Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 104

Văn bản gốc(Tây Tạng)

Trang 5 / 24 (50.000 ký tự/trang)
་རྩལ་གྱིས་རྣམ་པར་གནོན་པ་ཞེས་བྱ་བ་ནི་བོད་པའི་ཚིག་གོ། །དེ་བཞིན་གཤེགས་པས་ནི་བྱང་ཆུབ་བརྙེས་པ་མེད་དེ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་བསྟན་པའོ། །ཆོས་ཐམས་ཅད་མ་བརྙེས་པའི་ཕྱིར་རོ་
ཞེས་བྱ་བ་ནི་གཏན་ཚིགས་སོ། །འདིར་ཡང་དངོས་པོའི་ཁྱད་པར་གྱི་རང་བཞིན་བྱང་ཆུབ་བརྙེས་པ་ཉིད་ནི་བསྒྲུབ་པར་བྱ་བ་ཡིན་ལ་ཆོས་ཐམས་ཅད་མ་བརྙེས་པ་ནི་སྤྱིའི་གཏན་ཚིགས་སུ་བཀོད་པའོ། །རྣམ་པར་མ་བརྟགས་པ་ལ་སོགས་པ་གསུམ་པོ་བསྒྲུབ་པར་བྱ་བའི་ཕྱིར། ཆོས་ཐམས་ཅད་
ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཐམས་ཅད་རྣམ་པར་རྟོག་པ་དང་བཅས་པ་དང་། རྣམ་པར་རྟོག་པ་དང་བྲལ་བའི་ཤེས་པས་དམིགས་པར་གྱུར་ན་དེའི་ཚེ་རྣམ་པར་རྟོག་པའི་ཡུལ་ཉིད་དང་། རྣམ་པར་རྟོག་པས་བསྒྲུབས་པ་དང་། རྣམ་པར་མི་རྟོག་པའི་ཤེས་པའི་ཡུལ་ཉིད་དུ་གྱུར་པའི་
བྱང་ཆུབ་འགྲུབ་པར་འགྱུར་བ་ཡིན་པ་ལས་དེ་མེད་པའི་ཕྱིར་དེ་ཡང་མེད་པའོ། །འདིར་ཡང་སྤྱི་གྲུབ་པར་བྱེད་པ་ཡིན་ལ། བྱེ་བྲག་བསྒྲུབ་པར་བྱའོ། །མ་བརྙེས་པ་དང་མ་དམིགས་པ་དེ་ཡང་། རང་ལས་མ་ཡིན་གཞན་ལས་མིན། །ཞེས་བྱ་བ་ལ་སོགས་པས་དངོས་པོ་རྣམས་ཀྱི་རང་བཞིན་
བཀག་པ་ཙམ་གྱིས་གྲུབ་པར་འགྱུར་རོ། །དེ་ལྟ་བུ་ནི་སངས་རྒྱས་ཀྱི་བྱང་ཆུབ་ཅེས་བྱ་བ་ནི་ཆོས་ཐམས་ཅད་མི་དམིགས་པའི་མཚན་ཉིད་ཅན་སྟོང་པ་ཉིད་ཁོ་ན་ལ་བྱང་ཆུབ་ཅེས་བརྗོད་པར་བྱའོ། །ཇི་སྐད་བརྗོད་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཇི་ལྟར་རྣམ་པར་རྟོག་པས་དངོས་པོ་ཉིད་དུ་བརྟགས་ནས་བརྗོད་
པ་དེ་ལྟ་བུ་ནི་བྱང་ཆུབ་མ་ཡིན་ནོ། །དེ་ལྟར་བྱང་ཆུབ་སྟོང་པ་ཉིད་ཀྱི་རང་བཞིན་དུ་བསྒྲུབས་ནས་བྱང་ཆུབ་དངོས་པོ་ཉིད་དུ་ཁས་ལེན་པ་ལ་སྐྱོན་བསྟན་པར་བྱ་བའི་ཕྱིར། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་འདི་བྱང་ཆུབ་ཏུ་བསྐྱེད་པར་བྱའོ་ཞེས་བྱ་བ་ནི་བྱང་

ཆུབ་ཏུ་སེམས་བསྐྱེད་པའི་རྣམ་པར་བསྟན་ནོ། །གང་དུ་བདག་ཅག་གིས་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་ལ་མངོན་པར་ཞེན་པའི་རང་བཞིན་བསྟན་པ་ཡིན་ཏེ། དེ་དག་ནི་བྱང་ཆུབ་སེམས་དཔའ་ཞེས་མི་བྱའོ་ཞེས་བྱ་བ་ནི་རློམ་པས་དངོས་པོ་ལ་མངོན་པར་ཞེན་པའི་ཆོས་ཐམས་ཅད་སྟོང་པ་ཉིད་
ཀྱི་མཚན་ཉིད་ཅན་གྱི་བྱང་ཆུབ་སེམས་དཔའ་མེད་པའི་ཕྱིར་རོ། །གལ་ཏེ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི། ཇི་སྐད་དུ་བརྗོད་ཅེ་ན། ལན་ནི་དེ་དག་གིས་སེམས་དཔའ་སྐྱེ་བ་ཞེས་བྱའོ་ཞེས་བྱ་བ་སྟེ། འདི་དག་ལ་དངོས་པོ་ལ་མངོན་པར་ཞེན་པ་དང་བཅས་པའི་བསམ་པ་སྐྱེས་པའི་ཕྱིར་སེམས་
སྐྱེ་བ་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་མངོན་པར་ཞེན་པ་དང་བཅས་པའི་བསམ་པ་སྐྱེ་བ་ཅིའི་ཕྱིར་ཞེ་ནའོ། །དེ་ལ་ལན་ནི་འདི་ལྟར་སྐྱེ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་སྐྱེ་བ་དང་སེམས་ལ་མངོན་པར་ཞེན་པ་ནི་གོང་དུ་བསྟན་པའི་སེམས་འདི་བྱང་ཆུབ་ཏུ་བསྐྱེད་པར་བྱའོ་
ཞེས་པའི་ཚིག་གིས་བསྟན་ནོ། །བྱང་ཆུབ་ལ་མངོན་པར་ཞེན་པ་ནི་བྱང་ཆུབ་དེ་ནི་ཡོད་དོ་ཞེས་བྱ་བའི་ཚིག་གིས་བསྟན་ནོ། །གལ་ཏེ་བྱང་ཆུབ་དངོས་པོའི་རང་བཞིན་ཡིན་པས་དེ་ལ་མངོན་པར་ཞེན་པ་ལ་སྐྱོན་ཅི་ཡོད་ཅེ་ན། དེ་ལ་ལན་ནི་ཡང་བྱང་ཆུབ་ནི་མཚན་ཉིད་མེད་པ་སྟེ་ཞེས་བྱ་བ་
སྨོས་ཏེ་བསྟན་པའོ། །དེ་བཤད་པ་ནི་མཚན་ཉིད་ཀྱི་རང་བཞིན་དང་བྲལ་བའོ་ཞེས་བྱ་བ་སྨོས་ཏེ། ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་ཡིན་པའི་ཕྱིར་རོ། །གང་གིས་འདི་ལྟར་རྗེས་སུ་རྟོགས་པ་དེ་ནི་བྱང་ཆུབ་ཅེས་བྱའི་ཞེས་བྱ་བ་ནི་ཆོས་ཐམས་ཅད་མཚན་ཉིད་མེད་པ་ཉིད་དུ་རྟོགས་
པ་དེ་ལ་བྱང་ཆུབ་ཅེས་བརྗོད་པར་བྱའོ། །རྟོགས་པ་དེ་ཡང་ཆོས་ཐམས་ཅད་དམིགས་པ་མེད་པ་དེ་ཉིད་དོ། །ཡང་ཇི་སྐད་དུ་བརྗོད་པ་བཞིན་དུ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་སྔར་བཞིན་ནོ། །བྱང་ཆུབ་སེམས་དཔའི་མིང་གི་མདོར་བསྡུས་ཏེ་བསྟན་པར་བྱ་བའི་ཕྱིར། རབ་ཀྱི་རྩལ་གྱིས་
རྣམ་པར་གནོན་པ་ཆོས་དེ་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་ཐམས་ཅད་མཚན་ཉིད་མེད་པའི་རང་བཞིན་དུ་རྗེས་སུ་རྟོགས་པ་ལ་བྱང་ཆུབ་སེམས་དཔའ་ཞེས་བརྗོད་པར་བྱའོ། །གང་ལ་མངོན་པར་ཞེན་པ་ཡོད་པ་དེ་ལ་བྱང་ཆུབ་སེམས་དཔའ་ཞེས་བརྗོད་པར་མི་བྱ་བ་འབའ་ཞིག་ཏུ་མ་

ཟད་ཀྱི། བྱང་ཆུབ་སེམས་དཔའི་ས་ལས་ཀྱང་རིང་བ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་འདི་མ་ཤེས་ཤིང་ཞེས་བྱ་བ་ནི་ཐོས་པའི་སྒོ་ནས་སོ། །རྗེས་སུ་མ་རྟོགས་བཞིན་དུ་
ཞེས་བྱ་བ་ནི་བསམ་པ་དང་། བསྒོམ་པའི་སྒོ་ནས་སོ། །ཤེས་པ་ཞེས་བྱ་བ་ནི་ཁས་འཆེས་པ་སྟེ། བདག་ཉིད་བྱང་ཆུབ་སེམས་དཔའ་ཡིན་ནོ་ཞེས་ཁས་ལེན་པའོ། །བྱང་ཆུབ་སེམས་དཔའི་ས་ལས་རིང་བ་ཡིན་ཞིང་ཞེས་བྱ་བ་ནི་ས་རབ་ཏུ་དགའ་བ་ལས་རིང་བ་ཡིན་ཏེ། ཕྱིན་ཅི་
ལོག་ཉིད་ཀྱིས་མཐོང་བའི་ལམ་མེད་པའི་ཕྱིར་རོ། །དེ་ནི་བྱང་ཆུབ་སེམས་དཔའི་ཆོས་རྣམས་ལས་རིང་བ་ཡིན་ནོ་ཞེས་བྱ་བ་ནི་འཁོར་གསུམ་ཡོངས་སུ་དག་པའི་སྦྱིན་པ་ལ་སོགས་པ་ལས་རིང་བར་འགྱུར་བ་སྟེ། མངོན་པར་ཞེན་པས་སྦྱིན་པ་ལ་སོགས་པ་ཕྱིན་ཅི་ལོག་ཏུ་འགྱུར་བས་སོ། །
ལྷ་ལ་སོགས་པ་བསླུས་པའི་སྐྱོན་བསྟན་པར་བྱ་བའི་ཕྱིར། དེ་བཞིན་དུ་དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱིན་ཅི་ལོག་གི་དབང་གིས་བདག་ཉིད་བྱང་ཆུབ་སེམས་དཔའ་མ་ཡིན་པ་ལ་བྱང་ཆུབ་སེམས་དཔར་ཁས་ལེན་པའི་ཕྱིར་རོ། །ཐམས་ཅད་བྱང་ཆུབ་སེམས་དཔར་ཐལ་
བར་འགྱུར་བའི་སྐྱོན་བསྟན་པར་བྱ་བའི་ཕྱིར། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེའི་ཚེ་ཚིག་ཙམ་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚིག་ཙམ་གྱིས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་དོན་གྱིས་སྟོང་པའི་ཚིག་ཙམ་གྱི་སྒོ་ནས་སོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ནི་ཞེས་
བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །དེ་ལྟར་སེམས་བསྐྱེད་པ་དང་པོའི་ཕན་ཡོན་བྱང་ཆུབ་སེམས་དཔའི་མིང་ཐོབ་པ་ཉིད་བསྟན་ནས་དེ་བཞིན་གཤེགས་པའི་རིགས་སུ་སྐྱེ་བའི་མཚན་ཉིད་ཅན་ཡོན་ཏན་གཞན་བསྟན་པར་བྱ་བའི་ཕྱིར། ཇི་སྐད་དུ་བཤད་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
བྱང་ཆུབ་སེམས་དཔའ་གང་ལས་རབ་ཏུ་དགའ་བར་ཞུགས་པ་དེ་བསོད་ནམས་ཀྱི་དབང་གིས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་ཤིན་ཏུ་འདས་ནས་སངས་རྒྱས་ཀྱི་སར་རྗེས་སུ་འགྲོ་བའི་མཐོང་བའི་ལམ་སྐྱེས་པས་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་སུ་སྐྱེས་པ་ཡིན་ཏེ། དེའི་བདག་

ཉིད་ཀྱི་ཆོས་ཀྱི་སྐུ་རྟོགས་པའི་ཕྱིར་རོ། །ཀུན་ཏུ་སྦྱོར་བ་གསུམ་པོ་ཞེས་བྱ་བ་ནི་འདི་རྣམས་ཀྱི་སྲིད་པར་ཀུན་དུ་སྦྱོར་བས་ན་ཀུན་དུ་སྦྱོར་བའོ། །དེ་ཡང་གསུམ་སྟེ། འཇིག་ཚོགས་ལ་ལྟ་བ་དང་། ཐེ་ཚོམ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །ཐམས་ཅད་སྤངས་
པར་གྱུར་པ་ནི་མཐོང་བའི་ལམ་གྱི་སྒོ་ནས་ཐམས་ཅད་མ་ལུས་པར་ལོག་པའོ། །འདོད་ཆགས་ལ་སོགས་པ་རྣམས་སྤངས་སུ་ཟིན་ཀྱང་བསྒོམས་པས་སྤང་བར་བྱ་བའི་འདོད་ཆགས་ལ་སོགས་པ་རྣམས་ལྷག་མ་ལུས་པའི་ཕྱིར་དེ་རྣམས་ལྷག་མ་ལུས་པར་མ་སྤངས་པས་སྤངས་པ་ཉིད་དུ་མ་བརྗོད་དོ། །
གལ་ཏེ་འདོད་ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ་དང་། མ་རིག་པ་དང་། མཐར་འཛིན་པའི་ལྟ་བ་བསྒོམ་པས་སྤང་བར་བྱ་བ་རྣམས་མ་སྤངས་པའི་ཕྱིར་སྤངས་པ་ཉིད་དུ་མི་བརྗོད་ཅེ་ན། འོ་ན་ལྟ་བ་མཆོག་ཏུ་འཛིན་པ་དང་། ལོག་པར་ལྟ་བ་དག་རྣམ་པ་ཐམས་ཅད་དུ་སྤངས་པའི་ཕྱིར་དེ་དག་
སྤངས་པས་ཅིའི་ཕྱིར་མ་བརྗོད་ཅེ་ན། དེ་དག་ལ་ལན་ནི་ལྟ་བ་མཆོག་ཏུ་འཛིན་པ་ལ་སོགས་པའི་རྩ་བར་གྱུར་པ་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལྟ་བ་དང་། ཐེ་ཚོམ་དག་སྤངས་པར་བརྗོད་པས་དེ་དག་ཀྱང་སྤངས་པར་རྟོགས་པར་འགྱུར་ཏེ། འདི་ལྟར་ལྟ་བ་མཆོག་ཏུ་འཛིན་
པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པར་འཇུག་པ་ཡིན་ཏེ། དེ་གང་གི་ཕྱིར་ལམ་མ་ཡིན་པ་ལ་ལམ་དུ་འཛིན་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཡིན་ལ། ལྟ་བ་རྣམས་མཆོག་དང་དག་པའི་རྒྱུ་ཉིད་དུ་མཐོང་བའི་ལྟ་བ་མཆོག་ཏུ་འཛིན་པ་ཡིན་ནོ། །དེས་ན་
ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་སྤངས་པ་བརྗོད་པས་ལྟ་བ་མཆོག་དང་དག་པའི་རྒྱུར་འཛིན་པའི་ལྟ་བ་མཆོག་ཏུ་འཛིན་པ་ཡང་སྤངས་པར་རྟོགས་པར་འགྱུར་རོ། །ལོག་པར་ལྟ་བ་ནི་ཐེ་ཚོམ་གྱིས་འཇུག་སྟེ། འདི་ལྟར་བདེན་པ་དང་། དཀོན་མཆོག་དང་། ལས་དང་འབྲས་བུ་ལ་
ཐེ་ཚོམ་གྱི་སྒོ་ནས་མེད་པའི་བློ་འབྱུང་བར་འགྱུར་བ་ཡིན་ནོ། །དེས་ན་ཐེ་ཚོམ་སྤངས་པར་བརྗོད་པས་ལོག་པར་ལྟ་བ་ཡང་སྤངས་པར་རྟོགས་པ་ཡིན་པས་ལོག་པར་ལྟ་བ་སྤངས་པར་མ་བརྗོད་པ་ཡིན་ནོ། །གཞན་དག་ནི་ཡུལ་གཞན་དུ་འགྲོ་བ་ལ་བར་གཅོད་གསུམ་འབྱུང་སྟེ། འགྲོ་བར་མི་འདོད་པ་

