས་བདག་བསྟན་པ་ཉིད་དུ་མི་རིགས་སོ་ཞེས་བསྟན་ནས། སྐྱེ་འཇིག་མེད་པ་ཉིད་བསྟན་བཅོས་ཀྱི་སྒོ་ནས་བསྟན་པར་བྱ་བའི་ཕྱིར།
སྐྱེ་འཇིག་ཅན་དུ་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྱད་པར་གཉིས་ཞེས་བྱ་བ་ནི་སྐྱེ་འཇིག་ཡིན་ཞེས་བྱ་བའི་ཁྱད་པར་གཉིས་སོ། །རྟག་པ་ལ་སོགས་པ་ཡང་བདག་ཡོད་པ་མ་ཡིན་ནོ་ཞེས་བསྟན་བཅོས་ཀྱི་སྒོ་ནས་བསྟན་པར་བྱ་བའི་ཕྱིར། འདི་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་

སྐད་དུ་ཞེས་བྱ་བ་ནི་དབུ་མ་རྩ་བའི་ཤེས་རབ་ལས་སོ། །དེ་བཞིན་གཤེགས་པ་བརྟག་པའི་ཚུལ་གྱིས་བདག་ཡོངས་སུ་རྟོག་པར་མཛད་པ་ན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལ་བདག་ཡོངས་སུ་བརྟགས་ནས་དཔྱོད་པས་སོ། །རྟག་དང་ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་ཀྱིས་མདོ་
ལས་ལུང་དུ་མ་བསྟན་པའི་དངོས་པོ་བཅུ་བཞི་གསུངས་ལ་དེ་རྣམས་ནི་སྔར་བཤད་ཟིན་ཏོ། །དེ་ལྟར་དེ་བཞིན་གཤེགས་པ་ལ་སྟོང་པ་ཉིད་ལ་སོགས་པ་མི་སྲིད་པ་དེ་བཞིན་དུ་རྟག་པ་ལ་སོགས་པ་བཞི་ཡང་སྲིད་པ་མ་ཡིན་པ་ཉིད་ཀྱིས་བཅོམ་ལྡན་འདས་ཀྱིས་མོ་གཤམ་གྱི་བུའི་སྔོ་བསངས་དང་དཀར་
ཤམ་ལ་སོགས་པ་བཞིན་དུ་འཇིག་རྟེན་པ་ལ་རྣམ་པ་བཞི་ལུང་མ་བསྟན་པ་ཡིན་ནོ། །ཅི་ལྟར་དེ་བཞིན་གཤེགས་པ་རྣམས་ལ་བཞི་པོ་འདི་མི་སྲིད་པ་དེ་བཞིན་དུ་མཐའ་དང་མཐའ་མེད་པ་ལ་སོགས་པ་ཡང་ཞི་བའི་དེ་བཞིན་གཤེགས་པ་ལ་སྲིད་པ་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། མཐའ་དང་
ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་གཤེགས་པ་གྲོངས་ནས་ཕྱིས་འབྱུང་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པའི་རྣམ་པར་རྟོག་པ་བཞི་འཇུག་པ་མི་སྲིད་དོ་ཞེས་བསྟན་པར་བྱ་བའི་ཕྱིར། གང་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གིས་མངོན་པར་ཞེན་པ་ཆེན་པོས་དེ་
བཞིན་གཤེགས་པ་ཡོད་དོ་ཞེས་ཤིན་ཏུ་སྟུག་པོས་གཟུང་བར་འགྱུར་བ་སྟེ་ཡོངས་སུ་རྟོག་པ་བསྐྱེད་པའོ། །དེས་ངེས་པར་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ན་གྲོངས་པའི་ཕྱིས་ཀྱི་དུས་སུ་དེ་བཞིན་གཤེགས་པ་འབྱུང་བར་མི་འགྱུར་བའམ། དེ་བཞིན་གཤེགས་པ་ཆད་པའམ།
