Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 104
Văn bản gốc(Tây Tạng)
Trang 3 / 24 (50.000 ký tự/trang)
བརྗོད་ན་གང་ལ་བརྗོད། གལ་ཏེ་མེད་ན་མངོན་དུ་བྱེད་དོ་ཞེས་ཇི་ལྟར་ཐ་སྙད་འདོགས། གལ་ཏེ་ཤིན་ཏུ་གསལ་བ་ཡིན་པས་བཟོད་པ་དང་ཤེས་པས་མངོན་དུ་བྱེད་དོ་ཞེ་ན། འོ་ན་རྗེས་སུ་ཤེས་པ་རྣམས་ཀྱང་མངོན་དུ་བྱེད་པའི་རང་བཞིན་ཅན་དུ་འགྱུར་གྱི། ངེས་པའི་བདག་ཉིད་ཅན་དུ་མི་ འགྱུར་རོ། །གཞན་ཡང་ཤིན་ཏུ་གསལ་བ་ཁས་མི་ལེན་ན་རྣམ་པར་རྟོག་པའི་བདག་ཉིད་ཅན་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་མེད་པས་ད་ལྟར་ཉིད་དུ་རྟོགས་པ་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན་པས་སངས་རྒྱས་ཉིད་དུ་ཐལ་བར་འགྱུར་རོ། །གལ་ཏེ་ཤིན་ཏུ་གསལ་བ་མེད་ཀྱང་ངེས་ པ་ཡོད་དེ། དེ་ལ་བཟོད་པ་ཡང་མི་ཟེར་ཆོས་ཤེས་པ་ཡང་མི་ཟེར་ཞེ་ན། འོ་ན་རྗེས་སུ་ཤེས་པའི་བཟོད་པ་ལ་ངེས་པ་ལ་ཡང་རྗེས་སུ་ཤེས་པ་ཞེས་མི་ཟེར་བས་མཐོང་བའི་ལམ་སྐད་ཅིག་བཅུ་གཉིས་ཀྱི་བདག་ཉིད་ཅན་དུ་འགྱུར་རོ། །དེའི་ཕྱིར་ཉོན་མོངས་པ་ལས་གྲོལ་བ་མངོན་དུ་བྱེད་པ་དང་། ལྷན་ཅིག་སྤྱོད་པ་ངེས་པའི་ཤེས་པ་བརྒྱད་ལ་ཡང་ཆོས་ཤེས་པ་དང་རྗེས་སུ་ཤེས་པ་ཞེས་བརྗོད་དགོས་སོ། །དེ་ཉིད་ཀྱི་ཕྱིར་མངོན་པ་ལ་སོགས་པ་གང་རྗེས་སུ་ཤེས་པའི་བཟོད་པ་ལ་ངེས་པ་བསྟན་པ་སྟེ། ཆོས་ཤེས་པའི་བཟོད་པ་ངེས་པའི་ཉེ་བར་མཚོན་པ་ཉིད་དུ་བསྟན་པས་འགལ་བ་ མེད་དོ། །འདིའི་གདམས་ངག་འདི་ཡིན་ཏེ། གཟུགས་ལ་སོགས་པ་རྣམས་གདོད་མ་ནས་སྐྱེ་བ་མེད་པ་སོ་སོར་རྟོག་པས་སྡུག་བསྔལ་བ་དང་། སྡུག་བསྔལ་བའི་མཚན་ཉིད་མི་དམིགས་པའི་རང་བཞིན་ཅན་ལ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་སྐད་ཅིག་མ་ཞེས་བྱའོ། །དེ་ཁོ་ ན་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཞེས་ཀྱང་བྱའོ། །སྐད་ཅིག་མ་དེ་ཡང་ཤེས་རབ་དང་ཏིང་ངེ་འཛིན་ཟུང་དུ་འབྲེལ་པ་དང་བྲལ་བའོ། །འཇིག་རྟེན་ལས་འདས་པའི་ཡེ་ཤེས་དེའི་རྗེས་ཐོབ་ལ་ཆོས་འདི་རྣམས་ནི་སྟོང་པ་ཉིད་ཁོ་ནའོ་ཞེས་རྣམ་པར་དག་པའི་སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱིས་ རང་གི་རྟོགས་པ་ཡོངས་སུ་གཅོད་པའི་ཤེས་པ་གང་སྐྱེ་བ་དང་། འདོད་པའི་ཁམས་ཀྱི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་དང་བྲལ་བའི་རྟེན་མངོན་དུ་བྱེད་པའི་ཤེས་པ་ནི་སྡུག་བསྔལ་ལ་ཆོས་ཤེས་པའོ། །གཟུགས་ལ་སོགས་པའི་མཚན་ཉིད་སྟོང་པ་ཉིད་ གང་ཡིན་པ་དེ་རྣམ་པར་དག་པའི་རང་བཞིན་དང་། དངོས་པོ་དང་དངོས་པོ་མེད་པར་བརྗོད་དུ་མེད་པའོ་སྙམ་དུ་རབ་ཏུ་ཤེས་ནས་ཡང་བརྗོད་དུ་མེད་པའི་འཇིག་རྟེན་ལས་འདས་པའི་ཤེས་རབ་སྐྱེ་བ་དེ་ཉིད་རྗེས་སུ་ཤེས་པའི་བཟོད་པའོ། །དེའི་ཚེ་ཁམས་གསུམ་པའི་ཆོས་རྣམས་ལ་བརྗོད་ དུ་མེད་པ་ཉིད་སོ་སོར་རྟོགས་ཏེ། སྐད་ཅིག་མ་གཉིས་ཀྱིས་ཐོབ་པས་ཤེས་རབ་ཏུ་གྱུར་པ་ཡིན་པས་སོ། །སྔར་ནི་འདོད་པའི་ཁམས་ཀྱི་སྡུག་བསྔལ་ཤིན་ཏུ་དྲག་པ་ཡིན་པ་དང་། ཤེས་རབ་ཏུ་གྱུར་པ་མེད་པས་འདོད་པའི་ཁམས་ཀྱི་ཆོས་རྣམས་ཁོ་ན་ལ་བརྗོད་དུ་མེད་པ་ཉིད་སོ་སོར་ རྟོགས་སོ། །འདི་ཡང་དེ་དག་དང་མཚུངས་པ་དང་། དེའི་རྒྱུ་ཅན་ཡིན་པ་དང་། དེ་ཤེས་པ་དོན་དུ་གཉེར་བ་ཉིད་ཀྱིས་རྗེས་སུ་ཤེས་པའི་བཟོད་པ་ཞེས་བྱའོ། །དེ་ནས་དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་བརྗོད་དུ་མེད་པའི་དེ་ཁོ་ན་ཉིད་ངེས་པའི་ཤེས་པ་གང་སྐྱེ་བ་དེའི་རྗེས་སུ་ཤེས་པ་ ཞེས་བྱའོ། །དེ་བཞིན་དུ་ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ལ་ཡང་བཟོད་པ་དང་། ཤེས་པ་ཤེས་པར་བྱའོ། །སྔར་ཆོས་ཤེས་པའི་བཟོད་པ་ཁམས་གསུམ་གྱི་མཐོང་བས་སྤང་བར་བྱ་བའི་གཉེན་པོ་ཉིད་དུ་བསྟན་ལ། ཕྱིས་ནི་ཆོས་ཤེས་པའི་བཟོད་པ་རྣམས་འདོད་པའི་ ཁམས་ཀྱི་མཐོང་བས་སྤང་བར་བྱ་བའི་གཉེན་པོར་བསྟན་ནོ། །རྗེས་སུ་ཤེས་པའི་བཟོད་པ་རྣམས་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་མཐོང་བས་སྤང་བར་བྱ་བའི་གཉེན་པོར་བསྟན་ནོ། །དེ་ལ་བཟོད་པ་བརྒྱད་ནི་ཉོན་མོངས་པ་སྤང་བ་ལ་རྐུན་པོ་འབྱུང་བའི་ཚུལ་གྱིས་བྱ་བ་བྱེད་དོ། །ཤེས་ པ་བརྒྱད་ནི་སྒོ་འཕར་གཅོད་པའི་ཚུལ་གྱིས་བྱ་བ་བྱེད་དོ། །དེ་ལ་འདོད་པའི་ཁམས་ན་སྤྱོད་པའི་འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་དང་། ཐེ་ཚོམ་དང་། འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པའི་ལྟ་བ་དང་། ལོག་ པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་རྣམས་ནི་སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་མཐོང་བས་སོ་སོར་བཅུ་བཅུར་སྤང་བར་བྱ་བ་ཡིན་པའི་ཕྱིར་བཞི་བཅུ་ཆོས་ཤེས་པའི་བཟོད་པ་བཞིས་སྤོང་ བར་འགྱུར་རོ། །དེ་ལ་འདོད་ཆགས་ནི་ཁམས་གསུམ་པའི་རྗེས་སུ་ཆགས་པ་སྟེ། སྲེད་པའི་དབང་གིས་ཉེ་བར་ལེན་པའི་ཕུང་པོ་ལྔ་གྲུབ་པར་བྱེད་པས་སྡུག་བསྔལ་སྐྱེད་པའི་ལས་ཅན་ནོ། །ཁོང་ཁྲོ་བ་ནི་སེམས་ཅན་རྣམས་སྡུག་བསྔལ་དང་། སྡུག་བསྔལ་གྱི་གནས་སུ་གྱུར་པའི་ཆོས་ རྣམས་ལ་ཀུན་ནས་མནར་སེམས་པ་སྟེ། རེག་པར་མི་གནས་པ་དང་། ཉེས་པར་སྤྱོད་པའི་རྟེན་བྱེད་པའི་ལས་ཅན་ཏེ། ཀུན་ནས་མནར་སེམས་པའི་སྡུག་བསྔལ་གྱི་གནས་པས་རེག་པར་མི་གནས་པའོ། །ང་རྒྱལ་ནི་འཇིག་ཚོགས་ལ་ལྟ་བ་ལ་བརྟེན་ནས་སེམས་ཁེངས་པ་སྟེ། མི་ གུས་པ་དང་། སྡུག་བསྔལ་འབྱུང་བའི་རྟེན་བྱེད་པའི་ལས་ཅན་ནོ། །དེ་ལ་མི་གུས་པ་ནི་བླ་མ་རྣམས་དང་ཡོན་ཏན་ཅན་རྣམས་ལ་གྱོང་བའོ། །སྡུག་བསྔལ་འབྱུང་བ་ནི་ཡང་སྲིད་པར་འབྱུང་བར་རིག་པར་བྱའོ། །མ་རིག་པ་ནི་ཁམས་གསུམ་པའི་མི་ཤེས་པ་སྟེ། ཆོས་རྣམས་ལ་ལོག་ པར་ངེས་པ་དང་། ཐེ་ཚོམ་དང་། ཀུན་ནས་ཉོན་མོངས་པ་འབྱུང་བའི་རྟེན་བྱེད་པའི་ལས་ཅན་ནོ། །ལོག་པར་ངེས་པ་ནི་ཕྱིན་ཅི་ལོག་ཏུ་ངེས་པའོ། །ཐེ་ཚོམ་ནི་སོམ་ཉིའོ། །ཀུན་ནས་ཉོན་མོངས་པ་འབྱུང་བ་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ཀུན་ཏུ་འབྱུང་ངོ་། །དེའི་རྟེན་ བྱེད་པ་ནི་རྨོངས་པར་གྱུར་ན་ཉོན་མོངས་པ་ཐམས་ཅད་འབྱུང་བའི་ཕྱིར་རོ། །ཐེ་ཚོམ་ནི་བདེན་པ་རྣམས་ལ་ཡིད་གཉིས་ཟ་བ་སྟེ། དགེ་བའི་ཕྱོགས་ལ་མི་འཇུག་པའི་རྟེན་བྱེད་པའི་ལས་ཅན་ནོ། །དགེ་བའི་ཕྱོགས་ལ་མི་འཇུག་པ་ནི་དེས་དགེ་བའི་ཕྱོགས་ལམ་གྱི་བདེན་པ་དང་། འགོག་པའི་ བདེན་པ་ལ་ཇི་ལྟར་རིགས་པར་མི་འཇུག་པའོ། །དེའི་རྟེན་བྱེད་པ་ནི་ངེས་པ་མ་སྐྱེས་ན་མི་རྩོམ་པའི་ཕྱིར་རོ། །འཇིག་ཚོགས་ལ་ལྟ་བ་ནི་ཉེ་བར་ལེན་པའི་ཕུང་པོ་རྣམས་ལ་བདག་གམ་བདག་གིར་ཡང་དག་པར་རྗེས་སུ་མཐོང་བས་ལྟ་བ་གང་ཡིན་པ་སྟེ། ལྟ་བ་ཐམས་ཅད་བརྟེན་པའི་ལས་ ཅན་ནོ། །མཐར་འཛིན་པའི་ལྟ་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་རྟག་པ་འམ། ཆད་པར་ཡང་དག་པར་རྗེས་སུ་མཐོང་ནས་ལྟ་བ་གང་ཡིན་པ་སྟེ། དབུ་མའི་ལམ་གྱིས་ངེས་པར་འབྱུང་བའི་བར་དུ་གཅོད་པའི་ལས་ཅན་ནོ། །དབུ་མའི་ལམ་ནི་རྟག་པ་དང་། ཆད་པར་འཛིན་པ་ སྤངས་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པའོ། །ལྟ་བ་མཆོག་ཏུ་འཛིན་པ་ནི་ལྟ་བ་དང་ལྟ་བའི་གནས་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་མཆོག་དང་། གཙོ་བོ་དང་། ཁྱད་པར་དུ་འཕགས་པ་དང་། དམ་པར་ཡང་དག་པར་རྗེས་སུ་མཐོང་བས་ལྟ་བ་གང་ཡིན་པ་སྟེ། ལྟ་བ་ ངན་པ་ལ་མངོན་པར་ཞེན་པའི་རྟེན་བྱེད་པའི་ལས་ཅན་ནོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་ཚུལ་ཁྲིམས་དང་། བརྟུལ་ཞུགས་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱི་གནས་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་དག་པ་དང་། གྲོལ་བ་དང་། ངེས་པར་འབྱིན་ པའི་ཡང་དག་པར་རྗེས་སུ་མཐོང་ནས་ལྟ་བ་གང་ཡིན་པ་སྟེ། ངལ་བ་འབྲས་བུ་མེད་པའི་རྟེན་བྱེད་པའི་ལས་ཅན་ནོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་ནི་ལྟ་བ་ངན་པ་སྔོན་དུ་སོང་བར་རིག་པར་བྱའོ། །ངལ་བ་འབྲས་བུ་མེད་པ་ནི་དེས་ངེས་པར་མི་འབྱུང་བའི་ཕྱིར་རོ། །ལོག་པར་ལྟ་བ་ནི་ རྒྱུའམ། འབྲས་བུའམ། བྱ་བ་ལ་སྐུར་པ་འདེབས་པ་དང་། ཡོད་པའི་དངོས་པོ་འཇིག་པར་ལོག་པའི་རྣམ་པར་རྟོག་པ་གང་ཡིན་པ་དང་། དགེ་བའི་རྩ་བ་གཅོད་པ་དང་། མི་དགེ་བའི་རྩ་བ་དམ་དུ་འཛིན་པའི་རྟེན་བྱེད་པའི་ལས་ཅན་དང་། མི་དགེ་བ་ལ་འཇུག་པ་དང་། དགེ་བ་ལ་མི་ འཇུག་པའི་ལས་ཅན་ནོ། །དེ་ལ་སྦྱིན་པ་མེད་དོ། །མཆོད་སྦྱིན་མེད་དོ། །སྦྱིན་སྲེག་མེད་དོ། །ལེགས་པར་སྤྱད་པ་མེད་དོ། །ཉེས་པར་སྤྱད་པ་མེད་དོ་ཞེས་པ་འདི་ནི་རྒྱུ་ལ་སྐུར་པ་འདེབས་སོ། །ལེགས་པར་སྤྱད་པ་དང་། ཉེས་པར་སྤྱད་པའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མེད་དོ་ཞེས་པ་ འདི་ནི་འབྲས་བུ་ལ་སྐུར་པ་འདེབས་པའོ། །འཇིག་རྟེན་འདི་ནི་མེད་དོ། །འཇིག་རྟེན་ཕ་རོལ་མེད་དོ། །ཕ་མེད་དོ། །མ་མེད་དོ། །སེམས་ཅན་རྫུས་ཏེ་སྐྱེ་བ་མེད་དོ་ཞེས་བྱ་བ་འདི་ནི་བྱ་བ་ལ་སྐུར་པ་འདེབས་པ་འཇིག་རྟེན་གཞན་དུ་འགྲོ་བ་དང་། འོང་བའི་བྱ་བ་ དང་། ས་བོན་འདེབས་པའི་བྱ་བ་དང་། ཉིང་མཚམས་སྦྱོར་བའི་བྱ་བ་ལ་སྐུར་པ་འདེབས་པའི་ཕྱིར་རོ། །འཇིག་རྟེན་ན་དགྲ་བཅོམ་པ་མེད་དོ་ཞེས་བྱ་བ་ལ་སོགས་པ་ནི་ཡོད་པའི་དངོས་པོ་འཇིག་པའོ། །དེ་ལས་གཞན་ཚངས་པ་ལ་སོགས་པ་བྱེད་པ་པོ་ཡིན་ནོ་ཞེས་ཕྱིན་ཅི་ལོག་ཏུ་རྟོག་ པ་ཐམས་ཅད་ལ་ལོག་པར་རྣམ་པར་རྟོག་པར་རིག་པར་བྱའོ། །དགེ་བའི་རྩ་བ་གཅོད་པ་ནི་ལོག་པར་ལྟ་བ་ཁྱད་པར་ཅན་ལས་འབྱུང་གི །ཐམས་ཅད་ལས་ནི་མ་ཡིན་ནོ། །དེ་ལ་འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པའི་ལྟ་བ་ལ་རྣམ་པ་གཉིས་ཏེ། བརྟགས་པ་དང་། ལྷན་ཅིག་སྐྱེས་པའོ། །དམ་པ་མ་ཡིན་པའི་ཆོས་མཉན་པ་ལ་སོགས་པ་སྔོན་དུ་འགྲོ་བ་ཅན་ནི་བརྟགས་པའོ། །ལྷན་ཅིག་སྐྱེས་པའི་འཇིག་ཚོགས་ལ་ལྟ་བ་ནི་བདེ་བར་གྱུར་ཅིག་སྡུག་བསྔལ་བར་མ་གྱུར་ཅིག་སྙམ་པའི་སྲེད་པ་དང་ལྡན་པའོ། །ངའོ་སྙམ་པའི་བློ་གྲོས་གང་། ། དེ་ནི་ལྷན་སྐྱེས་འཇིག་ཚོགས་ལྟ། །ལྷན་ཅིག་སྐྱེས་པའི་མཐར་འཛིན་པའི་ལྟ་བ་ནི་གང་གིས་མངོན་པར་རྟོགས་པའི་སྦྱོར་བ་བྱེད་པ་ལ་སྐྲག་པར་འགྱུར་བའོ། །ལྟ་བ་གཞན་ནི་ཀུན་ཏུ་བརྟགས་པའོ། །དེ་ལ་ལྷན་ཅིག་སྐྱེས་པའི་འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པའི་ལྟ་ བ་ནི་མཐོང་བས་སྤང་བར་བྱ་བ་མ་ཡིན་ཏེ། ཐོག་མ་མེད་པ་ནས་གོམས་པ་ཡིན་པས་ལྷན་ཅིག་སྐྱེས་པའི་འཇིག་ཚོགས་ལ་ལྟ་བ་ལ་སོགས་ཡུན་རིང་པོ་ནས་གནས་པ་ཡིན་པས་བསྒོམ་པའི་ལམ་ཁོ་ནས་སྤང་བར་བྱ་བ་ཡིན་པས་སོ། །དེ་ལ་རྟག་པའི་ལྟ་བ་དང་། བརྟགས་པའི་ལྟ་བ་ལ་ དམིགས་པའི་འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་དང་། ཐེ་ཚོམ་ནི་སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་མཐོང་བ་ལ་གེགས་བྱེད་པ་ཡིན་པས་ཆོས་ཤེས་པའི་བཟོད་པས་འདོད་པའི་ཁམས་ཀྱི་ཉོན་མོངས་པ་བཞི་བཅུ་སྤོང་བར་ འགྱུར་རོ། །རྗེས་སུ་ཤེས་པའི་བཟོད་པས་ཉོན་མོངས་པ་བཅུ་པོ་དེ་རྣམས་ལ་ཁོང་ཁྲོ་ཕྲི་བས་གཟུགས་ཀྱི་ཁམས་ན་སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། ལམ་དང་། འགོག་པ་མཐོང་བས་སྤང་བར་བྱ་བ་སོ་སོར་དགུ་དགུ་ཡིན་པས་སུམ་ཅུ་རྩ་དྲུག་སྤོང་བར་འགྱུར་རོ། །དེ་བཞིན་ དུ་གཟུགས་མེད་པའི་ཁམས་སུ་ཡང་སུམ་ཅུ་རྩ་དྲུག་ཡིན་པས་གཟུགས་དང་གཟུགས་མེད་པའི་ཁམས་སུ་ཉོན་མོངས་པ་བདུན་ཅུ་རྩ་གཉིས་སྤོང་བར་འགྱུར་བས་སོ། །དེ་ལྟར་བསྡོམས་ན་ཉོན་མོངས་པ་བརྒྱད་ཅུ་རྩ་གཉིས་མཐོང་བའི་ལམ་གྱིས་སྤོང་བར་འགྱུར་རོ། །སྐད་ཅིག་ མ་བཅུ་དྲུག་བཤད་པ་ལ་ཕྱོགས་དང་པོ་ཇི་ལྟར་བྱས་ནས་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པ་ཁོ་ནས་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཀྱི་ཉོན་མོངས་པ་སྤོང་བར་འགྱུར་བ་ཡིན་པས་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་ པ་ལ་སོགས་པ་སོ་སོར་འདོད་པའི་ཁམས་ཀྱི་བཅུ་དང་། གཟུགས་ཀྱི་ཁམས་ཀྱི་དགུ་དང་། གཟུགས་མེད་པའི་ཁམས་ཀྱི་དགུ་སྟེ་ཉི་ཤུ་རྩ་བརྒྱད་སྤོང་བར་འགྱུར་བ་མ་ཡིན་པས་ཆོས་ཤེས་པའི་བཟོད་པ་ཁོ་ནས་ཉོན་མོངས་པ་བརྒྱད་ཅུ་རྩ་གཉིས་སྤོང་བར་འགྱུར་བས་སོ། །དེ་ལྟར་སྐད་ཅིག་མ་ བཅུ་དྲུག་ནི་མཐོང་བའི་ལམ་མོ། །གལ་ཏེ་མཐོང་བའི་ལམ་དེ་སྐད་ཅིག་མ་བཅུ་དྲུག་གི་བདག་ཉིད་དུ་ཇི་ལྟར་རིགས་ཏེ། འདི་ལྟར་བདེན་པ་བཞིའི་རྣམ་པ་ཐམས་ཅད་དུ་དེ་ཁོ་ན་ཉིད་ནི་སྟོང་པ་ཉིད་ཁོ་ན་ཡིན་ལ། དེ་མངོན་དུ་བྱེད་པ་ཡང་ཅིག་ཅར་རིགས་ཀྱི་རིམ་པས་མ་ཡིན་ཏེ་དེ་ལ་ཆ་ཤས་ མེད་པས་སོ། །འདི་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་དམིགས་པའི་ཤེས་པས་སྡུག་བསྔལ་ལ་སྐྱེ་བ་དང་འགག་པ་མེད་པར་ཡོངས་སུ་གཅོད་པ་གང་ཡིན་པ་དེ་ལ་སྡུག་བསྔལ་ཡོངས་སུ་ཤེས་པ་ཞེས་བྱའོ། །ལས་དང་ཉོན་མོངས་པ་ལ་སྐྱེ་བ་དང་འགག་པ་མེད་པར་ཡོངས་སུ་གཅོད་པ་གང་ཡིན་ པ་དེ་ལ་ཀུན་འབྱུང་ཡོངས་སུ་ཤེས་པ་ཞེས་བྱའོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་རང་བཞིན་ལ་སྐྱེ་བ་དང་འགག་པ་མེད་པར་ཡོངས་སུ་གཅོད་པ་གང་ཡིན་པ་དེ་ལ་འགོག་པ་ཡོངས་སུ་ཤེས་པ་ཞེས་བྱའོ། །ལམ་ལ་ཡང་སྐྱེ་བ་དང་འགག་པ་མེད་པར་ཡོངས་སུ་གཅོད་པ་གང་ཡིན་པ་དེ་ལ་ལམ་ ཡོངས་སུ་ཤེས་པ་ཞེས་བྱའོ། །དེ་ལྟར་ཡང་བསམ་གྱིས་མི་ཁྱབ་པའི་སྤྱོད་ཡུལ་བསྟན་པའི་མདོ་ལས་འཇམ་དཔལ་འཕགས་པའི་བདེན་པ་བཞི་ཇི་ལྟར་ཤེས་པར་བྱ། ལྷའི་བུ་འདིར་གང་གིས་འདུ་བྱེད་ཐམས་ཅད་རང་བཞིན་གྱིས་སྐྱེ་བ་མེད་པར་མཐོང་བ་དེས་སྡུག་ བསྔལ་ཡོངས་སུ་ཤེས་པའོ། །གང་གིས་ཆོས་ཐམས་ཅད་ཆད་པ་མེད་པར་མཐོང་བ་དེས་ཀུན་འབྱུང་སྤང་བར་འགྱུར་བའོ། །གང་གིས་ཆོས་ཐམས་ཅད་ཤིན་ཏུ་མྱ་ངན་ལས་འདས་པར་མཐོང་བ་དེས་འགོག་པ་མངོན་དུ་བྱས་སོ། །གང་གིས་ཆོས་ཐམས་ཅད་ཤིན་ཏུ་སྟོང་ཞིང་ངོ་བོ་ཉིད་ཀྱིས་ སྐྱེ་བ་མེད་པར་མཐོང་བ་དེས་ལམ་བསྒོམས་པ་ཡིན་ནོ་ཞེས་གསུངས་སོ། །དེས་ན་ཆོས་ཤེས་པའི་བཟོད་པ་ཁོ་ནས་སྐད་ཅིག་མ་གཅིག་ལ་དེ་ཁོ་ན་ཉིད་རྟོགས་པས་བལྟ་བར་བྱ་བ་གཞན་མེད་པའི་ཕྱིར་མཐོང་བའི་ལམ་ལ་སྐད་ཅིག་མ་བཅུ་དྲུག་གི་རྣམ་གཞག་ཅི་ལྟར་བྱེད། དེ་ཉིད་ཀྱི་ཕྱིར། དོན་གྱི་རང་གི་ངོ་བོ་གཅིག །བདག་ཉིད་མངོན་སུམ་ཡིན་པ་ལ། །ཚད་མ་རྣམས་ཀྱིས་བརྟག་བྱ་གང་། །མ་མཐོང་ཆ་གཞན་ཅི་ཞིག་ཡོད། །ཅེས་གསུངས་སོ། །འདིའི་དོན་ནི་སྔོན་པོ་ལ་སོགས་པ་ཆ་དང་བྲལ་བ་རྣམ་པ་ཐམས་ཅད་མངོན་སུམ་དུ་བྱས་པའི་དངོས་པོ་གཅིག་ལ། ཆ་གཞན་ མི་རྟག་པ་ལ་སོགས་པ་མ་མཐོང་བར་འགྱུར་བ་གང་ལ་རྗེས་དཔག་ལ་སོགས་པའི་ཚད་མས་རྟོགས་པར་བྱེད། དེས་ན་མི་རྟག་པ་ལ་སོགས་པའི་ཡུལ་ཅན་རྗེས་སུ་དཔག་པ་དོན་མེད་པ་ཡིན་ཏེ། མངོན་སུམ་ཁོ་ནས་མི་རྟག་པ་ལ་སོགས་པ་རྟོགས་པས་སོ་ཞེ་ན། དེ་ཁོ་ན་ཉིད་ལ་ཆ་ཤས་ མེད་པས་སྐད་ཅིག་མ་གཅིག་ལ་དེ་ཁོ་ན་ཉིད་མངོན་སུམ་དུ་བྱས་པས་སོ་སོར་རྟོག་པའི་མངོན་པར་རྟོགས་པའི་དབང་དུ་བྱས་ན་མཐོང་བའི་ལམ་སྐད་ཅིག་མ་གཅིག་ཁོ་ན་ཡིན་པ་དེ་བདེན་མོད་ཀྱི། འོན་ཀྱང་སྒྲོ་བཏགས་པའི་རྣམ་པ་གཞན་གསལ་བའི་སྒོ་ནས་ངེས་པ་ལ་ལྟོས་ཏེ་སྐད་ཅིག་མ་བཅུ་ དྲུག་གི་རྣམ་གཞག་བྱེད་པ་ཡིན་ནོ། །དཔེར་ན་སྔོན་པོ་དང་། མི་རྟག་པ་ཉིད་དང་། འཚེར་བ་ལ་སོགས་པའི་ཁྱད་པར་ཅན་ཨུཏྤ་ལ་མཐོང་ནས་རྣམ་པར་རྟོག་པ་རིམ་པར་སྐྱེ་བར་ཡོད་དུ་ཟིན་ཀྱང་རྟོག་མེད་ཀྱི་ཤེས་པ་དེས་ཡུལ་རྣམ་པ་ཐམས་ཅད་དུ་མངོན་དུ་བྱས་པ་ལ་གནོད་པ་མེད་དོ། །འདི་ ལྟར་གང་གི་ཚེ་རྣམ་པར་རྟོག་པ་མེད་པའི་ཤེས་པས་སྔོན་པོའི་དངོས་པོ་མཐོང་བ་དེའི་ཚེ་སྔོན་པོ་དང་མི་རྟག་པ་ལ་སོགས་པའི་ཆོས་རྣམས་ཐ་དད་མེད་པ་སྟེ། ཐ་དད་དུ་སྣང་བ་མེད་པས་སོ། །དེའི་ཕྱིར་སྔོན་པོ་དང་མི་རྟག་པ་ལ་སོགས་པའི་ཆོས་རྣམས་ཐ་དད་པ་མ་ཡིན་པས་སོ། །དེ་ ལྟ་བུའི་རང་བཞིན་ཅན་སྔོན་པོ་ལ་སོགས་པ་རྣམ་པར་རྟོག་པ་མེད་པའི་ཤེས་པས་འཛིན་ཏེ། དངོས་པོ་ཇི་ལྟར་གནས་པ་དེ་བཞིན་དུ་འཛིན་པ་ཡིན་པས་སོ། །གལ་ཏེ་སྔོན་པོ་ལ་སོགས་པའི་ཆོས་ཇི་ལྟར་དངོས་པོ་ལ་ཐ་མི་དད་པར་གནས་པ་དེ་བཞིན་དུ་རྣམ་པར་རྟོག་པ་མེད་པའི་ ཤེས་པས་མི་འཛིན་པ་དེའི་ཚེ། རྟོག་པ་དང་བྲལ་བའི་ཤེས་པ་འཁྲུལ་པ་ཡིན་པས་ཚད་མ་ཉིད་དུ་མི་འགྱུར་རོ། །དེས་ན་བདག་ཉིད་ཐམས་ཅད་ཀྱི་ཆ་ཤས་མེད་པའི་དངོས་པོ་མངོན་སུམ་དུ་བྱའོ། །ཡང་ཕྱིས་ཀྱི་དུས་སུ་སྒྲོ་འདོགས་པ་རྣམ་པར་གཅོད་པའི་སྒོ་ནས་རྣམ་པར་རྟོག་པ་རྣམས་རིམ་ གྱིས་འཇུག་སྟེ། དཔེར་ན་ཉ་ཕྱིས་ལ་དངུལ་གྱི་རྣམ་པར་སྒྲོ་འདོགས་པ་རྣམ་པར་གཅོད་པའི་སྒོ་ནས་ཉ་ཕྱིས་ཉིད་དོ་ཞེས་པའི་རྣམ་པར་རྟོག་པ་འཇུག་པ་དེ་བཞིན་དུ་སྔོན་པོ་མ་ཡིན་པ་དང་། རྟག་པ་ལ་སོགས་པའི་སྒྲོ་འདོགས་པ་རྣམ་པར་གཅོད་པའི་སྒོ་ནས་སྔོན་པོ་ལ་སོགས་པའི་རྣམ་པར་རྟོག་ པ་རིམ་པར་འཇུག་གོ། །དེ་བཞིན་དུ་འདིར་ཡང་ཤེས་པར་བྱ་སྟེ། འདི་ལྟར་ཡང་སྐད་ཅིག་མ་གཅིག་ལ་འཕགས་པའི་བདེན་པ་བཞི་པོ་རྣམས་ཀྱི་སྟོང་པ་ཉིད་ཀྱི་མཚན་ཉིད་ཅན་དེ་ཁོ་ན་ཉིད་མངོན་སུམ་དུ་བྱས་སོ། །དུས་ཕྱིས་སྟོང་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྒྲོ་འདོགས་པ་རྣམ་ པར་བཅད་ནས་སྡུག་བསྔལ་ལ་ཆོས་ཤེས་པ་ལ་སོགས་པའི་ངེས་པའི་རང་བཞིན་ཅན་རིམ་པ་སྐྱེས་སུ་ཟིན་ཀྱང་སྐད་ཅིག་མ་གཅིག་ལ་དེ་ཁོ་ན་ཉིད་མངོན་སུམ་དུ་བྱས་པ་ལ་གནོད་པ་མེད་དོ། །དེས་ན་དངོས་པོའི་རང་བཞིན་རྣམ་པ་ཐམས་ཅད་ཀྱིས་རྟོགས་སུ་ཟིན་ཀྱང་། ཆ་ཤས་གང་ལ་ གོམས་པ་དང་གསལ་བ་ལ་སོགས་པས་ངེས་པ་སྐྱེ་བའི་སྒོ་ནས་སྒྲོ་འདོགས་པ་གཅོད་པའི་ནུས་པ་ཡོད་པ་དེ་ཁོ་ན་ལ་ཤེས་པ་དེ་ཚད་མར་འགྱུར་གྱི། གཞན་ལ་མ་ཡིན་ཏེ། སྐད་ཅིག་མ་ལ་སོགས་པ་ལའང་དེ་བཞིན་ནོ། །དེ་ལྟར་ངེས་པ་ལ་ལྟོས་ནས་མཐོང་བའི་ལམ་ལ་སྐད་ཅིག་མ་བཅུ་དྲུག་གི་ རྣམ་གཞག་བྱེད་པ་ཡིན་ནོ། །འོ་ན་སོ་སོའི་སྐྱེ་བོ་དང་། འཕགས་པ་རྣམས་ལ་ཁྱད་པར་ཅི་ཡོད་ཅེས་པ་བརྗོད་པར་མི་བྱ་སྟེ། རྣམ་པ་ཇི་ཙམ་ཅིག་བསལ་བས་དེ་རྣམས་ཀྱིས་ཤེས་པ་འཁྲུལ་པའི་མཚན་མ་དང་བྲལ་བ་དེ་ཙམ་གྱིས་འཕགས་པ་རྣམས་ལ་ཁྱད་པར་ ཡོད་པས་སོ། །དེ་ཡང་གང་གི་ཚེ་ཆོས་ཀྱི་དབྱིངས་ལ་ཆ་ཤས་མེད་པས་བདག་ཉིད་ཐམས་ཅད་ཀྱིས་སོ་སོར་རྟོགས་སུ་ཟིན་ཀྱང་ངེས་པར་སྐྱེ་བ་ལ་ལྟོས་ནས་ཀུན་དུ་འགྲོ་བའི་དོན་དུ་སོ་སོར་རྟོགས་པས་ཆོས་ཐམས་ཅད་རང་བཞིན་མེད་པར་མངོན་དུ་བྱེད་པའི་ཤིན་ཏུ་གསལ་བའི་ཤེས་པ་སྐྱེས་པ་ དེའི་ཚེ་བྱང་ཆུབ་སེམས་དཔའ་མཐོང་བའི་ལམ་ཐོབ་པོ་ཞེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར་སྐད་ཅིག་མ་གཅིག་ལ་དེ་ཁོ་ན་ཉིད་མངོན་སུམ་དུ་བྱས་ནས་ཀྱང་ཕྱིན་ཅི་ལོག་གི་ཉོན་མོངས་པ་དང་བཅས་པའི་སྒྲོ་འདོགས་པ་རྣམ་པར་གཅད་པའི་དོན་དུ་བསྒོམ་པའི་ལམ་ཡང་རིགས་སོ། །མཐོང་བའི་ ལམ་གྱི་དབྱེ་བ་བཤད་ཟིན་ཏོ། །གནས་སྐབས་འདི་ཉིད་དུ་བདག་དང་གཞན་གྱི་དོན་སྒྲུབ་པར་བྱེད་པའི་འཇིག་རྟེན་ལས་འདས་པའི་ལམ་ཐོབ་པས་བྱང་ཆུབ་སེམས་དཔའ་སྐད་ཅིག་སོ་སོ་ལ་རབ་ཏུ་དགའ་བར་འགྱུར་བ་དེའི་ཕྱིར་ས་རབ་ཏུ་དགའ་བའོ། །གཞན་ཡང་རབ་ཏུ་དགའ་བ་ནི་ཡིད་བདེ་ བའོ། །དེ་ཡང་རྣམ་པ་དགུ་སྟེ། དེ་ལ་དང་བའི་རབ་ཏུ་དགའ་བ་ནི་དཀོན་མཆོག་ལའོ། །རངས་པའི་རབ་ཏུ་དགའ་བ་ནི་དམིགས་པ་ལ་དགའ་བས་སོ། །སེམས་པ་མཐོང་བའི་རབ་ཏུ་དགའ་བ་ནི་བདག་གི་རྟོགས་པའི་ཁྱད་པར་མཐོང་བས་སོ། །མཆོག་ཏུ་གྱུར་པའི་རབ་ཏུ་དགའ་བ་ནི་བདག་ གི་ལུས་དང་སེམས་ལ་རྗེས་སུ་བཟུང་བས་རྒྱས་པར་འགྱུར་བས་སོ། །རབ་ཀྱི་རབ་ཏུ་དགའ་བ་ནི་ལུས་དང་སེམས་ལ་རྗེས་སུ་བཟུང་བས་ཁྱབ་པས་སོ། །སྤྲོ་བའི་རབ་ཏུ་དགའ་བ་ནི་བྱང་ཆུབ་དང་ཉེ་བར་མཐོང་བས་སོ། །མི་འཁྲུགས་པའི་རབ་ཏུ་དགའ་བ་ནི་རང་གི་རྒྱུད་ཡོངས་སུ་སྨིན་པའི་དོན་དུ་འཕེལ་ བའི་གཏམ་གྱིས་དུས་སུ་མི་འཁྲུགས་པས་སོ། །རྣམ་པར་མི་འཚེ་བའི་རབ་ཏུ་དགའ་བ་ནི་གཞན་ཡོངས་སུ་སྨིན་པའི་དོན་དུ་སེམས་ཅན་ཡོངས་སུ་སྡུད་པའི་ཚེ་སྙིང་རྗེ་དང་ཐབས་མཁས་པ་ཉིད་ཀྱིས་སོ། །མི་ཁྲོ་བའི་རབ་ཏུ་དགའ་བ་ནི་སེམས་ཅན་ལོག་པར་སྒྲུབ་པའི་དུས་སུ་བཟོད་པས་སོ། །དེ་ ལྟར་རྣམ་པ་དགུས་རབ་ཏུ་དགའ་བ་ཡིན་པས་ན་རབ་ཏུ་དགའ་བའི་ས་ཞེས་བྱའོ། །མཐོང་བའི་ལམ་འདི་ཁོ་ན་འཇུག་པའི་སྒྲུབ་པ་དང་། ཚོགས་ཀྱི་སྒྲུབ་པ་ཅི་ལྟར་འགྱུར་བ་དེ་ལྟར་སྔར་བསྟན་ཟིན་ཏོ། །མཐོང་བའི་ལམ་ནི་བྱང་ཆུབ་ཀྱི་ཡན་ལག་གི་རང་བཞིན་ཅན་ཞེས་ཀྱང་བྱ་སྟེ། འདི་ ལྟར་བྱང་ཆུབ་ནི་དེ་ཁོ་ན་ཉིད་མངོན་པར་རྟོགས་པའི་རྟོག་པ་མེད་པའི་ཡེ་ཤེས་མཐོང་ལམ་གྱི་བདག་ཉིད་ཅན་ནོ། །དྲན་པ་ལ་སོགས་པ་དྲུག་གི་བྱང་ཆུབ་དང་རྗེས་སུ་མཐུན་པ་ཡིན་པས་བྱང་ཆུབ་ཀྱི་ཡན་ལག་གོ། །ཆོས་རབ་ཏུ་འབྱེད་པ་ནི་བྱང་ཆུབ་ཀྱི་བདག་ཉིད་ཅན་ཡིན་པས་བྱང་ཆུབ་ ཀྱང་ཡིན་ལ་དྲན་པ་ལ་སོགས་པའི་གྲོགས་སུ་གྱུར་པ་ཡིན་པས་ཡན་ལག་ཀྱང་ཡིན་པའི་ཕྱིར་བྱང་ཆུབ་ཀྱི་ཡན་ལག་བདུན་ཞེས་བྱའོ། །གཞན་དག་ནི་བར་ཆད་མེད་པའི་ལམ་གྱིས་བསྡུས་པའི་ཆོས་རབ་ཏུ་འབྱེད་པ་ལ་བྱང་ཆུབ་ཀྱི་ཡན་ལག་ཅེས་བརྗོད་ལ། རྣམ་པར་གྲོལ་བས་བསྡུས་པ་ ལ་བྱང་ཆུབ་ཅེས་བརྗོད་དོ། །དེ་ལ་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་རྣམ་གཞག་ལྔ་སྟེ། དམིགས་པ་དང་། ངོ་བོ་དང་། གྲོགས་དང་། བསྒོམ་པ་དང་། བསྒོམས་པའི་འབྲས་བུའི་དབྱེ་བས་སོ། །དེ་ལ་དམིགས་པ་ནི་འཕགས་པའི་བདེན་པ་བཞི་པོ་འདི་དག་གི་དེ་ཁོ་ན་ཉིད་ དེ་དོན་དམ་པ་ཡིན་ནོ་ཞེས་པའི་ཐ་ཚིག་གོ། །ངོ་བོ་ནི་དྲན་པ་དང་། ཆོས་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་སོ། །དེ་ལ་བྱང་ཆུབ་ཀྱི་རྟེན་གྱི་ཡན་ལག་དྲན་པ་སྟེ། དྲན་པའི་སྟོབས་ཀྱིས་ དམིགས་པ་དེ་ལ་ཡེངས་པར་མི་འགྱུར་བས་སོ། །ངོ་བོ་ཉིད་ཀྱི་ཡན་ལག་ནི་ཆོས་རྣམ་པར་འབྱེད་པ་སྟེ། བྱང་ཆུབ་ཤེས་རབ་ཀྱི་ངོ་བོ་ཉིད་ཡིན་པས་སོ། །བརྩོན་འགྲུས་ནི་ངེས་པར་འབྱུང་བའི་ཡན་ལག་སྟེ། བརྩོན་འགྲུས་ཀྱིས་སོ་སོ་སྐྱེ་བོའི་ས་ལས་འདའ་བར་བྱེད་པས་སོ། །དགའ་ བ་ནི་ཕན་ཡོན་གྱི་ཡན་ལག་སྟེ། དེས་ལུས་དང་སེམས་རྗེས་སུ་འཛིན་པས་སོ། །ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་ནི་ཀུན་ནས་ཉོན་མོངས་པ་མེད་པའི་ཡན་ལག་སྟེ། དེ་རྣམས་ཀུན་ནས་ཉོན་མོངས་པའི་གཉེན་པོ་ཡིན་པས་སོ། །དེ་ལ་ཀུན་ནས་ཉོན་མོངས་ པ་མེད་པའི་གཞི་ནི་ཤིན་ཏུ་སྦྱངས་པའོ། །ཀུན་ནས་ཉོན་མོངས་པ་མེད་པའི་རྟེན་ནི་ཏིང་ངེ་འཛིན་ཏོ། །ཀུན་ནས་ཉོན་མོངས་པ་མེད་པའི་རང་བཞིན་ནི་བཏང་སྙོམས་ཏེ། འདི་ལྟར་ཉོན་མོངས་པ་མེད་པའི་རྣམ་པར་དག་པ་ཡིན་ལ། དེའི་གཞི་ནི་རྒྱུ་སྟེ་སྦྱངས་པའོ། ། ཀུན་ནས་ཉོན་མོངས་པ་གཞིའི་གཉེན་པོ་ཡིན་པས་ན་ཀུན་ནས་ཉོན་མོངས་པ་མེད་པའི་གཞི་ཞེས་བྱའོ། །འདི་ལྟར་ལུས་དང་སེམས་ལས་སུ་མི་རུང་བའི་གནས་ངན་ལེན་གྱིས་སེམས་རྩེ་གཅིག་ཏུ་མི་གནས་པས་སེམས་གཡེངས་པར་འགྱུར་རོ། །སེམས་གཡེངས་པ་ལ་འདོད་ཆགས་ལ་ སོགས་པ་ཀུན་ནས་ཉོན་མོངས་པ་རབ་ཏུ་འཇོག་གོ། །དེས་ན་ལུས་དང་སེམས་ལས་སུ་མི་རུང་བ་ཉིད་ཀྱིས་གནས་ངན་ལེན་ནོ། །ཀུན་ནས་ཉོན་མོངས་པའི་གཞིའི་དེའི་གཉེན་པོ་ནི་ཤིན་ཏུ་སྦྱངས་པའོ། །དེ་ཡང་ཀུན་ནས་ཉོན་མོངས་པ་མེད་པའི་གཞི་སྟེ། ལུས་དང་སེམས་ལས་སུ་རུང་བ་ ལས་སེམས་མཉམ་པར་འཇོག་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པས་ཉོན་མོངས་པ་སྤོང་བར་འགྱུར་བས་སོ། །དེ་ལྟར་ཀུན་ནས་ཉོན་མོངས་པའི་གཞིའི་གཉེན་པོ་ཡིན་པས་ཤིན་ཏུ་སྦྱངས་པ་ལ་དེ་ཡང་ཀུན་ནས་ཉོན་མོངས་པ་མེད་པའི་གཞི་ཞེས་བྱའོ། །ཀུན་ནས་ཉོན་མོངས་པ་ མེད་པའི་རྟེན་ཏིང་ངེ་འཛིན་ནོ། །སེམས་མཉམ་པར་གཞག་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པས་ཉོན་མོངས་པ་སྤོང་བས་སོ། །ཀུན་ནས་ཉོན་མོངས་པ་མེད་པའི་རང་བཞིན་བཏང་སྙོམས་ཏེ། བརྣབ་སེམས་དང་ཡིད་མི་བདེ་བ་ལ་སོགས་པ་དང་བྲལ་བས་ཀུན་ནས་ཉོན་མོངས་པ་ ཅན་དུ་གནས་པ་དང་རྗེས་སུ་མཐུན་པའི་སེམས་མཉམ་པ་ཉིད་མཉམ་པ་ཉིད་མ་ཡིན་པའི་གཉེན་པོ་ཡིན་པས་སོ། །གཞན་དག་ནི་མཐོང་བའི་ལམ་གྱིས་མཐོང་བས་སྤང་བར་བྱ་བའི་ཀུན་ནས་ཉོན་མོངས་པ་སྤངས་ནས་ཀུན་ནས་ཉོན་མོངས་པ་དེའི་རྒྱུ་དང་རང་བཞིན་གྱིས་རྣམ་པར་དག་པ་རྣམ་པར་གྲོལ་བའི་ ལམ་གྱིས་བསྡུས་པ་ཞེས་བྱ་ལ། རྣམ་པར་ངེས་པའི་ཤེས་རབ་སྐྱེ་བ་གང་ཡིན་པ་དེ་ལ་བཏང་སྙོམས་ཞེས་བྱ་སྟེ། དགོས་པ་གྲུབ་པའི་ཕྱིར་ཟད་དོ་སྙམ་ནས་བཏང་སྙོམས་སུ་འཇུག་པས་སོ། །ངོ་བོ་བསྟན་ཟིན་ཏོ། །གྲོགས་ནི་དེ་རྣམས་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། ། བསྒོམ་པ་ནི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ལམ་དབེན་པ་ལ་གནས་པ་དང་། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བར་ཡོངས་སུ་བསྒྱུར་བ་བསྒོམས་པའོ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཇི་ལྟ་བར་བཏང་སྙོམས་ཡང་དག་བྱང་ ཆུབ་ཀྱི་ཡན་ལག་གི་བར་དུ་ཡང་དེ་བཞིན་ནོ། །དབེན་པ་ལ་གནས་པ་དང་། འདོད་ཆགས་དང་བྲལ་བ་ལ་གནས་པ་དང་། འགོག་པ་ལ་གནས་པ་དང་། རྣམ་པར་སྤོང་བ་ཡོངས་སུ་བསྒྱུར་བའི་ཚིག་བཞི་པོ་འདིས་བྱང་ཆུབ་ཀྱི་ཡན་ལག་རྣམས་བདེན་པ་བཞི་ལ་དམིགས་ནས་བསྒོམ་པ་ ཡིན་པར་ཡོངས་སུ་བསྟན་ཏེ། འདི་ལྟར་སྡུག་བསྔལ་སྡུག་བསྔལ་ཉིད་དུ་དམིགས་པ་ནི་དེ་དང་བྲལ་བ་ཚོལ་བ་ཡིན་པས་སྡུག་བསྔལ་ལ་དམིགས་པ་ལ་དབེན་པ་ལ་གནས་པ་ཞེས་བྱའོ། །སྲེད་པའི་མཚན་ཉིད་ཅན་སྡུག་བསྔལ་གྱི་ཀུན་འབྱུང་སྡུག་བསྔལ་གྱི་ཀུན་འབྱུང་ཉིད་དུ་དམིགས་པ་ན་ དེའི་འདོད་ཆགས་དང་བྲལ་བ་ཚོལ་བ་ཡིན་པས་དེ་ལ་དམིགས་པ་ལ་འདོད་ཆགས་དང་བྲལ་བ་ལ་གནས་པ་ཞེས་བྱའོ། །སྡུག་བསྔལ་གྱི་འགོག་པ་སྡུག་བསྔལ་གྱི་འགོག་པ་ཉིད་དུ་དམིགས་པ་ན་དེ་མངོན་དུ་བྱེད་པ་ཚོལ་བ་ཡིན་པས་དེ་ལ་དམིགས་པ་ལ་འགོག་པ་ལ་གནས་པ་ཞེས་བྱའོ། །སྡུག་ བསྔལ་གྱི་འགོག་པར་འགྲོ་བ་སྒྲུབ་པ་ལ་རྣམ་པར་སྤོང་བ་ཞེས་བྱ་སྟེ། དེས་སྡུག་བསྔལ་སྤོང་བར་འགྱུར་བས་སོ། །དེ་དེ་བཞིན་དུ་དམིགས་པ་ན་སྒོམ་པ་ཚོལ་བ་ཡིན་པས་དེ་ལ་དམིགས་པ་ལ་རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་ཞེས་བྱའོ། །བསྒོམ་པ་བསྟན་ཟིན་ཏོ། །འབྲས་བུ་ནི་ མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པ་སྟེ། བྱང་ཆུབ་ཀྱི་ཡན་ལག་རྣམས་མཐོང་ལམ་གྱི་ངོ་བོ་ཡིན་པས་སོ། །དེ་ལྟར་སེམས་བསྐྱེད་པ་ལྔ་པས་བྱང་ཆུབ་ཀྱི་ཡན་ལག་བདུན་བསྡུས་སོ། །དེས་ནི་སེམས་བསྐྱེད་པ་ལྔ་པ་བྱང་ཆུབ་ཀྱི་ཡན་ལག་གི་རང་བཞིན་ཅན་ཉིད་དུ་ བསྟན་པ་ཡིན་ནོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ཅིག་ཏུ་གྱུར་པ་ནི་དེའི་ཚེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ལྷག་པར་གྱུར་པ་ཡོད་པས་སོ། །དེ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་སེམས་དཔའི་ཆོས་ཉིད་ལ་གནས་པའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་ སྙིང་རྗེ་སྔོན་དུ་སོང་བའི་སེམས་ཀྱིས་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བའི་དུས་སུ་ལུས་དང་། ངག་དང་། ཡིད་ཀྱི་ལས་གང་ཡིན་པའོ། །དེ་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་རིགས་དང་། སྨོན་ལམ་དང་། བསམ་པ་དང་། དངོས་པོ་དང་། རང་བཞིན་གྱིས་བསྟན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཆོས་ཉིད་ནི་རིགས་སོ། །སྨོན་ལམ་ནི་བྱང་ཆུབ་ཀྱི་སེམས་སོ། །བསམ་པ་ནི་སྙིང་རྗེ་སྔོན་དུ་འགྲོ་བའི་སེམས་སོ། །དངོས་པོ་ནི་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བའོ། །རང་ བཞིན་ནི་ལུས་དང་ངག་དང་ཡིད་ཀྱི་ལས་སོ། །དེ་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ཅིག་ཏུ་གྱུར་པ་བསྟན་ཟིན་ཏོ། །སེམས་བསྐྱེད་པ་ལྔ་པ་ནི་གཏེར་ཆེན་པོ་དང་འདྲ་སྟེ། ཟང་ཟིང་གི་ལོངས་སྤྱོད་ཀྱི་སེམས་ཅན་ཚད་མེད་པ་རྣམས་ཚིམ་པར་བྱེད་པ་དང་། མི་ཟད་པས་སོ། །སེམས་ བསྐྱེད་པ་ལྔ་པ་བསྟན་ཟིན་ཏོ། །སེམས་བསྐྱེད་པ་དྲུག་པ་ནས་ཉི་ཤུ་པའི་བར་དུ་སེམས་བསྐྱེད་པ་བཅོ་ལྔ་ནི་འཇིག་རྟེན་ལས་འདས་པ་བསྒོམ་པའི་ལམ་དང་། འཇུག་པའི་སྒྲུབ་པ་དང་། ཚོགས་ཀྱི་སྒྲུབ་པ་དང་། ལམ་གྱི་ཡན་ལག་དང་བཅས་པ་ཞེས་བྱའོ། །ཇི་ལྟར་བསྟན་པའི་མཐོང་ བའི་ལམ་གྱི་མངོན་དུ་བྱས་པའི་དངོས་པོ་ལས་ཐ་མི་དད་པ་ལ་དམིགས་པས་མཐོང་བ་དང་། བསྒོམ་པའི་ལམ་ཐ་མི་དད་པའི་ཕྱིར་བསྒོམ་པའི་ལམ་མཚན་ཉིད་པ་ཡིན་མོད་ཀྱི། དེ་ལྟར་ན་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་བསྒོམ་པས་སྤང་བར་བྱ་བའི་དངོས་པོའི་གཉེན་པོར་སྒོམ་པར་ བྱེད་པ་ཡིན་ནོ། །དེས་ན་མཐོང་བའི་དོན་ལ་ཤེས་པ་རྒྱུན་ཆགས་པ་སྐྱེ་བ་ནི་སྒོམ་པའོ། །དེ་ཡང་ལམ་ཡིན་པས་ན་བསྒོམ་པའི་ལམ་མོ། །དེ་ལ་གཟུགས་ལ་སོགས་པ་ལ་དམིགས་པའི་ལྷན་ཅིག་སྐྱེས་པའི་འདོད་ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ་དང་། མ་རིག་པ་དང་ལྷན་ཅིག་ སྐྱེས་པའི་འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པའི་ལྟ་བ་དང་། འདོད་པའི་ཁམས་ཀྱི་ཉོན་མོངས་པ་དྲུག་དང་། དྲུག་པོ་དེ་རྣམས་ཉིད་ཀྱིས་ཁོང་ཁྲོ་དོར་བས་གཟུགས་ཀྱི་ཁམས་ཀྱི་ཉོན་མོངས་པ་ལྔ་དང་། དེ་བཞིན་དུ་གཟུགས་མེད་པའི་ཁམས་ཀྱི་ཉོན་མོངས་པ་ལྔ་ཡིན་པས་བསྒོམ་ པའི་ལམ་གྱིས་ཉོན་མོངས་པ་བཅུ་དྲུག་རིམ་གྱིས་སྤོང་བར་འགྱུར་རོ། །དེ་ཡང་བག་ལ་ཉལ་སྤོང་བར་འགྱུར་གྱི་མངོན་དུ་རྒྱུ་བ་ནི་མ་ཡིན་ཏེ། སྔོན་ཉིད་དུ་ཉམས་པར་གྱུར་པས་སོ། །དེ་ལ་ཡང་འདོད་ཁམས་དང་། བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་ པ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་བྱེ་བྲག་གིས་ས་དགུ་ཡོད་དོ། །དེ་ཡང་རེ་རེ་ལ་ཡང་ཉོན་མོངས་པ་རྣམ་པ་དགུ་དགུ་ཡོད་དེ། འདི་ལྟར་འདོད་པའི་ཁམས་ ཀྱི་ཉོན་མོངས་པ་དྲུག་ལ་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་དབྱེ་བས་གསུམ་ཡོད་དོ། །དེ་ལ་ཆུང་ངུ་ལ། ཆུང་ངུའི་ཆུང་ངུ་དང་། ཆུང་ངུའི་འབྲིང་དང་། ཆུང་ངུའི་ཆེན་པོ་སྟེ་རྣམ་པ་གསུམ་ཡོད་དོ། །འབྲིང་ལ་འབྲིང་གི་ཆུང་ངུ་དང་། འབྲིང་གི་འབྲིང་དང་། འབྲིང་གི་ཆེན་པོ་སྟེ་ གསུམ་ཡོད་དོ། །ཆེན་པོ་ལ་ཡང་ཆེན་པོའི་ཆུང་ངུ་དང་། ཆེན་པོའི་འབྲིང་དང་། ཆེན་པོའི་ཆེན་པོ་སྟེ་གསུམ་ཡོད་དོ། །དེ་ལྟར་འདོད་པའི་ཁམས་ཀྱི་ཉོན་མོངས་པ་ལ་རྣམ་པ་དགུ་ཡོད་དོ། །དེ་བཞིན་དུ་ས་སོ་སོ་ལ་ཉོན་མོངས་པའི་རྣམ་པ་དགུ་དགུར་འགྱུར་བས་ཉོན་མོངས་པའི་རྣམ་པ་ བརྒྱད་ཅུ་རྩ་གཅིག་བསྒོམ་པས་སྤང་བར་བྱ་བ་ཡིན་ནོ། །དེ་བཞིན་དུ་ཉོན་མོངས་པ་བརྒྱད་ཅུ་རྩ་གཅིག་གི་གཉེན་པོ་བསྒོམ་པའི་ལམ་ལ་ཡང་བརྒྱད་ཅུ་རྩ་གཅིག་སྟེ། འདི་ལྟར་འདོད་པའི་ཁམས་ཀྱི་ཉོན་མོངས་པའི་གཉེན་པོ་བསྒོམ་པའི་ལམ་ལ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་ ཉིད་ཀྱིས་རྣམ་པ་གསུམ་དུ་འགྱུར་ལ། དེ་ལ་ཡང་སོ་སོར་ཆུང་ངུའི་ཆུང་ངུ་ལ་སོགས་པའི་དབྱེ་བས་རྣམ་པ་དགུར་འགྱུར་རོ། །དེ་བཞིན་དུ་སོ་སོའི་ཉོན་མོངས་པའི་གཉེན་པོ་བསྒོམ་པའི་ལམ་ལ་རྣམ་པ་དགུ་དགུར་འགྱུར་བས་ལམ་ཡང་བརྒྱད་ཅུ་རྩ་གཅིག་ཏུ་འགྱུར་རོ། །དེ་ལ་ཡང་ཁྱད་ པར་འདི་ཡིན་ཏེ། ས་སོ་སོ་ལ་ལམ་ཆུང་ངུའི་ཆུང་ངུའི་རྣམ་པས་ཉོན་མོངས་པ་ཆེན་པོའི་ཆེན་པོ་རྣམ་པར་སྤོང་བར་འགྱུར་རོ། །དེ་བཞིན་དུ་ཆུང་ངུའི་འབྲིང་གིས་ཆེན་པོའི་འབྲིང་དང་། ཆུང་ངུའི་ཆེན་པོས་ཆེན་པོའི་ཆུང་ངུའོ། །དེ་བཞིན་དུ་འབྲིང་གི་ཆུང་ངུས་འབྲིང་གི་ཆེན་པོ་དང་། འབྲིང་གི་འབྲིང་གིས་ འབྲིང་གི་འབྲིང་དང་། འབྲིང་གི་ཆེན་པོས་འབྲིང་གི་ཆུང་ངུའོ། །དེ་བཞིན་དུ་ཆེན་པོའི་ཆུང་ངུས་ཆུང་ངུའི་ཆེན་པོ་དང་། ཆེན་པོའི་འབྲིང་གིས་ཆུང་ངུའི་འབྲིང་དང་། ཆེན་པོའི་ཆེན་པོས་ཉོན་མོངས་པའི་རྣམ་པ་ཆུང་ངུའི་ཆུང་ངུ་སྤོང་བར་འགྱུར་བ་ཡིན་པས་ཉོན་ མོངས་པའི་རྣམ་པ་ལས་བཟློག་པའི་གཉེན་པོའི་རྣམ་པར་གཞག་པར་རིག་པར་བྱའོ། །ཅིའི་ཕྱིར་ལམ་ཆུང་ངུའི་ཆུང་ངུའི་རྣམ་པས་ཉོན་མོངས་པའི་རྣམ་པ་ཆེན་པོའི་ཆེན་པོ་སྤོང་བར་འགྱུར་ཞེ་ན། ཉོན་མོངས་པའི་རྣམ་པ་ཆེན་པོའི་ཆེན་པོ་རྣམ་པ་དེ་ངོ་ཚ་བ་དང་། ཁྲེལ་མེད་པའི་རྒྱུད་ ལ་ཀུན་ཏུ་སྤྱོད་པས་མཚོན་པ་དང་ཡོངས་སུ་གཅོད་པར་སླ་བ་ཡིན་ནོ། །དེས་ན་དྲི་མ་རགས་པ་བཞིན་དུ་གཉེན་པོ་ཆུང་ངུས་སྤོང་བར་འགྱུར་རོ། །གང་ཀུན་དུ་སྤྱོད་པ་ཡོངས་སུ་གཅོད་པར་དཀའ་བ་ཕྲ་བ་ཉོན་མོངས་པའི་རྣམ་པ་ཆུང་ངུའི་ཆུང་ངུ་དྲི་མ་ཕྲ་མོ་བཞིན་དུ་གཉེན་པོ་ཆེན་པོའི་ཆེན་པོ་ སྟོབས་ཀྱིས་སྤོང་བར་འགྱུར་བས་མི་མཐུན་པའི་ཕྱོགས་དང་གཉེན་པོའི་རྣམ་པའི་རྣམ་གཞག་བཟློག་ནས་བསྟན་པར་རིག་པར་བྱའོ། །དེ་ལ་ལམ་གྱི་རྣམ་པ་རེ་རེ་ལ་ཡང་སྦྱོར་བ་དང་། བར་ཆད་མེད་པ་དང་། རྣམ་པར་གྲོལ་བའི་ལམ་གྱི་རང་བཞིན་ཉིད་ཤེས་པར་བྱ་སྟེ། ལམ་གང་ བསྒོམས་པས་རིམ་གྱིས་ཉོན་མོངས་པའི་རྣམ་པ་ཆེན་པོའི་ཆེན་པོ་ལ་སོགས་པའི་གནས་ངན་ལེན་དང་བྲལ་བས་རྟེན་ཡོངས་སུ་འགྱུར་བར་བྱེད་པ་དེ་ལ་བསྒོམ་པའི་ལམ་གྱི་སྦྱོར་བའི་ལམ་ཞེས་བརྗོད་པར་བྱའོ། །གང་གིས་དེ་མ་ཐག་ཏུ་ཉོན་མོངས་པའི་རྣམ་པ་ཆེན་པོའི་ཆེན་པོ་ལ་སོགས་པ་མ་ ལུས་པར་བྲལ་བར་འགྱུར་བས་རྟེན་ཡོངས་སུ་གྱུར་པ་དེ་ལ་བསྒོམ་པའི་ལམ་གྱི་བར་ཆད་མེད་པའི་ལམ་ཞེས་བརྗོད་པར་བྱ་ལ། དེ་ཡང་རྐུན་པོ་ཕྱུང་བའི་ཚུལ་བཞིན་དུ་ཤེས་པར་བྱ་སྟེ། དེས་ཉོན་མོངས་པའི་རྐུན་པོ་ཕྱུང་བས་སོ། །གང་གིས་ཉོན་མོངས་པ་སྤངས་པའི་རྟེན་ཡོངས་སུ་གྱུར་པ་ མངོན་དུ་བྱེད་པ་སྟེ། རྣམ་པར་གྲོལ་བ་མངོན་དུ་བྱེད་པ་ཡིན་པས་དེ་ལ་བསྒོམ་པའི་ལམ་གྱི་རྣམ་པར་གྲོལ་བའི་ལམ་ཞེས་བྱའོ། །དེ་ཡང་སྒོ་འཕར་བཅད་པའི་ཚུལ་དུ་རིག་པར་བྱ། དེས་ཉོན་མོངས་པའི་རྐུན་པོ་རྣམས་ལ་གོ་སྐབས་མི་འབྱེད་པས་སོ། །དེ་ལྟར་མི་མཐུན་པའི་ཕྱོགས་དང་། གཉེན་པོའི་རྣམ་པར་བསྟན་པ་ཡིན་ནོ། །དེ་ལ་འདོད་པའི་ཁམས་ན་བསྒོམ་པས་སྤང་བར་བྱ་བའི་རྣམ་པ་དགུའི་གཉེན་པོ་ནི་བསྒོམ་པའི་ལམ་རྣམ་པ་དགུ། སེམས་བསྐྱེད་པ་དགུའི་རང་བཞིན་ཅན་དྲི་མ་མེད་པ་དང་། འོད་བྱེད་པ་དང་། འོད་འཕྲོ་བ་དང་། སྦྱང་དཀའ་བ་ དང་། མངོན་དུ་བྱེད་པ་དང་། རིང་དུ་སོང་བ་དང་། མི་གཡོ་བ་དང་། ལེགས་པའི་བློ་གྲོས་དང་། ཆོས་ཀྱི་སྤྲིན་ཏེ་ས་དགུ་པོ་རྣམས་སོ། །དེ་ལ་གང་ཟག་གི་རྣམ་གཞག་བསྟན་པར་བྱ་སྟེ། གང་གི་ཚེ་ས་རབ་ཏུ་དགའ་བ་སྐད་ཅིག་མ་བཅུ་དྲུག་གི་བདག་ཉིད་ཅན་མཐོང་བའི་ལམ་གྱི་ སྐད་ཅིག་མ་བཅོ་ལྔ་ལ་གནས་པར་གྱུར་པ་དེའི་ཚེ་གང་ཟག་དེ་ལ་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་ཞེས་བྱའོ། །ཡང་གང་གི་ཚེ་སྐད་ཅིག་མ་བཅུ་དྲུག་པ་ལ་གནས་པར་གྱུར་པ་དང་། དྲི་མ་མེད་པ་དང་། འོད་བྱེད་པ་དང་། འོད་འཕྲོ་བ་དང་། སྦྱང་དཀའ་བ་སྟེ། སའི་རང་ བཞིན་ཅན་བསྒོམ་པའི་ལམ་གྱི་རྣམ་པ་བཞི་པ་ལ་གནས་པ་དེའི་ཚེ་རྒྱུན་དུ་ཞུགས་པ་ཉིད་དོ། །མངོན་དུ་བྱེད་པ་སྟེ། སའི་རང་བཞིན་ཅན་བསྒོམ་པའི་ལམ་གྱི་རྣམ་པ་ལྔ་པ་ལ་གནས་པ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ཞུགས་པའོ། །རིང་དུ་སོང་བ་སྟེ། སའི་རང་བཞིན་ཅན་བསྒོམ་ པའི་ལམ་གྱི་རྣམ་པ་དྲུག་པ་ལ་གནས་པ་ལ་ལན་ཅིག་ཕྱིར་འོང་བ་ཞེས་བྱའོ། །མི་གཡོ་བ་སྟེ། སའི་རང་བཞིན་ཅན་རྣམ་པ་བདུན་པ་དང་། ལེགས་པའི་བློ་གྲོས་ཏེ། སའི་རང་བཞིན་ཅན་བསྒོམ་པའི་ལམ་གྱི་རྣམ་པ་བརྒྱད་པ་ལ་གནས་པ་ལ་ཕྱིར་མི་འོང་བའི་འབྲས་བུ་ལ་ཞུགས་པ་ཞེས་ བྱའོ། །ཆོས་ཀྱི་སྤྲིན་ཏེ་སའི་རང་བཞིན་ཅན་བསྒོམ་པའི་ལམ་གྱི་རྣམ་པ་དགུ་པ་ལ་གནས་པ་ལ་ཕྱིར་མི་འོང་བ་ཞེས་བྱ་སྟེ། འདོད་པའི་ཁམས་ཀྱི་མཐོང་བ་དང་། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པའི་ཕྱིར་འདོད་པའི་ཁམས་སུ་མི་འོང་བས་སོ། །དེ་ལྟར་ཡང་། འདོད་པའི་ རྣམ་པ་དྲུག་པ་དང་། །དགུ་པའི་ཡང་དག་ཟད་པ་ཡིས། །ལན་ཅིག་ཕྱིར་ནི་འོང་བ་དང་། །ཕྱིར་མི་འོང་བའི་གང་ཟག་འགྱུར། །སྲིད་རྩེའི་ཐ་མར་ཟད་པ་ཡིས། །དགྲ་བཅོམ་དེ་རྣམས་ལམ་ལ་གནས། །དེ་ཡི་སྦྱོར་བ་ལ་གནས་བཞི། །དེ་ལ་ཞུགས་པ་ཞེས་ནི་བརྗོད། །དགྲ་བཅོམ་ མི་སློབ་གཞན་བདུན་སློབ། །ཟད་པ་སློབ་པ་ཡིན་པས་སོ། །ཞེས་གསུངས་པ་ཡིན་པས་སོ། །འདིའི་དོན་ནི་འདོད་པའི་ཁམས་ཀྱི་ཉོན་མོངས་པའི་རྣམ་པ་དྲུག་པ་སྤངས་པས་ལན་ཅིག་ཕྱིར་འོང་བའོ། །ཉོན་མོངས་པའི་རྣམ་པ་དགུ་པ་སྤངས་པས་ཕྱིར་མི་འོང་བར་ འགྱུར་རོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་ཐ་མ་ཆུང་ངུའི་ཆུང་ངུ་རྣམ་པ་ཟད་པས་དགྲ་བཅོམ་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དེ་དག་བསྒོམ་པའི་ལམ་ལ་གནས་པའོ། །དགྲ་བཅོམ་པ་ནི་མཐར་ཕྱིན་པའི་ལམ་ལ་གནས་པའོ། །རྒྱུན་དུ་ ཞུགས་པ་ལ་སོགས་པའི་འབྲས་བུའི་སྦྱོར་བ་ལ་གནས་པ་ལ་ནི་འབྲས་བུ་ལ་ཞུགས་པ་ཞེས་བྱའོ། །གང་ཟག་བརྒྱད་པོ་རྣམས་ཀྱི་ནང་ནས་དགྲ་བཅོམ་པ་མི་སློབ་པ་སྟེ། ཟག་པ་ཟད་པ་ལ་མི་སློབ་པས་སོ། །གང་ཟག་གཞན་བདུན་པོ་རྣམས་སློབ་པ་སྟེ། སྒྲིབ་པ་ཟད་པ་ལ་སློབ་པས་སོ་ཞེས་ པའོ། །དེ་ལ་འདོད་པའི་ཁམས་ཀྱི་ཉོན་མོངས་པ་རྣམ་པ་དགུའི་གཉེན་པོ་སེམས་བསྐྱེད་པ་དགུའི་ནང་ནས་དང་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ཅིག་ཏུ་གྱུར་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་གང་བྱང་ཆུབ་སེམས་དཔའི་ཆོས་ཉིད་ལ་གནས་པའི་བྱང་ཆུབ་སེམས་དཔའ་ བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་སྙིང་རྗེ་སྔོན་དུ་བཏང་བའི་སེམས་ཀྱིས་སྡོམ་པ་ཐམས་ཅད་ཡང་དག་པར་ལེན་པ་དང་། རྗེས་སུ་བསྲུང་བའི་ལུས་དང་ངག་དང་ཡིད་ཀྱི་ལས་སོ། །སེམས་བསྐྱེད་པ་འདི་ནི་རིན་པོ་ཆེའི་འབྱུང་གནས་ལྟ་བུ་སྟེ། ཡོན་ཏན་རིན་པོ་ཆེ་ཐམས་ཅད་འདི་ལས་འབྱུང་ བས་སོ། །སེམས་བསྐྱེད་པ་གཉིས་པ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ཅིག་ཏུ་གྱུར་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་གང་བྱང་ཆུབ་སེམས་དཔའི་ཆོས་ཉིད་ལ་གནས་པའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་སྙིང་རྗེ་སྔོན་དུ་བཏང་བའི་སེམས་ཀྱིས་གནོད་པ་ བྱེད་པ་དང་དུ་ལེན་པ་དང་། སྡུག་བསྔལ་ལ་ཇི་མི་སྙམ་པའི་ལུས་དང་ངག་དང་ཡིད་ཀྱི་ལས་སོ། །དེ་ཡང་རྒྱ་མཚོ་ལྟ་བུ་སྟེ་མི་འདོད་པ་འབྱུང་བས་མི་འཁྲུག་པས་སོ། །སེམས་བསྐྱེད་པ་གསུམ་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ཅིག་ཏུ་གྱུར་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ ཕྱིན་པ་དེ་ཡང་གང་བྱང་ཆུབ་སེམས་དཔའི་ཆོས་ཉིད་ལ་གནས་པའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས། སྙིང་རྗེ་སྔོན་དུ་བཏང་བའི་སེམས་ཀྱིས་དགེ་བའི་ཆོས་ཐམས་ཅད་ཡང་དག་པར་སྒྲུབ་པའི་ལུས་དང་ངག་དང་ཡིད་ཀྱི་ལས་སོ། །དེ་ཡང་རྡོ་རྗེ་ལྟ་བུ་སྟེ། ཡང་ དག་པར་ཡིད་ཆེས་པ་བརྟན་པས་གཞིག་པར་མི་ནུས་པས་སོ། །སེམས་བསྐྱེད་པ་བཞི་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ཅིག་ཏུ་གྱུར་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་གང་བྱང་ཆུབ་སེམས་དཔའི་ཆོས་ཉིད་ལ་གནས་པའི་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་སྙིང་ རྗེ་སྔོན་དུ་བཏང་བའི་སེམས་ཀྱིས་ལུས་དང་ངག་དང་ཡིད་ཀྱི་ལས་ལ་དབང་བསྒྱུར་བའི་རྣམ་པ་ཐམས་ཅད་དུ་སེམས་གནས་པ་གང་ཡིན་པའོ། །དེ་ཡང་རི་བོ་ལྟ་བུ་སྟེ། དམིགས་པ་མི་གཡེང་བས་མི་གཡོ་བའི་ཕྱིར་རོ། །སེམས་བསྐྱེད་པ་ལྔ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ ཅིག་ཏུ་གྱུར་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་གང་བྱང་ཆུབ་སེམས་དཔའི་ཆོས་ཉིད་ལ་གནས་པའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་སྙིང་རྗེ་སྔོན་དུ་བཏང་བའི་སེམས་ཀྱིས་ལུས་དང་ངག་དང་ཡིད་ཀྱི་ལས་ལ་དབང་ཐོབ་པས་རྣམ་པ་ཐམས་ཅད་དུ་ཆོས་རབ་ཏུ་ རྣམ་པར་འབྱེད་པ་གང་ཡིན་པའོ། །དེ་ཡང་སྨན་ཆེན་པོ་ལྟ་བུ་སྟེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པས་སོ། །སེམས་བསྐྱེད་པ་དྲུག་པ་ནི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ཅིག་ཏུ་གྱུར་པ་དང་། མི་ཟད་པའི་ཚད་མེད་པ་བཞི་དང་ཡང་ལྷན་ཅིག་ ཏུ་གྱུར་པའོ། །དེ་ལ་ཆོས་གང་ལ་གྲུབ་པའམ། འཕེལ་བའམ། ཐོབ་པའམ། རབ་ཏུ་སྤོང་བའི་དོན་དུ་གང་འོས་པ་དེ་དེའི་ཐབས་ཡིན་ནོ། །དེ་ལ་མཁས་ཤིང་མཛངས་པ་ནི་ཐབས་ལ་མཁས་པ་སྟེ། ཐབས་ལ་མཁས་པ་ཁོ་ན་ཕ་རོལ་ཏུ་ཕྱིན་པ་ཡིན་པས་ན་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། བར་ གྱི་ཚིག་མི་མངོན་པར་བྱས་པས་སོ། །དེའི་ལས་ནི་སྦྱིན་པ་ལ་སོགས་པ་མི་ཟད་པར་བྱེད་པ་ཉིད་དེ། དེས་སྦྱིན་པ་ལ་སོགས་པ་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བས་སོ། །ཚད་མེད་པ་བཞི་ནི་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་སོ། །དེ་ལ་བྱང་ཆུབ་སེམས་དཔའི་ཚད་ མེད་པ་བཞི་མདོར་བསྡུས་ནས་སེམས་ཅན་ལ་དམིགས་པ་དང་། ཆོས་ལ་དམིགས་པ་དང་། དམིགས་པ་མེད་པ་ཞེས་བྱ་བའི་རྣམ་པ་གསུམ་གྱིས་བསྒོམ་པར་བྱའོ། །དེ་ལ་གང་བྱང་ཆུབ་སེམས་དཔའ་མོས་པས་བདེ་བ་དང་ལྡན་པ་དང་། སྡུག་བསྔལ་དང་ལྡན་པ་ དང་། བདེ་བ་འདོད་པའི་སེམས་ཅན་གྱི་དབང་དུ་བྱས་ནས་བདེ་བ་ཉེ་བར་བསྡུ་བའི་ལྷག་པའི་བསམ་པ་དང་ལྷན་ཅིག་ཏུ་གྱུར་པའི་བྱམས་པའི་སེམས་ཀྱིས་ཕྱོགས་བཅུའི་སེམས་ཅན་རྣམས་ལ་ཁྱབ་པར་གནས་པ་དེ་ནི་སེམས་ཅན་ལ་དམིགས་པའི་བྱམས་པའོ། །གང་ཡང་ཆོས་ཙམ་ལ་ཉེ་བར་བཏགས་ པར་བསམས་པས་མཐོང་ནས་བྱམས་པ་དེ་ཁོ་ན་ཉིད་བསྒོམ་པ་དེ་ནི་ཆོས་ལ་དམིགས་པའི་བྱམས་པའོ། །གང་ཡང་ཆོས་ཀྱང་རྣམ་པར་མི་རྟོག་པར་བྱམས་པ་དེ་ཁོ་ན་ཉིད་སྒོམ་པར་བྱེད་པ་དེ་ནི་དམིགས་པ་མེད་པའི་བྱམས་པར་རིག་པར་བྱའོ། །ཇི་ལྟར་བྱམས་པ་ལ་རྣམ་པ་གསུམ་བསྟན་པ་དེ་བཞིན་ དུ་སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལ་ཡང་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སྡུག་བསྔལ་དང་ལྡན་པའི་སེམས་ཅན་ལ་དམིགས་ནས་སྡུག་བསྔལ་དང་བྲལ་བར་བྱ་བའི་ལྷག་པའི་བསམ་པས་ཕྱོགས་བཅུ་རྣམས་སུ་སྙིང་རྗེ་དང་ལྷན་ཅིག་ཏུ་གྱུར་པའི་སེམས་སྒོམ་པར་བྱེད་པ་གང་ ཡིན་པ་དེ་ནི་སྙིང་རྗེའོ། །གང་བྱང་ཆུབ་སེམས་དཔའ་བདེ་བ་དང་ལྡན་པའི་སེམས་ཅན་ལ་དམིགས་ནས་བདེ་བ་ལ་རྗེས་སུ་ཡི་རང་བའི་བསམ་པ་ལྷག་པས་ཕྱོགས་བཅུ་རྣམས་སུ་དགའ་བ་དང་ལྷན་ཅིག་ཏུ་གྱུར་པས་སེམས་བསྒོམ་པ་ནི་དགའ་བའོ། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ དང་། སྡུག་བསྔལ་བ་དང་། བདེ་བ་དང་ལྡན་པའི་སེམས་ཅན་དེ་རྣམས་ཁོ་ན་རིམ་པ་བཞིན་དུ་གཏི་མུག་དང་། ཞེ་སྡང་དང་། འདོད་ཆགས་ཀྱི་ཉོན་མོངས་པའི་བདེན་པའི་ལྷག་པའི་བསམ་པས་ཕྱོགས་བཅུ་རྣམས་སུ་བཏང་སྙོམས་དང་ལྷན་ཅིག་ཏུ་གྱུར་པའི་སེམས་བསྒོམ་པ་དེ་ནི་བཏང་སྙོམས་ སོ། །དེ་ལ་གང་བྱང་ཆུབ་སེམས་དཔའི་སེམས་ཅན་ལ་དམིགས་པའི་ཚད་མེད་པ་དེ་ནི་གཞན་མུ་སྟེགས་པ་རྣམས་དང་ཐུན་མོང་བའོ། །གང་ཆོས་ལ་དམིགས་པའི་ཚད་མེད་པ་ནི་ཉན་ཐོས་དང་། རང་སངས་རྒྱས་དང་ཐུན་མོང་བ་ཡིན་གྱི། མུ་སྟེགས་པ་གཞན་དང་ནི་ཐུན་མོང་བ་མ་ཡིན་པའོ། །གང་བྱང་ ཆུབ་སེམས་དཔའི་དམིགས་པ་མེད་པའི་ཚད་མེད་པ་དེ་ནི་མུ་སྟེགས་པ་ཐམས་ཅད་དང་། ཉན་ཐོས་དང་། རང་སངས་རྒྱས་དང་ཐུན་མོང་མ་ཡིན་ནོ་ཞེས་རིག་པར་བྱའོ། །དེ་ལ་ཚད་མེད་པ་བཞི་པོ་དེ་ཡང་མོས་པས་སྤྱོད་པའི་ས་ན་སེམས་ཅན་ལ་དམིགས་པའོ། །རབ་ཏུ་དགའ་བ་ལ་སོགས་པ་ས་ བདུན་ནི་ཆོས་ལ་དམིགས་པའོ། །མི་གཡོ་བ་ལ་སོགས་པ་དམིགས་པ་མེད་པའོ། །འདིར་ཆོས་ལ་དམིགས་པ་མཐར་སོན་པ་ལ་བསམས་ནས་ཚད་མེད་པ་དང་ལྷན་ཅིག་ཏུ་གྱུར་པ་ཉིད་དུ་བསྟན་པ་ཡིན་ནོ། །ཚད་མེད་པ་དང་ལྷན་ཅིག་ཏུ་གྱུར་པ་བསྟན་ཟིན་ཏོ། །དེ་ཡང་བཤེས་གཉེན་ལྟ་བུ་ སྟེ། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་མཚན་ཉིད་མི་ཟད་པའི་ཚད་མེད་པ་དང་ལྡན་པས་གནས་སྐབས་ཐམས་ཅད་དུ་སེམས་ཅན་གྱི་དོན་ཡོངས་སུ་མི་འདོར་བས་སོ། །སེམས་བསྐྱེད་པ་བདུན་པ་ནི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ཅིག་ཏུ་གྱུར་པ་དང་། མི་ཟད་ པའི་མངོན་པར་ཤེས་པ་དང་ཡང་ལྷན་ཅིག་ཏུ་གྱུར་པའོ། །དེ་ལ་སྨོན་ལམ་ནི་མངོན་པར་འདོད་པའི་བདག་ཉིད་ཅན་ཡིན་པས་དུ་མ་ཡིན་ནོ། །འདིར་ནི་དགེ་བ་དང་རྗེས་སུ་མཐུན་པའི་སྐྱེ་བ་འདོད་པ་དེ་ལ་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །གང་གིས་སྐྱེ་ཞིང་སྐྱེ་བར་སངས་རྒྱས་འབྱུང་བ་ལ་ མཉེས་པར་བྱེད་ཅིང་རྟག་ཏུ་སྦྱིན་པ་ལ་སོགས་པ་ལ་རབ་ཏུ་འཇུག་པ་གང་ཡིན་པ་དེ་ལས་སོ། །མངོན་པར་ཤེས་པ་དྲུག་ནི་རྫུ་འཕྲུལ་གྱི་མངོན་པར་ཤེས་པ་དང་། ལྷའི་རྣ་བའི་མངོན་པར་ཤེས་པ་དང་། སེམས་ཀྱི་རྣམ་གྲངས་ཤེས་པའི་མངོན་པར་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པའི་ མངོན་པར་ཤེས་པ་དང་། འཆི་འཕོ་དང་སྐྱེ་བའི་མངོན་པར་ཤེས་པ་དང་། ཟག་པ་ཟད་པའི་མངོན་པར་ཤེས་པའོ། །དེ་ལ་རྫུ་འཕྲུལ་གྱི་མངོན་པར་ཤེས་པ་ནི་བསམ་གཏན་ལ་བརྟེན་ནས་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་སྣ་ཚོགས་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་དང་། ཤེས་རབ་ གང་ཡིན་པ་དང་། དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་སྣ་ཚོགས་ཡང་དག་པར་འབྱོར་པ་ནི་ས་འགུལ་བར་བྱེད་པ་དང་། གཅིག་ཏུ་གྱུར་ནས་མང་པོར་འགྱུར་བ་དང་། སྣང་བར་གྱུར་ཅིང་མི་སྣང་བར་ ཡང་འགྱུར་བ་དང་། རྩིག་པ་ལ་ཡང་འཛུལ་ཞིང་རི་ལ་ཡང་མི་ཐོགས་པར་འགྲོ་བ་དང་། ནམ་མཁའ་ལ་ཡང་འགྲོ་བ་དང་། ས་ལ་ཡང་སྟེང་དུ་འབྱུང་བ་དང་། བྱེའུ་འཛུལ་བྱེད་པ་དང་། ས་ཆེན་པོ་བཞིན་དུ་ཆུ་ལ་ཡང་མི་ནུབ་པར་འགྲོ་བ་དང་། དུ་བ་འཐུལ་ བར་བྱེད་ཅིང་མེ་འབར་བར་ཡང་བྱེད་པ་དང་། བདག་གི་ལུས་ཀྱང་སྤྲིན་ཆེན་པོ་བཞིན་དུ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོ་གང་ཞིང་ནུབ་པར་བྱེད་པའི་ཆུ་ཆེན་པོ་འབྲུབ་པར་བྱེད་དོ། །ཉི་མ་དང་ཟླ་བ་ཡང་ལག་པས་ཡོངས་སུ་འཛིན་ཅིང་ཀུན་ཏུ་ཉུག་པར་བྱེད་པ་དང་། ཚངས་པའི་ འཇིག་རྟེན་གྱི་བར་དུ་ཡང་ལུས་ཀྱིས་དབང་སྒྱུར་ཞིང་སྤོབས་པ་བདེ་བ་སྟེར་བར་བྱེད་པ་དང་། འོད་ཀྱང་སྤྲོ་བར་བྱེད་དོ་ཞེས་པ་ལ་སོགས་པའོ། །དེ་ལྷའི་རྣ་བའི་མངོན་པར་ཤེས་པ་ནི་བསམ་གཏན་ལ་བརྟེན་ནས་སྒྲ་སྣ་ཚོགས་ཉན་པ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་དང་། ཤེས་རབ་ གང་ཡིན་པ་དང་། དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །སྒྲ་སྣ་ཚོགས་ཉན་པ་ཡང་དག་པར་འབྱོར་པ་ཞེས་པ་ནི་དེས་རྣམ་པར་དག་པ་མི་ལས་ཤིན་ཏུ་འདས་པའི་ལྷའི་རྣ་བའི་ཁམས་ཀྱིས་ལྷ་དང་། མི་དང་དམྱལ་བ་དང་། དུད་འགྲོ་དང་། ཡི་ དྭགས་རྣམས་ཀྱི་སྒྲ་ཡང་ཐོས་པར་གྱུར་པ་སྟེ། ཐ་ན་ཤ་སྦྲང་དང་། མཆུ་རིངས་དང་། འབུ་སྲིན་དང་། བྱ་དང་། བུང་བ་རྣམས་ཀྱི་སྒྲ་ཡང་སྡུག་བསྔལ་ཞིང་ཉམ་ཐག་པའི་ང་རོར་ཐོས་ནས་སྡུག་བསྔལ་དེ་དང་བྲལ་བར་བྱ་བའི་ཕྱིར་ཤིན་ཏུ་འབད་པ་བྱེད་པའོ། །ཞིང་སྣ་ཚོགས་པའི་ སངས་རྒྱས་རྣམས་ཀྱིས་ཆོས་སྟོན་པའི་སྒྲ་ཡང་འདི་ཁོ་ནར་གནས་ནས་ཐོས་པར་འགྱུར་རོ། །སེམས་ཀྱི་རྣམ་གྲངས་ཤེས་པའི་མངོན་པར་ཤེས་པ་ནི་བསམ་གཏན་ལ་བརྟེན་ནས་སེམས་ཅན་གཞན་དག་གི་སེམས་ཀྱི་སྤྱོད་པ་ལ་འཇུག་པ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་དང་། ཤེས་རབ་གང་ ཡིན་པ་དང་། དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །སེམས་ཀྱི་སྤྱོད་པ་ལ་འཇུག་པ་ཡང་དག་པར་འབྱོར་པ་ཞེས་པ་ནི་དེས་སེམས་ཅན་གཞན་དེ་དག་གང་ཟག་གཞན་རྣམས་ཀྱི་སེམས་ཉིད་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། འདོད་ཆགས་དང་བཅས་པའི་སེམས་ནི་འདོད་ཆགས་དང་བཅས་པའོ་ཞེས་པ་དང་། དེ་བཞིན་དུ་འདོད་ཆགས་དང་བྲལ་བ་དང་། སྐྱོན་དང་བཅས་པ་དང་། སྐྱོན་དང་བྲལ་བ་དང་། གཏི་མུག་དང་བཅས་པ་དང་། གཏི་མུག་དང་བྲལ་བ་དང་། བླ་ན་མེད་པའི་སེམས་ལ་བླ་ན་མེད་པའི་ སེམས་སོ་ཞེས་པའི་བར་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའོ། །སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་ནི་བསམ་གཏན་ལ་བརྟེན་ནས་སྔོན་གྱི་མཐའི་སྤྱོད་པ་རྗེས་སུ་དྲན་པ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་དང་། ཤེས་རབ་གང་ཡིན་པ་དང་། དེ་དང་ མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །སྔོན་གྱི་མཐའི་སྤྱོད་པ་རྗེས་སུ་དྲན་པ་ཡང་དག་པར་འབྱོར་པ་ཞེས་པ་ནི་སྐྱེ་བ་གཅིག་ཀྱང་དྲན་ལ། གཉིས་པ་དང་། གསུམ་པ་དང་། སྐྱེ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་བར་དུ་ཡང་དག་པར་རྗེས་སུ་དྲན་པར་ འགྱུར་བའོ། །དེ་བཞིན་དུ་ཉི་མ་གཅིག་དང་། གཉིས་དང་། གསུམ་དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་བར་དུ་རྗེས་སུ་དྲན་པར་འགྱུར་བ་ནི་བདག་ནི་མིང་འདི་ཞེས་བྱ་བ་དང་། རུས་ནི་འདི་ཞེས་བྱ་བ་དང་། རིགས་ནི་འདི་ཞེས་བྱ་བ་དང་། ཁ་ཟས་ནི་འདི་ཞེས་བྱ་བ་དང་། དེ་ ལྟར་ཡུན་རིང་དུ་གནས་སོ་ཞེས་བྱ་བ་དང་། དེ་ལྟར་ཚེའི་མཐར་ཐུག་པར་གནས་སོ་ཞེས་བྱ་བ་དང་། དེ་ནས་འཕོས་ནས་འདིར་སྐྱེས་སོ་ཞེས་པའི་རྣམ་པ་དང་བཅས་པ་དང་། མིང་དང་བཅས་པ་དང་། རྒྱུ་མཚན་དང་བཅས་པའི་བར་དུ་རྣམ་པ་སྣ་ཚོགས་དང་བཅས་པའི་སྔོན་གྱི་གནས་ རྗེས་སུ་དྲན་པར་འགྱུར་རོ། །གཞན་གྱི་སྔོན་གྱི་སྲིད་པ་ཡང་དེ་ཁོ་ནའི་སྒོ་ནས་དྲན་པར་བྱེད་དོ། །འཆི་འཕོ་དང་། སྐྱེ་བའི་མངོན་པར་ཤེས་པ་ནི་བསམ་གཏན་ལ་བརྟེན་ནས་སེམས་ཅན་རྣམས་ཀྱི་འཆི་འཕོ་དང་། སྐྱེ་བ་མཐོང་བའི་ཡང་དག་པ་འབྱོར་པའི་ཏིང་ངེ་འཛིན་དང་། ཤེས་རབ་གང་ ཡིན་པ་དང་། དེ་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །དེ་རྣམས་ཀྱི་འཆི་འཕོ་བ་དང་སྐྱེ་བ་མཐོང་བའི་ཡང་དག་པར་འབྱོར་པ་ཞེས་པ་ནི་དེས་ལྷའི་མིག་རྣམ་པར་དག་པ་མིའི་ལས་ཤིན་ཏུ་འདས་པས་སེམས་ཅན་རྣམས་མཐོང་སྟེ། འཆི་འཕོ་བ་དང་། སྐྱེ་བ་དང་། སྐྱེས་པ་རྣམས་ཀྱི་ཁ་དོག་བཟང་བ་དང་། ཁ་དོག་ངན་པ་དང་། དམན་པ་དང་། གྱ་ནོམ་པ་དང་། བདེ་འགྲོ་དང་། ངན་འགྲོ་ལས་ཇི་ལྟ་བ་བཞིན་དུ་འགྲོ་བའི་སེམས་ཅན་རྣམས་རབ་ཏུ་ཤེས་སོ། །སེམས་ཅན་གྱི་ལུས་ཀྱི་ལེགས་པར་སྤྱོད་པ་དང་། ངག་གི་ལེགས་པར་སྤྱོད་པ་དང་། སེམས་ཀྱི་ལེགས་པར་སྤྱོད་པ་དང་ལྡན་པ་དང་། འཕགས་པ་རྣམས་ལ་སྐུར་པ་བཏབ་པ་དང་། ཡང་དག་པར་ལྟ་བ་དང་ལྡན་པའི་ལེགས་པར་སྤྱད་པའི་རྒྱུ་དེས་ལུས་ཞིག་ནས་ཤི་བའི་རྗེས་ལ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་གྱི་ལྷར་སྐྱེ་བར་འགྱུར་ བ་དང་། སེམས་ཅན་རྣམས་ཀྱི་ལུས་ཀྱི་ཉེས་པར་སྤྱོད་པ་དང་། ངག་གི་ཉེས་པར་སྤྱོད་པ་དང་། སེམས་ཀྱི་ཉེས་པར་སྤྱོད་པ་དང་ལྡན་པ་དང་། འཕགས་པ་རྣམས་ལ་སྐུར་པ་བཏབ་པ་དང་། ལོག་པར་ལྟ་བ་ཅན། ལོག་པར་ལྟ་བ་ཀུན་ཏུ་འཛིན་པའི་རྒྱུ་དེས་ ལུས་ཞིག་ནས་ཤི་བའི་རྗེས་ལ་ངན་སོང་ལོག་པར་ལྟུང་བའི་དམྱལ་བར་སྐྱེ་བར་འགྱུར་རོ། །ཞེས་ལྷའི་མིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནམ་མཁའི་ཁམས་ཀྱི་མཐར་གཏུགས་པའི། འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས་ཀྱི་འཆི་འཕོ་བ་དང་། སྐྱེ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའོ། །ཟག་པ་ཟད་པའི་མངོན་པར་ཤེས་པ་ནི་བསམ་གཏན་ལ་བརྟེན་ནས་ཟག་པ་ཟད་པའི་ཤེས་པ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་དང་། ཤེས་རབ་གང་ཡིན་པ་དང་། དེ་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་ རྣམས་སོ། །ཟག་པ་ཟད་པ་ཤེས་པ་ཡང་དག་པར་འབྱོར་པ་ནི་ཐབས་གང་གིས་ཟག་པ་ཟད་པར་འགྱུར་བ་དང་གང་ཟག་པ་ཟད་པ་ཤེས་པ་གང་ཡིན་པའོ། །དེ་ལ་ཟག་པ་ཟད་པའི་མངོན་པར་ཤེས་པ་ནི་ས་བརྒྱད་པ་ལ་ཐོབ་པར་འགྱུར་ཏེ། རྣམ་པར་རྟོག་པ་མངོན་དུ་རྒྱུ་བ་མེད་པས་སོ། །སངས་ རྒྱས་ཀྱི་སར་དེ་ཡོངས་སུ་རྫོགས་པར་འགྱུར་ཏེ། བག་ཆགས་སུ་གྱུར་པའི་རྣམ་པར་རྟོག་པ་ཟད་པར་འགྱུར་བས་སོ། །མི་ཟད་པའི་མངོན་པར་ཤེས་པ་རྩོལ་བ་མེད་པར་འཇུག་པ་ཡིན་པས་སེམས་བསྐྱེད་པ་བདུན་པ་མངོན་པར་ཤེས་པ་དང་ལྷན་ཅིག་ཏུ་གྱུར་པར་བསྟན་ནོ། །སེམས་བསྐྱེད་ པ་འདི་ནི་ཡིད་བཞིན་གྱི་ནོར་བུ་ལྟ་བུ་སྟེ། ཇི་ལྟར་སྨོན་པ་བཞིན་དུ་འབྲས་བུ་ཡང་དག་པར་འབྱོར་པས་སོ། །སེམས་བསྐྱེད་པ་བརྒྱད་པ་ནི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ཅིག་ཏུ་གྱུར་པ་དང་། བསྡུ་བའི་དངོས་པོ་བཞི་དང་ལྷན་ཅིག་ཏུ་གྱུར་པའོ། །དེ་ལ་སོ་སོར་བརྟགས་པའི་སྟོབས་དང་། བསྒོམས་པའི་སྟོབས་མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་མི་ནོན་པ་ལ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེ་ལ་སོ་སོར་བརྟགས་པ་ནི་ཤེས་རབ་བོ། །བསྒོམ་པ་ནི་དགེ་བའི་ཆོས་གོམས་པའོ། །གཉིས་པོ་དེ་དག་མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་མི་ནོན་པས་སྟོབས་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཞེས་བྱའོ། །དེའི་ལས་ནི་སྐད་ཅིག་མ་སོ་སོ་ལ་ངེས་པར་འབྱིན་པ་ལ་སོགས་པ་ལ་འཇུག་སྟེ། སོ་སོར་བརྟགས་པ་དང་བསྒོམས་པའི་སྟོབས་དང་ལྡན་པ་ལ་སྦྱིན་པ་ལ་སོགས་པའི་དགེ་བའི་མི་མཐུན་པའི་ཕྱོགས་ཟིལ་གྱིས་མི་ནོན་པས་སོ། །མདོ་གཞན་དུ་གསུངས་པའི་སྟོབས་ཀྱང་འདི་ ཤེས་པར་བྱའོ། །འདི་ལྟར་བསམས་པའི་སྟོབས་ཡོད་དོ། །ཉོན་མོངས་པ་མངོན་དུ་རྒྱུ་བ་མེད་པས་སོ། །ལྷག་པའི་བསམས་པའི་སྟོབས་ཀྱང་ཡོད་དེ། སའི་ཤེས་པ་ཡོངས་སུ་སྦྱངས་པས་སོ། །གཟུངས་ཀྱི་སྟོབས་ཀྱང་ཡོད་དེ། མི་བརྗེད་པའི་ཆོས་ཅན་ཡིན་པས་སོ། །ཏིང་ངེ་འཛིན་གྱི་ སྟོབས་ཀྱང་ཡོད་དེ། རྟག་ཏུ་རྣམ་པར་མི་གཡེང་བས་སོ། །ཡང་དག་པར་འབྱོར་པའི་སྟོབས་ཀྱང་ཡོད་དེ། མཐའ་ཡས་ཤིང་མཐར་ཐུག་པ་མེད་པའི་འཇིག་རྟེན་གྱི་ཁམས་ཀྱི་སྤྱོད་པའི་བྱེ་བྲག་ལ་མཁས་པས་སོ། །དབང་ཉིད་ཀྱི་སྟོབས་ཀྱང་ཡོད་དེ། མངོན་པར་འདོད་པ་ཐམས་ཅད་ཡོངས་སུ་ རྫོགས་པས་སོ། །སྤོབས་པའི་སྟོབས་ཀྱང་ཡོད་དེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་རབ་ཏུ་རྣམ་པར་འབྱེད་པ་དང་རྣམ་པར་འབྱེད་པ་ལ་མཁས་པར་གྱུར་པས་སོ། །སྨོན་ལམ་གྱི་སྟོབས་ཀྱང་ཡོད་དེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སྤྱོད་པ་མི་འདོར་བས་སོ། །ཕ་རོལ་ཏུ་ཕྱིན་པའི་ སྟོབས་ཀྱང་ཡོད་དེ། བདག་ཉིད་ལ་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པ་དང་། སེམས་ཅན་ཡོངས་སུ་སྨིན་པ་དང་། སེམས་ཅན་ཐམས་ཅད་ལ་ཕན་པའི་སྤྱོད་པ་མི་འདོར་བས་སོ། །བྱམས་པ་ཆེན་པོའི་སྟོབས་ཀྱང་ཡོད་དེ། སེམས་ཅན་ཐམས་ཅད་ལ་བསྐྱབ་པའི་དོན་དུ་བརྩོན་པ་མི་འདོར་ བས་སོ། །སྙིང་རྗེ་ཆེན་པོའི་སྟོབས་ཀྱང་ཡོད་དེ། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་བྱེད་པས་སོ། །ཆོས་ཉིད་ཀྱི་སྟོབས་ཀྱང་ཡོད་དེ། སྒྱུ་མ་ལྟ་བུའི་ཆོས་ཉིད་མངོན་དུ་བྱེད་པས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པའི་ སྟོབས་ཀྱང་ཡོད་དེ། རྣམ་པ་ཐམས་ཅད་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་མངོན་པར་ཕྱོགས་པས་སོ། །སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ཅིག་ཏུ་གྱུར་པ་བསྟན་ཟིན་ཏོ། །བསྡུ་བའི་དངོས་པོ་བཞི་ནི་སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་མཐུན་པའོ། །དེ་ལ་ སྦྱིན་པ་ནི་ཟང་ཟིང་གི་སྦྱིན་པའོ། །སྙན་པར་སྨྲ་བ་ནི་ཕ་རོལ་ཏུ་ཕྱིན་པ་སྟོན་པའོ། །དོན་སྤྱོད་པ་ནི་ཕ་རོལ་ཏུ་ཕྱིན་པ་ལ་གཞན་ཡང་དག་པར་འགོད་པའོ། །དོན་མཐུན་པ་ནི་གང་ལ་གཞན་དག་ཡང་དག་པར་བཀོད་པ་དེ་ལ་བདག་ཉིད་ཀྱང་ཡང་དག་པར་རྗེས་སུ་འཇུག་པའོ། །དེ་ལ་སྦྱིན་པ་ནི་རྗེས་སུ་ འཛིན་པའི་ཐབས་ཏེ། ཟང་ཟིང་གི་སྦྱིན་པ་ལ་ལུས་རྗེས་སུ་འཛིན་པར་བྱེད་པས་སོ། །སྙན་པར་སྨྲ་བ་ནི་རྟོགས་པར་བྱེད་པའི་ཐབས་ཏེ། མ་རྟོགས་པ་རྟོགས་པར་བྱེད་པ་དང་། ཐེ་ཚོམ་སེལ་བར་བྱེད་པས་སོ། །དོན་སྤྱོད་པ་ནི་རབ་ཏུ་འཇུག་པར་བྱེད་པའི་ཐབས་ཏེ། དེས་དགེ་བ་ལ་འཇུག་པར་ འགྱུར་བས་སོ། །དོན་མཐུན་པ་ནི་རྗེས་སུ་འཇུག་པའི་ཐབས་ཏེ། ཡང་དག་པར་འགོད་པ་པོས་ཇི་ལྟར་སྨྲས་པ་དེ་བཞིན་དུ་བྱེད་པར་རིག་ནས་དེས་གཞན་དག་དགེ་བ་གང་བཀོད་པར་གྱུར་པ་དེ་ལ་རྗེས་སུ་སྒྲུབ་པར་བྱེད་པས་སོ། །དེ་སྦྱིན་པས་སེམས་ཅན་རྣམས་སྣོད་ཉིད་དུ་འགྱུར་ཏེ། ཆོས་ཉན་པ་ དག་སྟོན་པ་པོའི་དབང་དུ་འགྱུར་བས་སོ། །སྙན་པར་སྨྲ་བས་ཆོས་དེ་ལ་ལྷག་པར་མོས་ཏེ། དེའི་དོན་རྟོགས་པ་དང་། ཐེ་ཚོམ་གཅོད་པས་སོ། །དོན་སྤྱོད་པས་ཆོས་ཅི་འདྲ་བ་བཞིན་དུ་རྗེས་སུ་སྒྲུབ་པར་བྱེད་དོ། །དོན་མཐུན་པས་དེའི་སྒྲུབ་པ་རྣམ་པར་དག་པར་བྱེད་པ་སྟེ། དུས་ཡུན་རིང་དུ་སྒྲུབ་ པར་བྱེད་པས་སོ། །བསྡུ་བའི་དངོས་པོ་བཞི་རྣམས་ཀྱང་ཕལ་ཆེར་མོས་པས་སྤྱོད་པའི་ས་ལ་འབྲས་བུ་མེད་པའོ། །ཕལ་ཆེར་ས་ལ་ཞུགས་པ་རྣམས་ལ་འབྲས་བུ་དང་བཅས་པའོ། །རྣམ་པ་ཐམས་ཅད་དུ་ས་བརྒྱད་པ་ལ་སོགས་པར་ནི་འབྲས་བུ་དང་བཅས་པའོ། །བསྡུ་བའི་དངོས་པོ་དང་ལྷན་ཅིག་ཏུ་ གྱུར་པ་བསྟན་ཟིན་ཏོ། །སེམས་བསྐྱེད་པ་འདི་ནི་ཉི་མ་ལྟ་བུ་སྟེ། མི་ཟད་པ་བསྡུ་བའི་དངོས་པོ་བཞིས་སེམས་ཅན་གྱི་ལོ་ཏོག་ཡོངས་སུ་སྨིན་པར་བྱེད་པས་སོ། །སེམས་བསྐྱེད་པ་དགུ་པ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ཅིག་ཏུ་གྱུར་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་ ཡང་ལྷན་ཅིག་ཏུ་གྱུར་པའོ། །དེ་ལ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐམས་ཅད་དུ་ཐེག་པ་ཆེན་པོའི་ཆོས་ལ་སྒྲ་ཇི་བཞིན་དུ་ཀུན་དུ་རྨོངས་པ་དང་བྲལ་བའི་ཡེ་ཤེས་སོ། །སྒྲ་ཇི་བཞིན་དུ་ཀུན་དུ་རྨོངས་པ་ནི་གང་གིས་དགོངས་པ་ཅན་གྱི་དོན་དོར་ནས་སྒྲ་ཇི་བཞིན་དུ་དོན་རྟོགས་པའོ། །ཡེ་ཤེས་ཀྱི་ ཕ་རོལ་ཏུ་ཕྱིན་པ་དེའི་ཕྲིན་ལས་ནི་ཆོས་ལ་ལོངས་སྤྱོད་པ་དང་། སེམས་ཅན་ཡོངས་སུ་སྨིན་པའོ། །ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ཅིག་ཏུ་གྱུར་པ་བསྟན་ཟིན་ཏོ། །སོ་སོ་ཡང་དག་པར་རིག་པ་ནི་བཞི་སྟེ། ཆོས་སོ་སོ་ཡང་དག་པར་རིག་པ་དང་། དོན་སོ་སོ་ཡང་དག་པར་རིག་པ་དང་། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །དེ་ལ་ཆོས་སོ་སོ་ཡང་དག་པར་རིག་པ་ནི། བསམ་གཏན་ལ་བརྟེན་ནས་རྣམ་གྲངས་སུ་གཏོགས་པ་རྣམས་ལ་ཐོགས་པ་མེད་པར་ཡང་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་དང་། ཤེས་རབ་གང་ ཡིན་པ་དང་། དེ་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །རྣམ་གྲངས་སུ་གཏོགས་པ་རྣམས་ལ་ཐོགས་པ་མེད་པར་ཡང་དག་པར་འབྱོར་པ་ནི་འདི་ལྟ་སྟེ། མ་རིག་པ་ནས་བརྩམས་ཏེ། མི་ཤེས་པ་དང་། མ་མཐོང་བ་དང་། མངོན་པར་མ་རྟོགས་ པ་ལ་སོགས་པའོ། །དོན་སོ་སོ་ཡང་དག་པར་རིག་པ་ནི་བསམ་གཏན་ལ་བརྟེན་ནས་རང་དང་སྤྱིའི་མཚན་ཉིད་དང་། དགོངས་པ་ལ་ཐོགས་པ་མེད་པར་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་ལ་སོགས་པ་གང་ཡིན་པའོ། །དགོངས་པ་ནི་དོན་གཞན་ལ་དགོངས་པའོ། །ངེས་པའི་ཚིག་སོ་སོ་ ཡང་དག་པར་རིག་པ་ནི་བསམ་གཏན་ལ་བརྟེན་ནས་ཡུལ་གྱི་སྐད་དང་། ཆོས་ཀྱི་ངེས་པའི་ཚིག་ལ་ཐོགས་པ་མེད་པར་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་ལ་སོགས་པ་གང་ཡིན་པའོ། །ཡུལ་གྱི་སྐད་ནི་ཇི་ལྟར་ཡུལ་སོ་སོ་རང་རང་གི་མིང་གཞན་དང་གཞན་གྱི་ཐ་སྙད་དོ། །ཆོས་ཀྱི་ངེས་པའི་ཚིག་ ནི་འདི་ལྟ་སྟེ། འཇིག་པས་ན་འཇིག་རྟེན་ནོ། །སྤོབས་པ་སོ་སོ་ཡང་དག་པར་རིག་པ་ནི་བསམ་གཏན་ལ་བརྟེན་ནས་ཆོས་རབ་ཏུ་འབྱེད་པ་ལ་ཐོགས་པ་མེད་པར་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་ལ་སོགས་པ་གང་ཡིན་པའོ། །ཆོས་རབ་ཏུ་འབྱེད་པ་ནི་རྫས་སུ་ཡོད་པ་དང་ བཏགས་པར་ཡོད་པ་དང་། ཀུན་རྫོབ་ཏུ་ཡོད་པ་དང་། དོན་དམ་པར་ཡོད་པ་ལ་སོགས་པའོ། །སོ་སོ་ཡང་དག་པར་རིག་པ་དང་ལྷན་ཅིག་ཏུ་གྱུར་པ་བསྟན་ཟིན་ཏོ། །སེམས་བསྐྱེད་པ་འདི་ནི་དྲི་ཟའི་གླུ་སྙན་པ་ལྟ་བུ་སྟེ། མི་ཟད་པའི་སོ་སོ་ཡང་དག་པར་རིག་པ་བཞིས་གདུལ་བྱ་གདུལ་བར་ བྱེད་པའི་ཆོས་སྟོན་པར་བྱེད་པས་སོ། །དེ་ལྟར་སེམས་བསྐྱེད་པ་དྲུག་པ་ནས་བརྩམས་ཏེ། སེམས་བསྐྱེད་པ་བཅུ་བཞིའི་བར་ས་དགུའི་རང་བཞིན་སེམས་བསྐྱེད་པ་དགུ་འདོད་པའི་ཁམས་ཀྱི་སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམ་པ་དགུའི་གཉེན་པོ་ཉིད་དུ་བསྟན་ཏོ། །དེ་ལྟར་སེམས་བསྐྱེད་ པ་བཅུ་བཞི་བསྟན་ཟིན་ཏོ། །སེམས་བསྐྱེད་པ་བཅོ་ལྔ་པ་ནས་སེམས་བསྐྱེད་པ་ཉི་ཤུའི་བར་སེམས་བསྐྱེད་པ་དྲུག་ནི་ས་བཅུའི་གནས་སྐབས་ཀྱི་ཁྱད་པར་ཏེ། ཁྱད་པར་གྱི་ལམ་ཞེས་བྱའོ། །དེ་ལ་སེམས་བསྐྱེད་པ་དང་པོ་ལྔ་པོ་རྣམས་ལ་སོ་སོར་དབྱེ་བ་རྣམ་པ་བཅུ་བཞི་བྱས་པས་རྣམ་པ་བདུན་ ཅུར་འགྱུར་ཏེ། འདི་ལྟར་སེམས་བསྐྱེད་པ་ལྔ་པོ་རྣམས་ལ་སོ་སོར་སྦྱོར་བ་དང་། དངོས་གཞི་དང་། རྗེས་ཀྱི་རྣམ་པ་གསུམ་གསུམ་དུ་འགྱུར་ལ་དངོས་གཞི་ལ་ཡང་ཆུང་ངུ་དང་། འབྲིང་དང་། ཆེན་པོ་དང་། ཆེན་པོའི་ཆེན་པོའི་དབྱེ་བས་རྣམ་པ་བཞི་བཞིར་འགྱུར་ལ། ཡང་ཆུང་ངུ་ལ་སོགས་པ་སོ་སོ་ལ་ ཆུང་ངུ་ལ་སོགས་པ་གསུམ་གསུམ་དུ་ཕྱེ་ན་སོ་སོ་ལ་རྣམ་པ་བཅུ་བཞི་བཅུ་བཞིར་འགྱུར་ལ། དེས་ན་སེམས་བསྐྱེད་པ་ལྔ་པོ་རྣམས་ལ་དབྱེ་བ་བདུན་ཅུར་འགྱུར་རོ། །དེ་ལ་སྒོམ་པས་སྤང་བར་བྱ་བ་བརྒྱད་ཅུ་རྩ་གཅིག་གི་ནང་ནས་འདོད་པའི་ཁམས་ཀྱི་རྣམ་པ་དགུ་ས་བཅུ་པའི་བར་གྱིས་རབ་ཏུ་སྤངས་སོ། ། ལྷག་མ་ལུས་པ་ནི་བདུན་ཅུ་རྩ་གཉིས་སོ། །དེ་ལ་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་པོ་རྣམས་ལ་སོ་སོར་རྣམ་པ་དགུ་དགུ་དང་། གཟུགས་མེད་པའི་ཁམས་ཀྱི་གནས་གསུམ་པོ་རྣམས་ཀྱི་སོ་སོར་དགུ་དགུ་དང་། གནས་བཞི་པའི་རྣམ་པ་བདུན་ཏེ། སྒོམ་པས་སྤང་བར་བྱ་བ་ཉོན་མོངས་ པ་བདུན་ཅུའི་གཉེན་པོའི་ཕྱོགས་སུ་གྱུར་པ་སེམས་བསྐྱེད་པ་ལྔའི་རྣམ་པ་བདུན་ཅུས་རབ་ཏུ་སྤོང་བར་འགྱུར་རོ། །སེམས་བསྐྱེད་པ་དྲུག་པ་ནི་རྣམ་པ་བདུན་ཅུ་རྩ་གཅིག་པ་སྟེ། སངས་རྒྱས་ཀྱི་སའི་བར་ཆད་མེད་པའི་ལམ་མོ། །དེས་སྲིད་པའི་རྩེ་མོའི་ཉོན་མོངས་པའི་རྣམ་པ་བདུན་ཅུ་རྩ་གཅིག་ པ་རབ་ཏུ་སྤོང་བར་འགྱུར་རོ། །སེམས་བསྐྱེད་པ་འདི་ནི་ཡང་དག་པའི་དོན་བསྒོམས་པའི་རབ་ཀྱི་མཐའི་གནས་སྐབས་དང་ཕྲ་རྒྱས་ཐམས་ཅད་གཞིག་པར་ནུས་པས་རྡོ་རྗེ་ལྟ་བུའོ། །རྣམ་པ་བདུན་ཅུ་རྩ་གཅིག་པ་འདི་ཁོ་ན་ལ་དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པ་ཞེས་རྣམ་གཞག་བྱའོ། ། དེ་ལ་རྣམ་པ་བདུན་ཅུ་རྩ་གཅིག་གི་ནང་ནས་རྣམ་པ་དང་པོ་སུམ་ཅུ་དོར་བའི་ལྷག་མ་རྣམ་པ་བཞི་བཅུ་རྩ་གཅིག་ལ་ངེས་པར་འབྱུང་བའི་སྒྲུབ་པའི་རྣམ་གཞག་བྱ་སྟེ། འདི་རྣམས་ཀྱིས་མ་རྒྱལ་བ་ལས་རྒྱལ་བ་ཐོབ་སྟེ། ངེས་པར་འབྱུང་བས་འབྲས་བུའི་མཐར་ཐུག་པ་ཐོབ་པར་འགྱུར་བས་སོ། །དེ་ ལ་སེམས་བསྐྱེད་པ་དྲུག་གི་ནང་ནས་སེམས་བསྐྱེད་པ་དང་པོ་ནི་ངེས་པར་རྟོན་པ་དང་ལྷན་ཅིག་ཏུ་གྱུར་པའོ། །དེ་ལ་ངེས་པར་རྟོན་པ་རྣམ་པ་བཞི་སྟེ། དོན་ལ་རྟོན་པར་བྱའི་ལེགས་པར་སྦྱར་བ་ལ་སོགས་པ་ཚིག་འབྲུ་ལ་ནི་མ་ཡིན་པ་དང་། ཆོས་དེ་རིགས་པ་ལ་རྟོན་པར་བྱའི་གང་ཟག་སྟེ་ གནས་བརྟན་ལ་སོགས་པ་ལ་མ་ཡིན་པ་དང་། ཡེ་ཤེས་ཏེ་བསྒོམས་པ་ལས་བྱུང་བའི་ཤེས་རབ་དེ་ལ་རྟོན་པར་བྱའི། རྣམ་པར་ཤེས་པ་སྟེ་ཐོས་པ་དང་བསམས་པ་ལས་བྱུང་བའི་ཤེས་རབ་ལ་ནི་མ་ཡིན་པ་དང་། སངས་རྒྱས་བཅོམ་ལྡན་འདས་མཆོག་ཏུ་ཚད་མ་ཡིན་པས་དེས་གང་ངེས་ པའི་དོན་གྱི་མདོ་གསུངས་པ་དེ་ལ་རྟོན་པར་བྱའི། དྲང་བའི་དོན་ལ་མ་ཡིན་པ་སྟེ། ཡང་དག་པར་རྟོན་པ་བཞིའོ། །སེམས་བསྐྱེད་པ་འདི་ནི་རྒྱལ་པོ་ཆེན་པོ་ལྟ་བུ་སྟེ། ཐོགས་པ་མེད་པའི་མཐུ་ཉིད་ཀྱིས་གཞན་གྱི་དོན་སྒྲུབ་པར་བྱེད་པས་སོ། །སེམས་བསྐྱེད་པ་གཉིས་པ་ནི་བསོད་ནམས་དང་ཡེ་ ཤེས་ཀྱི་ཚོགས་དང་ལྷན་ཅིག་ཏུ་གྱུར་པའོ། །དེ་ལ་སྦྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་ནི་བསོད་ནམས་ཀྱི་ཚོགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡེ་ཤེས་ཀྱི་ཚོགས་སོ། །བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་བསོད་ནམས་ དང་ཡེ་ཤེས་ཀྱི་ཚོགས་སོ། །འདི་ལྟར་གཞན་གྱི་གནོད་པ་བྱེད་པ་ལ་ཇི་མི་སྙམ་པ་དང་། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་ནི་བསོད་ནམས་ཀྱི་ཚོགས་སོ། །ཆོས་ལ་ངེས་པར་སེམས་པའི་བཟོད་པ་ནི་ཡེ་ཤེས་ཀྱི་ཚོགས་སོ། །བརྩོན་འགྲུས་གང་གིས་ སེམས་ཅན་རྗེས་སུ་འཛིན་པར་བྱེད་པ་ནི་བསོད་ནམས་ཀྱི་ཚོགས་སོ། །བརྩོན་འགྲུས་གང་གིས་རྣམ་པར་མི་རྟོག་པའི་ཡེ་ཤེས་རྫོགས་པར་བྱེད་པ་དེ་ནི་ཡེ་ཤེས་ཀྱི་ཚོགས་སོ། །འཇིག་རྟེན་པའི་བསམ་གཏན་དང་། བསམ་གཏན་གང་གིས་སེམས་ཅན་ཡོངས་སུ་འཛིན་པར་བྱེད་པ་དེ་ བསོད་ནམས་ཀྱི་ཚོགས་སོ། །བསམ་གཏན་གང་གིས་རྣམ་པར་མི་རྟོག་པའི་ཡེ་ཤེས་རྫོགས་པར་བྱེད་པ་དེ་ཡེ་ཤེས་ཀྱི་ཚོགས་སོ། །ཡང་ན་སྦྱིན་པ་ལ་སོགས་པ་ལྔ་ཆར་ཡེ་ཤེས་ཀྱི་ཚོགས་ཀྱང་ཡིན་ཏེ། སྦྱིན་པ་ལ་སོགས་པ་རྣམས་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བས་སོ། ། དེ་ལ་བསོད་ནམས་ཀྱི་ཚོགས་ནི་འཁོར་བར་བདེ་བའི་དོན་དུའོ། །ཡེ་ཤེས་ཀྱི་ཚོགས་ནི་ཉོན་མོངས་པ་མེད་པའི་འཁོར་བའི་དོན་དུ་སྟེ། སེམས་ཅན་གྱི་དོན་དུ་བསམ་པ་སྔོན་དུ་བཏང་སྟེ། སྲིད་པར་སྐྱེ་བ་ཡོངས་སུ་གཟུང་ཡང་འཁོར་བའི་སྐྱོན་གྱིས་མ་གོས་པས་སོ། །བསོད་ནམས་དང་ཡེ་ ཤེས་ཀྱི་ཚོགས་དེ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྐལ་པ་གྲངས་མེད་པ་དང་པོ་ལ་ཆུང་ངུ་དང་གཉིས་པ་ལ་འབྲིང་དང་། གསུམ་པ་ལ་ཆེན་པོ་ཞེས་ཤེས་པར་བྱའོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྷན་ཅིག་ཏུ་གྱུར་པ་བསྟན་ཟིན་ཏོ། །དེ་ཡང་མཛོད་ལྟ་བུ་སྟེ། བསོད་ནམས་ དང་ཡེ་ཤེས་ཀྱི་ཚོགས་ཀྱི་གནས་ཡིན་པས་སོ། །སེམས་བསྐྱེད་པ་གསུམ་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནི་དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་ བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་དོ། །དེ་ལ་དྲན་པ་ཉེ་བར་གཞག་པ་ནས་བཟུང་སྟེ། བྱང་ཆུབ་ཀྱི་ཡན་ལག་གི་བར་ཉི་ཤུ་རྩ་དགུ་བཤད་ཟིན་ཏོ། །ལམ་གྱི་ཡན་ལག་བརྒྱད་ནི་ཕྱིས་འཆད་པར་འགྱུར་རོ། །དེ་ཡང་ལམ་ཆེན་པོ་ལྟ་བུ་སྟེ། འཕགས་པའི་གང་ཟག་ཐམས་ ཅད་གཤེགས་ཤིང་རྗེས་སུ་གཤེགས་པས་སོ། །སེམས་བསྐྱེད་པ་བཞི་པ་ནི་ཞི་གནས་དང་། ལྷག་མཐོང་དང་ལྷན་ཅིག་ཏུ་གྱུར་པའོ། །དེ་ལ་རྣམ་པ་དགུ་དང་ལྡན་པའི་སེམས་གནས་པ་གང་ཡིན་པ་དེ་ཞི་གནས་སོ། །དེ་ལ་རྣམ་པ་དགུ་ནི་ནང་ཉིད་དུ་སེམས་འཇོག་པ་དང་། རྒྱུན་དུ་འཇོག་པ་དང་། བླན་ ནས་འཇོག་པ་དང་། ཉེ་བར་འཇོག་པ་དང་། འདུལ་བར་བྱེད་པ་དང་། ཞི་བར་བྱེད་པ་དང་། རྣམ་པར་ཞི་བར་བྱེད་པ་དང་། རྩེ་གཅིག་ཏུ་བྱེད་པ་དང་། མཉམ་པར་འཇོག་པའོ། །དེ་ལ་ནང་ཉིད་དུ་སེམས་འཇོག་པ་ནི་ཕྱི་རོལ་གྱི་དོན་གྱི་དམིགས་པ་ལས་སེམས་བཀུག་སྟེ། ནང་གི་བདག་ཉིད་ དུ་སེམས་ཉེ་བར་འཆིང་བ་གང་ཡིན་པའོ། །རྒྱུན་དུ་འཇོག་པ་ནི་གཡོ་བ་དང་རགས་པའི་སེམས་ཉེ་བར་བཅིངས་པ་དེ་ཉིད་དམིགས་པ་དེ་ཁོ་ན་ལ་རྒྱུན་དུ་སྦྱོར་བས་ཕྲ་མོར་བྱེད་པས་མངོན་པར་སྡུད་པའོ། །བླན་ནས་འཇོག་པ་ནི་སེམས་དེ་ཉིད་དྲན་པ་ཉམས་པས་ཕྱི་རོལ་ལ་རྣམ་པར་གཡེངས་པ་སླར་སྡུད་ པའོ། །ཉེ་བར་འཇོག་པ་ནི་དང་པོ་ཉིད་ནས་དྲན་པས་སེམས་ཕྱི་རོལ་དུ་མི་འཕྲོ་བར་ནང་དུ་འཇོག་པ་གང་ཡིན་པའོ། །འདུལ་བར་བྱེད་པ་ནི་དང་པོ་ཉིད་དུ་རྣམ་པར་གཡེང་བའི་རྒྱུ་མཚན་གཟུགས་ལ་སོགས་པ་ལ་སྡུག་བསྔལ་བའི་འདུ་ཤེས་བསྐྱེད་པའི་སྒོ་ནས་འཕྲོ་བར་མི་བྱེད་པ་གང་ཡིན་པའོ། ། ཞི་བར་བྱེད་པ་ནི་སེམས་འཁྲུག་པར་བྱེད་པའི་རྣམ་པར་རྟོག་པ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་ལ་སྡུག་བསྔལ་བར་མཐོང་བས་རབ་ཏུ་འཕྲོ་བར་མི་བྱེད་པ་གང་ཡིན་པའོ། །རྣམ་པར་ཞི་བར་བྱེད་པ་ནི་དྲན་པ་ཉམས་པས་རྣམ་པར་རྟོག་པ་ལ་སོགས་པ་མངོན་དུ་རྒྱུ་བར་གྱུར་ན་དེ་ཞི་བར་བྱེད་པ་གང་ ཡིན་པའོ། །རྩེ་གཅིག་ཏུ་བྱེད་པ་ནི་མངོན་པར་འདུ་བྱེད་པས་བར་དང་མཚམས་མེད་པར་ཏིང་ངེ་འཛིན་གྱི་རྒྱུན་འཇོག་པ་གང་ཡིན་པའོ། །མཉམ་པར་འཇོག་པ་ནི་ལེགས་པར་གོམས་པས་མངོན་པར་འདུ་མི་བྱེད་པ་སྟེ། མི་རྩོལ་བས་སེམས་ཀྱི་ཏིང་ངེ་འཛིན་གྱི་རྒྱུན་རྣམ་པར་མི་གཡེང་བ་རབ་ཏུ་ འཇོག་པ་གང་ཡིན་པའོ། །ལྷག་མཐོང་ནི་རྣམ་པ་བཞི་སྟེ། ཆོས་ལ་རྣམ་པར་འབྱེད་པ་དང་། རབ་ཏུ་རྣམ་པར་འབྱེད་པ་དང་། ཡོངས་སུ་རྣམ་པར་རྟོག་པ་དང་། ཡོངས་སུ་དཔྱོད་པར་བྱེད་པའོ། །དེ་ལ་སྤྱོད་པ་རྣམ་པར་སྦྱོང་བའི་དམིགས་པ་དང་། མཁས་པ་ཉིད་ཀྱི་དམིགས་པ་ ཕུང་པོ་ལ་སོགས་པ་དང་། ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པ་སྟེ་ཇི་སྙེད་ཡོད་པ་ཉིད་ཤེས་པ་དེ་ལ་རྣམ་པར་འབྱེད་པ་ཞེས་བྱའོ། །གནས་ངན་ལེན་གྱི་མཚན་མའི་གཉེན་པོ་ཉིད་ཀྱི་དབང་དུ་བྱས་ནས་དམིགས་པ་དེ་རྣམས་ཇི་ལྟར་ཡོད་པ་བཞིན་དུ་ཤེས་པ་དེ་ལ་རབ་ ཏུ་རྣམ་པར་འབྱེད་པ་ཞེས་བྱའོ། །ཤེས་རབ་དང་ལྷན་ཅིག་ཏུ་གྱུར་པའི་རྣམ་པར་མི་རྟོག་པའི་ཤེས་པས་དམིགས་པ་དེ་ལ་ཡོངས་སུ་རྣམ་པར་རྟོག་པ་ཞེས་བྱའོ། །ཕྱིན་ཅི་ལོག་ཐམས་ཅད་ལས་འབྱིན་པའི་དབང་དུ་བྱས་ནས་ཕྱིན་ཅི་ལོག་མ་ཡིན་པ་ལ་སེམས་འཇོག་པ་གང་ཡིན་པ་དེ་ལ་ ཡོངས་སུ་དཔྱོད་པ་ཞེས་བྱའོ། །ཞི་གནས་དང་ལྷག་མཐོང་དང་ལྷན་ཅིག་ཏུ་གྱུར་པ་བསྟན་ཟིན་ཏོ། །སེམས་བསྐྱེད་པ་འདི་ནི་བཞོན་པ་བཟང་པོ་ལྟ་བུ་སྟེ། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བ་རང་གི་ངང་གིས་འཇུག་པས་འཁོར་བ་དང་། མྱ་ངན་ལས་འདས་པ་གང་ཡང་རུང་བར་མི་ལྟུང་ བར་བདེ་བར་འཁྱེར་བས་སོ། །སེམས་བསྐྱེད་པ་ལྔ་པ་ནི་གཟུངས་དང་སྤོབས་པ་དང་ལྷན་ཅིག་ཏུ་གྱུར་པའོ། །དེ་ལ་དྲན་པ་དང་ཤེས་རབ་ཀྱི་རང་བཞིན་གྱི་གཟུངས་ནི་བཞི་སྟེ། བཟོད་པའི་གཟུངས་དང་། ཆོས་ཀྱི་གཟུངས་དང་། དོན་གྱི་གཟུངས་དང་། སྔགས་ཀྱི་གཟུངས་སོ། །དེ་ ལ་བཟོད་པའི་གཟུངས་ནི་ཨ་ར་པ་ཙ་ན་ལ་སོགས་པའི་ཡི་གེ་རྣམས་ལ་དེའི་དོན་དེ་ཁོ་ན་ཉིད་སྒྲོ་བཏགས་ནས་སྒོམ་པར་བྱེད་པ་རྣམས་ལ་བསྒོམ་པ་རྫོགས་པར་གྱུར་ན་ཡི་གེའི་དོན་དམ་པ་ལ་བཟོད་པ་གང་སྐྱེས་པ་སྟེ། ཤེས་རབ་ཀྱི་རང་བཞིན་བཟོད་པ་སྐྱེས་པའི་ཕྱིར་རོ། །དེ་ལྟར་ཆོས་ཐམས་ཅད་ཡི་གེ་ ཨའི་སྒོ་ཅན་ཏེ། གདོད་མ་ནས་སྐྱེ་བ་མེད་པའི་ཕྱིར་རོ། །དེ་ལ་སྒོ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཐབས་ཨའོ། །གང་གི་ཕྱིར་ཆོས་ཐམས་ཅད་དང་པོ་ཉིད་དེ། དྲི་མ་དང་བཅས་པའི་གནས་སྐབས་ན་མ་སྐྱེས་པ་དེའི་ཕྱིར་མ་སྐྱེས་པའི་དོན་ཡི་གེ་ཨ་ལ་སྒྲོ་བཏགས་ནས་ བསྒོམས་པས་གོམས་པའི་སྟོབས་ཀྱིས་ཡི་གེ་ཨ་ཙམ་ལེགས་པར་གོམས་པར་གྱུར་ན་ཆོས་ཐམས་ཅད་ལ་སྐྱེ་བ་མེད་པའི་བཟོད་པ་སྐྱེ་བར་འགྱུར་རོ། །དེ་ལྟར་མ་སྐྱེས་པ་དེ་ཉིད་ནི་ཨའི་དོན་ནོ། །དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་སྒོའི་ཡི་གེ་ར་ཏེ་ར་ཛ་ཞེས་བྱ་བ་རྡུལ་ཏེ་དེ་དང་བྲལ་བས་སོ། །ཇི་ལྟར་ནམ་ མཁའ་རྡུལ་གྱིས་མི་གོས་པ་དེ་བཞིན་དུ་དེ་བཞིན་ཉིད་ཀྱང་ཉོན་མོངས་པའི་རྡུལ་གྱིས་མི་གོས་སོ་ཞེས་པ་ནི་རའི་དོན་ནོ། །དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་སྒོ་ཡི་གེ་པ་སྟེ། པ་ར་མ་ཨརྠ་ཞེས་བྱ་བ་དོན་དམ་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་ལ་ཁྱད་པར་མེད་པས་སོ། །དོན་དམ་པ་དེ་ཡང་དེ་ཁོ་ན་ ཉིད་དོ་ཞེས་པ་ནི་ཡི་གེ་པའི་དོན་ཏོ། །དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་སྒོ་ཡི་གེ་ཙ་སྟེ། བྱོ་བ་ན་ཞེས་བྱ་བ་འཆི་འཕོ་བ་དང་སྐྱེ་བ་སྟེ། དེ་ལ་དམིགས་པའི་ཕྱིར་རོ། །དེ་བཞིན་ཉིད་ལ་སྐྱེ་བའི་སྲིད་པ་དང་། འཆི་འཕོའི་སྲིད་པ་མེད་པ་གང་ཡིན་པ་དེ་ནི་ཡི་གེ་ཙའི་དོན་ཏོ། །དེ་བཞིན་དུ་ཆོས་ཐམས་ཅད་ ཀྱི་སྒོ་ཡི་གེ་ན་སྟེ་ནཱ་མ་ཞེས་བྱ་བ་ནི་མིང་ཡིན་ལ་དེ་དང་བྲལ་བས་སོ། །དེ་བཞིན་ཉིད་ལ་མིང་མེད་པ་ནི་ཡི་གེ་ནའི་དོན་ཏོ། །འདི་ཉིད་ནི་ཉེ་བར་མཚོན་པ་ཙམ་ཡིན་ཏེ། ཡི་གེ་ཇི་སྙེད་ཡོད་པ་དེ་སྙེད་གཟུངས་ཀྱི་ཚིག་གོ། །བཟོད་པའི་གཟུངས་བསྟན་ཟིན་ཏོ། །ཆོས་ཀྱི་གཟུངས་ནི་ཕྱོགས་བཅུའི་ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྟན་པའི་ཆོས་ཀྱི་ཕུང་པོ་འཛིན་པའི་རྒྱུ་གང་ཡིན་པ་སྟེ། དཔག་ཏུ་མེད་པའི་ཆོས་རྣམ