དང་། ལམ་གཞན་ལ་བརྟེན་ནས་ལམ་བོར་བ་དང་། ལམ་ལ་ཐེ་ཚོམ་ཟ་བའོ། །དེ་བཞིན་དུ་ཐར་པར་འགྲོ་བ་ལ་ཡང་གསུམ་པོ་འདི་རྣམས་བར་ཆད་ཡིན་ཏེ། དེ་ལ་འཇིག་ཚོགས་ལ་ལྟ་བས་གང་དེར་མེད་པར་འགྱུར་རོ་སྙམ་ནས་ཐལ་བ་ལ་སྐྲག་པས་གྲོལ་
བར་མི་འདོད་པར་འགྱུར་བ་ཡིན་ནོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པས་ལམ་གཞན་ལ་བརྟེན་ནས་ལམ་ནོར་བའོ། །ཐེ་ཚོམ་གྱི་ལམ་ལ་ཐེ་ཚོམ་ཟའོ། །དེས་ན་རྒྱུན་དུ་ཞུགས་པ་ལ་ཐར་པར་འགྲོ་བའི་བར་ཆད་འདི་རྣམས་སྤངས་པར་བསྟན་པར་བྱ་བའི་ཕྱིར་བཅོམ་ལྡན་
འདས་ཀྱིས་གསུམ་པོ་དེ་རྣམས་སྤངས་པར་གསུངས་པ་ཡིན་ནོ། །དེ་ལྟར་དེ་བཞིན་གཤེགས་པའི་རིགས་སུ་སྐྱེ་བ་དང་། ཀུན་དུ་སྦྱོར་བ་གསུམ་པོ་སྤངས་པའི་ཡོན་ཏན་བསྟན་ནས། རབ་ཏུ་དགའ་བའི་མཚན་ཉིད་ཅན་གྱི་ཡོན་ཏན་བསྟན་པའི་སྒོ་ནས་ས་རབ་ཏུ་དགའ་བའི་ངེས་ཚིག་བསྟན་
པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་དེ་ནི་དགའ་བ་མཆོག་ཏུ་འགྱུར་འཆང་ཞིང་། །ཞེས་བྱ་བ་སྨོས་ཏེ། མཐོང་བའི་ལམ་ཐོབ་ནས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པ་དང་། སངས་རྒྱས་བརྒྱ་ཕྲག་གཅིག་མཐོང་བ་ལ་སོགས་པའི་ཡོན་ཏན་ཐོབ་པའི་ཕྱིར་བྱང་
ཆུབ་སེམས་དཔའ་དེ་ནི་དགའ་བ་མཆོག་ཏུ་གྱུར་པ་འཆང་བར་འགྱུར་བ་ཡིན་ནོ། །གང་གི་ཕྱིར་འདིའི་གནས་སྐབས་ན་བྱང་ཆུབ་སེམས་དཔའ་མཆོག་ཏུ་གྱུར་པའི་དགའ་བ་འཆང་བ་དེའི་ཕྱིར་ས་རབ་ཏུ་དགའ་བ་ཞེས་བརྗོད་པ་ཡིན་ནོ། །ནུས་པའི་ཡོན་ཏན་བསྟན་པར་བྱ་བའི་ཕྱིར། འཇིག་
རྟེན་གྱི་ཁམས་བརྒྱ་ཀུན་ནས་གཡོ་བར་ནུས་པའང་ཡིན་ཞེས་བྱ་བ་སྨོས་ཏེ། འཇིག་རྟེན་གྱི་ཁམས་བརྒྱའི་བར་དུ་གཡོ་བའི་ནུས་པ་སྐྱེས་པར་གྱུར་པའོ། །དེ་ལྟར་ཡང་མདོ་ལས་སྐད་ཅིག་མ་གཅིག་གིས་ཏིང་ངེ་འཛིན་བརྒྱ་སོ་སོར་ཐོབ་ཅིང་སྙོམས་པར་འཇུག་ལ། སངས་རྒྱས་བརྒྱ་ཕྲག་
གཅིག་ཀྱང་མཐོང་ལ། དེ་རྣམས་ཀྱིས་བྱིན་གྱིས་བརླབས་པར་ཡང་འགྱུར་ཞིང་། འཇིག་རྟེན་གྱི་ཁམས་བརྒྱ་གཡོ་བར་བྱེད་ཅིང་སྣང་བར་བྱེད་པ་དང་། ཞིང་བརྒྱ་ལས་ཀུན་དུ་འདའ་བར་བྱེད་པ་དང་། སེམས་ཅན་བརྒྱ་ཕྲག་གཅིག་ཡོངས་སུ་སྨིན་པར་བྱེད་པ་དང་། བསྐལ་པ་བརྒྱར་

གནས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཚིགས་སུ་བཅད་པ་དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། སོ་སོའི་སྐྱེ་བོ་དང་ཞེས་བྱ་བ་ལ་སོགས་པ་ལ། མཐོང་བའི་ལམ་ཐོབ་པས་མོས་པས་སྤྱོད་པའི་ས་དོར་བས་སོ་སོའི་སྐྱེ་བོའི་ས་ལས་འདས་པའོ། །ཉན་ཐོས་དང་རང་
སངས་རྒྱས་ཀྱི་ས་ལས་འདས་པ་ནི་སྔར་བཤད་ཟིན་ཏོ། །དེ་བཞིན་གཤེགས་པའི་ཞེས་བྱ་བ་ལ་སོགས་པ་ནི་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་དང་མཉམ་པ་ཉིད་དུ་མཐོང་བའི་ཕྱིར་རོ་ཞེས་པའི་དོན་ཏོ། །ཀུན་དུ་སྦྱོར་བ་གསུམ་སྤངས་པ་བཤད་པར་བྱ་བའི་ཕྱིར། དེའི་ཚེ་ཞེས་བྱ་བ་ལ་
སོགས་པ་ལ་གང་ཟག་གི་བདག་མེད་པ་མངོན་སུམ་དུ་མཐོང་བས་ཞེས་བྱ་བ་ནི་ཕུང་པོ་ལས་ཐ་དད་དུ་གྱུར་པའི་རྟག་པ་ཉིད་ལ་སོགས་པ་མུ་སྟེགས་པས་སྒྲོ་བཏགས་པའི་བདག་མེད་པ་མངོན་སུམ་དུ་མཐོང་བ་ཡིན་པས་འཇིག་ཚོགས་ལ་ལྟ་བ་ལྡོག་པ་ཡིན་ནོ། །དེ་ལ་འཇིག་ཚོགས་ལ་ལྟ་བ་ནི་
རྣམ་པ་གཉིས་ཏེ། མངོན་པར་འདུ་བྱེད་པ་ལས་བྱུང་བ་དང་། ལྷན་ཅིག་སྐྱེས་པའོ། །དེ་དག་ཀྱང་སྔར་བཤད་ཟིན་ཏོ། །འདིར་གནས་སྐབས་ཀྱི་སྟོབས་ཀྱིས་མངོན་པར་འདུ་བྱེད་པ་ལས་བྱུང་བ་ལྡོག་པ་ཡིན་ནོ། །གང་གི་ཕྱིར་གང་ཟག་གི་བདག་མེད་པ་མངོན་སུམ་དུ་མཐོང་བ་དང་དེའི་
ཕྱིར་ཐེ་ཚོམ་མེད་པ་ཡིན་ནོ། །ཐེ་ཚོམ་མེད་པས་ལམ་གཞན་ལ་བརྟེན་པའི་མཚན་ཉིད་ཅན་ལ་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཡང་མེད་དོ། །སླར་མི་སྐྱེ་བའི་ཕྱིར་རོ་ཞེས་བྱ་བ་ནི་འབའ་ཞིག་ལྡོག་པ་ཡང་སྐྱེ་བ་ཡང་ཡོད་དེ། དཔེར་ན་རིམས་ལ་སོགས་པ་ལྟ་བུའོ། །ཀུན་དུ་སྦྱོར་བ་
གསུམ་པོ་འདི་འགགས་ན་ཡང་སྐྱེ་བ་མ་ཡིན་ནོ་ཞེས་པའི་དོན་ཏོ། །དེ་ཉིད་ལྡོག་པའི་སྒོ་ནས་བསྟན་པར་བྱ་བའི་ཕྱིར། དེ་ཁོ་ན་ཉིད་མ་མཐོང་བ་ནི་ཞེས་བྱ་བ་ལ་སོགས་པ་ལ་དེ་ཁོ་ན་ཉིད་མ་མཐོང་བ་ནི་བདག་མེད་པ་ཉིད་མ་མཐོང་ནས་སོ། །གཞན་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་མཐོང་ནའོ། །
ད་ནི་དགའ་བ་མཆོག་ཏུ་འགྱུར་འཆང་ཞིང་། །ཞེས་བྱ་བའི་དོན་བཤད་པར་བྱ་བའི་ཕྱིར། ངེས་པ་ལ་ཞུས་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ངེས་པ་ནི་མཐོང་བའི་ལམ་མོ། །དེའི་རྒྱུ་ཅན་གྱི་ཡོན་ཏན་ཐོབ་པ་དང་ཞེས་བྱ་བ་ནི་མཐོང་བའི་ལམ་གྱི་རྒྱུ་ཅན་གྱི་ཏིང་ངེ་འཛིན་བརྒྱ་ཕྲག་གཅིག་ལ་

སོགས་པའི་ཡོན་ཏན་ཐོབ་པའོ། །སའི་མི་མཐུན་པའི་ཕྱོགས་ཀྱི་སྐྱོན་དང་བྲལ་བས་ཞེས་བྱ་བ་ནི་ས་རབ་ཏུ་དགའ་བའི་མི་མཐུན་པའི་ཕྱོགས་སུ་གྱུར་པའི་མཐོང་བས་སྤང་བར་བྱ་བའི་སྐྱོན་དེ་རྣམས་དང་བྲལ་བས་སོ། །ཐུན་མོང་མ་ཡིན་པའི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །
དེ་ལྟར་ཡོན་ཏན་རྣམ་པ་བཞི་བསྟན་ནས། གོང་ནས་གོང་དུ་རྟོགས་པ་ལ་སོགས་པའི་ཡོན་ཏན་བསྟན་པར་བྱ་བའི་ཕྱིར། ས་ནས་ས་གནོན་བྱེད་ཅིང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ས་ནས་ས་གནོན་བྱེད་ཅིང་ཞེས་བྱ་བ་ནི་ས་དང་པོ་ནས་ས་གཉིས་པ་ལ་སོགས་པ་གནོན་པར་བྱེད་པ་ནས་བརྩམས་
ཏེ། སངས་རྒྱས་ཀྱི་སའི་བར་དུ་གནོན་པར་བྱེད་དོ། །གོང་མར་རབ་ཏུ་འགྲོ་བར་འགྱུར། །ཞེས་བྱ་བ་ནི་དེའི་ཚེ་དམྱལ་བ་དང་། ཡི་དགས་དང་། དུད་འགྲོར་སྐྱེ་བར་གྱུར་པའི་ལས་མི་དགེ་བའི་ཆོས་ཅན་དུ་འགྱུར་བས་སོ། །སོ་སོའི་སྐྱེ་བོའི་ས་རྣམས་ཐམས་ཅད་ཟད། །ཅེས་བྱ་བ་ནི་འདུ་
ཤེས་མེད་པའི་སེམས་ཅན་དང་། བྱང་གི་སྒྲ་མི་སྙན་པ་དང་། ཚངས་པ་ཆེན་པོར་སྐྱེས་པའི་ས་དང་། མོས་པས་སྤྱོད་པའི་ས་རྣམས་ཟད་པར་གྱུར་པའོ། །དེ་ཉིད་ཉན་ཐོས་རྣམས་ལ་ཐེ་ཚོམ་བསལ་བའི་དོན་དུ་དཔེའི་སྒོ་ནས་བསྟན་པར་བྱ་བའི་ཕྱིར། འདི་ནི་འཕགས་པ་བརྒྱད་པ་ཇི་ལྟར་ཉེ་བར་
བསྟན། །ཞེས་བྱ་བ་སྨོས་ཏེ། བརྒྱད་པ་ནི་ཡས་བགྲང་བའི་དབང་དུ་བྱས་ནས་བརྒྱད་པ་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་སྟེ། རྒྱུན་དུ་ཞུགས་པ་ཞེས་བརྗོད་པ་ནི་རྒྱུ་ལ་འབྲས་བུར་བཏགས་པའི་ཕྱིར་རོ། །དེ་ནས་ཉན་ཐོས་རྣམས་ཀྱིས་བརྒྱད་པ་ཅི་ལྟར་བརྗོད་པ་དེ་བཞིན་དུ་འདིའི་གནས་སྐབས་
ན་བྱང་ཆུབ་སེམས་དཔའ་ཡང་ཡིན་ཏེ། ཇི་ལྟར་འཕགས་པ་ཉན་ཐོས་ཀྱིས་རྒྱུན་དུ་ཞུགས་པ་རྣམས་ལ་ངན་སོང་དུ་འགྲོ་བ་དང་། སྒོ་ང་དང་། དྲོད་གཤེར་གྱི་སྐྱེ་གནས་དང་། བྱང་གི་སྒྲ་མི་སྙན་དང་། འདུ་ཤེས་མེད་པའི་སེམས་ཅན་དང་། ཚངས་པ་ཆེན་པོར་སྐྱེ་བ་དང་། ཟ་མ་དང་། མ་ནིང་དང་།
མཚན་གཉིས་པའི་རྟེན་དང་། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་མི་སྐྱེ་བའི་ཆོས་ཉིད་དུ་འགྱུར་བ་དང་། ཡོན་ཏན་ཟག་པ་མེད་པའི་ལམ་ལ་སོགས་པ་ཐོབ་པ་དེ་བཞིན་དུ་འདིར་ཡང་ཤེས་པར་བྱའོ། །དེར་ཡང་བྱང་ཆུབ་སེམས་དཔའ་རྣམས་ལ་ལས་ཀྱི་དབང་གིས་ངན་སོང་ལ་སོགས་

པར་སྐྱེ་བ་ཟད་པ་ཡིན་གྱི་སྙིང་རྗེའི་དབང་གིས་ངང་པ་པདྨའི་ཚལ་དུ་འཇུག་པ་ལྟར་མནར་མེད་པར་ཡང་འཇུག་པར་འགྱུར་བ་ཡིན་ཞེས་པའི་ཚུལ་གྱིས་འགལ་བ་མེད་དོ། །དེ་ཉིད་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། འདི་ནི་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་ཁོང་དུ་ཆུད་
པའི་ཆོས་ལ་གོམས་པའི་ཕྱིར་དང་ཞེས་བྱ་བ་ནི་ཇི་ལྟར་ཁོང་དུ་ཆུད་པའི་ཆོས་ཀྱི་དབྱིངས་ལ་གློ་བུར་བའི་བསྒོམས་པས་སྤང་བར་བྱ་བའི་དོན་དུ་སྤྱོད་པའོ། །གལ་ཏེ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པའི་ཆོས་ཀྱི་དབྱིངས་ལ་གོམས་པར་མ་གྱུར་ཅིང་སྔར་མ་རྟོགས་པའི་ཁོང་དུ་ཆུད་པར་བྱ་བ་
ཡོད་པར་གྱུར་ན་སྔར་མེད་པའི་ཁོང་དུ་ཆུད་པར་བྱ་བའི་དོན་དུ་འབད་པ་དུ་མའི་སྒོ་ནས་ངལ་བར་འགྱུར་བའི་ཕྱིར་ས་གཞན་ནས་གཞན་གནོན་པར་མི་འགྱུར་རོ། །དེའི་ཕྱིར་འདི་ནི་ཇི་ལྟར་ཁོང་དུ་ཆུད་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །ཇི་ལྟར་ཁོང་དུ་ཆུད་པའི་ཆོས་ལ་སྤྱོད་པ་ཡིན་ཀྱང་ཕྲ་རྒྱས་
ལྷག་མ་སྤང་བའི་དོན་དུ་གལ་ཏེ་བརྩོན་པར་མི་བྱེད་ན་ས་གཞན་གནོན་པར་ཇི་ལྟར་འགྱུར། དེས་ན་ས་གཉིས་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ས་དང་པོ་ལ་ཞུགས་པའི་དུས་སུ་སྔར་མེད་པའི་རབ་ཏུ་དགའ་བ་ཐོབ་པས་ས་གཉིས་པ་ལ་སོགས་པ་གནོན་པས་སྤྲོ་བ་ཆེན་པོའི་
ཕྱིར་རོ། །གཏན་ཚིགས་གཉིས་ཀྱི་སྒོ་ནས་ས་ནས་ས་གནོན་པར་བྱེད་པ་ཉིད་བསྒྲུབས་པ་ཡིན་ནོ། །དེའི་ཚེ་འདིའི་ངན་འགྲོའི་ལམ་རྣམས་མཐའ་དག་འགག་པར་འགྱུར་ཞེས་སྨོས་པ་དེ་བཤད་པར་བྱ་བའི་ཕྱིར། མདོར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ངན་འགྲོའི་ལམ་འགག་པ་
དང་། སོ་སོའི་སྐྱེ་བོའི་ས་རྣམས་ཟད་པར་རྒྱུན་དུ་ཞུགས་པའི་དཔེའི་སྒོ་ནས་བསྟན་པ་ཡིན་ནོ། །འཕགས་པའི་ཆོས་རྟོགས་པ་ལས་ཞེས་བྱ་བ་ནི་ཉན་ཐོས་དང་རྗེས་སུ་མཐུན་པའི་མཐོང་ལམ་ཐོབ་པ་ལས་སོ། །སྐྱོན་དང་བྲལ་ཞིང་ཞེས་བྱ་བ་ནི་ངན་སོང་དུ་འགྲོ་བ་ལ་སོགས་པ་དང་བྲལ་བའོ། །ཡོན་
ཏན་འབྱུང་བར་འགྱུར་བ་ཞེས་བྱ་བ་ནི་སྐྱེ་བ་བདུན་པའི་བར་ལ་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བའོ། །དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །དེ་ལྟར་ས་ནས་ས་གནོན་པ་དང་། ངན་འགྲོའི་ལམ་རྣམས་འགག་པ་དང་། སོ་སོའི་སྐྱེ་བོའི་ས་རྣམས་ཟད་པར་འགྱུར་བའི་ཡོན་ཏན་

རྣམ་པ་གསུམ་བརྗོད་ནས། ཉན་ཐོས་དང་། རང་སངས་རྒྱས་དག་ཟིལ་གྱིས་གནོན་པའི་ཡོན་ཏན་བསྟན་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་འདི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཞེས་པ་ནི་སེམས་བསྐྱེད་པ་དང་པོ་པའོ། །ཁྱད་པར་དེ་ཉིད་བསྟན་པར་
བྱ་བའི་ཕྱིར། ཐུབ་དབང་ཞེས་བྱ་བ་ལ་སོགས་པ་ལ། ཐུབ་དབང་གསུང་སྐྱེས་ཞེས་བྱ་བ་ནི་ཐུབ་པའི་ཉན་ཐོས་དང་རང་སངས་རྒྱས་སོ། །དེ་དག་གི་དབང་པོ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་སོ། །དེའི་གསུང་ནི་ཆོས་བསྟན་པའོ། །དེ་ལས་སྐྱེས་པ་ནི་ཉན་ཐོས་ཏེ། རང་སངས་རྒྱས་
རྣམས་ལ་རང་བྱུང་ཡེ་ཤེས་སྐྱེ་བས་སོ། །བསོད་ནམས་དག་གི་དབང་གིས་ཕམ་བྱས་རྣམ་པར་འཕེལ། །ཞེས་བྱ་བ་ནི་སེམས་ཅན་གྱི་ཁམས་དཔག་ཏུ་མེད་པ་རྣམས་ལ་དུས་དཔག་ཏུ་མེད་པར་ཕན་པ་དང་བདེ་བའི་བསམ་པ་དཔག་ཏུ་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་དབང་གིས་
ཉན་ཐོས་དང་རང་སངས་རྒྱས་དག་ཟིལ་གྱིས་མནན་ནས་བྱང་ཆུབ་སེམས་དཔའ་རྣམ་པར་འཕེལ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཇི་ལྟ་བུ་ཞེ་ན། རྫོགས་པའི་བྱང་ཆུབ་སེམས་ལྟ་དང་པོ་ལ་གནས་ཀྱང་། །ཞེས་བྱ་བ་སྨོས་ཏེ། འདིར་བྱང་ཆུབ་ཀྱི་སེམས་ནི་གཉིས་ཏེ། བརྡ་ལས་
བྱུང་བ་དང་། དོན་དམ་པའི་འོ། །དེ་ལ་བརྡ་ལས་བྱུང་བ་ནི་སོ་སོའི་སྐྱེ་བོའི་སའི་སྨོན་པ་དང་འཇུག་པའི་རང་བཞིན་ཅན་ནོ། །དོན་དམ་པ་ནི་དང་པོའི་ཆོས་ཉིད་ཀྱིས་ཐོབ་པའོ། །གཉིས་ཀ་ལ་ཡང་བསོད་ནམས་ཀྱི་དབང་གིས་ཉན་ཐོས་དང་རང་སངས་རྒྱས་ཟིལ་གྱིས་གནོན་པའི་ནུས་པ་ཡོད་
དེ། དེ་ལྟ་བུའི་བྱང་ཆུབ་སེམས་ལས་བྱུང་བའི་བསོད་ནམས་ཉན་ཐོས་ལ་སོགས་པ་ལ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སྤྱོད་པ་ལ་འཇུག་པ་ལས། སེམས་ཅན་རྣམས་ཀྱི་གླད་ནད་ཙམ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འཕགས་པ་བྱམས་པའི་རྣམ་པར་ཐར་པའི་ཁུངས་ཀྱི་སྒོ་ནས་
བརྡ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ལ་བསོད་ནམས་ཀྱི་དབང་གིས་ཉན་ཐོས་དང་རང་སངས་རྒྱས་ཟིལ་གྱིས་གནོན་པའི་ནུས་པ་ཡོད་པ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱལ་བའི་མཚན་ཉིད་དང་ལྡན་པ་ཞེས་བྱ་བ་ནི་དབུ་གདུགས་ཀྱི་རྣམ་པ་ལྟ་བུ་དང་།

ཕྱག་རིང་བ་ལ་སོགས་པའི་མཚན་ཉིད་ཅན་ནོ། །གཙོ་བོར་གྱུར་པ་ཞེས་བྱ་བ་ནི་ཐབས་མཐར་ཐུག་པར་གྱུར་པའོ། །རིགས་ཀྱི་བདག་ཉིད་ཆེ་བའི་དབང་གིས་ཞེས་བྱ་བ་ནི་རྒྱལ་རིགས་ཀྱི་བདག་ཉིད་ཆེ་བའི་དབང་གིས་ཞེས་པའི་དོན་ཏོ། །བྱང་ཆུབ་ཏུ་སེམས་བསྐྱེད་ནས་རིང་པོ་མ་ལོན་པ་ཞེས་བྱ་བ་
འདིས་ནི་བརྡ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་བསྟན་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ཞེས་བྱ་བ་སྨོས་སོ། །ཡུན་རིང་དུ་ཚངས་པར་སྤྱད་པ་རྣམས་ཞེས་བྱ་བ་ནི་ཡུན་རིང་དུ་ཐར་པའི་ལམ་བསྒོམས་པ་རྣམས་ཞེས་བྱ་བའི་དོན་ཏོ། །མདོ་དེ་ཉིད་དུ་
དཔེ་གཉིས་བསྟན་པ་ནི་རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མིག་ཡོངས་སུ་དག་པའི་ཡོན་ཏན་གང་ཡིན་པ་དེ་ནི་ཞེས་བྱ་བ་ནི་བྱ་བ་རྣམས་ཀྱི་ནང་ན་དེས་ཐག་ཤིན་ཏུ་རིང་བ་མཐོང་བ་ཡིན་པས་སོ། །དེ་བཞིན་གཤེགས་པ་ནམ་མཁའ་ལྡིང་གི་དབང་པོ་ཆེན་པོའི་རིགས་ཀྱི་རྒྱུད་དུ་ཡང་དག་པར་
བྱུང་བ་རྣམས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཉིད་ནམ་མཁའ་ལྡིང་གི་དབང་པོ་ཡིན་ཏེ། དཔེར་ན་བྱ་རྣམས་ཀྱི་ནང་ན་ནམ་མཁའ་ལྡིང་མཆོག་ཏུ་གྱུར་པ་ཡིན་ལ། དེ་བཞིན་དུ་ལྷ་དང་མི་རྣམས་ཀྱི་ནང་ན་དེ་བཞིན་གཤེགས་པ་མཆོག་ཏུ་གྱུར་པ་ཡིན་པས་ནམ་མཁའ་ལྡིང་གི་དབང་པོ་ཞེས་བརྗོད་པ་ཡིན་
ནོ། །དེའི་རིགས་རྒྱུད་དུ་ཡང་དག་པར་བྱུང་བ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་རྒྱུད་དུ་སྐྱེས་པའོ། །ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་གཤོག་པའི་སྟོབས་ཀྱིས་ཕ་རོལ་གནོན་པ་དང་ཞེས་བྱ་བ་ལ། ཐམས་ཅད་མཁྱེན་པ་ཉིད་ནི་བྱང་ཆུབ་
བོ། །དེར་སེམས་བསྐྱེད་པ་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་པའོ། །དེའི་སྟོབས་ནི་ནུས་པའོ། །ཕ་རོལ་གནོན་པ་ནི་ཉན་ཐོས་དང་རང་སངས་རྒྱས་དག་ཟིལ་གྱིས་གནོན་པའོ། །ལྷག་པའི་བསམ་པ་ཞེས་བྱ་བ་ལ་སོགས་པ་ལ། ལྷག་པའི་བསམ་པ་ནི་སེམས་ཅན་རྣམས་སྡུག་བསྔལ་དང་སྡུག་
བསྔལ་གྱི་རྒྱུ་ལས་ཡང་དག་པར་འདྲེན་པར་འདོད་པའི་མཚན་ཉིད་ཅན་ནོ། །དེ་ཉིད་ཡོངས་སུ་དག་པའི་མིག་གི་ཡོན་ཏན་ནོ། །དེ་ལྟར་བརྡ་ལས་བྱུང་བའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྟོབས་རྣམས་ཀྱི་དབང་གིས་ཉན་ཐོས་དང་། རང་སངས་རྒྱས་དག་ཟིལ་གྱིས་གནོན་པའི་ནུས་པ་ཡོད་པ་འགྲེལ་

པས་མ་བསྟན་པ་དང་། དེ་བཞིན་དུ་གནས་སྐབས་གང་ན་རྟོགས་པའི་དབང་གིས་བྱང་ཆུབ་སེམས་དཔས་ཉན་ཐོས་དང་རང་སངས་རྒྱས་ཟིལ་གྱིས་གནོན་པ་དེ་བསྟན་པར་བྱ་བའི་ཕྱིར། དེ་ནི་རིང་དུ་སོང་བར་ཞེས་བྱ་བ་ལ་སོགས་པ་ལ་རིང་དུ་སོང་བ་ནི་བྱང་ཆུབ་སེམས་དཔའི་ས་
བདུན་པའོ། །བློ་ཞེས་པ་ནི་རྟོགས་པའོ། །ཡང་ཞེས་པ་ནི་བསོད་ནམས་འབའ་ཞིག་གིས་ལྷག་པ་མ་ཡིན་གྱི། འོན་ཀྱང་ཡེ་ཤེས་ཀྱིས་ཀྱང་ངོ་། །ལྷག་པར་གྱུར་པ་ནི་མཆོག་ཏུ་གྱུར་པའོ། །འདིའི་དོན་ནི་འདིར་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་
ཆོས་ཀྱི་བདག་མེད་པ་རྟོགས་པ་མཚུངས་པ་ཡོད་དུ་ཟིན་ཀྱང་ས་བདུན་པའི་སྔ་རོལ་དུ་ས་དྲུག་པ་ལ་སོགས་པར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མདོ་སྡེ་ལ་སོགས་པ་གང་མཚན་མ་སྔོན་དུ་བྱས་ནས་ལམ་ལ་འཇུག་པའི་མཚན་མ་དེ་མངོན་དུ་མ་བྱས་པར་ས་བདུན་པ་ནས་བརྩམས་ཏེ་ལམ་ལ་འཇུག་པ་ཡིན་
ནོ། །དེ་ཉིད་ཀྱི་ཕྱིར་དེའི་གནས་སྐབས་ན་ཁོ་བོ་ལམ་ལ་འཇུག་པར་བྱའོ་སྙམ་པའི་རྣམ་པར་རྟོག་པ་ཡོད་པ་དང་། མདོ་ལ་སོགས་པའི་མཚན་མ་མངོན་དུ་མི་བྱེད་པ་དང་། རྩོལ་བ་དང་བཅས་པ་དང་། མཚན་མ་མེད་པའི་ལམ་ཞེས་བརྗོད་པར་བྱའོ། །ས་བརྒྱད་པ་ནས་བརྩམས་ཏེ་ལམ་ལ་འཇུག་པར་
བྱའོ་སྙམ་པའི་རྣམ་པར་རྟོག་པ་ཡང་མེད་པས་རྩོལ་བ་མེད་པ་དང་། མཚན་མ་མེད་པའི་ལམ་ཞེས་བརྗོད་པར་བྱའོ། །ཉན་ཐོས་དང་རང་སངས་རྒྱས་དག་ལ་རྣམ་པ་དེ་ལྟ་བུའི་མཚན་མ་མེད་པའི་ལམ་མེད་པའི་ཕྱིར། དེ་ནི་རིང་དུ་སོང་བར་བློ་ཡང་ལྷག་པར་འགྱུར། །ཞེས་བསྟན་པ་ཡིན་ནོ། །དེ་ཉིད་
ཀྱི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་དག་གི་རྣམ་པར་རྟོག་པའི་བག་ཆགས་ཀྱི་རང་བཞིན་གྱི་ཉོན་མོངས་པ་རབ་ཏུ་སྤང་བར་མི་འགྱུར་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་ས་བརྒྱད་པ་ནས་བརྩམས་ཏེ། རྩོལ་བ་མེད་པ་དང་། མཚན་མ་མེད་པའི་ལམ་གྱི་སྟོབས་ཀྱིས་རྣམ་པར་རྟོག་པའི་བག་ཆགས་ཀྱི་རང་
བཞིན་གྱི་ཉོན་མོངས་པ་ཟད་པར་འགྱུར་བས་སངས་རྒྱས་ཉིད་ཐོབ་པ་ཡིན་ནོ། །ཉན་ཐོས་ལ་སོགས་པ་རྣམས་ལ་དེ་མེད་པས་བག་ཆགས་ཟད་པ་ཡོད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་མ་ཁོལ་ཞབས་ཀྱིས། བག་ཆགས་དང་བཅས་སྐྱོན་དེ་རྣམས། །སྐྱོབ་པ་གཅིག་པུ་ལ་ནི་མེད། །ཅེས་གསུངས་

སོ། །དེ་ཉིད་ཀྱི་ཕྱིར་དེ་རྣམས་ལ་ཆོས་ཀྱི་བདག་མེད་པ་ཡོངས་སུ་ཤེས་པ་རྫོགས་པ་མེད་པ་ཡིན་ནོ་ཞེས་བཤད་པར་འགྱུར་ཏེ། རྩོལ་བ་མེད་པ་དང་། མཚན་མ་མེད་པའི་རང་བཞིན་ཅན་གྱི་ཆོས་ཀྱི་བདག་མེད་པ་ཡོངས་སུ་ཤེས་པ་ཡོད་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །དོན་དམ་པའི་བྱང་ཆུབ་ཀྱི་སེམས་ལ་
ཉན་ཐོས་དང་རང་སངས་རྒྱས་ཟིལ་གྱིས་གནོན་པའི་ནུས་པ་ཡོད་པ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། འཕགས་པ་ས་བཅུ་པ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ས་བཅུ་པའི་གནས་སྐབས་ཡིན་པའི་ཕྱིར་དོན་དམ་པ་ཁོ་ན་གསུངས་པ་ཡིན་ནོ། །འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ལྷག་
པའི་བསམ་པའི་ཆེ་བ་ཉིད་ཀྱིས་ཞེས་བྱ་བ་ནི་ཁྱད་པར་དུ་གྱུར་པའི་བསོད་ནམས་ཀྱི་རྒྱུ་བྱང་ཆུབ་ཀྱི་སེམས་དང་། སྙིང་རྗེའི་སྟོབས་ཀྱིས་བྱ་བའི་དོན་ཏོ། །རང་གི་བློའི་སྟོབས་ཀྱིས་ཞེས་བྱ་བ་ནི་རང་གི་ཤེས་རབ་ཀྱི་སྟོབས་ཀྱིས་མདོ་ལ་སོགས་པའི་མཚན་མ་ལ་མི་ལྟོས་པ་ཉིད་ཀྱིས་སོ། །རྣམ་པར་དཔྱད་
པས་ནི་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ལ་འཇུག་པ་གང་ཡིན་པའོ། །རང་གི་ཡུལ་ཤེས་པའི་ཆེ་བ་ལ་གནས་པ་ཞེས་བྱ་བ་ལ། རང་གི་ཡུལ་ནི་ཆོས་ཀྱི་དབྱིངས་སོ། །དེའི་ཤེས་པ་ནི་རྟོགས་པའོ། །དེའི་ཆེ་བ་ནི་མདོ་ལ་སོགས་པའི་མཚན་མ་མངོན་དུ་བྱེད་པར་མི་འཇུག་པའོ། །ས་འོག་མ་རྣམས་སུ་ཞེས་
བྱ་བ་ནི་ས་དྲུག་པ་དང་ལྔ་པ་ལ་སོགས་པ་རྣམས་སུའོ། །ད་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ཡང་ཆོས་ཀྱི་བདག་མེད་པ་ཡོངས་སུ་ཤེས་པ་ཡོད་པ་ཡིན་ནོ། །ཞེས་བསྟན་པར་བྱ་བའི་ཕྱིར། ལུང་འདི་ལས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་དག་ན་རེ་ཉན་ཐོས་རྣམས་ལ་གང་
ཟག་གི་བདག་མེད་པ་ཡོངས་སུ་ཤེས་པ་ཁོ་ན་ཡོད་ལ། གཟུང་བ་རང་བཞིན་མེད་པ་ཙམ་དུ་རྟོགས་པས་རང་སངས་རྒྱས་རྣམས་ལ་ཆོས་ཀྱི་བདག་མེད་པ་ཕྱོགས་གཅིག་ཡོངས་སུ་ཤེས་པ་ཡོད་པ་ཡིན་ལ། བྱང་ཆུབ་སེམས་དཔའ་རྣམས་ལ་བདག་གཉིས་མེད་པ་ཡོངས་སུ་ཤེས་པ་ཡོད་པ་ཡིན་ནོ་ཞེས་
རྗོད་པར་བྱེད་དོ། །དེ་ནི་མི་འཐད་པར་སྟོན་པ་ཡིན་ཏེ། ཉན་ཐོས་དང་། རང་སངས་རྒྱས་རྣམས་ལ་ཆོས་ཀྱི་བདག་མེད་པ་ཡོངས་སུ་ཤེས་པ་ཡོད་པ་མ་ཡིན་ནོ་ཞེས་པ་དེ་ལུང་ལས་སམ། འོན་ཏེ་རིགས་པ་ལས་ཡིན། དེ་ལ་ལུང་ལས་མ་ཡིན་ཏེ། ས་བཅུ་པའི་མདོ་ཉིད་ཀྱིས་ཉན་ཐོས་ལ་སོགས་པ་ལ་