དེ་བཞིན་གཤེགས་པ་ཡོད་པ་མ་ཡིན་ནོ་ཞེས་རྣམ་པར་རྟོག་པར་བྱེད་ནའོ། །དེ་ལྟར་རྣམ་པར་རྟོག་ན་དེའི་ཚེ་ལྟ་བའི་རྣམ་པར་འགྱུར་རོ། །གང་གི་ཕྱོགས་ལ་གནས་སྐབས་འགའ་ཞིག་ན་ཡང་དེ་བཞིན་གཤེགས་པ་ལ་ཡོད་པ་ཉིད་དང་མེད་པ་ཉིད་མེད་པ་དེའི་ཕྱོགས་ལ་ནི་ནམ་མཁའ་ལ་རི་མོའི་གཟུགས་
རྟོག་པ་བཞིན་དུ་རྟོག་པ་ནི་ཡོད་པ་མ་ཡིན་ཞེས་བྱ་བ་ལ་སོགས་པའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། ངོ་བོ་ཉིད་ཀྱིས་སྟོང་དེ་ལ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་རྟག་པ་དང་མི་རྟག་པ་ལ་སོགས་པ་མེད་པ་ཉིད་དུ་བསྟན་ནས། བསྟན་བཅོས་ཀྱི་སྒོ་ནས་དེ་ཉིད་དང་གཞན་ཉིད་ཡོད་

པ་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། འདི་ནི་ཕུང་པོ་དག་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔར་བཤད་ཟིན་ཏོ། །དེ་བཞིན་དུ་ཤིང་ཉིད་མེ་ནི་མ་ཡིན་ཏེ། ཞེས་བྱ་བ་ལ་སོགས་པ་གསུངས་སོ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི། ཤིང་ལས་མེ་ནི་གཞན་མིན་ཏེ། །མེ་ནི་
བུད་ཤིང་དག་ལྡན་མིན། །མེ་ལ་ཤིང་མིན་དེར་དེ་མིན། །བདག་དང་ཉེ་བར་ལེན་པ་ཡི། །རིམ་པ་ཐམས་ཅད་མ་ལུས་པར། །མེ་དང་ཤིང་དག་གིས་བཤད་དོ། །འདིའི་དོན་ནི། གལ་ཏེ་བུད་ཤིང་མེ་ཡིན་ན། །ལས་དང་བྱེད་པོ་གཅིག་ཉིད་འགྱུར། །ཞེས་བྱ་བ་འདིས་ཤིང་དང་མེ་དག་གཅིག་ཉིད་
བཀག་པས་ཤིང་ཉིད་མེ་མ་ཡིན་ནོ། །གལ་ཏེ་ཤིང་ལས་མེ་གཞན་ན། །ཤིང་མེད་པར་ཡང་ཡོད་པར་འགྱུར། །ཞེས་བྱ་བ་འདིས་གཞན་ཉིད་ཡིན་པ་བཀག་པས་ཤིང་ལས་མེ་གཞན་ཉིད་དུ་ཡང་མི་འགྱུར་རོ། །དེ་ཉིད་དང་གཞན་ཉིད་ཀྱི་ཕྱོགས་གཉིས་ཀ་བཀག་པས་དེ་དང་ལྡན་པའི་ཕྱོགས་དང་རྟེན་
དང་ལྡན་པའི་ཕྱོགས་དག་ཀྱང་ཤུགས་ཀྱིས་བཀག་ནས། དེ་མཇུག་བསྡུ་བ་བསྟན་པར་བྱ་བའི་ཕྱིར། མེ་ནི་བུད་ཤིང་དང་ལྡན་མིན། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བུད་ཤིང་འདི་ལ་ཡོད་པས་བུད་ཤིང་དང་ལྡན་ནོ། །དེ་ཡང་ཐ་དད་པའམ་ཐ་མི་དད་པ་ཉིད་དུ་ཡོད་པར་འགྱུར་ན་འཐད་པ་ལས་
མེ་དང་བུད་ཤིང་དག་ལ་ཕྱོགས་གཉིས་ཀ་བཀག་པའི་ཕྱིར་མེ་བུད་ཤིང་དང་ལྡན་པ་ཉིད་བཀག་པ་ཡིན་ནོ། །གཞན་ཉིད་ཡིན་ན་ནི་འཁར་གཞོང་བཞིན་དུ་རྟེན་ཉིད་དུ་གྲུབ་པ་ཡིན་ལ། བུད་ཤིང་དང་མེ་དག་ལས་གཞན་ཉིད་མེད་པའི་ཕྱིར་མེ་ལ་བུད་ཤིང་ངོ་ཞེས་པ་ཡང་མི་རིགས་སོ། །བུད་ཤིང་ལ་ཡང་
