Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 104
Văn bản gốc(Tây Tạng)
Trang 4 / 24 (50.000 ký tự/trang)
ས་ཐོས་པ་ཙམ་གྱིས་དུས་དཔག་ཏུ་མེད་པ་འཛིན་པས་སོ། །དེས་ན་དེའི་དོན་འཛིན་པའི་རྒྱུ་ནི་དོན་གྱི་གཟུངས་སོ། །དེ་ནས་སེམས་ཅན་རྗེས་སུ་འཛིན་པར་ བྱེད་པའི་སྒྱུ་མ་ལྟ་བུའི་སྔགས་ལ་དབང་བ་ཉིད་ནི་སྔགས་ཀྱི་གཟུངས་སོ། །དེ་ལ་བཟོད་པའི་གཟུངས་ནི་མོས་པས་སྤྱོད་པའི་ས་ལའོ། །ལྷག་མ་གསུམ་ནི་རབ་ཏུ་དགའ་བ་ལ་སོགས་པའོ། །གཟུངས་དང་ལྷན་ཅིག་ཏུ་གྱུར་པ་བསྟན་ཟིན་ཏོ། །མ་ཐོས་པའི་ཆོས་རྣམས་མི་ཟད་པར་སྟོན་པའི་རྒྱུ་གང་ཡིན་ པ་དེ་ལ་སྤོབས་པ་ཞེས་བྱའོ། །སྤོབས་པ་དང་ལྷན་ཅིག་ཏུ་གྱུར་པ་བསྟན་ཟིན་ཏོ། །སེམས་བསྐྱེད་པ་འདི་ནི་བཀོད་མའི་ཆུ་ལྟ་བུ་སྟེ། ཆུ་འཛིན་པ་དང་། མི་ཟད་པར་སྐྱེ་བ་དང་འདྲ་བར་ཐོས་པ་དང་མ་ཐོས་པའི་ཆོས་དང་དོན་འཛིན་པ་དང་ཟད་པ་མེད་པའི་ཆོས་སྟོན་པ་འབྱུང་བས་སོ། །སེམས་བསྐྱེད་པ་ དྲུག་པ་ནི་ཆོས་ཀྱི་དགའ་སྟོན་དང་ལྷན་ཅིག་ཏུ་གྱུར་པའོ། །དེ་ལ་ཆོས་ཀྱི་དགའ་སྟོན་ནི་བཞི་སྟེ། འདུ་བྱེད་ཐམས་ཅད་མི་རྟག་པའོ། །ཟག་པ་ཟད་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བའོ། །ཆོས་ཐམས་ཅད་བདག་མེད་པའོ། །མྱ་ངན་ལས་འདས་པ་ཐམས་ཅད་ཞི་བའོ་ཞེས་སོ་སོར་རྟོག་པ་གང་ ཡིན་པའོ། །དེ་ལ་མི་རྟོག་པ་ནི་རྟག་ཏུ་མེད་པ་གང་ཡིན་པ་སྟེ། མི་རྟག་པའི་དོན་མེད་པ་ཡིན་པས་སོ། །ཀུན་རྫོབ་ཏུ་ནི་སྐད་ཅིག་མ་འཇིག་པའི་དོན་ལ་ཡང་མི་རྟག་པ་ཞེས་བྱའོ། །རྣམ་པར་རྟོག་པ་ཐམས་ཅད་ཉེ་བར་ཞི་བས་ན་མྱ་ངན་ལས་འདས་པ་ལ་ ཞི་བ་ཞེས་བྱའོ། །ཆོས་ཀྱི་དགའ་སྟོན་དང་ལྷན་ཅིག་ཏུ་གྱུར་པ་བསྟན་ཟིན་ཏོ། །དེ་ཡང་རབ་ཏུ་སྙན་པའི་སྒྲ་ལྟ་བུ་སྟེ། ཐར་པ་འདོད་པའི་གདུལ་བྱ་རྣམས་ལ་སྙན་པར་སྒྲོགས་པར་བྱེད་པས་སོ། །དེ་ལྟར་དྲུག་པ་ནས་སེམས་བསྐྱེད་པ་བཅོ་ལྔའི་བར་བསྒོམ་པའི་ལམ་ཉིད་དུ་བསྟན་ཏོ། ། བསྒོམ་པའི་ལམ་དེའི་ཡང་གྲོགས་ལམ་གྱི་ཡན་ལག་གོ། །དེ་ལ་ལམ་གྱི་ཡན་ལག་ནི་བརྒྱད་དེ། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་ དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏོ། །འདི་རྣམས་ལ་རྣམ་གཞག་ལྔར་རིག་པར་བྱ་སྟེ། དམིགས་པ་དང་། ངོ་བོ་དང་། གྲོགས་དང་། སྒོམ་པ་དང་། བསྒོམས་པའི་འབྲས་བུའོ། །དེ་ལ་དམིགས་པ་ནི་འཕགས་པའི་བདེན་པ་བཞི་པོ་རྣམས་ཀྱི་ཡང་དག་པ་ཇི་ལྟ་བ་སྟེ། མཐོང་བའི་ལམ་གྱིས་ཕྱིས་ཀྱི་དུས་སུ་ཇི་ལྟར་མཐོང་བའི་བདེན་པ་རྣམས་ཀྱི་ཡང་དག་པ་ཉིད་ཅི་ལྟ་བ་དེ་ཁོ་ན་ལམ་གྱི་ཡན་ལག་གི་དམིགས་པའོ། །སྔར་བསྟན་པའི་ཡན་ལག་བརྒྱད་ནི་ངོ་བོའོ། །དེ་ལ་ཡང་དག་པའི་ལྟ་བ་ནི་ཡོངས་སུ་གཅོད་པའི་ཡན་ལག་སྟེ། དེས་ཇི་ལྟར་ཉམས་སུ་མྱོང་ བའི་དེ་ཁོ་ན་ཉིད་ངེས་པར་བྱེད་པ་སྟེ། གང་གིས་མཐོང་བའི་ལམ་གྱིས་རྟོགས་པའི་དེ་ཁོ་ན་ཉིད་དུ་ཡོངས་སུ་གཅོད་པ་སྟེ། ཡང་དག་པའི་ལྟ་བ་ཡིན་ནོ་ཞེས་པའི་ཚིག་གོ། །ལམ་ལ་སྙོམས་པར་ཞུགས་པ་ལ་ཡང་དེའི་སྐྱེ་བའི་ནུས་པ་ཡོད་པས་དེ་རྣམ་པར་འཇོག་གོ། །ཡང་དག་པའི་རྟོག་པ་ དང་། ཡང་དག་པའི་ངག་ནི་གཞན་གྱིས་གོ་བར་བྱེད་པའི་ཡན་ལག་སྟེ། ཡང་དག་པའི་ལྟ་བས་རྟོགས་པའི་དེ་ཁོ་ན་ཉིད་ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་གིས་གཞན་ལ་གོ་བར་བྱེད་པ་སྟེ། རྣམ་པར་མ་བརྟགས་པ་དང་། རྣམ་པར་མ་དཔྱད་པའི་ཚིག་མི་སྨྲའོ་ཞེས་གསུངས་པས་ སོ། །མཉམ་པར་གཞག་པ་ལ་འདི་གཉིས་ཡོད་དེ། དེ་གཉིས་སྐྱེ་བའི་ནུས་པ་ཐོབ་པས་སོ། །མཉམ་པར་གཞག་པ་ནི་ཡང་དག་པར་མི་རྟོག་པ་དང་། ཡང་དག་པར་མི་བརྗོད་པས་སོ། །ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་ནི་གཞན་ཡིད་ ཆེས་པར་བྱེད་པའི་ཡན་ལག་སྟེ། དེ་རྣམས་ཀྱིས་རིམ་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་པོ་ལྟ་བ་ལ་སོགས་པ་ཡང་དག་པར་ངེས་པར་བྱེད་པས་སོ། །དེ་ལ་ཡང་དག་པའི་ངག་ནི་རྟོག་པ་དང་རྗེས་སུ་མཐུན་པའི་སྒྲིབ་པ་དང་། ལུང་སྟོན་པ་འཕེལ་བའི་གཏམ་ངེས་པས་དེའི་ལྟ་བ་རྣམ་པར་དག་པ་ཡིན་ནོ་ ཞེས་ཤེས་པ་ཡིན་ནོ། །ཡང་དག་པའི་ལས་ཀྱི་མཐའ་འགྲོ་བ་དང་འོང་བ་ལ་སོགས་པ་སྤྱོད་པ་ཕུན་སུམ་ཚོགས་པས་ཚུལ་ཁྲིམས་ཡོངས་སུ་དག་པར་ཤེས་ཏེ། འདི་ལྟར་ཡང་དག་པའི་ལས་ཀྱི་མཐའ་ནི་ཉེས་པར་སྤྱོད་པ་དང་འགལ་བ་ཡིན་པས་དེ་དང་ལྡན་པ་ལ་སྲོག་གི་ཕྱིར་ཡང་བྱ་བ་མ་ཡིན་པ་མི་བྱེད་ པས་ཚུལ་ཁྲིམས་དང་ལྡན་པ་ཡིན་ནོ་སྙམ་པའི་གཞན་དག་ལ་ངེས་པ་སྐྱེ་བ་ཡིན་ནོ། །ཡང་དག་པའི་འཚོ་བས་ནི་ཇི་ལྟར་གནས་པའི་ཆོས་གོས་ལ་སོགས་པ་ཚོལ་བ་ཡིན་པས་ཡོ་བྱད་ལ་འདོད་པ་ཆུང་བ་ཡིན་ནོ་སྙམ་དུ་ངེས་པར་འགྱུར་ཏེ། འདི་ལྟར་ཚུལ་འཆོས་ལ་སོགས་པའི་སྐྱོན་དང་བྲལ་བའི་ སྲོག་གནས་པ་ཙམ་གྱི་ཆེད་དུ་ལུས་དང་ངག་གི་ཀུན་དུ་སྤྱོད་པ་ནི་ཡང་དག་པའི་འཚོ་བ་ཡིན་པས་སོ། །ཡང་དག་པའི་རྩོལ་བ་ནི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་སྦྱོང་བའི་ཡན་ལག་སྟེ། འདི་ལྟར་ཡང་དག་པའི་ལྟ་བས་ཡོངས་སུ་བཟུང་བ་བྱིང་བ་དང་། རྒོད་པ་དང་བྲལ་བའི་ཏིང་ངེ་འཛིན་གྱི་གནས་ སྐབས་ཀྱི་བརྩོན་འགྲུས་གང་ཡིན་པ་དེ་ལ་ཡང་དག་པའི་རྩོལ་བ་ཞེས་བྱ་སྟེ། ཡང་དག་པའི་རྩོལ་བ་དེས་སྒོམ་པས་སྤོང་བར་བྱ་བའི་ཉོན་མོངས་པ་རྣམས་རབ་ཏུ་སྤང་བའི་དོན་དུ་དེའི་གཉེན་པོའི་ཕྱོགས་ལམ་སྒོམ་པར་བྱེད་དོ། །དེས་ན་ཡང་དག་པའི་རྩོལ་བ་ཉོན་མོངས་པའི་སྒྲིབ་པ་སྦྱངས་པའི་ཡན་ ལག་གོ། །ཡང་དག་པའི་དྲན་པ་ནི་ཉེ་བའི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་སྦྱངས་པའི་ཡན་ལག་སྟེ། དེས་ཞི་གནས་ལ་སོགས་པའི་མཚན་མ་མི་བརྗེད་པས་བྱིང་བ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་ལ་གོ་སྐབས་མི་འབྱེད་པས་སོ། །འདི་ལྟར་རྒོད་པ་དང་། རྒོད་པར་དོགས་པའི་སེམས་ཡོད་ པར་གྱུར་པ་ལ་ཡིད་འབྱུང་བའི་དངོས་པོ་ཡིད་ལ་བྱེད་པ་ནི་ཞི་གནས་ཀྱི་མཚན་མ་ཡིན་ལ། སེམས་བྱིང་བ་དང་བྱིང་བར་དོགས་པའི་སེམས་ཡོད་པར་གྱུར་ན་རབ་ཏུ་དགའ་བའི་དངོས་པོ་ཡིད་ལ་བྱེད་པ་དེ་རབ་ཏུ་འཛིན་པའི་མཚན་མའོ། །ཞི་གནས་འབའ་ཞིག་གི་ལམ་ ལ་གནས་པའམ། ཟུང་དུ་འཕེལ་བར་འཇུག་པའི་ལམ་ལ་བྱིང་བ་དང་། རྒོད་པའི་ཉེ་བའི་ཉོན་མོངས་པས་ཉོན་མོངས་པའི་རྩོལ་བ་མེད་པའི་ཡིད་ལ་བྱེད་པ་ལ་ནི་བཏང་སྙོམས་ཀྱི་མཚན་མའོ། །དེ་ལྟར་ཞི་གནས་དང་། རབ་ཏུ་འཛིན་པ་དང་། བཏང་སྙོམས་ཀྱི་མཚན་མ་མ་བརྗེད་པར་ བྱིང་བ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་ལ་གོ་སྐབས་མེད་པར་འགྱུར་བའོ། །ཡང་དག་པའི་ཏིང་ངེ་འཛིན་ནི་ཡོན་ཏན་ཁྱད་པར་ཅན་གྱི་སྒྲིབ་པ་རྣམ་པར་སྦྱངས་པའི་ཡན་ལག་སྟེ། དེས་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་རྫོགས་པར་བྱེད་པས་སོ། །འདི་ལྟར་མངོན་པར་ཤེས་པ་ལ་ སོགས་པའི་ཡོན་ཏན་གྱི་བདག་ཉིད་ཅན་ཁྱབ་བདག་ཉིད་ཀྱི་སྙོམས་པར་འཇུག་པའི་སྒྲིབ་པའི་བདག་ཉིད་ཅན་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པའི་མི་མཐུན་པའི་ཕྱོགས་གང་ཡིན་པ་དེའི་གཉེན་པོ་ཡང་དག་པའི་ཏིང་ངེ་འཛིན་ཡིན་ཏེ། བསམ་གཏན་ནི་ཡོན་ཏན་ཁྱད་པར་ཅན་ཐམས་ཅད་འགྲུབ་པར་ བྱེད་པའི་རྟེན་ཡིན་པས་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་འགྲུབ་པའི་མི་མཐུན་པའི་ཕྱོགས་སུ་གྱུར་པའི་སྙོམས་པར་འཇུག་པའི་སྒྲིབ་པའི་གཉེན་པོའོ། །དེ་ལྟར་ངོ་བོ་བསྟན་ཟིན་ཏོ། །གྲོགས་ནི་དེ་རྣམས་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ སོ། །སྒོམ་པ་ནི་བྱང་ཆུབ་ཀྱི་ཡན་ལག་བཞིན་ནོ། །འདི་ལྟ་སྟེ། ཡང་དག་པའི་ལྟ་བ་སྒོམ་པ་དང་རྣམ་པར་དབེན་པ་ལ་གནས་པ་ལ་སོགས་པ་རྒྱས་པར་བསྟན་པ་ཡིན་ནོ། །ཚིག་འདི་རྣམས་ཀྱི་དོན་ནི་ཇི་ལྟར་སྔར་བསྟན་པ་བཞིན་དུ་རིག་པར་བྱའོ། །བསྒོམས་པའི་འབྲས་བུ་ནི་ཡོངས་སུ་གཅོད་ པ་དང་། གཞན་གོ་བར་བྱེད་པ་དང་། ཡིད་ཆེས་པར་བྱེད་པ་དང་། ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པ་དང་། ཉེ་བའི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པ་དང་། ཡོན་ཏན་ཁྱད་པར་ཅན་གྱི་སྒྲིབ་པ་རྣམ་པར་དག་པའོ། །ལམ་གྱི་ཡན་ལག་དང་ལྷན་ཅིག་ཏུ་གྱུར་པ་བསྟན་ཟིན་ཏོ། ། བསྒོམ་པའི་ལམ་བསྟན་ཟིན་ཏོ། །སངས་རྒྱས་ཀྱི་སར་གདུལ་བྱའི་བསམ་པ་ལ་ལྟོས་ནས་དངོས་གཞི་དང་རྗེས་ཀྱི་སེམས་བསྐྱེད་པ་གཉིས་ཀྱི་བདག་ཉིད་ཅན་ལམ་གྱི་རྣམ་པ་བདུན་ཅུ་རྩ་གཉིས་པས་ཉོན་མོངས་པ་རྣམ་པ་བདུན་ཅུ་རྩ་གཉིས་རབ་ཏུ་སྤོང་བར་འགྱུར་རོ། །འདི་ཁོ་ན་ལ་ཉོན་ མོངས་པ་དང་ཤེས་བྱའི་སྒྲིབ་པ་རབ་ཏུ་སྤངས་པས་ཤིན་ཏུ་རྣམ་པར་དག་པའི་རང་བཞིན་ཅན་སངས་རྒྱས་ཀྱིས་ཀུན་དུ་འོད་ཅེས་བྱའོ། །གནས་སྐབས་དེ་ཁོ་ན་ཟད་པའི་ཡེ་ཤེས་དང་མི་སྐྱེ་བའི་ཡེ་ཤེས་ཞེས་རྣམ་པར་གཞག་གོ། །དེ་ལ་ཀུན་འབྱུང་བ་མ་ལུས་པ་རབ་ཏུ་སྤངས་ནས་དེའི་གནས་སྐབས་ ཀྱི་ཤེས་པ་གང་ཡིན་པའམ། ཡང་ན་ཀུན་འབྱུང་གི་འགོག་པ་ལ་དམིགས་པའི་ཤེས་པ་གང་ཡིན་པ་དེ་ལ་ཟད་པའི་ཡེ་ཤེས་ཞེས་བྱའོ། །མ་འོངས་པའི་དུས་སུ་སྡུག་བསྔལ་ཐམས་ཅད་མི་སྐྱེ་བའི་ཆོས་ཉིད་དུ་གྱུར་ནས་དེའི་གནས་སྐབས་ཀྱི་ཤེས་པ་གང་ཡིན་པའམ། སྡུག་བསྔལ་གྱི་མི་སྐྱེ་ བ་ལ་དམིགས་པའི་ཤེས་པ་གང་ཡིན་པ་དེ་ལ་མི་སྐྱེ་བའི་ཡེ་ཤེས་ཞེས་བྱའོ། །སེམས་བསྐྱེད་པ་ཉི་ཤུ་རྩ་གཅིག་པ་ནི་བགྲོད་པ་གཅིག་པའི་ལམ་དང་ལྷན་ཅིག་ཏུ་གྱུར་པའོ། །དེ་ལ་བགྲོད་པ་གཅིག་པའི་ལམ་ནི་བླ་ན་མེད་པའི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ན་དེའི་ས་པ་རྣམས་ཀྱི་བྱང་ཆུབ་ཀྱི་རང་བཞིན་ཅན་ གྱི་སེམས་སོ་སོར་མངོན་དུ་བྱས་པས་ཐ་མི་དད་པའི་བྱ་བ་བྱེད་པ་གང་ཡིན་པ་སྟེ། དེ་དང་ལྷན་ཅིག་ཏུ་གྱུར་པའོ། །དེ་ཡང་ཆུ་བོའི་རྒྱུན་ལྟ་བུ་སྟེ། རང་གི་ངང་གིས་འཇུག་པ་ཡིན་པས་སོ། །བགྲོད་པ་གཅིག་པའི་ལམ་ནི་ས་མི་གཡོ་བ་ནས་བརྩམས་ནས་ཡོད་ཀྱི་འོན་ཀྱང་འདིར་བླ་ན་མེད་པར་འགྱུར་བའོ། ། སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་པ་ནི་ཆོས་ཀྱི་སྐུ་དང་ལྷན་ཅིག་ཏུ་གྱུར་པའོ། །དེ་ཡང་སྤྲིན་ལྟ་བུ་སྟེ། ཇི་ལྟར་སྤྲིན་གྱིས་སྣོད་ཀྱི་འཇིག་རྟེན་ཡོངས་སུ་རྫོགས་པར་འགྱུར་བ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་བྱེད་པ་ལ་འཇུག་པ་ཡིན་པས་སོ། །མི་ཟད་པའི་ཐབས་ལ་མཁས་པ་དང་ཡང་ལྷན་ ཅིག་ཏུ་གྱུར་པའོ། །དེ་ལ་སྟོང་པ་དང་། སྙིང་རྗེ་ལས་བྱུང་བའི་བྱ་བ་ལ་མཁས་པ་ནི་ཐབས་ལ་མཁས་པ་སྟེ། དེས་དགའ་ལྡན་ལ་སོགས་པའི་གནས་སུ་བཞུགས་པ་ལ་སོགས་པར་ཡང་དག་པར་སྟོན་པར་བྱེད་པས་སོ། །འདི་ལྟར་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་དགའ་ལྡན་གྱི་གནས་སུ་ གནས་པར་སྟོན་པར་བྱེད་ལ། གཟུགས་དང་གཟུགས་མེད་པའི་ཁམས་སུ་མ་ཡིན་ཞེ་ན། མི་ཁོམ་པའི་གནས་ནས་འདིར་བྱོན་པ་ཡིན་གྱི། ཁོ་བོ་ཅག་གི་དོན་དུ་བྱོན་པ་མ་ཡིན་ནོ་ཞེས་བཅོམ་ལྡན་འདས་ཉིད་ལ་རབ་ཏུ་མ་གུས་པ་སྤང་བར་བྱ་བའི་དོན་དུའོ། །གང་གི་ཕྱིར་ གཞན་འཕྲུལ་དབང་བྱེད་དུ་གནས་པར་སྟོན་པར་མི་མཛད་ཅེ་ན། སྐྱེ་བ་ཁྱད་པར་ཅན་དོར་ནས་སེམས་ཅན་རྣམས་ལ་རྗེས་སུ་བརྩེ་བས་དགའ་ལྡན་གྱི་གནས་སུ་གནས་སོ་སྙམ་པའི་ཤིན་ཏུ་རབ་ཏུ་གུས་པ་བསྐྱེད་པའི་དོན་དུའོ། །དེ་བཞིན་དུ་ལྷུམས་སུ་འཇུག་པ་ལ་སོགས་པ་ཡང་ཐབས་ལ་ མཁས་པའི་དགོས་པར་ཤེས་པར་བྱའོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་། ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་ལ་མཐར་ཕྱིན་པའི་ལམ་ཞེས་བྱ་སྟེ། གནས་ངན་ལེན་ཐམས་ཅད་དང་བྲལ་བས་སོ། །དེ་ལྟར་སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་ཀྱི་ནང་ནས་དང་པོའི་འཇིག་རྟེན་པའི་སེམས་བསྐྱེད་པ་ བཞི་དོར་ཏེ། འཇིག་རྟེན་ལས་འདས་པའི་སེམས་བསྐྱེད་པ་དང་པོ་བསྟན་པར་བྱ་བའི་ཕྱིར། རྒྱལ་བའི་སྲས་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚིགས་སུ་བཅད་པ་འདིས་སེམས་བསྐྱེད་པ་དང་པོ་པ་རྣམ་པ་ལྔ་བསྟན་ཏེ། དགོས་པའི་ཁྱད་པར་དང་། རྒྱུའི་ཁྱད་པར་དང་། བསྔོ་བའི་ ཁྱད་པར་དང་། གནས་ཀྱི་ཁྱད་པར་དང་། གྲངས་ཀྱི་ཁྱད་པར་རོ། །དེ་ལ་འགྲོ་བ་རྣམས་རྣམ་པར་གྲོལ་བར་བྱ་བའི་ཕྱིར་ཞེས་པ་འདིས་དགོས་པའི་ཁྱད་པར་བསྟན་ཏེ། འཇིག་རྟེན་གྱི་ཁམས་ཀྱིས་བསྡུས་པའི་འགྲོ་བའི་སྒྲིབ་པ་གཉིས་ཀྱིས་བཅིངས་པ་རྣམ་པར་གྲོལ་བར་བྱ་བའི་དོན་དུའོ། ། སྙིང་རྗེའི་དབང་གྱུར་ཅིང་ཞེས་པ་འདིས་རྒྱུའི་ཁྱད་པར་བསྟན་ནོ། །ཀུན་དུ་བཟང་པོའི་སྨོན་པས་རབ་བསྔོས་ཞེས་པ་འདིས་ཡོངས་སུ་བསྔོ་བའི་ཁྱད་པར་བསྟན་ཏེ། བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོའི་སྨོན་ལམ་ནི་འདོད་པ་ཁྱད་པར་དགེ་བ་སྟེ། དེས་ཡོངས་སུ་བསྒྱུར་བ་གང་ཡིན་པའོ། ། དགའ་བ་ལ་རབ་ཏུ་གནས་པ་ཞེས་པ་འདིས་གནས་ཀྱི་ཁྱད་པར་བསྟན་ཏེ། ས་རབ་ཏུ་དགའ་བ་དང་སེམས་བསྐྱེད་པ་དང་པོ་ཐ་དད་པ་མེད་དུ་ཟིན་ཀྱང་ཐ་དད་པ་བསྟན་ཏེ། སྒྲ་གཅན་གྱི་མགོ་བཞིན་དུ་ཐུན་མོང་མ་ཡིན་པ་རྟོགས་པར་བྱ་བའི་དོན་དུའོ། །འདི་ནི་དང་པོ་ཞེས་བྱ་བ་འདིས་གྲངས་ཀྱི་ཁྱད་པར་ བསྟན་ཏེ། འཇིག་རྟེན་ལས་འདས་པའི་སེམས་བསྐྱེད་པ་རྣམས་ཀྱི་དང་པོ་ཡིན་པས་སོ། །སེམས་བསྐྱེད་པའི་རྣམ་པས་བསྡུས་པ་ཡིན་པས་སྤྱིའི་དབང་དུ་བྱས་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཉིད་ལ་སོགས་པ་ ཞེས་པའི་མིང་འཐོབ་སྟེ་ཞེས་འབྲེལ་ལོ། །སོགས་པའི་ཚིག་གིས་སྟོང་པ་ཉིད་ཤེས་པར་བྱའོ། །ཟག་པ་མེད་པ་ཞེས་བྱ་བ་ནི་ཟག་པ་རྣམས་དེ་ལ་རྒྱས་པར་མི་འགྱུར་ཏེ། འདི་ལྟར་སྟོང་པ་དང་། སྙིང་རྗེས་ཡོངས་སུ་ཟིན་པའི་ཤེས་པ་དེ་ལམ་གྱིས་བསྡུས་པ་ཡིན་ལ། ལམ་གྱི་རང་བཞིན་ ཅན་གྱིས་ཤེས་པ་ལ་ཟག་པ་རྒྱས་པར་མི་འགྱུར་ཏེ། གང་བདག་ཏུ་ལྟ་བ་དང་། བདག་གི་སྲེད་པས་བརླན་པར་མ་བྱས་པ་དེ་ལ་ཟག་པ་རྣམས་རྒྱས་པར་མི་འགྱུར་ཏེ། རྡོ་ཚན་དེ་ལ་རྐང་མཐིལ་བཞིན་ནོ། །བདག་ཏུ་ལྟ་བ་དང་། བདག་གི་སྲེད་པས་ལམ་གྱི་ཤེས་པ་བརླན་པར་མ་བྱས་པ་ཡིན་ པས་ཟག་པ་མེད་པར་ཤེས་པར་བྱའོ། །ཆར་རྣམ་པར་ཕྱེ་བ་ན་ཤེས་རབ་ནི་ཆོས་ཀྱི་དབྱིངས་ལ་ཀུན་ཏུ་འགྲོ་བ་ལ་སོགས་པའི་དབྱེ་བ་ཡོངས་སུ་ཤེས་པ་དང་། ཡོན་ཏན་ལ་སོགས་པའི་སྒོ་ནས་ཆར་རྣམ་པར་དབྱེ་བར་བྱ་སྟེ། འདི་ལྟར་གང་ཕྱིར་ཆོས་དབྱིངས་དང་བྲལ་བའི་ཆོས་ནི་ཡོད་པ་མ་ཡིན་ནོ་ ཞེས་གསུངས་པས་ཆོས་ཀྱི་དབྱིངས་སྟོང་པ་ཉིད་དེ་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་ཡིན་པས་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་དོན་དུ་རྟོགས་པའི་ཆ་ནས་ས་དང་པོར་རྣམ་པར་གཞག་གོ། །དེ་ཉིད་ཀྱི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལྷག་པར་གྱུར་པ་ཡིན་ཏེ། བདག་དང་གཞན་ལ་སྟོང་པ་ཉིད་ཐ་མི་དད་པར་ མཐོང་བ་ཡིན་པས་རང་གི་དོན་བཞིན་དུ་གཞན་གྱི་དོན་ལ་ཡང་འཇུག་པ་ཡིན་པས་སོ། །དེ་བཞིན་དུ་ཆོས་ཀྱི་དབྱིངས་རང་བཞིན་གྱིས་འོད་གསལ་བ་ཡིན་པས་མཆོག་ཉིད་དུ་ཡོངས་སུ་ཤེས་པའི་ཆ་ནས་ས་གཉིས་པར་རྣམ་པར་འཇོག་གོ། །དེ་ཉིད་ཀྱི་ཕྱིར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷག་པར་གྱུར་པ་ ཡིན་ཏེ། ཁྱད་པར་དུ་འཕགས་པའི་དོན་དེ་དོན་དུ་གཉེར་བ་ཡིན་པས་བདག་སྣོད་དུ་རུང་བར་བྱེད་པས་སོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་དུ་ཡོངས་སུ་དག་པའི་ཆོས་ཀྱི་སྐུ་ཞེས་བྱ་བའི་ཆོས་ཀྱི་དབྱིངས་ཀྱི་དབང་གིས་ཞུགས་པ་ཡིན་པས་མདོ་སྡེ་ལ་སོགས་པ་བསྟན་པའི་ཆོས་རྣམས་མཆོག་ཡིན་ནོ། །དེས་ ན་ཆོས་ཀྱི་དབྱིངས་དང་རྒྱུ་མཐུན་པ་བསྟན་པའི་ཆོས་མཆོག་ཏུ་ཡོངས་སུ་ཤེས་པའི་ཆ་ནས་ས་གསུམ་པར་རྣམ་པར་འཇོག་གོ། །དེ་ཉིད་ཀྱི་ཕྱིར་ས་འདིར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ལྷག་པར་འགྱུར་བ་ཡིན་ཏེ། ཐོས་པའི་ཆེད་དུ་སྡུག་བསྔལ་ཐམས་ཅད་བཟོད་ པས་སོ། །དེ་བཞིན་དུ་ཆོས་ཀྱི་དབྱིངས་ལ་བདག་གིའོ་སྙམ་པའི་ཞེན་པ་མེད་པས་བདག་གི་བ་མེད་པའི་མཚན་ཉིད་ཅན་ཡོངས་སུ་ཤེས་པ་མེད་པའི་ཆ་ནས་ས་བཞི་པའི་རྣམ་གཞག་བྱའོ། །དེ་ཉིད་ཀྱི་ཕྱིར་ས་འདིར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ལྷག་པར་འགྱུར་ཏེ། སྤྲོས་པ་ མེད་པའི་ཤེས་པས་ཆོས་ཀྱི་དབྱིངས་རྟོགས་པ་ཡིན་པས་ཆོས་ལ་སྲིད་པ་ལ་སོགས་པས་ཆོས་ཀྱི་དབྱིངས་དེ་རྟོགས་པའི་དོན་དུ་བརྩོན་འགྲུས་ལྷག་པར་རྩོམ་པས་སོ། །དེ་བཞིན་དུ་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་སངས་རྒྱས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ རྒྱུད་ཀྱི་ཆོས་ཉིད་དང་བདག་གི་རྒྱུད་ཀྱི་ཆོས་ཉིད་ལ་ཕན་ཚུན་ཐ་མི་དད་པ་མཉམ་པ་ཉིད་དུ་མཐོང་ནས་ཆོས་ཀྱི་དབྱིངས་ལ་རྒྱུ་ཐ་དད་པ་མེད་པར་ཡོངས་སུ་ཤེས་པའི་ཆ་ནས་ས་ལྔ་པར་རྣམ་པར་འཇོག་གོ། །དེ་ཉིད་ཀྱི་ཕྱིར་ས་འདིར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ལྷག་པར་འགྱུར་ཏེ། བྱང་ཆུབ་ སེམས་དཔའི་གཞན་བཞིན་དུ་བདེན་པའི་རྣམ་པ་མང་དུ་བསྒོམ་པས་སོ། །དེ་བཞིན་དུ་ཆོས་ཀྱི་དབྱིངས་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་ཅན་ཀུན་ནས་ཉོན་མོངས་པ་གློ་བུར་བ་ཡོད་པ་ཡིན་པས་ཆོས་ཀྱི་དབྱིངས་ངོ་བོ་ཉིད་ཀྱིས་ཀུན་ནས་ཉོན་མོངས་པ་ཅན་དུ་མི་འགྱུར་བ་དང་། རང་ བཞིན་གྱིས་རྣམ་པར་དག་པ་ཡིན་པས་རྣམ་པར་མ་དག་པར་མི་འགྱུར་རོ་སྙམ་པའི་ཆོས་ཀྱི་དབྱིངས་ཡོངས་སུ་ཤེས་པའི་ཆ་ནས་ས་དྲུག་པ་རྣམ་པར་འཇོག་གོ། །དེ་ཉིད་ཀྱི་ཕྱིར་ས་འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ལྷག་པར་འགྱུར་ཏེ། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་ པར་བྱང་བ་མེད་དོ་སྙམ་པའི་ཆོས་ཀྱི་དབྱིངས་ཟབ་པར་རྟོགས་པ་ཡིན་པས་སོ། །དེ་བཞིན་དུ་གང་མདོ་སྡེ་ལ་སོགས་པའི་ཆོས་ཀྱི་མཚན་མས་ཆོས་ཀྱི་དབྱིངས་ལ་འཇུག་ཅིང་མཚན་མ་དེ་རྣམས་མི་འདོད་པ་བཞིན་དུ་སྦྱོར་བ་དང་དེའི་རྗེས་ལ་ཐོབ་པའི་ཤེས་པ་ལས་དྲུག་པའི་བར་དུ་ཐ་དད་པ་ཉིད་དུ་མངོན་ པར་འགྱུར་རོ། །ས་བདུན་པར་མཚན་མ་རྣམས་དང་ཆོས་རྣམས་དང་ཆོས་ཀྱི་དབྱིངས་རོ་གཅིག་པའི་རྣམ་པ་ཅན་གྱི་ཤེས་པས་མཚན་མ་མེད་པའི་ཆོས་ཀྱི་དབྱིངས་རྟོགས་པ་ཡིན་པས་ཆོས་ཀྱི་དབྱིངས་ལ་རྣམ་པ་ཐ་དད་པ་མེད་དོ་སྙམ་དུ་ཤེས་པའི་ཆ་ནས་ས་བདུན་པར་རྣམ་པར་གཞག་གོ། ། དེ་ཉིད་ཀྱི་ཕྱིར་ས་འདིར་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ལྷག་པར་འགྱུར་ཏེ། མཚན་མ་རྣམས་དང་ཆོས་ཀྱི་དབྱིངས་ཐ་མི་དད་པར་རྟོགས་ཀྱང་མཚན་མས་བྱས་པའི་བྱ་བ་མི་འགེགས་པས་སོ། །དེ་ཉིད་ཀྱི་ཕྱིར་ས་བདུན་པ་ལ་མཚན་མ་མེད་པའི་ལམ་ཞེས་བྱའོ། །དེ་བཞིན་དུ་ཆོས་ཀྱི་ དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ཡིན་པས་དྲི་མ་དང་བཅས་པ་དང་། དྲི་མ་མེད་པའི་གནས་སྐབས་ལ་ཁྱད་པར་མེད་པས་ས་ཀུན་ནས་ཉོན་མོངས་པའི་གནས་སྐབས་ན་ཆོས་གང་ཡང་འགྲིབ་པ་མེད་པ་དང་། རྣམ་པར་བྱང་བའི་གནས་སྐབས་ན་ཆོས་གང་ཡང་འཕེལ་བར་མི་འགྱུར་རོ་ སྙམ་དུ་ཆོས་ཀྱི་དབྱིངས་ལ་ཉམས་པ་མེད་པ་དང་འཕེལ་བ་མེད་པ་ཡོངས་སུ་ཤེས་པའི་ཆ་ནས་ས་བརྒྱད་པ་རྣམ་པར་གཞག་གོ། །དེ་ཡང་དབང་བཞིའི་ནང་ནས་དབང་གཉིས་ཀྱི་རྟེན་ཉིད་དུ་འགྱུར་བ་ཤེས་པ་ཡིན་ཏེ། དེ་ལ་དབང་བཞི་ནི་རྣམ་པར་མི་རྟོག་པ་ལ་དབང་བ་ཉིད་དང་། ཞིང་ཡོངས་སུ་ དག་པ་ལ་དབང་བ་ཉིད་དང་། ཡེ་ཤེས་ལ་དབང་བ་ཉིད་དང་། ལས་ལ་དབང་བ་ཉིད་དོ། །དེ་ལ་རྣམ་པར་མི་རྟོག་པ་ལ་དབང་བ་ཉིད་ནི་ཆོས་ཀྱི་དབྱིངས་ལ་རྩོལ་བ་མེད་པར་མཚན་མ་ཐམས་ཅད་ཀུན་དུ་མི་སྤྱོད་པར་རིག་པར་བྱའོ། །ས་བདུན་པར་ཡང་མཚན་མ་ལ་ཀུན་ཏུ་སྤྱོད་པ་མེད་པར་རྩོལ་ ལ། འདིར་ནི་མེད་དོ་ཞེས་པ་ནི་ཁྱད་པར་རོ། །ཞིང་ཡོངས་སུ་དག་པ་ལ་དབང་བ་ཉིད་ནི་ཆོས་ཀྱི་དབྱིངས་ཀྱི་མཐུས་ཇི་ལྟར་འདོད་པ་བཞིན་དུ་སངས་རྒྱས་ཀྱི་ཞིང་དང་། འཁོར་སྟོན་པའི་ནུས་པ་ཐོབ་པར་རིག་པར་བྱའོ། །དབང་གཉིས་ཀྱི་རྟེན་ཆོས་ཀྱི་དབྱིངས་ཡིན་ནོ་སྙམ་དུ་ཡོངས་སུ་ཤེས་པ་ནི་ས་ བརྒྱད་པ་ཁོ་ནར་རོ། །དེ་ཉིད་ཀྱི་ཕྱིར་ས་དེར་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ལྷག་པར་འགྱུར་ཏེ། རྣམ་པར་མི་རྟོག་པ་དང་། ཞིང་ཡོངས་སུ་དག་པ་ལ་དབང་བ་ཉིད་ཡིན་པས་དགེ་བ་ལ་བར་མ་ཆད་པར་སྦྱོར་བ་ཡིན་པས་སོ། །དེ་བཞིན་དུ་སོ་སོ་ཡང་དག་པར་རིག་པ་ཐོབ་པས་ཆོས་ཀྱི་དབྱིངས་ ཡེ་ཤེས་ལ་དབང་བ་ཉིད་ཀྱི་རྟེན་ཉིད་དུ་ཡོངས་སུ་ཤེས་པའི་ཆ་ནས་ས་དགུ་པར་རྣམ་པར་གཞག་གོ། །སྔར་ས་བཅུ་པ་ལ་སོ་སོ་ཡང་དག་པར་རིག་པ་དང་ལྷན་ཅིག་ཏུ་གྱུར་པར་གང་སྨྲས་པ་དེ་མི་ཟད་པའི་སོ་སོ་ཡང་དག་པར་རིག་པ་ཐོབ་པས་སོ། །དེ་ཉིད་ཀྱི་ཕྱིར་ས་དེར་ སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ལྷག་པར་འགྱུར་ཏེ། ཤེས་རབ་ཀྱི་སྟོབས་ཁྱད་པར་ཅན་ཡོད་པས་སོ། །དེ་བཞིན་དུ་ཆོས་ཀྱི་དབྱིངས་ལས་ལ་དབང་བའི་རྟེན་ཉིད་དུ་ཡོངས་སུ་ཤེས་པའི་ཆ་ནས་ས་བཅུ་པར་རྣམ་པར་གཞག་གོ། །དེ་ལ་ལས་ལ་དབང་བ་ཉིད་ནི་དེ་བཞིན་ གཤེགས་པའི་ལས་ལ་དབང་བ་ཉིད་ཐོབ་པ་གང་ཡིན་པའོ། །དེ་ཉིད་ཀྱི་ཕྱིར་ས་དེར་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ལྷག་པར་འགྱུར་ཏེ། ཆོས་ཀྱི་ལོངས་སྤྱོད་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཁྱད་པར་དང་ལྡན་པས་སོ། །ཆ་ཤས་རྣམ་པར་ཕྱེ་བར་བྱ་བ་བསྟན་ཟིན་ ཏོ། །ཡོན་ཏན་གྱི་གནས་སུ་གྱུར་པའི་ཕྱིར་རོ་ཞེས་པ་ནི་ཏིང་ངེ་འཛིན་བརྒྱ་ཐོབ་པར་འགྱུར་རོ་ཞེས་པ་ལ་སོགས་པ་འཆད་པར་འགྱུར་བའི་ཡོན་ཏན་རྣམས་ཀྱི་གནས་ཡིན་པས་སོ། །ས་ཞེས་བྱ་བའི་མིང་ཐོབ་སྟེ་ཞེས་པ་ནི་ཇི་ལྟར་སས་སེམས་ཅན་གྱི་གནས་བྱེད་པས་ས་ཞེས་བརྗོད་པ་བཞིན་དུ་ སེམས་བསྐྱེད་པ་ཡང་ས་ཞེས་བྱ་སྟེ། ཡོན་ཏན་གྱི་རྟེན་བྱེད་པས་སོ། །དེ་ལྟ་བུའི་ས་ཞེས་བྱ་བའི་ཤེས་པ་ལ་དོན་དམ་པར་རང་བཞིན་མེད་པ་ཡིན་པས་རང་གི་ངོ་བོའི་ཁྱད་པར་གྱིས་བྱས་པའི་དབྱེ་བ་མེད་དུ་ཟིན་ཀྱང་ཀུན་རྫོབ་ཏུ་དབྱེ་བ་བསྟན་པར་བྱ་བའི་ཕྱིར། དེ་ཡང་ཞེས་བྱ་བ་ལ་སོགས་པ་ སྨོས་ཏེ། ཤེས་པ་དེ་ཡང་ས་རབ་ཏུ་དགའ་བ་ལ་སོགས་པའི་རྣམ་པར་དབྱེ་བས་དབྱེ་བ་རྣམ་པ་བཅུར་གཞག་གི་ཞེས་བྱ་བར་འབྲེལ་ལོ། །དེ་ལ་འདིར་ས་དང་པོ་རབ་ཏུ་དགའ་བ་ལ་སོགས་པ་རྣམས་ལ་རྣམ་པ་བཞི་བཞིའི་སྒོ་ནས་དབྱེ་བའི་རྣམ་གཞག་བྱ་སྟེ། ཡོན་ཏན་གྱི་གྲངས་ལྷག་ པར་ཐོབ་པ་དང་། མཐུ་ལྷག་པར་ཐོབ་པ་དང་། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ལྷག་པར་འགྱུར་བ་དང་། རྣམ་པར་སྨིན་པ་མཆོག་ཏུ་གྱུར་པའི་དབྱེ་བས་སོ། །དེ་ལ་ཡོན་ཏན་གྱི་གྲངས་ལྷག་པར་ཐོབ་པ་ནི་འདི་ལྟ་སྟེ། ས་དང་པོར་སྐད་ཅིག་མ་གཅིག་ལ་ཏིང་ངེ་འཛིན་བརྒྱ་ཐོབ་ པ་དང་། སྙོམས་པར་འཇུག་པར་འགྱུར་བ་དང་། སངས་རྒྱས་མཐོང་བར་འགྱུར་བ་དང་། དེ་རྣམས་ཀྱིས་བྱིན་གྱིས་བརླབས་པ་རྣམ་པར་ཤེས་པར་འགྱུར་བ་ལ་སོགས་པའོ། །མཐུ་ལྷག་པར་ཐོབ་པ་ནི་འཇིག་རྟེན་གྱི་ཁམས་བརྒྱ་འགུལ་བར་བྱེད་པ་དང་། སྣང་བར་བྱེད་པ་དང་། ཞིང་ བརྒྱ་ཕྲག་གཅིག་ཏུ་སྣོན་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པའོ། །ས་གཉིས་པར་ཡོན་ཏན་གྲངས་ལྷག་པར་ཐོབ་པ་ནི་སྐད་ཅིག་མ་གཅིག་ལ་ཏིང་ངེ་འཛིན་སྟོང་ཐོབ་པ་དང་། སངས་རྒྱས་སྟོང་མཐོང་ཞེས་བྱ་བ་ལ་སོགས་པའོ། །མཐུ་ནི་འཇིག་རྟེན་གྱི་ཁམས་སྟོང་འགུལ་བར་བྱེད་དོ་ཞེས་བྱ་བ་ ལ་སོགས་པའོ། །ཡོན་ཏན་དང་མཐུ་འདི་དག་ས་ཐམས་ཅད་ལ་དེའི་ཚེ་སངས་རྒྱས་བརྒྱ་ནི་འདིས་མཐོང་འགྱུར་ཞེས་བྱ་བ་ལ་སོགས་པས་སའི་ཡོན་ཏན་སྟོན་པའི་དུས་སུ་བཤད་པར་འགྱུར་རོ། །འདིར་ཡོན་ཏན་དང་མཐུ་ཐ་དད་དུ་བསྟན་ལ། འོག་ཏུ་ནི་མཐུ་ཡོན་ཏན་གྱི་རང་བཞིན་དུ་བསྟན་ ནོ། །སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ལྷག་པར་འགྱུར་བ་སྔར་བསྟན་ཟིན་ཏོ། །རྣམ་པར་སྨིན་པ་མཆོག་ཏུ་གྱུར་པའི་ཁྱད་པར་ནི་ས་དང་པོ་ཐོབ་པ་ན་འཛམ་བུའི་གླིང་ལ་དབང་བསྒྱུར་རོ། །ས་གཉིས་པ་ཐོབ་པས་གླིང་བཞི་ལ་དབང་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ། །ཇི་ལྟར་ རིན་པོ་ཆེའི་ཕྲེང་བ་ལས། །སྦྱིན་པའི་ཕ་རོལ་ཕྱིན་པ་མཆོག །འཇིག་རྟེན་ཁམས་བརྒྱ་འགུལ་བར་བྱེད། །འཛམ་བུའི་གླིང་ལ་དབང་བྱེད་མཆོག །རྣམ་པར་སྨིན་པ་འདི་རུ་སྐྱེ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་དག་ལ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི་དོན་དམ་པར་ཡེ་ཤེས་ རང་བཞིན་མེད་པས་སོ། །དེ་ཉིད་ལ་ས་བཅུའི་མདོའི་ཚིག་ཚད་མར་བྱ་བར་བསྟན་པའི་ཕྱིར། །ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་ན་ནམ་མཁའ་ལ་འཕུར་བའི་བྱའི་རྗེས་མཁས་པ་རྣམས་ཀྱིས་སྨྲ་བ་དང་མཐོང་བར་མི་ནུས་ཏེ། ནམ་མཁའི་ཡུལ་ཕྱོགས་ཡོངས་སུ་གཅོད་པར་མི་ ནུས་པས་སོ། །དེར་བྱ་མི་འགྲོ་བ་ནི་མ་ཡིན་ནོ། །དེ་བཞིན་དུ་བྱའི་རྗེས་དང་འདྲ་བའི་མིང་དང་། ཚིག་དང་། ཡི་གེའི་ཚོགས་ཀྱི་གནས་སུ་གྱུར་པ་བྱང་ཆུབ་སེམས་དཔའི་ས་སོ་སོ་རང་གིས་རིག་པའི་རང་བཞིན་ཅན་མཁས་པ་རྣམས་ཀྱིས་སྨྲ་བར་མི་ནུས་པ་དང་། ཐོས་པར་མི་ནུས་ཏེ། སྒྲ་ཇི་བཞིན་པའི་ རང་བཞིན་མེད་པས་སོ། །དེ་ལ་ཀུན་རྫོབ་ཏུ་མིང་དང་། ཚིག་དང་། ཡི་གེའི་ཚོགས་དགོད་པར་མི་བྱ་བ་ནི་མ་ཡིན་ནོ། །དེ་ལ་ས་བཅུའི་མིང་གི་དབྱེ་བ་བསྟན་པར་བྱ་བའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་སེམས་བསྐྱེད་པ་བཅུ་ནི་རབ་ཏུ་དགའ་བ་དང་། དྲི་མ་མེད་པ་དང་། འོད་བྱེད་པ་དང་། འོད་འཕྲོ་བ་དང་། སྦྱང་དཀའ་བ་དང་། མངོན་དུ་གྱུར་པ་དང་། རིང་དུ་སོང་བ་དང་། མི་གཡོ་བ་དང་། ལེགས་པའི་བློ་གྲོས་དང་། ཆོས་ཀྱི་སྤྲིན་ཞེས་བྱ་བའི་མིང་ཅན་ནོ། །དེ་ལ་མངལ་གྱི་གནས་སྐབས་བཞིན་དུ་བྱང་ཆུབ་སེམས་དཔའི་ས་བཅུར་རིག་ པར་བྱ་སྟེ། ས་རྣམས་སྒྲིབ་པ་དང་བཅས་པའི་ཕྱིར་རོ། །སྐྱེས་པའི་གནས་སྐབས་ལྟ་བུ་ནི་སངས་རྒྱས་པའི་གནས་སྐབས་ཏེ། བྱ་བ་ཡོངས་སུ་རྫོགས་པས་ཤེས་བྱ་ཐམས་ཅད་ཉམས་སུ་མྱོང་བས་སོ། །སྐྱེ་གནས་དབང་པོ་ཐམས་ཅད་ཀྱི་སྤྱོད་ཡུལ་ཉམས་སུ་མྱོང་བ་བཞིན་ནོ། །དེ་ལ་མངལ་གྱི་ གནས་སྐབས་རྣམ་པ་བཅུ་སྟེ། ཁུ་བའི་ལུས་ཀྱི་གནས་སྐབས་དང་། ཤའི་ལུས་ཀྱི་གནས་སྐབས་དང་། ལྷོད་པའི་ལུས་ཀྱི་གནས་སྐབས་དང་། སྲ་བའི་ལུས་ཀྱི་གནས་སྐབས་དང་། ལུས་དང་རྗེས་སུ་མཐུན་པའི་ལུས་ཀྱི་གནས་སྐབས་དང་། རང་བཞིན་དང་རྗེས་སུ་མཐུན་པའི་ལུས་ཀྱི་ གནས་སྐབས་དང་། ལས་དང་བཅས་པའི་ལུས་ཀྱི་གནས་སྐབས་དང་། ཡོངས་སུ་རྫོགས་པའི་ལུས་ཀྱི་གནས་སྐབས་སོ། །དེ་ལ་རྣམ་པ་གསུམ་སྟེ། དབང་པོ་ཡོངས་སུ་རྫོགས་པ་དང་། མཚན་ཡོངས་སུ་རྫོགས་པ་དང་། ཆུ་དང་ཞེང་ཡོངས་སུ་རྫོགས་པའོ། །མངལ་གྱི་གནས་ སྐབས་བཅུ་དང་ས་བཅུ་ཆོས་མཐུན་པར་རིག་པར་བྱའོ། །སའི་དོན་བཤད་ནས་ཚིགས་སུ་བཅད་པའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་སྐད་བཤད་པའི་ཚུལ་གྱིས་འགྲོ་བ་གཡོ་བ་ཆུའི་ནང་གི་ཟླ་བ་ལྟར་ཞེས་བྱ་བ་ལ་སོགས་པའོ། །སྙིང་རྗེའི་ཁྱད་པར་གྱིས་ཉེ་ བར་གཟུང་བའི་ཞེས་པ་ནི་ཆོས་ལ་དམིགས་པའི་སྙིང་རྗེ་དང་ལྡན་པའོ། །གཉིས་སུ་མེད་པའི་ཡེ་ཤེས་ཞེས་པ་ནི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བས་སོ། །དེའི་རྒྱུ་ཅན་གྱི་འབྲས་བུ་ཉེ་བར་མཚོན་པ་ཞེས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྒྱུད་ལས་བྱུང་བའི་མཐོང་བས་སྤོང་བར་བྱ་ བའི་ཉོན་མོངས་པ་སྤངས་པ་ལ་སོགས་པའི་མཚན་ཉིད་ཅན་གྱི་འབྲས་བུ་ཉེ་བར་མཚོན་པའོ། །ཀུན་ཏུ་བཟང་པོའི་སྨོན་ལམ་གྱིས་ཡོངས་སུ་བསྔོས་པ་ཞེས་སྨོས་པའི་དགོས་པ་བསྟན་པར་བྱ་བའི་ཕྱིར། དེ་ལ་སྨོན་ལམ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྨོན་ལམ་ཆེན་པོ་བཅུ་ཞེས་པ་ ནི་འཕགས་པ་ས་བཅུའི་མདོ་ལས་བསྟན་ཏོ། །འདི་ལྟ་སྟེ་སངས་རྒྱས་ཐམས་ཅད་ལ་མཆོད་ཅིང་རིམ་གྲོ་བྱ་བའི་ཕྱིར་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་མོས་པ་རྒྱ་ཆེན་པོས་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་རྒྱ་ཆེ་བ། ནམ་མཁའི་དབྱིངས་ཀྱི་མཐར་ཐུག་པ། ཕྱི་མའི་ མཐའི་མུར་ཐུག་པ་བསྐལ་པའི་གྲངས་ཐམས་ཅད་དུ་སངས་རྒྱས་གྲངས་སུ་འབྱུང་བ་ལ་རིམ་གྲོ་དང་མཆོད་པ་ཆེན་པོ་བྱ་བ་རྒྱུན་མི་འཆད་པའི་སྨོན་ལམ་ཆེན་པོ་མངོན་པར་སྒྲུབ་པོ་ཞེས་པ་ནི་དང་པོའོ། །སྨོན་ལམ་འདི་ནི་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱ་བའི་དོན་དུའོ། །དེ་ལ་ མཆོད་པ་ནི་རྣམ་པ་གསུམ་སྟེ། རྙེད་པའི་མཆོད་པ་ཆོས་གོས་ལ་སོགས་པའོ། །བཀུར་སྟིའི་མཆོད་པ་གདུགས་ལ་སོགས་པའོ། །སྒྲུབ་པའི་མཆོད་པ་དད་པ་ལ་སོགས་པའོ། །རིམ་གྲོ་ལ་རྣམ་པ་གསུམ་སྟེ། བསྙེན་བཀུར་དང་། བཀའ་ལུང་དང་། སྒྲུབ་པའོ། །རྣམ་པའི་མཆོག་ ཐམས་ཅད་དང་ལྡན་པ་ནི་རབ་ཏུ་མང་པོ་དང་། སྣ་ཚོགས་པའི་དངོས་པོ་དང་། གྱ་ནོམ་པའི་དངོས་པོས་སོ། །མོས་པ་རྒྱ་ཆེན་པོས་རྣམ་པར་དག་པ་ནི་ཤིན་ཏུ་དང་བ་དང་། བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་ལྷག་པར་མོས་པས་སོ། །ཆོས་ཀྱི་དབྱིངས་ཀྱིས་ཀླས་པས་རྒྱ་ཆེ་བ་ནི་དགེ་བའི་རྩ་བ་ གཞན་ཐམས་ཅད་ལས་གཙོ་བོར་གྱུར་པས་སོ། །ནམ་མཁའི་དབྱིངས་ཀྱི་མཐར་ཐུག་པ་ནི་འདོད་པའི་འབྲས་བུ་མི་རྟག་པའི་རྒྱུ་ཉིད་དུ་མི་ཟད་པས་སོ། །ཕྱི་མའི་མཐའི་མུར་ཐུག་པ་ནི་རྟག་པའི་འབྲས་བུ་མྱ་ངན་ལས་འདས་པ་ཐོབ་པའི་རྒྱུ་ཡིན་པས་སོ། །བསྐལ་པའི་གྲངས་ལ་སོགས་པའི་དོན་ནི་བསྡུལ་ བ་ཐམས་ཅད་དུ་སངས་རྒྱས་འབྱུང་བ་ཐམས་ཅད་ལ་རིམ་གྲོ་དང་། མཆོད་པ་ཆེན་པོ་རྒྱུན་མི་འཆད་པར་བྱ་བའི་དོན་དུའོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པའི་ཆོས་ཀྱི་ཚུལ་ཡང་དག་པར་གཟུང་བ་དང་། སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་སེམས་དཔའ་ཡོངས་སུ་ འཛིན་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་ཡོངས་སུ་བསྲུང་བའི་ཕྱིར་ཞེས་པ་ནི་གཉིས་པའོ། །སྨོན་ལམ་འདི་ནི་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་དོན་དུའོ། །དེ་བཞིན་གཤེགས་པ་ནི་སྟོན་པ་ཕུན་སུམ་ཚོགས་པའོ། །ཆོས་ཀྱི་ཚུལ་ནི་ མདོ་སྡེ་ལ་སོགས་པ་ལུང་གི་ཚོགས་སོ། །སངས་རྒྱས་ནི་ཇི་སྙེད་པ་རྟོགས་པའོ། །ཡོངས་སུ་འཛིན་པ་ནི་རྟོག་པའི་ཆེད་དུ་གདམས་ངག་འབོགས་པའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཇི་ལྟ་བ་བཞིན་མངོན་པར་རྟོགས་པའོ། །བསྟན་པ་ཡོངས་སུ་བསྲུང་བ་ནི་སྒྲུབ་པ་བྱེད་པ་རྣམས་ལ་ ཉེ་བར་འཚེ་བ་བསྲུང་བས་སོ། །དེ་བཞིན་དུ་འཇིག་རྟེན་གྱི་ཁམས་འབྱམས་ཀླས་པ་མ་ལུས་པ་ཐམས་ཅད་དུ་སངས་རྒྱས་འབྱུང་ཞིང་དགའ་ལྡན་གྱི་ཕོ་བྲང་དམ་པ་ན་བཞུགས་པ་ལ་སོགས་པ་སྟེ། འཕོ་བ་དང་། གཤེགས་པ་དང་། ལྷུམས་ན་བཞུགས་པ་དང་། བལྟམས་པ་དང་། གཞོན་ ནུ་རོལ་པ་དང་། བཙུན་མོའི་འཁོར་གྱི་ནང་ན་བཞུགས་པ་དང་། མངོན་པར་འབྱུང་བ་དང་། དཀའ་བ་སྤྱད་པ་དང་། སྙིང་པོ་བྱང་ཆུབ་ཏུ་གཤེགས་པ་དང་། བདུད་བཏུལ་བ་དང་། མངོན་པར་འཚང་རྒྱ་བ་དང་། གསོལ་བ་བཏབ་པ་དང་། ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་བ་དང་། མྱ་ངན་ ལས་འདས་པའི་དོན་དུ་ཉེ་བར་འགྲོ་བའོ་ཞེས་པ་ནི་གསུམ་པའོ། །གསུམ་པ་ལ་སོགས་པའི་སྨོན་ལམ་ལྔ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཆེད་དུ་སྟེ། བསམ་པ་ཅི་འདྲ་བ་དང་། སེམས་ཅི་འདྲ་བ་དང་། སེམས་ཅན་གང་དང་གང་ན་གནས་པ་དང་། ཇི་ལྟར་གྱུར་པ་སེམས་ཅན་ཡོངས་སུ་ སྨིན་པར་བྱེད་པ་དང་། སྨོན་ལམ་ལྔས་རིམ་པ་བཞིན་དུ་བསྟན་པའོ། །དེ་ལ་བསམ་པའི་སྒོ་ནས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ནི་དགའ་ལྡན་གྱི་ཕོ་བྲང་ན་བཞུགས་པ་ལ་སོགས་པ་ཐབས་ལ་མཁས་པའི་རང་བཞིན་ཡིན་པས་སོ། །ཚིག་གི་དོན་ནི་གོ་སླའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ ཐམས་ཅད་ཀྱི་སྤྱོད་པ་དང་། ཕ་རོལ་ཏུ་ཕྱིན་པས་བསྡུས་པའི་ས་ཡོངས་སུ་སྦྱོང་བའི་ཡན་ལག་དང་ཉེ་བའི་ཡན་ལག་དང་བཅས་པའི་ཡོངས་སུ་སྦྱོང་བ་ལ་གདམས་ངག་དང་། རྗེས་སུ་བསྟན་པ་འབོགས་པའི་དོན་དུ་ཉེ་བར་བསྟན་པའི་སེམས་བསྐྱེད་པ་གྲུབ་པའི་ཕྱིར་ཞེས་པ་ནི་བཞི་པའོ། །ས་ཡོངས་སུ་ སྦྱོང་བ་ནི་མངོན་རྟོགས་སུ་ཤེས་པར་བྱའོ། །རྗེས་སུ་བསྟན་པ་ནི་གདམས་ངག་ཐོབ་པ་དེ་ཡོངས་སུ་བསྲུང་བའོ། །དེ་བཞིན་དུ་ཁམས་དང་། འགྲོ་བ་དང་། སྐྱེ་གནས་དང་། རིགས་ལ་གནས་པའི་མིང་དང་། གཟུགས་ཀྱིས་བསྡུས་པའི་སེམས་ཅན་གྱི་ཁམས་མ་ལུས་པ་ཡོངས་སུ་སྨིན་པར་ བྱ་བ་དང་། སངས་རྒྱས་ཀྱི་ཆོས་ལ་གཟུད་པ་དང་། འགྲོ་བ་གྲངས་ཀྱིས་ཡོངས་སུ་མི་ཆོད་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དགོད་པའི་ཕྱིར་ཞེས་པ་ནི་ལྔ་པའོ། །དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཡངས་པ་དང་། དོག་པ་དང་། རྒྱ་ཆེན་པོ་དང་། ཚད་མེད་པ་དང་། ཕྲ་བ་དང་། ཆེ་བ་ དང་། སྣྲེལ་ཞི་དང་། རྩེ་མོ་དང་བྲལ་ཞིང་གཞི་མཉམ་པ་དང་། རབ་ཏུ་འཇུག་པ་ལ་ཡང་དག་པར་གཞོལ་བ་དང་ལྡན་པ་དང་། མིག་འཕྲུལ་གྱི་རྣམ་པ་ལྟར་ཕྱོགས་བཅུའི་རྣམ་པ་ཐ་དད་པ་མ་ལུས་པའི་རྣམ་པ་འཇུག་པ་རྣམ་པར་ཕྱེ་བའི་ཡེ་ཤེས་ཁོང་དུ་ཆུད་ཅིང་མངོན་དུ་འགྱུར་བར་བྱ་བའི་ ཕྱིར་ཞེས་པ་ནི་དྲུག་གོ། །དེ་ལ་ཇི་ལྟར་རིགས་པར་ཡངས་པ་དང་། དོག་པ་དང་། རྒྱ་ཆེན་པོ་ནི་སྟོང་གཅིག་དང་། སྟོང་གཉིས་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལ་ཤེས་པར་བྱའོ། །དེ་ལ་སྟོང་གི་འཇིག་རྟེན་གྱི་ཁམས་ནི་འཛམ་བུའི་གླིང་དང་། ཤར་གྱི་ལུས་ འཕགས་དང་། བ་ལང་སྤྱོད་དང་། བྱང་གི་སྒྲ་མི་སྙན་སྟོང་དང་། ཉི་མ་དང་། ཟླ་བ་སྟོང་དང་། རི་རབ་སྟོང་དང་། རྒྱལ་ཆེན་རིས་བཞི་ནས་གཞན་འཕྲུལ་དབང་བྱེད་ཀྱི་བར་སྟོང་དང་། ཚངས་པའི་འཇིག་རྟེན་སྟོང་ལ་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཞེས་བྱའོ། །སྟོང་སྤྱི་ཕུད་ཀྱི་ འཇིག་རྟེན་གྱི་ཁམས་སྟོང་ལ་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ། །སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་སྟོང་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ། །ཚད་མེད་པ་ནི་སེམས་ཅན་མཐའ་ཡས་པའོ། །ཕྲ་བ་ནི་གང་ན་ཡིད་ཀྱི་རང་བཞིན་ གྱི་ལུས་ཡོད་པའོ། །ཆེ་བ་ནི་ཡིད་ཀྱི་རང་བཞིན་གྱི་ལུས་ཡོད་པའོ། །སྣྲེལ་ཞི་ནི་རིམ་པ་མ་ཡིན་པར་གནས་པའོ། །རྩེ་མོ་དང་བྲལ་ཞིང་གཞི་མཉམ་པ་ནི་ཁང་ཁྱིམ་གྱི་དབྱིབས་མ་བྱས་པའོ། །རབ་ཏུ་འཇུག་པ་ལ་ཡང་དག་པར་གཞོལ་བ་ནི་ཁང་ཁྱིམ་གྱི་དབྱིབས་བྱས་པའོ། །འདི་ནི་འཇིག་ རྟེན་གྱི་ཁམས་སྤྱིའི་མཚན་ཉིད་དོ། །མིག་འཕྲུལ་གྱི་རྣམ་པ་ལྟ་བུ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ལས་ཀྱི་སྒྱུ་མའི་རང་བཞིན་ཡིན་པས་མིག་འཕྲུལ་གྱི་རྣམ་པ་ལྟ་བུའོ། །འདི་ནི་འཇིག་རྟེན་གྱི་ཁམས་ཀྱི་དོན་དམ་པའི་མཚན་ཉིད་དོ། །ཕྱོགས་བཅུའི་རྣམ་ པ་ཐ་དད་པ་མ་ལུས་པའི་རྣམ་པ་ལ་འཇུག་པས་རྣམ་པར་ཕྱེ་བའི་ཞེས་པ་ནི་ཕྱོགས་བཅུ་ན་གནས་པའི་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐ་དད་པ་ཡོད་པ་ཐམས་ཅད་ཡེ་ཤེས་ཀྱི་སྒོ་ནས་རྣམ་པར་ཕྱེ་བ་གང་ཡིན་པའོ། །འདི་ནི་འཇིག་རྟེན་གྱི་ཁམས་རྣམས་ཀྱི་ཚད་མེད་པའི་མཚན་ཉིད་དོ། ། དེ་ལ་དོན་དམ་པའི་མཚན་ཉིད་ལ་སྨོན་པ་ནི་ཡེ་ཤེས་ཀྱི་ཁོང་དུ་ཆུད་པར་བྱ་བའི་དོན་དུ་སྨོན་པའོ། །སྤྱི་དང་ཚད་མེད་པའི་མཚན་ཉིད་ལ་སྨོན་པ་ནི་མངོན་དུ་གྱུར་པའི་དོན་དུ་སྨོན་པའོ། །འདིའི་དོན་ནི་འདི་ཡིན་ཏེ། ཀུན་རྫོབ་དང་དོན་དམ་པའི་མཚན་ཉིད་ཅན་འཇིག་རྟེན་གྱི་ཁམས་མ་ལུས་པ་ཤེས་ ནས་དེར་གནས་ཏེ། སེམས་ཅན་རྣམས་སྨིན་པར་བྱའོ་ཞེས་པའོ། །དེ་བཞིན་དུ་ཞིང་ཐམས་ཅད་ཞིང་གཅིག་ཏུ་ཡང་དག་པར་གཞོལ་བར་བྱ་བ་དང་། ཞིང་གཅིག་ཞིང་ཐམས་ཅད་དུ་ཡང་དག་པར་གཞོལ་བར་བྱ་བ་དང་། ཡོངས་སུ་སྦྱོང་བ་དང་། སངས་རྒྱས་ཀྱི་ཞིང་ཚད་མེད་པ་འོད་མང་པོའི་ རྒྱན་གྱིས་རབ་ཏུ་བརྒྱན་པར་བྱ་བ་དང་། ཀུན་ནས་ཉོན་མོངས་པ་ཐམས་ཅད་བསལ་བས་ཡོངས་སུ་དག་པའི་ལམ་དང་ལྡན་པ་དང་། སེམས་ཅན་ཡེ་ཤེས་ཀྱི་འབྱུང་གནས་ཚད་མེད་པས་ཡོངས་སུ་གང་བའི་སངས་རྒྱས་ཀྱི་ཡུལ་རྒྱ་ཆེན་པོ་ལ་ཡང་དག་པར་གཞོལ་ཞིང་ཁོང་དུ་ཆུད་པར་བྱ་བ་དང་། བསམ་པའི་ཚུལ་བཞིན་དུ་སེམས་ཅན་རྣམས་ལ་ཡང་དག་པར་བསྟན་ཅིང་ཤིན་ཏུ་ཚིམ་པར་བྱ་བའི་ཕྱིར་ཞེས་པ་ནི་བདུན་པའོ། །འདིས་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྟོན་པ་ཡིན་ནོ། །དེ་ཡང་རྣམ་པ་བདུན་ཏེ། ཐུན་མོང་བ་ཉིད་ཀྱི་རྣམ་པར་དག་པ་ནི་ཞིང་ཐམས་ཅད་ཞིང་གཅིག་ཏུ་ཡང་ དག་པར་གཞོལ་བར་བྱ་བ་དང་ཞེས་པས་བསྟན་ཏོ། །ཡོངས་སུ་སྦྱང་བ་དང་ཞེས་པ་ནི་དབང་ཉིད་ཡོངས་སུ་དག་པའོ། །སངས་རྒྱས་ཀྱི་ཞིང་ཚད་མེད་པ་འོད་མང་པོའི་རྒྱན་གྱིས་རབ་ཏུ་བརྒྱན་པར་བྱ་བ་དང་། རབ་ཏུ་དང་བ་སྐྱེད་པར་བྱེད་པའི་རྣམ་པར་དག་པ་སྟེ། འོད་ཀྱི་རྒྱན་དང་དབྱིབས་ཀྱི་ རྒྱན་གྱིས་སོ། །ཀུན་ནས་ཉོན་མོངས་པ་ཐམས་ཅད་བསལ་བས་ཡོངས་སུ་དག་པའི་ལམ་དང་ལྡན་པ་དང་ཞེས་པ་ནི་ཡོངས་སུ་ལོངས་སྤྱོད་པ་རྣམ་པར་དག་པའོ། །སེམས་ཅན་ཡེ་ཤེས་ཀྱི་འབྱུང་གནས་ཚད་མེད་པ་ཡོངས་སུ་གང་བའི་ཞེས་པ་ནི་དེར་གནས་པའི་སེམས་ཅན་གྱི་ཡོངས་སུ་དག་ པའོ། །སངས་རྒྱས་ཀྱི་ཡུལ་རྒྱ་ཆེན་པོ་ལ་ཡང་དག་པར་གཞོལ་ཞིང་ཁོང་དུ་ཆུད་པར་བྱ་བ་དང་ཞེས་པས་ནི་རྒྱུའི་རྣམ་པར་དག་པ་སྟེ། སངས་རྒྱས་ཀྱི་ཡུལ་དུ་གྱུར་པའི་སྦྱིན་པ་ལ་སོགས་པ་ལ་གཞོལ་བས་སོ། །བསལ་བའི་ཚུལ་བཞིན་དུ་སེམས་ཅན་རྣམས་ལ་ཡང་དག་པར་བསྟན་ཅིང་ ཤིན་ཏུ་ཚིམ་པའི་ཞེས་པས་ནི་འབྲས་བུའི་རྣམ་པར་དག་པ་བསྟན་ཏེ། དེ་ལ་ཡང་དག་པར་བསྟན་པ་ནི་ཡེ་ཤེས་ཀྱིས་སོ། །ཤིན་ཏུ་ཚིམ་པར་བྱེད་པ་ནི་མཐུའི་སྒོ་ནས་སོ། །དེ་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་བསམ་པ་གཅིག་པའི་སྦྱོར་བ་དང་། མཚུངས་པ་ མེད་པའི་དགེ་བའི་རྩ་བ་ཐམས་ཅད་ལ་སོགས་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། རྟག་ཏུ་རྒྱུན་མི་འཆད་པར་འགྲོགས་ཤིང་མི་འབྲལ་བ་དང་། སངས་རྒྱས་འབྱུང་བ་ཇི་ལྟར་སྟོན་པ་དང་། རང་གི་སེམས་བསྐྱེད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཐུ་དང་ཡེ་ཤེས་ ཁོང་དུ་ཆུད་པར་བྱ་བ་དང་། མཉམ་ཞིང་རྗེས་སུ་འབྲང་བའི་མངོན་པར་ཤེས་པ་ཐོབ་པར་བྱ་བ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྣམ་པར་བསྒྱུར་བར་བྱ་བ་དང་། སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་སྣང་བ་ཐོབ་པ་དང་ཐེག་པ་ཆེན་པོ་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་བྱང་ ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་སྤྱོད་པ་རྒྱུན་མི་འཆད་པའི་ཕྱིར་ཞེས་པ་ནི་བརྒྱད་པའོ། །བརྒྱད་པ་ལ་སོགས་པ་སྨོན་ལམ་གསུམ་ནི་བདག་ཉིད་ཀྱིས་ཡོངས་སུ་སྦྱོང་བའི་དོན་དུའོ། །དེ་ལ་བསམ་པ་གཅིག་པའི་སྦྱོར་བ་དང་ཞེས་པ་ནི་ཐེག་པ་གཞན་ལ་མི་རེག་པས་ཐེག་པ་ཆེན་པོ་ལ་ འཇུག་པའི་ཕྱིར་རོ། །གཞན་ནི་གོ་སླའོ། །དེ་བཞིན་དུ་ཕྱིར་མི་ལྡོག་པའི་འཁོར་ལོ་ལ་ཡང་དག་པར་གནས་ཤིང་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་དང་། ལུས་དང་ངག་དང་ཡིད་ཀྱི་ལས་དོན་ཡོད་པར་བྱ་བ་དང་། མཐོང་མ་ཐག་ཏུ་སངས་རྒྱས་ཀྱི་ཆོས་གདོན་མི་ཟ་བར་ཐོབ་པར་བྱ་བ་དང་། དབྱངས་བརྗོད་མ་ཐག་ཏུ་སངས་རྒྱས་ཀྱི་མཐུ་དང་ཡེ་ཤེས་ཁོང་དུ་ཆུད་པར་བྱ་བ་དང་། མཐོང་བའི་དེ་མ་ཐག་ཏུ་དད་པར་འགྱུར་བ་དང་། ཉོན་མོངས་པ་ཕྱིར་བཟློག་པར་བྱ་བ་དང་། རྟེན་སྨན་གྱི་རྒྱལ་པོ་ཆེན་པོ་ལྟ་བུ་ཐོབ་པར་བྱ་བ་དང་། ལུས་ཡིད་ བཞིན་གྱི་ནོར་བུ་ལྟ་བུ་ཐོབ་པར་བྱ་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་སྤྱད་པའི་ཕྱིར་ཞེས་པ་ནི་དགུ་པའོ། །དེ་ལ་མཐོང་མ་ཐག་ཏུ་ཞེས་བྱ་བ་ལ་སོགས་པའི་ཚིག་གསུམ་གྱིས་ལུས་ཀྱི་ལ་སོགས་པའི་བྱ་བ་བསྟན་ནོ། །རང་ཉིད་སྡུག་བསྔལ་དང་ཕོངས་པའི་སྡུག་ བསྔལ་དང་བྲལ་བར་བྱ་བའི་ཕྱིར་སྨན་གྱི་རྒྱལ་པོ་ཆེན་པོ་ལྟ་བུ་དང་། ཡིད་བཞིན་གྱི་ནོར་བུ་ལྟ་བུ་ཞེས་གསུངས་སོ། །དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་དོན་དུ་དང་། བྱིས་པའི་ལན་ གཅིག་ལས་མ་ལོག་པའི་བྱིས་པའི་ལམ་ཐམས་ཅད་སྐྱེ་བ་ལེན་པ་དང་། གཞོན་ནུ་རོལ་རྩེད་དང་། བཙུན་མོའི་འཁོར་གྱི་ནང་དུ་འཇུག་པ་དང་། ངེས་པར་འབྱུང་བ་དང་། དཀའ་བ་སྤྱོད་པ་དང་། བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང་། བདུད་བཏུལ་བ་དང་། མངོན་པར་ རྫོགས་པར་སངས་རྒྱས་པ་དང་། གསོལ་བ་འདེབས་པ་དང་། ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་བ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་བསྟན་པའི་ཆེད་དུ་སངས་རྒྱས་ཀྱི་སྤྱོད་ཡུལ་གྱི་མཐུ་ཆེན་པོ་དང་། ཡེ་ཤེས་ཀྱི་རྗེས་སུ་འབྲང་བར་བྱ་བའི་ཆེད་དུ་ཆོས་ཀྱི་དབྱིངས་ཀྱིས་ ཀླས་པས་རྒྱ་ཆེ་བ་དང་། ནམ་མཁའི་ཁམས་ཀྱི་མཐར་ཐུག་པ། ཕྱི་མའི་མཐའི་མུར་ཐུག་པའོ། །བསྐལ་པའི་གྲངས་ཐམས་ཅད་སངས་རྒྱས་གྲངས་སུ་འབྱུང་བ་ལ་རྒྱུན་མི་འཆད་པའི་ཡེ་ཤེས་ཆེན་པོ་མངོན་པར་ཞེན་པ་སྒྲུབ་པའི་དོན་དུ་སྨོན་ལམ་ཆེན་པོ་འདེབས་པ་ནི་བཅུ་པའོ། །དེ་ ལ་བྱིས་པའི་ལམ་ནི་གདུལ་བྱ་བྱིས་པ་རྣམས་ཀྱི་གནས་ཡིན་པས་གཙོ་བོའི་དབང་དུ་བྱས་ནས་བྱིས་པའི་ལམ་ནི་འཛམ་བུའི་གླིང་ངོ་། །དེས་ན་འཛམ་བུའི་གླིང་གཅིག་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་སུ་འཛམ་བུའི་གླིང་ཐམས་ཅད་དུ་མངོན་པར་རྫོགས་པར་སངས་རྒྱས་པར་སྟོན་ ཏོ་ཞེས་པའི་ཐ་ཚིག་གོ། །མཐུ་ཆེན་པོ་ནི་འཇིག་རྟེན་གྱི་ཁམས་གཞན་དག་ཏུ་གདུལ་བྱ་སེམས་ཅན་ལ་བདེན་པ་སྟོན་པའི་དོན་དུའོ། །ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ནི་ཆོས་ཀྱི་བདག་མེད་པའི་རྣམ་པས་ཆོས་གཅིག་མངོན་པར་རྟོགས་པའི་སྒོ་ནས་ཆོས་ཐམས་ཅད་རང་བཞིན་གྱིས་ཞི་བའོ་ཞེས་ལྷག་ པར་མོས་པས་སོ། །ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་རྒྱ་ཆེ་བ་ནི་གསུང་གཅིག་བརྗོད་པས་མོས་པ་སྣ་ཚོགས་པའི་སེམས་ཅན་རྣམས་ཀྱིས་དུས་གཅིག་ཏུ་རང་རང་གི་སེམས་ལ་གོ་བར་བྱེད་པས་སོ། །སྨོན་ལམ་ཆེན་པོ་བཅུ་པ་བསྟན་ཟིན་ཏོ། །སོགས་པ་ནི་བཅུ་པོ་དང་འདྲ་བ་གཞན་རྣམས་སོ། ། སྨོན་ལམ་འབུམ་ཕྲག་གྲངས་མེད་པ་ཕྲག་བཅུ་པོ་གང་དག་ཞེས་པ་ལ། དེ་ལ་གཅིག་ནི་གནས་གཅིག་གོ། །བཅུ་ནི་གནས་གཉིས་སོ། །བརྒྱ་ནི་གནས་གསུམ་མོ། །དེ་ལྟར་བསྒྲེས་པའི་བཅུ་འགྱུར་དུ་བསྒྲེས་པའི་གནས་དྲུག་ཅུ་པར་གང་སླེབས་པ་དེ་ལ་གྲངས་མེད་པ་ཞེས་བྱའོ། །དེ་ལྟ་བུའི་ སྨོན་ལམ་འབུམ་ཕྲག་གྲངས་མེད་པ་ཕྲག་བཅུ་ས་དང་པོ་རབ་ཏུ་དགའ་བའི་བྱང་ཆུབ་སེམས་དཔས་འདེབས་པར་བྱེད་དོ། །སེམས་དང་པོ་བསྐྱེད་པ་ཞེས་པ་ནི་འཇིག་རྟེན་ལས་འདས་པའི་སེམས་དང་པོ་བསྐྱེད་པའོ། །དེ་དག་ནི་ཞེས་བྱ་བ་ལ་སོགས་པ་ནི། གང་ཡང་དུས་གསུམ་གཤེགས་པ་རྒྱལ་བ་ ནི། །བྱང་ཆུབ་སྤྱོད་པའི་སྨོན་ལམ་བྱེ་བྲག་རྣམས། །བཟང་པོར་སྤྱོད་པ་བྱང་ཆུབ་སངས་རྒྱས་རྣམས། །དེ་ཀུན་མ་ལུས་བདག་གིས་རྫོགས་པར་བགྱི། །ཞེས་བྱ་བ་ལ་སོགས་པའི་ཀུན་དུ་བཟང་པོའི་སྨོན་ལམ་གྱི་ནང་དུ་སྨོན་ལམ་འདི་རྣམས་འདུས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སྨོན་ལམ་མ་ལུས་ པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ད་ནི་ཉན་ཐོས་ཀྱི་ཐེག་པར་ཞུགས་པ་རྣམས་ཀྱི་ཐེ་ཚོམ་བསལ་བར་བྱ་བའི་ཕྱིར་ཉན་ཐོས་ཀྱིས་བསྟན་པའི་སྒོ་ནས་སའི་རྣམ་པར་དབྱེ་བ་བསྟན་པར་བྱ་བའི་དོན་དུ་དེ་ལ་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཉན་ཐོས་ཀྱི་ཐེག་པར་ཞུགས་པ་དང་། འབྲས་ བུ་ལམ་ལ་གནས་པའི་དབྱེ་བས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་ཐོབ་པར་བྱ་བའི་དོན་དུ་སྒྲུབ་པར་བྱེད་པའི་རྒྱུན་དུ་ཞུགས་པ་དང་། རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུའི་ལམ་ལ་གནས་པའི་དབྱེ་བས་སོ། །འདིའི་དོན་ནི་ཉན་ཐོས་ཀྱི་ལམ་འདིར་འདོད་ཆགས་དང་། ཁོང་ཁྲོ་ དང་། ང་རྒྱལ་དང་། མ་རིག་པ་དང་། ཐེ་ཚོམ་སྟེ་ལྔ་དང་། ལྟ་བ་ལ་ཡང་སྔར་བསྟན་པའི་རྣམ་པར་དབྱེ་བ་རྣམ་པ་ལྔར་བྱ་སྟེ། བཅུར་འགྱུར་བ་ཡིན་ནོ། །དེ་ཡང་མཐོང་བས་སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བའོ། །དེ་ལ་འདོད་པའི་ཁམས་ན་ སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་བཅུ་དང་། འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པའི་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་མ་གཏོགས་པའི་ཉོན་མོངས་པ་བདུན་བདུན་ནི་ཀུན་འབྱུང་དང་འགོག་པ་མཐོང་བས་སྤང་བར་བྱ་བ་ཡིན་ལ། འཇིག་ ཚོགས་ལ་ལྟ་བ་དང་མཐར་འཛིན་པའི་ལྟ་བ་མ་གཏོགས་པར་ཉོན་མོངས་པ་གཞན་བརྒྱད་ནི་ལམ་མཐོང་བས་སྤང་བར་བྱ་བའོ། །དེ་ལྟར་འདོད་པའི་ཁམས་ན་བདེན་པ་བཞི་མཐོང་བས་སྤང་བར་བྱ་བའི་ཕྲ་རྒྱས་སུམ་ཅུ་རྩ་གཉིས་སོ། །གཟུགས་ཀྱི་ཁམས་ན་བདེན་པ་བཞི་མཐོང་བས་སྤང་ བར་བྱ་བའི་ཁོང་ཁྲོའི་རྣམ་པ་བཞི་མེད་པས་བདེན་པ་བཞི་མཐོང་བས་སྤང་བར་བྱ་བའི་ཕྲ་རྒྱས་ཉི་ཤུ་རྩ་བརྒྱད་དོ། །དེ་བཞིན་དུ་གཟུགས་མེད་པའི་ཁམས་ན་ཡང་ཉི་ཤུ་རྩ་བརྒྱད་ཡིན་པས་ཁམས་གསུམ་ན་མཐོང་བས་སྤང་བར་བྱ་བའི་ཕྲ་རྒྱས་བརྒྱད་ཅུ་རྩ་བརྒྱད་དོ། །འདོད་ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ་དང་། མ་རིག་པ་སྟེ། བཞི་ནི་འདོད་པའི་ཁམས་ན་བསྒོམ་པས་སྤང་བར་བྱ་བ་ཡིན་ནོ། །བཞི་པོ་དེ་ཉིད་ལ་ཁོང་ཁྲོ་བ་མ་གཏོགས་པའི་གསུམ་ནི་གཟུགས་ཀྱི་ཁམས་ན་བསྒོམ་པས་སྤང་བར་བྱ་བའོ། །དེ་བཞིན་དུ་གཟུགས་མེད་པའི་ཁམས་ན་ཡང་གསུམ་ ཡིན་པས་སྤང་བར་བྱ་བ་བཅུར་འགྱུར་བ་ཡིན་ནོ། །དེ་ལྟར་བསྡོམས་ན་ཕྲ་རྒྱས་དགུ་བཅུ་རྩ་བརྒྱད་དུ་འགྱུར་བ་ཡིན་ནོ། །དེ་ལྟར་བསྡོམས་ནས་སྤང་བར་བྱ་བ་རྣམས་ཀྱི་གཉེན་པོ་ནི་མཐོང་བའི་ལམ་སྟེ། དེ་ཡང་སྡུག་བསྔལ་ལ་ཆོས་ཤེས་པ་ལ་སོགས་པའི་དབྱེ་བ་སྐད་ཅིག་མ་བཅུ་དྲུག་གོ། ། དེ་ལ་ཁམས་གསུམ་པའི་སྡུག་བསྔལ་མངོན་པར་རྟོགས་པ་ནི་བཟོད་པ་དང་ཤེས་པའི་སྐད་ཅིག་མ་བཞི་འབྱུང་བར་འགྱུར་རོ། །འདི་ལྟ་སྟེ། འདོད་པའི་ཁམས་ཀྱི་བརྒྱ་ཕྲག་བཅུའི་གཉེན་པོ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའི་རྣམ་པ་ཅན་འདོད་པ་ན་ སྤྱོད་པའི་སྡུག་བསྔལ་གྱི་བདེན་པ་ལ་དམིགས་པ་བར་ཆད་མེད་པའི་ལམ་གྱི་མཚན་ཉིད་ཅན་སྡུག་བསྔལ་ལ་ཆོས་ཤེས་པའི་སྐད་ཅིག་མ་ནི་དང་པོའོ། །དེ་ལ་སྔར་མེད་པ་དང་། ཕྱིས་མེད་པས་མི་རྟག་པའི་རྣམ་པའོ། །འདུ་བྱེད་ཀྱི་སྡུག་བསྔལ་གྱིས་འཕགས་པ་རྣམས་དང་མི་མཐུན་པའི་ཕྱིར་ སྡུག་བསྔལ་གྱི་རྣམ་པའོ། །ནང་གི་བདག་ཉིད་ཅན་བྱེད་པའི་བདག་ཉིད་ཅན་གྱི་སྐྱེས་བུ་དང་བྲལ་བའི་ཕྱིར་སྟོང་པའི་རྣམ་པའོ། །ཕུང་པོ་རྣམས་ལ་བདག་གི་མཚན་ཉིད་མེད་པའི་ཕྱིར་བདག་མེད་པའི་རྣམ་པའོ། །རྣམ་པ་འདི་རྣམས་ནི་རྟག་པ་དང་། བདེ་བ་དང་། བདག་གི་བ་དང་། བདག་ ཏུ་ལྟ་བ་ལ་སྤྱོད་པ་རྣམས་ཀྱི་གཉེན་པོ་ཉིད་དུ་ཤེས་པར་བྱའོ། །དེ་བཞིན་དུ་དམིགས་པ་དང་རྣམ་པ་དེ་ཉིད་དང་ལྡན་པའི་རྣམ་པར་གྲོལ་བའི་ལམ་གྱི་མཚན་ཉིད་ཅན་སྡུག་བསྔལ་ལ་ཆོས་ཤེས་པ་ནི་སྐད་ཅིག་མ་གཉིས་པའོ། །དེ་བཞིན་དུ་ཁོང་ཁྲོ་བ་མ་གཏོགས་པའི་ཉོན་མོངས་པ་དེ་རྣམས་ཁོ་ན་ གཟུགས་དང་གཟུགས་མེད་པའི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཕྲ་རྒྱས་བཅོ་བརྒྱད་ཀྱི་གཉེན་པོ་སྡུག་བསྔལ་ལ་སོགས་པའི་རྣམ་པ་ཅན་བར་ཆད་མེད་པའི་ལམ་གྱི་མཚན་ཉིད་ཅན་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་སྐད་ཅིག་མ་ནི་གསུམ་པའོ། །དེའི་རྣམ་པ་དང་དམིགས་པ་ཅན་ཉིད་ ཀྱི་རྣམ་པར་གྲོལ་བའི་ལམ་གྱི་མཚན་ཉིད་ཅན་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་སྐད་ཅིག་མ་ནི་བཞི་པའོ། །ཇི་ལྟར་ཁམས་གསུམ་པའི་སྡུག་བསྔལ་གྱི་བདེན་པ་རྟོགས་པ་ལ་བཟོད་པ་དང་། ཤེས་པ་བཞི་ཡོད་པ་དེ་བཞིན་དུ་འདོད་པ་ན་སྤྱོད་པའི་ཀུན་འབྱུང་མཐོང་བས་སྤང་བར་བྱ་བའི་ཕྲ་རྒྱས་བདུན་གྱི་ རྒྱུ་དང་། ཀུན་འབྱུང་བ་དང་། རབ་ཏུ་སྐྱེ་བ་དང་། རྐྱེན་གྱི་རྣམ་པ་ཅན་འདོད་པ་ན་སྤྱོད་པའི་ཀུན་འབྱུང་གི་བདེན་པ་ལ་དམིགས་པ་བར་ཆད་མེད་པའི་ལམ་གྱི་མཚན་ཉིད་ཅན་ཀུན་འབྱུང་བ་ལ་ཆོས་ཤེས་པའི་བཟོད་པའི་སྐད་ཅིག་མ་ནི་དང་པོའོ། །དེ་ལ་འདུ་བྱེད་ཐམས་ཅད་ནི་རྒྱུ་མེད་པ་ཡིན་ནོ་སྙམ་པའི་ ལྟ་བ་ལ་སྤྱོད་པ་རྣམས་ཀྱི་གཉེན་པོ་ནི་རྒྱུའི་གཉེན་པོའི་རྣམ་པའོ། །དབང་ཕྱུག་ལ་སོགས་པ་རྒྱུ་གཅིག་པུའོ་སྙམ་པའི་ལྟ་བ་ལ་སྤྱོད་པ་རྣམས་ཀྱི་གཉེན་པོ་ནི་ཀུན་འབྱུང་གི་རྣམ་པའོ། །ཡོངས་སུ་འགྱུར་བའི་ལྟ་བ་ལ་སྤྱོད་པ་རྣམས་ཀྱི་གཉེན་པོ་ནི་རབ་ཏུ་སྐྱེ་བའི་རྣམ་པ་སྟེ། སྔར་མེད་པ་འབྱུང་བ་ རབ་ཏུ་སྐྱེ་བ་ཡིན་གྱི། ཡོངས་སུ་འགྱུར་བ་ནི་མ་ཡིན་པས་སོ། །བློ་སྔོན་དུ་འགྲོ་བའི་ལྟ་བ་ལ་སྤྱོད་པ་རྣམས་ཀྱི་གཉེན་པོ་ནི་རྐྱེན་གྱི་རྣམ་པ་སྟེ། བློ་སྔོན་དུ་འགྲོ་བ་ཅན་མ་ཡིན་པའི་ཕྱིར་རྐྱེན་ཞེས་བརྗོད་པས་སོ། །དེ་བཞིན་དུ་དམིགས་པ་དང་། རྣམ་པ་དེ་ཉིད་དང་ལྡན་ པའི་རྣམ་པར་གྲོལ་བའི་ལམ་གྱི་མཚན་ཉིད་ཅན་ཀུན་འབྱུང་ལ་ཆོས་ཤེས་པའི་སྐད་ཅིག་མ་ནི་གཉིས་པའོ། །དེ་བཞིན་དུ་གཟུགས་དང་གཟུགས་མེད་པ་ན་ཀུན་འབྱུང་གི་བདེན་པ་ལ་དམིགས་པ་བཤད་མ་ཐག་པའི་ཁོང་ཁྲོ་མ་གཏོགས་པའི་ཕྲ་རྒྱས་བཅུ་གཉིས་ཀྱི་གཉེན་པོའོ། །དེའི་ རྣམ་པ་དང་ལྡན་པ་བར་ཆད་མེད་པའི་ལམ་གྱི་མཚན་ཉིད་ཅན་ཀུན་འབྱུང་བ་ལ་རྗེས་སུ་ཤེས་པའི་བཟོད་པའི་སྐད་ཅིག་མ་ནི་གསུམ་པའོ། །དམིགས་པ་དང་རྣམ་པ་དེ་ཉིད་དང་ལྡན་པའི་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་སྐད་ཅིག་མ་ནི་བཞི་པའོ། །དེ་བཞིན་དུ་འདོད་པ་ན་སྤྱོད་པའི་སྡུག་བསྔལ་ ལ་འགོག་པ་མཐོང་བས་སྤང་བར་བྱ་བ་ཕྲ་རྒྱས་བདུན་གྱི་གཉེན་པོ་འདོད་པ་ན་སྤྱོད་པའི་སྡུག་བསྔལ་འགོག་པ་ལ་དམིགས་པ་འགོག་པ་དང་། ཞི་བ་དང་། གྱ་ནོམ་པ་དང་། ངེས་པར་འབྱུང་བའི་རྣམ་པ་དང་ལྡན་པ་བར་ཆད་མེད་པའི་ལམ་གྱི་མཚན་ཉིད་ཅན་འགོག་པ་ལ་ཆོས་ཤེས་པའི་བཟོད་པའི་ སྐད་ཅིག་མ་ནི་དང་པོའོ། །སྐྱེ་བའི་རྒྱུ་ལ་ཐར་པ་མེད་དོ་སྙམ་པའི་ལྟ་བ་ལ་སྤྱོད་པ་རྣམས་ཀྱི་གཉེན་པོ་ནི་འགོག་པའི་རྣམ་པའོ། །ཡུལ་ལ་ཉེ་བར་ལོངས་སྤྱོད་པ་མེད་པའི་ཕྱིར་དབང་པོ་རྣམས་ཉམས་པར་འགྱུར་བས་ཐར་པ་ནི་སྡུག་བསྔལ་བའོ་སྙམ་པའི་ལྟ་བ་ལ་སྤྱོད་པ་རྣམས་ཀྱི་གཉེན་པོ་ནི་ཞི་བའི་ རྣམ་པའོ། །བསམ་གཏན་གྱི་བདེ་བ་ཁོ་ན་གྱ་ནོམ་པའོ་སྙམ་པའི་ལྟ་བ་ལ་སྤྱོད་པ་རྣམས་ཀྱི་གཉེན་པོ་ནི་གྱ་ནོམ་པའོ། །ཡང་ནས་ཡང་དུ་ཉམས་པར་གྱུར་པས་ཐར་པ་རྟེན་དུ་མ་ཡིན་ནོ་སྙམ་པའི་ལྟ་བ་ལ་སྤྱོད་པ་རྣམས་ཀྱི་གཉེན་པོ་རྣམས་ནི་ངེས་པར་འབྱུང་བའི་རྣམ་པའོ། །དམིགས་པ་དང་། རྣམ་ པ་དེ་ཉིད་དང་ལྡན་པའི་རྣམ་པར་གྲོལ་བའི་ལམ་གྱི་མཚན་ཉིད་ཅན་སྡུག་བསྔལ་འགོག་པ་ལ་ཆོས་ཤེས་པའི་སྐད་ཅིག་མ་ནི་གཉིས་པའོ། །རྣམ་པ་དེ་ཉིད་ཀྱིས་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་སྡུག་བསྔལ་འགོག་པ་ལ་དམིགས་པའི་ཁོང་ཁྲོ་བ་མ་གཏོགས་པའི་ཕྲ་རྒྱས་བཅུ་གཉིས་ཀྱི་ གཉེན་པོ་བར་ཆད་མེད་པའི་ལམ་གྱི་མཚན་ཉིད་ཅན་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་སྡུག་བསྔལ་འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པའི་སྐད་ཅིག་མ་ནི་གསུམ་པའོ། །དམིགས་པ་དང་རྣམ་པ་དེ་ཉིད་དང་ལྡན་པའི་རྣམ་པར་གྲོལ་བའི་ལམ་གྱི་མཚན་ཉིད་ཅན་གཟུགས་མེད་ པ་ན་སྤྱོད་པའི་སྡུག་བསྔལ་འགོག་པ་ལ་རྗེས་སུ་ཤེས་པའི་སྐད་ཅིག་མ་ནི་བཞི་པའོ། །དེ་བཞིན་དུ་འདོད་པའི་ཁམས་ན་སྤྱོད་པའི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མཐོང་བས་སྤང་བར་བྱ་བའི་ཕྲ་རྒྱས་བརྒྱད་ཀྱི་གཉེན་པོ་ལམ་དང་། རིགས་པ་དང་། སྒྲུབ་པ་དང་། ངེས་པར་འབྱིན་ པའི་རྣམ་པ་ཅན་འདོད་པའི་ཁམས་ན་སྤྱོད་པའི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ལ་དམིགས་པ་བར་ཆད་མེད་པའི་ལམ་གྱི་མཚན་ཉིད་ཅན་ལམ་ལ་ཆོས་ཤེས་པའི་བཟོད་པའི་སྐད་ཅིག་མ་ནི་དང་པོའོ། །དེ་ལ་ལམ་མེད་དོ་སྙམ་པའི་ལྟ་བ་ལ་སྤྱོད་པ་རྣམས་ཀྱི་གཉེན་པོ་ནི་ལམ་གྱི་སྒོམ་ པའོ། །ལམ་ངན་པའོ་སྙམ་པའི་ལྟ་བ་ལ་སྤྱོད་པ་རྣམས་ཀྱི་གཉེན་པོ་ནི་རིགས་པའི་རྣམ་པའོ། །ལམ་གཞན་ཡང་ཡོད་པ་ཡིན་ནོ་སྙམ་པའི་ལྟ་བ་ལ་སྤྱོད་པ་རྣམས་ཀྱི་གཉེན་པོ་ནི་སྒྲུབ་པའི་རྣམ་པ་སྟེ་དེ་ཉིད་ངེས་པའི་ཕྱིར་རོ། །ལམ་ཡང་ལྡོག་པ་ཡིན་ནོ་སྙམ་པའི་ལྟ་བ་ལ་སྤྱོད་པ་རྣམས་ཀྱི་ གཉེན་པོ་ནི་ངེས་པར་འབྱིན་པའི་རྣམ་པའོ། །དམིགས་པ་དང་རྣམ་པ་དེ་ཉིད་དང་ལྡན་པ་རྣམ་པར་གྲོལ་བའི་ལམ་གྱི་མཚན་ཉིད་ཅན་ལམ་ལ་ཆོས་ཤེས་པའི་སྐད་ཅིག་མ་ནི་གཉིས་པའོ། །རྣམ་པ་དེ་ཉིད་ཀྱིས་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་སྡུག་བསྔལ་འགོག་པར་འགྲོ་བའི་ ལམ་ལ་དམིགས་པར་ཕྲ་རྒྱས་བཅུ་བཞིའི་གཉེན་པོའི་བར་ཆད་མེད་པའི་ལམ་གྱི་མཚན་ཉིད་ཅན་ལམ་ལ་རྗེས་སུ་ཤེས་པའི་བཟོད་པའི་སྐད་ཅིག་མ་ནི་གསུམ་པའོ། །སྐད་ཅིག་མ་བཅོ་ལྔ་པོ་འདི་རྣམས་ལ་མཐོང་བའི་ལམ་ཞེས་བརྗོད་པར་བྱའོ། །སྐད་ཅིག་མ་བཅོ་ལྔ་པོ་འདི་རྣམས་ལ་གནས་ ན་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱེད་པའི་དོན་དུ་ཞུགས་པ་ཞེས་བྱའོ། །དམིགས་པ་དང་རྣམ་པ་དེ་ཉིད་དང་ལྡན་པ་རྣམ་པར་གྲོལ་བའི་ལམ་གྱི་མཚན་ཉིད་ཅན་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ལ་རྗེས་སུ་ཤེས་པའི་སྐད་ཅིག་མ་ནི་བཞི་ པའོ། །དེ་ལ་སྐད་ཅིག་མ་བཅུ་དྲུག་པའོ། །དེ་ལ་གནས་ན་རྒྱུན་དུ་ཞུགས་པ་ཞེས་བྱའོ། །བསྒོམ་པས་སྤང་བར་བྱ་བ་ཕྲ་རྒྱས་རྣམ་པ་བཅུ་པོ་རྣམས་སྔར་བཞིན་དུ་ས་རེ་རེ་ལ་རྣམ་པ་དགུ་དགུ་ཡིན་པས་རྣམ་པ་བརྒྱད་ཅུ་རྩ་གཅིག་ཏུ་རྣམ་པར་གནས་པ་ཡིན་ལ། རྣམ་ པ་རེ་རེའི་གཉེན་པོར་གྱུར་པའི་ལམ་ལ་བར་ཆད་མེད་པ་དང་། རྣམ་པར་གྲོལ་བའི་ལམ་གྱི་རང་བཞིན་ཉིད་དུ་གནས་པ་ཡིན་པས་ཞུགས་པ་དང་འབྲས་བུའི་རྣམ་གཞག་བྱའོ། །དེ་ལ་སྐད་ཅིག་མ་བཅུ་དྲུག་ལ་གནས་པའི་འཕགས་པ་ལ་གང་གི་ཚེ་བསྒོམ་པས་སྤང་བར་བྱ་བའི་རྣམ་པ་ གཅིག་ནས་བརྩམས་ཏེ་རྣམ་པ་ལྔ་པའི་བར་སྤངས་པར་གྱུར་ན་དེའི་ཚེ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ཞུགས་པ་ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར་གང་གི་ཚེ་བསྒོམ་པས་སྤང་བར་བྱ་བའི་རྣམ་པ་དྲུག་པ་སྤངས་པ་དེའི་ཚེ་ལན་ཅིག་ཕྱིར་འོང་བ་ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར་གང་གི་ཚེ་བསྒོམ་པས་ སྤང་བར་བྱ་བ་རྣམ་པ་བདུན་དང་། བརྒྱད་པ་སྤང་བར་གྱུར་ན་དེའི་ཚེ་ཕྱིར་མི་འོང་བའི་འབྲས་བུ་ལ་ཞུགས་པ་ཞེས་བྱའོ། །གང་གི་ཚེ་དེ་ཉིད་བསྒོམ་པས་སྤང་བར་བྱ་བའི་རྣམ་པ་དགུ་པ་སྤངས་པ་དེའི་ཚེ་ལན་ཅིག་ཕྱིར་མི་འོང་བ་ཞེས་བྱའོ། །གང་གི་ཚེ་དེ་ཉིད་ཀྱི་བསམ་གཏན་དང་པོའི་རྣམ་པ་གཅིག་ སྤངས་པ་ནས་བརྩམས་ཏེ། སྲིད་རྩེའི་རྣམ་པ་བརྒྱད་པའི་བར་སྤངས་པ་དང་རྣམ་པ་དགུ་པ་སྤངས་པའི་བར་ཆད་མེད་པའི་ལམ་ལ་གནས་ན་ཡང་དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པ་ཞེས་བྱའོ། །རྣམ་པ་དགུ་པ་སྤངས་ནས་རྣམ་པར་གྲོལ་བའི་ལམ་ལ་གནས་ན་དགྲ་བཅོམ་པ་ཞེས་བརྗོད་པར་བྱའོ། ། དེ་ལྟར་ཞུགས་པ་དང་། འབྲས་བུའི་ལམ་ལ་གནས་པའི་དབྱེ་བས་ཉན་ཐོས་ཀྱི་ས་བརྒྱད་དུ་རྣམ་པར་གཞག་པར་བྱའོ། །དེ་བཞིན་དུ་ཐེག་པ་ཆེན་པོར་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་ས་བཅུ་ཡིན་ནོ་ཞེས་བྱ་བ་ནི་ཇི་ལྟར་ལམ་ལ་གནས་པའི་དབྱེ་བ་ལ་བརྟེན་ནས་ཉན་ཐོས་ ཀྱི་ས་བརྒྱད་དུ་རྣམ་པར་འཇོག་པ་དེ་བཞིན་དུ་ལམ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའི་ས་ཡང་རྣམ་པ་བཅུར་རྣམ་པར་གཞག་པར་བྱའོ། །དེས་ན་ཐེག་པ་ཆེན་པོ་ལ་སོམ་ཉི་ཟ་བར་མི་བྱའོ། །མཐོང་བའི་ལམ་གྱི་སྔར་གྱི་གནས་སྐབས་དང་འདྲ་བ་ཉིད་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། ཡང་ ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་གནས་སྐབས་སྐྱེས་པ་ཞེས་བྱ་བ་ནི་དྲོད་དང་། རྩེ་མོ་དང་། བཟོད་པ་དང་། འཇིག་རྟེན་ཆོས་ཀྱི་མཆོག་གནས་སྐབས་གང་ལས་སྐྱེས་པའོ། །དེ་ལ་རིམ་པ་ནི་འདི་ཡིན་ཏེ། བདེན་པ་མཐོང་བར་ འདོད་པས་དང་པོ་སོ་སོར་ཐར་པའི་སྡོམ་པ་བསྲུང་བར་བྱ་དགོས་སོ། །དེ་ནས་བདེན་པ་མཐོང་བ་དང་རྗེས་སུ་མཐུན་པའི་ཆོས་ཉན་པར་བྱེད་དོ། །ཐོས་ནས་ཕྱིན་ཅི་མ་ལོག་པར་སེམས་པར་བྱེད་དོ། །བསམས་ནས་ཏིང་ངེ་འཛིན་བསྒོམ་པ་ལ་རབ་ཏུ་སྦྱོར་བར་བྱེད་དོ། །བསྒོམ་ པ་དེ་ཡང་འདུ་འཛི་དང་། མི་དགེ་བའི་རྣམ་པར་རྟོག་པ་ལས་དབེན་ན་འགྲུབ་པར་འགྱུར་བ་ཡིན་ནོ། །དེ་ལ་གྲོགས་མེད་པར་གནས་པས་ན་འདུ་འཛིས་དབེན་པའོ། །འདོད་ཆགས་དང་། གནོད་སེམས་དང་། རྣམ་པར་འཚེ་བའི་རྣམ་པར་རྟོག་པས་སྤངས་པ་ནི་མི་དགེ་བའི་རྣམ་པར་ རྟོག་པས་དབེན་པའོ། །དབེན་པ་གཉིས་པོ་འདི་ཡང་གང་ལ་གྱ་ནོམ་པ་མ་ཡིན་པ་དང་། མང་པོ་མ་ཡིན་པ་རྙེད་པས་ཡིད་མི་བདེ་བ་མེད་པ་དང་། གྱ་ནོམ་པ་དང་། མང་པོ་མ་རྙེད་པ་ལ་འདོད་པ་མེད་པ་དེ་ལ་འགྲུབ་པ་ཡིན་ནོ། །དེ་ལྟར་བསྒོམ་པའི་སྣོད་དུ་གྱུར་པས་དང་པོ་ཞི་གནས་བསྒོམ་ པར་བྱའོ། །ཞི་གནས་སྒོམ་པ་ལ་ཡང་གང་ཟག་གཉིས་ཏེ། འདོད་ཆགས་ལ་སྤྱོད་པ་དང་། རྣམ་པར་རྟོག་པ་ལ་སྤྱོད་པའོ། །དེ་ལ་གང་འདོད་ཆགས་ལ་སྤྱོད་པ་དེས་མི་སྡུག་པ་སྒོམ་པའི་སྒོ་ནས་ཞི་གནས་བསྐྱེད་པར་བྱའོ། །གང་རྣམ་པར་རྟོག་པ་ལ་སྤྱོད་པ་དེས་དབུགས་རྔུབ་པ་དང་། འབྱུང་བ་དྲན་པས་ཞི་གནས་བསྐྱེད་པར་བྱ་སྟེ། མི་སྡུག་པ་ཁ་དོག་དང་དབྱིབས་ལ་དམིགས་པའི་ཕྱིར་རྣམ་པར་རྟོག་པ་མི་སྤོང་བས་སོ། །དེ་ལ་མི་སྡུག་པ་བསྒོམ་པ་ལ་གསུམ་སྟེ། ལས་དང་པོ་པ་དང་། ཡོངས་སུ་སྦྱང་བ་བྱས་པ་དང་། ཡིད་ལ་བྱེད་པ་རྫོགས་པའོ། །དེ་ལ་ལས་དང་པོ་ པ་ནི་དང་པོ་ཉིད་དུ་ལུས་ཀྱི་རྐང་པའི་མཐེ་བོང་ལ་སོགས་པ་ལ་དམིགས་པ་ཡིན་ལ། ཕྱིས་དེ་ཉིད་དུ་རུལ་ཞིང་མྱགས་ཏེ་ལྟུང་བར་མོས་པ་བྱས་ཏེ། རུས་པར་རྣམ་པར་སྦྱོང་ཞིང་རིམ་གྱིས་རང་གི་ལུས་ཐམས་ཅད་ཀེང་རུས་ཀྱི་རང་བཞིན་དུ་ལྟ་བར་བྱེད་དོ། །དེ་བཞིན་དུ་གཉིས་པ་ལ་ཡང་ལྷག་པར་ མོས་པར་བྱས་ཏེ། གཙུག་ལག་ཁང་དང་། ཀུན་དགའ་ར་བ་དང་། གྲོང་དང་། ཞིང་གི་རིམ་གྱིས་རྒྱ་མཚོའི་མཐས་ཀླས་པའི་བར་གྱི་ས་གཞི་རུས་པའི་ཀེང་རུས་ཀྱིས་གང་ལ་མོས་པ་འཕེལ་བར་བྱ་བའི་དོན་དུ་མོས་པར་བྱེད་དོ། །ཡང་སྡུད་པ་ནི་སེམས་བསྡུ་བར་བྱ་བའི་ཕྱིར་ བདག་གཅིག་པུ་ཁོ་ན་ལ་རུས་པའི་ཀེང་རུས་སུ་མོས་པར་བྱེད་དོ། །འདི་ཙམ་གྱིས་ནི་མི་སྡུག་པ་ཡོངས་སུ་རྫོགས་པ་ཡིན་ནོ། །འདི་ནི་ལས་དང་པོའོ། །དེ་སེམས་བསྡུས་པ་ཁྱད་པར་དུ་བྱ་བའི་ཕྱིར་རུས་པའི་ཀེང་རུས་དེ་ལས་རྐང་པའི་རུས་པ་རྣམས་བོར་ནས་ལྷག་མ་ཡིད་ལ་བྱེད་ཅིང་དེ་བཞིན་ དུ་ཐོད་པའི་ཕྱེད་བོར་ནས་ཐོད་པ་ཕྱེད་ཀྱི་བར་ཡིད་ལ་བྱེད་པ་འདི་ནི་ཡོངས་སུ་སྦྱང་བར་བྱ་བ་ཡིན་ནོ། །དེ་ཐོད་པ་ཕྱེད་ཀྱང་བོར་ནས་སྨིན་མ་གཉིས་ཀྱི་བར་དུ་སེམས་འཛིན་པར་བྱེད་པ་འདི་ནི་མི་སྡུག་པ་ཡིད་ལ་བྱེད་པ་རྫོགས་པའི་རྣལ་འབྱོར་པ་ཡིན་ནོ། །དབུགས་རྔུབ་པ་དང་། འབྱུང་བ་དྲན་པ་ནི་ གང་རླུང་ནང་དུ་འཇུག་པ་ནི་དབུགས་རྔུབ་པའོ། །རླུང་འབྱུང་བ་གང་ཡིན་པ་ནི་དབུགས་འབྱིན་པ་སྟེ། དེ་དག་དྲན་པའོ། །དེ་ནི་ཤེས་རབ་ཀྱི་རང་བཞིན་ཡིན་དུ་ཟིན་ཀྱང་དྲན་པ་ཞེས་བྱ་སྟེ། དྲན་པའི་སྟོབས་ཀྱིས་འཇུག་པའི་ཕྱིར་རོ། །དབུགས་རྔུབ་པ་དང་། དབུགས་འབྱུང་བ་དེ་ཡང་བགྲང་ བ་ལ་སོགས་པ་རྣམ་པ་དྲུག་ཏུ་འགྱུར་ཏེ། བགྲང་བ་དང་། རྗེས་སུ་བགྲང་བ་དང་། འཇོག་པ་དང་། ཉེ་བར་འཇོག་པ་དང་། བསྒྱུར་བ་དང་། ཡོངས་སུ་དག་པའོ། །དེ་ལ་བགྲང་བ་ནི་དབུགས་རྔུབ་པ་དང་། དབུགས་འབྱུང་བ་དག་ལ་སེམས་བཏང་ནས་མངོན་པར་འདུ་བྱ་བ་མེད་པར་ལུས་ དང་སེམས་རྣལ་དུ་བཞག་སྟེ། དྲན་པ་ཙམ་གྱིས་གཅིག་དང་གཉིས་ནས་བཅུའི་བར་དུ་བགྲང་བར་བྱེད་པ་སྟེ། སེམས་མངོན་པར་སྡུད་པ་དང་། རྣམ་པར་གཡེང་བར་དོགས་པས་ཧ་ཅང་མང་བ་དང་། ཉུང་བ་ནི་མ་ཡིན་ནོ། །དེ་ལ་དང་པོ་དབུགས་རྔུབ་པ་བགྲང་ཞིང་ཕྱིས་འབྱུང་བ་དྲན་པར་བྱའོ། ། དེ་ལ་སྐྱོན་ནི་གསུམ་ཡོད་དེ། གལ་ཏེ་གཉིས་ལ་གཅིག་ཏུ་འཛིན་ན་མ་ཚང་བར་བགྲང་བའི་སྐྱོན་ནོ། །གལ་ཏེ་གཅིག་ལ་གཉིས་སུ་འཛིན་ན་ནི་ལྷག་པར་བགྲང་བའི་སྐྱོན་ནོ། །གལ་ཏེ་དབུགས་རྔུབ་པ་ལ་འབྱུང་བར་འཛིན་ཏམ། དབུགས་འབྱིན་པ་ལ་རྔུབ་པར་འཛིན་ན་འཆོལ་བར་བགྲང་ བའི་སྐྱོན་ནོ། །དེ་ལས་གཞན་པ་ནི་ཡང་དག་པའི་བགྲང་བ་ཡིན་ནོ། །བར་སྐབས་སུ་སེམས་རྣམ་པར་གཡེང་ནའང་མགོ་ནས་ཇི་སྲིད་དུ་ཏིང་ངེ་འཛིན་མ་ཐོབ་ཀྱི་བར་དུ་བགྲང་བར་བྱའོ། །རྗེས་སུ་འགྲོ་བ་ཞེས་བྱ་བ་ནི་འདི་དག་ཇི་སྲིད་ཅིག་ཏུ་འབྱུང་ངམ་འཇུག །ཅི་འདི་དག་ལུས་ཐམས་ཅད་ལ་ཁྱབ་ པ་དག་ཅིག་གམ། ཕྱོགས་འགའ་ཞིག་ན་རྒྱུ་བ་དག་ཅིག་ཡིན་ཞེས་མངོན་པར་འདུ་བྱ་བ་མེད་པར་དབུགས་རྔུབ་པ་དང་། དབུགས་འབྱུང་བའི་རྗེས་སུ་འགྲོ་བ་སྟེ། དེ་འཇུག་པ་ན་ལྐོག་མ་དང་། སྙིང་ག་དང་། ལྟེ་བ་དང་། རྐེད་པ་དང་། བརླ་དང་། བྱིན་པར་འཇུག་པ་ནི་རིམ་གྱིས་རྐང་ པ་གཉིས་ཀྱི་བར་དུ་རྗེས་སུ་འགྲོ་ལ། འབྱུང་བ་ན་མཐོ་གང་དང་། འདོམ་གང་ནི་བར་དུ་འབྱུང་ངོ་། །གཞན་དག་ན་རེ་རླུང་གི་དཀྱིལ་འཁོར་དང་། རྣམ་པར་འཐོར་བྱེད་ཀྱི་རླུང་གི་བར་དུའོ་ཞེས་ཟེར་ཏེ། འདི་ནི་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་ཡིན་པའི་ཕྱིར་རིགས་པ་མ་ཡིན་ནོ། །འཇོག་པ་ཞེས་ བྱ་བ་ནི་ནོར་བུའི་ཐག་པ་བཞིན་དུ་སྣའི་རྩེ་མོ་ནས་རྐང་པའི་མཐེ་བོའི་བར་དུ་གནས་པར་ལྟ་ཞིང་ཅི་འདི་དག་ཕན་འདོགས་པར་བྱེད་པ་ཞིག་གམ། གནོད་པར་བྱེད་པ་ཞིག་གམ། གྲང་ངམ་དྲོ་བ་དག་ཅིག་ཅེས་རྟོག་པའོ། །ཉེ་བར་རྟོག་པ་ནི་འདི་དག་ནི་རླུང་འབའ་ཞིག་མ་ཡིན་གྱི། འབྱུང་བ་ཆེན་ པོ་བཞི་པོ་འདི་དག་ཀྱང་འབྱུང་བ་དག་ལ་མངོན་པར་གྲུབ་པས་རྒྱུར་བྱས་པའི་གཟུགས་དང་། དེ་དག་ལས་བྱུང་བ་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱང་ཡོད་དོ་ཞེས་ཕུང་པོ་ལྔར་ཉེ་བར་བརྟག་པར་བྱེད་པའོ། །བསྒྱུར་བ་ཞེས་པ་ནི་རླུང་ལ་དམིགས་པའི་བློ་སྒྱུར་ཏེ། ཆོས་ཀྱི་མཆོག་གི་བར་ དུ་གོང་ནས་གོང་དུ་དགེ་བའི་རྩ་བ་རྣམས་ལ་ཡང་དག་པར་སྤྱོད་པའོ། །ཡོངས་སུ་དག་པ་ནི་མཐོང་བའི་ལམ་ལ་སོགས་པ་ལ་འཇུག་པའོ། །གཞན་དག་ན་རེ་བསྒྱུར་བ་ནི་དྲན་པ་ཉེ་བར་གཞག་པ་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་ཡིན་ལ། རྣམ་པར་དག་པ་ནི་ཟད་པ་ཤེས་པ་ལ་སོགས་པ་ཡིན་ནོ་ ཞེས་ཟེར་རོ། །དེ་ལྟར་མི་སྡུག་པ་དང་། དབུགས་རྔུབ་པ་དང་། འབྱུང་བ་དྲན་པ་བསྒོམས་ནས་ཞི་གནས་རྫོགས་པས་ལྷག་མཐོང་བསྒྲུབ་པར་བྱ་བའི་དོན་དུ་དྲན་པ་ཉེ་བར་གཞག་པ་བསྒོམ་པར་བྱ་སྟེ། དེ་ལ་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བཞིའོ། །དེ་ལ་ལུས་དྲན་པ་ཉེ་བར་གཞག་པ་ནི་ ལུས་ལ་རང་དང་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་སྤྱོད་པར་བྱེད་པའོ། །དེ་ལ་ལུས་ཀྱི་རང་གི་མཚན་ཉིད་ནི་འབྱུང་བ་དང་འབྱུང་བ་ལས་གྱུར་པ་ཉིད་དོ། །སྤྱིའི་མཚན་ཉིད་ནི་མི་རྟག་པ་ཉིད་ལ་སོགས་པའོ། །ཚོར་བ་དྲན་པ་ཉེ་བར་གཞག་པ་ནི་ཚོར་བ་ལ་རང་དང་སྤྱིའི་ མཚན་ཉིད་ཀྱི་སྒོ་ནས་སྤྱོད་པའོ། །དེ་ལ་རང་གི་མཚན་ཉིད་ནི་བདེ་བ་ལ་སོགས་པ་ཉམས་སུ་མྱོང་བའི་རང་བཞིན་ཉིད་དོ། །སྤྱིའི་མཚན་ཉིད་ནི་མི་རྟག་པ་ལ་སོགས་པའོ། །སེམས་དྲན་པ་ཉེ་བར་གཞག་པ་ནི་སེམས་ལ་རང་དང་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་སྤྱོད་པའོ། །དེ་ལ་སེམས་ཀྱི་རང་ གི་མཚན་ཉིད་ནི་ཡུལ་ལ་སོ་སོར་རིག་པའོ། །སྤྱིའི་མཚན་ཉིད་ནི་མི་རྟག་པ་ཉིད་ལ་སོགས་པའོ། །ཆོས་དྲན་པ་ཉེ་བར་གཞག་པ་ནི་ཆོས་ལ་རང་དང་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་སྤྱོད་པའོ། །དེ་ལ་ཆོས་ནི་འདུ་ཤེས་དང་། འདུ་བྱེད་ཀྱི་ཕུང་པོ་དང་། རྣམ་པར་རིག་བྱེད་མ་ཡིན་པ་དང་། ནམ་ མཁའ་དང་། སོ་སོར་བརྟགས་པའི་འགོག་པ་དང་། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པའོ། །དེ་རྣམས་ཀྱི་རང་གི་མཚན་ཉིད་ནི་མཛོད་ལས་ཤེས་པར་བྱའོ། །སྤྱིའི་མཚན་ཉིད་ནི་འདུས་བྱས་རྣམས་ཀྱི་མི་རྟག་པ་ཉིད་དང་། ཆོས་ཐམས་ཅད་ཀྱི་སྟོང་པ་དང་། བདག་མེད་པ་ཉིད་ དོ། །དྲན་པ་ཉེ་བར་གཞག་པ་འདི་ཡང་ཐོས་པ་དང་། བསམས་པ་དང་། བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱི་རང་བཞིན་ཅན་ཉིད་དུ་ཤེས་པར་བྱའོ། །གང་གི་ཚེ་ཆོས་དྲན་པ་ཉེ་བར་གཞག་པས་ལུས་ལ་སོགས་པ་རྒྱུན་གྱི་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའི་རྣམ་པ་བཞིར་ལྟ་བ་དེའི་ཚེ་དྲོད་དང་། རྩེ་མོ་དང་། བཟོད་པ་དང་། འཇིག་རྟེན་གྱི་ཆོས་ཀྱི་མཆོག་གི་རང་བཞིན་ཅན་ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྐྱེ་བ་ཡིན་ནོ། །དེ་ཐམས་ཅད་ཀྱང་ཤེས་རབ་ཀྱི་རང་བཞིན་ཅན་ནོ། །དམིགས་པ་ནི་འཕགས་པའི་བདེན་པ་བཞིའོ། ། རྣམ་པ་ནི་བཅུ་དྲུག་སྟེ། དེ་རྣམས་ཀྱང་སྔར་བསྟན་ཟིན་ཏོ། །དེ་ལ་བདེན་པ་ལ་དམིགས་པའི་ཤེས་རབ་ལ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་དང་། ཆེན་པོའི་ཆེན་པོའི་དབྱེ་བ་རྣམ་པ་བཞིའོ། །དེ་ལ་ཆུང་ནི་དྲོད་དོ། །འབྲིང་ནི་རྩེ་མོའོ། །ཆེན་པོ་ནི་བཟོད་པའོ། །ཆེན་པོའི་ཆེན་པོ་ནི་ཆོས་ ཀྱི་མཆོག་གོ། །དེ་ལྟར་ཉན་ཐོས་ཀྱིས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྐྱེས་སུ་ཟིན་ཀྱང་ཇི་སྲིད་དུ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་མ་སྐྱེས་པ་དེ་སྲིད་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་ཞེས་བརྗོད་པར་མི་བྱའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་འགྱུར་བ་ཡིན་ཏེ་ཞེས་ བྱ་བ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་མ་སྐྱེས་ན་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་ཞེས་མི་བྱའོ། །དེས་ན་ཐེག་པ་ཆེན་པོ་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནོ་སྙམ་པའི་སོམ་ཉི་ཟ་བར་མི་བྱའོ། །དོན་དེ་ཉིད་ལ་དཀོན་མཆོག་སྤྲིན་གྱི་མདོ་ཁུངས་བསྟན་པར་བྱ་བའི་ཕྱིར། དཀོན་ མཆོག་སྤྲིན་གྱི་མདོ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མོས་པ་ཆེན་པོའི་ཡང་ཆེན་པོས་སྤྱོད་པའི་ཞེས་བྱ་བ་ནི་འཇིག་རྟེན་ཆོས་ཀྱི་མཆོག་གི་གནས་སྐབས་སོ། །དེའི་ཆོས་ཉིད་ནི་དེ་ཁོ་ན་ཉིད་ལ་ཤིན་ཏུ་ལྷག་པར་མོས་པས་དོན་འཛིན་པར་བྱེད་པའི་རྣམ་པར་གཡེང་བ་མི་སྣང་བའི་ཡེ་ཤེས་ཀྱི་སྣང་བ་ འགྲུབ་པ་གང་ཡིན་པའོ། །ས་དང་པོ་དེ་མ་ཐག་ཏུ་ཐོབ་པར་གནས་པ་ཞེས་བྱ་བ་ནི་ཆོས་ཀྱི་མཆོག་གི་གནས་སྐབས་ནི་ས་དང་པོའི་བར་ཆད་མེད་པའི་ལམ་གྱིས་བསྡུས་པའི་ཕྱིར་རོ། །འདི་ནི་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་སེམས་མ་སྐྱེས་པའི་སའོ་ཞེས་བྱ་བ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་ པ་ལ་སོགས་པ་མ་སྐྱེས་པའོ། །དེའི་ཕྱིར་རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་ལ་སོགས་པ་མ་ཡིན་པས་བྱང་ཆུབ་སེམས་དཔའ་ཡང་དེ་བཞིན་དུ་འགྱུར་བ་ཡིན་ནོ། །ཞེས་གསུངས་པ་དེ་འཐད་པ་ཡིན་ནོ། །དེ་ནི་རྒྱས་པར་བསྟན་པར་བྱ་བའི་ཕྱིར། མོས་པས་སྤྱོད་པའི་ཞེས་བྱ་བ་ལ་ སོགས་པ་སྨོས་ཏེ། མོས་པས་སྤྱོད་པའི་སྐད་ཅིག་དེ་ལ་གནས་པ་ཡང་ཞེས་བྱ་བ་ནི་ཆོས་ཀྱི་མཆོག་གི་གནས་སྐབས་ཀྱི་མོས་པ་ཆེན་པོའི་ཡང་ཆེན་པོའི་སྐད་ཅིག་མ་ལ་གནས་པ་གང་ཡིན་པའོ། །དེ་ལ་དཔེ་བསྟན་པར་བྱ་བའི་ཕྱིར། རིགས་ཀྱི་བུ་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མིའི་མདོག་ ལས་ནི་འདས་ལ་ཞེས་བྱ་བ་ནི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་ལྡན་པའི་གསེར་གྱི་ཁ་དོག་དང་ལྡན་པ་ཡིན་པས་སོ། །ལྷའི་མདོག་ནི་མ་ཐོབ་པ་ཡིན་ཏེ་ཞེས་བྱ་བ་ནི་ལྷའི་ཁ་དོག་དང་མི་ལྡན་པའི་ཕྱིར་རོ། །འཇིག་རྟེན་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ཞེས་བྱ་བ་ནི་བསམ་གཏན་དང་པོ་ལ་ སོགས་པ་འཇིག་རྟེན་པའི་ས་དང་། སྔར་བསྟན་པའི་ཉན་ཐོས་ཀྱི་ས་བརྒྱད་དང་། གང་ལ་གཟུང་བ་མི་དམིགས་པའི་ཡེ་ཤེས་འབྱུང་བ་རང་སངས་རྒྱས་ཀྱི་ས་རྣམས་སོ། །ཤིན་ཏུ་འདས་ལ་ཞེས་པ་ནི་འདི་རྣམས་བྱང་ཆུབ་ཀྱི་སེམས་དང་། སྙིང་རྗེ་ལ་སོགས་པ་ཟིལ་ གྱིས་མནན་ནས་གནས་པ་ཡིན་ནོ་ཞེས་པའི་ཐ་ཚིག་གོ། །དོན་དམ་པའི་བྱང་ཆུབ་སེམས་དཔའི་ས་ནི་མ་ཐོབ་པ་ཡིན་ནོ་ཞེས་བྱ་བ་ནི་གང་གིས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མཐོང་བ་དེ་ནི་དོན་དམ་པའི་བྱང་ཆུབ་སེམས་དཔའི་ས་ཡིན་ལ། དེ་ཡང་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་ བརྗོད་པར་བྱའོ། །འདིས་ནི་ཆོས་ཀྱི་མཆོག་གི་གནས་སྐབས་ན་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་ཉིད་མ་ཡིན་པར་རྒྱས་པར་བརྗོད་པ་ཡིན་ནོ། །དེ་ལྟར་ས་དང་པོས་བསྡུས་པའི་སེམས་བསྐྱེད་པ་དང་པོའི་མཚན་ཉིད་བསྟན་ནས། ཡོན་ཏན་བསྟན་པར་བྱ་བའི་ཕྱིར། ཡང་གང་གི་ཚེ་ ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་ཞེས་བྱ་བ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་གནས་སྐབས་ནའོ། །དེ་ནས་བཟུང་སྟེ་ཞེས་བྱ་བ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་རང་བཞིན་ཅན་གྱི་སེམས་བསྐྱེད་པ་དང་པོ་ནས་བརྩམས་ནས་སོ། །དེ་ནི་ཞེས་བྱ་བ་ནི་ཡེ་ཤེས་ཐོབ་ པའོ། །དེ་ཐོབ་གྱུར་པའི་ས་ཞེས་བྱ་བ་ནི་དོན་དམ་པ་མངོན་དུ་བྱེད་པའི་ཡེ་ཤེས་ཐོབ་པས་སོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་བྱང་ཆུབ་ཀྱི་སྒྲ་ནི་རྟོགས་པར་བྱ་བའི་སྟོང་པ་ཉིད་ལ་བརྗོད་པར་བྱའོ། །སེམས་དཔའ་ནི་དེ་ལ་དམིགས་པ་གང་ལ་ཡོད་པ་དེའོ། །དོན་དམ་པའི་ཡེ་ཤེས་ཐོབ་ པས་སྟོང་པ་ཉིད་ལ་དམིགས་པའི་ཕྱིར་རོ། །དེ་ལ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། སེམས་དེ་ཐོབ་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་དེ་ཐོབ་པ་ནི་ཞེས་བྱ་བ་ནི་དོན་དམ་པའི་སེམས་དེ་ཐོབ་པའོ། །སོ་སོའི་སྐྱེ་བོའི་ས་ལས་འདས་པའི་གནས་སྐབས་སུ་ཞེས་པ་ནི་མོས་པས་ སྤྱོད་པའི་ས་ལས་འདས་པའི་གནས་སྐབས་ནའོ། །རྣམ་པ་གཞན་གྱིས་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོའི་སྒྲས་བརྗོད་པར་བྱ་བ་མ་ཡིན་པས་སོ། །དེའི་ཚེ་ཞེས་པ་ནི་སེམས་བསྐྱེད་པ་དང་པོ་ཐོབ་པའི་དུས་སུའོ། །དེ་ཞེས་བྱ་བ་ནི་སེམས་བསྐྱེད་པ་དང་པོ་ཐོབ་པའོ། །འཕགས་པ་ཡིན་ནོ་ཞེས་བྱ་ བ་ནི་སོ་སོའི་སྐྱེ་བོའི་ས་ལས་རིང་དུ་སོང་བའི་ཕྱིར་རོ། །སེམས་བསྐྱེད་པ་དང་པོ་ཐོབ་པའི་གནས་སྐབས་སུ་བྱང་ཆུབ་སེམས་དཔའི་སྒྲ་ཁོ་ནས་བརྗོད་པར་བྱ་བ་ཉིད་ཡིན་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ཁུངས་བསྟན་པར་བྱ་བའི་ཕྱིར། ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྗེས་སུ་ རྟོགས་པའི་སེམས་དཔའ་ཞེས་བྱ་བ་ནི་གང་ལ་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པའི་བསམ་པ་ཡོད་པའོ། །ཚིག་བླ་དགས་ཞེས་བྱ་བ་ནི་མིང་ངོ་། །དེ་ཉིད་གསལ་བར་བསྟན་པར་བྱ་བའི་ཕྱིར། གང་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གིས་ཞེས་བྱ་བ་ནི་བྱང་ཆུབ་ སེམས་དཔས་སོ། །ཆོས་ཐམས་ཅད་ཅེས་བྱ་བ་ནི་འདུས་བྱས་དང་། འདུས་མ་བྱས་དག་གོ། །རྗེས་སུ་རྟོགས་ཤིང་ཞེས་པ་ནི་ཤེས་པའོ། །སོ་སོའི་སྐྱེ་བོས་ཀྱང་ཆོས་ཐམས་ཅད་ཤེས་པས་དེའི་ཕྱིར། ཇི་ལྟར་ཤེས་ཤེ་ན་ཞེས་བྱ་བ་སྨོས་སོ། །ལན་ནི་མ་བྱུང་བ་དང་ཞེས་བྱ་བ་ལ་ སོགས་པ་སྨོས་ཏེ། རྒྱུ་རེ་རེ་ལ་མི་སྐྱེ་ཡང་ཚོགས་པ་ལས་སྐྱེའོ་ཞེ་ན། ཡང་དག་པར་བྱུང་བ་ཞེས་བྱ་བ་སྨོས་ཏེ། རྒྱུ་དང་རྐྱེན་ཚོགས་པ་ལས་ཀྱང་མ་བྱུང་བའོ། །ཇི་ལྟར་མི་སྐྱེ་བ་དེ་སློབ་དཔོན་གྱིས་ལེའུ་དྲུག་པ་ལས་འཆད་པར་འགྱུར་བའོ། །གང་གི་ཕྱིར་ཡང་དག་པར་མི་འབྱུང་བ་དེའི་ཕྱིར་ ལོག་པ་དང་ཞེས་སྨོས་སོ། །དེ་བཤད་པ་ནི་དེ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱིས་པ་རྣམས་ནི་བླུན་ཞིང་ཐོས་པ་དང་མི་ལྡན་པས་སོ། །སོ་སོའི་སྐྱེ་བོ་ནི་བདེན་པ་མ་མཐོང་བའོ། །ཇི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་ཆོས་རྣམས་བདེན་པ་གཉིས་བརྟགས་པ་དེ་ལྟར་མ་ཡིན་པས་ལོག་པ་ཉིད་ ཡིན་ནོ་ཞེས་པའི་དོན་ཏོ། །རྙེད་པ་དེ་ལྟར་མ་ཡིན་པ་སྟེ་ཞེས་བྱ་བ་ནི་ཇི་ལྟར་བྱིས་པ་སོ་སོའི་སྐྱེ་བོས་བདེན་པ་རྙེད་པ་དེ་ལྟར་མ་ཡིན་པར་ཞེས་པའི་དོན་ཏོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཡོངས་སུ་མ་བྱུང་བའི་རང་བཞིན་ཡོངས་སུ་མཁྱེན་པ་ལ་བྱང་ཆུབ་ སེམས་དཔའ་ཞེས་བརྗོད་པར་བྱའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་བྱང་ཆུབ་ཅེས་བརྗོད་ཅིང་དངོས་པོར་གྱུར་པ་རྣམས་ཅིའི་ཕྱིར་བྱང་ཆུབ་མ་ཡིན་སྙམ་ནས། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་སྨོས་ཏེ། སྟོང་པ་ཉིད་ཀྱི་རང་བཞིན་ཅན་བྱང་ཆུབ་ཡིན་པ་དེ་ཅིའི་ཕྱིར་ཞེས་པའོ། །དེ་ལ་ལན་ནི་བྱང་ཆུབ་ ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་མ་བརྟགས་པ་ནི་རྣམ་པར་རྟོག་པའི་སྤྱོད་ཡུལ་མ་ཡིན་པའོ། །མ་བསྒྲུབས་པ་ནི་རྣམ་པར་རྟོག་པས་མ་བསྐྱོད་པའོ། །དམིགས་པ་མེད་པ་ནི་རྣམ་པར་རྟོག་པའི་ཤེས་པའི་སྤྱོད་ཡུལ་མ་ཡིན་པས་སོ། །རྙེད་པ་མེད་པ་ཉིད་ རྒྱས་པར་བསྟན་པར་བྱ་བའི་ཕྱིར་རབ་གྱི་རྩལ་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རབ་ཀྱི