ཆོས་ཀྱི་བདག་མེད་པ་རྟོགས་པ་ཡོད་པར་བསྒྲུབ་པར་བྱ་སྟེ། གང་གི་ཕྱིར་ས་བཅུ་པའི་མདོ་ལས་རང་གི་བློའི་སྟོབས་ཀྱིས་རྣམ་པར་དཔྱོད་པས་ས་བདུན་པར་ཟིལ་གྱིས་གནོན་པར་གསུངས་ལ། ས་དང་པོ་ལ་སོགས་པར་མ་གསུངས་སོ། །གལ་ཏེ་ཉན་ཐོས་ལ་སོགས་པ་
རྣམས་ལ་ཆོས་ཀྱི་བདག་མེད་པ་ཡོངས་སུ་ཤེས་པ་མེད་པར་འགྱུར་ནས་དང་པོར་ཡང་ཉན་ཐོས་དང་རང་སངས་རྒྱས་དག་ལས་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་ཀྱི་བདག་མེད་པ་ཡོངས་སུ་ཤེས་པ་ལྷག་པར་ཡོད་པའི་ཕྱིར་རྟོགས་པ་ཆེ་བའི་བདག་ཉིད་ཅན་དུ་ཅི་ལྟར་མི་འགྱུར་ཞེས་པའོ། །ལུང་འདི་
ལས་ན་ཞེས་བྱ་བ་ནི་ས་བཅུ་པའི་མདོ་ལས་སོ། །འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་ལྟར་ཞེས་བྱ་བ་ལ། འཇིག་རྟེན་པ་ནི་ཟག་པ་མེད་པའི་ལམ་མ་ཐོབ་པས་སོ། །འདོད་ཆགས་དང་བྲལ་བ་ནི་འདོད་པའི་ཁམས་ལ་སོགས་པ་ས་བརྒྱད་ལ་འདོད་ཆགས་དང་བྲལ་བའོ། །འདིར་
འདོད་པའི་ཁམས་དང་། བསམ་གཏན་བཞི་དང་། གཟུགས་མེད་པ་བཞིའི་དབྱེ་བས་ས་དགུ་ཡོད་པ་ཡིན་ཏེ། དེ་ལ་གང་འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་དེ་འདོད་པའི་ཁམས་ལ་སོགས་པ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་ས་བརྒྱད་ལ་ས་འོག་མ་འོག་མས་རགས་པ་ཉིད་དུ་
དམིགས་ཤིང་། ས་གོང་མ་གོང་མས་ཕྲ་བ་ཉིད་དུ་དམིགས་པའི་སྒོ་ནས་འདོད་ཆགས་དང་བྲལ་བ་ཐོབ་པ་ཡིན་ནོ། །ཡོད་མིན་མེད་མིན་སྐྱེ་མཆེད་ཀྱི་ས་ལས་འདོད་ཆགས་དང་བྲལ་བ་མི་འཐོབ་སྟེ། དེའི་གོང་ནས་ས་གཞན་མེད་པས་སོ། །དེའི་ཕྱིར་འདི་རྣམས་ལ་ཁམས་གསུམ་ན་སྤྱོད་པའི་ཉོན་
མོངས་པ་སྤོང་བ་རྣམས་ཡོད་པ་མ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དེས་ནི་ཇི་ལྟར་འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ། སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ཟིལ་གྱིས་གནོན་ཏེ། འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་རྣམས་ལ་རང་བཞིན་མེད་པར་ཡོངས་སུ་ཤེས་པ་མེད་པས་
སོ། །དེ་བཞིན་དུ་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔས་ཉན་ཐོས་དང་རང་སངས་རྒྱས་ཟིལ་གྱིས་གནོན་པར་འགྱུར་ཏེ། །རང་བཞིན་མེད་པར་ཡོངས་སུ་ཤེས་པ་མེད་པ་ཉིད་ཀྱིས་སོ། །རང་གི་བློས་རྣམ་པར་དཔྱད་པས་ཀྱང་ཞེས་བྱ་བ་ནི་རང་གི་ཤེས་རབ་ཀྱིས་རང་བཞིན་མེད་པར་ཡོངས་སུ་

ཤེས་པའི་སྒོ་ནས་སོ་ཞེས་པའི་དོན་ཏོ། །དེ་ལྟར་ལུང་གི་སྒོ་ནས་མ་ཡིན་པའོ། །འོ་ན་ལུང་དུ་མ་ལས་ཉན་ཐོས་ལ་སོགས་པ་ལས་གང་ཟག་གི་བདག་མེད་པ་ཁོ་ན་ཡོད་པ་ཡིན་ནོ་ཞེས་གང་གསུངས་པ་དེ་ཇི་ལྟར་དྲང་ཞེ་ན། འོ་ན་དེ་ལྟར་ན་ལུང་གཞན་ལས། ཁུར་ཁྱེར་བ་ཡི་གང་ཟག་ཡོད། །རྟག་གམ་
མི་རྟག་བརྗོད་མི་བྱ། །ཞེས་གསུངས་པས་གང་ཟག་ཀྱང་ཡོད་པ་ཉིད་དུ་གསུངས་པར་འགྱུར་བས་དེ་ཇི་ལྟར་དྲང་། གལ་ཏེ་གང་ཟག་ཡོད་དོ་ཞེས་གསུངས་པ་དེ་བདག་ཏུ་ལྟ་བ་ལ་མངོན་པར་ཞེན་པ་རྣམས་གཞུག་པའི་དོན་དུ་གསུངས་པ་ཡིན་ནོ་ཞེ་ན། འོ་ན་རང་བཞིན་མེད་པར་ཡོངས་སུ་ཤེས་པ་ལ་
འཇུག་པ་ལ་སྐྲག་པའི་ཉན་ཐོས་ལ་སོགས་པ་རྣམས་གཞུག་པའི་དོན་དུ་གང་ཟག་ལ་བདག་མེད་པ་གསུངས་པ་ཡིན་པས་གང་ཟག་གི་བདག་མེད་པ་གསུངས་པ་དེ་དགོངས་པ་ཅན་ཡིན་གྱི། དོན་དམ་པ་མ་ཡིན་པའི་ཕྱིར་འགལ་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །གལ་ཏེ་འདི་ནི་དགོངས་པ་ཅན་མ་ཡིན་
ནོ་ཞེས་རིགས་པའི་སྒོ་ནས་ཤེས་པ་ཡིན་ལ། དེས་ཉན་ཐོས་ལ་སོགས་པ་རྣམས་ལ་བདག་མེད་པ་ཡོངས་སུ་ཤེས་པ་ཡོད་པ་ལ་རིག་པ་གང་ཞིག་ཡོད་ཅེ་ན། དེ་ལ་ལན་དུ་རིགས་པའི་སྒོ་ནས་བདག་མེད་པ་ཉིད་ཡོངས་སུ་ཤེས་པ་ཡོད་པ་བསྒྲུབ་པར་བྱ་བའི་ཕྱིར། ཕྱི་རོལ་པ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་
སྨོས་ཏེ། ཕྱི་རོལ་པ་བཞིན་དུ་ཞེས་བྱ་བ་ནི་འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་བཞིན་དུ་སྟེ། ཇི་ལྟར་འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་རྣམས་ལ་སྔར་བསྟན་པའི་ཚུལ་གྱིས་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་སྤངས་པ་མེད་པ་དེ་བཞིན་དུ་ཉན་ཐོས་ལ་སོགས་པ་རྣམས་ལ་ཡང་ཁམས་
གསུམ་ན་སྤྱོད་པའི་ཉོན་མོངས་པ་སྤངས་པ་ཡོད་པར་མི་འགྱུར་རོ། །དེ་ཉིད་ཀྱི་རྒྱུ་མཚན་བསྟེན་པར་བྱ་བའི་ཕྱིར། གཟུགས་ལ་སོགས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིའི་དོན་ནི་གལ་ཏེ་ཉན་ཐོས་ལ་སོགས་པ་རྣམས་ལ་བདག་མེད་པ་གཉིས་ཡོངས་སུ་ཤེས་པ་མེད་ལ། བདག་མེད་པ་ཙམ་ཤེས་
པ་ཡོད་པ་ཡིན་ན་དེའི་ཚེ་གཟུགས་ལ་སོགས་པ་མངོན་པར་ཞེན་པ་ཡང་ཡོད་པ་མ་ཡིན་ལ། གཟུགས་ལ་སོགས་པ་ལ་མངོན་པར་ཞེན་པ་ཡང་ཕྱིན་ཅི་ལོག་ཡིན་ཏེ། རང་ལས་མ་ཡིན་གཞན་ལས་མ་ཡིན་ཞེས་པ་ལ་སོགས་པ་འཆད་པར་འགྱུར་བའི་རིགས་པས་གཟུགས་ལ་སོགས་པའི་རང་བཞིན་མི་འཐད་

པས་སོ། །ཕྱིན་ཅི་ལོག་ཀྱང་ལོག་པའི་ཤེས་པ་ཡིན་ལ་ལོག་པའི་ཤེས་པས་ཉོན་མོངས་པ་སྤོང་བར་རིགས་པ་མ་ཡིན་ནོ། །གལ་ཏེ་ལོག་པའི་ཤེས་པས་ཉོན་མོངས་པ་སྤོང་བར་འགྱུར་ན་ཕྱི་རོལ་པ་བདག་ཏུ་སྨྲ་བ་བདག་ལ་མངོན་པར་ཞེན་པས་ཕྱིན་ཅི་ལོག་པ་རྣམས་ཀྱིས་ཀྱང་ཉོན་མོངས་པ་
སྤོང་བར་འགྱུར་རོ། །དེས་ན་འདི་ལྟར་མ་ཡིན་ནོ། །དེས་ན་ཉན་ཐོས་ལ་སོགས་པ་རྣམས་ཀྱི་ཉོན་མོངས་པ་སྤོང་བར་ཁས་ལེན་ན་བདག་མེད་པ་གཉིས་ཡོངས་སུ་ཤེས་པ་ཁས་བླང་དགོས་སོ། །དེ་ལྟར་ན་ཆོས་ཀྱི་བདག་མེད་པ་ཡོངས་སུ་ཤེས་པ་མེད་ན་ཉོན་མོངས་པ་སྤོང་བར་མི་འགྱུར་རོ་ཞེས་བརྗོད་ནས་ད་ནི་
ཆོས་ཀྱི་བདག་མེད་པ་ཡོངས་སུ་ཤེས་པ་མེད་ན་གང་ཟག་གི་བདག་མེད་པ་ཡོངས་སུ་ཤེས་པ་ཉིད་ཀྱང་མེད་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། གང་ཟག་གི་བདག་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཟག་གི་བདག་མེད་པ་ནི་བདག་གི་རང་བཞིན་མེད་པ་ཉིད་ཡིན་ལ། དེ་རྟོགས་པ་ནི་ཡོངས་
སུ་ཤེས་པའོ། །ཆོས་ཀྱི་བདག་མེད་མ་རྟོགས་ན་གང་ཟག་གི་བདག་མེད་པ་ཡང་རྟོགས་པར་འགྱུར་རོ། །དེ་ཉིད་ཀྱི་རྒྱུ་མཚན་བསྟན་པའི་ཕྱིར། བདག་ཏུ་གདགས་པའི་རྒྱུ་ཕུང་པོ་ལ་དམིགས་པའི་ཕྱིར་རོ་ཞེས་སྨོས་ཏེ། བདག་ཏུ་ཐ་སྙད་འདོགས་པའི་རྒྱུ་མཚན་དུ་འགྱུར་བའི་ཕུང་པོ་གང་ཡིན་པ་དེ་ལ་
དམིགས་པའི་ཕྱིར་རོ། །འདིའི་དོན་ནི་འདིར་གང་བདག་ཏུ་མངོན་པར་ཞེན་པ་འཇུག་པ་སྟེ། མུ་སྟེགས་པས་ཡོངས་སུ་བཏགས་པའི་ཕུང་པོ་ལས་ཐ་དད་དུ་གྱུར་པའི་བདག་རྟག་པ་ལ་དམིགས་ནས་འཇུག་པར་མི་འགྱུར་ཏེ། བསྟན་བཅོས་མི་ཤེས་པའི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱང་བདག་ཏུ་ཞེན་པ་མི་འཇུག་
པར་ཐལ་བར་འགྱུར་བ་ལས། འོན་ཀྱང་ཕུང་པོ་ལ་མངོན་པར་ཞེན་པ་མངོན་དུ་འགྲོ་བ་ཅན་བདག་ཏུ་མངོན་པར་ཞེན་པའི་བག་ཆགས་ཀྱིས་འཇུག་པ་ཡིན་ནོ། །དེས་ན་ཇི་སྲིད་དུ་ཕུང་པོ་ལ་མངོན་པར་ཞེན་པ་ཡོད་པ་དེ་སྲིད་དུ་བདག་ལ་མངོན་པར་ཞེན་པའི་བག་ཆགས་མི་ལྡོག་པས་བདག་ཏུ་མངོན་པར་ཞེན་
པ་ལྡོག་པར་མི་འགྱུར་བའི་ཕྱིར། གང་ཟག་གི་བདག་མེད་པ་ཡོངས་སུ་ཤེས་པར་མི་འགྱུར་རོ། །དེས་ན་གལ་ཏེ་ཉན་ཐོས་ལ་སོགས་པ་རྣམས་ལ་གང་ཟག་གི་བདག་མེད་པ་ཡོངས་སུ་ཤེས་པ་ཡོད་པར་ཁས་ལེན་ན་དེའི་ཚེ་ཕུང་པོ་རང་བཞིན་མེད་པ་ཉིད་དུ་ཤེས་པ་མེད་ན་དེ་འགྲུབ་པར་མི་འགྱུར་རོ། །དེས་ན་ཆོས་

ཀྱི་བདག་མེད་པ་ཡོངས་སུ་ཤེས་པ་ཉིད་དུ་འགྲུབ་པ་ཡིན་ནོ། །གཞན་ཡང་འཇིག་ཚོགས་ལ་ལྟ་བ་རྣམ་པ་གཉིས་ཁས་ལེན་དགོས་ཏེ། ཀུན་ཏུ་བརྟགས་པའི་བདག་ལ་དམིགས་པ་དང་། ལྷན་ཅིག་སྐྱེས་པའོ། །དེ་ལ་ཀུན་ཏུ་བརྟགས་པའི་བདག་ལ་དམིགས་པ་གང་ཡིན་པ་དེ་མཐོང་བའི་
ལམ་གྱི་གནས་སྐབས་སུ་གང་ཟག་གི་བདག་མེད་པ་རྟོགས་པས་སྤོང་བ་ཡིན་ནོ། །གང་ལྷན་ཅིག་སྐྱེས་པའི་འཇིག་ཚོགས་ལ་ལྟ་བ་དེ་ནི་རང་བཞིན་མེད་པར་ཡོངས་སུ་ཤེས་པ་མེད་པར་ཇི་ལྟར་སྤོང་བར་འགྱུར། གང་ལ་མི་རྟག་པ་ལ་སོགས་པ་བསྒོམ་པས་སྤོང་ཞེ་ན། དེ་ཡང་མ་ཡིན་ཏེ། མི་
རྟག་པ་ལ་སོགས་པ་བསྒོམས་པས་ཕུང་པོ་རང་བཞིན་མེད་པ་མངོན་དུ་བྱེད་པ་མ་ཡིན་གྱི། འོན་ཀྱང་སྐད་ཅིག་མ་སོ་སོ་ལ་མི་རྟག་པ་ཉིད་དོ། །དེས་ན་བདག་ཏུ་གདགས་པའི་རྒྱུ་ཕུང་པོ་ཡོད་པའི་ཕྱིར་ལྷན་ཅིག་སྐྱེས་པའི་འཇིག་ཚོགས་ལ་ལྟ་བ་ཇི་ལྟར་འགག་པར་འགྱུར། གལ་ཏེ་ལྷན་ཅིག་
སྐྱེས་པའི་འཇིག་ཚོགས་ལ་ལྟ་བ་ཡོད་དུ་ཟིན་ཀྱང་ཐར་པ་ཐོབ་པར་འདོད་ན་འོ་ན་མཐོང་བའི་ལམ་ཐོབ་པ་ཉིད་ཀྱིས་གྲོལ་བར་ཐལ་བར་འགྱུར་རོ། །དེས་ན་ལྷན་ཅིག་སྐྱེས་པའི་འཇིག་ཚོགས་ལ་ལྟ་བ་སྤང་བའི་དོན་དུ་ཆོས་ཀྱི་བདག་མེད་པ་ཡོངས་སུ་ཤེས་པ་ཁས་ལེན་དགོས་སོ། །དེ་ལྟར་རིགས་པའི་སྒོ་
ནས་ཉན་ཐོས་ལ་སོགས་པ་རྣམས་ལ་བདག་མེད་པ་གཉིས་ཡོངས་སུ་ཤེས་པ་ཡོད་པར་གྲུབ་པ་ཡིན་ནོ། །བདག་མེད་པ་གཉིས་ཡོངས་སུ་ཤེས་པ་ལ་རིན་པོ་ཆེའི་ཕྲེང་བའི་ཁུངས་བསྟན་པར་བྱ་བའི་ཕྱིར། ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་སྲིད་ཕུང་པོ་ལ་མངོན་པར་ཞེན་པ་ཡོད་པ་དེ་སྲིད་དུ་
བདག་ཏུ་མངོན་པར་ཞེན་པ་ཡོད་དེ། ཕུང་པོ་ལ་མངོན་པར་ཞེན་པས་ཀུན་ནས་སློང་བ་ཡིན་པས་སོ། །ངར་འཛིན་ཡོད་ན་ཡང་ལས་ཏེ་ཞེས་བྱ་བ་ནི། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་ཆགས་དང་སྡང་། །དེ་གཉིས་དང་ནི་འབྲེལ་པ་ཡི། །ཉེས་པ་ཐམས་ཅད་རབ་ཏུ་འབྱུང་། །
ཞེས་འབྱུང་བའི་ཚུལ་གྱིས་ངར་འཛིན་ཡོད་ན་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ཀུན་ནས་སློང་བའི་ལས་བྱེད་པར་འགྱུར་རོ། །དེ་ལས་ཡང་ནི་སྐྱེ་བ་ཡིན་ཞེས་བྱ་བ་ནི་ལས་ཀྱི་སྟོབས་དེ་ལས་འགྲོ་བ་རྣམས་སུ་སྐྱེ་མཆེད་དྲུག་གི་མཚན་ཉིད་ཅན་དུ་སྐྱེ་བའོ་ཞེས་པའི་དོན་ཏོ། །ལམ་གསུམ་ཞེས་བྱ་བ་ནི་ངར་