མེ་ཡོད་པ་མ་ཡིན་པ་སྟེ་གཞན་ཉིད་བཀག་པའི་ཕྱིར་རོ། །ཇི་ལྟར་རྣམ་པ་ལྔའི་སྒོ་ནས་དཔྱད་ན་མི་འཐད་པ་དེ་བཞིན་དུ་བདག་ཀྱང་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། བདག་དང་ཉེ་བར་ལེན་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཉེ་བར་བླང་བར་བྱ་བ་ཡིན་པས་ན་ཉེར་ལེན་ཏེ་ཉེར་ལེན་གྱི་ཕུང་
པོ་ལྔའོ། །དེ་དག་ལ་བརྟེན་ནས་བཏགས་པ་ཉེ་བར་ལེན་པ་འཛིན་ཅིང་སྒྲུབ་པར་བྱེད་པའི་བདག་ཅེས་བྱ་སྟེ། བདག་དེ་དང་ཉེ་བར་ལེན་པ་དག་གྲུབ་པའི་རིམ་པ་གང་ཡིན་པ་དེ་ཐམས་ཅད་མེ་དང་ཤིང་དག་གིས་བཤད་པ་ཉིད་དུ་ཁོང་དུ་ཆུད་པར་བྱའོ། །ཐམས་ཅད་དང་མ་ལུས་པ་ལ་ཁྱད་པར་ཅི་ཞིག་ཡོད་

སྙམ་ན་ཐམས་ཅད་སྨོས་པས་ནི་བཤད་མ་ཐག་པའི་ཕྱོགས་ལྔ་བསྟན་པ་ཡིན་ལ། དེས་ན་ཕྱོགས་ལྔ་པོ་ཐམས་ཅད་མེ་དང་བུད་ཤིང་བཞིན་དུ་བདག་དང་ཉེ་བར་ལེན་པ་དག་ལ་མ་ཚང་བ་མེད་པར་སྦྱར་བར་བྱའོ། །གང་ཕྱོགས་ལྔ་བསྟན་པ་ལ་འཐད་པའི་རིམ་པ་བསྟན་པ་མ་ལུས་པར་བདག་དང་ཉེ་བར་
ལེན་པ་དག་ལ་ཡང་ཤེས་པར་བྱ་སྟེ། མེ་དང་བུད་ཤིང་དག་གིས་བདག་དང་ཉེ་བར་ལེན་པ་དག་ལ་རྣམ་པ་ཐམས་ཅད་དུ་དགག་པ་མཚུངས་པ་ཉིད་དུ་ཁོང་དུ་ཆུད་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། མ་ལུས་ཞེས་བྱ་བ་སྨོས་པ་ཡིན་ནོ། །དེ་ལ་ཉེ་བར་ལེན་པ་གང་ཡིན་པ་དེ་ཉིད་དུ་བདག་ཉིད་དུ་
མི་རིགས་ཏེ་ལས་དང་བྱེད་པ་པོ་དག་གཅིག་ཉིད་དུ་ཐལ་བར་འགྱུར་བས་སོ། །ཉེ་བར་བླང་བར་བྱ་བ་གཞན་ཉིད་དང་ཉེ་བར་ལེན་པ་པོ་གཞན་ཉིད་དུ་ཡང་མི་རིགས་ཏེ་ཕུང་པོ་ལས་ཐ་དད་དུ་བདག་དམིགས་པར་འགྱུར་བས་སོ། །གཅིག་པ་དང་ཐ་དད་པ་དག་བཀག་པས་བདག་ཕུང་པོ་དང་ལྡན་པ་ཡང་མ་
ཡིན་པའོ། །གཞན་ཉིད་མེད་པས་བདག་ལ་ཕུང་པོ་དང་ཕུང་པོ་ལ་ཡང་བདག་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་རྣམ་པ་ལྔའི་སྒོ་ནས་བདག་ཡོད་པ་མ་ཡིན་པ་དེའི་ཕྱིར་ལས་དང་བྱེད་པ་པོ་བཞིན་དུ་བདག་དང་ཉེ་བར་ལེན་པ་དག་ཕན་ཚུན་ལྟོས་ནས་གྲུབ་པ་མ་ཡིན་ནོ་ཞེས་བྱ་བ་གནས་པ་ཡིན་ནོ། །བསྟན་
བཅོས་ཀྱི་གཞུང་འདིས་ནི་བདག་དང་ཉེ་བར་ལེན་པ་དག་ལ་དེ་ཉིད་དང་གཞན་ཉིད་བཀག་པ་ཡིན་ནོ། །རྟག་པ་ལ་སོགས་པའི་རྣམ་པར་རྟོག་པའི་རྟེན་མ་ཡིན་པ་ཉིད་ཀྱི་རྒྱུ་མཚན་བསྟན་པར་བྱ་བའི་ཕྱིར། ཡང་ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཞེས་བྱ་བ་ནི་བདག་ལའོ། །དེ་
