Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 104
Văn bản gốc(Tây Tạng)
Trang 8 / 24 (50.000 ký tự/trang)
ཅན་གཞུག་པའི་དོན་དུ་ཡིན། །ཞེས་གསུངས་པས་སོ། །ཆོས་ཀྱི་དབྱིངས་སྟོང་པ་ཉིད་ཀྱི་རང་བཞིན་ཅན་ཡིན་ལ། དེ་ཡང་དོན་དམ་པའི་ རང་བཞིན་ཅན་ཡིན་པས་དོན་དམ་པའི་བདེན་པ་ལ་མཁས་པ་ཡིན་ཞེས་གསུངས་པ་ཡིན་ནོ། །རང་དང་སྤྱིའི་མཚན་ཉིད་རྟོགས་པས་ཞེས་བྱ་བ་ལ། དེ་ལ་ཆོས་རྣམས་ཀྱི་རང་གི་མཚན་ཉིད་ནི་གཟུགས་སུ་རུང་བས་ན་གཟུགས་ཞེས་བྱ་བ་ལ་སོགས་པའོ། །སྤྱིའི་མཚན་ཉིད་ནི་ཀུན་རྫོབ་ཏུ་མི་རྟག་པ་ཉིད་ ལ་སོགས་པ་དང་། དོན་དམ་པར་སྐྱེ་བ་མེད་པ་ཉིད་དོ། །དེ་ལ་རང་གི་མཚན་ཉིད་དང་། ཀུན་རྫོབ་ནི་སྤྱིའི་མཚན་ཉིད་ཀུན་རྫོབ་ཀྱི་བདེན་པའི་ཁོངས་སུ་གཏོགས་པ་ཡིན་ནོ། །དོན་དམ་པའི་མཚན་ཉིད་ནི་སྐྱེ་བ་མེད་པའི་དོན་དམ་པའི་བདེན་པའོ། །ཆོས་རྣམ་པར་དབྱེ་བ་རྣམ་པར་གཞག་པ་རྟོགས་པས་ཞེས་བྱ་ བ་འདི་ནི་ཟག་པ་དང་བཅས་པའོ། །འདི་ནི་ཟག་པ་མེད་པའོ། །འདི་ནི་འདུས་བྱས་སོ། །འདི་ནི་འདུས་མ་བྱས་སོ་ཞེས་བྱ་བ་ལ་སོགས་པ་རྣམ་པར་དབྱེ་བ་རྣམ་པར་གཞག་པ་རྟོགས་པས་རྣམ་པར་དབྱེ་བའི་བདེན་པ་རབ་ཏུ་ཤེས་པ་ཡིན་ནོ། །དེ་ལ་ཟག་པ་དང་བཅས་པ་ནི་ཀུན་རྫོབ་ཀྱི་ཁོངས་སུ་གཏོགས་པ་ ཡིན་ནོ། །ཟག་པ་མེད་པ་ནི་ལམ་དང་དེ་ཁོ་ན་ཉིད་དོ། །དེ་ལ་ལམ་ནི་ཀུན་རྫོབ་ཀྱི་བདེན་པར་རོ། །དེ་ཁོ་ན་ཉིད་ནི་དོན་དམ་པའི་བདེན་པར་རོ། །དེ་བཞིན་དུ་འདུས་བྱས་དང་། འདུས་མ་བྱས་ལའང་ཤེས་པར་བྱའོ། །ཕུང་པོ་དང་ཞེས་བྱ་བ་ལ་སོགས་པ་ལ། ཕུང་པོ་རྣམས་ནི་དུ། ཁམས་རྣམས་ནི་དུ། སྐྱེ་མཆེད་རྣམས་ནི་དུ། ཅིའི་ཕྱིར་ན་ཕུང་པོ། ཅིའི་ཕྱིར་ན་ཁམས། ཅིའི་ཕྱིར་ན་སྐྱེ་མཆེད་རྣམས་ཞེས་བྱ་བ་ལ་སོགས་པ་ཡོངས་སུ་རྟོགས་པས་ཕྱེ་སྟེ་རྟོགས་པའི་བདེན་པར་རབ་ཏུ་ཤེས་པའོ། །དེ་ལ་ཕྱེ་སྟེ་རྟོགས་པ་ནི་འདི་དང་འདི་ལྟ་བུའོ་ཞེས་རབ་ཏུ་ཤེས་པའོ། །དེ་ཡང་ཀུན་རྫོབ་ཀྱི་བདེན་པའི་ཁོངས་སུ་ གཏོགས་པའོ། །ལུས་དང་སེམས་ལ་གནོད་པ་ཉམས་སུ་འབབ་པས་ཞེས་བྱ་བ་ནི་དངོས་པོ་ལ་མངོན་པར་ཞེན་པ་ནི་འཁོར་བ་འདྲེན་པར་བྱེད་པ་ཡིན་པས་ལུས་དང་སེམས་ལ་གནོད་པར་བྱེད་པའི་ཕྱིར་རོ། །དངོས་པོ་ལ་བདེན་པར་མངོན་པར་ཞེན་པ་ཡང་ཀུན་རྫོབ་ཏུ་བདེན་པའི་ཁོངས་སུ་གཏོགས་པ་ཡིན་ནོ། ། འགྲོ་བར་ཉིང་མཚམས་སྦྱོར་བར་གཏོགས་པས་ཞེས་བྱ་བ་ནི་ཆེ་གེ་མོའི་འགྲོ་བ་ཆེ་གེ་མོར་སྐྱེས་སོ་སྙམ་པའི་ལྷའི་འགྲོ་བ་ལ་སོགས་པར་སྐྱེས་པས་ཡོངས་སུ་ཤེས་པས་རབ་ཏུ་སྐྱེ་བའི་བདེན་པར་རབ་ཏུ་ཤེས་པའོ། །འགྲོ་བ་ཉིང་མཚམས་སྦྱོར་བ་ཀུན་རྫོབ་ཀྱི་བདེན་པའི་ཁོངས་སུ་ གཏོགས་པས་སོ། །རིམས་ནད་ཀྱིས་ཡོངས་སུ་གདུང་བ་ཐམས་ཅད་ཤིན་ཏུ་ཞི་བས་ཞེས་བྱ་བ་ལ། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པའི་མཚན་མར་འཛིན་པར་བྱེད་པའི་ལུས་དང་སེམས་ཡོངས་སུ་གདུང་བར་བྱེད་པས་ན་ཡོངས་སུ་གདུང་བར་བྱེད་པའོ། །དེ་ཡང་གསུམ་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གོ། །དེ་ཉིད་རིམས་ནད་དེ་གང་གི་ཕྱིར་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་བརྟེན་ནས་ཆོས་མ་ཡིན་པའི་འདོད་ཆགས་ཀྱི་ཡོངས་སུ་གདུང་བས་གདུང་བར་བྱེད་པའི་ཕྱིར་རོ། །དེ་ལ་ཆོས་མ་ཡིན་པའི་འདོད་ཆགས་ནི་གང་མི་དགེ་བའི་ལས་ཀྱི་ལམ་ལ་རྗེས་སུ་ཆགས་པའོ། །ཤིན་ཏུ་ཞི་བ་ཞེས་བྱ་བ་ནི་ བག་ཆགས་དང་བཅས་པ་ཡོངས་སུ་ཟད་པས་སོ། །ཟད་པ་དང་མི་སྐྱེ་བའི་བདེན་པ་རབ་ཏུ་ཤེས་སོ་ཞེས་བྱ་བ་ལ། ཟད་པ་དང་མི་སྐྱེ་བ་ཤེས་པ་ནི་སྔར་བསྟན་ཟིན་ཏོ། །དེ་ཡང་ཀུན་རྫོབ་ཀྱི་བདེན་པའི་ཁོངས་སུ་གཏོགས་པ་ཡིན་ནོ། །མི་གཉིས་པ་མངོན་པར་བསྒྲུབས་པས་ཞེས་བྱ་བ་ནི་མི་དམིགས་པ་མེད་ མེད་པ་མངོན་པར་འདུ་བྱས་པས་སོ། །ལམ་ལ་འཇུག་པའི་ཤེས་པའི་བདེན་པ་རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་མཐོང་བའི་ལམ་ཐོབ་པའི་དུས་སུ་ཟག་པ་མེད་པའི་ལམ་ལ་འཇུག་པའི་ཤེས་པ་ནི་བདེན་པ་ཡིན་ལ། དེ་ལ་ཤེས་པ་ནི་ལམ་ལ་འཇུག་པའི་ཤེས་པའི་བདེན་པ་སྟེ། དེ་ཤེས་པ་ནི་ལམ་ལ་འཇུག་པའི་ ཤེས་པའི་བདེན་པ་རབ་ཏུ་ཤེས་པའོ། །མི་གཉིས་པ་ཡང་དོན་དམ་པ་བདེན་པའི་ཁོངས་སུ་གཏོགས་སོ། །རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་ཁོངས་སུ་ཆུད་པས་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་ཆོས་ཐམས་ཅད་ཡོངས་སུ་ཤེས་པས་སོ། །བྱང་ཆུབ་སེམས་དཔའི་ས་ཐམས་ཅད་ཀྱི་བྱ་བའི་དགོངས་པ་ བསྒྲུབས་ནས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ས་ཐམས་ཅད་ཀྱི་བྱ་བ་སྟེ། སེམས་ཅན་གྱི་དོན་བྱ་བ་ཡིན་ལ། དེའི་དགོངས་པ་ནི་འདོད་པ་སྟེ་བསྒྲུབས་ནས་སོ། །དེ་བཞིན་གཤེགས་པའི་ཡེ་ཤེས་ཡང་དག་པར་འབྱུང་བའི་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མངོན་པར་རྟོགས་པ་དང་། སེམས་ཅན་གྱི་དོན་བསྒྲུབ་པའི་དེ་ བཞིན་གཤེགས་པའི་རྒྱུ་ཡིན་པར་རབ་ཏུ་ཤེས་སོ། །དེ་ཡང་ཀུན་རྫོབ་ཀྱི་བདེན་པའི་ཁོངས་སུ་གཏོགས་པ་ཡིན་ནོ། །དབུ་མ་ལ་འཇུག་པའི་འགྲེལ་པའི་བཤད་པ་ལས་ལེའུ་ལྔ་པའི་བཤད་པ་རྫོགས་སོ།། །།སེམས་བསྐྱེད་པ་དྲུག་པ་བསྟན་པར་བྱ་བའི་ཕྱིར། ད་ནི་ཞེས་བྱ་བ་ལ་སོགས་ པ་གསུངས་ཏེ། སེམས་བསྐྱེད་པ་དྲུག་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། མངོན་དུ་ཕྱོགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། རྫོགས་པའི་སངས་རྒྱས་ཆོས་ལ་མངོན་ཕྱོགས་ཤིང་། །ཞེས་བྱ་བ་ནི་ས་མངོན་དུ་གྱུར་པའི་ངེས་ཚིག་གསུངས་ པ་ཡིན་ཏེ། གང་གི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཏུ་སོན་པ་ཐོབ་པ་ལས། སྟོབས་བཅུ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་རྣམས་དང་ཉེ་བར་གྱུར་པ་དེའི་ཕྱིར་མངོན་དུ་ཕྱོགས་པ་ཞེས་བྱའོ། །འདི་རྟེན་འབྱུང་བའི་དེ་ཉིད་མཐོང་བ་སྟེ་ཞེས་བྱ་བ་ནི་མ་རིག་པ་ལ་སོགས་པའི་དངོས་པོ་འདི་རྣམས་ལ་ བརྟེན་ནས་འདུ་བྱེད་ལ་སོགས་པ་རྣམས་འབྱུང་བ་ཡིན་པས་འདི་རྟེན་འབྱུང་བ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བའི་དོན་ཏོ། །དེའི་དེ་ཁོ་ན་ཉིད་དེ། རང་བཞིན་ཕྱིན་ཅི་མ་ལོག་པ་གང་གིས་མཐོང་བ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་རང་བཞིན་ཡང་སྟོང་པ་ཉིད་དེ། རྟེན་ཅིང་འབྲེལ་པར་འབྱུང་བ་ ཡང་དོན་དམ་པར་ན་རང་བཞིན་མེད་པ་ཡིན་པས་སྐྱེ་བ་མེད་པའོ། །དེ་ཉིད་ཀྱི་ཕྱིར། རྟེན་ཅིང་འབྲེལ་འབྱུང་གང་ཡིན་དེ། །ཁྱོད་ཀྱིས་དེ་ཉིད་སྟོང་ཉིད་འདོད། །ཅེས་གསུངས་པས་སོ། །ཤེས་རབ་གནས་པས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པས་སོ། །འགོག་པ་ཐོབ་པར་འགྱུར་ ཞེས་བྱ་བ་ནི་ཤེས་པ་དང་། ཤེས་བྱ་མི་དམིགས་པའི་མཚན་ཉིད་ཅན་གྱི་འགོག་པ་ཐོབ་པར་འགྱུར་བའོ། །དེ་ཉིད་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ས་ལྔ་པར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཐོབ་པ་ཞེས་བྱ་བ་ནི་ས་ དྲུག་པར་མཉམ་པར་གཞག་པའི་སེམས་ལ་གནས་པའི་རྒྱུ་བསྟན་པ་ཡིན་ནོ། །ཡོངས་སུ་དག་པ་ཐོབ་པ་ནི་དེ་ལ་གེགས་བྱེད་པའི་ཉོན་མོངས་པ་རབ་ཏུ་སྤངས་པས་རབ་ཀྱི་མཐར་སོན་པ་ཐོབ་པས་སོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོ་དེ་ཉིད་མཐོང་། །ཞེས་བྱ་བ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོ་ནི་སྐྱེ་བ་མེད་པ་ ཡིན་ལ། དེ་གང་གིས་མཐོང་བ་དེ་ལ་དེ་སྐད་ཅེས་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ནི་སྔར་བཞིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷག་པ་མེད་པ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། ཤེས་རབ་ལྷག་པར་གྱུར་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་ ཏེ། སྦྱིན་པ་ཞེས་བྱ་བ་ལ་སོགས་པས་ནི་ཤེས་པ་དང་ཤེས་བྱ་མི་དམིགས་པའི་མཚན་ཉིད་ཅན་གྱི་འགོག་པ་ནས་ཡང་ནས་ཡང་དུ་རྒྱུན་གྱིས་གྲུབ་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦྱིན་པ་ལ་སོགས་པ་ལྷག་པར་གྱུར་པས་སྦྱིན་ པ་ལ་སོགས་པ་གཟུགས་བརྙན་དང་མཚུངས་པར་རྟོགས་པ་ཡིན་པས་འགོག་པ་ཐོབ་པའི་དུས་སུ་གཟུགས་བརྙན་དང་མཚུངས་པའི་རྣམ་པར་རྟོག་པ་ཡང་མེད་པས་སོ། །ས་ལྔ་པར་ཞེས་བྱ་བ་ནི་ས་དང་པོ་ནས་ལྔ་པའི་བར་རོ། །མངོན་དུ་གྱུར་པའི་ཞེས་ངེས་ཚིག་བསྟན་པར་བྱ་བའི་ཕྱིར། ལམ་གྱི་ བདེན་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། ལམ་གྱི་བདེན་པ་ཞེས་བྱ་བ་ནི་ཤེས་པ་དང་ཤེས་བྱ་མི་དམིགས་པའི་མཚན་ཉིད་ཅན་ནོ། །དམིགས་པ་ཞེས་བྱ་བ་ནི་མངོན་དུ་གྱུར་པའོ། །རྫོགས་པའི་སངས་རྒྱས་ཀྱི་ཆོས་ལ་མངོན་དུ་ཕྱོགས་པའི་ཕྱིར་དང་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེས་ན་ལམ་ ལ་མངོན་དུ་ཕྱོགས་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ལ་མངོན་དུ་ཕྱོགས་པའི་ཕྱིར། ས་འདི་ལ་མངོན་དུ་ཕྱོགས་པས་ཞེས་བྱའོ། །ད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཙོ་བོ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། ད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལས་གཞན་པའི་ཡོན་ ཏན་གྱི་ཚོགས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གཞན་པའི་སྦྱིན་པ་ལ་སོགས་པ་རྣམས་སོ། །དེ་རྣམས་ཉིད་ཚོགས་ཏེ། རྣམ་པ་མང་པོ་ཡིན་པས་སོ། །དེ་བཞིན་ཞེས་པ་ནི་སྐྱེས་བུ་མིག་དང་ལྡན་པས་ལོང་བའི་ཚོགས་རྣམས་འགྲོ་བར་འདོད་པའི་ཡུལ་དུ་ཁྲིད་པ་དེ་བཞིན་ དུའོ། །ཡོན་ཏན་ཞེས་བྱ་བ་ནི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་ལ་སོགས་པའོ། །དེ་རྣམས་ཀྱང་ཡིན་ཏེ། ཐར་པ་དོན་དུ་གཉེར་བ་རྣམས་ཀྱིས་གོམས་པར་བྱ་བ་ཡིན་པས་སོ། །རྒྱལ་ཉིད་འགྲོ་ཞེས་བྱ་བ་ནི་སངས་རྒྱས་ཉིད་ཐོབ་པར་བྱེད་པའོ། །དེ་ཉིད་འགྲེལ་པས་བསྟན་ པར་བྱ་བའི་ཕྱིར། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་རྣམས་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཅན་གྱི་ཡོན་ཏན་རྣམས་སོ་ཞེས་པའི་དོན་ཏོ། །ཡང་དག་པའི་ལམ་དང་ལམ་མ་ཡིན་པ་མཐོང་བའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཤེས་རབ་རྣམ་པར་ དཔྱོད་པའི་རང་བཞིན་ཅན་ཡིན་ལ། རྣམ་པར་དཔྱོད་པ་ཡང་དངོས་པོའི་དེ་ཁོ་ན་ཉིད་རྟོགས་པ་ཡིན་པས་དེའི་སྟོབས་ཀྱིས་དམིགས་པ་དང་བཅས་པའི་སྦྱིན་པ་ལ་སོགས་པ་ལ་ལམ་མ་ཡིན་པའི་རང་བཞིན་ཉིད་དུ་མཐོང་བ་ཡིན་ལ། མི་དམིགས་པའི་སྦྱོར་བས་ལམ་གྱི་རང་བཞིན་ཉིད་དུ་མཐོང་བ་ཡིན་པའི་ ཕྱིར་ཤེས་རབ་ལམ་དང་ལམ་མ་ཡིན་པ་མཐོང་བའི་རང་བཞིན་ཅན་ནོ། །དེ་ནི་ཐབས་གང་གིས་ཤེས་རབ་སྐྱེ་བ་དེ་བསྟན་པར་བྱ་བའི་ཕྱིར། འདིར་སྨྲས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་རང་ཉིད་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོ་ཉིད་ཡོངས་སུ་ཤེས་པར་འགྱུར་རམ། འོན་ཏེ་ རང་བཞིན་ཉིད་ཀྱིས་ལུས་ངག་གི་རྗེས་སུ་འབྲངས་ནས་སམ། འོན་ཏེ་སྐྱེས་བུ་ཁྱད་པར་ཅན་གྱིས་བྱས་པའི་ལུང་ཕྱིན་ཅི་མ་ལོག་པར་སྟོན་པའི་བསྟན་བཅོས་མཐོང་ནས་ཡོངས་སུ་ཤེས་པར་འགྱུར་ཞེ་ནའོ། །དེ་ལ་ལན་ནི་རང་ཉིད་ཀྱིས་ནི་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར་བཤད་པ་ཞེས་བྱ་བ་ལ་སོགས་པ་ ལ་དེའི་རང་གི་ངོ་བོ་ནི་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོའི་རང་གི་ངོ་བོ་ཉིད་དོ། །མ་རིག་པའི་ལིང་ཏོག་མཐུག་པོས་བློའི་མིག་མ་ལུས་པར་གཡོགས་པ་ཞེས་བྱ་བ་ནི་མ་རིག་པ་ནི་མི་ཤེས་པའོ། །དེ་ཉིད་ལིང་ཏོག་སྟེ། དངོས་པོའི་དེ་ཁོ་ན་ཉིད་མཐོང་བ་ལ་གེགས་བྱེད་པའི་ཕྱིར་རོ། །དེ་ཡང་ མཐུག་པོ་ཉིད་ཡིན་ཏེ། ཐོག་མ་མེད་པའི་དུས་ནས་གོམས་པ་ཡིན་པས་སོ། །དེ་ཡིས་བློའི་མིག་མ་ལུས་པར་གཡོགས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །མ་ལུས་པ་ཞེས་སྨོས་པ་ནི་སོ་སོའི་སྐྱེ་བོ་རྣམས་ཀྱིས་རྣམ་པ་ཐམས་ཅད་དུ་མཐོང་བའི་ཡུལ་དུ་མི་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །འོ་ན་ གང་གིས་མཐོང་བའི་ཡུལ་དུ་འགྱུར་ཞེ་ན། དྲུག་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དྲུག་པ་ལ་སོགས་པ་གོང་མ་ལ་གནས་པའི་ཞེས་བྱ་བ་ནི་ས་དྲུག་པ་ནས་བརྩམས་ཏེ། ས་བཅུ་པའི་བར་ལ་གནས་པ་རྣམས་སོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོ་ཉིད་རྟོགས་པ་དང་པོ་ནས་ཡོད་དུ་ ཟིན་ཀྱང་ས་དང་པོ་ལ་སོགས་པ་རྣམས་ནི་སྦྱིན་པ་ལ་སོགས་པ་ལྷག་པ་ཡིན་པས་དེ་རྣམས་ནི་ཤེས་རབ་རབ་ཏུ་སོན་པ་མེད་པས་དེ་རྣམས་སུ་རྣམ་པར་གཞག་པ་མ་བྱས་པ་ཡིན་ནོ། །གང་དག་ཅེས་བྱ་བ་ལ་སོགས་པ་སྟོང་པ་ཉིད་ཕྱིན་ཅི་མ་ལོག་པ་མཐོང་བའི་མིག་ལྟ་བུ་ཞེ་ན། མ་རིག་པའི་ལིང་ཏོག་འཇོམས་པས་ཞེས་བྱ་བ་ལ། རབ་རིབ་ནི་གང་གིས་སྐྲ་ཤད་དང་། སྦྲང་བུ་མཆུ་རིངས་དང་། སྦྲང་བུ་ལ་སོགས་པའི་རྣམ་འགྱུར་གང་ཡིན་པའོ། །དེ་ཉིད་ལིང་ཏོག་སྟེ། མིག་འགེབས་པར་བྱེད་པས་སོ། །དེ་འཇོམས་པ་སྟེ། སེལ་བར་བྱེད་པའོ། །དེས་ན་རང་ ཉིད་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བའི་ཟབ་མོ་ཉིད་ཁོང་དུ་ཆུད་པར་རིགས་པ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ད་ནི་རང་དགར་ལུས་ངག་གི་རྗེས་སུ་འབྲངས་ནས་དེ་ཁོ་ན་ཉིད་ཁོང་དུ་ཆུད་པ་ཡང་རིགས་པ་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར་རྒོལ་བ་ནི། གལ་ཏེ་ཞེས་བྱ་བ་ལ་སོགས་པ་ གསུངས་ཏེ་གོ་སླའོ། །དེ་ལ་ལན་ནི་དེ་ཡང་ཡོད་པ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུང་གི་དགོངས་པ་ངེས་པར་དཀའ་བའི་ཕྱིར་ཞེས་པ་ནི་གང་གི་ལུང་ལས་གསུངས་པའི་དོན་གང་ཡིན་པ་དེ་སོ་སོའི་སྐྱེ་བོས་ཉམས་སུ་མྱོང་བ་མ་ཡིན་པས་ལུང་གི་དགོངས་པ་ངེས་པར་དཀའ་བའོ། ། གལ་ཏེ་ལུང་གི་རྗེས་སུ་འབྲངས་པས་དེ་ཁོ་ན་ཉིད་མི་རྟོགས་ན། འོ་ན་ཅི་ཡང་མི་སྨྲ་བར་འདུག་ཅིང་ཞེ་ན། དེ་ཉིད་ཀྱི་ཕྱིར། རང་དབང་ཉིད་ཀྱི་དབང་དུ་བྱས་ནས་དེ་སྐད་དུ་བརྗོད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་ཚད་མར་གྱུར་པའི་སྐྱེས་བུས་བྱས་པའི་བསྟན་བཅོས་ལུང་ཕྱིན་ཅི་མ་ལོག་པར་འཆད་ པར་མཐོང་བ་མེད་ན་རང་དབང་ཉིད་ཀྱི་ལུང་གི་དགོངས་པ་ངེས་པར་དཀའ་བ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །ད་ནི་ཚད་མར་གྱུར་པའི་སྐྱེས་བུས་བྱས་པའི་བསྟན་བཅོས་ལུང་ཕྱིན་ཅི་མ་ལོག་པར་འཆད་པ་མཐོང་བ་ལས་ལུང་གི་དགོངས་པ་ཕྱིན་ཅི་མ་ལོག་པར་ངེས་པ་ཡིན་ནོ་ཞེས་རང་ཉིད་བཞེད་པའི་ཕྱོགས་སྟོན་པ་ནི། ཚད་མར་གྱུར་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚད་མར་གྱུར་པ་ཡང་ཡིན་ལ། སྐྱེས་བུ་ཡང་ཡིན་པས་ན་ཚད་མར་གྱུར་པའི་སྐྱེས་བུ་སྟེ། འཕགས་པ་ཀླུ་སྒྲུབ་ཞབས་ལ་སོགས་པའོ། །དེ་རྣམས་ཀྱིས་བྱས་པའི་བསྟན་བཅོས་ཏེ། དབུ་མ་ལ་རྩ་བའི་ཤེས་རབ་ལ་སོགས་པའོ། །དེ་ཡང་ཅི་ལྟ་ བུ་ཞེ་ན། ལུང་ཕྱིན་ཅི་མ་ལོག་པར་འཆད་པའོ། །དེ་མཐོང་བ་ནི་རྣ་བའི་རྣམ་པར་ཤེས་པས་ཐོས་པ་སྟེ། མཐོང་བའི་དོན་ཐོས་པ་ལ་བྱའོ། །ལུང་གི་དགོངས་པ་ངེས་པ་ནི་དེའི་སྒོ་ནས་ལུང་གི་དགོངས་པ་ངེས་པའོ། །འདིའི་དོན་ནི་འདི་ཡིན་ཏེ། ཁོ་བོ་དང་འདྲ་བ་རྣམས་ཀྱིས་ལུང་གི་དགོངས་ པ་ངེས་པར་དཀའ་བ་ཡིན་གྱི། འོན་ཀྱང་སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱིས་དེ་ཁོ་ན་ཉིད་དངོས་སུ་གཟིགས་པ་ཡིན་པས་དེས་མཛད་པའི་བསྟན་བཅོས་ཀྱི་སྒོ་ནས་ལུང་གི་དགོངས་པ་ཤེས་པ་ཡིན་ནོ་ཞེས་པའི་ཐ་ཚིག་གོ། །ཆོས་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པའོ། །ཟབ་མོ་ནི་སྟོང་པ་ཉིད་ཀྱི་རང་ བཞིན་ཅན་ནོ། །རིགས་པ་ཞེས་བྱ་བ་ནི་དབུ་མ་རྩ་བའི་ཤེས་རབ་ལ་སོགས་པ་གསུངས་པ་ལས་སོ། །འཕགས་པ་ཀླུ་སྒྲུབ་གཞུང་ལུགས་ལས་ཞེས་བྱ་བ་ནི་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་བཞེད་པའི་དབང་དུ་བྱས་ནས་སོ། །ཇི་ལྟར་གནས་པའི་ལུགས་བཞིན་བརྗོད་པར་བྱ་ཞེས་བྱ་བ་ནི་དབུ་ མ་རྩ་བའི་ཤེས་རབ་ལ་སོགས་པར་ཅི་ལྟར་རྣམ་གཞག་བྱས་པ་དེ་ལྟར་བརྗོད་པར་བྱ་ཞེས་པའི་ཐ་ཚིག་གོ། །ཅི་ལྟ་བ་ཉིད་ཅེས་བྱ་བ་ནི་ཆོས་རྣམས་ཀྱི་རང་བཞིན་གང་ཡིན་པའོ། །ཆོས་རྣམས་ཀྱི་ཡང་དག་པའི་ལྟ་བ་ཉིད་ཅེས་བྱ་བ་ནི་སྟོང་པ་ཉིད་དོ། །ཅི་ལྟར་གནས་པ་བཞིན་དུ་བརྗོད་པར་བྱའོ་ཞེས་བྱ་བ་ ནི་ཕྱིན་ཅི་མ་ལོག་པར་བརྗོད་པར་བྱའོ་ཞེས་པའི་ཐ་ཚིག་གོ། །ལུང་ཕྱིན་ཅི་མ་ལོག་པར་ངེས་པ་ཞེས་བྱ་བ་ནི་གལ་ཏེ་འཕགས་པ་ཀླུ་སྒྲུབ་ཞབས་ལ་དེ་ཁོ་ན་ཉིད་ཁོང་དུ་ཆུད་པ་ཡོད་ན། དེའི་ཚེ་ལུང་ཕྱིན་ཅི་མ་ལོག་པར་ངེས་པ་དེ་ལ་ཡོད་པ་ཉིད་དུ་འགྱུར་བ་ལས། དེ་ལ་དེ་ཁོ་ན་ཉིད་ཁོང་དུ་ཆུད་པ་ཡོད་དམ་མེད་ཐེ་ཚོམ་ ཟ་བས་ལུང་ཕྱིན་ཅི་མ་ལོག་པར་ངེས་པ་ཇི་ལྟར་ཡོད་ཅེ་ན། དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། ལུང་ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགེ་སློང་ཞེས་བྱ་བ་ནི་ཉོན་མོངས་པས་བཅོམ་པས་སོ། །དཔལ་དང་ལྡན་པ་ནི་བསོད་ནམས་ཀྱི་ཚོགས་དང་ལྡན་པས་སོ། །ཆེས་གྲགས་པ་ནི་ཕྱོགས་ བཅུར་གྲགས་པ་བསྒྲགས་པས་སོ། །ཀླུ་ཞེས་བྱ་བ་ནི་ཀླུ་སྒྲུབ་ཅེས་བྱ་སྟེ། དཔེར་ན་འཇིགས་སྡེ་ལ་འཇིགས་པ་ཞེས་བརྗོད་ལ། དེ་བཞིན་དུ་འཕགས་པ་ཀླུ་སྒྲུབ་ལ་ཀླུ་ཞེས་བརྗོད་པ་ལ་སྐྱོན་ཡོད་པ་མ་ཡིན་ནོ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ཞེས་བྱ་བ་ནི་ཡོད་པ་དང་མེད་པའི་ཕྱོགས་དག་བཀག་ནས་དབུ་ མའི་ཚུལ་ལ་གནས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །བླ་ན་མེད་པ་ནི་ཐེག་པ་ཆེན་པོ་སྟེ། དེ་ལས་མཆོག་ཏུ་གྱུར་པ་ཐེག་པ་གཞན་མེད་པས་སོ། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་དུ་མཛད་པའི་རབ་ཏུ་དགའ་བའི་ས་ཐོབ་ནས་ སོ་ཞེས་པའི་དོན་ཏོ། །ལུང་གཞན་བསྟན་པར་བྱ་བའི་ཕྱིར། །ཡང་འཕགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལིཙྪ་བཱི་ཞེས་བྱ་བ་ནི་རུས་སོ། །གཞོན་ནུ་ཞེས་བྱ་བ་ནི་ལོ་ཉུང་བས་སོ། །མཐར་གྱིས་ཞེས་བྱ་བ་ནི་དྲི་མ་མེད་པ་ལ་སོགས་པའི་སའི་རིམ་པས་སོ། །གལ་ཏེ་ལུང་ཇི་ལྟར་ ཚད་མ་ཡིན་ཏེ། འདི་ལྟར་ལུང་ཉེས་པ་ཟད་པས་བྱས་པ་ཡིན་པས་ན་ཚད་མར་འགྱུར་རམ། སྐྱེས་བུས་མ་བྱས་པ་ཡིན། དེ་ལ་ཕྱོགས་དང་པོ་ནི་མ་ཡིན་ཏེ། ཉེས་པ་ཟད་པ་ནི་འདོད་ཆགས་ལ་སོགས་པའི་ཉེས་པ་ཟད་པ་དང་། ཡང་དག་པའི་དོན་ཇི་ལྟ་བ་བཞིན་དུ་མཐོང་བ་དང་ལྡན་པ་དང་། བརྩེ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །དེས་བྱས་པ་ནི་ཉེས་པ་ཟད་པས་བྱས་པ་ཞེས་བརྗོད་པར་བྱ་བ་ཡིན་ལ། ཉེས་པ་ཟད་པས་བྱས་པ་ཡིན་པར་ངེས་པར་མི་ནུས་ཏེ། གང་གི་ཕྱིར་གཞན་གྱི་སེམས་ཤེས་པར་མི་ནུས་པ་དེའི་ཕྱིར་རོ། །འདི་ལྟར་གཞན་གྱི་སེམས་ཤེས་པ་ནི་ འབྲས་བུའི་སྒོ་ནས་ཡིན་ལ། ངོ་བོའི་སྒོ་ནས་ནི་མ་ཡིན་ཏེ། དེ་ཉིད་བསྒྲུབ་པར་བྱ་བ་ཡིན་པས་སོ། །ལུས་ཀྱི་བྱ་བ་ལ་སོགས་པའི་འབྲས་བུ་ཡང་སྐྱེས་བུའི་འདོད་པས་གཞན་དུ་བྱ་བར་ནུས་པ་ཡིན་ཏེ། འདོད་ཆགས་དང་བཅས་པ་རྣམས་འདོད་ཆགས་དང་བྲལ་བའི་བྱ་བ་བྱེད་པར་མཐོང་བ་ དང་། འདོད་ཆགས་དང་བྲལ་བ་རྣམས་འདོད་ཆགས་དང་བཅས་པ་བཞིན་དུ་བྱ་བ་བྱེད་པར་མཐོང་བས་དེའི་ཕྱིར་ཉེས་པ་ཟད་པ་ཉིད་ཀྱི་རྟགས་ངེས་པར་མི་ནུས་པས་ངེས་པར་དཀའ་བ་ཡིན་ནོ། །དེས་ན་ཉེས་པ་ཟད་པས་བྱས་པར་ངེས་པས་ལུང་ཉེས་པ་ཟད་པས་ཚད་མ་ཉིད་དུ་མ་གྲུབ་པོ། །སྐྱེས་བུས་མ་ བྱས་པའི་ལུང་ཡང་ཚད་མ་ཉིད་དུ་མི་འགྲུབ་སྟེ། འདི་ལྟར་སྐྱེས་བུས་མ་བྱས་པའི་ལུང་ཚད་མར་སྨྲ་བ་རྣམས་འདི་ལྟར་བརྗོད་པ་ཡིན་ཏེ། སྐྱེས་བུ་ནི་ཡོན་ཏན་དང་སྐྱོན་གྱི་རྟེན་དུ་གྱུར་པ་ཡིན་པས་དེའི་ཕྱིར་དེས་བྱས་པའི་ངག་རྣམས་ལ་ཕྱིན་ཅི་ལོག་གི་དོན་ཡང་སྲིད་ལ། བདེན་པའི་དོན་ཡང་སྲིད་པས། དེས་ ན་སྐྱེས་བུ་ལོག་པས་དོན་ཕྱིན་ཅི་ལོག་ཏུ་སྟོན་པའི་ཐེ་ཚོམ་ལྡོག་པས་སྐྱེས་བུས་མ་བྱས་པའི་ཚིག་ཚད་མར་འདོད་པ་ཡིན་ཞེས་པའོ། །དེ་ཡང་འཐད་པ་མ་ཡིན་ཏེ། གང་གི་ཕྱིར་ངག་རྣམས་ཀྱི་ཕྱིན་ཅི་ལོག་དང་། བདེན་པ་ཉིད་ཀྱི་རྟེན་དུ་གྱུར་པ་ཡོན་ཏན་དང་སྐྱོན་དང་ལྡན་པའི་སྐྱེས་བུ་ལོག་པས་ངན་མེད་པར་ ཐལ་བར་འགྱུར་ཏེ། བདེན་པ་ཉིད་དང་བརྫུན་པ་ཉིད་ལ་ཐ་དད་དུ་གྱུར་པའི་རྣམ་པ་གཞན་མེད་པས་སོ། །གཞན་ཡང་མགྲིན་པ་ལ་སོགས་པའི་གནས་དང་བྱེད་པས་སྒྲ་རྣམས་འབྱུང་བར་མཐོང་བའི་ཕྱིར་ཅི་ལྟར་ན་སྐྱེས་བུས་མ་བྱས་པ་ཡིན་པར་འགྱུར། གལ་ཏེ་གནས་དང་བྱེད་པ་ལ་སོགས་པས་སྒྲ་ གསལ་བར་བྱེད་པ་ཡིན་གྱི། སྐྱེད་པར་བྱེད་པ་ནི་མ་ཡིན་ནོ་ཞེ་ན། དེ་ཡང་མི་རིགས་ཏེ། གལ་ཏེ་གསལ་བར་བྱེད་ན་གསལ་བ་ཉིད་དེ་སྒྲ་རྣམས་ཀྱི་རང་བཞིན་ཁྱད་པར་ཅན་དུ་འགྱུར་བ་ཡིན་ནམ། སྒྲ་ལ་སྒྲིབ་པ་མེད་པར་འགྱུར་བ་འམ། འོན་ཏེ་ཤེས་པ་སྐྱེད་པར་བྱེད་པ་ཡིན་ཏེ། དེ་ལ་སྒྲ་རྣམས་ རང་བཞིན་གྱི་ཁྱད་པར་དུ་བྱེད་པ་ནི་མ་ཡིན་ཏེ། རྟག་པ་ཉིད་ཡིན་པས་སོ། །སྒྲིབ་པ་དང་བྲལ་བ་ཡང་ཡིན་ཏེ། རྟག་པ་ཉིད་ཡིན་པའི་ཕྱིར་སྒྲིབ་པས་སྒྲ་ལ་ཅུང་ཟད་ཀྱང་མ་བྱས་པ་ཡིན་པའི་ཕྱིར་རོ། །ཤེས་པ་ཡང་མ་ཡིན་ཏེ། རྟག་པའི་ཕྱིར་སྒྲ་རྣམས་རྒྱུན་དུ་ཤེས་པ་བསྐྱེད་པར་རུང་བ་ཡིན་པས་ སོ། །དེས་ན་གསལ་བར་བྱེད་པ་མི་འཐད་དོ། །དེས་ན་སྐྱེས་བུས་མ་བྱས་པ་ཉིད་དུ་མ་གྲུབ་པས་ལུང་ཚད་མ་ཇི་ལྟར་ཡིན་ཞེ་ན། དེ་ལ་ལན་ནི་ཅི་ལྟར་འཇིག་རྟེན་པའི་ཚིག་ཚད་མ་ཡིན་པ་དེ་བཞིན་དུ་ལུང་ཡང་ཚད་མ་ཡིན་ཏེ། འདི་ལྟར་འཇིག་རྟེན་ན་འབྲེལ་པ་དང་རྗེས་སུ་མཐུན་པའི་ཐབས་དང་ལྡན་པ་ དང་། སྐྱེས་བུའི་དོན་རྗོད་པར་བྱེད་པ་དང་། མི་སླུ་བའི་ཚིག་ནི་ཚད་མར་འདོད་པ་ཡིན་ནོ། །དེ་ལ་འབྲེལ་པ་ནི་གང་དུ་ཚིག་རྣམས་ཀྱི་ཡན་ལག་དང་། ཡན་ལག་ཅན་དུ་གྱུར་པས་བསྒྲུབ་པའམ། དགག་པའམ། བཏང་སྙོམས་ཀྱི་དོན་གཅིག་རྟོགས་པར་བྱེད་པ་གང་ཡིན་པའོ། །དེ་ལ་གང་མ་ འབྲེལ་པའི་ཚིག་དེ་ནི་ཚད་མ་མ་ཡིན་ཏེ། དཔེར་ན་སེའུ་བཅུ་སྒྱེད་པུ་གསུམ་ཞེས་བྱ་བ་ལ་སོགས་པ་ལྟ་བུ་སྟེ། འདི་རྣམས་དོན་གཅིག་ལ་ཉེ་བར་བསྡུ་བ་མེད་པ་ཡིན་ཏེ། ཕན་ཚུན་འབྲེལ་པ་མེད་པའི་ཕྱིར་རོ། །རྗེས་སུ་མཐུན་པའི་ཐབས་ནི་གང་འབྲས་བུ་སྒྲུབ་པའི་ཐབས་སྒྲུབ་པར་ནུས་པ་དེ་ལ་རྗེས་སུ་ མཐུན་པའི་ཐབས་ཞེས་བྱའོ། །དེ་ལྟ་བུའི་ཚིག་ནི་འཇིག་རྟེན་པས་ཚད་མ་ཉིད་དུ་ཁས་ལེན་གྱི། དེ་ལས་གཞན་པ་ནི་མ་ཡིན་ཏེ། དཔེར་ན་དུག་ཞི་བར་བྱ་བའི་ཕྱིར་འཇོག་པོའི་གཙུག་གི་ནོར་བུ་ལེན་པའི་བསྟན་བཅོས་བཞིན་ནོ། །དེ་ལྟར་གྱུར་པ་ཡིན་ཀྱང་གལ་ཏེ་སྐྱེས་བུའི་ དོན་བརྗོད་པ་མ་ཡིན་པར་གྱུར་ན་དེའི་ཚེ་ཚད་མ་མ་ཡིན་ཏེ། དཔེར་ན་བྱ་རོག་གི་སོ་རྟོག་པའི་བསྟན་བཅོས་བཞིན་ནོ། །དེ་དག་དེ་ལྟ་བུར་ཀྱང་རྟོག་དཔྱོད་བྱས་ནས་མི་སླུ་བ་ཡིན་ན་དེའི་ཚེ་ཚད་མ་ཡིན་གྱི། གཞན་དུ་ནི་མ་ཡིན་ཏེ། དཔེར་ན་མངོན་སུམ་དང་། རྗེས་སུ་དཔག་པ་དང་། ལུང་གིས་ གནོད་པའི་དོན་ལྟ་བུའོ། །མི་སླུ་བ་ཞེས་བྱ་བ་ནི་ཅི་ལྟ་བུ་ཞེ་ན། བརྗོད་པར་བྱ་སྟེ། འདིར་ཡུལ་གསུམ་སྟེ། མངོན་སུམ་དང་། ལྐོག་ཏུ་གྱུར་པ་དང་། ཤིན་ཏུ་ལྐོག་ཏུ་གྱུར་པའོ། །དེ་ལ་བསྟན་བཅོས་ལས་མངོན་སུམ་དུ་འདོད་པའི་དངོས་པོ་རྣམས་ལ་མངོན་སུམ་གྱི་ཡུལ་གྱི་དངོས་པོར་ གྱུར་པ་ཉིད་མངོན་སུམ་གྱིས་མི་གནོད་པ་ནི་མི་སླུ་བ་སྟེ། དཔེར་ན་སྔོན་པོ་ལ་སོགས་པ་བཞིན་ནོ། །དེ་བཞིན་དུ་མངོན་སུམ་ལ་སོགས་པ་མ་ཡིན་པར་འདོད་པའི་དངོས་པོ་རྣམས་མངོན་སུམ་མ་ཡིན་པ་ཉིད་དུ་གྲུབ་པས་མངོན་སུམ་གྱིས་མི་གནོད་པ་སྟེ། འདི་ལྟར་གང་གཞན་གྱི་མངོན་སུམ་པ་ཉིད་ དུ་བསྟན་པ་ཉིད་སངས་རྒྱས་པའི་གྲུབ་མཐའ་ལས་མངོན་སུམ་མ་ཡིན་པ་ལ། དེ་རྣམས་དཔྱད་ན་མངོན་སུམ་མ་ཡིན་པ་ཁོ་ན་ཡིན་ཏེ། དཔེར་ན་སྒྲ་ལ་གནས་པའི་རང་བཞིན་བདེ་བ་ལ་སོགས་པ་གང་ཡིན་པ་སྟེ། གང་གི་ཕྱིར་ནང་གི་བདག་ཉིད་ཁོ་ནར་དགའ་བ་དང་གདུང་བའི་རང་བཞིན་ཅན་གྱི་ བདེ་བ་དང་སྡུག་བསྔལ་ཉམས་སུ་མྱོང་བ་ཡིན་གྱི། སྒྲ་ལ་སོགས་པའི་བདེ་ལ་སོགས་པའི་བདེ་བ་དང་། སྡུག་བསྔལ་ཉམས་སུ་མྱོང་བ་མ་ཡིན་པས་སོ། །འདི་ནི་གྲངས་ཅན་པའི་འདོད་པའི་དབང་དུ་བྱས་ནས་བརྗོད་པ་ཡིན་ནོ། །བྱེ་བྲག་པའི་དབང་དུ་བྱས་ནས་ནི་རྫས་ལ་སོགས་པའི་མངོན་སུམ་མ་ ཡིན་པ་བཞིན་ནོ། །འདི་ལྟར་དེ་རྣམས་ཀྱི་ཆ་ཤས་ལས་ཐ་དད་དུ་གྱུར་པའི་ཆ་ཤས་ལས་འདུ་བའི་ཆ་ཤས་ཅན་ཁས་ལེན་པ་དང་། ལས་ཀྱང་འདེགས་པ་དང་། འཇོག་པ་དང་། འགྲོ་བ་དང་། འོང་བ་དང་། བསྐུམ་པ་ལ་སོགས་པས་རྫས་ལ་ཐ་དད་དུ་གྱུར་པའི་མངོན་སུམ་དུ་འདོད་པ་དང་། ཡོད་པ་ ཉིད་ལ་སོགས་པའི་སྤྱི་རྫས་ལས་ཐ་དད་པའི་མངོན་སུམ་པ་ཉིད་དུ་འདོད་པ་ཡིན་ནོ། །དེ་རྣམས་ནི་མངོན་སུམ་མ་ཡིན་པ་སྟེ། གང་ཟག་གི་ཕྱིར་གཟུགས་ལ་སོགས་པ་ལས་ཐ་དད་དུ་གྱུར་པའི་རྫས་ལ་སོགས་པ་གཞན་མངོན་སུམ་པ་ཡོད་པ་མ་ཡིན་ཏེ། དེ་ལས་ཐ་དད་དུ་གྱུར་པ་མ་དམིགས་པའི་ཕྱིར་ རོ། །དེ་ལྟར་མཐོང་བའི་དངོས་པོ་རྣམས་ལ་མི་སླུ་བ་ཉིད་ཤེས་པར་བྱའོ། །དེ་བཞིན་དུ་རྗེས་དཔག་གི་ཡུལ་ལྐོག་ཏུ་གྱུར་པའི་དངོས་པོ་རྣམས་ལ་རྗེས་དཔག་གིས་དེ་ཁོ་ན་བཞིན་དུ་གྲུབ་པ་ནི་མི་སླུ་བ་སྟེ། དཔེར་ན་མི་རྟག་པ་ལ་སོགས་པའོ། །རྗེས་སུ་དཔག་པར་བྱ་བ་མ་ཡིན་པ་རྗེས་སུ་དཔག་པར་བྱ་བ་ མ་ཡིན་པ་ཉིད་དུ་གྲུབ་པས་རྗེས་སུ་དཔག་པས་མི་གནོད་པ་ནི་མི་སླུ་བ་སྟེ། དཔེར་ན་གཙོ་བོ་དང་། དབང་ཕྱུག་ལ་སོགས་པ་བཞིན་ནོ། །དེ་རྣམས་ཀྱི་རང་བཞིན་དུ་གྱུར་པའི་ཆོས་ནི་རྟག་པ་མ་ཡིན་ཏེ། དེའི་རང་བཞིན་ཉིད་བསྒྲུབ་པར་བྱ་བ་ཡིན་པས་སོ། །འབྲས་བུར་གྱུར་པ་ཡང་མ་ཡིན་ཏེ། རྟག་པ་ལ་ འབྲས་བུ་ཡོད་པ་མ་ཡིན་པས་སོ། །དེ་དེ་ལྐོག་ཏུ་གྱུར་པའི་དངོས་པོ་ལ་རྗེས་སུ་དཔག་པས་མི་གནོད་པས་མི་སླུ་བ་ཡིན་ནོ། །དེ་བཞིན་དུ་ལྐོག་ཏུ་གྱུར་པའི་དངོས་པོ་ལ་ལུང་གི་སྟོབས་ཀྱིས་འཇུག་པའི་རྗེས་སུ་དཔག་པས་མི་གནོད་པ་ནི་སླུ་བ་ཡིན་ཏེ། འདི་ལྟར་དངོས་པོའི་སྟོབས་ཀྱིས་འཇུག་པའི་ཚད་མ་གཉིས་ ཀྱི་ཡུལ་རྣམ་པར་དག་པའི་ཕྱིས་ཀྱི་ཕྱིས་ཚད་མར་ཁས་བླངས་པའི་བསྟན་བཅོས་ཀྱི་རྣམ་པར་གཞག་པའི་ཆོས་ཅན་ལ་སྔ་ཕྱིའི་འགལ་བ་ཡོད་མེད་དཔྱད་པས་གང་གི་ཚེ་བསམ་པའི་ཁྱད་པར་ཅན་འཇུག་ན་དེའི་ཚེ་ལུང་ལ་བརྟེན་པའི་རྗེས་སུ་དཔག་པས་མི་གནོད་པར་འགྱུར་བ་ཡིན་ནོ། །དེ་ལྟ་བུའི་རྗེས་སུ་དཔག་ པ་ཤིན་ཏུ་ལྐོག་ཏུ་གྱུར་པའི་དངོས་པོ་ལ་གནོད་པ་མེད་ན་མི་སླུ་བ་སྟེ། དཔེར་ན་འདོད་ཆགས་ལ་སོགས་པའི་རང་བཞིན་ཅན་དང་། དེ་ལས་བྱུང་བའི་ཆོས་མ་ཡིན་པ་ཁས་བླངས་ན་དེ་སྤང་བའི་དོན་དུ་སྦྱིན་སྲེག་ལ་སོགས་པ་མི་སྟོན་པ་གང་ཡིན་པ་དེ་ནི་རྗེས་སུ་དཔག་པས་མི་གནོད་པ་ཡིན་ཏེ། འདི་ལྟར་མུ་སྟེགས་ པས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། དེ་ལས་བྱུང་བའི་ལུས་དང་ངག་གི་ལས་ཆོས་མ་ཡིན་པར་བརྗོད་ལ། དེ་སྤང་བའི་ཕྱིར་རྟེན་ལ་ཁྲུས་བྱས་པ་དང་། སྦྱིན་སྲེག་དང་། སྨྱུང་བར་གནས་པ་ལ་སོགས་པ་བྱེད་པ་ཡིན་ནོ། །དེ་ལྟར་མི་བརྗོད་པ་གང་ཡིན་པ་དེ་ནི་མི་སླུ་བ་སྟེ། འདི་ ལྟར་ཁྲུས་བྱེད་པ་ལ་སོགས་པས་སྡིག་པ་སེལ་བར་མི་འགྱུར་ཏེ། འདོད་ཆགས་ལ་སོགས་པའི་སྡིག་པ་དང་འགལ་བ་མེད་པས་སོ། །གང་དང་གང་རྒྱུ་ལ་གནོད་པར་མི་འགྱུར་ཏེ། དེའི་གནོད་པར་བྱེད་པ་མ་ཡིན་ཏེ། དཔེར་ན་མངར་བ་དང་། བསིལ་བ་དང་། སྣུམ་པའི་རྫས་ རྣམས་བད་ཀན་གྱི་ནད་ལ་མི་གནོད་པ་བཞིན་དུ་ཁྲུས་བྱེད་པ་ལ་སོགས་པས་ཀྱང་སྡིག་པའི་རྒྱུ་རྣམས་ལ་གནོད་པ་མ་ཡིན་ཏེ། དེས་ཕྱིའི་དྲི་མ་ཁོ་ན་དག་པར་འགྱུར་གྱི། ནང་གི་འདོད་ཆགས་ལ་སོགས་པ་ནི་མ་ཡིན་ནོ། །དེ་ལྟར་ལུང་གང་ལ་ཡུལ་ཡོངས་སུ་དག་པ་ཡོད་པ་དེ་ནི་མི་སླུ་བ་ཡིན་པས་འཇིག་ རྟེན་པའི་རྗེས་སུ་འབྲངས་ནས་ཚད་མ་ཡིན་ཏེ། འཇིག་རྟེན་པས་ཡུལ་ཡོངས་སུ་དག་པའི་ཚིག་ཁོ་ན་ཚད་མར་འདོད་པས་སོ། །དེ་ལྟར་ལུང་ཚད་མར་ཁས་བླངས་པས་འཕགས་པ་ཀླུ་སྒྲུབ་ཞབས་ལུང་བསྟན་པ་བདེན་པ་ཉིད་དུ་ངེས་པས་དེས་མཛད་པའི་བསྟན་བཅོས་ལུང་ཕྱིན་ཅི་མ་ལོག་པར་འཆད་པ་ མཐོང་བའི་སྒོ་ནས་དེ་ཁོ་ན་ཉིད་ངེས་པ་ནི་རིགས་པ་ཉིད་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྣམ་འགྲེལ་ལས། །འབྲེལ་བ་དང་ནི་རྗེས་མཐུན་ཐབས། །སྐྱེས་བུའི་དོན་ནི་རྗོད་པར་བྱེད། །ངག་དེ་དཔྱད་པར་འོས་པ་ཡིན། །དེ་ལས་གཞན་པ་དཔྱད་འོས་མིན། །མངོན་སུམ་དང་ནི་རྗེས་སུ་དཔག །རྣམ་པ་གཉིས་ ཀྱིས་མི་གནོད་པ། །མཐོང་དང་མ་མཐོང་དོན་དག་ལ། །དོན་དེ་ལ་ནི་སླུ་མ་ཡིན། །ཞེས་གསུངས་ཏེ། ཅི་ལྟར་ཉེས་པ་ཟད་པའི་ཚིག་ཡོངས་སུ་གཅོད་པར་ནུས་པ་མངོན་སུམ་དང་། རྗེས་སུ་དཔག་པས་རྟོགས་པར་བྱ་བའི་དོན་ལ་མི་སླུ་བ་དེ་བཞིན་དུ་ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་ལ་ཡང་ཉེས་པ་ཟད་པའི་ ཚིག་མི་སླུ་བ་ཡིན་ནོ། །དེས་ན་ཉེས་པ་ཟད་པའི་མཚན་ཉིད་ཅན་གྱི་རྟགས་ཀྱིས་ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་ལ་ཡང་སྐྱེ་བའི་བློས་ཡང་རྗེས་སུ་དཔག་པ་ཉིད་ཡིན་ནོ། །འཇིག་རྟེན་པའི་ཚད་མའི་རྣམ་པ་དེ་ལྟ་བུ་ཡིན་ཏེ། འདི་ལྟར་གང་ཅི་ལྟར་བསྟན་པའི་ལུང་གི་ཁྱད་པར་ལ་བརྟེན་ནས་རྟོགས་པ་དེ་ནི་མི་སླུ་བ་ ཡིན་ཏེ། དཔེར་ན་མངོན་སུམ་དང་རྗེས་སུ་དཔག་པས་རྟོགས་པར་བྱ་བའི་དོན་རྟོགས་པ་བཞིན་ནོ། །ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་ལ་ཡང་ཅི་ལྟར་བསྟན་པའི་ལུང་གི་ཁྱད་པར་ལ་བརྟེན་པའི་རྟོགས་པ་ཡིན་ནོ་ཞེས་པའི་རིགས་པས་ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་ལ་ལུང་ཚད་མ་ཡིན་ནོ། །མངོན་སུམ་དང་རྗེས་སུ་ དཔག་པས་རྟོགས་པར་བྱ་བའི་གནས་གཉིས་གང་གིས་གསུངས་པ་དེ་ཉིད་ཀྱིས་གནས་གསུམ་པ་གསུངས་སོ་ཞེས་པ་དེ་ལ་ངེས་པ་ག་ལ་ཡོད། དེས་ན་ཅི་སྐད་གསུངས་པའི་ལུང་གི་ཁྱད་པར་ལ་བརྟེན་ནས་ཞེས་པའི་གཏན་ཚིགས་དེ་ལ་ངེས་པ་ཡིན་ནོ་ཞེ་ན། སྐྱོན་འདི་ཡོད་པ་མ་ཡིན་ཏེ། གང་སྟོན་ པ་དང་ཉེ་བའི་ཉན་པ་པོ་དེ་རྣམས་ཀྱིས་གནས་གསུམ་ཀ་སྟོན་པ་པོ་གཅིག་གིས་བསྟན་པས་མངོན་སུམ་ཁོ་ནས་རྟོགས་པར་འགྱུར་གྱི། དེ་རྣམས་ལ་ཐེ་ཚོམ་ཡོད་པ་ནི་མ་ཡིན་ནོ། །ད་ལྟར་གྱི་ཉན་པ་པོ་རྣམས་ཀྱིས་ནི་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཉེས་པ་ཟད་པའི་ཚིག་གི་མཚན་ཉིད་ཀྱིས་སོ། ། དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་གང་མདོ་སྡེ་ལ་སོགས་པ་ལ་འཇུག་པ་དང་། འདུ་བྱེད་ཐམས་ཅད་སྐད་ཅིག་མ། ཆོས་ཐམས་ཅད་བདག་མེད་པ། མྱ་ངན་ལས་འདས་པ་ཐམས་ཅད་ཞི་བའོ། །ཞེས་ཆོས་ཉིད་རྣམ་པ་གསུམ་དང་འགལ་བར་མི་བྱེད་པ་སྟེ། ང་འདས་ཀྱང་ཁྱེད་རྣམས་ཀྱིས་སངས་ རྒྱས་ཀྱིས་གསུངས་པ་ཡིན་ནོ་ཞེས་གཟུང་བར་བྱའོ། །གནས་གསུམ་པ་ཡང་ཆོས་ཉིད་དང་མི་འགལ་བར་གནས་པ་ཡིན་ནོ། །ཀུན་རྫོབ་ཏུ་སྐད་ཅིག་མ་དང་བདག་མེད་པ་དང་ལྡན་པར་གནས་གསུམ་བསྟན་པ་ཡིན་པས་སོ། །ཆོས་ཉིད་དང་འགལ་བ་ནི་ཉེས་པ་ཟད་པས་གསུངས་པ་ཉིད་དུ་ཁས་མི་ལེན་པས་ སོ། །གལ་ཏེ་ཉེས་པ་ཟད་པའི་ཚིག་གི་མཚན་ཉིད་འདི་ཉིད་ཀྱང་ཉེས་པ་ཟད་པས་གསུངས་པ་ཡིན་ནོ་ཞེས་གང་ལ་ངེས་ཤེ་ན། རིགས་པ་ཡིན་པས་སོ། །གང་ཐམས་ཅད་དུ་རིགས་པ་བརྗོད་པ་དེ་ཉིད་ཉེས་པ་ཟད་པ་ཡིན་ནོ་ཞེས་པ་ནི་ཞར་ལ་འོངས་པས་ཆོག་གོ། །དེ་ལྟར་ལུང་ཚད་མ་ཉིད་དུ་གྲུབ་པས་འཕགས་པ་ ཀླུ་སྒྲུབ་ཞབས་ལུང་བསྟན་པ་བདེན་པ་ཉིད་དུ་ངེས་པས་དེས་གསུངས་པའི་ལུང་འཆད་པ་ཕྱིན་ཅི་མ་ལོག་པའི་བསྟན་བཅོས་ཀྱི་སྒོ་ནས་དེ་ཁོ་ན་ཉིད་ངེས་པར་རིགས་པ་ཡིན་ནོ། །ཡང་ན་གཙོ་བོའི་དོན་སྟོང་པ་ཉིད་ལ་མངོན་སུམ་དང་རྗེས་སུ་དཔག་པས་མི་གནོད་པའི་མཚན་ཉིད་ཅན་མི་སླུ་བས་ཤིན་ཏུ་ལྐོག་ཏུ་གྱུར་པ་ གཞན་ལ་ཡང་མི་སླུ་བའི་ཕྱིར་ལུང་ཚད་མ་ཉིད་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གཙོ་བོའི་དོན་ལ་མི་སླུ་བས་རྗེས་སུ་དཔག་པ་གཞན་ལའང་ཞེས་གསུངས་པ་ཡིན་ཏེ། ལུང་མི་སླུ་བ་ཉིད་དུ་གྲུབ་པས་གང་གིས་གསུངས་པ་དེ་ཡང་ཚད་མ་ཉིད་དུ་གྲུབ་པ་ཡིན་ནོ། །དེ་ལྟར་ཐབས་གང་གིས་ཤེས་རབ་སྐྱེ་བ་དེ་བསྟན་ཟིན་ཏོ། ། ད་ནི་སྟོང་པ་ཉིད་སྟོན་པའི་སྣོད་བསྟན་པར་བྱ་བའི་ཕྱིར། རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འབྲས་བུ་ཅན་གྱི་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་དག་པ་ཅི་ལྟ་བ་ནི་སྐྱེ་བ་མེད་པ་ཡིན་པས་དེ་སྟོན་པ་ནི་ཁོང་དུ་ཆུད་པའི་འབྲས་བུ་གང་ལ་ཡོད་པ་དེ་ལ་དེ་ སྐད་ཅེས་བྱའོ། །སྔར་གོམས་པས་རྒྱུད་ལ་སྟོང་པ་ཉིད་ཀྱི་ས་བོན་སྟོང་པ་ཉིད་ལ་ལྷག་པར་མོས་པའི་རྒྱུ་གང་གི་རྒྱུད་ལ་ཡོད་པ་དེ་ཉིད་ལ་བསྟན་བཅོས་བསྟན་པར་བྱ་བ་ཡིན་ཏེ། དེ་རྣམས་སྐྱེ་བ་གཞན་དུ་གོམས་པས་མྱུར་དུ་སྟོང་པ་ཉིད་ལ་ལྷག་པར་མོས་པ་སྐྱེ་བ་ཡིན་པས་སོ། །གཞན་དག་ནི་མ་ཡིན་ཏེ། ཞེས་བྱ་བས་ནི་གང་སྔར་གོམས་པས་རྒྱུད་ལ་སྟོང་པ་ཉིད་ཀྱི་ས་བོན་མ་བཞག་པ་དེ་རྣམས་ལ་བསྟན་པར་བྱ་བ་མ་ཡིན་ནོ། །གལ་ཏེ་གཞན་དག་ལ་སྟོང་པ་ཉིད་སྟོན་པར་བྱེད་པའི་བསྟན་བཅོས་ཅིའི་ཕྱིར་མི་སྟོན་ཅེ་ན། དེའི་ཕྱིར་དེ་དག་སྟོང་པ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་ཅེས་བྱ་ བ་ནི་གཞན་རྣམས་ལས་སོ། །དེ་ལོག་པར་ཞུགས་པའི་བསམ་པ་དང་ལྡན་པ་ཞེས་བྱ་བ་ནི་དམིགས་པར་གྱུར་པའི་དངོས་པོ་རྣམས་སྟོང་པ་ཉིད་ཅི་ལྟར་ཡིན་སྙམ་དུ་དངོས་པོ་ལ་དམིགས་པའི་སྒོ་ནས་སྟོང་པ་ཉིད་ལ་གཤེ་བའི་བསམ་པས་སོ། །ཡང་ན་དངོས་པོ་ཆད་པའི་རང་བཞིན་ཅན་སྟོང་པ་ཉིད་ཡིན་པར་ རྟོགས་ནས་གདོད་ནས་སྐྱེ་བ་མེད་པའི་སྟོང་པ་ཉིད་ལ་གཤེ་བའི་བསམ་པ་ཡོད་པས་སོ། །དོན་མ་ཡིན་པ་ཆེན་པོ་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བ་ནི་དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་དོན་མ་ཤེས་པས་དམ་པའི་ཆོས་ཀྱིས་ཕོངས་པའི་ལམ་གྱིས་ངེས་པར་ངན་སོང་དུ་འགྲོ་བར་འགྱུར་བ་ཡིན་པས་སོ། །དེ་ཉིད་རྒྱས་ པར་བསྟན་པར་བྱ་བའི་ཕྱིར། རེས་འགའ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་མཁས་པས་ཞེས་བྱ་བ་ནི་སྟོང་པ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་པས་སོ། །སྟོང་པ་ཉིད་སྤངས་ནས་ཞེས་བྱ་བ་ནི་དངོས་པོ་ལ་མངོན་པར་ཞེན་པའི་སྒོ་ནས་སོ། །སྟོང་པ་ཉིད་ཀྱི་དོན་ནི་མེད་པ་ཡིན་ནོ་ཞེས་བྱ་བ་ ནི་རྒྱུ་དང་འབྲས་བུ་ལ་སྐུར་པ་འདེབས་པ་ནི་སྟོང་པ་ཉིད་ཀྱི་དོན་ཡིན་ནོ་སྙམ་ནས་ཕྱིན་ཅི་ལོག་ཏུ་ངེས་པས་སོ། །དངོས་པོ་ཐམས་ཅད་ལ་སྐུར་པ་འདེབས་པ་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུ་ལ་སོགས་པ་ལ་སྐུར་པ་འདེབས་པས་སོ། །དེ་ཉིད་ཀྱི་ཕྱིར་རྩ་བའི་ཤེས་རབ་ལས། གཟུང་བར་དཀའ་བའི་སྦྲུལ་དང་ནི། ། ལེགས་པར་མ་བསྒྲུབས་རིག་སྔགས་བཞིན། །སྟོང་ཉིད་ལོག་པར་རྟོགས་པ་ཡིས། །བློ་གྲོས་དམན་པ་རླག་པར་བྱེད། །ཆོས་འདི་བློ་གྲོས་དམན་པ་ཡིས། །རྟོགས་པར་དཀའ་བ་མཁྱེན་ནས་སུ། །དེ་བས་ཐུབ་པས་ཆོས་ཀྱི་ཕྱིར། །ཐུགས་ནི་བཏང་སྙོམས་མཛད་པ་ཡིན། །ཞེས་ གསུངས་སོ། །ལྷག་པར་མོས་པའི་ཁྱད་པར་ངེས་པར་བྱས་ཏེ་ཞེས་བྱ་བ་ནི་སྟོང་པ་ཉིད་ལ་མོས་པའི་ཁྱད་པར་ངེས་པར་མཛད་དེ་ཞེས་པའི་དོན་ཏོ། །ངེས་པར་དཀའ་བ་ཞེས་བྱ་བ་ནི་གཞན་གྱི་སེམས་ཀྱི་འཇུག་པ་རྟོགས་པར་དཀའ་བས་སོ། །དེའི་རྒྱུ་མཚན་ཉེ་བར་བསྟན་པར་བྱ་བའི་ཕྱིར་ཞེས་བྱ་བ་ ནི་ལྷག་པར་མོས་པའི་ཁྱད་པར་གྱི་རྒྱུ་མཚན་བསྟན་པར་བྱ་བའི་དོན་དུའོ། །རབ་ཏུ་དགའ་བ་ལས་བྱུང་མཆི་མས་མིག་བརླན་ཞིང་། །ཞེས་བྱ་བ་ནི་སྟོང་པ་ཉིད་ཐོས་ནས་དང་བ་སྟེ། དད་པ་གང་ཡིན་པ་དེ་ལས་བྱུང་བའི་མཆི་མས་མིག་གང་བ་གང་ལ་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། རབ་ཏུ་ དགའ་བའི་མཆི་མ་དང་ལྡན་པའི་མིག་ཅེས་པའི་དོན་ཏོ། །དེ་ལ་ཞེས་བྱ་བ་ནི་རབ་ཏུ་དགའ་བ་དང་ལྡན་པ་ལའོ། །རྫོགས་པའི་སངས་རྒྱས་བློའི་ཞེས་བྱ་བ་ནི་རྫོགས་པའི་སངས་རྒྱས་ཀྱི་བློའི་སྒྲིབ་པ་ཐམས་ཅད་དག་པའི་ཤེས་རབ་སྟེ། བྱང་ཆུབ་ཅེས་བྱ་བའི་དོན་ཏོ། །ས་བོན་ཞེས་བྱ་བ་ནི་དེའི་ རྒྱུའོ། །དེས་ན་ཕྱིའི་རྟགས་གསུམ་གྱི་སྒོ་ནས་སྟོང་པ་ཉིད་ལ་ལྷག་པར་མོས་པར་ཤེས་པ་ཡིན་ནོ། །དེའི་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཉེ་བར་སྟོན་པའོ། །རྗེས་སུ་འགྲོ་བ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཉེ་བར་བསྟན་པའི་རྒྱུ་ཡིན་ནོ། །ཡོན་ཏན་འབྱུང་ཞེས་བྱ་བ་ནི་ཚུལ་ཁྲིམས་ལ་སོགས་པའོ། །དེ་མི་ཉམས་ པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ལྟ་བ་སྟེ་མི་ཉམས་པར་བྱ་བའི་ཆེད་དུའོ། །ཚུལ་ཁྲིམས་འཆལ་པའི་རྐྱེན་གྱིས་ངན་འགྲོར་ལྟུང་ནས་ཞེས་བྱ་བ་ནི་ཚུལ་ཁྲིམས་འཆལ་པ་ཉིད་ངན་སོང་དུ་འགྲོ་བའི་རྒྱུ་ཡིན་ཏེ། སྦྱིན་པས་ལོངས་སྤྱོད་དག་ནི་འགྲོ་ངན་ནའང་ཞེས་བྱ་བ་དེར་རོ། །ཟས་དང་སྨན་དང་ ཆོས་གོས་ལ་སོགས་པའི་སྒྲས་ནི་མལ་སྟན་ལ་སོགས་པ་བསྡུ་བར་བྱའོ། །སྙིང་རྗེས་ཡོངས་སུ་ཟིན་པ་ནི་ཞེས་བྱ་བ་ནི་གང་གི་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཏོག་ཕུན་ཚོགས་འདིའི་ས་བོན་ཞེས་བྱ་བ་ལ་སོགས་པས་བསྟན་ནོ། །ཁ་དོག་ངན་པ་ཐོབ་པར་བྱེད་པ་ཞེས་བྱ་བ་ནི་ཁ་དོག་ངན་པ་ཁྲོ་བས་སོ་ཞེས་གསུངས་ པས་སོ། །དེའི་རྐྱེན་གྱིས་ཞེས་བྱ་བ་ནི་ཁ་དོག་ངན་པའི་རྐྱེན་གྱིས་སོ། །འབྲས་བུ་དཔག་ཏུ་མེད་པ་རྣམ་པ་ཆད་པ་མེད་པར་ཞེས་བྱ་བ་ནི་སངས་རྒྱས་ཉིད་དུ་བསྔོས་པའི་སྦྱིན་པའི་སྦྱིན་པ་ལ་སོགས་པ་རྣམས་མི་ཟད་པའི་ཕྱིར་རོ། །ཅིའི་ཕྱིར་བྱང་ཆུབ་ཉིད་དུ་སྔོ་བར་བྱེད་ཅེ་ན་དེའི་ཕྱིར་ འགྲོ་བ་དགྲོལ་བར་བྱ་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། སངས་རྒྱས་སུ་གྱུར་ནས་འགྲོ་བ་རྣམས་དགྲོལ་བར་བྱའོ་ཞེས་པའི་དོན་ཏོ། །ད་ནི་དེ་ཁོ་ན་ཉིད་བསྟན་པའི་འབྲས་བུའི་ཁྱད་པར་བརྗོད་པར་བྱ་བའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡུན་རིང་པོར་བར་ཆད་མེད་པར་དགེ་བའི་ཚོགས་གདོན་ མི་ཟ་བར་བསགས་པར་གྱུར་ནས་ཞེས་བྱ་བ་ནི་ཚོགས་དང་མོས་པས་སྤྱོད་པའི་ཕྱིར་རོ། །ཟབ་ཅིང་རྒྱ་ཆེ་བའི་ཚུལ་ལ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་ལ་སྟེ། འདི་ལྟར་སྦྱིན་པ་ལ་སོགས་པ་རྒྱ་ཆེན་པོའི་དོན་དང་། སྟོང་པ་ཉིད་ཀྱི་མཚན་ཉིད་ཅན་གྲུབ་པའི་དོན་སྟོན་པས་སོ། །རིམ་གྱིས་ཞེས་བྱ་བ་ནི་ཚོགས་ ཀྱི་ས་དང་། མོས་པས་སྤྱོད་པའི་སའི་རིམ་པས་སོ། །ལམ་འདི་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་སྟོན་པའི་རང་བཞིན་ཅན་ནོ། །དེ་ལ་དེ་ཁོ་ན་ཉིད་ནི་གང་ཟག་གི་བདག་མེད་པ་དང་། ཆོས་ཀྱི་བདག་མེད་པ་ལ་བྱའོ། །དེ་ཡང་འདིར་ལུང་དང་རིགས་པས་བསྒྲུབ་པར་བསྟན་པ་ཡིན་པས་དེ་ལ་ལུང་གིས་བསྒྲུབ་པ་ བསྟན་པར་བྱ་བའི་ཕྱིར། དེ་ལ་ཆོས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་དག་པ་ཇི་ལྟ་བ་ཉིད་ཅེས་བྱ་བ་ནི་དེ་ཁོ་ན་ཉིད་ཅེས་པའི་དོན་ཏོ། །ས་ལྔ་པ་ལ་ལམ་ཤིན་ཏུ་ཡོངས་སུ་རྫོགས་པ་ཞེས་བྱ་བ་ནི་ས་དྲུག་པ་ལ་འཇུག་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཅན་གྱི་ལམ་ཡོངས་སུ་རྫོགས་ པས་སོ། །འདིའི་དོན་ནི་ས་དྲུག་པར་ཤེས་རབ་ཤིན་ཏུ་ལྷག་པར་འགྱུར་བ་ཡིན་ལ། དེ་ཡང་བསམ་གཏན་གྱི་སྟོབས་ཀྱིས་ཡིན་ཏེ། སེམས་མཉམ་པར་བཞག་པས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་གསུངས་པས་སོ། །ཆོས་མཉམ་པ་ཉིད་ཅེས་བྱ་བ་ནི་ཆོས་ཏེ། ཕུང་པོ་དང་། ཁམས་ དང་། སྐྱེ་མཆེད་རྣམས་མཚན་མ་མེད་པ་ལ་སོགས་པའི་ངོ་བོ་ཉིད་ཡིན་པས་མཉམ་པ་ཉིད་ཡིན་ནོ་ཞེས་པའི་དོན་ཏོ། །མཚན་མ་མེད་པ་མཉམ་པ་ཉིད་དང་ཞེས་བྱ་བ་ནི་གང་ཀུན་དུ་བརྟགས་པའི་རྟོག་པ་དང་བྲལ་བ་སྤྲོས་པ་མེད་པ་ཆོས་ཀྱི་དབྱིངས་དེ་མཚན་མ་མེད་པ་སྟེ། རྣམ་པར་རྟོག་པའི་ཤེས་པ་ཐམས་ ཅད་ཀྱི་ཡུལ་མ་ཡིན་པས་སོ། །དེས་ན་ཆོས་ཐམས་ཅད་མཚན་མ་མེད་པ་ཞེས་བརྗོད་པ་ཉིད་ཡིན་ནོ། །དེའི་ཕྱིར་ཆོས་ཐམས་ཅད་ཡོངས་སུ་གྲུབ་པའི་བདག་ཉིད་ཅན་ཡིན་པས་མཚན་མ་མེད་པ་མཉམ་པ་ཉིད་ཡིན་ནོ། །མཚན་ཉིད་མེད་པར་མཉམ་པ་ཉིད་དང་ཞེས་བྱ་བ་ནི་གང་ཀུན་ཏུ་བརྟགས་པའི་ བརྗོད་པར་བྱ་བ་དང་། རྗོད་པར་བྱེད་པའི་བདག་ཉིད་གཟུང་བ་དང་། འཛིན་པའི་རྣམ་པ་ཅན་གྱི་ཆོས་དེ་ཐམས་ཅད་ཤིན་ཏུ་མེད་པ་ཉིད་ཡིན་པའི་ཕྱིར་ཀུན་དུ་བརྟགས་པའི་མཚན་ཉིད་དེས་མཚན་ཉིད་མེད་པ་ཡིན་པས་མཚན་ཉིད་མེད་པར་མཉམ་པ་ཉིད་དོ། །སྐྱེ་བ་མེད་པ་དང་ཞེས་བྱ་བ་ནི་གང་དོན་དམ་པ་ ཡོངས་སུ་གྲུབ་པའི་རང་བཞིན་ཅན་དེ་རང་གི་བདག་ཉིད་ཀྱིས་སྐྱེ་བ་མེད་པའི་ཕྱིར་སྐྱེ་བ་མེད་པར་མཉམ་པ་ཉིད་དོ། །དེ་ཉིད་རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པའི་ཕྱིར་མ་སྐྱེས་པར་མཉམ་པ་ཉིད་དོ། །དེ་ཁོ་ན་ཉིད་ཀྱི་རང་བཞིན་དེ་ཉིད་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང་བྲལ་བའི་ཆོས་ཐམས་ཅད་རང་བཞིན་གྱིས་ རྣམ་པར་གྲོལ་བ་ཡིན་པས་ན་དབེན་པར་མཉམ་པ་ཉིད་དོ། །གདོད་མ་ནས་རྣམ་པར་དག་པ་དང་ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་རང་བཞིན་དེ་ཉིད་ལ་སྔར་སྐྱེ་བ་མེད་པས་ཐ་མར་ཆོས་ཐམས་ཅད་འགག་པ་མེད་པ་ཡིན་པས་གདོད་མ་ནས་རྣམ་པར་དག་པར་མཉམ་པ་ཉིད་དོ། །སྤྲོས་པ་མེད་པ་དང་ཞེས་བྱ་བ་ནི་ དོན་དམ་པའི་རང་བཞིན་དེ་ཉིད་ཀྱི་འཛིན་པར་བྱེད་པའི་ཡང་དག་པའི་ཤེས་པ་ལ་སྤྲོས་པ་མེད་པས་དེས་གཟུང་བར་བྱ་བའི་ཆོས་ཐམས་ཅད་ལ་སྤྲོས་པ་མེད་པ་ཞེས་བྱའོ། །དེས་ན་སྤྲོས་པ་མེད་པར་མཉམ་པ་ཉིད་དོ། །བླང་བ་མེད་པ་དང་། དོར་བ་མེད་པར་མཉམ་པ་ཉིད་དང་ཞེས་བྱ་བ་ནི་དོན་དམ་པའི་རང་ བཞིན་དེ་ཉིད་ལ་བྱ་བ་མེད་པའི་ཕྱིར་སྐྱེ་བ་གཞན་དུ་ཕུང་པོ་གཞན་ཡོངས་སུ་དོར་བ་དང་། ཕུང་པོ་གཞན་ལེན་པ་དོན་དམ་པར་མེད་པས་བླང་བ་དང་དོར་བ་མེད་པའི་ཕྱིར་བླང་བ་མེད་པ་དང་། དོར་བ་མེད་པར་མཉམ་པ་ཉིད་དོ། །ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང་ཞེས་བྱ་བ་ནི་དེ་ལ་སེམས་ཅན་དང་སྣོད་ཀྱི་འཇིག་ རྟེན་གྱིས་བསྡུས་པའི་དངོས་པོ་རྣམས་སྒྱུ་མ་དང་མཉམ་པ་ཉིད་དེ། སྒྱུ་མས་སྤྲུལ་པའི་གླང་པོ་ཆེ་ལ་སོགས་པ་བཞིན་དུ་མེད་པ་ལ་ཡོད་པ་ཉིད་དུ་སྣང་བའི་ཕྱིར་རོ། །ཡུལ་ལ་ལོངས་སྤྱོད་པའི་མཚན་ཉིད་ཅན་ནི་རྨི་ལམ་དང་མཉམ་པ་ཉིད་དེ། སྙིང་པོ་མེད་པ་ལ་མངོན་པར་ཆགས་པ་སྐྱེ་བ་ཡིན་པའི་ཕྱིར་རོ། ། ལུས་ཀྱི་ལས་ཀྱི་རང་བཞིན་ཅན་རྣམས་ཀྱི་མིག་ཡོར་དང་མཉམ་པ་ཉིད་དེ། ཆོས་ཐམས་ཅད་བྱ་བ་མེད་པ་ཉིད་དུ་ཟིན་ཀྱང་མིག་ཡོར་བཞིན་དུ་ལུས་ཀྱི་བྱ་བ་སྣང་བའི་ཕྱིར་རོ། །བྲག་ཅ་དང་ཞེས་བྱ་བ་ནི་ངག་གི་ལས་ཀྱི་རང་བཞིན་ཅན་རྣམས་བྲག་ཅ་དང་མཉམ་པ་ཉིད་དོ། ། སྙིང་པོ་མེད་པ་ལ་བྲག་ཅ་བཞིན་དུ་སྒྲའི་ལམ་དུ་འཇུག་པས་སོ། །ཆུ་ཟླ་དང་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་ཆོས་རྣམས་ཆུ་ཟླ་དང་མཉམ་པ་ཉིད་དེ། ཆུའི་ཟླ་བ་བཞིན་དུ་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་སྣང་བ་ཡིན་ཏེ། ཆུའི་ཟླ་བ་བཞིན་དུ་ལས་ཅི་ལྟ་བ་དང་རྗེས་སུ་མཐུན་པར་སྐྱེ་བ་ཡིན་ པའི་ཕྱིར་རོ། །གཟུགས་བརྙན་དང་ཞེས་བྱ་བ་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཆོས་རྣམས་གཟུགས་བརྙན་དང་མཉམ་པ་ཉིད་དེ། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཏིང་ངེ་འཛིན་ལ་དེ་རྣམས་ཀྱི་གཟུགས་བརྙན་འཆར་བ་ཡིན་པས་སོ། །དེ་ཉིད་ཀྱི་ཕྱིར་མཉམ་པ་ ཉིད་དུ་བྱེད་པའི་ཕྱིར་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་ཞེས་བརྗོད་པར་བྱ། སྤྲུལ་པ་ལྟ་བུ་མཉམ་པ་ཉིད་དང་ཞེས་བྱ་བ་ནི་ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཞིང་གི་རང་བཞིན་ཅན་རྣམས་སྤྲུལ་པ་ཉིད་མཉམ་པ་ཡིན་ཏེ། དེ་རྣམས་རང་གི་སེམས་ཡོངས་སུ་དག་པས་སྤྲུལ་པའི་ཕྱིར་རོ། །ཡང་ ན་ནང་གི་ཁམས་ནི་སྒྱུ་མ་ལྟ་བུ་ཡིན་ཏེ། སེམས་ཅན་མེད་པ་ཉིད་ཡིན་དུ་ཟིན་ཀྱང་སེམས་ཅན་གྱི་རང་བཞིན་དུ་སྣང་བས་སོ། །ཕྱིའི་ཁམས་ནི་རྨི་ལམ་ལྟ་བུ་སྟེ། རྨི་ལམ་བཞིན་དུ་བརྫུན་པའི་རང་བཞིན་ཡིན་དུ་ཟིན་ཀྱང་ཡུལ་སྣང་བའི་ཕྱིར་རོ། །སྐྱེས་བུ་ཆེན་པོའི་མཚན་ཉིད་ལ་སོགས་པས་བརྒྱན་ པའི་སངས་རྒྱས་ཀྱི་གཟུགས་ཀྱི་སྐུས་བསྡུས་པ་ནི་མིག་ཡོར་ལྟ་བུ་སྟེ། ཡོངས་སུ་དག་པའི་ཆོས་ཀྱི་སྐུས་སྣང་བའི་ཕྱིར་རོ། །བསྟན་པའི་ཆོས་ཀྱིས་བསྡུས་པ་ཐམས་ཅད་ནི་བྲག་ཅ་ལྟ་བུ་སྟེ། བྲག་ཅ་བཞིན་དུ་བཅོམ་ལྡན་འདས་ཀྱི་མཐུས་ཐོས་པའི་ཕྱིར་རོ། །སྔོན་གྱི་ལས་ཀྱིས་བསྡུས་པའི་ འབྲས་བུ་ཐམས་ཅད་ནི་ཆུ་ཟླ་ལྟ་བུ་སྟེ། ལས་ནི་ཅི་ལྟ་བ་བཞིན་དུ་སྐྱེ་བ་ཡིན་པས་སོ། །སངས་རྒྱས་ཀྱི་ཞིང་ཁམས་ཡོངས་སུ་དག་པས་བསྡུས་པ་རྣམས་ནི་གཟུགས་བརྙན་ལྟ་བུ་སྟེ། སྒྲིབ་པའི་དྲི་མ་དང་བྲལ་བའི་སེམས་ཀྱི་མེ་ལོང་ལ་གཟུགས་བརྙན་བཞིན་སྣང་བའི་ཕྱིར་རོ། །འདུས་བྱས་ཐམས་ཅད་ སྤྲུལ་པ་ལྟ་བུ་སྟེ། སྙིང་པོ་མེད་དུ་ཟིན་ཀྱང་རང་རང་ཅི་ལྟ་བ་བཞིན་དུ་རྒྱུ་དང་རྐྱེན་གྱིས་སྤྲུལ་པ་ཉིད་དུ་སྣང་བའི་ཕྱིར་རོ། །སྒྱུ་མ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་དེ་རྣམས་ནི་མཉམ་པ་ཉིད་གཅིག་ཁོ་ན་ཡིན་ཡང་རྣམ་པར་ཕྱེ་སྟེ་བཤད་པ་ཡིན་ནོ། །ཆོས་ཐམས་ཅད་དངོས་པོ་དང་དངོས་པོ་མེད་པ་གཉིས་སུ་མེད་ པ་མཉམ་པ་ཉིད་དེ་ཞེས་བྱ་བ་ནི་དངོས་པོའི་དུས་ན་ཡོད་པ་ཉིད་གང་ཡིན་པ་དང་། དངོས་པོ་མེད་པའི་དུས་ན་མེད་པ་ཉིད་གང་ཡིན་པ་དག་གཉིས་སུ་མེད་པ་མཉམ་པ་ཉིད་དོ། །གདོད་མ་ནས་ངོ་བོ་ཉིད་མེད་པའི་ཕྱིར་རོ། །རྣོ་ཞིང་ཞེས་བྱ་བ་ནི་ས་དང་པོ་ལ་ལྟོས་ནས་ཤིན་ཏུ་མཆོག་ཏུ་གྱུར་པའི་ཕྱིར་རོ། ། རྗེས་སུ་མཐུན་པ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ས་དང་རྗེས་སུ་མཐུན་པའོ། །བཟོད་པ་ཞེས་བྱ་བ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པས་སོ། །དེ་ལྟར་ལུང་ལས་གསུངས་པར་བསྒྲུབས་ནས། རིགས་པ་བསྟན་པར་བྱ་བའི་ཕྱིར། དེ་ཉིད་ཀྱི་ཕྱིར་འདིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་སྐྱེ་བ་མེད་ པ་མཉམ་པ་ཉིད་ཁོ་ན་ཞེས་བྱ་བ་ནི་སྐྱེ་བ་མེད་པ་ཉིད་ཆོས་ཀྱིས་མཉམ་པ་ཉིད་དོ། །ཆོས་མཉམ་པ་ཉིད་གཞན་ཞེས་བྱ་བ་ནི་ཆོས་སྐྱེ་བ་མེད་པ་མཉམ་པ་ཉིད་ལས་གཞན་པའི་མཚན་མ་མེད་པ་ལ་སོགས་པའི་ཆོས་མཉམ་པ་ཉིད་རྣམས་སོ། །སླ་བར་དགོངས་ཏེ་ཞེས་བྱ་བ་ནི་དཀའ་བ་མེད་པར་རྟོགས་ པའོ། །དངོས་པོ་རྣམས་སྐྱེ་བ་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པར་རྟོགས་པས་མཚན་མ་མེད་པ་ལ་སོགས་པའི་དོན་གྱིས་གོ་བ་ཡིན་ཏེ། ངོ་བོ་ཉིད་མེད་པ་ལས་གཞན་པའི་མཚན་མ་མེད་པ་ལ་སོགས་པ་མེད་པའི་ཕྱིར་རོ། །སྐྱེ་བ་མེད་པ་མཉམ་པ་ཉིད་ཀླུ་སྒྲུབ་ཞབས་ཀྱིས་རྩ་བའི་ཤེས་རབ་ལས་གསུངས་ པའི་རིགས་པས་བསྟན་པར་བྱ་བའི་ཕྱིར། བདག་ལས་མ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཉིད་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། ནམ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ནམ་ཡང་ཞེས་བྱ་བ་ནི་གཞར་ཡང་ཞེས་བྱ་བའི་དོན་ཏོ་ཞེས་བྱ་བ་ནི། ནམ་ཡང་ཞེས་བྱ་བ་དང་ གཞར་ཡང་ཞེས་བྱ་བ་དག་དོན་གཅིག་པའོ། །རྟེན་གྱི་ཚིག་ཅེས་བྱ་བ་ནི་རྟེན་སྟོན་པར་བྱེད་པའི་ཚིག་ལས་སོ། །རྟེན་དེ་ཉིད་གསལ་བར་བསྟན་པར་བྱ་བའི་ཕྱིར། ཡུལ་དང་དུས་དང་གྲུབ་པའི་མཐའ་ཞེས་བྱ་བ་སྨོས་སོ། །དེས་ན་འདིའི་དོན་ནི་འདི་ཡིན་ཏེ། ཡུལ་འགའ་ཞིག་སྟེ་ཤར་ལ་སོགས་ པའོ། །དུས་འགའ་ཞིག་སྟེ་འདས་པ་དང་། ད་ལྟ་དང་། མ་འོངས་པའི་དུས་སོ། །གྲུབ་པའི་མཐའ་སྟེ། སངས་རྒྱས་དང་། རིགས་པ་ཅན་དང་། བྱེ་བྲག་པ་ལ་སོགས་པའོ། །གང་ན་ཡང་བྱ་བ་དང་། འགའ་ཞིག་དུ་ཡང་ཞེས་བྱ་བའི་སྒྲ་གཉིས་ཀ་དུས་རྗོད་པར་ བྱེད་པ་ཡིན་པས་ཟློས་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། གང་ན་ཡང་ཞེས་བྱ་བ་ནི་འདས་པ་ལ་སོགས་པ་སྤྱིར་དུས་རྗོད་པར་བྱེད་པ་ཡིན་ལ། ནམ་ཡང་ཞེས་བྱ་བ་ནི་དུས་ཀྱི་བྱེ་བྲག་བརྗོད་པ་ཡིན་པས་སྐྱོན་མེད་པའོ། །བརྟེན་པའི་ཚིག་གིས་ན་ཞེས་བྱ་བ་ནི་བརྟེན་པའི་དངོས་པོ་བརྗོད་པར་བྱའོ། །ཕྱི་ དང་ནང་གི་དངོས་པོ་བརྗོད་པའོ་ཞེས་བྱ་བ་ནི་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཀྱི་དབང་པོ་རྟེན་དང་བཅས་པ་དང་། མིག་གི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པ་མཚུངས་པར་ལྡན་པའི་བར་ནི་ནང་གི་དངོས་པོ་ཡིན་ལ། དེ་ལས་གཞན་པའི་གཟུགས་དང་། སྒྲ་དང་། དྲི་ དང་། རོ་དང་། རེག་བྱ་དང་། ཆོས་རྣམས་ནི་ཕྱིའི་དངོས་པོའོ། །འདིར་ཞེས་བྱ་བ་ནི་ཚིགས་སུ་བཅད་པ་འདི་ལའོ། །ཡོད་པ་ཉིད་ཀྱི་སྒྲུབ་བྱེད་ཅེས་བྱ་བ་ནི་དངོས་པོ་ཡོད་པ་ཉིད་དུ་སྒྲུབ་པར་བྱེད་པ་རང་ལས་སྐྱེ་བ་གང་ཡིན་དེའོ། །དེ་དང་འགེགས་པར་བྱེད་པའི་ཚིག་སྦྱར་བར་བྱའོ། །དེ་ཉིད་ཀྱི་ ཕྱིར་བདག་ལས་སྐྱེས་པ་མ་ཡིན་པ་ཞེས་གསུངས་པ་ཡིན་ནོ། །གཞན་དུ་ན་རང་ལས་སྐྱེས་པ་ཡོད་པ་མ་ཡིན་ནོ་ཞེས་འཆད་པར་འགྱུར་བས་སོ། །ཡོད་པ་འགེགས་པ་ནི་ཤུགས་ཀྱིས་སྒྲུབ་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། ཡོད་པ་དང་ནི་མ་ཡིན་ཏེ། །ཞེས་བྱ་བ་སྨོས་སོ། །དེ་དགག་པ་ནི་ཞེས་བྱ་ བ་ནི་ཡོད་པ་དགག་པའོ། །དོན་གྱིས་ཞེས་བྱ་བ་ནི་སྐབས་བཀག་པའི་ཤུགས་ཀྱིས་སོ། །དེ་བཞིན་དུ་དམ་བཅའ་བ་གསུམ་ཀ་ལ་ཡང་སྦྱར་བར་བྱའོ་ཞེས་བྱ་བ་ནི་དངོས་པོ་རྣམས་གཞན་ལས་སྐྱེ་བ་དང་། གཉིས་ལས་སྐྱེ་བ་དང་། རྒྱུ་མེད་པ་ལས་སྐྱེ་བ་རྣམས་ལ་ཡང་མ་ཡིན་ཞེས་པའི་ཚིག་སྦྱར་བར་ བྱའོ། །དམ་བཅའ་བ་བཞི་པོ་རྣམས་བྱ་བ་ནི་བདག་ལས་མ་ཡིན་ཞེས་བྱ་བ་ལ་སོགས་པ་དམ་བཅས་པ་བཞི་པོའོ། །རྗེས་སུ་བརྗོད་ནས་ཞེས་བྱ་བ་ནི་དབུ་མ་རྩ་བའི་ཤེས་རབ་ལས་དམ་བཅའ་བ་བཞི་པོ་གང་གསུངས་པ་དེ་དབུ་མ་ལ་འཇུག་པའི་འདིར་ཚིག་རྐང་གཉིས་ཀྱི་རྗེས་སུ་བརྗོད་པ་མཛད་ནས་ སོ། །རིགས་པས་བསྒྲུབ་པའི་ཕྱིར་ཞེས་བྱ་བ་ནི་དོན་འདི་རིགས་པས་འཐད་པ་ཡིན་ནོ་ཞེས་བྱ་བའི་ཆེད་དུའོ། །དམ་བཅའ་བ་བཞི་པོ་རྗེས་སུ་བརྗོད་པར་བསྟན་པར་བྱ་བའི་ཕྱིར། དེ་ཉིད་དེ་ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཉིད་དེ་ལས་འབྱུང་མིན་ཞེས་བྱ་ནི་དང་པོ་རྗེས་སུ་བརྗོད་ པའོ། །གཞན་དག་ལ་ལྟ་ག་ལ་ཞིག་ཅེས་བྱ་བ་ནི་གཉིས་པ་ཡིན་ལ། གཉིས་ཀ་ལས་ཀྱང་མ་ཡིན་ཞེས་བྱ་བ་ནི་གསུམ་པ་ཡིན་ཞིང་། རྒྱུ་མེད་པར་ནི་ག་ལ་ཡོད། །ཅེས་བྱ་བ་ནི་བཞི་པའོ། །དེ་ཉིད་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། བདག་ལས་སྐྱེ་བ་མ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་ སོ། །དེ་བཞིན་དུ་ལྷག་མ་ལ་ཡང་སྦྱར་བར་བྱའོ་ཞེས་བྱ་བ་ནི་སྔ་མ་བཞིན་དུའོ། །ཡང་འདི་ག་ལས་ངེས་ཤེ་ན་ཞེས་བྱ་བ་ནི་དམ་བཅའ་བ་བཞི་པོ་འདི་གཏན་ཚིགས་གང་གིས་ངེས་པ་ཡིན་པའི་དོན་ཏོ། །དེ་ལ་དང་པོ་རང་ལས་སྐྱེ་བ་འགོག་པའི་གཏན་ཚིགས་བསྟན་པར་བྱ་བའི་ཕྱིར། འདི་ལྟར་ཞེས་བྱ་ བ་ལ་སོགས་པ་གསུངས་ཏེ། དེ་ལས་ཞེས་བྱ་བ་ནི་འབྲས་བུའི་རང་བཞིན་ལས་སོ། །དེ་ནི་ཞེས་བྱ་བ་ནི་འབྲས་བུའི་རང་བཞིན་ཉིད་དོ། །ཡོན་ཏན་འགའ་ཡང་ཡོད་མ་ཡིན། །ཞེས་བྱ་བ་ནི་ཡོན་ཏན་ལྷག་པ་ཅུང་ཟད་ཀྱང་སྐྱེ་བ་མེད་པས་སོ། །དེས་ན་རང་ལས་སྐྱེ་བ་མི་སྲིད་པའོ། །འདིའི་དོན་ནི་གང་ གི་ཚེ་རང་ཉིད་ལས་རང་ཉིད་སྐྱེ་ན་དེའི་ཚེ་རྒྱུའི་རང་བཞིན་ལ་ཁྱད་པར་མེད་པས་འབྲས་བུའི་རང་བཞིན་སྐྱེ་བའམ་ཁྱད་པར་དང་བཅས་པར་སྐྱེ་བར་འགྱུར། དེ་ལ་ཕྱོགས་དང་པོ་ལྟར་ན་ནི་རང་བཞིན་སྔར་ཡོད་པའི་ཕྱིར་སྐྱེ་བ་མེད་པར་མི་རིགས་སོ། །གལ་ཏེ་གཉིས་པ་ལྟར་ན་དེ་ཡང་མི་རིགས་ཏེ། ཁྱད་པར་ མེད་པ་ལས་ཁྱད་པར་དང་བཅས་པར་སྐྱེ་བར་འགྱུར་ན། སྔར་ཁྱད་པར་མེད་པས་རང་ལས་སྐྱེ་བ་ནི་མི་རིགས་སོ། །དེས་ན་གལ་ཏེ་ཡོན་ཏན་ཡོད་པར་འགྱུར་ན་རང་ལས་སྐྱེས་པར་འགྱུར་ལ། ཡོན་ཏན་མེད་པས་རང་ལ་སྐྱེ་བ་སྲིད་པ་མ་ཡིན་ནོ་ཞེས་པའོ། །དེ་འགྲེལ་བས་བསྟན་པར་བྱ་བའི་ཕྱིར། དེ་ནི་ཞེས་ བྱ་བ་ལ་སོགས་པ་གསུངས་ཏེ། སྐྱེ་བཞིན་པ་ཞེས་བྱ་བའི་བཤད་པ་སྐྱེ་བའི་བྱ་བ་བྱེད་པ་པོ་སྟེ་ཞེས་བྱའོ། །འདིར་གང་སྐྱེ་བཞིན་པ་དེ་སྐྱེ་བའི་བྱ་བ་བྱེད་པ་པོ་ཡིན་ཏེ། དཔེར་ན་འགྲོ་བ་དེ་འགྲོ་བའི་བྱེད་པ་པོ་ཡིན་པ་བཞིན་ནོ། །ས་བོན་ནི་བྱེད་པ་པོ་འཇུག་པར་བྱེད་པ་ཡིན་ཏེ། དཔེར་ན་ལྷ་སྦྱིན་གྱིས་འགྲོ་ བའི་བྱ་བ་ལ་གཞན་འཇུག་པར་བྱེད་པ་པོ་ཡིན་པ་བཞིན་ནོ། །དེས་ན་མྱུ་གུ་ཉིད་སྐྱེ་བའི་བྱ་བ་བྱེད་པ་པོའོ། །སྐྱེ་བཞིན་པ་དེ་ཉིད་ཀྱི་བདག་གི་ངོ་བོ་ལས་ཞེས་བྱ་བ་ནི་མྱུ་གུ་ལས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་བདག་ལས་སྐྱེ་བའི་ཕྱོགས་འདི་ནི་སྲིད་པ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ ནོ། །ད་ནི་སྲིད་དུ་ཟིན་ཀྱང་རིགས་པ་དང་འགལ་བ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར་བདག་ལས་སྐྱེ་བའི་ཕྱོགས་འདི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིགས་པའི་དབང་དུ་བྱས་ནས་ཞེས་བྱ་བ་ནི་མངོན་སུམ་དང་འགལ་བས་སོ་ཞེས་པའོ། །སྐྱེས་ཟིན་ཞེས་བྱ་བ་ནི་འདི་ཡང་ཐལ་འགྱུར་སྟོན་པ་ཡིན་ ཏེ། གལ་ཏེ་སྐྱེས་ཟིན་པ་སླར་སྐྱེ་བར་རྟོག་ན། དེའི་ཚེ་མྱུ་གུ་ལ་སོགས་པ་རྣམས་སྐྱེ་བར་མི་འགྱུར་ཏེ། འཇིག་རྟེན་པའི་དབང་དུ་བྱས་ནས་མྱུ་གུ་ལ་སོགས་པ་སྐྱེ་བར་མཐོང་བ་ཡིན་ནོ། །དེའི་ཕྱིར་རང་ལས་སྐྱེ་བ་ཡོད་པ་མ་ཡིན་ནོ། །འདིའི་དོན་ནི་རང་ལས་སྐྱེའོ་ཞེས་བྱ་བ་ལ། ས་བོན་ལས་ས་བོན་ སྐྱེ་བ་ཡིན་གྱི་མྱུ་གུ་ལ་སོགས་པ་ནི་མ་ཡིན་ནོ། །གལ་ཏེ་མྱུ་གུ་ལ་སོགས་པ་སྐྱེ་བ་ཁས་ལེན་ན་ས་བོན་དང་མྱུ་གུ་མཚན་ཉིད་ཐ་དད་པའི་ཕྱིར་གཞན་ལས་སྐྱེ་བར་ཁས་བླངས་པར་འགྱུར་རོ། །དེས་ན་གཞན་ལས་སྐྱེ་བའི་ཕྱོགས་ཁས་ལེན་པ་ལ་འཇིགས་པས་ས་བོན་ཉིད་ལས་ས་བོན་སྐྱེ་བར་ཁས་ལེན་ ན་མྱུ་གུ་ལ་སོགས་པ་སྐྱེ་བར་མི་འགྱུར་རོ་ཞེས་པའོ། །འདིར་ཐལ་འགྱུར་གྱི་མཚན་ཉིད་ནི་གཞན་གྱིས་ཁས་བླངས་པའི་སྒོ་ནས་གཞན་ལ་མི་འདོད་པ་སྟོན་པ་གང་ཡིན་པ་སྟེ། དཔེར་ན་གཞན་གྱི་བདག་ལས་བདག་སྐྱེ་བའི་མཚན་ཉིད་ཅན་གྱི་དངོས་པོ་ཁས་ལེན་ན་མྱུ་གུ་ལ་སོགས་པ་རྣམས་མི་སྐྱེ་བར་ འགྱུར་རོ་ཞེས་མི་འདོད་པ་རྗོད་པར་བྱེད་པ་གང་ཡིན་པ་ལྟ་བུའོ། །དེ་ལ་འགའ་ཞིག་ན་རེ་གལ་ཏེ་ཐལ་འགྱུར་གཏན་ཚིགས་སུ་འདོད་ན་ཚད་མས་གྲུབ་པ་ཡིན་ནམ། འོན་ཏེ་མ་གྲུབ་པ་ཡིན། དེ་ལ་གལ་ཏེ་ཕྱོགས་དང་པོ་ལྟར་ན་དེའི་ཚེ་གཉིས་ཀ་ལ་གྲུབ་པ་ཡིན་པས་གཞན་གྱིས་ཁས་བླངས་པ་ཞེས་ ཅི་ལྟར་བརྗོད། ཕྱོགས་གཉིས་པ་ལྟར་གཞན་གྱིས་ཁས་ལེན་པར་མི་འོས་པ་ཡིན་པས་གཞན་གྱིས་ཁས་བླངས་པ་ཞེས་ཇི་ལྟར་བརྗོད་ཅེ་ན། དེ་ལ་ལན་ནི་ཚད་མས་གྲུབ་པ་གང་ཡིན་པ་དེ་གཉིས་ཀ་ལ་གྲུབ་པ་ཡིན་ནོ་ཞེས་པ་དེ་ཉིད་ཁོ་བོས་མི་ཤེས་ཏེ། འདི་ལྟར་རྒོལ་བས་སྒྲུབ་བྱེད་བཀོད་པའི་ དུས་ན་གཏན་ཚིགས་འགོད་པ་དེ་ལ་ཚད་མས་གྲུབ་པ་ཡིན་གྲང་། གཞན་ལ་ཚད་མས་གྲུབ་པར་དེས་ཅི་ལྟར་ཤེས་ཏེ། གཞན་གྱི་སེམས་ཀྱི་ཁྱད་པར་མངོན་སུམ་དང་། རྗེས་སུ་དཔག་པའི་ཡུལ་མ་ཡིན་པའི་ཕྱིར་རོ། །རང་ཉིད་ལ་ཡང་ཚད་མས་གྲུབ་པར་ཅི་ལྟར་ཤེས་ཏེ། འཁྲུལ་པའི་རྒྱུ་ མཚན་གྱིས་དུས་རིང་པོ་ནས་བཟུང་བའི་ཕྱིར་སླུ་བ་འདྲིད་པས་སོ། །དེ་ཕྱིར་རྒོལ་བ་དང་། ཕྱིར་རྒོལ་བ་དག་གིས་ཚད་མ་ཉིད་དུ་ཁས་བླངས་པའི་སྟོབས་ཀྱིས་དངོས་པོ་རྣམས་ཀྱི་རང་བཞིན་ཁས་ལེན་པ་ཡིན་ནོ། །དེས་ན་གཞན་གྱིས་ཁས་བླངས་པའི་སྒོ་ནས་གཞན་གྱི་ཕྱོགས་སུན་འབྱིན་ པར་རིགས་པ་ཡིན་ནོ། །གཞན་ཡང་རང་རྒྱུད་ཀྱི་གཏན་ཚིགས་ཀྱི་ཕྱོགས་ལ་གལ་ཏེ་གཏན་ཚིགས་དང་། བསྒྲུབ་པར་བྱ་བ་དག་ལ་ཚད་མས་ཁྱབ་པ་གྲུབ་ན་དེའི་ཚེ་རང་རྒྱུད་སྒྲུབ་བྱེད་དུ་འགྱུར་བ་ཡིན་ལ། འོན་ཀྱང་ཁྱབ་པ་མ་གྲུབ་སྟེ། འདི་ལྟར་ཁྱབ་པ་སྒྲུབ་པར་བྱེད་པའི་ཚད་མ་ནི་ མངོན་སུམ་མམ་རྗེས་སུ་དཔག་པ་ཡིན་ནོ། །དེ་ལ་རེ་ཞིག་མངོན་སུམ་གྱིས་ཁྱབ་པ་མི་འགྲུབ་སྟེ། འདི་ལྟར་ཚང་བང་དུ་མངོན་སུམ་དང་མི་དམིགས་པ་དག་གིས་མེ་དང་དུ་བ་དག་ལ། འདི་ཡོད་ན་འདི་འབྱུང་ལ། འདི་མེད་ན་འདི་མི་འབྱུང་བ་རྟོགས་ཀྱི། ཡུལ་ཐམས་ཅད་ལ་ཡོད་པ་ནི་མ་ཡིན་ ནོ། །རྗེས་སུ་དཔག་པས་ཀྱང་མ་ཡིན་ཏེ། དེ་ཡང་ཡུལ་ངེས་པ་ཅན་ཡིན་པས་སོ། །འདི་ལྟར་རྗེས་སུ་དཔག་པའི་ཡུལ་ནི་ཐམས་ཅད་མ་ཡིན་ཏེ། གང་གི་ཕྱིར་གང་ན་བསྒྲུབ་པར་བྱ་བ་དང་འགྲེལ་པའི་རྟགས་ཡོད་པ་དེ་ཁོ་ན་མི་རྟག་པ་ལ་སོགས་པ་ཤེས་པ་སྐྱེ་བར་འགྱུར་བ་ཡིན་གྱི། ཡུལ་དང་དུས་ ཐམས་ཅད་དུ་མ་ཡིན་ནོ། །དེས་ན་འཇིག་རྟེན་པས་ཁས་བླངས་པ་ཙམ་གྱི་སྒོ་ནས་ཁྱབ་པ་གྲུབ་པ་ཡིན་གྱི་ཚད་མས་ནི་མ་ཡིན་པས་ཐལ་འགྱུར་གྱི་གཏན་ཚིགས་ཀྱིས་གཞན་གྱི་ཕྱོགས་སུན་འབྱིན་པ་ཅི་ལྟར་མི་རིགས་ཤེའོ། །དེ་ལྟར་ཡང་སློབ་དཔོན་རང་ཉིད་ཀྱིས་དབུ་མ་རྩ་བའི་ཤེས་རབ་ཀྱི་བཤད་པ་ཚིག་དོན་ གསལ་བ་ལས། གལ་ཏེ་དངོས་པོ་རྣམས་བདག་ལ་མི་སྐྱེ་བ་ཁོ་ན་ཡིན་ནོ་ཞེས་ངེས་གཟུང་དུ་བྱེད་ན་གཞན་ལས་སྐྱེ་བ་ཡིན་པར་མི་འདོད་ཀྱང་ཐལ་བར་འགྱུར་རོ་ཞེ་ན། དེ་ལྟར་ཡང་མ་ཡིན་ཏེ། མེད་པར་དགག་པ་བརྗོད་པར་འདོད་པ་དང་། གཞན་ལས་སྐྱེ་བ་འགེགས་པར་འགྱུར་བས་སོ། །སློབ་ དཔོན་སངས་རྒྱས་སྐྱོང་གིས་དངོས་པོ་རྣམས་བདག་ལས་སྐྱེ་བ་མ་ཡིན་ཏེ། དེ་སྐྱེ་བ་དོན་མེད་པ་དང་། ཐུག་པ་མེད་པར་ཡང་ཐལ་བར་འགྱུར་རོ། །རང་གི་བདག་ཉིད་ཀྱིས་ཡོད་པའི་དངོས་པོ་རྣམས་ཀྱང་སྐྱེ་བ་ལ་དགོས་པ་ཡོད་པ་མ་ཡིན་ནོ། །གལ་ཏེ་ཡོད་དུ་ཟིན་ཀྱང་སྐྱེ་ན་ ཐུག་པ་མེད་པར་འགྱུར་རོ་ཞེས་གསུངས་སོ། །དེ་ལ་ཁ་ཅིག་གིས་སྐྱོན་བརྗོད་པ་འདི་ནི་མི་རིགས་ཏེ། གཏན་ཚིགས་དང་། དཔེ་མ་བརྗོད་པ་དང་། འཆད་པར་འགྱུར་བའི་སྐྱོན་མ་སྤངས་པ་དང་། ཐལ་འགྱུར་གྱི་ངག་ཡིན་པའི་ཕྱིར་སྐབས་སུ་བབ་པའི་དོན་ལས་ཟློག་པས་བསྒྲུབ་པར་བྱ་བ་དང་། དེའི་གཏན་ཚིགས་གསལ་བར་འགྱུར་བས་སྐྱེ་བ་དོན་དང་བཅས་པ་དང་། སྐྱེ་བ་ཐུག་པ་མེད་པར་མི་འགྱུར་བའི་གཏན་ཚིགས་ཀྱིས་དངོས་པོ་རྣམས་གཞན་ལས་སྐྱེ་བར་བསྒྲུབས་པས་རང་གི་གྲུབ་པའི་མཐའ་དང་འགལ་བར་འགྱུར་རོ་ཞེའོ། །ཁོ་བོས་སྐྱོན་འདི་ཐམས་ཅད་འབྱུང་བར་མི་འཐད་ པར་མཐོང་བ་ཡིན་ཏེ། ཇི་ལྟར་ཞེ་ན། དེ་ལྟར་རེ་ཞིག་གང་གཏན་ཚིགས་དང་དཔེ་དག་མ་བརྗོད་པ་དང་ཞེས་བྱ་བ་དེ་མི་རིགས་སོ། །དེ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་གཞན་གྱིས་རང་ལས་སྐྱེ་བ་ཁས་ལེན་ན་ཡོད་པ་ཉིད་ཡང་སྐྱེ་བ་ལ་དོགས་པ་དྲི་བར་བྱ་སྟེ། རང་ལས་སྐྱེ་ཞེས་པས་ནི་རྒྱུ་ཉིད་དུ་ཡོད་པ་དེ་ ཉིད་སྐྱེ་བ་ཡིན་ནོ། །ཞེས་ཁྱོད་ཀྱིས་བརྗོད་ལ། ཡོད་པ་ཉིད་ལ་ཡང་སྐྱེ་བ་དོགས་པ་མ་མཐོང་བ་དང་། ཐུག་པ་མེད་པར་འགྱུར་བ་ཡང་མཐོང་བ་ཡིན་ནོ། །ཁྱོད་ཀྱིས་སྐྱེས་པ་ཡང་སྐྱེ་བར་མི་འདོད་པ་དང་། ཐུག་པ་མེད་པར་ཡང་འདོད་པ་མ་ཡིན་ནོ། །དེས་ན་ཁྱོད་ཀྱིས་རྒོལ་བ་དེ་ལ་རིགས་པ་མེད་ པ་དང་། རང་གིས་ཁས་བླངས་པ་དང་འགལ་བ་ཡིན་ནོ་ཞེས། དེ་ལྟར་ཕྱིར་བརྒལ་ན་གཞན་གྱིས་ཁས་མི་ལེན་པར་འགྱུར་རམ། གང་གིས་གཏན་ཚིགས་དང་དཔེ་བརྗོད་པ་དོགས་པ་དང་བཅས་པར་འགྱུར་བ་ཡིན། གལ་ཏེ་ཁས་བླངས་པ་དང་འགལ་བའི་སྐྱོན་བརྗོད་དུ་ཟིན་ཀྱང་གཞན་དག་མི་ལྡོག་ན་ དེའི་ཚེ་ངོ་ཚ་མེད་པ་ཉིད་ལ་གཏན་ཚིགས་དང་དཔེ་བརྗོད་པས་ཀྱང་ལྡོག་པར་མི་འགྱུར་བས་སྨྱོན་པ་དང་ཁོ་བོ་ཅག་བརྩད་པར་རིགས་པ་མ་ཡིན་ནོ། །དེ་ན་སློབ་དཔོན་གནས་མ་ཡིན་པ་ལ་རྗེས་སུ་དཔག་པ་སྦྱོར་བར་བྱེད་པ་ནི་རྗེས་སུ་དཔག་པ་ཉིད་ལ་དགའ་བར་ཟད་པ་ཡིན་ནོ་ཞེས་པའོ། །དབུ་མ་པས་རང་རྒྱུད་ ཀྱི་རྗེས་སུ་དཔག་པ་ཁས་བླངས་པར་མི་རིགས་ཏེ། ཕྱོགས་གཞན་ཁས་ལེན་པ་མེད་པའི་ཕྱིར་རོ། །དེ་སྐད་དུ་འཕགས་པའི་ལྷས་ཀྱང་། ཡོད་དང་མེད་དང་ཡོད་མེད་ཅེས། །ཕྱོགས་གང་ལ་ནི་ཡོད་མིན་ལ། །ཡུན་ནི་རིང་པོར་ཡང་དེའི་སྐྱོན། །བརྗོད་པར་ནུས་པ་མ་ཡིན་ནོ། །ཞེས་གསུངས་པ་དང་། རྩོད་པ་བཟློག་པ་ལས་ཀྱང་། གལ་ཏེ་ང་ལ་དམ་བཅའ་འགའ། །ཡོད་པར་གྱུར་ན་སྐྱོན་འདི་འབྱུང་། །བདག་ལ་དམ་བཅའ་མེད་པས་ན། །དེ་ཕྱིར་སྐྱོན་འདི་བདག་ལ་མེད། །གལ་ཏེ་མངོན་སུམ་ལ་སོགས་པས། །ཅུང་ཟད་དམིགས་པར་འགྱུར་ན་ནི། །འཇུག་གམ་ཡང་ན་ཟློག་པར་འགྱུར། ། དེ་མེད་པ་ཡི་སྐྱོན་ཡོད་མིན། །ཞེས་གསུངས་སོ། །གང་གི་ཚེ་དེ་ལྟར་རང་གི་རྒྱུད་ཀྱིས་གྲུབ་པའི་རྗེས་སུ་དཔག་པ་དབུ་མ་པས་སྨྲ་བར་བྱེད་པ་མ་ཡིན་པས་དེའི་ཚེ་ཕྱི་དང་ནང་གི་དངོས་པོ་རྣམས་བདག་ལས་མ་སྐྱེས་ཞེས་བྱ་བའི་རང་གི་རྒྱུད་ཀྱི་དམ་བཅའ་ག་ལ་ཡོད། གྲངས་ཅན་པ་རྣམས་ཀྱིས་འབྲས་ བུའི་རང་བཞིན་གྱི་བདག་ལས་སམ། རྒྱུའི་རང་བཞིན་གྱི་བདག་ལས་ཡིན། དེ་ལས་ཅིར་འགྱུར་ཞེ་ན། གལ་ཏེ་འབྲས་བུའི་རང་བཞིན་ལས་ཡིན་ན་གྲུབ་པ་ལ་སྒྲུབ་པར་བྱེད་པ་ཡིན་ལ་རྒྱུའི་རང་བཞིན་ལས་ཡིན་ན་ནི་འགལ་བའི་དོན་ཏེ། སྐྱེ་བ་དང་ལྡན་པ་ཐམས་ཅད་རྒྱུའི་རང་བཞིན་དུ་ཡོད་པ་ཉིད་ དུ་སྐྱེ་བའི་ཕྱིར་རོ་ཞེ་ན། གང་ལ་གྲུབ་པ་ལ་སྒྲུབ་པར་བྱེད་པ་ཉིད་དང་འགལ་བའི་དོན་ཉིད་དུ་འགྱུར་བ་ཡོད་པ་ཉིད་ཀྱི་ཕྱིར་ཞེས་པའི་གཏན་ཚིགས་ཁོ་བོ་ཅག་ལ་ག་ལ་ཡོད། དེས་ན་གྲུབ་པ་ལ་སྒྲུབ་པ་དང་འགལ་བའི་དོན་གྱི་སྐྱོན་སྤང་བའི་ཆེད་དུ་འབད་པར་བྱ་དགོས་པ་མ་ཡིན་ནོ། །དེས་ན་གཞན་གྱིས་སྨྲས་ པའི་སྐྱོན་མེད་པའི་ཕྱིར་དེ་ལ་སློབ་དཔོན་སངས་རྒྱས་སྐྱོང་གིས་ལན་གདབ་དགོས་པ་མ་ཡིན་ནོ། །གལ་ཏེ་དེ་ཡང་དབུ་མ་པ་རྣམས་ཕྱོགས་དང་གཏན་ཚིགས་དང་། དཔེ་རྣམས་མ་གྲུབ་པས་རང་རྒྱུད་ཀྱི་རྗེས་སུ་དཔག་པ་མི་བརྗོད་པ་ཉིད་ཀྱི་ཕྱིར་ཏེ། བདག་ལ་སྐྱེ་བ་འགོག་པའི་དམ་བཅས་པའི་དོན་ སྒྲུབ་པ་དང་། གཉིས་ཀ་ལ་གྲུབ་པའི་རྗེས་སུ་དཔག་པས་གཞན་གྱི་དམ་བཅའ་ཟློག་པར་མི་བྱེད་ཀྱང་གཞན་གྱིས་དམ་བཅས་པ་ལ་རང་གི་རྗེས་སུ་དཔག་པས་གནོད་པའི་འགལ་བ་བརྗོད་ན། དེ་ཉིད་ཀྱི་དབང་དུ་བྱས་ནས་སྐྱོན་དང་བྲལ་བའི་ཕྱོགས་དང་། གཏན་ཚིགས་དང་། དཔེ་ལ་སོགས་པ་བརྗོད་ དགོས་པར་འགྱུར་བ་ཡིན་ལ། དེས་ན་དེ་དག་མ་བརྗོད་པ་དང་། སྐྱོན་དེ་དག་མ་སྤངས་པའི་ཕྱིར་སྐྱོན་དེ་ཉིད་ཡིན་ནོ་ཞེ་ན་དེ་ཡང་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན་གང་གི་ཕྱིར་གང་གི་དོན་གང་དང་བཅས་པ་དེས་རང་གི་ཅི་ལྟར་ངེས་པར་བྱས་པ་བཞིན་དུ་གཞན་དག་ལ་ཡང་ངེས་པ་སྐྱེད་ པར་འདོད་པས་རིགས་པ་གང་གིས་དོན་འདི་རྟོགས་པའི་རིགས་པ་དེ་ཉིད་གཞན་ལ་བསྟན་པར་བྱ་དགོས་སོ། །དེའི་ཕྱིར་རེ་ཞིག་གང་གཞན་དག་གིས་དམ་བཅས་པའི་དོན་ལ་སྒྲུབ་བྱེད་ཁས་ལེན་དགོས་པ་ཡིན་ནོ་ཞེས་བྱ་བ་འདི་ནི་རིགས་པ་ཡིན་ལ། དེ་ཡང་གཞན་ལ་གོ་བྱེད་ཀྱི་གཏན་ཚིགས་སུ་མི་ འགྱུར་ཏེ། དཔེ་མི་སྲིད་པའི་ཕྱིར་རོ། །དེས་ན་རང་གིས་དམ་བཅས་པའི་རྗེས་སུ་འབྲང་བའི་རང་གིས་དམ་བཅས་པའི་དོན་སྒྲུབ་པར་བྱེད་པ་རྐྱང་པ་ཁས་ལེན་པ་ཙམ་ཡིན་པས་རིགས་པ་མེད་པའི་ཕྱོགས་ཁས་ལེན་པར་བྱེད་པའི་ཕྱིར་བདག་ཉིད་ཁོ་ན་སླུ་བར་བྱེད་ཅིང་གཞན་དག་ལ་ངེས་པ་བསྐྱེད་པར་ནུས་ པ་མ་ཡིན་ནོ་ཞེས་པ་འདི་ཉིད་ལ་སུན་འབྱིན་པ་ཤིན་ཏུ་གསལ་པོ་ཉིད་ཡིན་ཏེ། འདི་ལྟར་རང་གིས་དམ་བཅས་པའི་དོན་སྒྲུབ་པར་མི་ནུས་པ་གང་ཡིན་པའོ། །དེས་ནི་འདིར་རྗེས་སུ་དཔག་པས་གནོད་པ་བསྟན་པ་ལ་དགོས་པ་ཅི་ཞིག་ཡོད། གལ་ཏེ་ཡང་རང་གི་རྗེས་སུ་དཔག་པ་དང་འགལ་བའི་སྐྱོན་ ངེས་པར་བརྗོད་པར་བྱ་དགོས་སོ་ཞེ་ན། དེ་ཡང་སློབ་དཔོན་སངས་རྒྱས་སྐྱོང་གིས་བསྟན་པ་ཁོ་ན་ཡིན་ནོ། །ཅི་ལྟར་ཞེ་ན། གང་གི་ཕྱིར་དངོས་པོ་རྣམས་བདག་ལས་སྐྱེ་བ་མ་ཡིན་ཏེ། དེ་སྐྱེ་བ་དོན་མེད་པའི་ཕྱིར་རོ་ཞེས་གསུངས་པས་སོ། །འདིར་ནི་དེ་ཞེས་བྱ་བ་འདིས་རང་གི་བདག་ཉིད་ཡོད་པ་ཉིད་བརྗོད་ པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་མདོར་བསྟན་པའི་ཚིག་འདིའི་རྒྱས་པར་བཤད་པ་བདག་ཉིད་ཡོད་པ་ཉིད་ལ་ཡང་སྐྱེ་བ་ལ་ཡང་དགོས་པ་ཅི་ཞིག་ཡོད་ཅེས་བརྗོད་པས་སོ། །ཚིག་འདིས་ནི་བསྒྲུབ་བྱ་དང་གཏན་ཚིགས་ཀྱི་ཆོས་དང་ལྡན་པའི་གཞན་ལ་རབ་ཏུ་གྲགས་པའི་དཔེ་བསྟན་པ་ཡིན་ནོ། ། དེ་ལ་བདག་ཉིད་ཡོད་པ་ཉིད་ལ་ཞེས་བྱ་བ་འདིས་ནི་གཏན་ཚིགས་བསྟན་པ་ཡིན་ནོ། །དེ་སྐྱེ་བ་ལ་ཡང་དགོས་པ་ཅི་ཞིག་ཡོད་ཅེས་བྱ་བ་འདིས་ནི་བསྒྲུབ་པར་བྱ་བ་བསྟན་པ་ཡིན་ནོ། །དེ་ལ་དཔེར་ན་སྒྲ་མི་རྟག་སྟེ་བྱས་པ་མི་རྟག་པ་ཡིན་པའི་ཕྱིར་བྱས་པ་ཉིད་མི་རྟག་པར་མཐོང་སྟེ། དཔེར་ན་བུམ་པ་བཞིན་ ནོ། །སྒྲ་ཡང་བྱས་པ་ཡིན་ལ། དེས་ན་བྱས་པའི་ཕྱིར་མི་རྟག་པ་ཡིན་ནོ་ཞེས་བྱ་བ་འདིར་བྱས་པ་ཉིད་ཉེ་བར་སྦྱར་བས་གཏན་ཚིགས་གསལ་པོར་བསྟན་པ་ཡིན་ནོ། །དེ་བཞིན་དུ་འདིར་ཡང་དངོས་པོ་བདག་ལས་སྐྱེ་བ་མ་ཡིན་ཏེ། བདག་ཉིད་ཡོད་པ་ལ་ཡང་སྐྱེ་བ་དོན་མེད་པའི་ཕྱིར་རོ། །འདི་ མདུན་ན་གནས་པའི་བུམ་པ་ལ་སོགས་པ་རང་གི་ངོ་བོར་གནས་པ་ནི་ཡང་སྐྱེ་བར་ལྟོས་པ་མ་ཡིན་པར་མཐོང་ལ། དེ་བཞིན་དུ་འཇིམ་པའི་གནས་སྐབས་ན་ཡང་གལ་ཏེ་བུམ་པ་ལ་སོགས་པ་རང་བཞིན་གྱིས་ཡོད་པར་སེམས་ན་ནི་དེའི་ཚེ་རང་གི་བདག་ཉིད་ཀྱིས་ཡོད་པ་ལ་ཡང་སྐྱེ་བ་ཡོད་པ་མ་ཡིན་ནོ། ། དེ་ལྟར་ན་ཉེ་བར་སྦྱར་བས་གསལ་པོར་བསྟན་པའི་ཡང་སྐྱེ་བ་བཀག་པ་དང་། མེད་ན་མི་འབྱུང་བའི་ཡོད་པ་ཉིད་ཀྱི་གཏན་ཚིགས་ཀྱིས་གྲངས་ཅན་པ་རྣམས་ལ་རང་ཉིད་ཀྱི་རྗེས་སུ་དཔག་པ་དང་འགལ་བར་གསལ་བར་བསྟན་པ་ཡིན་ནོ། །དེས་ན་གཏན་ཚིགས་དང་དཔེ་མ་བསྟན་པའི་ཕྱིར་ཞེས་ཅིའི་ ཕྱིར་བརྗོད་ཅེས་པའོ། །གཏན་ཚིགས་དང་དཔེ་མ་བརྗོད་པའི་སྐྱོན་མེད་པ་འབའ་ཞིག་ཏུ་མ་ཟད་ཀྱི། གཞན་གྱིས་སྨྲས་པའི་སྐྱོན་སྤངས་པ་ཡིན་ནོ། །ཅི་ལྟར་ཞེ་ན། གྲངས་ཅན་པ་ནི་མངོན་པར་གསལ་བའི་རང་བཞིན་ཅན་མདུན་ན་གནས་པའི་བུམ་པ་ལ་ཡང་གསལ་བར་མི་འདོད་དེ། དེ་ཉིད་ནི་འདིར་ དཔེའི་རང་བཞིན་དུ་གྲུབ་པའི་ཕྱིར་དང་། མངོན་པར་གསལ་བ་མ་ཡིན་པའི་རང་བཞིན་ཅན་ནུས་པའི་རང་བཞིན་དང་ལྡན་པ་སྐྱེ་བ་དགག་པའི་ཁྱད་པར་ཅན་ནི་བསྒྲུབ་བྱ་ཡིན་པའི་ཕྱིར་གྲུབ་པ་ལ་སྒྲུབ་པའི་ཕྱོགས་ཀྱི་སྐྱོན་གྱི་དོགས་པ་དང་། གཏན་ཚིགས་ལ་འགལ་བའི་དོན་ཉིད་དུ་དོགས་པ་ཡང་ག་ལ་ ཡོད། དེ་ལྟར་ན་རང་གི་རྗེས་སུ་དཔག་པའམ་གནོད་པའི་རྒོལ་བའི་སྐྱོན་བསྟན་པ་ལ་ཡང་ཇི་སྐད་བསྟན་པའི་སྐྱོན་ཡོད་པ་མ་ཡིན་པས་གཞན་གྱིས་བརྗོད་པའི་སྐྱོན་མ་སྤངས་པའི་ཉེས་པ་ཡོད་པ་མ་ཡིན་ནོ། །དེས་ན་སུན་འབྱིན་པ་བརྗོད་པ་འདི་ནི་མ་འབྲེལ་པ་ཉིད་ཡིན་ནོ་ཞེས་ཤེས་པར་བྱའོ། །བུམ་པ་ ཞེས་བྱ་བའི་སྒྲས་ཉེ་བར་མཚོན་ནས་དངོས་པོ་གཞན་མ་ལུས་པར་བསྡུ་བར་འདོད་པས་སྣམ་བུ་ལ་སོགས་པའི་སྒོ་ནས་ཀྱང་མ་ངེས་པར་འགྱུར་བའི་སྐྱོན་ཡོད་པ་མ་ཡིན་ནོ། །ཡང་ན་སྦྱོར་བའི་ཚུལ་གཞན་འདི་ཡིན་ཏེ། བདག་ལས་སྐྱེ་བ་སྨྲ་བ་ལ་སྐྱེས་བུ་མ་གཏོགས་པའི་དངོས་པོ་རྣམས་རང་ལས་སྐྱེ་བ་མ་ཡིན་ཏེ། རང་གི་ངོ་བོ་ཉིད་ཀྱིས་ཡོད་པའི་ཕྱིར་དཔེར་ན་སྐྱེས་བུ་ཞེས་པ་འདིར་དཔེར་བརྗོད་པར་བྱའོ། །གང་ཡང་མངོན་པར་གསལ་བར་སྨྲ་བ་ལ་སྐྱེ་བ་བཀག་པ་གནོད་བྱེད་མ་ཡིན་དུ་ཟིན་ཀྱང་དེ་ལྟར་ན་ཡང་སྔར་དང་ཕྱིས་ཀྱི་གནས་སྐབས་ན་མི་དམིགས་པ་དང་། དམིགས་པར་ཆོས་མཚུངས་པ་ ཡིན་པས་མངོན་པར་གསལ་བ་ལ་སྐྱེ་བའི་སྒྲོ་བཏགས་ནས་སྐྱེ་བའི་སྒྲས་མངོན་པར་གསལ་བ་ཉིད་བརྗོད་པའི་ཕྱིར་སུན་འབྱིན་པ་འདིས་གནོད་པར་ཅིའི་ཕྱིར་མི་འགྱུར་ཞེས་པའོ། །ཐལ་བར་འགྱུར་བ་ལས་བཟློག་པའི་དོན་གྱིས་ནི་གཞན་ལ་འབྲེལ་པ་ཡིན་གྱིས་ཁོ་བོ་ཅག་ལ་མ་ཡིན་ཏེ། དམ་བཅས་ པ་མེད་པའི་ཕྱིར་རོ། །དེས་ན་གྲུབ་པའི་མཐའ་དང་འགལ་བ་ཡོད་པ་མ་ཡིན་ནོ། །གཞན་དག་ལ་ནི་ཐལ་བར་འགྱུར་བ་ལས་བཟློག་པའི་དོན་དང་འབྲེལ་པ་ལས་སྐྱོན་མང་པོ་ཇི་སྙེད་ཡོད་པར་འགྱུར་བ་དེ་སྙེད་ནི་ཁོ་བོ་ཅག་འདོད་པ་ཁོ་ན་ཡིན་པས་དེ་ཉིད་ཀྱི་ཕྱིར་སློབ་དཔོན་ཀླུ་སྒྲུབ་ཀྱི་བཞེད་པའི་རྗེས་སུ་འབྲང་བའི་ སློབ་དཔོན་སངས་རྒྱས་སྐྱོང་གིས་གོ་སྐབས་རྙེད་པར་འགྱུར་བའི་ཚིག་བརྗོད་པ་ག་ལ་ཡོད་ཅེས་པའོ། །དེས་ན་ཐལ་འགྱུར་བརྗོད་པ་ནི་གཞན་གྱི་དམ་བཅའ་བ་འགོག་པ་ཙམ་གྱི་འབྲས་བུ་ཅན་ཡིན་པས་ཐལ་བར་འགྱུར་བ་ལས་བཟློག་པའི་དོན་དང་འབྲེལ་པར་འགྱུར་བ་ཡོད་པ་མ་ཡིན་ནོ། །དེ་ལྟར་ ཡང་ཕལ་ཆེར་སློབ་དཔོན་གྱིས་ཐལ་འགྱུར་གསུངས་པའི་སྒོ་ནས་གཞན་གྱི་ཕྱོགས་འགོག་པ་ཡིན་ཏེ། ནམ་མཁའི་མཚན་ཉིད་སྔོན་རོལ་ན། །ནམ་མཁའ་ཅུང་ཟད་ཡོད་མ་ཡིན། །གལ་ཏེ་མཚན་ལས་སྔར་གྱུར་ན། །མཚན་ཉིད་མེད་པར་ཐལ་བར་འགྱུར། །གཟུགས་ཀྱི་རྒྱུ་དང་བྲལ་བ་ཡིས། ། གཟུགས་ལ་གཟུགས་ཀྱི་རྒྱུ་མེད་པར། །འགའ་ཞིག་ཏུ་ནི་འགའ་ཉིད་ལ། །རྒྱུ་མེད་པར་ནི་ཡོད་མ་ཡིན། །ཞེས་པ་དང་། དེ་བཞིན་དུ་ཡང་། རེ་ཞིག་མྱ་ངན་འདས་དངོས་མིན། །རྒ་ཤིའི་མཚན་ཉིད་ཐལ་བར་འགྱུར། །རྒ་དང་འཆི་བ་མེད་པ་ཡི། །དངོས་པོ་ཡོད་པ་མ་ཡིན་ནོ། །ཞེས་ བྱ་བ་ལ་སོགས་པས་ཐལ་བར་འགྱུར་བའི་སྒོ་ནས་གཞན་གྱི་ཕྱོགས་དགག་པ་མཛད་པ་ཡིན་ནོ། །དེ་བཞིན་དུ་ཚིག་གསལ་ལས། ཅིག་ཤོས་ལས་རབ་ཏུ་གྲུབ་པའི་རྗེས་སུ་དཔག་པས་གནོད་པ་ཡོད་དམ་ཞེ་ན། ཡོད་དེ་རང་ཉིད་ལ་རབ་ཏུ་གྲུབ་པའི་གཏན་ཚིགས་ཁོ་ན་ཡིན་གྱི། གཞན་ལ་རབ་ ཏུ་གྲུབ་པ་ནི་མ་ཡིན་ཏེ། འཇིག་རྟེན་ན་མཐོང་བ་ཡིན་ཏེ། འདི་ལྟར་འཇིག་རྟེན་ལ་ལ་ལར་རྒོལ་ཕྱིར་རྒོལ་དག་གིས་ཚད་མར་བྱས་པའི་དབང་པོའི་ཚིག་གིས་ཕམ་པའམ་རྒྱལ་བར་འགྱུར་བ་ལ། ལ་ལར་རང་གི་ཚིག་ཁོ་ནས་སོ། །གཞན་གྱི་ཚིག་གིས་ནི་རྒྱལ་བར་ཡང་མི་འགྱུར་ལ་ཕམ་པར་ཡང་མི་ འགྱུར་རོ། །འཇིག་རྟེན་པའི་ཇི་ལྟ་བ་དེ་བཞིན་རིགས་པ་ཡང་དེ་ལྟར་ཏེ། འཇིག་རྟེན་པའི་ཐ་སྙད་རིགས་པའི་བསྟན་བཅོས་ལ་ཡང་སྐབས་སུ་བབ་པ་ཡིན་པས་སོ། །གང་གཉིས་ཀ་ལ་ངེས་པར་གྲུབ་པ་དེ་ཉིད་སྒྲུབ་པར་བྱེད་པ་དང་། སུན་འབྱིན་པར་བྱེད་པ་ཡིན་གྱི་ཅིག་ཤོས་ལ་རབ་ཏུ་གྲུབ་ པ་དང་། ཐེ་ཚོམ་གྱིས་ནི་མ་ཡིན་ནོ་ཞེས་གང་གིས་སེམས་པ་དེས་ཀྱང་འཇིག་རྟེན་པའི་རྣམ་གཞག་ལ་བརྟེན་ནས་རྗེས་སུ་དཔག་པ་ལ་ཇི་སྐད་བསྟན་པའི་རིགས་པས་ཁས་བླང་བར་བྱ་སྟེ། འདི་ལྟར་གཉིས་ཀ་ལ་གྲུབ་པའི་ལུང་ཉིད་ཀྱིས་གནོད་པ་མ་ཡིན་གྱི། འོན་ཀྱང་རང་ཉིད་ལས་གྲུབ་པས་སོ། ། རང་གི་དོན་གྱི་རྗེས་སུ་དཔག་པ་ལ་ཐམས་ཅད་དུ་རང་ཉིད་ལ་གྲུབ་པ་ཁོ་ན་སྟོབས་དང་ལྡན་པ་ཡིན་གྱི། གཉིས་ཀ་ལ་གྲུབ་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྟོག་གེ་ལས་མཚན་ཉིད་བརྗོད་པ་ནི་དགོས་པ་མེད་པ་ཉིད་ཡིན་ཏེ། སངས་རྒྱས་རྣམས་ཀྱིས་དེ་ཁོ་ན་ཉིད་ལ་མི་མཁས་པའི་གདུལ་བྱའི་སྐྱེ་བོ་ རྣམས་ལ་རང་ཉིད་ལ་ཅི་ལྟ་བ་བཞིན་དུ་རབ་ཏུ་གྲུབ་པའི་རིགས་པས་རྗེས་སུ་འཛིན་པས་སོ། །ཞར་ལ་འོངས་པས་ཆོག་གོ་ཞེས་གསུངས་སོ། །གེགས་ཅི་ཞིག་ཡོད་ཅེས་བྱ་བ་ནི་ས་བོན་ཡང་སྐྱེ་བ་ལ་གེགས་གང་ཞིག་ཡོད་ཅེས་བྱའོ། །གང་གིས་ཞེས་བྱ་བ་ནི་གེགས་བྱེད་པས་སོ། །རང་སྐྱེ་ བ་བཀག་ནས་ཞེས་བྱ་བ་ནི་ས་བོན་རང་ཉིད་སྐྱེ་ཞིང་འབྱུང་བ་དོར་ནས་སོ། །སྡོང་བུ་ཞེས་བྱ་བ་ནི་མྱུ་གུའི་མཁྲང་བར་འགྱུར་བའོ། །དེ་ཉིད་ཀྱི་ཕྱིར་ཁོག་སྟོང་ཞིང་རིང་བར་གྱུར་པ་ནི་སྦུབས་བཅས་སོ། །སོགས་པའི་སྒྲས་ནི་གྲ་མ་ལ་སོགས་པ་བསྡུ་བར་བྱའོ། །སྲིད་མཐར་ཐུག་པར་ཞེས་བྱ་བ་ནི་འཁོར་བ་ཇི་ སྲིད་ཀྱི་བར་དུའོ། །ཇི་སྐད་དུ་བཤད་པའི་རྒྱུ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་སྐྱེས་ཟིན་པའི་ས་བོན་ཞེས་བྱ་བ་ལ་སོགས་པའི་སྒོ་ནས་སོ། །བྱེད་པ་པོ་དང་ལྷན་ཅིག་ཏུ་གནས་པར་འགལ་བ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་ས་བོན་དང་ལྷན་ཅིག་གནས་པ་འགལ་བའི་ཕྱིར་རོ། །ཇི་སྐད་སྨྲས་པའི་ཉེས་པའི་སྐབས་མེད་ ཅིང་ཞེས་བྱ་བ་ནི་གང་གི་ཕྱིར་ཆུ་ལ་སོགས་པའི་རྐྱེན་དང་ཕྲད་ནས་མྱུ་གུ་སྐྱེ་བ་དེའི་ཕྱིར་མྱུ་གུ་ལ་སོགས་པ་རྣམས་གཏན་མི་སྐྱེ་བར་འགྱུར་བ་མ་ཡིན་ཞེས་པའོ། །གང་གི་ཕྱིར་མྱུ་གུ་བྱེད་པ་དང་ལྷན་ཅིག་གནས་པར་འགལ་བའི་ཕྱིར་ས་བོན་འཁོར་བ་ཅི་སྲིད་ཀྱི་བར་དུ་སྐྱེ་བར་ཡང་ མི་འགྱུར་རོ། །འོ་ན་རང་ལས་སྐྱེ་བ་ཅི་ལྟར་ཡིན་ཞེ་ན། དེ་ལ་ལན་ནི་ས་བོན་དང་མྱུ་གུ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ས་བོན་དང་མྱུ་གུ་དག་ཐ་མི་དད་པ་ཡིན་ཏེ་ནས་ཀྱི་ས་བོན་དང་ནས་ཀྱི་མྱུ་གུ་ཞེས་སྒྲ་གཅིག་གི་ཡུལ་ཡིན་པའི་ཕྱིར་རོ་ཞེས་པའོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། འདི་ཡང་མི་རུང་སྟེ་ཞེས་བྱ་བ་སྨོས་ཏེ། དེ་ཉིད་ཀྱིས་ཞེས་བྱ་བ་ནི་ས་བོན་གྱི་བདག་ཉིད་དུ་གྱུར་པའི་མྱུ་གུའོ། །རང་གི་བདག་ཉིད་ཅེས་བྱ་བ་ནི་ས་བོན་གྱི་རང་གི་བདག་ཉིད་ཀྱིས་སོ། །དེས་ན་བྱེད་པ་དང་ལྷན་ཅིག་གནས་པར་འགལ་བ་ཉིད་ཀྱི་ཕྱིར་ས་བོན་མི་དམིགས་པ་ཡིན་ནོ་ཞེས་གང་སྨྲས་པ་དེ་མ་ ཡིན་ནོ། །ད་ནི་ཐ་མི་དད་པ་ཉིད་ཀྱང་རིགས་པ་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྫས་ཀྱི་ཁྱད་པར་ཡོངས་སུ་འགྱུར་བས་ཐོབ་པར་བྱ་བ་སྟེ་ཞེས་བྱ་བ་ནི་རྫས་ཀྱི་ཁྱད་པར་ཡོངས་སུ་འགྱུར་བ་སྟེ། ཞུ་བས་ཐོབ་པའོ། །འདིའི་དོན་ནི་པི་པི་ལིང་ ལ་ཐོག་མར་རོ་ཚ་བ་ཡོད་དུ་ཟིན་ཀྱང་ཞུ་རྗེས་ལ་མངར་བ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་མཁྲིས་པ་སེལ་བར་བྱེད་པ་ཡིན་ནོ་ཞེས་པའོ། །ཐ་མི་དད་པར་ཞེས་བྱ་བ་ནི་ས་བོན་བཞིན་དུའོ། །དེ་ལ་ཡོངས་སུ་འགྱུར་བ་སྨྲ་བ་གྲངས་ཅན་པ་ན་རེ། ཅི་སྟེ་ས་བོན་གྱི་