འཛིན་པ་དང་། ལས་དང་། སྐྱེ་བའི་མཚན་ཉིད་ཅན་གྱི་ལམ་གསུམ་འཁོར་བའི་འཁོར་ལོ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཐོག་མཐའ་དབུས་མེད་ལ་ཞེས་བྱ་བ་ནི་གང་ལ་དང་པོ་མེད་པ་དེ་ལ་ཐོག་མ་མེད་པ་ཞེས་བྱ་ལ་གང་ལ་ཐ་མ་མེད་པ་དེ་ལ་ཐ་མ་མེད་པ་ཞེས་བྱ་ལ། དེ་དག་གི་
བར་ལ་དབུས་ཞེས་བྱ་བས་དེ་རྣམས་འདི་ལ་དོན་དམ་པར་ཡོད་པ་མ་ཡིན་ཏེ། ཕུང་པོ་རྣམས་རང་བཞིན་མེད་པའི་ཕྱིར་རོ། །ཀུན་རྫོབ་ཏུ་ཡང་སོ་སོའི་སྐྱེ་བོའི་དབང་དུ་བྱས་ནས་ཐོག་མ་དང་ཐ་མ་དང་དབུས་ཡོད་པ་མ་ཡིན་ཏེ། འདི་ལྟར་ཐོག་མ་ཡོད་པ་མ་ཡིན་ཏེ། རྒྱུ་མེད་པར་ཐལ་བར་འགྱུར་བས་སོ། །
ཐ་མ་ཡང་མེད་དེ། འཕགས་པའི་ལམ་མ་སྐྱེས་པའི་ཕྱིར་རོ། །ཐོག་མཐའ་མེད་པའི་ཕྱིར་དབུས་ཀྱང་ཡོད་པ་མ་ཡིན་ནོ། །འཁོར་བའི་འཁོར་ལོ་ཞེས་བྱ་བ་ལ་སོགས་པའི་སྒྲས་འགྲོ་བ་ནས་འགྲོ་བ་གཞན་དུ་འཁོར་བའི་ཕུང་པོ་ལྔ་ལ་བརྗོད་པར་བྱའོ། །དེ་ཉིད་འཁོར་ལོ་སྟེ་འགྲོ་བ་ནས་འགྲོ་བ་གཞན་དུ་འཁོར་བའི་
ཕྱིར་རོ། །མགལ་མེའི་འཁོར་ལོ་ལྟ་བུ་ཞེས་བྱ་བ་ལ། ཤིང་ཕྱེད་ཚིག་པ་ཀུན་དུ་བསྐོར་བ་ལས་འཁོར་ལོའི་རྣམ་པ་བཞིན་དུ་འཁོར་བའི་འཁོར་ལོ་ཡང་ངོ་ཞེས་པའོ། །འདིའི་དོན་ནི་མགལ་མེ་ཀུན་དུ་བསྐོར་བ་ལས་འཁྲུལ་ནས་འཁོར་ལོར་སྣང་བ་དེ་བཞིན་དུ་འཁོར་བའི་འཁོར་ལོ་མེད་དུ་ཟིན་ཀྱང་ཡེ་ཤེས་
ཀྱི་མིག་བགག་པ་དང་། ལྟ་བ་ངན་པར་ལྟུང་བ་ལ་སྣང་བ་ཡིན་ནོ། །ཕན་ཚུན་གྱི་རྒྱུ་ཅན་འདི་ནི་འཁོར་བར་འགྱུར་ཞེས་བྱ་བ་འདི་ནི་ཕུང་པོ་ལ་བརྟེན་ནས་ངར་འཛིན་འབྱུང་ལ་ངར་འཛིན་ལ་བརྟེན་ནས་ཕུང་པོ་འབྱུང་བའི་ཕྱིར་རོ། །ཕན་ཚུན་གྱི་རྒྱུས་འགྲོ་བ་ལྔར་ཡོངས་སུ་འཁོར་བ་ཡིན་ནོ། །མགལ་མེའི་འཁོར་
ལོ་དང་འདྲ་བ་དེ་ཉིད་ཀྱིས་འཁོར་བའི་འཁོར་ལོ་ཡོད་པ་མ་ཡིན་པ་ཉིད་དུ་བརྗོད་པ་མ་ཡིན་ལ། དེ་ཉིད་བསྟན་པར་བྱ་བའི་ཕྱིར། དེ་ནི་རང་བཞིན་གཉིས་ཀ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་ཞེས་བྱ་བ་ནི་འཁོར་བའི་འཁོར་ལོའོ། །རང་ཞེས་བྱ་བ་ནི་ཕུང་པོ་རྣམས་རང་ལས་སྐྱེ་བ་ཉིད་དུ་མ་
དམིགས་ཏེ། གང་གི་ཕྱིར་རང་ལས་སྐྱེས་ན་རང་ཡོད་པ་ལས་སྐྱེ་བ་ཡིན་ནམ། འོན་ཏེ་མེད་པ་ལས་སྐྱེ་བ་ཡིན། ཡོད་པ་ལས་མ་ཡིན་ཏེ། རང་གི་རང་བཞིན་ཡོད་པ་ཡིན་ན་སྐྱེ་བ་མེད་པའི་ཕྱིར་དང་། རང་གི་བདག་ཉིད་ལ་བྱ་བ་འགལ་བའི་ཕྱིར་རོ། །མེད་པ་ལས་ཀྱང་མ་ཡིན་ཏེ། མེད་པ་རྒྱུ་ཉིད་དུ་མི་

འཐད་པའི་ཕྱིར་དང་། རང་ལས་སྐྱེ་བའི་ཕྱོགས་ཉམས་པའི་ཕྱིར་རོ། །གཞན་ལས་ཀྱང་ཕུང་པོ་སྐྱེ་བ་མ་དམིགས་ཏེ། གང་གི་ཕྱིར་གཞན་ལས་སྐྱེ་ན་རྒྱུ་ལས་སྐྱེའམ། རྒྱུ་མ་ཡིན་པ་ལས་སྐྱེ། གལ་ཏེ་རྒྱུ་མ་ཡིན་པ་ལས་སྐྱེ་ན་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་འགྱུར་རོ། །གལ་ཏེ་
རྒྱུ་ལས་སྐྱེ་ན་དེ་ཡང་རིགས་པ་མ་ཡིན་ཏེ། གང་གི་ཕྱིར་འབྲས་བུ་ལ་ལྟོས་ནས་རྒྱུ་ཉིད་དུ་འཇོག་པ་ཡིན་པས་ཇི་སྲིད་དུ་འབྲས་བུ་མ་སྐྱེས་པ་དེ་ཉིད་དུ་རྒྱུ་ཉིད་མ་ཡིན་པའི་ཕྱིར་རྒྱུ་ལས་འབྲས་བུ་སྐྱེ་བ་མ་ཡིན་ནོ། །གཉིས་ཀ་དང་ཞེས་བྱ་བ་ནི་རང་དང་གཞན་དག་ལས་ཕུང་པོ་སྐྱེ་བ་མ་དམིགས་ཏེ།
ཕྱོགས་གཉིས་ག་ལ་བརྗོད་པའི་སྐྱོན་འབྱུང་བའི་ཕྱིར་རོ། །དེ་ལྟར་རང་དང་གཞན་ལས་སྐྱེ་བ་བཀག་ནས། དུས་གསུམ་དུ་སྐྱེ་བ་དགག་པར་བྱ་བའི་ཕྱིར། དུས་གསུམ་ཉིད་དུའང་མ་མཐོང་ཕྱིར། །ཞེས་བྱ་བ་སྨོས་ཏེ། དེ་ལ་འདས་པ་དང་། མ་འོངས་པའི་དུས་སུ་དངོས་སུ་མི་དམིགས་ཏེ་
མེད་པའི་ཕྱིར་རོ། །ད་ལྟར་གྱི་དུས་དུ་མ་དམིགས་ཏེ། གཅིག་དང་དུ་མ་དང་བྲལ་བའི་ཕྱིར་རོ། །ངར་འཛིན་པ་ནི་ཟད་པར་འགྱུར། །ཞེས་བྱ་བ་ནི་རང་དང་གཞན་དང་། གཉིས་ཀ་དང་། དུས་གསུམ་དུ་ཕུང་པོ་སྐྱེ་བ་མ་དམིགས་པ་དེའི་ཚེ་ཕུང་པོ་ལ་མངོན་པར་ཞེན་པ་ལོག་པར་གྱུར་པས་ངར་འཛིན་པ་ཟད་
པར་འགྱུར་བ་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་ངར་འཛིན་པ་ཟད་པ་ལས་སོ། །ལས་དང་སྐྱེ་བའང་ཞེས་བྱ་བ་ནི་ལས་དང་སྐྱེ་བའང་ཟད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེས་ན་རིན་པོ་ཆེའི་ཕྲེང་བ་ལས། །ཕུང་པོ་ལ་མངོན་པར་ཞེན་པ་ལ་ངར་འཛིན་པ་འབྱུང་ལ། ཕུང་པོ་ལ་མངོན་པར་ཞེན་པ་
ཟད་ནས་ངར་འཛིན་པ་ཟད་པར་འགྱུར་རོ་ཞེས་གསུངས་སོ། །དེའི་ཕྱིར་གལ་ཏེ་ཉན་ཐོས་ལ་སོགས་པ་རྣམས་ལ་ངར་འཛིན་པ་ཟད་པར་འདོད་ན་ཕུང་པོ་ལ་སོགས་པ་ལ་མངོན་པར་ཞེན་པ་མེད་པར་ཁས་བླང་དགོས་ལ། ཕུང་པོ་ལ་མངོན་པར་ཞེན་པ་མེད་པས་ཡང་ཕུང་པོ་རང་བཞིན་མེད་པར་ཡོངས་
སུ་ཤེས་པས་སོ། །དེས་ན་ཉན་ཐོས་ལ་སོགས་པ་རྣམས་ལ་ཡང་ཆོས་ཀྱི་བདག་མེད་པ་ཡོངས་སུ་ཤེས་པ་ཡོད་པར་ཁས་ལེན་དགོས་སོ། །ཡང་ཞེས་བྱ་བ་ནི་རིན་པོ་ཆེའི་ཕྲེང་བ་ཉིད་ལས་ཉན་ཐོས་ལ་སོགས་པ་རྣམས་ལ་ཆོས་ཀྱི་བདག་མེད་པ་ཡོངས་སུ་ཤེས་པ་ཡོད་པ་ཉིད་ཀྱང་གསུངས་སོ་ཞེས་

བསྟན་པར་བྱ་བའི་ཕྱིར། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མིག་ནི་འཁྲུལ་པ་ཡིས་ཞེས་བྱ་བ་ནི་འཁྲུལ་པའི་རྒྱུ་ཡུལ་ལ་ཡོད་པའི་སྟོབས་ཀྱིས་མིག་འཁྲུལ་པའི་ཕྱིར་རོ། །དབང་པོ་རྣམས་ཀྱིས་ཞེས་བྱ་བ་ནི་མིག་ལ་སོགས་པ་རྣམས་ཀྱིས་སོ། །ད་ལྟའི་ཡུལ་དག་ཅེས་བྱ་
བ་ནི་ད་ལྟར་གྱི་གཟུགས་དང་སྒྲ་ལ་སོགས་པའོ། །འཛིན་པར་བྱེད་ཅེས་བྱ་བ་ནི་མགལ་མེའི་འཁོར་ལོ་བཞིན་དུ་སྟེ། ཡུལ་རྣམས་རང་བཞིན་མེད་པ་ལ་ད་ལྟར་གྱི་རང་བཞིན་དུ་འཛིན་པའི་ཕྱིར་རོ། །ཡུལ་དང་དབང་པོ་དག་རང་བཞིན་མེད་པ་ལ་རིགས་པས་བསྟན་པར་བྱ་བའི་ཕྱིར། དབང་པོ་དང་ནི་ཞེས་
བྱ་བ་ལ་སོགས་པ་སྨོས་ཏེ། ཁྱེད་ཀྱིས་དབང་པོ་རྣམས་དང་། དེའི་ཡུལ་དུ་གྱུར་པའི་དོན་རྣམས་འབྱུང་བ་རྒྱུར་བྱས་པའི་གཟུགས་སུ་ཁས་བླངས་པ་ཡིན་ལ། གལ་ཏེ་དབང་པོ་རྣམས་དང་། དབང་པོ་རྣམས་ཀྱི་ཡུལ་དུ་གྱུར་པའི་དོན་གཟུགས་ལ་སོགས་པ་རྣམས་འབྱུང་བའི་རང་བཞིན་ཏེ། ས་དང་།
ཆུ་དང་། མེ་དང་། རླུང་གི་རྒྱུ་ཅན་དུ་འདོད་ནའོ། །འབྱུང་བ་སོ་སོར་དོན་མེད་པས་ཞེས་བྱ་བ་ནི་རེ་རེ་ཞིང་རང་བཞིན་མེད་པའི་ཕྱིར་རོ། །འདི་དག་ཅེས་བྱ་བ་ནི་འབྱུང་བ་ལ་བརྟེན་པའི་དབང་པོ་དང་དོན་རྣམས་སོ། །དོན་དུ་ཞེས་བྱ་བ་ནི་དོན་དམ་པར་ཏེ། འཇིག་རྟེན་པའི་ཐ་སྙད་ཙམ་དུ་དབང་པོ་དང་དོན་
དག་འདོད་པས་སོ། །དོན་མེད་དོ་ཞེས་བྱ་བ་ནི་རང་བཞིན་མེད་པ་སྟེ། རྟེན་མེད་པའི་ཕྱིར་བརྟེན་པ་མེད་པས་སོ། །ཇི་ལྟར་རང་བཞིན་མེད་པ་དེ་བསྟན་པར་བྱ་བའི་ཕྱིར། འབྱུང་བ་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་འབྱུང་བ་རྣམས་སོ་སོར་གྲུབ་པ་ཡིན་ནམ། འདྲེས་པར་གྱུར་པ་ཡིན།
དེ་ལ་སོ་སོར་གྲུབ་པ་མ་ཡིན་ཏེ། འབྱུང་བ་རྣམས་སོ་སོར་ཐ་དད་པར་གྲུབ་པ་ཡིན་ན། བུད་ཤིང་མེད་པའི་མེ་ཐལ་བར་འགྱུར་ཏེ། བུད་ཤིང་ལ་སོགས་པ་ལ་ཡོད་པའི་ས་ལ་སོགས་པ་ལ་ལྟོས་པ་མེད་པ་ཉིད་དུ་གྲུབ་པར་འགྱུར་རོ། །གལ་ཏེ་འདྲེས་པས་གྲུབ་ན་དེ་ཡང་མི་རིགས་ཏེ། འབྱུང་བ་རྣམས་
འདྲེས་པར་གྱུར་ན་སོ་སོའི་མཚན་ཉིད་མེད་པར་ཐལ་བར་འགྱུར་རོ། །དེ་ལྟར་ན་འབྱུང་བ་སོ་སོའི་མཚན་ཉིད་མེད་པར་འདྲེས་པར་གྱུར་པ་ཇི་ལྟ་བ་ཡིན་ཞེས་པའི་དོན་ཏོ། །ལྷག་མ་ལ་ཡང་དེ་ལྟར་ངེས། །ཞེས་བྱ་བ་ནི་ཇི་ལྟར་མེ་ལ་སོ་སོའམ་འདྲེས་པར་མ་གྲུབ་པ་དེ་བཞིན་དུ། ས་ལ་སོགས་པ་ལྷག་