ཞེས་བྱ་བ་ནི་བདག་གོ། །བདག་མེད་པ་ལ་མདོའི་ཁུངས་བསྟན་པར་བྱ་བའི་ཕྱིར། ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་མགོན་གྱི་ཞེས་བྱ་བ་ནི་ལོ་ཀ་རྣམས་ཀྱི་མགོན་པོ་སྟེ། རྗེའོ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སོ། །བཞི་གང་ཞེ་ན། སེམས་ཅན་ཡོངས་སུ་ཞེས་བྱ་བ་
ལ་སོགས་པ་གསུངས་ཏེ། སངས་རྒྱས་ཆོས་རྣམས་ཞེས་བྱ་བ་ནི་སྟོབས་བཅུ་ལ་སོགས་པ་འོག་ནས་འཆད་པར་འགྱུར་བས་སོ། །སེམས་ཅན་ལ་སོགས་པ་རྣམས་ཅི་ལྟར་ན་མི་ཟད་པ་ཡིན་སྙམ་ན། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་སེམས་ཅན་ལ་སོགས་པ་རྣམས་ལ་རྫས་སུ་

ཡོད་པར་འགྱུར་ན་དེའི་ཚེ་ཡོངས་སུ་ཟད་པར་འགྱུར་བ་ལས། འོན་ཀྱང་བདག་ལས་མ་ཡིན་ཞེས་བྱ་བ་ལ་སོགས་པ་གདོད་མ་ནས་སྐྱེ་བ་མེད་པ་ཉིད་དུ་བསྟན་ནས། ཇི་ལྟར་ན་འདི་རྣམས་ཡོངས་སུ་ཟད་པར་འགྱུར་ཞེས་པའོ། །དེ་ལྟར་རྟག་པ་ལ་སོགས་པའི་རྟོག་པའི་ཡུལ་བདག་
མ་ཡིན་པ་ཉིད་དུ་བསྟན་ནས། བདག་ལ་མངོན་པར་ཞེན་པ་ནི་འཆིང་བའི་རྒྱུ་ཡིན་ལ། བདག་ལ་མངོན་པར་ཞེན་པ་མེད་པ་ནི་གྲོལ་བའི་རྒྱུ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཞིག་ཅེས་བྱ་བ་ནི་བདག་གོ། །རྣམ་པ་བདུན་གྱིས་བཙལ་ན་ཞེས་བྱ་བ་
ནི་ཐ་དད་པ་དང་ཐ་མི་དད་པ་དང་། དེ་དང་ལྡན་པ་དང་། རྟེན་དང་བརྟེན་པའི་རྣམ་པ་གཉིས་དང་། ཕུང་པོའི་ཚོགས་དང་། ཕུང་པོའི་དབྱིབས་ཀྱི་ཚོགས་པ་སྟེ་བདུན་གྱིས་སོ། །གང་ཞིག་ཅེས་བྱ་བ་ནི་བདག་གོ། །འཁོར་བར་འགྱུར་ལ་ཞེས་བྱ་བ་ནི། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་
གཉིས་ལ་འཛིན་དང་ཆགས། །དེ་གཉིས་དང་ནི་འབྲེལ་པ་ལས། །ཉེས་པ་ཐམས་ཅད་འབྱུང་བ་ཡིན། །ཞེས་བྱ་བའི་ཚུལ་གྱིས་སོ། །འདི་ནི་བདག་གོ་ཞེས་བྱ་བ་ནི་བདག་མེད་པ་ལ་ཡོད་པ་ཉིད་དུ་མངོན་པར་ཞེན་པ་འཁོར་བའི་རྒྱུར་གྱུར་པ་གང་ཡིན་པའོ། །རྟག་ཏུ་འགྲོ་རྣམས་ངར་འཛིན་བློ། །
ཞེས་བྱ་བ་ནི་གང་ལ་རྣམ་པ་ཐམས་ཅད་དུ་འགྲོ་བ་རྣམས་ལ་ངར་འཛིན་པའི་བློ་འཇུག་པར་འགྱུར་བ་དེ་ནི་བདག་ཡིན་ནོ་ཞེས་ཁོང་དུ་ཆུད་པར་བྱའོ། །དེའི་གང་ཡིན་དེར་ངར་འཛིན་བློ་འབྱུང་ལ། །ཞེས་བྱ་བ་ནི་ཕྱི་དང་ནང་གི་དངོས་པོ་གང་ཡིན་པ་བདག་དེ་དང་འབྲེལ་པ་གང་ཞིག་གིས་འབྲེལ་པ་དེ་ངར་འཛིན་
པའི་བློ་འབྱུང་བར་འགྱུར་བའོ། །དངོས་པོ་ཐམས་ཅད་ཡོད་པ་མ་ཡིན་ན་ངར་འཛིན་གྱི་བློ་དང་བདག་གི་བའི་བློ་ཇི་ལྟར་སྐྱེ་བར་འགྱུར་ཞེ་ན། མ་བརྟགས་གྲགས་པར་གཏི་མུག་ལས་ཡིན་ནོ། །ཞེས་བྱ་བ་གསུངས་ཏེ། མི་ཤེས་པས་མ་བརྟགས་པར་གྲུབ་པའི་ལོག་པའི་ཐ་སྙད་ལས་སོ། །དེ་འགྲེལ་
པས་བསྟན་པར་བྱ་བའི་ཕྱིར། གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡོངས་སུ་ཚོལ་བ་ན་ཞེས་བྱ་བ་ནི་དེའི་རང་བཞིན་ལ་དཔྱད་པ་ནའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། མུ་སྟེགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་རང་བཞིན་ལ་ཕྱིན་ཅི་ལོག་ཏུ་གྱུར་པ་ཞེས་བྱ་བ་ནི་བདག་གི་རང་བཞིན་

ལ་ཕྱིན་ཅི་ལོག་ཏུ་གྱུར་པའོ། །ཅིའི་ཕྱིར་ཞེ་ན། དེའི་རིགས་པས་མི་འཐད་པ་ཞེས་བྱ་བ་གསུངས་ཏེ། སྔར་བསྟན་པའི་རིགས་པས་བདག་འདི་མི་རིགས་པས་སོ། །ཕུང་པོ་ལས་ཐ་དད་པར་ཞེན་ཅིང་ཞེས་བྱ་བ་ནི་ཕུང་པོ་ལས་བདག་ཐ་དད་པར་ཡོད་པར་ཞེན་ནས་སོ། །རང་གི་སྡེ་པ་ཞེས་བྱ་བ་
ནི་སངས་རྒྱས་པ་རྣམས་སོ། །གལ་ཏེ་ཕུང་པོ་རྣམས་མི་རྟག་པ་ཡིན་པས་ཕུང་པོ་རྣམས་བདག་ཉིད་དུ་ཅི་ལྟར་འཐད་སྙམ་ན། དེ་ལ་ལན་ནི། འཁྲུལ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕུང་པོ་རྣམས་ལ་བདག་མེད་པ་ལ་བདག་གི་ངོ་བོར་འཁྲུལ་པས་སོ། །འདི་ཞེས་བྱ་བ་ནི་བདག་གོ། །
བརྒྱ་ཕྲག་ཅེས་བྱ་བ་ནི་ཉེ་བར་མཚོན་པ་ཙམ་ཡིན་ཏེ། དུ་མ་ཡོངས་སུ་གྲོལ་བར་འགྱུར་བ་ཡིན་ནོ་ཞེས་པའོ། །དེ་ནི་བདག་ཡིན་ནོ་ཞེས་བྱ་བ་ནི་བདག་དེ་ལྟ་བུའི་ཁྱད་པར་ཅན་ཡིན་པར་ཤེས་པར་བྱའོ། །དེའི་གང་ཡིན་དེར་ཞེས་བྱ་བ་བཤད་པར་བྱ་བའི་ཕྱིར་གང་དུ་འདི་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། འདི་ཞེས་བྱ་བ་ནི་བདག་གོ། །དབང་བ་ཉིད་དམ་ཞེས་བྱ་བ་ནི་བུ་དང་ཆུང་མ་ལ་སོགས་པ་སྟེ་དེའི་དབང་གིས་འཇུག་པས་སོ། །འབྲེལ་པ་འགའ་ཞིག་ཏུ་འགྱུར་བ་ཞེས་བྱ་བ་ནི་ཁང་པ་དང་ནོར་ལ་སོགས་པ་རྣམས་ལ་སྟེ་དེ་རྣམས་ལ་བདག་དང་བདག་གི་བའི་འབྲེལ་པ་ཡོད་པས་སོ། །
འདི་གདགས་པའི་རྟེན་ཞེས་བྱ་བ་ནི་བདག་ཏུ་གདགས་པའི་རྒྱུ་མཚན་དུ་གྱུར་པའོ། །ཕྱི་རོལ་ཞེས་བྱ་བ་ནི་བུ་དང་ཆུང་མ་དང་ཁང་པ་ལ་སོགས་པའོ། །རང་གི་ངོ་བོས་གྲུབ་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱིས་གྲུབ་པ་ནི་མ་ཡིན་ཏེ། སྔར་བསྟན་པའི་རིགས་པས་རང་བཞིན་མི་འཐད་པས་སོ། །
རྣལ་འབྱོར་པ་དག་གིས་རྣམ་པ་ཐམས་ཅད་དུ་མ་དམིགས་པ་ཞེས་བྱ་བ་ནི་གང་གི་ཕྱིར་མི་ཤེས་པའི་དབང་གིས་དེ་ཡོད་པ་ཡིན་ལ་ངོ་བོ་ཉིད་ཀྱིས་མ་ཡིན་པའི་ཕྱིར་རྣལ་འབྱོར་པ་རྣམས་ལ་མི་ཤེས་པ་མེད་པས་དེ་མི་དམིགས་པ་ཡིན་ནོ་ཞེས་པའོ། །དེའི་ཉེ་བར་ལེན་པ་རྣམས་མི་འབྱུང་བར་འགྱུར་རོ་