མ་རྣམས་ལ་ཡང་སོ་སོའམ་འདྲེས་པ་མ་གྲུབ་པ་ཉིད་དུ་ངེས་པ་ཡིན་ཏེ། འདི་ལྟར་གལ་ཏེ་སོ་སོ་གྲུབ་པར་གྱུར་ན་དེའི་ཚེ་ས་སྲ་བ་ཉིད་ཡིན་པའི་ཕྱིར་རླན་པ་ལ་སོགས་པའི་རང་བཞིན་ཅན་ཆུ་ལ་སོགས་པ་ལ་མི་ལྟོས་པར་གྲུབ་པར་འགྱུར་རོ། །དེས་ན་སོ་སོར་གྲུབ་པ་མ་ཡིན་ནོ། །འདྲེས་པར་
གྲུབ་ན། འདུས་ན་མཚན་ཉིད་མེད་འགྱུར་ཏེ། །ཞེས་སྔར་བཞིན་དུ་བརྗོད་པར་བྱའོ། །དེ་བཞིན་དུ་ཆུའི་ཁམས་ལ་སོགས་པ་ལ་ཡང་བརྗོད་པར་བྱའོ། །དེ་ལྟར་འབྱུང་བ་རྣམས་རང་བཞིན་མེད་པར་བསྟན་ནས། འབྱུང་བ་རྣམས་རང་བཞིན་མེད་པར་མཇུག་བསྡུ་བའི་སྒོ་ནས་དབང་པོ་རྣམས་
རང་བཞིན་མེད་པ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་ཞེས་བྱ་བ་ནི་སྔར་བསྟན་པའི་ཚུལ་གྱིས་སོ། །འབྱུང་བ་རྣམས་གཉིས་སུ་ཡང་དོན་མེད་པ་ཞེས་བྱ་བ་ནི་འབྱུང་བ་རྣམས་སོ་སོ་དང་འདྲེས་པར་མ་གྲུབ་པའི་ཕྱིར་རང་བཞིན་མེད་པས་སོ། །འདུས་པ་
དོན་མེད་ཅེས་བྱ་བ་ནི་འབྱུང་བ་བཞི་པོ་རྣམས་རང་བཞིན་མེད་པའི་ཕྱིར་འབྱུང་བ་བཞི་པོ་རྣམས་འདུས་པ་རང་བཞིན་མེད་པའོ། །འདུས་པ་དོན་མེད་ཉིད་ཀྱི་ཕྱིར། །ཞེས་བྱ་བ་ནི་འདུས་པ་རང་བཞིན་མེད་པས་སོ། །གཟུགས་ཀྱང་ཞེས་བྱ་བ་ནི་འབྱུང་བ་བཞི་ལ་བརྟེན་པའི་གཟུགས་དང་། དྲི་དང་།
རོ་དང་། རེག་བྱའི་བདག་ཉིད་ཅན་རྒྱུར་བྱས་པའི་གཟུགས་སོ། །དོན་དུ་ཞེས་བྱ་བ་ནི་སྔར་བཞིན་དུའོ། །དོན་མེད་དོ་ཞེས་བྱ་བ་ནི་རང་བཞིན་མེད་པ་ལ་བརྟེན་པ་ལ་རང་བཞིན་ཡོད་པ་ཉིད་དུ་ཇི་ལྟར་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གཟུགས་ཀྱི་ཕུང་པོ་རང་བཞིན་མེད་པ་ཉིད་དུ་བསྟན་ནས། རྣམ་པར་
ཤེས་པའི་ཕུང་པོ་ལ་སོགས་པ་རང་བཞིན་མེད་པ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། རྣམ་ཤེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔོན་པོ་དང་སེར་པོ་ལ་སོགས་པའི་ཡུལ་སོ་སོར་རིག་པ་ཙམ་ནི་རྣམ་པར་ཤེས་པའི་ཕུང་པོའོ། །བདེ་བ་དང་། སྡུག་བསྔལ་དང་། བཏང་སྙོམས་ཉམས་སུ་མྱོང་
བ་ནི་ཚོར་བའི་ཕུང་པོའོ། །སེམས་ལས་བྱུང་བ་སྔོན་པོ་དང་སེར་པོ་ལ་སོགས་པའི་མཚན་མར་འཛིན་པ་དེ་ནི་འདུ་ཤེས་ཀྱི་ཕུང་པོའོ། །གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལས་ཐ་དད་དུ་གྱུར་པའི་སེམས་དང་མཚུངས་པར་ལྡན་པའི་སེམས་

པ་ལ་སོགས་པ་དང་། སེམས་དང་མཚུངས་པར་མི་ལྡན་པའི་ཐོབ་པ་ལ་སོགས་པ་རྣམས་ནི་འདུ་བྱེད་ཀྱི་ཕུང་པོའོ། །ཐམས་ཅད་དུ་ཞེས་བྱ་བ་ནི་རང་དང་གཞན་ལ་སོགས་པ་ལས་སྐྱེ་བ་མེད་པའི་སྒོ་ནས་སོ། །སོ་སོར་ཞེས་པ་ནི་ཕུང་པོ་རེ་རེ་ལའོ། །བདག་ཉིད་དོན་མེད་ཕྱིར་ཞེས་བྱ་བ་ནི་ཕུང་པོ་སོ་སོ་ལ་རང་
བཞིན་མེད་པས་སོ། །དམ་པའི་དོན་དུ་དོན་མེད་དོ། །ཞེས་བྱ་བ་ནི་དོན་དམ་པར་ཕུང་པོ་བཞི་པོ་རྣམས་ལ་རང་བཞིན་མེད་དེ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཕུང་པོ་རྣམས་རང་བཞིན་མེད་པར་བསྟན་ནས། ད་ནི་ཕུང་པོ་རྣམས་རང་བཞིན་མེད་པར་ཡོངས་སུ་ཤེས་པའི་སྒོ་ནས་བདེ་བ་དང་སྡུག་བསྔལ་གཉིས་ཀ་
མེད་པའི་ཕྱིར། བདེ་བ་དང་སྡུག་བསྔལ་དང་ལྡན་པ་དང་བྲལ་བའི་སྲེད་པ་ལོག་པས་གྲོལ་བར་འགྱུར་བ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། ཇི་ལྟར་སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིགས་པས་ཚོར་བ་བདེ་བ་དང་སྡུག་བསྔལ་མེད་པའི་ཕྱིར་བཀྲེས་པ་དང་སྐོམ་པ་ལ་སོགས་པའི་རང་
བཞིན་ཅན་གྱི་སྡུག་བསྔལ་ཕྱིར་བཅོས་པ་སྟེ། ཁ་ཟས་ལ་སོགས་པས་བྱས་པའི་ཚིམ་པ་ལ་སོགས་པ་ལ་ང་རྒྱལ་བྱེད་པའོ། །དོན་དུ་ཞེས་བྱ་བ་ནི་རིགས་པས་སོ། །དེ་བཞིན་དུ་ཚིམ་པ་ལ་སོགས་པའི་བདེ་བ་འཇོམས། བཀྲེས་པ་ལ་སོགས་པ་ལས་སྡུག་བསྔལ་དུ་ང་རྒྱལ་རབ་ཏུ་སྐྱེ་བའོ། །བདེ་
དང་ཞེས་བྱ་བ་ལ་སོགས་པ་ལས་བདག་བདེ་བ་དང་ལྡན་པར་གྱུར་ཅིག་སྙམ་པའི་བདེ་བ་དང་ཕྲད་པའི་སྲིད་པའོ། །དེ་ལྟར་ངོ་བོ་ཉིད་མེད་པའི་ཕྱིར་ཞེས་བྱ་བ་ནི་སྔར་བསྟན་པའི་ཚུལ་གྱིས་ཕུང་པོ་རང་བཞིན་མེད་པར་ཡོངས་སུ་ཤེས་པས་སོ། །སྡུག་བསྔལ་དང་བྲལ་བའི་སྲེད་པ་སྤོང་ཞེས་བྱ་བ་ནི་བདག་སྡུག་
བསྔལ་བ་དང་བྲལ་བར་གྱུར་ཅིག་སྙམ་པའི་སྡུག་བསྔལ་དང་བྲལ་བའི་སྲེད་པ་རབ་ཏུ་སྤོང་ངོ་། །དེའི་ཕྱིར་ཞེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་བའི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །དེ་ལྟར་མཐོང་བས་ཞེས་བྱ་བ་ནི་སྲེད་པ་རྣམ་པ་གཉིས་རང་བཞིན་མེད་པ་ཉིད་དུ་ཡོངས་སུ་ཤེས་པས་སྤོང་བར་འགྱུར་བ་
ཉིད་དུ་ཡོངས་སུ་མཐོང་བས་སོ། །གྲོལ་ཞེས་བྱ་བ་ནི་སྲེད་པ་ལས་བྱུང་བའི་སྐྱེ་བ་མེད་པའི་ཕྱིར་རོ། །དེའི་དོན་ནི་འདི་ཡིན་ཏེ། བདེ་བ་དང་སྡུག་བསྔལ་དག་དང་རང་བཞིན་མེད་པར་རྟོགས་ནས་འདི་དག་ནི་མངོན་པར་ཞེན་པ་ཡིན་ནོ་སྙམ་དུ་ཡོངས་སུ་ཤེས་ནས། དེ་དག་ལ་སྲིད་པ་ལོག་པས་སྐྱེ་བ་ཟད་

ནས་གྲོལ་བར་འགྱུར་རོ་ཞེས་པས་སོ། །གང་གིས་མཐོང་བར་འགྱུར་ཞེ་ན་ཞེས་བྱ་བ་འདིས་གཞན་གྱི་དོགས་པ་བསྡུ་བ་སྟེ། འདི་ལྟར་ཁྱེད་ཀྱིས་ས་རང་བཞིན་མེད་པར་ཡོངས་སུ་ཤེས་པས་སྲེད་པ་གཉིས་སྤོང་བར་འགྱུར་བས་གྲོལ་བར་འགྱུར་རོ་ཞེས་བརྗོད་པ་སྟེ། ཁྱོད་ཀྱིས་འདོད་པས་ཤེས་པ་པོ་མེད་པའི་
ཕྱིར། གང་གིས་མཐོང་བ་ཡིན་སྙམ་ནས་འདྲི་བའོ། །དེ་ལ་ལན་ནི་ཐ་སྙད་དུ་ནི་སེམས་ལ་བརྗོད་ཅེས་བྱ་བ་སྨོས་ཏེ། འཇིག་རྟེན་པ་ལ་ལྟོས་ནས་སེམས་ཀྱིས་མཐོང་ངོ་ཞེས་བརྗོད་པ་ཡིན་ནོ། །ཅིའི་ཕྱིར་དོན་དམ་པར་སེམས་ཀྱིས་མཐོང་ངོ་ཞེས་མི་བརྗོད་ཅེ་ན། སེམས་ཕྱུང་མེད་པར་སེམས་མེད་དེ། །
ཞེས་བྱ་བ་སྨོས་ཏེ། ཚོར་བ་ལ་སོགས་པ་སེམས་ལས་བྱུང་བ་རྣམས་མེད་ན་སེམས་ཀྱང་མེད་དོ། །དེས་ན་སེམས་ལས་བྱུང་བ་ལ་ལྟོས་ནས་སེམས་ཡོད་པར་འཇོག་པ་ཡིན་གྱི་ངོ་བོ་ཉིད་ཀྱིས་གཅིག་ཏུ་གྲུབ་པ་ནི་མ་ཡིན་ནོ། །གང་ལྟོས་པའི་རང་བཞིན་ཅན་དེ་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ཏེ། ཆུའི་དྲོ་བ་
བཞིན་ནོ། །དེ་ཉིད་ཀྱི་ཕྱིར། རང་བཞིན་བཅོས་མ་མ་ཡིན་ཞིང་གཞན་ལ་ལྟོས་པའང་མ་ཡིན་ནོ་ཞེས་གསུངས་སོ། །དོན་མེད་ཕྱིར་ན་ཞེས་བྱ་བ་ནི་སེམས་རང་བཞིན་མེད་པའི་ཕྱིར་རོ། །ཡོད་མི་འདོད་ཅེས་བྱ་བ་ནི་དོན་དམ་པར་སེམས་ཡོད་པ་ཉིད་དུ་མི་འདོད་པས་དོན་དམ་པར་ན་མཐོང་བར་མི་འདོད་དོ་ཞེས་
པའི་དོན་ཏོ། །རྒོལ་བའི་ལན་བཏབ་ནས། སྔར་བསྟན་པའི་གྲོལ་བ་རྒྱས་པར་བཤད་པ་བསྟན་པར་བྱ་བའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་ཞེས་བྱ་བ་ནི་སྔར་བསྟན་པའི་རྣམ་པས་སོ། །ཡང་དག་ཇི་བཞིན་དུ་ཞེས་བྱ་བ་ནི་དོན་དམ་པར་རོ། །འགྲོ་བ་དོན་མེད་ཅེས་བྱ་བ་ནི་
འགྲོ་བ་རང་བཞིན་མེད་པ་ཉིད་དུ་རྟོགས་ནས་སོ། །རྒྱུ་མེད་པའི་མེ་བཞིན་དུ་ཞེས་བྱ་བ་ནི་ཇི་ལྟར་བུད་ཤིང་ལོག་པས་མེ་ལྡོག་པ་བཞིན་དུའོ། །གནས་མེད་ཅེས་བྱ་བ་ནི་སྣོད་ཀྱི་འཇིག་རྟེན་རང་བཞིན་མེད་པས་སོ། །དེ་ཉིད་ཀྱི་ཕྱིར། གང་ཕྱིར་དངོས་དང་དངོས་མེད་པ། །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་དམིགས་
པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་གསུངས་སོ། །འདིའི་དོན་ནི་ཉན་ཐོས་ལ་སོགས་པ་རྣམས་ལ་ཡང་ཆོས་ཀྱི་བདག་མེད་པ་ཡོངས་སུ་ཤེས་པའི་སྒོ་ནས་བདེ་བ་དང་སྡུག་བསྔལ་བ་ལ་སྲེད་པ་ཟད་པས་གྲོལ་བར་འགྱུར་བ་ཉིད་དུ་བརྗོད་པ་ཡིན་ནོ། །དེས་ན་ཉན་ཐོས་ལ་སོགས་པ་ལ་ཡང་

ཆོས་ཀྱི་བདག་མེད་པ་ཡོངས་སུ་ཤེས་པ་ཡོད་པ་ཉིད་དུ་འགྲུབ་པ་ཡིན་ནོ། །དེ་ལ་གཞན་གྱི་རྒོལ་བ་བསྟན་པར་བྱ་བའི་ཕྱིར། ཅི་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིན་པོ་ཆེའི་ཕྲེང་བ་ལས་རང་བཞིན་མེད་པར་མཐོང་བ་གང་གསུངས་པ་དེ་བྱང་ཆུབ་སེམས་དཔའ་རྣམས་ལ་
གསུངས་པ་ཡིན་གྱི། ཉན་ཐོས་ལ་སོགས་པ་ལ་མ་ཡིན་ནོ། །དེས་ན་ཉན་ཐོས་ལ་སོགས་པ་ལ་ཆོས་ཀྱི་བདག་མེད་པ་ཡོངས་སུ་ཤེས་པ་ཡོད་པར་ཇི་ལྟར་འགྲུབ་ཅེ་ན། དེ་ལ་ལན་ནི་དེ་ཡང་ཡོད་པ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་སྐད་དུ་གསུངས་པའི་ཕྱིར་རོ་ཞེས་བྱ་བ་ནི། ཇི་ལྟར་མིག་ནི་
འཁྲུལ་པ་ཡིས། །ཞེས་བྱ་བ་ལ་སོགས་པ་གང་གསུངས་པའོ། །འདི་ཇི་ལྟར་ཤེས་ཤེ་ན་ཞེས་བྱ་བ་ནི་ཉན་ཐོས་པའི་དབང་དུ་མཛད་ནས་གསུངས་པ་ཡིན་པར་ཇི་ལྟར་ཤེས་ཤེ་ནའོ། །ལན་ནི་བརྗོད་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེའོ། །མཇུག་ཐོགས་ཁོ་ནར་ཞེས་བྱ་བ་ནི། རྒྱུ་མེད་པ་ཡི་
མེ་བཞིན་དུ། །གནས་མེད་ལེན་མེད་མྱ་ངན་འདའ། །ཞེས་གསུངས་པ་དེ་མ་ཐག་ཏུའོ། །དེ་ལྟར་བྱང་ཆུབ་སེམས་དཔས་ཀྱང་མཐོང་ནས་ཞེས་བྱ་བ་ནི་སྔར་བསྟན་པའི་ཚུལ་གྱིས་རང་བཞིན་མེད་པ་ཉིད་དུ་མཐོང་ནས་སོ། །བྱང་ཆུབ་ངེས་པར་འདོད་ཅེས་བྱ་བ་ནི་ཡོངས་སུ་མྱ་ངན་ལས་འདའ་བར་ངེས་
པར་འདོད་པའོ། །འོ་ན་ཅིའི་ཕྱིར་ཡོངས་སུ་མྱ་ངན་ལས་འདའ་བར་མི་མཛད་ཅེ་ན། ལན་ནི། དེ་ནི་འོན་ཀྱང་སྙིང་རྗེ་ཡིས། །བྱང་ཆུབ་བར་དུ་སྲིད་མཚམས་སྦྱོར། །ཞེས་བྱ་བ་སྨོས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ལ་སྐྱེ་བ་ཐོག་མ་མེད་པ་ནས་གོམས་པའི་སྙིང་རྗེས་སེམས་ཅན་གྱི་དོན་དུ་འཁོར་
བར་གནས་པ་ཡིན་ནོ། །གལ་ཏེ་སྔར་གསུངས་པའི་གཞུང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་དུ་མཛད་ནས་གསུངས་པ་ཡིན་ན་དེའི་ཚེ་དེ་ལྟར་བྱང་ཆུབ་སེམས་དཔས་ཀྱང་ཞེས་བྱ་བ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ལ་བྱེ་བྲག་ཏུ་གསུངས་པ་དོན་མེད་པར་འགྱུར་རོ། །ཀྱང་གི་སྒྲ་ཡང་དོན་
མེད་པར་འགྱུར་རོ། །དེའི་ཕྱིར་སྔར་གསུངས་པའི་གཞུང་ནི་ཉན་ཐོས་ལ་སོགས་པའི་དབང་དུ་མཛད་པ་ཡིན་ལ། ཕྱིས་གསུངས་པའི་གཞུང་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་དུ་མཛད་ནས་གསུངས་པ་ཡིན་ནོ། །དེས་ན་ཉན་ཐོས་ལ་སོགས་པ་རྣམས་ལ་ཡང་ཆོས་ཀྱི་བདག་མེད་པ་ཡོངས་སུ་ཤེས་