ཞེས་བྱ་བ་ནི་བདག་གི་ཉེ་བར་ལེན་པ་མིག་ལ་སོགས་པ་རྣམས་འབྱུང་བར་མི་འགྱུར་བ་སྟེ། བདག་གི་བ་ནི་བདག་ལ་ལྟོས་པ་ཡིན་པས་བདག་མ་དམིགས་ན་བདག་གི་ཡང་མ་དམིགས་པས་སོ། །དེའི་ཕྱིར་འཁོར་བ་ལས་རྣམ་པར་གྲོལ་བར་འགྱུར་རོ་ཞེས་བྱ་བ་ནི་ཡོངས་སུ་བརྟགས་ན་བདག་དང་

བདག་གི་བ་མ་དམིགས་པས། བདག་དང་བདག་གིར་འཛིན་པ་དག་ཡོངས་སུ་ཟད་པ་ལས་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ཐམས་ཅད་ལོག་པས་སྐྱེ་བ་ཟད་ཅིང་རྣམ་པར་གྲོལ་བར་འགྱུར་བ་ཡིན་ནོ། །ཇི་སྐད་དུ་ཞེས་བྱ་བ་ནི་དབུ་མ་རྩ་བའི་ཤེས་རབ་ལས་སོ། །
ནང་དང་ཕྱི་རོལ་ཞེས་བྱ་བ་ལ་སོགས་པ་ལ། ནང་སྟེ་ནང་དུ་ངར་འཛིན་ཟད་པས་ཕྱི་རོལ་གྱི་བདག་གིའོ་སྙམ་པ་ཟད་པས་ན་ཕུང་པོ་ལ་སོགས་པའི་མཚན་ཉིད་ཅན་གྱི་ཉེ་བར་ལེན་པ་འགགས་པར་འགྱུར་ཞིང་ཉེ་བར་ལེན་པ་ཟད་པས་ན་སྲིད་པའི་མཚན་ཉིད་ཅན་གྱི་སྐྱེ་བ་ཟད་པར་འགྱུར་བ་ཡིན་ནོ་ཞེས་
པའོ། །དེ་སྐད་དུ་ཡང་རིན་པོ་ཆེའི་ཕྲེང་བ་ལས། ངར་འཛིན་ལས་ནི་ཕུང་པོ་འབྱུང་། །དོན་དུ་ངར་འཛིན་དེ་མི་བདེན། །གང་གི་ས་བོན་མི་བདེན་པ། །དེ་ཡི་འབྲས་བུ་ཅི་ཕྱིར་བདེན། །དེ་ལྟར་ཕུང་པོ་བརྫུན་མཐོང་ན། །ངར་འཛིན་རབ་ཏུ་སྤོང་བར་འགྱུར། །ངར་འཛིན་རབ་ཏུ་སྤངས་པས་ན། །
ཡང་ན་ཕུང་པོ་སྲིད་མ་ཡིན། །ཞེས་གསུངས་སོ། །བདག་མ་དམིགས་ན་མིག་ལ་སོགས་པ་ཡང་མི་དམིགས་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་དོན་དུ་ཕྱོགས་སྔ་མ་འགོད་པ་ནི་ཡང་། ཅི་ལྟར་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། ཅི་ལྟར་བྱེད་པ་པོ་མེད་ན་ལས་མེད་པ་དེ་བཞིན་དུ་བདག་མེད་ན་བདག་གི་བ་ཡོད་པ་མ་ཡིན་ལ་དེས་ན་བདག་དང་བདག་གི་བ་སྟོང་པར་ལྟ་ཞིང་རྣལ་འབྱོར་པ་རྣམ་པར་ལྟ་ཞིང་གྲོལ་བ་ཐོབ་པར་འགྱུར་བ་ཡིན་ནོ་ཞེས་པའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། ཅི་ལྟར་ཞེས་བྱ་བ་ལ་
སོགས་པ་གསུངས་སོ། །འདིའི་དོན་ནི་ཕུང་པོ་རྣམས་ངར་འཛིན་པ་ལས་འབྱུང་བ་ཡིན་པས་ངར་འཛིན་མེད་ན་ཕུང་པོ་མི་སྲིད་པ་ཡིན་ནོ་ཞེས་པའོ། །འཁོར་བ་མ་གཟིགས་པ་ཞེས་བྱ་བ་ནི་སྐྱེ་བ་བརྒྱུད་པའི་མཚན་ཉིད་ཅན་གྱི་འཁོར་བ་མི་དམིགས་པས་སོ། །ཅི་ལྟར་རྣམ་པར་གྲོལ་བ་དེ་བསྟན་པར་