པ་ཡོད་པ་ཉིད་དུ་གྲུབ་པ་ཡིན་ནོ། །རིན་པོ་ཆེའི་ཕྲེང་བ་ཁོ་ན་ལས་ཉན་ཐོས་ལ་སོགས་པ་ལ་ཆོས་ཀྱི་བདག་མེད་པ་ཡོངས་སུ་ཤེས་པ་ཡོད་པར་གསུངས་པར་མ་ཟད་ཀྱི། འོན་ཀྱང་ཉན་ཐོས་ཀྱི་མདོ་ལས་ཀྱང་མཐོང་བ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། ཉན་ཐོས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་
དབུ་བ་རྡོས་པར་སྣང་གི་དེའི་ནང་ན་སྙིང་པོ་ཡོད་པ་མ་ཡིན་པ་དེ་བཞིན་དུ་གཟུགས་ཀྱི་ཕུང་པོར་རིག་པར་བྱའོ། །ཅི་ལྟར་ཆུའི་ནང་དུ་ཆུ་བུར་སྐད་ཅིག་མ་དང་པོ་སྙིང་པོ་མེད་པར་མཐོང་བ་དེ་བཞིན་དུ་རྣམ་པར་ཤེས་པའི་ཕུང་པོར་རིག་པར་བྱའོ། །ཅི་ལྟར་ཆུ་ལྟར་སྣང་བའི་སྨིག་རྒྱུ་དེ་ཐག་རིང་པོ་ནས་མཐོང་གི་ཉེ་བ་
ནས་མི་མཐོང་བ་དེ་བཞིན་དུ་འདུ་ཤེས་ཀྱི་ཕུང་པོར་རིག་པར་བྱའོ། །ཅི་ལྟར་ཆུ་ཤིང་གི་སྡོང་པོ་རྣམ་པར་ཕྱེ་ན་སྙིང་པོ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པ་དེ་བཞིན་དུ་འདུ་བྱེད་ཀྱི་ཕུང་པོར་རིག་པར་བྱའོ། །ཅི་ལྟར་སྒྱུ་མའི་གླང་པོ་ཆེ་ལ་སོགས་པའི་རྣམ་པ་མཐོང་བ་ཡིན་ལ་དེ་ཡང་ཡོད་པ་མ་ཡིན་པ་དེ་བཞིན་དུ་རྣམ་པར་
ཤེས་པའི་ཕུང་པོར་རིག་པར་བྱའོ། །འདུ་བྱེད་རྣམས་ངེས་པར་དཔྱད་པ་ཡིན་ནོ་ཞེས་བྱ་བ་ནི་གཟུགས་ཀྱི་ཕུང་པོ་ལ་སོགས་པ་རྣམ་པར་དཔྱད་པའོ། །ཡང་ན་རིན་པོ་ཆེའི་ཕྲེང་བའི་ཁུངས་བསྟན་པར་བྱ་བའི་ཕྱིར། དོན་འདི་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་འདི་ཉིད་ཅེས་བྱ་བ་ནི་ཉན་ཐོས་ལ་
སོགས་པ་ལ་ཆོས་ཀྱི་བདག་མེད་པ་ཡོངས་སུ་ཤེས་པ་ཡོད་པའི་མཚན་ཉིད་ཅན་ནོ། །ཐེག་པ་ཆེན་པོ་དབུ་མ་པས་གང་དངོས་པོ་རྣམས་གདོད་མ་ནས་སྐྱེ་བ་མེད་པ་དེ་ཁོ་ན་ལ་སྟོང་པ་ཉིད་ཅེས་བརྗོད་དོ། །ཉན་ཐོས་པ་རྣམས་ཀྱིས་དངོས་པོ་རྣམས་རང་བཞིན་ལ་མི་གནས་པའི་ཕྱིར་སྟོང་པ་ཉིད་དོ་ཞེས་བརྗོད་ཅིང་ཟད་པ་
ལ་སྟོང་པ་ཉིད་དུ་བརྗོད་དོ། །ཟད་དང་མི་སྐྱེ་དོན་དུ་ནི། །གཅིག་པ་དེའི་ཕྱིར་བཟོད་པར་གྱིས། །ཞེས་བྱ་བ་ནི་སྐྱེ་བ་མེད་པ་དང་ཟད་པ་དང་གཅིག་པ་མ་ཡིན་པར་ཡིད་ལ་གྱིས་ཤིག་པའོ། །གལ་ཏེ་རང་བཞིན་ཡོད་ན་དེ་ལ་ཟད་པ་མི་རིགས་ཏེ། མེའི་རང་བཞིན་དྲོ་བ་དེ་ནམ་ཡང་ཟད་པར་མི་འགྱུར་ཏེ།
མེ་ལ་དྲོ་བ་མ་ཡིན་པ་མེད་པས་སོ། །དེས་ན་དངོས་པོ་ཟད་པར་ཁས་ལེན་ན་དེའི་ཚེ་དངོས་པོ་རྣམས་དང་པོ་ནས་རང་བཞིན་མེད་པར་ཁས་ལེན་དགོས་སོ། །དེས་ན་ཟད་པ་དང་མི་སྐྱེ་བ་དག་དོན་གཅིག་ཡིན་ནོ། །དེས་ན་ཉན་ཐོས་པ་རྣམས་ཀྱིས་ཀྱང་ཟད་པ་ཁས་ལེན་ན་ཆོས་ཐམས་ཅད་རང་བཞིན་མེད་པར་

ཁས་བླངས་པ་ཡིན་ནོ། །ཡང་ཉན་ཐོས་ཀྱི་མདོ་ཚད་མ་ཉིད་དུ་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་མཛད་པའི་དབུ་མ་རྩ་བའི་ཤེས་རབ་ཀྱི་ཚིགས་སུ་བཅད་པའི་སྒོ་ནས་བསྟན་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀཱ་ཏྱཱ་ཡ་ནའི་གདམས་ངག་ལས་ནི་
ཞེས་བྱ་བ་ནི་དགེ་སློང་ཀཱ་ཏྱཱ་ཡ་ནའི་གདམས་ངག་གནས་པ་ལས། ཡོད་པ་དང་མེད་པ་གཉིས་ཀ་དགག་པར་མཛད་ཅེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་ཡོད་པའི་རྣམ་པར་རྟོག་པ་དང་། མེད་པའི་རྣམ་པར་རྟོག་པ་དག་དགག་པར་མཛད་དེ། འདི་ལྟར་ཀཱ་ཏྱཱ་ཡ་ན་ལ་གདམས་ངག་གསུངས་པའི་མདོ་
ལས། ཀཱ་ཏྱཱ་ཡ་ན་གང་གི་ཕྱིར་འཇིག་རྟེན་འདི་ཕལ་ཆེར་ཡོད་པ་དེ་ཉིད་དང་མེད་པ་ཉིད་དུ་མངོན་པར་ཞེན་པ་དེས་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བའི་སྒོ་ནས་ཡོངས་སུ་གྲོལ་བར་མི་འགྱུར་བ་དང་།
འགྲོ་བ་ལྔར་འཁོར་བ་ལས་ཀྱང་ཡོངས་སུ་གྲོལ་བར་མི་འགྱུར་བ་དང་། ཕ་མ་འཆི་བ་ལ་གདུང་བའི་སྡུག་བསྔལ་གྱིས་གྲོལ་བར་མི་འགྱུར་རོ། །ཞེས་བྱ་བ་ལ་སོགས་པ་གསུངས་པས་སོ། །མདོ་འདི་སྡེ་པ་ཐམས་ཅད་ཀྱིས་ཁས་ལེན་པ་ཡིན་ལ། དེས་ན་ཉན་ཐོས་རྣམས་ཀྱིས་ཡོད་པ་དང་། མེད་པ་དགག་པ་
ཁས་ལེན་ན་ཆོས་ཀྱི་བདག་མེད་པ་ཉིད་ཁས་ལེན་དགོས་སོ། །བཅོམ་ལྡན་འདས་ཇི་ལྟ་བུ་ཞེ་ན། དངོས་དང་དངོས་པོ་མེད་མཁྱེན་པས། །ཞེས་བྱ་བ་སྨོས་ཏེ། ཇི་ལྟ་བ་བཞིན་དུ་གནས་པའི་དངོས་པོ་དང་དངོས་པོ་མེད་པ་མཁྱེན་པ་ནི་བཅོམ་ལྡན་འདས་ཁོ་ན་ལ་བརྗོད་པར་བྱའོ། །དངོས་པོ་དང་དངོས་
པོ་མེད་པ་མཁྱེན་པ་ཡང་དེ་དག་ལ་རྣམ་པར་མི་རྟོག་པའོ། །དེ་ལྟར་ཉན་ཐོས་ལ་སོགས་པ་ལ་ཆོས་ཀྱི་བདག་མེད་པ་ཡོངས་སུ་ཤེས་པ་ཡོད་པ་ཡིན་ནོ་ཞེས་རབ་ཏུ་བསྒྲུབས་ནས་གཞན་གྱི་དོགས་པ་བསུ་བར་བྱ་བའི་ཕྱིར། གང་ཞིག་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་ཅེས་བྱ་བ་ནི་ཉན་
ཐོས་ཀྱི་ཐེག་པའོ། །ཐེག་པ་ཆེན་པོ་བསྟན་པ་དོན་དམ་པར་འགྱུར་རོ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པ་ལས་ཆོས་ལ་བདག་མེད་པ་བསྟན་པའི་ཕྱིར་རོ། །ཐེག་པ་ཆེན་པོ་བསྟན་པ་ལ་དགོས་པ་ཅི་ཞིག་ཡོད་ཅེས་པའི་དོན་ཏོ། །དེ་ལ་ལན་ནི། དེའི་ལུགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཞེས་བྱ་

བ་ནི་ཐེག་པ་ཆེན་པོ་བསྟན་པ་དོན་མེད་པར་འགྱུར་རོ་ཞེས་བརྗོད་པ་དེའིའོ། །རིགས་པ་དང་ལུང་དང་འགལ་བར་བསྟན་པར་བྱ་བའི་ཕྱིར། ཐེག་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ས་དང་ཞེས་བྱ་བ་ནི་རབ་ཏུ་དགའ་བ་ལ་སོགས་པ་བཅུའོ། །ཕ་རོལ་ཕྱིན་པ་དང་ཞེས་བྱ་བ་ནི་སྦྱིན་པ་
ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་བཅུའོ། །སྨོན་ལམ་དང་ཞེས་བྱ་བ་ནི་ས་བཅུ་པའི་མདོ་ལ་སོགས་པ་ལས་གསུངས་པའི་འདི་ལྟར་གྱུར་ཅིག །འདི་ལྟར་གྱུར་ཅིག་ཅེས་བྱ་བ་ལ་སོགས་པ་འགྲོ་བའི་དོན་གྱི་འདོད་པ་ཁྱད་པར་ཅན་ནོ། །སྙིང་རྗེ་ཆེན་པོ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་
དམིགས་པའོ། །སོགས་པའི་སྒྲས་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཉམས་སུ་བླངས་པ་བསྡུ་བར་བྱའོ། །ཡོངས་སུ་བསྔོ་བ་དང་ཞེས་བྱ་བ་ནི་དགེ་བའི་རྩ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའོ། །ཚོགས་གཉིས་དང་ཞེས་བྱ་བ་ནི་
བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་སོ། །བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་དང་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་ཡང་ཡིན་ཏེ། དཔེར་ན། ཆུ་བོ་གང་གཱའི་ཀླུང་གི་བྱེ་མ་ཇི་སྙེད་པ། །སྐྲ་གཅིག་ཁྱོན་ལ་ཇི་སྙེད་སངས་རྒྱས་མང་པོ་བཞུགས། །ཞེས་བྱ་བ་
ལ་སོགས་པ་གསུངས་པ་ལྟ་བུའི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པའོ་ཞེས་པའོ། །འདིའི་དོན་ནི་གལ་ཏེ་ཐེག་པ་ཆེན་པོ་ལ་ཆོས་ཀྱི་བདག་མེད་པ་ཙམ་བསྟན་པར་གྱུར་ན་དེའི་ཚེ་ཐེག་པ་ཆེན་པོ་བསྟན་པ་དོན་མེད་པར་འགྱུར་ལ། འོན་ཀྱང་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་གཞན་ཡང་བསྟེན་པ་ཡིན་
པས་རིགས་པ་དང་འགལ་བ་ཡིན་ནོ། །དོན་འདི་མདོ་ལས་ཀྱང་མཐོང་བའི་ཕྱིར་མདོ་དང་ཡང་འགལ་བ་ཡིན་ནོ། །དོན་འདི་ལ་རྒྱལ་པོ་ལ་གདམས་པ་རིན་པོ་ཆེའི་ཕྲེང་བའི་ཁུངས་བསྟན་པར་བྱ་བའི་ཕྱིར། ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉན་ཐོས་ཀྱི་ཐེག་པས་ཉན་ཐོས་ཀྱི་ཐེག་པའི་
སངས་རྒྱས་ཉིད་ཐོབ་པ་ཡིན་པས་ཐེག་པ་ཆེན་པོས་ཅི་ཞིག་བྱ་ཞེས་འདྲི་བ་ཡིན་ནོ། །དེ་ལ་ལན་ནི། ཉན་ཐོས་ཐེག་པ་དེ་ལས་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉན་ཐོས་ཀྱི་ཐེག་པ་སྔར་བསྟན་པའི་བྱང་ཆུབ་སེམས་དཔའི་སྨོན་ལམ་རྣམས་མ་བཤད་པ་དང་། ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་

ཡང་མ་བཤད་པ་དང་། སྔར་བསྟན་པའི་ཡོངས་སུ་བསྔོ་བ་ཡང་མ་བཤད་དོ། །དེའི་ཕྱིར་ཉན་ཐོས་ཀྱི་ཐེག་པས་བྱང་ཆུབ་སེམས་དཔར་ཇི་ལྟར་འགྱུར་ཏེ། གང་གི་ཚེ་བྱང་ཆུབ་སེམས་དཔའ་ཡང་མི་ཐོབ་ན་དེའི་ཚེ་སངས་རྒྱས་ཉིད་ཇི་ལྟར་ཐོབ། ཐེག་པ་ཆེན་པོ་ལ་
ཐམས་ཅད་ཡོད་པའི་ཕྱིར་དེ་ཁོ་ན་སངས་རྒྱས་ཉིད་ཐོབ་པར་འགྱུར་བ་ཡིན་ནོ། །དེ་ཉིད་རྒྱས་པར་བསྟན་པར་བྱ་བའི་ཕྱིར། བྱང་ཆུབ་སྤྱོད་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱང་ཆུབ་ཀྱི་དོན་དུ་སྤྱོད་པ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་འཇུག་པའི་བྱ་བའོ། །དེ་ལ་གནས་པ་ནི་རྒྱུན་གྱིས་གནས་པའོ། །
དེའི་དོན་དུ་ཉན་ཐོས་ཀྱི་ཐེག་པར་མ་གསུངས་ལ། ཐེག་པ་ཆེན་པོར་ནི་གསུངས་པའི་ཕྱིར་ཐེག་པ་ཆེན་པོ་མཁས་པ་སྟེ། བླང་དོར་ལྡན་པ་རྣམས་ཀྱིས་སངས་རྒྱས་ཀྱི་གསུང་ཉིད་དུ་གཟུང་བ་ཡིན་ནོ་ཞེས་པའི་དོན་ཏོ། །འདིས་ནི་ཐེག་པ་ཆེན་པོས་སྨོན་ལམ་ལ་སོགས་པ་ལྷག་པ་ཡིན་ནོ་ཞེས་བསྟན་
པ་ཡིན་ནོ། །ད་ནི་ཆོས་ཀྱི་བདག་མེད་པ་འབའ་ཞིག་གསལ་བར་བྱ་བའི་ཕྱིར་ཐེག་པ་ཆེན་པོ་བསྟན་པར་རིགས་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། ཆོས་ཀྱི་བདག་མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཉིད་ཀྱི་རྒྱུ་མཚན་བསྟན་པར་བྱ་བའི་ཕྱིར། ཐེག་པ་ཆེན་པོ་ཐམས་ཅད་གཙོ་བོར་
ཆོས་ཀྱི་བདག་མེད་པ་སྟོན་པ་ཡིན་ལ། གཞན་དུ་ནི་ཟུར་ཙམ་སྟོན་པ་ཡིན་ཏེ། ཉན་ཐོས་ཀྱི་ཐེག་པར་ནི། གཟུགས་ནི་དབུ་བ་རྡོས་པ་འདྲ། །ཞེས་བྱ་བ་ལ་སོགས་པས་ཆོས་ཀྱི་བདག་མེད་པ་ཟུར་ཙམ་སྟོན་པ་ཡིན་ནོ། །དེས་ན་ཆོས་ཀྱི་བདག་མེད་པ་རྒྱས་པར་བརྗོད་པར་བྱ་བའི་ཕྱིར་ཐེག་པ་ཆེན་
པོ་བསྟན་པ་ཡང་རིགས་པ་ཡིན་ནོ་ཞེས་པའི་དོན་ཏོ། །ཆོས་ཀྱི་བདག་མེད་པ་རྒྱས་པར་བསྟན་པ་ལ། སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ཁུངས་བསྟན་པར་བྱ་བའི་ཕྱིར། ཇི་སྐད་དུ་སློབ་དཔོན་གྱི་ཞལ་སྔ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཚན་མ་མེད་པར་མ་རྟོགས་པར། །ཞེས་བྱ་བ་ནི་དངོས་
པོ་རྣམས་ལ་སྔོན་པོ་དང་སེར་པོ་ལ་སོགས་པའི་མཚན་མ་དང་བྲལ་བར་མ་ཤེས་ནའོ། །ཐར་པ་མེད་ཅེས་བྱ་བ་ནི་ཉོན་མོངས་པ་སྤོང་བ་མེད་པའོ། །དེའི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་མཚན་མ་མེད་པ་མ་རྟོགས་ན་ཐར་པ་མེད་པའོ། །དེ་ནི་ཞེས་བྱ་བ་ནི་ཆོས་ཀྱི་བདག་མེད་པའོ། །ཚང་བར་ཞེས་བྱ་བ་ནི་