བྱ་བའི་ཕྱིར། གཟུགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེར་རྟོགས་པའི་ཞེས་བྱ་བ་ནི་གཟུགས་ལ་སོགས་པར་རྟོགས་པའོ། །ལེན་པ་དེ་དབང་བར་ཞེས་བྱ་བ་ནི་ལྷག་མ་མེད་པར་རོ། །སྙིང་རྗེའི་གཞན་གྱི་དབང་གིས་ཞེས་བྱ་བ་ནི་སེམས་ཅན་དང་། ཆོས་དང་། དམིགས་པ་མེད་པའི་སྙིང་

རྗེ་རྣམ་པ་གསུམ་གྱི་གཞན་གྱི་དབང་གིས་སོ། །བྱང་ཆུབ་ཀྱི་བར་དུ་ཞེས་བྱ་བ་ནི་བྱང་ཆུབ་ལ་མཆིས་ཀྱི་བར་དུའོ། །ད་ནི་ཇི་ལྟར་ཤིང་རྟ་དང་བདག་བཏགས་ཡོད་དུ་བསྟན་པ་དེ་བཞིན་དུ་གཞན་ཡང་བཏགས་ཡོད་དུ་བསྟན་པར་བྱ་བའི་ཕྱིར། ཅི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་པོ་
གཞན་རྣམས་ཀྱི་ཞེས་བྱ་བ་ནི་བུམ་པ་ལ་སོགས་པ་རྣམས་ཀྱིའོ། །བུམ་པ་ཞེས་བྱ་བ་ལ་སོགས་པ་རྣམས་ནི་འདིར་བུམ་པ་ལ་སོགས་པ་རྣམས་གཟུགས་ལ་སོགས་པ་དང་ཐ་དད་པའམ་ཐ་མི་དད་པ་ཡིན་གྲང་ན། ཐ་དད་པ་མ་ཡིན་ཏེ། གཟུགས་ལ་སོགས་པ་ལས་ཐ་དད་དུ་དམིགས་པར་ཐལ་
བར་འགྱུར་བས་སོ། །ཐ་མི་དད་པ་ཡང་མ་ཡིན་ཏེ། བུམ་པ་ལ་སོགས་པ་གཅིག་ལ་ཡང་གཟུགས་ལ་སོགས་པ་དུ་མ་ཡོད་པས་བུམ་པ་དུ་མར་ཐལ་བར་འགྱུར་རོ། །ཐ་དད་པ་དང་ཐ་མི་དད་པའི་ཕྱོགས་མེད་པས་གཟུགས་ལ་སོགས་པ་ལ་བུམ་པ་དང་ལྡན་པ་ཡིན་ནོ་ཞེས་བྱ་བའི་ཕྱོགས་མི་
རིགས་ཏེ། ཕྱོགས་དེ་ལ་ཐ་དད་པ་དང་ཐ་མི་དད་པས་ཁྱབ་པས་སོ། །ཐ་དད་པ་དང་ཐ་མི་དད་པ་མེད་པའི་ཕྱིར་རྟེན་དང་བརྟེན་པའི་ཕྱོགས་གཉིས་ཀྱང་མི་རིགས་ཏེ། རྟེན་དང་བརྟེན་པའི་ཕྱོགས་དག་ལ་ཐ་དད་པས་ཁྱབ་པའི་ཕྱིར་རོ། །གཟུགས་ལ་སོགས་པའི་ཚོགས་བུམ་པ་མ་ཡིན་ཏེ། འཇིམ་
པའི་གོང་བུ་ལ་ཡོད་པའི་གཟུགས་ལ་སོགས་པ་ཡང་བུམ་པ་ཉིད་དུ་ཐལ་བས་སོ། །དབྱིབས་ཀྱང་མ་ཡིན་ཏེ། ཆ་ཤས་ལས་ཐ་དད་པའི་ཆ་ཤས་ཅན་མ་དམིགས་པ་དང་། ཡན་ལག་ཅན་མེད་པས་ཡན་ལག་མེད་པའི་ཕྱིར་དབྱིབས་ཀྱང་མེད་པས་སོ། །དེ་བཞིན་དུ་སྣམ་བུ་ལ་སོགས་པ་ལ་
ཡང་ཤེས་པར་བྱའོ། །དེ་ཉིད་ཀྱི་ཕྱིར། དེ་རྣམས་ཤིང་རྟའི་རྣམ་པར་དཔྱད་པ་རྣམ་བདུན་ཡོད་པ་མ་ཡིན་ཞིང་། དེ་ལས་གཞན་དུ་གྱུར་པ། འཇིག་རྟེན་གྲགས་པའི་སྒོ་ནས་ཡོད་པ་ཡིན། །ཞེས་བྱ་བ་འདི་དང་སྦྱར་རོ་ཞེས་བྱ་བ་ནི་ཕྱིས་ཀྱི་ཚིགས་སུ་བཅད་པ་རྐང་པ་གཉིས་འདིར་སྦྱར་བར་བྱའོ་ཞེས་
པའོ། །དེ་ལས་གཞན་དུ་གྱུར་པ་ཞེས་བྱ་བ་ནི་བུམ་པ་ལ་སོགས་པ་ལས་གཞན་དུ་གྱུར་པ་གཟུགས་ལ་སོགས་པ་འདོགས་པའི་རྒྱུ་མཚན་དུ་གྱུར་པ་སྟེ། དེས་ན་བུམ་པ་ལ་སོགས་པ་ནི་འཇིག་རྟེན་ལ་གྲགས་པའི་སྒོ་ནས་ཡོད་པ་ཡིན་ནོ་ཞེས་པའོ། །ཡང་བསྒྲེ་བར་བྱ་བའི་ཕྱིར། གང་ལ་ཞེས་བྱ་བ་

ལ་སོགས་པ་གསུངས་སོ། །དེ་ལྟ་བུའི་རིགས་པ་ཅན་གྱི་ཞེས་བྱ་བ་ནི་བུམ་པ་དང་སྣམ་བུ་ལ་སོགས་པའི་རིགས་ཅན་ཆ་ཤས་ཅན་ལ་སོགས་པ་གཞན་ལ་ལྟོས་པའི་མཚན་ཉིད་ཅན་ནོ། །དེ་བཞིན་དེ་རྣམས་རྟོགས་བྱ་སྟེ། །ཞེས་བྱ་བར་སྦྱར་བར་བྱ་སྟེ། དེ་ལ་དེ་བཞིན་
ཞེས་བྱ་བ་ནི་མ་བརྟགས་ན་ཉམས་དགའ་བའི་འཇིག་རྟེན་གྲགས་པས་སོ། །དེ་རྣམས་རྟོགས་བྱ་སྟེ་ཞེས་བྱ་བ་ནི་ཡན་ལག་ཅན་ལ་སོགས་པ་རྣམས་ཁོང་དུ་ཆུད་པར་བྱ་བའོ། །དེ་ལྟ་བུའི་རིགས་ཅན་གྱི་དངོས་པོ་གང་ཞེ་ན། གང་དག་སྒོ་ནས་སྐྱེས་འདིས་བསྙད་པ་ཞེས་བྱ་བ་གསུངས་ཏེ། ཡན་ལག་
དང་ཡན་ལག་ཅན་ལ་སོགས་པ་གང་དག་གི་སྒོ་ནས་སྐྱེས་བུ་འདིས་ཐ་སྙད་བྱེད་པ་དེ་རྣམས་སོ། །དེ་བཞིན་ཞེས་བྱ་བའི་བཤད་པ་ནི་མ་བརྟགས་པར་གྲགས་པ་ཁོ་ནར་རོ་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་མ་བརྟགས་པར་གྲགས་པ་ཁོ་ནར་ཁས་ལེན་པ་ཅིའི་ཕྱིར་ཞེ་ནའོ། །དེ་ལ་ལུང་གི་སྒོ་
ནས་ལན་བསྟན་པར་བྱ་བའི་ཕྱིར། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐུབ་པའི་དབང་པོ་སྟེ་སངས་རྒྱས་བཅོམ་ལྡན་འདས་ནི་འཇིག་རྟེན་པ་དང་ལྷན་ཅིག་ཏུ་རྩོད་པ་མཛད་པ་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་འཇིག་རྟེན་གྲགས་པའི་དོན་ཞལ་གྱིས་བཞེས་པ་ཡིན་ཏེ། རྣམ་པར་
དཔྱད་ན་འཇིག་རྟེན་པའི་ཐ་སྙད་ཆད་པར་འགྱུར་ལ་དེས་ན་ཆོས་སྟོན་པ་ལ་སོགས་པ་ཡང་མི་རིགས་པས་བཅིངས་པ་དང་གྲོལ་བ་ལ་སོགས་པ་རྣམ་པར་གཞག་པ་ཡང་མེད་པར་འགྱུར་རོ་ཞེས་པའོ། །དེ་ལ་ལུང་གི་ཁུངས་བསྟན་པར་བྱ་བའི་ཕྱིར། འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
འཇིག་རྟེན་ང་དང་ལྷན་ཅིག་རྩོད་ཀྱི་ཞེས་བྱ་བ་ནི་ཁོ་བོ་དང་འགལ་བ་འཇིག་རྟེན་ཁས་ལེན་པས་སོ། །ང་ནི་འཇིག་རྟེན་དང་མི་རྩོད་དེ་ཞེས་བྱ་བ་ནི་དེས་ཁས་བླངས་པ་ངས་ཀྱང་ཁས་ལེན་པས་སོ། །གང་དག་སྒོ་ནས་སྐྱེ་འདིས་བསྙད་པ་ཞེས་གསུངས་པ་ལ་འདི་འདྲི་བ་ནི། ཡང་འཇིག་རྟེན་ཞེས་བྱ་བ་ལ་སོགས་
པ་གསུངས་ཏེ། དེ་ཞེས་བྱ་བ་ནི་གང་གི་སྒོ་ནས་འཇིག་རྟེན་ཐ་སྙད་འདོགས་པའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར་ཡན་ལག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །ཡན་ལག་ནི་གྱོ་དུམ