ཇི་ལྟར་དེའི་རང་བཞིན་དང་། སྒྲིབ་པ་དང་། དེ་སྤངས་པའི་རྣམ་པས་སོ། །ཞར་ལ་འོངས་པས་ཆོག་གོ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པར་ཆོས་ཀྱི་བདག་མེད་པ་བསྟན་པ་ལ་རྩོད་པ་དང་། ལན་བརྒྱུད་མར་ཞར་ལ་འོངས་པས་ཆོག་པ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་ཉན་ཐོས་ཀྱི་ཐེག་
པར་ཡང་ཆོས་ཀྱི་བདག་མེད་པ་བསྟན་པ་ལ་སྐྱོན་མེད་པ་དེའི་ཕྱིར་རོ། །བློ་མ་དཀྲུགས་པ་རྣམས་ཀྱི་ཞེས་བྱ་བ་ནི་ཤེས་རབ་རྣམ་པར་མ་ཡེངས་པ་རྣམས་ཀྱིས་སོ། །རང་ཉིད་ཀྱིས་དོན་གྱི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པར་ནུས་པ་ཞེས་བྱ་བ་ནི་ཉན་ཐོས་པ་རྣམས་ལ་ཡང་ཆོས་ཀྱི་བདག་མེད་པ་ཡོངས་སུ་ཤེས་པ་ཡོད་
པ་ཉིད་ཡིན་ནོ་ཞེས་ཁོང་དུ་ཆུད་པའི་ནུས་པ་དང་ལྡན་པ་ཡིན་གྱི། །བློ་དམན་པ་རྣམས་ཀྱིས་ནི་མ་ཡིན་ནོ་ཞེས་པའོ། །དཀྱུས་མ་ཉིད་བརྗོད་པར་བྱའོ་ཞེས་བྱ་བ་ནི་ས་དང་པོའི་རྣམ་གཞག་ཉིད་རྩོམ་པའོ། །དེ་ཉིད་སྟོན་པ་ནི་དེ་ཚེ་དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཚེ་ཞེས་བྱ་བ་ནི་ས་དང་པོ་
རྟོགས་པའི་དུས་སུའོ། །དེ་ལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ལའོ། །དང་པོ་སྦྱིན་པ་ཉིད་ནི་ལྷག་པར་འགྱུར། །ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ནང་ནས་བྱང་ཆུབ་སེམས་དཔའ་རྣམས་སྦྱིན་པ་ལ་འཇུག་པ་སླ་བའི་ཕྱིར་སྦྱིན་པ་ལ་བསོད་ནམས་ཀྱི་ཚོགས་སོགས་པའི་སྒོ་ནས་
མངོན་པར་རྫོགས་པར་བྱང་ཆུབ་པའི་རྒྱུ་དང་པོ་ཞེས་བྱའོ། །དེ་ཡང་ལྷག་པ་ཉིད་ཡིན་ཏེ། གང་གི་ཕྱིར་ས་དང་པོ་བྱང་ཆུབ་སེམས་དཔས་ཆོས་ཀྱི་དབྱིངས་ཀུན་ཏུ་རྟོགས་པ་ཡིན་ནོ། །དེ་ལ་ཀུན་ཏུ་འགྲོ་བ་ཉིད་ནི་ཅི་ལྟར་དངོས་པོ་གཅིག་ལ་སྟོང་པ་ཉིད་ཡོད་པ་དེ་བཞིན་དུ་ཐམས་ཅད་ཀྱི་ཡང་ཡིན་
ཏེ། ཆོས་ཀྱི་དབྱིངས་དང་བྲལ་བ་ཡི། །འདི་ལྟར་ཆོས་ཡོད་མ་ཡིན་ནོ། །ཞེས་པའི་རིགས་པས་སོ། །གང་གི་ཚེ་ཀུན་ཏུ་འགྲོ་བ་རྟོགས་པ་དེའི་ཚེ་བདག་དང་གཞན་དག་མཉམ་པ་ཉིད་ཐོབ་པ་ཡིན་ནོ། །དེ་ཐོབ་ནས་བདག་དང་གཞན་དག་ལ་ཁྱད་པར་དུ་མི་རྟོག་གོ། །དེས་ན་འདིར་བྱང་ཆུབ་
སེམས་དཔའ་རྣམས་བདག་གི་དོན་བཞིན་དུ་གཞན་གྱི་དོན་ལ་ཡང་འཇུག་པ་ཡིན་ནོ། །དེ་ཉིད་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྱིན་པ་ཞེས་བྱ་བ་ལ་སྦྱིན་པ་རྣམ་པ་གསུམ་སྟེ། ཟང་ཟིང་དང་། ཆོས་དང་། མི་འཇིགས་པའི་

སྦྱིན་པའོ། །དེ་ལ་མཆོད་པ་དང་། རྗེས་སུ་འཛིན་པ་འདོད་པས་ཕྱི་དང་ནང་གི་ཁ་ན་མ་ཐོ་བ་མེད་པའི་དངོས་པོ་ཁ་ལན་དང་རྣམ་པར་སྨིན་པ་ལ་མི་ལྟོས་པར་སེམས་གང་གིས་ཡོངས་སུ་གཏོང་བ་དང་། ལུས་དང་ངག་གི་ལས་གང་གིས་སྟེར་བ་ནི་བྱང་ཆུབ་སེམས་དཔའི་ཟང་
ཟིང་གི་སྦྱིན་པའོ། །འདིས་ནི་བཀྲེས་པ་དང་སྐོམ་པ་ལ་སོགས་པའི་སྡུག་བསྔལ་བསལ་ནས་སེམས་ཅན་རྣམས་རྗེས་སུ་འཛིན་པར་བྱེད་པའོ། །ཆོས་ཀྱི་སྦྱིན་པ་ནི་སེམས་ཅན་རྣམས་ལ་གནོད་པར་མི་འགྱུར་བའི་འཚོ་བ་དང་། བསྟན་བཅོས་དང་། སྒྱུ་རྩལ་དང་། གཙུག་ལག་གི་
མཚན་ཉིད་ཅན་གྱི་ལས་ཀྱི་མན་ངག་སྔོན་དུ་འགྲོ་བའི་བདེ་འགྲོ་དང་མཐོང་བའི་ལམ་སྟོན་པ་ནི་ཆོས་ཀྱི་སྦྱིན་པའོ། །འདིས་ཀྱང་འཚོ་བ་དང་། ངན་འགྲོ་དང་། འཁོར་བའི་སྡུག་བསྔལ་བཟློག་ནས་སེམས་ཅན་རྣམས་ལ་རྗེས་སུ་འཛིན་པར་བྱེད་པའོ། །མི་འཇིགས་པའི་སྦྱིན་པ་ནི་རྒྱལ་པོ་དང་།
ཆོམ་རྐུན་པ་དང་། དགྲ་དང་། གཅན་གཟན་ལ་སོགས་པས་སྐྲག་པར་གྱུར་པ་དེ་རྣམས་ལས་གྲོལ་བར་བྱེད་པའོ། །འདིས་ཀྱང་སྲོག་དང་། ལོངས་སྤྱོད་དང་། བུ་དང་ཆུང་མ་ལ་སོགས་པ་དང་བྲལ་བའི་འཇིགས་པ་ལས་བཟློག་པའི་ཕྱིར་སེམས་ཅན་རྗེས་སུ་འཛིན་པ་ཡིན་ནོ། །ཚུལ་ཁྲིམས་
ནི་རྣམ་པ་གཉིས་ཏེ། ལྡོག་པའི་ཚུལ་ཁྲིམས་དང་། འཇུག་པའི་ཚུལ་ཁྲིམས་སོ། །དེ་ལྡོག་པའི་ཚུལ་ཁྲིམས་ནི་སྡོམ་པའི་ཚུལ་ཁྲིམས་སོ། །འཇུག་པའི་ཚུལ་ཁྲིམས་ལ་རྣམ་པ་གཉིས་ཏེ། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང་། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་སོ། །དེ་ལ་སྡོམ་པའི་
ཚུལ་ཁྲིམས་ནི་སོ་སོར་ཐར་པ་རིགས་བདུན་ལེན་པ་སྟེ། དགེ་སློང་དང་། དགེ་སློང་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དང་། བར་སློབ་མ་དང་། དགེ་བསྙེན་དང་། དགེ་བསྙེན་མའོ། །དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ནི་བདག་ཉིད་ལ་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པའི་དོན་དུ་
འགྱུར་བ་ཡིན་ནོ། །སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ནི་སེམས་ཅན་སྨིན་པར་བྱེད་པའི་དོན་དུ་འགྱུར་བ་ཡིན་ནོ། །ཚུལ་ཁྲིམས་དེ་རྣམས་ལ་གནས་ན་སྲོག་གི་ཆེད་དུ་ཡང་སེམས་ཅན་རྣམས་ལ་གནོད་པར་མི་བྱེད་དོ། །བྱེད་དུ་ཡང་མི་འཇུག་གོ། །བཟོད་པ་ནི་རྣམ་པ་གསུམ་སྟེ། གཞན་གྱི་

གནོད་པ་ལ་ཇི་མི་སྙམ་པའི་བཟོད་པ་དང་། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང་། ཆོས་ལ་ངེས་པར་སེམས་པའི་བཟོད་པའོ། །དེ་ལ་དྲན་པ་དང་། བར་མ་ཆད་པ་དང་། ཡུན་རིང་བ་གཞན་གྱིས་གནོད་པ་བྱས་པ་ལས་བྱུང་བའི་སྡུག་བསྔལ་མངོན་དུ་བྱས་པ་ལས་སོ་སོར་བརྟགས་
པའི་སྟོབས་ཀྱིས་བཟོད་པ་དེ་ནི་གཞན་གྱིས་གནོད་པ་བྱས་པ་ལ་ཇི་མི་སྙམ་པའི་བཟོད་པའོ། །གང་ཆོས་གོས་དང་། བསོད་སྙོམས་ཚོལ་བ་ལས་བྱུང་བའི་སྡུག་བསྔལ་ཐམས་ཅད་བཟོད་པ་པ་ནི་སྡུག་བསྔལ་དང་དུ་ལེན་པའི་བཟོད་པའོ། །གང་ཡང་དག་པར་ཆོས་རབ་ཏུ་རྣམ་པར་འབྱེད་པའི་
ལེགས་པར་དཔྱད་པའི་བློས་ལྷག་པར་མོས་པའི་གནས་རྣམ་པ་བརྒྱད་ལ་ལྷག་པར་མོས་པ་དེ་ནི་ཆོས་ལ་ངེས་པར་སེམས་པའི་བཟོད་པའོ། །དེ་ལ་ལྷག་པར་མོས་པའི་གནས་བརྒྱད་ནི་འདི་ལྟ་སྟེ། དཀོན་མཆོག་གསུམ་གྱི་ཡོན་ཏན་དང་། དེ་ཁོ་ན་ཉིད་ཀྱི་དོན་དང་། སངས་རྒྱས་དང་བྱང་ཆུབ་
སེམས་དཔའ་རྣམས་ཀྱི་མཐུ་དང་། རྒྱུ་དང་། འབྲས་བུ་དང་། ཐོབ་པར་བྱ་བའི་དོན་དང་། དེ་ཐོབ་པའི་ཐབས་དང་། ཤེས་པར་བྱ་བའི་ཡུལ་ལོ། །བརྩོན་འགྲུས་ནི་རྣམ་པ་གསུམ་སྟེ། གོ་ཆའི་བརྩོན་འགྲུས་དང་། དགེ་བ་ཆོས་སྡུད་པའི་བརྩོན་འགྲུས་དང་། སེམས་ཅན་དོན་བྱེད་པའི་
བརྩོན་འགྲུས་སོ། །དེ་ལ་བརྩོན་འགྲུས་རྩོམ་པའི་སྦྱོར་བའི་སྔར་སེམས་སྤྲོ་བ་སྔོན་དུ་འགྲོ་བའི་བྱང་ཆུབ་ཀྱི་ཆེད་དུ་སེམས་མི་ལྡོག་པའི་ཕྱིར་བརྟན་པ་ཉིད་གང་ཡིན་པ་དེ་ནི་གོ་ཆའི་བརྩོན་འགྲུས་སོ། །གང་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་རྫོགས་པར་བྱ་བའི་ཕྱིར་ཕ་རོལ་ཏུ་ཕྱིན་
པའི་སྦྱོར་བ་བྱེད་པ་ནི་དགེ་བའི་ཆོས་སྡུད་པའི་བརྩོན་འགྲུས་སོ། །གང་དོན་དང་བཅས་པའི་སེམས་ཅན་གྱི་དོན་ཉེ་བར་གནས་པ་ལ་གྲོགས་བྱེད་པ་ལ་སོགས་པ་ནི་སེམས་ཅན་དོན་བྱེད་ཀྱི་བརྩོན་འགྲུས་སོ། །བརྩོན་འགྲུས་འདིས་ནི་ཡོན་ཏན་འཕེལ་བར་བྱེད་དོ། །སྦྱིན་པ་ལ་སོགས་པའི་
ཡོན་ཏན་གོམས་པ་ལས་ཡོན་ཏན་ཁྱད་པར་ཅན་འགྲུབ་པ་དང་། འཕེལ་བར་འགྱུར་བས་སོ། །བསམ་གཏན་ནི་རྣམ་པ་གསུམ་སྟེ། མཐོང་བའི་ཆོས་ལ་བདེ་བར་གནས་པར་འགྱུར་བའི་བསམ་གཏན་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དང་། ཡོན་ཏན་ངེས་པར་བསྒྲུབ་པའི་

བསམ་གཏན་དང་། སེམས་ཅན་གྱི་དོན་བྱེད་པའི་བསམ་གཏན་ནོ། །དེ་ལ་གང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་ལུས་དང་སེམས་ཀྱི་བསྲབས་པ་སྐྱེད་པར་བྱེད་པ་མཆོག་ཏུ་ཞི་བ་མངོན་པར་ཞེན་པ་དང་བྲལ་བ་རོ་མྱང་བར་བྱ་བ་
མ་ཡིན་པ་དེ་ནི་མཐོང་བའི་ཆོས་ལ་བདེ་བར་གནས་པའི་བསམ་གཏན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་གང་ལ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཀྱང་མིང་ཡང་མི་ཤེས་ན་སྙོམས་པར་འཇུག་པ་ལྟ་སྨོས་ཀྱང་ཅི་དགོས། སྟོབས་བཅུའི་རིགས་ཀྱིས་བསྡུས་པའི་རྣམ་
པ་སྣ་ཚོགས་པ་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་བསྒྲུབ་པའི་དོན་དུ་འགྱུར་བའི་བསམ་གཏན་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་དང་། ཟིལ་གྱིས་གནོན་པ་དང་། ཟད་པར་གྱི་སྐྱེ་མཆེད་དང་། སོ་སོ་ཡང་དག་པར་རིག་པ་དང་། ཉོན་མོངས་པ་མེད་པ་དང་། སྨོན་
ནས་ཤེས་པ་ལ་སོགས་པའི་ཉན་ཐོས་ལ་སོགས་པ་དང་། ཐུན་མོང་མ་ཡིན་པའི་ཡོན་ཏན་བསྒྲུབ་པའི་བསམ་གཏན་དུ་རིག་པར་བྱའོ། །དེ་ལ་གང་བྱང་ཆུབ་སེམས་དཔའ་བསམ་གཏན་ལ་བརྟེན་ནས་སེམས་
Luận tạng Tây Tạng (Tengyur) — Tập 104 | Tra cứu Kinh điển | Tàng Kinh Việt