Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 104
Văn bản gốc(Tây Tạng)
Trang 6 / 24 (50.000 ký tự/trang)
ཅན་གྱི་དོན་དུ་གྲོགས་བྱེད་པ་ནི་སེམས་ཅན་དོན་བྱེད་ཀྱི་བསམ་གཏན་དུ་རིག་པར་བྱའོ། ། བསམ་གཏན་འདིས་ནི་སེམས་ཅན་རྣམས་བསྟན་པ་ལ་འཇུག་པར་བྱེད་དེ། བསམ་གཏན་གྱི་སྟོབས་ཀྱི་རྫུ་འཕྲུལ་གྱིས་མགུ་བར་གྱུར་པ་རྣམས་བསྟན་པ་ལ་འཇུག་པས་སོ། །ཤེས་རབ་ནི་རྣམ་པ་གསུམ་སྟེ། ཤེས་བྱའི་དེ་ཁོ་ན་ཉིད་རྗེས་སུ་རྟོགས་པ་དང་། སོ་སོར་རྟོགས་པའི་ཤེས་རབ་དང་། རིག་པའི་གནས་ལྔ་དང་། ཕུང་པོ་གསུམ་ལ་མཁས་པར་བྱེད་པའི་ཤེས་རབ་དང་། སེམས་ཅན་གྱི་དོན་བྱེད་པའི་ཤེས་རབ་པོ། །དེ་ལ་གང་བརྗོད་དུ་མེད་པའི་ཆོས་ཀྱི་བདག་མེད་པ་ཁོང་དུ་ཆུད་ནས་བདེན་པ་རྟོགས་པའི་ཆེད་དུ་འམ། བདེན་པ་རྟོགས་པའི་དུས་སུའམ། བདེན་པ་རྟོགས་པའི་ ཕྱིར་གྱི་བྱང་ཆུབ་སེམས་དཔའི་ཤེས་རབ་མཆོག་ཏུ་ཞི་བར་གྱུར་པ་ཉེ་བར་གནས་པ་རྣམ་པར་མི་རྟོག་པ། སྤྲོས་པ་ཐམས་ཅད་དང་བྲལ་བ་ཆོས་ཐམས་ཅད་དང་མཉམ་པ་ཉིད་དུ་རྗེས་སུ་འགྲོ་བ་དང་། སྤྱི་ཆེན་པོའི་མཚན་ཉིད་ཅན། ཤེས་བྱའི་མཐར་ཐུག་པ་སྒྲོ་འདོགས་པ་དང་། སྐུར་པ་འདེབས་ པའི་མཐའ་གཉིས་དང་བྲལ་བའི་ཕྱིར་དབུ་མའི་ལམ་གྱི་རྗེས་སུ་འབྲང་བ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དེ་ཁོ་ན་ཉིད་རྗེས་སུ་རྟོགས་པའི་ཤེས་རབ་དང་། སོ་སོར་རྟོགས་པའི་ཤེས་རབ་ཏུ་རིག་པར་བྱའོ། །རིག་པའི་གནས་ལྔ་ནི་ནང་རིག་པ་དང་། གཏན་ཚིགས་རིག་པ་དང་། གསོ་བ་རིག་པ་དང་། སྒྲ་རིག་པ་དང་། བཟོའི་གནས་རིག་པའོ། །ཕུང་པོ་གསུམ་ནི་དོན་དང་བཅས་པའི་ཆོས་ཀྱི་ཕུང་པོ་དང་། དོན་དང་མི་ལྡན་པའི་ཆོས་ཀྱི་ཕུང་པོ་དང་། གཉིས་ཀ་མ་ཡིན་པའི་ཆོས་ཀྱི་ཕུང་པོའོ། །རིག་པའི་གནས་ལྔ་དང་ཕུང་པོ་གསུམ་པོ་འདི་རྣམས་ལ་མཁས་པའི་ཤེས་རབ་ནི་བྱང་ཆུབ་ སེམས་དཔའ་རྣམས་ཀྱི་རིག་པའི་གནས་ལྔ་དང་། ཕུང་པོ་གསུམ་ལ་མཁས་པའི་ཤེས་རབ་ཏུ་ཤེས་པར་བྱའོ། །གནས་འདི་རྣམས་ཉིད་ལ་དམིགས་པའི་ཤེས་རབ་གང་ཡིན་པ་དེ་ནི་སེམས་ཅན་གྱི་དོན་བྱེད་པའི་ཤེས་རབ་ཅེས་བྱ་སྟེ། གནས་འདི་རྣམས་ལ་མཁས་པའི་ཕྱིར་སེམས་ཅན་གྱི་དོན་ལ་ གྲོགས་སུ་འགྱུར་བའོ། །འདིས་གདམས་ངག་ཡང་དག་པར་སྦྱིན་པའི་སྒོ་ནས་སེམས་ཅན་རྣམས་གྲོལ་བར་བྱེད་པའོ། །ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནི་སྔར་བཤད་ཟིན་ཏོ། །ད་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལྐོག་ཏུ་གྱུར་པའི་ཡོན་ཏན་ངེས་པའི་རྟགས་སུ་བསྟན་པར་བྱ་བའི་ཕྱིར། རང་ཤ་ སྟེར་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱང་ཆུབ་སེམས་དཔའི་རང་གི་ཤ་སྟེར་བ་ལ་ཡང་གུས་པར་བྱས་པའི་རང་གི་ཤ་སྟེར་བ་གང་ཡིན་པ་སྟེ། སྣང་དུ་མི་རུང་བའི་ས་རྟོགས་པ་ལ་སོགས་པའི་རྟགས་སུ་གྱུར་པ་ཡིན་ནོ་ཞེས་པའི་དོན་ཏོ། །དེ་ཉིད་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། དེའི་ཚེ་ ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཚེ་ཞེས་བྱ་བ་ནི་གཏོང་བའི་དུས་ནའོ། །ས་རྟོགས་པ་ལ་སོགས་པ་ཞེས་བྱ་བ་ནི་ས་རབ་ཏུ་དགའ་བ་ལ་སོགས་པའོ། །སོགས་པའི་སྒྲས་ནི་འཇིག་རྟེན་གྱི་ཁམས་བརྒྱ་གཡོ་བ་ལ་སོགས་པ་གཟུང་བར་བྱའོ། །ཕྱི་དང་ཞེས་བྱ་བ་ནོར་དང་བུ་དང་ཆུང་མ་ལ་སོགས་ པའོ། །ནང་ཞེས་བྱ་བ་ནི་རྐང་པ་དང་ལག་པ་ནས་བརྩམས་ཏེ་རྐང་གི་བར་རོ། །དེ་ཉིད་དང་པོ་སྟེ། དོན་བྱེད་པའི་ཕྱིར་རོ། །དེ་གཏོང་བའི་ཁྱད་པར་ནི་དམིགས་པ་མེད་པའི་སྦྱོར་བས་སྟོང་པའོ། །དེ་ཉིད་ཀྱི་རྗེས་སུ་དཔག་པ་སྟེ། འདིས་རྗེས་སུ་དཔོག་པས་ན་རྗེས་སུ་དཔོག་པ་སྟེ་རྟགས་སོ། །འདིའི་ དོན་ནི་བྱང་ཆུབ་སེམས་དཔས་ས་དང་པོ་རྟོགས་པའི་ཚེ་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བར་རྟོགས་པ་ཡིན་ལ། དེ་ཡང་རང་གི་ཤ་ལ་སོགས་པ་གཏོང་བའི་སྒོ་ནས་ཤེས་པ་ཡིན་ནོ། །དེ་ལྟར་གལ་ཏེ་བྱང་ཆུབ་སེམས་དཔས་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བར་མ་རྟོགས་ན་ཤ་ལ་ སོགས་པ་གཏོང་བར་ཅི་ལྟར་ནུས་པར་འགྱུར། དེས་ན་རང་གི་ཤ་ལ་སོགས་པ་གཏོང་བས་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བར་རྟོགས་པ་ཡིན་ནོ། །དེ་བཞིན་དུ་ཡོན་ཏན་གཞན་རྣམས་ལ་ཡང་བརྗོད་པར་བྱའོ། །སྔར་དང་ཕྱིས་ཀྱི་ཚིགས་སུ་བཅད་པ་གཉིས་ཀྱི་འགྲེལ་པས་བསྟན་པར་བྱ་བའི་ ཕྱིར། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྡུག་བསྔལ་ཕྱིར་བཅོས་པ་གཏན་དུ་བདེ་བ་ཐོབ་པའི་རྒྱུ་ཡིན་ནོ་ཞེས་བྱ་བ་ནི་སྡུག་བསྔལ་ཕྱིར་བཅོས་པ་ཁོ་ན་གཏན་དུ་བདེ་བ་ཡིན་པར་འདོད་ཀྱི། དངོས་པོ་ལ་བདེ་བ་ནི་ཡོད་པ་མ་ཡིན་ཞེས་པའོ། །སྦྱིན་པ་དེ་བདེ་བའི་རྒྱུ་ཡིན་ནོ་ཞེས་བསྟན་པར་ བྱ་བའི་ཕྱིར། སྐྱེ་བོ་འདི་ཀུན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལོངས་སྤྱོད་ཅེས་བྱ་བ་ནི་ལོངས་སྤྱད་པར་བྱ་བས་ན་ལོངས་སྤྱོད་དོ། །གཟུགས་དང་སྒྲ་ལ་སོགས་པའོ། །དང་པོར་ཞེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་གཏམ་ལ་སོགས་པའི་སྔར་རོ། །གཞན་ནི་གོ་སླའོ། །དེ་ཉིད་འགྲེལ་པས་བཤད་ པར་བྱ་བའི་ཕྱིར། སྡུག་བསྔལ་ཕྱིར་བཅོས་ཞེས་བྱ་བ་ལ་སོགས་པ་ལ་སྡུག་བསྔལ་ཕྱིར་བཅོས་པ་ཙམ་ཞེས་བྱ་བ་ནི་བཀྲེས་པ་ལ་སོགས་པའི་སྡུག་བསྔལ་ཕྱིར་བཅོས་པ་སྟེ། བཀྲེས་པ་ལ་སོགས་པའི་མཚན་ཉིད་ཅན་ནོ། །སྲིད་པའི་བདེ་བ་འབྱུང་བའི་རྒྱུར་གྱུར་པ་ཞེས་བྱ་བ་ནི་འཁོར་བའི་བདེ་བ་ བཀྲེས་པ་ལ་སོགས་པ་ལོག་པའི་མཚན་ཉིད་ཅན་དེའི་རྒྱུན་སྐྱེ་བའི་རྒྱུ་མཚན་དུ་གྱུར་པའོ། །ཕྱིན་ཅི་ལོག་ཙམ་གྱིས་བདག་ཉིད་ཀྱི་རྒྱུན་ཉེ་བར་བརྟགས་པས་ཞེས་བྱ་བ་ནི་བདེ་བ་མ་ཡིན་པ་ལ་བདེ་བར་ཞེན་པ་སྟེ། འདི་ལྟར་གལ་ཏེ་བདེ་བའི་རང་བཞིན་ཅན་ཡིན་ན་དུས་ནམ་ཡང་ལྡོག་པར་མི་འགྱུར་ཏེ། རང་ བཞིན་ལྡོག་པར་རིགས་པ་དང་། ཡོངས་སུ་འགྱུར་བའི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་ཡིན་པའི་ཕྱིར་རོ། །བཀྲེས་པ་དང་སྐོམ་པ་དང་ཞེས་བྱ་བ་ལ་སོགས་པ་ནི་བཀྲེས་པ་དང་། སྐོམ་པ་ལ་སོགས་པའི་གཉེན་པོ་ཟས་དང་སྐོམ་ལ་སོགས་པ་ཉེ་བར་འཚོ་བ་སྟེ། གནོད་པ་བསལ་བ་གང་ཡིན་པ་དེ་ ལ་དེ་སྐད་ཅེས་བྱའོ། །ཤིན་ཏུ་ཆེས་མངོན་པར་ཞེན་ལ་ཞེས་བྱ་བ་ནི་བདེ་བའི་བདག་ཉིད་མ་ཡིན་པའི་བཀྲེས་པ་ལ་སོགས་པའི་ཕྱིར་བཅོས་པ་ལ་བདེ་བ་ཉིད་དུ་ཆེས་མངོན་པར་ཞེན་པའོ། །གཞུང་འདིས་ནི་སློབ་དཔོན་ཟླ་བ་གྲགས་པའི་ཞབས་ལ་སོགས་པ་རྣམས་ཀྱིས་ཀུན་རྫོབ་ཏུ་བདེ་བ་ལ་སྐུར་པ་ བཏབ་པ་ནི་མ་ཡིན་ནོ། །འོ་ན་བདེ་བའི་བདག་ཉིད་མ་ཡིན་པ་ཉིད་ལ་ཞེས་ཇི་ལྟར་བརྗོད་ཅེ་ན། མ་ཡིན་ཏེ། དགོངས་པ་ཅན་ཡིན་པའི་ཕྱིར་རོ། །འདི་ལྟར་འཇིག་རྟེན་པ་རྣམས་འཁོར་བའི་བདེ་བ་ལས་ཡིད་འབྱུང་བར་བྱ་བའི་ཕྱིར་བདེ་བའི་བདག་ཉིད་མ་ཡིན་པ་ཞེས་གསུངས་པ་ཡིན་གྱི། འཇིག་རྟེན་པའི་ཀུན་རྫོབ་ཏུ་བདེ་བ་མེད་དོ་ཞེས་གསུངས་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བཞི་བརྒྱ་པ་ལས་ཞེས་བྱ་བ་ནི་འདིའི་བཤད་པ་རྫོགས་པར་མཛད་ནས་རྣམ་པར་གཞག་པ་མཛད་དེ། འདི་ལྟར་ཁམས་གསུམ་པ་ཐམས་ཅད་ཀྱི་སྐྱེ་བ་ལ་ཕུན་སུམ་ཚོགས་པ་དང་མི་ལྡན་པའི་སྡུག་བསྔལ་ གྱི་གཏམ་གྱིས་གདུལ་བྱའི་སྐྱེ་བོ་རྣམས་འཁོར་བའི་བཙོན་རའི་ཚོགས་ལ་ཡིད་འབྱུང་བར་བྱ་བའི་ཕྱིར་མི་རྟག་པ་ཞེས་བྱ་བ་ལ་སོགས་པ་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་ཁོ་ན་སྡུག་བསྔལ་གྱི་རང་བཞིན་ཅན་ནོ་ཞེས་འཕགས་པ་ལྷའི་ཞབས་ཀྱིས་གསུངས་པ་ཡིན་ནོ། །དེས་ན་མ་རིག་པའི་མུན་པས་ བློ་གྲོས་ཀྱི་མིག་ལྡོངས་པར་བྱས་པའི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལ་ཡོད་པ་མ་ཡིན་པའི་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པས་བརྟགས་པ་ཡོད་པའི་རང་བཞིན་མ་ཡིན་པའི་བདེ་བ་དང་། ཡིད་བདེ་བ་དང་། ལྷ་དང་། ལྷ་མ་ཡིན་དང་། མི་དང་། མི་འམ་ཅི་དང་། ལྟོ་འཕྱེ་དང་། གྲུབ་པ་ཐོབ་པ་དང་། རིག་པ་འཛིན་པ་ལ་སོགས་པའི་གནས་སུ་དེའི་རྟོགས་པ་ཚད་མའི་དབང་དུ་བྱས་ནས་བདེ་བ་དང་ཡིད་བདེ་བ་ནི་ཡོད་པ་མ་ཡིན་ཏེ། དཔེར་ན་རྨི་ལམ་གྱི་གནས་སྐབས་ན་མངོན་པར་འདོད་པའི་ཡུལ་ཉེ་བར་ལོངས་སྤྱོད་པའི་བདེ་བ་དང་ཡིད་བདེ་བ་བཞིན་ནོ་ཞེས་བརྗོད་པ་ཡིན་ནོ། །དེ་ལ་ཚིག་སྔ་མ་རྣམས་ཀྱིས་བདེ་བ་ སྡུག་བསྔལ་གྱི་རང་བཞིན་དུ་བསྟན་པ་དེ་དགོངས་པ་ཅན་ནོ་ཞེས་གསལ་བར་མཛད་དོ། །ངག་ཕྱི་མས་ཀུན་རྫོབ་ཏུ་བདེ་བ་ཡོད་པ་ཉིད་ཡིན་ནོ་ཞེས་གསལ་བར་མཛད་དོ། །དེས་ན་སློབ་དཔོན་ཟླ་བ་གྲགས་པའི་ཞབས་ལ་སོགས་པས་ཀྱང་ཀུན་རྫོབ་ཏུ་བདེ་བ་ལ་སྐུར་པ་འདེབས་པར་བཞེད་པ་མ་ཡིན་ནོ། ། ཚིག་རྐང་གཉིས་པ་བཤད་པར་བྱ་བའི་ཕྱིར། དེ་ལྟ་བུའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདེ་བ་མངོན་པར་འདོད་པ་ཞེས་བྱ་བ་ནི་སྡུག་བསྔལ་ཕྱིར་བཅོས་པ་ཙམ་བདེ་བའི་བདག་ཉིད་མ་ཡིན་པ་ཉིད་ལ་མངོན་པར་ཞེན་ནས་བདེ་བ་མངོན་པར་འདོད་པའོ། །དེའི་ཞེས་བྱ་བ་ ནི་འཇིག་རྟེན་པའོ། །སྡུག་བསྔལ་གྱི་གཉེན་པོར་གྱུར་པ་ཞེས་བྱ་བ་ལ་སོགས་པ་ལ། སྡུག་བསྔལ་ནི་བཀྲེས་པ་ལ་སོགས་པའོ། །དེའི་གཉེན་པོར་གྱུར་པ་དེའི་ཕྱིར་མངོན་པར་འདོད་པ་སྟེ། འདོད་པ་བརྫུན་པའི་རང་བཞིན་ཡིན་པས་ཕྱིན་ཅི་ལོག་གི་རང་བཞིན་བདག་ཉིད་ཅན་གང་ལོངས་སྤྱོད་ པ་སྟེ། གཟུགས་དང་སྒྲ་ལ་སོགས་པ་རྣམས་ལ་ལོངས་སྤྱོད་པ་སྟེ། ཉམས་སུ་མྱོང་བ་དེ་ལས་སོ། །ཚིག་རྐང་གསུམ་པ་བཤད་པར་བྱ་བའི་ཕྱིར། སྡུག་བསྔལ་ཕྱིར་བཅོས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་ཀྱང་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་མ་ བསགས་པ་ཞེས་བྱ་བ་ནི་དེ་ལ་ཀུན་ནས་སློང་བ་སེམས་དང་བཅས་པའི་ལུས་དང་ངག་གི་ལས་ལ་སྦྱིན་པ་ཞེས་བྱ་ལ། དེ་དགེ་བ་ཡིན་པའི་ཕྱིར་བསོད་ནམས་ཡིན་ལ། ལས་ཀྱི་བདག་ཉིད་ཡིན་པས་བྱས་པ་ཡང་ཡིན་ལ། དེ་ཀུན་ནས་སློང་བའི་སེམས་པའི་རྟེན་ཡིན་པས་ན་དངོས་པོའོ། །དེ་གང་གིས་ མ་བསགས་པ་དེ་ལ་ལོངས་སྤྱོད་འབྱུང་བ་མ་ཡིན་ནོ། །ཚིག་རྐང་བཞི་བཤད་པར་བྱ་བའི་ཕྱིར་སྙམ་དུ་མཁྱེན་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིའི་དོན་ནི་འཇིག་རྟེན་བདེ་བ་དོན་དུ་གཉེར་བ་ཡིན་ལ། བདེ་བ་ནི་ཡུལ་གཟུགས་ལ་སོགས་པ་མེད་ན་མི་འབྱུང་ལ། ཡུལ་གཟུགས་ལ་སོགས་ པ་ཡང་སྦྱིན་པའི་འབྲས་བུ་ཡིན་ལ། དེས་ན་བཅོམ་ལྡན་འདས་ཀྱིས་ཚུལ་ཁྲིམས་ལ་སོགས་པའི་དང་པོར་སྦྱིན་པའི་གཏམ་མཛད་པ་ཡིན་ནོ། །དེས་ན་སྦྱིན་པ་བདེ་བའི་རྒྱུ་ཡིན་པའི་ཕྱིར་མངོན་པར་མཐོ་བའི་རྒྱུ་ཉིད་ཡིན་ནོ། །གལ་ཏེ་སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་རྣམས་ གཞན་གྱི་དོན་ལ་འཇུག་པ་མེད་པའི་ཕྱིར་སྙིང་རྗེ་དང་བྲལ་བ་དེ་རྣམས་ཀྱིས་སྦྱིན་པ་ལོངས་སྤྱོད་ཀྱི་འབྲས་བུ་ཅན་དུ་ཅི་ལྟར་འགྱུར་ཞེ་ན། །དེ་ལ་ལན་དུ་ད་ནི་ཞེས་བྱ་བ་ལ་སོགས་པ་གཏོང་བ་པོའི་སེམས་ཚུལ་དང་མི་མཐུན་པ་ཡོད་དུ་ཟིན་ཀྱང་ཞེས་བྱ་བ་ནི་སྙིང་རྗེ་མེད་པའི་ཕྱིར་རོ། །གང་གི་བྱ་བ་དང་རྗེས་སུ་ མཐུན་པ་ཞེས་བྱ་བ་ནི་སྦྱིན་པའི་རང་བཞིན་གྱི་བྱ་བ་ནི་བདེ་བའི་རྒྱུ་ལོངས་སྤྱོད་འབྱུང་བར་བྱེད་པ་རྗེས་སུ་མཐུན་པ་ཡིན་པས་སོ། །བདག་ཉིད་ཆེན་པོ་ཞེས་བྱ་བ་ནི་འདོད་པའི་ལོངས་སྤྱོད་འབྱུང་བའི་རང་བཞིན་ཅན་ནོ། །དེ་ཉིད་རྩ་བས་བསྟན་པར་བྱ་བའི་ཕྱིར། སྙིང་རྗེ་དམན་ཞིང་ཞེས་བྱ་བ་ལ་སོགས་ པ་སྨོས་ཏེ། ཤིན་ཏུ་རྩུབ་སེམས་ཅན་ཞེས་བྱ་བ་ནི་སྙིང་རྗེའི་ཆུས་བརླན་པར་བྱེད་པའི་ཕྱིར་གཞན་གྱི་དོན་ལ་སེམས་རྩུབ་པ་སྟེ། དཔེར་ན་ཕྱི་རོལ་གྱི་དངོས་པོ་ཆུས་བྲན་པ་བརླན་པ་ཆུ་མེད་ན་རྩུབ་པ་བཞིན་ནོ་ཞེས་པའོ། །དེ་ཉིད་ཀྱི་ཕྱིར། རང་དོན་ལྷུར་ལེན་ཉིད་དུ་གྱུར་པ་གང་། །ཞེས་བྱ་བ་སྨོས་ཏེ། རང་གི་དོན་ཁོ་ན་དོན་དུ་གཉེར་བའི་ཕྱིར་ཞེས་པའོ། །སྡུག་བསྔལ་ཉེར་ཞིའི་རྒྱུར་གྱུར་ཞེས་བྱ་བ་ནི་སྡུག་བསྔལ་ཕྱིར་བཅོས་པ་ཙམ་གྱི་བདེ་བའི་རྒྱུའོ། །འདིའི་དོན་ནི་སྦྱིན་པའི་འབྲས་བུ་ནི་ལོངས་སྤྱོད་ཡིན་ལ། འོན་ཀྱང་སྙིང་རྗེས་བརླན་པའི་སེམས་ཀྱིས་བཏང་ན་འབྲས་བུ་ཆེན་པོ་འབྱུང་བར་འགྱུར་ ཏེ། འདི་ལྟར་གང་གི་ཚེ་སྙིང་རྗེས་བརླན་པའི་སེམས་ཀྱིས་སྦྱིན་པ་བཏང་ན་དེའི་འབྲས་བུ་དང་བཅས་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡོངས་སུ་བསྔོ་བ་ཡིན་ལ། དེས་ན་སེམས་ཅན་མཐའ་ཡས་པའི་ཕྱིར་སྦྱིན་པ་ཡང་མཐའ་ཡས་པས་སྦྱིན་པས་འབྲས་བུ་ཆེན་པོར་འགྱུར་བ་ཡིན་ནོ། །གང་ གི་ཚེ་སྙིང་རྗེས་བརླན་པའི་སེམས་ཀྱིས་སྦྱིན་པ་ཀུན་ནས་མ་བླངས་ན་དེའི་ཚེ་སེམས་ཅན་ལ་ཕན་པ་ཙམ་ཡིན་པའི་ཕྱིར་ལོངས་སྤྱོད་ཀྱི་འབྲས་བུ་ཅན་དུ་འགྱུར་གྱི། མི་ཟད་པའི་ཕྱིར་འབྲས་བུ་ཆེན་པོར་མི་འགྱུར་རོ། །དེས་ན་གཏོང་བ་པོའི་སེམས་རྩུབ་ཏུ་ཟིན་ཀྱང་ལོངས་སྤྱོད་ཀྱི་འབྲས་བུ་ཅན་ཉིད་དུ་འགལ་ བ་མེད་དོ། །དེ་ཉིད་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། གང་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་ཚོང་པ་དག་ནོར་ཤིན་ཏུ་ཆུང་ངུ་ཡོངས་སུ་བཏང་བས་ནོར་ཤིན་ཏུ་མང་པོ་འདོད་པ་དེ་བཞིན་དུ་འདིར་ཡང་རང་གི་དོན་ལྷུར་ལེན་ཅིང་ནོར་ཤིན་ཏུ་ཉུང་བ་ཡོངས་སུ་བཏང་བས་འཇིག་རྟེན་ཕ་རོལ་ཏུ་ལོངས་ སྤྱོད་ཆེན་པོ་འདོད་པ་ཡིན་ནོ། །དེའི་ཕྱིར། འདོད་པ་དོན་དུ་གཉེར་བ་བས་ཀྱང་ཆེས་ལྷག་པར་དོན་དུ་གཉེར་བར་འགྱུར་ཞིང་ཞེས་སྨོས་ཏེ། སློང་བ་པོས་ཀྱང་ཆེས་ལྷག་པར་གཏོང་བ་པོར་འགྱུར་ཏེ། སློང་བ་པོ་ནི་ཁ་ཟས་ལ་སོགས་པ་ཙམ་གྱིས་ཚིམ་ལ། འདི་ནི་ལོངས་སྤྱོད་ཆེན་པོ་འདོད་ པས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའ་མ་ཡིན་པ་ལ་བརྟེན་ནས་ཀྱང་སྦྱིན་པ་མངོན་པར་མཐོ་བའི་རྒྱུ་ཉིད་དུ་བསྟན་ནས། ངེས་པར་ལེགས་པའི་རྒྱུ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། འདི་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནམ་ཞིག་ཚེ་ཞེས་བྱ་བ་ནི་སྦྱིན་པ་གཏོང་ བའི་གནས་སྐབས་ཀྱི་ཚེ་ནའོ། །འདི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་རིགས་ཙམ་མ་ཡིན་པའོ། །ཡང་གི་སྒྲས་ནི་བྱང་ཆུབ་སེམས་དཔའི་རིགས་ཅན་འབའ་ཞིག་མ་ཡིན་པའོ། །འཕགས་པའི་སྐྱེ་བོ་ཞེས་བྱ་བ་ནི་གང་གི་ཚེ་འདི་སྦྱིན་པ་ལ་རབ་ཏུ་འཇུག་པ་དེའི་ཚེ་ཞིང་དམ་པ་སྤྱན་དྲངས་པས་ འཕགས་པའི་སྐྱེ་བོ་དང་ཕྲད་པར་གྱུར་པ་ཡིན་ནོ། །དེས་ན་སྲིད་རྒྱུན་ཡང་དག་བཅད་དེ་ཞེས་བྱ་བ་ནི་འཕགས་པའི་སྐྱེ་བོ་དང་ཕྲད་པ་ལས་དེའི་གདམས་ངག་གིས་ལམ་ཐོབ་ནས་འཁོར་བའི་བརྒྱུད་པ་བཅད་ནས་སོ། །དེའི་རྒྱུ་ཅན་ཞེས་བྱ་བ་ནི་སྦྱིན་པའི་རྒྱུ་ཅན་ནོ། །ཞི་བར་ཞེས་བྱ་བ་ནི་མྱ་ངན་ ལས་འདས་པ་སྟེ། སྐྱེ་བ་ལ་སོགས་པ་དང་བྲལ་བའི་ཕྱིར་རོ། །དེ་ཉིད་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། སྦྱིན་བདག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྱིན་བདག་གི་བཤད་པ་ནི་གཏོང་བ་པོའོ། །ཐམས་ཅད་དུ་དམ་པ་དག་གིས་བགྲོད་པ་ཡིན་ནོ་ཞེས་བྱ་བ་ནི་དེས་དམ་པ་རྣམས་ སྤྱན་འདྲེན་གྱི་དམ་པ་རྣམས་དེ་ལ་བརྟེན་པ་ནི་མ་ཡིན་ནོ། །འཁོར་བ་ལ་ཡོན་ཏན་མེད་པར་རིག་ཅིང་ཞེས་བྱ་བ་ནི་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའི་རྣམ་པས་སོ། །འཕགས་པའི་ལམ་དྲི་མ་མེད་པ་མངོན་དུ་བྱས་པས་ཞེས་བྱ་བ་ནི་བདེན་པ་བཞི་ལ་དམིགས་པའི་ ཟག་པ་མེད་པའི་ལམ་མངོན་དུ་བྱས་པས་སོ། །མ་རིག་པ་སྤངས་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ལྟར་ན་རེ་ཞིག་ཅེས་བྱ་བ་ལ་སོགས་པའི་མཇུག་བསྡུ་བའོ། །ད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་མཐོང་བའི་ཆོས་ལ་བདེ་བའི་རྒྱུ་ཉིད་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། འགྲོ་ལ་ཕན་པར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འགྲོ་ལ་ཕན་པའི་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་ཐོབ་པའོ། །དེའི་དོན་དུ་སེམས་དམ་བཅས་པ་སྟེ། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའོ་ཞེས་པའི་ཐ་ཚིག་གོ། ། སྦྱིན་པས་རིང་པོར་མི་ཐོགས་དགའ་བ་འཐོབ། །ཅེས་བྱ་བ་ནི་ལོངས་སྤྱོད་པ་ཡིན་ཏེ། སྦྱིན་པའི་དེ་མ་ཐག་ཏུ་དོན་གཉེར་བ་པོའི་ཡིད་ཡོངས་སུ་ཚིམ་ནས་དགའ་བ་ཐོབ་པར་འགྱུར་བའོ། །ཇི་སྐད་དུ་བཤད་པའི་ཞེས་བྱ་བ་ནི་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་མཚན་ཉིད་ཅན་ནོ། །ངེས་པར་ ལོངས་སྤྱོད་མ་ཡིན་ཏེ། །ཞེས་བྱ་བ་ནི་དུས་ལོངས་སྤྱོད་པ་ཡིན་ཏེ། འདི་ལྟར། གང་དག་འགོག་བྱམས་ཉོན་མོངས་མེད། །མཐོང་དང་དགྲ་བཅོམ་འབྲས་གནས་པ། །དེ་ལ་ཕན་གནོད་བྱས་པ་ཡི། །འབྲས་བུ་འཕྲལ་དུ་མྱོང་བར་འགྱུར། །ཞེས་གསུངས་སོ། །འདིའི་དོན་ནི་གང་ སེམས་དང་སེམས་ལས་བྱུང་བ་བཀག་པའི་རང་བཞིན་ཅན་མྱ་ངན་ལས་འདས་པ་དང་འདྲ་བའི་འགོག་པ་ལ་སྙོམས་པར་འཇུག་པ་ལས་ལངས་པ་རྣམས་དང་། གང་ལ་དམིགས་ནས་སུ་ལ་ཡང་ཉོན་མོངས་པ་སྐྱེ་བར་མ་གྱུར་ཅིག་སྙམ་པའི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ལས་ལངས་པ་རྣམས་དང་། གང་སེམས་ཅན་ཚད་མེད་པ་རྣམས་ལ་བདེ་བའི་ལྷག་པའི་བསམ་པའི་རང་བཞིན་ཅན་བྱམས་པའི་ཏིང་ངེ་འཛིན་ལས་ལངས་པ་རྣམས་དང་། གང་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པས་རྟེན་གནས་གྱུར་པ་ཐོབ་པ་མཐོང་བའི་ལམ་ལས་ལངས་པ་རྣམས་དང་། བསྒོམས་པས་སྤང་བར་བྱ་ བའི་ཉོན་མོངས་པ་སྤངས་པས་དགྲ་བཅོམ་པ་ལས་ལངས་པ་རྣམས་ལ་ཕན་པ་དང་གནོད་པ་བྱས་པ་དེའི་འབྲས་བུ་ངེས་པར་མཐོང་བའི་ཆོས་ལ་ཉམས་སུ་མྱོང་བར་འགྱུར་བ་ཡིན་ནོ་ཞེས་པའོ། །དེ་རྣམས་ནི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་སོ། །སྦྱིན་པའི་འབྲས་བུ་མངོན་སུམ་མ་ཡིན་པ་ཉིད་ཀྱི་ ཕྱིར་བྱ་བ་ནི་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་མཚན་ཉིད་ཅན་སྦྱིན་པའི་འབྲས་བུ་དབང་པོའི་ཡུལ་ལས་ཤིན་ཏུ་འདས་པའི་ཕྱིར་རོ། །ལྷག་མ་གོ་སླའོ། །མངོན་པར་འདོད་པའི་སྦྱིན་པའི་འབྲས་བུ་ཕུན་སུམ་ཚོགས་པས་ཞེས་བྱ་བ་ལ། སྦྱིན་པའི་མངོན་པར་འདོད་པའི་འབྲས་བུ་ནི་སློང་བ་ པོའི་ཡིད་ཡོངས་སུ་ཚིམ་པའོ། །དེའི་ཕུན་སུམ་ཚོགས་པ་ནི་མང་པོ་ཉིད་དོ། །འདིའི་དོན་ནི་འདི་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཞན་གྱི་དོན་ཁོ་ན་གཙོ་བོ་ཡིན་པས་དེ་རྣམས་ཀྱི་སློང་བ་པོའི་ཡིད་ཡོངས་སུ་ཚིམ་པའི་ཕུན་སུམ་ཚོགས་པ་སྦྱིན་པའི་འབྲས་བུར་འདོད་པ་ཡིན་ནོ་ཞེས་པའོ། །དེའི་ ཕྱིར་དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི་མཇུག་ཉེ་བར་བསྡུ་བའོ། །ཐམས་ཅད་ཀྱི་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་རྒྱུ་སྦྱིན་པ་ཡིན་པ་ཞེས་བྱ་བ་ནི། དེ་ཚེ་དེ་ལ་རྫོགས་སངས་བྱང་ཆུབ་རྒྱུ། །དང་པོ་སྦྱིན་པ་ཉིད་ནི་ཞེས་གསུངས་པས་བརྩེ་བའི་བདག་ཉིད་ ཅན་ལ་སྦྱིན་པ་ངེས་པར་ལེགས་པའི་རྒྱུ་ཉིད་དུ་གསུངས་པ་ཡིན་ནོ། །སྐྱེ་བོ་འདི་ཀུན་བདེ་བ་མངོན་འདོད་ཅིང་། །ཞེས་བྱ་བ་ལ་སོགས་པ་གསུངས་པས་བརྩེ་བའི་བདག་ཉིད་ཅན་མ་ཡིན་པ་རྣམས་ཀྱི་སྦྱིན་པ་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་རྒྱུ་ཉིད་དུ་གསུངས་པ་ཡིན་ནོ། །འགྲོ་ ལ་ཕན་པར་དམ་བཅས་ཞེས་བྱ་བ་ལ་སོགས་པས་བརྩེ་བའི་བདག་ཉིད་ཅན་མངོན་པར་མཐོང་བའི་རྒྱུ་ཉིད་གསུངས་ཏེ། དེ་ལ་མངོན་པར་མཐོ་བ་ཞེས་གསུངས་པས་སོ། །ལོངས་སྤྱོད་ཀྱི་རྣམ་པར་འགྱེད་པའི་སྒོ་ནས་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་གཞན་ལ་སྟེར་བའི་སྒོ་ནས་དེ་ལ་ ལན་བསྟན་པར་བྱ་བའི་ཕྱིར། བརྗོད་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ལ་སློང་བ་པོའི་སྒྲ་ཐོས་པ་དང་བསམ་པ་ལས་བདེ་བ་འབྱུང་བ་དེ་བཞིན་དུ་ཐུབ་པ་རྣམས་ཏེ། ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ཞི་བར་ཞུགས་པ་སེམས་དང་སེམས་ ལས་བྱུང་བ་འགོག་པས་བདེ་བར་བྱེད་པ་མ་ཡིན་པའོ། །ཐམས་ཅད་བཏང་བས་ཞེས་བྱ་བ་ལ་སོགས་པ་ནི་ནང་དང་ཕྱིའི་དངོས་པོ་བདག་ཉིད་ཀྱིས་བཏང་བའོ། །དེ་ཉིད་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། རེ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །དེ་ལ་གཞན་དག་གིས་འདྲི་བ་ནི་ ཡང་ཅིག་གང་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་སྐད་ཅེས་བྱ་བ་ནི་ཤིན་ཏུ་བདེ་བ་འབྱུང་ངོ་ཞེས་བརྗོད་པ་གང་ཡིན་པའོ། །སྙིང་རྗེ་དང་ལྡན་པ་དང་། སེར་སྣ་སྤངས་པའི་ཕྱིར་དངོས་པོ་བཏང་བ་ལས་བྱང་ཆུབ་སེམས་དཔའ་རྣམས་ལ་རབ་ཏུ་དགའ་བ་འབྱུང་བར་རིགས་ཀྱི། གང་གི་ཚེ་ན་ནང་ གི་བདག་ཉིད་ཀྱི་དངོས་པོ་སློང་བ་དེའི་ཚེ་རྐང་པ་དང་ལག་པ་ལ་སོགས་པ་གཅོད་པས་ལུས་ལ་སྡུག་བསྔལ་ཡོད་པའི་ཕྱིར་ཅི་ལྟར་རབ་ཏུ་དགའ་བ་འབྱུང་ཞེས་བྱ་བའི་དོན་ཏོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། བཤད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་ ནི་རྣམ་པ་གཉིས་ཏེ། ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་མངོན་དུ་བྱས་པས་མ་ཆགས་པའི་གནས་སྐབས་ཐོབ་པ་དང་། དེ་མངོན་དུ་མ་བྱས་པས་ཆགས་པ་དང་བཅས་པའི་གནས་སྐབས་སོ། །དེ་ལ་གལ་ཏེ་བྱང་ཆུབ་སེམས་དཔའ་སྔ་མའི་དབང་དུ་བྱས་ནས་བརྗོད་ན་ནི། བདག་ཉིད་ཆེན་པོ་ རྣམས་ལ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིའི་དོན་ནི་འདི་ཡིན་ཏེ། ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་མངོན་དུ་མཛད་པས་སེམས་མེད་པ་རྣམས་ལྟར་གཅད་པར་བྱ་བ་དང་། གཅོད་པ་པོ་དང་། སྡུག་བསྔལ་གྱི་རྣམ་པར་རྟོག་པ་མེད་པས་སྡུག་བསྔལ་གྱི་གོ་སྐབས་ག་ལ་ཡོད། དེ་ལ་མདོའི་ ཁུངས་བསྟན་པར་བྱ་བའི་ཕྱིར། འཕགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་ལ་རྗེས་སུ་ཆགས་པ་དང་ཞེས་བྱ་བ་ནི་འདིས་ཁོ་བོ་ཅག་མ་བཅད་པ་ཡིན་ནོ་སྙམ་དུ་སྐྱེས་བུ་དེ་ལ་རྗེས་སུ་ཆགས་པ་མི་སྐྱེ་བའོ། །ཁོང་ཁྲོ་བ་མེད་དོ་ཞེས་བྱ་བ་ནི་འདིས་ཁོ་བོ་ཅག་བཅད་དོ་སྙམ་ནས་ཞེ་སྡང་སྐྱེ་བ་མེད་ པའོ། །རྟོག་པ་ཞེས་བྱ་བ་ནི་གཅད་པར་བྱ་བའོ། །འདི་ནི་གཅོད་པ་པོའོ། །འདི་ནི་བཅད་པའོ་སྙམ་པའི་མཚན་ཉིད་ཅན་ནོ། །རྣམ་པར་རྟོག་པ་ཞེས་བྱ་བ་ནི་རྟོག་པའི་བཤད་པའོ། །ནམ་མཁའ་དང་མཉམ་པ་ཡིན་ནོ་ཞེས་བྱ་བ་ནི་དཔེར་ན་ནམ་མཁའ་སྤྲིན་དང་བྲལ་བ་ཡོངས་སུ་དག་པ་དེ་བཞིན་དུ་ བྱང་ཆུབ་སེམས་དཔའ་ཡང་རྣམ་པར་རྟོག་པ་དང་བྲལ་བས་བཟོད་པ་ཡོངས་སུ་དག་པའོ། །དེ་ཉིད་ལ་རིན་པོ་ཆེའི་ཕྲེང་བའི་ཁུངས་བསྟན་པར་བྱ་བའི་ཕྱིར། རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་ལུས་ཀྱི་སྡུག་བསྔལ་མེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དེ་ལ་སྡིག་པ་མི་བྱེད་པའི་ ཕྱིར་དང་། བསོད་ནམས་ཀྱི་ཚོགས་བསགས་པའི་ཕྱིར་ངན་སོང་དུ་སྐྱེ་བ་མེད་པས་ལུས་ལ་སྲེག་པ་དང་གཅོད་པ་ལ་སོགས་པའི་སྡུག་བསྔལ་ཡོད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་ཉིད་ལས། སྡིག་པས་ངན་འགྲོར་ལུས་སྐྱེས་ནི། །སྡུག་བསྔལ་བཀྲེས་སྐོམ་ལ་སོགས་འབྱུང་། །དེས་སྡིག་མ་ བྱས་བསོད་ནམས་ཀྱིས། །སྲེད་པ་གཞན་ན་དེ་མེད་དོ། །ཞེས་གསུངས་སོ། །ཡིད་ཀྱི་སྡུག་བསྔལ་གང་ལ་ཡོད་ཅེས་པ་ནི་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་དོན་དུ་རྟོགས་པའི་ཕྱིར་འདོད་ཆགས་དང་། ཞེ་སྡང་ལ་སོགས་པས་བསྐྱེད་པའི་ཡིད་མི་བདེ་བ་འབྱུང་བར་མི་འགྱུར་རོ་ཞེས་པའི་དོན་ཏོ། ། དེ་ཉིད་ཀྱི་ཕྱིར་དེ་ཁོ་ན་ལ་རྨོངས་པས་ཡིད་ཀྱི་སྡུག་བསྔལ་ནི། ཆགས་སྡང་འཇིགས་དང་འདོད་ལ་སོགས། །དེ་རྟེན་མེད་པའི་ཤེས་པ་ཡིས། །འདི་ལ་མྱུར་བ་ཉིད་དུ་སྤོང་། །ཞེས་གསུངས་སོ། །དེ་ལ་བརྟེན་པ་མེད་པའི་ཤེས་པ་ནི་དེ་ཁོ་ན་ཉིད་ཤེས་པས་སོ། ། དེ་ནི་སྙིང་རྗེས་འཇིག་རྟེན་སྡུག །ཅེས་བྱ་བ་ནི་སྙིང་རྗེའི་སྟོབས་ཀྱིས་གཞན་སྡུག་བསྔལ་བས་སྡུག་བསྔལ་བའོ། །དེ་ཉིད་ཀྱིས་ནི་ཡུན་རིང་གནས། །ཞེས་བྱ་བ་ནི་གཞན་གྱི་སྡུག་བསྔལ་གྱིས་སྡུག་བསྔལ་བ་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་འདི་འཁོར་བ་ཐོག་མཐའ་མེད་པར་གནས་ སོ། །འདིའི་དོན་ནི་འདི་ཡིན་ཏེ། བྱང་ཆུབ་སེམས་དཔའ་སྙིང་རྗེའི་སྟོབས་ཀྱིས་གཞན་སྡུག་བསྔལ་བ་ཉིད་ཀྱི་ཕྱིར་ཇི་སྲིད་དུ་གཞན་གྱི་སྡུག་བསྔལ་མ་བསལ་བ་དེ་སྲིད་དུ་དེ་གནས་པ་ཡིན་ནོ་ཞེས་པའོ། །འདིར་དེ་ལ་ལུས་ཀྱི་སྡུག་བསྔལ་མེད་ཅེས་བྱ་བ་ནི་སྐབས་སུ་བབ་པའི་ཤེས་བྱེད་དོ། ། གལ་ཏེ་འདིར་བྱང་ཆུབ་སེམས་དཔའ་སྦྱིན་པའི་དུས་སུ་ལུས་གཅོད་པ་ལ་སོགས་པ་ལས་བྱུང་བའི་སྡུག་བསྔལ་མེད་པ་ཡིན་ནོ་ཞེས་པའི་གནས་སྐབས་ཡིན་པས། རིན་པོ་ཆེའི་ཕྲེང་བ་ལས། དེ་ལ་ལུས་ཀྱི་སྡུག་བསྔལ་མེད། །ཅེས་བྱ་བའི་ཚིག་གིས་བསོད་ནམས་ཀྱི་ཚོགས་བསགས་ པའི་སྟོབས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་ངན་སོང་གིས་བྱས་པའི་ལུས་ཀྱི་སྡུག་བསྔལ་མེད་དོ་ཞེས་གསུངས་པ་འདི་ཤེས་བྱེད་དུ་ཅི་ལྟར་རུང་ཞེ་ན་མ་ཡིན་ཏེ། ལུས་ཀྱི་སྡུག་བསྔལ་མེད་ཅེས་བྱ་བའི་ཚིག་འདི་ཉིད་ལ་དོན་གཉིས་ཏེ། ཆགས་པ་མེད་པའི་བྱང་ཆུབ་སེམས་དཔའ་ལ་ལྟོས་པ་ དང་། ཆགས་པ་དང་བཅས་པའི་བྱང་ཆུབ་སེམས་དཔའ་ལ་ལྟོས་ནས་སོ། །གང་གི་ཚེ་ཆགས་པ་མེད་པའི་བྱང་ཆུབ་སེམས་དཔའི་དབང་དུ་བྱས་ནས་བཤད་པ་དེའི་ཚེ། དེ་ལ་ལུས་ཀྱི་སྡུག་བསྔལ་མེད། །ཅེས་བྱ་བ་ནི་ལུས་རང་བཞིན་མེད་པར་མངོན་དུ་བྱས་པའི་ཕྱིར་དེ་ལ་ལུས་ཀྱི་སྡུག་བསྔལ་ མེད་པའོ། །ཆགས་པ་དང་བཅས་པའི་བྱང་ཆུབ་སེམས་དཔའ་ལ་ལྟོས་ནས་བཤད་པ་སྔ་མའོ། །དེས་ན་འདིར་ཆགས་པ་མེད་པའི་བྱང་ཆུབ་སེམས་དཔའ་ལ་ལྟོས་ནས་བཤད་པའི་དབང་དུ་བྱས་ཏེ། ཤེས་བྱེད་ཀྱི་ཁུངས་དེ་དྲངས་པ་ཡིན་ནོ། །ཡང་ན། འདི་ནི་སྙིང་རྗེ་འཇིག་རྟེན་སྡུག །ཅེས་ བྱ་བ་འདི་ཤེས་བྱེད་དུ་བསྟན་པ་ཡིན་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་སྔར་བསྟན་པའི་རིགས་པས་ལུས་དང་ཡིད་ཀྱི་སྡུག་བསྔལ་ཡོད་པ་མ་ཡིན་ནོ། །རང་ལ་སྡུག་བསྔལ་མེད་ཀྱང་འཇིག་རྟེན་གྱི་སྡུག་བསྔལ་གྱི་སྒོ་ནས་ལག་པ་དང་། རྐང་པ་ལ་སོགས་པ་གཅོད་པའི་སྡུག་བསྔལ་ཉམས་ སུ་མྱོང་བ་ཡིན་ལ། དེ་ལ་གལ་ཏེ་འཇིག་རྟེན་པའི་རྒྱུ་ཅན་གྱི་སྡུག་བསྔལ་གྱི་རྒྱུ་ཅན་རྐང་ལག་ལ་སོགས་པ་གཅོད་པའི་སྡུག་བསྔལ་དགའ་བའི་རྒྱུར་མི་འགྱུར་བ་ཡིན་ན་དེ་རྣམས་འཁོར་བ་ཇི་སྲིད་དུ་ཇི་ལྟར་གནས་པར་འགྱུར་ཞེས་པའོ། །ད་ནི་ཆགས་པ་མེད་པའི་གནས་སྐབས་མ་ཐོབ་པའི་བྱང་ཆུབ་སེམས་ དཔའ་གང་ཞིག་ལ་སྤྱོད་པ་ལ་སོགས་པའི་སྡུག་བསྔལ་དེ་ཡང་སྙིང་རྗེའི་སྟོབས་ཀྱིས་སེམས་ཅན་གྱི་དོན་ལ་འཇུག་པའི་རྒྱུ་ཉིད་དུ་འགྱུར་བ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། ཡང་ཆགས་པ་མེད་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆགས་པ་མེད་པའི་གནས་སྐབས་མ་ཐོབ་པ་གང་ཞིག་ལ་ཞེས་བྱ་བ་ ནི་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བར་མ་རྟོགས་པ་ལའོ། །ལུས་གནས་པ་དང་འགལ་བའི་ཡུལ་ཡང་དག་པར་བབས་པས་ཞེས་བྱ་བ་ནི་ལུས་གནས་པ་སྟེ། ལུས་རྒྱུན་གྱིས་རབ་ཏུ་འཇུག་པ་ཡིན་ལ། དེ་དང་འགལ་བའི་ཡུལ་མཚོན་ལ་སོགས་པ་བབས་པ་སྟེ། བསྣུན་པ་གང་ཡིན་པའོ། །གཞན་ ནི་གོ་སླའོ། །དོན་དེ་ཉིད་རྩ་བས་བསྟན་པར་བྱ་བའི་ཕྱིར། ལུས་བཅད་སྟེར་ཞིང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚིག་གི་དོན་ནི་གོ་སླའོ། །འདིའི་ངག་གི་དོན་ནི་གང་གི་ཚེ་བྱང་ཆུབ་སེམས་དཔའ་ལུས་གཏོང་བའི་དུས་ན་རྐང་ལག་ལ་སོགས་པ་གཅོད་པའི་སྡུག་བསྔལ་ཉམས་སུ་མྱོང་བར་ འགྱུར་བ་དེའི་ཚེ་བདག་གི་སྡུག་བསྔལ་གྱིས་དམྱལ་བའི་སེམས་ཅན་གྱི་སྡུག་བསྔལ་རང་རིག་པ་བཞིན་དུ་ཉམས་སུ་མྱོང་བ་ཡིན་ཏེ། གང་གི་ཕྱིར་དེའི་གནས་སྐབས་ན་བདག་ཉིད་ཀྱི་རྐང་ལག་ལ་སོགས་པ་གཅོད་པའི་སྡུག་བསྔལ་ཅི་ལྟར་འབྱུང་བ་དེ་བས་སྟོང་འགྱུར་བས་ཀྱང་དེ་རྣམས་ཀྱི་སྡུག་བསྔལ་ཆེ་བ་ ཡིན་ནོ་ཞེས་རྣམ་པར་དཔྱོད་པ་ཡིན་ནོ། །དེས་ན་ཡང་རང་གི་བདག་ཉིད་ཀྱི་སྡུག་བསྔལ་ཉམས་སུ་མྱོང་བའི་སྒོ་དེ་རྣམས་ཀྱི་སྡུག་བསྔལ་ཤེས་པ་ཡིན་པས་རང་རིག་པ་བཞིན་དུ་ཉམས་སུ་མྱོང་བ་ཡིན་ནོ་ཞེས་པའོ། །དེས་ན་རང་གི་སྡུག་བསྔལ་ཁྱད་དུ་བསད་ནས་གཞན་གྱི་སྡུག་བསྔལ་གཅད་པར་བྱ་བའི་ ཕྱིར་བརྩོན་འགྲུས་རྩོམ་པའོ། །གཤིན་རྗེའི་འཇིག་རྟེན་ཞེས་བྱ་བ་ནི་ཡི་དགས་ཀྱི་འཇིག་རྟེན་ནོ། །སོགས་པའི་སྒྲས་མིའི་འགྲོ་བ་ལ་སོགས་པ་བསྡུ་བར་བྱ་སྟེ། དེ་རྣམས་ཀྱང་སྡུག་བསྔལ་ཡིན་པས་སོ། །དེ་རྣམས་ཉིད་མི་ཟད་པ་སྟེ་ཐར་བར་དཀའ་བའི་ཕྱིར་རོ། ། ལྷག་མ་ནི་གོ་སླའོ། །ད་ནི་སྦྱིན་པ་ལ་སོགས་པ་ཅི་ལྟར་འགྱུར་བ་དེ་བསྟན་པར་བྱ་བའི་ཕྱིར། ཇི་སྐད་བཤད་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་སྐད་བཤད་པ་ཞེས་པ་ནི་སྔར་བསྟན་པའི་ཕན་ཡོན་དང་ལྡན་པའོ། །ཕ་རོལ་ཏུ་ཕྱིན་པའི་རྣམ་པར་དབྱེ་བ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པའི་རང་ བཞིན་ཉིད་ཀྱིས་སྦྱིན་པ་ཙམ་ལ་ཐ་དད་དུ་དབྱེ་བའོ། །འཇིག་རྟེན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པ་དང་། འཇིག་རྟེན་པའི་ཕ་རོལ་ཏུ་ཕྱིན་པའི་དབྱེ་བའོ། །དེ་ཉིད་རྩ་བས་བསྟན་པར་བྱ་བའི་ཕྱིར། སྦྱིན་པ་སྦྱིན་བྱ་བ་ལ་སོགས་པ་ལ། སྦྱིན་པ་སྦྱིན་པར་བྱ་བ་དང་། ལེན་པ་པོ་དང་། གཏོང་བ་ པོ་དང་། གཏོང་བ་པོས་གཏོང་བ་དང་། འཇིག་རྟེན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱའོ། །ད་ནི་ཕ་རོལ་ཏུ་ཕྱིན་པ་སྦྱིན་པའི་སྒྲའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཞེས་བྱ་བ་ནི་ཕ་རོལ་དང་། ཕྱིན་པའི་ཚིག་གཉིས་ལས་སོ། །ཚིག་ཕྱི་མ་ཡོད་ ན་མི་མངོན་པར་མི་བྱའོ་ཞེས་བྱ་བ་ནི་རྒྱ་གར་སྐད་ལ་པ་ར་ཞེས་བྱ་བ་དང་། ཨི་ཏ་ཞེས་པའི་ཚིག་ཡོད་ལ། དེ་ལ་ཚིག་གཉིས་སྡུད་པར་བྱེད་པའི་དུས་སུ་པ་ར་ལ་གཉིས་པའི་གཅིག་པའི་ཚིག་ཨམ་བྱིན་ལ། ཨ་ཏའི་ཕྱིས། དང་པོའི་ཚིག་ཏུ་བྱིན་ལ། པ་ར་མ་ཨི་ཏ་པ་ར་མི་ཏ་ཞེས་ཚིག་བསྡུ་བར་བྱ་བ་ན། ཨམ་དང་སུ་མངོན་པར་འགྱུར་བ་ཡིན་པས་འདིར་ཚིག་ཕྱི་མ་ཡོད་ན་མི་མངོན་པར་མི་བྱ་བའི་སྒྲའི་རྩ་བ་ཚིག་གིས་སུ་མི་མངོན་པར་བྱས་ནས་ཨམ་མི་མངོན་པར་བྱས་པ་ཡིན་ནོ། །མཚན་ཉིད་འདི་ལས་ཀྱི་རྣམ་པར་དབྱེ་བ་ཞེས་བྱ་བ་ནི་གཉིས་པའི་ཚིག་ཨམ་མོ། །གཟུགས་སུ་གྱུར་པ་ཞེས་བྱ་བ་ནི་པ་ར་མི་ ཏ་ཞེས་བྱ་བའི་སྒྲའི་རང་བཞིན་དུ་འགྱུར་བའོ། །པྲེ་ཥོ་ད་ར་ལ་སོགས་པ་ཡིན་པའི་ཕྱིར་མའི་མཐའ་ཅན་ཉིད་དུ་གཞག་གོ་ཞེས་བྱ་བ་ནི་པྲེ་ཥོ་ད་ར་ལ་སོགས་པའི་ཚིག་གི་ནང་ན་པ་རམ་ཞེས་བྱ་བའི་ཚིག་མའི་མཐའ་ཅན་ཏེ། པ་རམ་ཞེས་བརྗོད་པ་ཡིན་པས་མི་མངོན་པར་མི་བྱའོ་ཞེས་པའོ། །ཤེས་རབ་གཟུང་ ནས་བྱེ་བྲག་ཏུ་བསྟན་པ་ཡིན་ཏེ་ཞེས་བྱ་བ་ནི། མི་དམིགས་པ་གསུམ་གྱི་རང་བཞིན་ཅན་ཤེས་རབ་ལ་བརྟེན་ནས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བྱེ་བྲག་ཏུ་བཤད་པ་ཡིན་ནོ། །གང་གི་ཚེ་ཤེས་རབ་ཀྱིས་གཟུང་བར་མ་གྱུར་ཅིང་། འོན་ཀྱང་དམིགས་པ་གསུམ་དང་ལྡན་པ་ལ་སོགས་པ་ལ་ཕ་རོལ་ཏུ་ ཕྱིན་པར་ཇི་ལྟར་བརྗོད་ཅེ་ན། ལན་ནི། སྦྱིན་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྱིན་པ་ལ་སོགས་པ་དམིགས་པ་དང་བཅས་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ཀྱང་ཕ་རོལ་ཏུ་འགྲོ་བར་ངེས་པར་གཞག་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དང་འདྲ་བས་ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་པ་ཡིན་ནོ། ། དེ་ཉིད་བསྟན་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསོད་ནམས་འདིས་སངས་རྒྱས་ཉིད་ཐོབ་ནས་འགྲོ་བ་རྣམས་འཁོར་བའི་སྡུག་བསྔལ་ལས་བསྒྲལ་བར་བྱའོ་ཞེས་ཡོངས་སུ་བསྔོ་བའི་ཁྱད་པར་གྱིས་ཕ་རོལ་ཏུ་འགྲོ་བར་ངེས་པར་གཞག་པའི་ཕ་རོལ་ཏུ་ཕྱིན་པའི་ མིང་ཐོབ་པ་ཡིན་ནོ་ཞེས་པའི་དོན་ཏོ། །ཚུལ་ཁྲིམས་ལས་ཞེས་བྱ་བ་ལ་སོགས་པ་ནི་ཇི་ལྟར་སྦྱིན་པ་མི་དམིགས་པས་ཟིན་པ་གཙོ་བོའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་ལ། དམིགས་པ་དང་བཅས་པ་ཉེ་བར་བཏགས་ནས་ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་པ་དེ་བཞིན་དུ་ཚུལ་ཁྲིམས་ལ་སོགས་པ་ཡང་ ཡིན་ནོ་ཞེས་པའི་དོན་ཏོ། །མི་དམིགས་པས་ཟིན་པའི་སྦྱིན་པ་ལ་སོགས་པ་ནི་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད་པ་འབའ་ཞིག་ཏུ་མ་ཟད་ཀྱི། འཇིག་རྟེན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་ཀྱང་བསྟན་པར་བྱ་བའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཉིད་ཀྱི་རྒྱུ་མཚན་བསྟན་པར་ བྱ་བའི་ཕྱིར། འཇིག་རྟེན་ལས་འདས་པའི་ཕྱིར་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དམིགས་པ་དང་བཅས་པའི་འཇིག་རྟེན་པ་ཡིན་པའི་ཕྱིར་དམིགས་པ་མེད་པ་འཇིག་རྟེན་ལས་འདས་པའོ་ཞེས་པའི་དོན་ཏོ། །གང་སྦྱིན་པ་ལ་སོགས་པ་ཤེས་རབ་ཀྱིས་མ་ཟིན་པ་དེ་དམིགས་པ་དང་བཅས་པའི་ཕྱིར་ འཇིག་རྟེན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནི་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པ་གཏོང་བ་ཉིད་དོ། །བྱང་ཆུབ་སེམས་དཔའི་གནས་སྐབས་མ་ཐོབ་པ་དག་གིས་ཞེས་བྱ་བ་ནི་ས་དང་པོ་མ་ཐོབ་པའོ། །ལྷག་མ་གོ་སླའོ། །ད་ནི་ཇི་སྐད་བརྗོད་པའི་ཞེས་བྱ་བ་ལ་སོགས་ པས་ནི་ཚིགས་སུ་བཅད་པའི་འབྲེལ་པ་སྟོན་པ་ཡིན་ནོ། །རྒྱལ་བའི་སྲས་ཀྱི་ཡིད་ལ་རབ་གནས་ཤིང་། །ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ལ་རབ་ཏུ་གནས་པའོ། །ཡིད་དང་གཉིས་སུ་མེད་པའི་ཡེ་ཤེས་ཐ་མི་དད་དུ་ཟིན་ཀྱང་ཐ་དད་པར་བརྟགས་ ནས་བརྗོད་པ་ཡིན་ནོ། །དམ་པའི་རྟེན་ལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་སེམས་ལའོ། །དེའི་སྟོབས་ཀྱིས་འདོད་ཆགས་པ་སྟེ། ཉོན་མོངས་པའི་དྲི་མ་བསལ་བས་སོ། །མཛེས་པ་ནི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །དགའ་བ་འདི་ནི་ཞེས་བྱ་བ་ནི་དགའ་བར་བྱེད་པས་ནའོ། །ནོར་བུ་ཆུ་ ཤེལ་བཞིན་དུ་ཞེས་བྱ་བ་ནི་དེ་ཡང་རྟེན་ཟླ་བའི་སྟོབས་ཀྱིས་འོད་ཆགས་པ་མཛེས་པས་མུན་པ་སྟུག་པོ་སེལ་བ་བཞིན་ནོ་ཞེས་པའི་དོན་ཏོ། །རྒྱལ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ཕམ་པར་བྱས་ནས་གནས་སོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར། མུན་པ་སྟུག་པོ་ཐམས་ཅད་རྣམ་པར་བསལ་ཏེ་ཞེས་ བྱ་བ་སྨོས་ཏེ། ཉོན་མོངས་པ་རྣམས་དེ་ཁོ་ན་ཉིད་མཐོང་བ་ལ་གེགས་བྱེད་པའི་ཕྱིར་མུན་པའི་རང་བཞིན་ཅན་ཡིན་པས་སོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། དེ་ལྟར་གྱི་སྒྲ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་སྐད་བཤད་པའི་རྣམ་པ་བསྟན་པར་བྱ་བའི་ཕྱིར་རོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་ དཔའ་དེ་ནི་དགའ་བ་མཆོག་ཏུ་འགྱུར་འཆང་ཞིང་། །ཞེས་བྱ་བ་ཇི་སྐད་བཤད་པའི་རྣམ་པ་དེ་ལྟ་བུའོ། །ལྷག་མ་གོ་སླའོ། །དབུ་མ་ལ་འཇུག་པའི་འགྲེལ་པ་ལེའུ་དང་པོའི་བཤད་པ་རྫོགས་སོ།། །།ལེའུ་གཉིས་པའི་འགྲེལ་པ་བསྟན་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་ཞེས་བྱ་ བ་ལ་སོགས་པ་སྨོས་ཏེ། དེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའོ། །ཚུལ་ཁྲིམས་ཕུན་ཚོགས་ཡོན་ཏན་དག་ལྡན་ཕྱིར། །ཞེས་བྱ་བ་ནི་འགྲེལ་པས་འཆད་པར་འགྱུར་རོ། །རྨི་ལམ་དུ་ཡང་ཞེས་བྱ་བ་ལ། ཡང་གི་སྒྲས་ནི་སད་པའི་གནས་སྐབས་ན་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་དོན་ཏོ། །ཚུལ་ཁྲིམས་ དྲི་མ་སྤངས་ཞེས་བྱ་བ་ནི་འཆལ་པའི་ཚུལ་ཁྲིམས་ནི་མི་དགེ་བ་བཅུའི་ལས་ཀྱི་ལམ་ཡིན་ལ། དེ་ཉིད་དྲི་མ་སྟེ་ལུས་ལ་སོགས་པ་མི་གཙང་བར་བྱེད་པའི་ཕྱིར་རོ། །དེ་སྤངས་པ་ནི་དེ་དང་བྲལ་ལོ་ཞེས་པའི་དོན་ཏོ། །སེམས་བསྐྱེད་པ་གཉིས་པ་ལ་སོགས་པ་རྣམས་ཀྱི་དབྱེ་བ་ཇི་ལྟར་ཡིན་པ་དེ་ལྟར་བསྟན་ པར་བྱ་བའི་ཕྱིར། ས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་པའི་ཁྱད་པར་ཐམས་ཅད་ནི་རང་བཞིན་གཅིག་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་གཉིས་སུ་མེད་པ་ཤེས་པའི་རང་བཞིན་ཉིད་དུ་ཁྱད་པར་མེད་པའི་ཕྱིར་རོ། །དེ་མེད་ན་མི་འབྱུང་བའི་ཡོན་ཏན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕུལ་དུ་བྱུང་བ་ཉིད་ ལས་ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་མེད་ན་མི་འབྱུང་བའི་ཡོན་ཏན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཕུལ་དུ་བྱུང་བ་ཉིད་ལས་སེམས་བསྐྱེད་པ་གཉིས་པ་ལ་སོགས་པའི་སའི་དབྱེ་བར་བྱེད་པ་ཡིན་གྱི། ངོ་བོའི་སྒོ་ནས་ནི་མ་ཡིན་ནོ། །དེ་ལ་ཚུལ་ཁྲིམས་ཀྱི་མཚན་ཉིད་དང་རབ་ཏུ་དབྱེ་བ་ནི་ སྔར་ཊཱི་ཀཱ་ལས་བསྟན་ཟིན་ཏོ། །ད་ནི་ཚུལ་ཁྲིམས་ཀྱི་ངེས་ཚིག་བསྟན་པར་བྱ་བའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉོན་མོངས་པ་དང་དུ་མི་ལེན་པའི་ཕྱིར་དང་ཞེས་བྱ་བ་ནི། མི་དགེ་བའི་རྒྱུར་གྱུར་པའི་ཉོན་མོངས་པའི་སེམས་ཀྱིས་དང་དུ་མི་ལེན་པའི་ཕྱིར་རོ། །སྡིག་པ་མི་འབྱུང་བའི་ཕྱིར་ ཞེས་བྱ་བ་ནི་རྒྱུ་མེད་ན་འབྲས་བུ་མེད་པའི་ཕྱིར་རོ། །སེམས་ལ་ཡིད་གཅགས་པའི་མི་ཞི་བས་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པ་ལ་འཇུག་པས་ཡིད་གཅགས་པ་འབྱུང་བ་ཡིན་ལ། དེ་མེད་པས་བསིལ་བའི་ཚུལ་ཁྲིམས་ཉིད་དོ། །ངེས་ཚིག་གཉིས་པ་བསྟན་པར་བྱ་བའི་ཕྱིར། བདེ་བའི་རྒྱུ་ཞེས་ བྱ་བ་ལ་སོགས་པ་སྨོས་ཏེ། བདེ་བའི་རྒྱུ་ནི་བདེ་འགྲོའི་རྒྱུ་ཉིད་ཀྱིས་སོ། །ཡང་ན་ཚུལ་ཁྲིམས་དང་ལྡན་པའི་ལུས་བསྲབས་པར་འགྱུར་ལ། ལུས་བསྲབས་པ་ནི་བདེ་བར་རིག་པར་བྱའོ་ཞེས་གསུངས་པས་ཚུལ་ཁྲིམས་ནི་བདེ་བ་ཉིད་ཀྱི་རྒྱུ་ཡིན་ནོ། །དེས་ན་བདེ་བའི་རྒྱུ་ཉིད་ཡིན་པས་དམ་པ་རྣམས་ཀྱིས་ བརྟེན་པར་བྱ་བ་ཉིད་ཡིན་པའི་ཕྱིར་ཚུལ་ཁྲིམས་སོ། །སྡོམ་པའི་རང་བཞིན་ཅན་གྱི་ཚུལ་ཁྲིམས་ཀྱི་དབྱེ་བ་བསྟན་པར་བྱ་བའི་ཕྱིར། དེ་ཡང་སྤོང་བ་བདུན་གྱི་མཚན་ཉིད་ཅན་ནོ་ཞེས་བྱ་བ་སྨོས་ཏེ། དེ་ལ་སྤོང་བ་བདུན་ནི་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་ པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ངག་རྩུབ་པོ་དང་། ངག་འཁྱལ་པ་སྤོང་བའོ། །དེ་ལ་སྲོག་ཆགས་གཞན་གསོད་པ་ནི་སྲོག་གཅོད་པ་སྟེ། སྲོག་ཆགས་ཡིན་པ་དང་། སྲོག་ཆགས་སུ་འདུ་ཤེས་པ་དང་། གསོད་པར་འདོད་པ་དང་། ཉེ་བར་རྩོམ་པ་དང་། དངོས་སུ་གསོད་པ་སྟེ། ཡན་ལག་ལྔ་དང་ལྡན་པའོ། །དེ་ལ་གང་གསོད་པར་འདོད་པ་དེ་བསད་ན་ཡིན་གྱི་གཞན་ནི་མ་ཡིན་ནོ། །དེ་ཡང་སྦྱོར་བ་དེས་དེ་མ་ཐག་ཏུའམ། ཕྱིས་ཤི་བར་གྱུར་ན་སྲོག་གཅོད་པར་འགྱུར་རོ། །དེ་སྤོང་བ་ནི་སྲོག་གཅོད་པ་སྤོང་བའོ། །མ་བྱིན་པར་ལེན་པ་ནི་ནོར་གྱི་བདག་པོ་ གཞན་ལ་དངོས་སུ་སྟོབས་ཀྱིས་སམ། དངོས་སུ་མ་ཡིན་པ་རྐུ་བའི་སྒོ་ནས་ནོར་ལེན་པ་ནི་མ་བྱིན་པར་ལེན་པ་སྟེ། གཞན་གྱི་ཡིན་པ་དང་། གཞན་གྱི་ཡིན་པར་འདུ་ཤེས་པ་དང་། ལེན་པར་འདོད་པ་དང་། ཉེ་བར་རྩོམ་པ་དང་། དངོས་སུ་ལེན་པ་ཉིད་ནི་ཡན་ལག་ལྔའོ། །གལ་ཏེ་ གང་ལེན་པར་འདོད་པ་དེ་ཉིད་བླངས་ན་དེའི་ཚེ་མ་བྱིན་པར་བླངས་པ་ཡིན་ལ། དེ་སྤོང་བ་ནི་མ་བྱིན་པར་ལེན་པ་ལས་ལྡོག་པ་ཡིན་ནོ། །འདོད་པ་ལས་ལོག་པར་སྤྱོད་པ་ནི་བགྲོད་པར་བྱ་བ་མ་ཡིན་པ་དང་། ཡན་ལག་མ་ཡིན་པ་དང་། ཡུལ་མ་ཡིན་པ་དང་། དུས་མ་ཡིན་པར་འགྲོ་བ་ནི་འདོད་ པ་ལས་ལོག་པར་སྤྱོད་པ་སྟེ། བགྲོད་པར་བྱ་བ་མ་ཡིན་པ་དང་། བགྲོད་པར་བྱ་བ་མ་ཡིན་པར་འདུ་ཤེས་པ་དང་། མངོན་པར་འགྲོ་བར་འདོད་པ་དང་། ཉེ་བར་རྩོམ་པ་དང་། དངོས་སུ་སྤྱོད་པ་ནི་ཡན་ལག་ལྔའོ། །དེ་ལ་རང་གི་ཆུང་མ་དང་སྨད་འཚོང་མ་དག་ནི་བགྲོད་པར་བྱ་བ་སྟེ། དེའི་ཆེད་དུ་ཡོངས་སུ་གཟུང་བའི་ཕྱིར་རོ། །དེ་ལས་གཞན་པ་ནི་བགྲོད་པར་བྱ་བ་མ་ཡིན་པའོ། །དེ་ཡང་རྣམ་པ་གསུམ་སྟེ། རང་བཞིན་གྱིས་བགྲོད་པར་བྱ་བ་མ་ཡིན་པ་དང་། གཞན་གྱིས་བདག་ཏུ་བཟུང་བས་བགྲོད་པར་བྱ་བ་མ་ཡིན་པ་དང་། བགྲོད་པར་བྱ་བ་མ་ཡིན་པ་ཙམ་མོ། །དེ་ལ་ རང་བཞིན་གྱིས་བགྲོད་པར་བྱ་བ་མ་ཡིན་པ་ནི་མའམ། སྲིང་མོའམ། བུ་མོའམ། ཕ་དང་། མ་དང་འབྲེལ་བ་གང་ཡིན་པ་སྟེ། ངོ་ཚ་བ་ཉིད་ཀྱི་སྒོ་ནས་ཡོངས་སུ་དོར་བར་བྱ་བ་ཡིན་པའི་ཕྱིར་དང་། བུད་མེད་རབ་ཏུ་བྱུང་བ་ཡང་ཡིན་ཏེ། འཇིག་རྟེན་པའི་ཆོས་ལས་ཡང་དག་པར་འདས་པའི་ ཕྱིར་རོ། །དེ་ལས་གཞན་པ་རྣམས་ནི་གཞན་གྱིས་བདག་ཏུ་བཟུང་བའི་བགྲོད་པར་བྱ་བ་མ་ཡིན་པའོ། །དེ་ཡང་དངོས་སུ་བླང་བ་དང་། བདག་ཏུ་བཟུང་བ་དང་། གཞན་གྱིས་ནོར་བྱིན་པའི་སྤྲུལ་འཚོང་མའོ། །དུད་འགྲོར་གཏོགས་པ་རྣམས་དང་། རིགས་བསྲུང་བ་རྣམས་ནི་རང་བཞིན་ གྱིས་དམན་པའི་ཕྱིར་དང་། སྤྱོད་པ་མ་ཡིན་པའི་ཕྱིར་བགྲོད་པར་བྱ་བ་མ་ཡིན་པ་ཙམ་མོ། །གལ་ཏེ་གང་བགྲོད་པར་བྱ་བ་མ་ཡིན་པ་ཉིད་ལ་བགྲོད་ན་དེའི་ཚེ་འདོད་པས་ལོག་པར་སྤྱོད་པའོ། །ཡན་ལག་མ་ཡིན་པར་འགྲོ་བ་ནི་འཁྲིག་པའི་ཡན་ལག་ནི་བུད་མེད་ཀྱི་དབང་པོ་ཡིན་ལ། ཡན་ལག་མ་ ཡིན་པ་ནི་ཁ་དང་བཤང་ལམ་སྟེ། དེར་སྤྱོད་པའོ། །ཡུལ་མ་ཡིན་པར་འགྲོ་བ་ནི་རང་གི་ཆུང་མ་ཡིན་ཡང་གང་གི་ཚེ་ཡུལ་མ་ཡིན་པ་དང་། མཆོད་རྟེན་དང་། ལྷ་ཁང་དང་། སྣང་བའི་སར་བྱེད་ན་ཡུལ་མ་ཡིན་པར་འགྲོ་བའི་འདོད་པས་ལོག་པར་སྤྱོད་པ་ཡིན་ནོ། །དུས་མ་ཡིན་པ་ནི་སྤྱོད་པར་མི་ འོས་པའི་གནས་སྐབས་ཏེ། ཤིན་ཏུ་སྦྲུམ་མའི་གནས་སྐབས་དང་། བཙས་ནས་ཡུན་རིང་པོ་མ་ལོན་པ་དང་། འཁྲིག་པ་སྤངས་པའི་དུས་ན་རང་གི་ཆུང་མའི་ཐད་དུ་འགྲོ་ན་ཡང་དུས་མ་ཡིན་པའི་འདོད་པས་ལོག་པར་སྤྱོད་པ་ཡིན་ནོ། །མི་འདོད་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་ བའི་གནས་སྐབས་དང་། ཟླ་མཚན་འཛག་པའི་གནས་སྐབས་ནི་དུས་མ་ཡིན་པ་ཙམ་མོ། །དེ་ལྟ་བུ་འདོད་པས་ལོག་པར་སྤྱོད་པ་རྣམ་པ་བཞི་ལས་ལྡོག་པའི་འདོད་པས་ལོག་པར་སྤྱོད་པ་སྤོང་བའོ། །རྣམ་པ་དེ་གསུམ་ནི་ལུས་ཀྱི་ལས་ཀྱི་ལམ་མོ། །བརྫུན་དུ་སྨྲ་བ་ནི་ལུས་དང་ངག་དག་གིས་འདུ་ ཤེས་གཞན་གྱི་སྒོ་ནས་བརྗོད་པར་འདོད་པའི་དོན་སྟོན་པར་བྱེད་པའོ། །དངོས་པོ་གཞན་ཡིན་པ་དང་། འདུ་ཤེས་དང་། གཞན་དུ་བརྗོད་པར་འདོད་པ་དང་། ཉེ་བར་རྩོམ་པ་དང་། གསལ་བར་བརྗོད་པ་སྟེ། ཡན་ལག་ལྔའོ། །དེ་ལས་གཞན་དུ་བརྗོད་པར་འདོད་པ་ནི་སླུ་བར་སེམས་ པའོ། །ཉེ་བར་རྩོམ་པ་ནི་བརྗོད་པར་འདོད་པའོ། །གལ་ཏེ་གང་ལ་བརྗོད་པ་དེས་ངག་དེ་ལས་དོན་གོ་བར་གྱུར་ན་དེ་ལྟར་བརྫུན་དུ་གྱུར་པ་ཡིན་གྱི། གཞན་དུ་ངག་འཁྱལ་བར་འགྱུར་བ་ཡིན་ཏེ། ཉོན་མོངས་པ་ཅན་ཡིན་པའི་ཕྱིར་རོ། །དེ་ལས་ལྡོག་པ་ནི་བརྫུན་དུ་སྨྲ་བ་སྤོང་བའོ། །གཞན་མཛའ་ བོ་རྣམས་སམ་མི་མཛའ་བ་རྣམས་དབྱེ་བའི་ཕྱིར་རམ། མི་མཐུན་པར་བྱ་བའི་ཆེད་དུ་འདི་དག་དབྱེ་བར་གྱུར་ཅིག །མཐུན་པར་མ་གྱུར་ཅིག་སྙམ་པའི་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་ཀུན་ནས་བསླང་བའི་ངག་དེ་ནི་ཕྲ་མའོ། །དབྱེ་བར་བྱ་བ་ཡིན་པ་དང་། དེར་འདུ་ཤེས་པ་དང་། དབྱེ་བར་འདོད་པ་ དང་། ཉེ་བར་རྩོམ་པ་དང་། འབྱེད་པ་སྟེ། ཡན་ལག་ལྔའོ། །གལ་ཏེ་གང་ལ་བརྗོད་པ་དེས་དོན་གོ་བ་ཡིན་ན་ཕྲ་མ་ཡིན་གྱི། གཞན་དུ་ངག་འཁྱལ་པ་ཡིན་ནོ། །དེ་ལས་ལོག་པ་ནི་ཕྲ་མ་སྤོང་བའོ། །ཚིག་རྩུབ་མོ་ནི་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་གཞན་ལ་ཁ་ ཟེར་བ་དང་། སྐྱོན་གསལ་བར་བྱེད་པའོ། །ཚིག་རྩུབ་མོ་སྨྲ་བར་བྱ་བ་ཡིན་པ་དང་། དེར་འདུ་ཤེས་པ་དང་། སེམས་རྩུབ་པ་དང་། ཉེ་བར་རྩོམ་པ་དང་། མི་འདོད་པ་བརྗོད་པ་སྟེ། ཡན་ལག་ལྔའོ། །དེ་ཡང་དོན་གོ་ན་ཚིག་རྩུབ་མོ་ཡིན་གྱི། གཞན་དུ་ངག་འཁྱལ་པ་ཡིན་ཏེ། ཉོན་ མོངས་པ་ཅན་ཡིན་པའི་ཕྱིར་རོ། །དེ་ལས་ལྡོག་པ་ནི་ཚིག་རྩུབ་མོ་སྤོང་བའོ། །ངག་འཁྱལ་པ་ནི་བརྫུན་དུ་སྨྲ་བ་ལ་སོགས་པའི་ལས་གསུམ་ལས་གཞན་པའི་ཉོན་མོངས་པ་ཅན་གྱི་ཚིག་གང་ཡིན་པ་སྟེ། འདོད་ཆགས་དང་བཅས་པ་དང་། ཆོས་མ་ཡིན་པ་དང་ལྡན་པ་དང་། བྱིས་པ་རྣམས་ ལ་གཙེ་བའི་ཚིག་གམ། ཚོགས་ནས་གཏམ་བྱེད་པའམ། སྨྲེ་སྔགས་འདོན་པའམ། གླུ་ལ་སོགས་པའམ། གར་མཁན་ལ་སོགས་པའི་ཚིག་དང་། བསྟན་བཅོས་ངན་པ་སྟེ། ངག་ལས་འདི་རྣམས་ཐམས་ཅད་ནི་ངག་འཁྱལ་པའོ། །དོན་བཟང་པོ་དང་། མི་ལྡན་པའི་ཚིག་ ཡིན་པ་དང་། དེར་འདུ་ཤེས་པ་དང་། ཉོན་མོངས་པ་ཅན་གྱི་སེམས་དང་། ཉེ་བར་རྩོམ་པ་དང་། ངག་ཀྱལ་པ་བརྗོད་པ་སྟེ། ཡན་ལག་ལྔའོ། །དེ་ལས་ལྡོག་པ་ངག་ཀྱལ་པ་སྤོང་བའོ། །དེ་དག་ནི་ངག་གི་ལས་ཀྱི་ལམ་བཞིའོ། །ཆོས་གསུམ་པོ་ཞེས་བྱ་བ་ལ་སོགས་པ་ལ་མ་ ཆགས་པ་དང་ཞེས་བྱ་བ་ནི་ཆགས་པ་ནི་བརྣབ་སེམས་ཏེ། གཞན་རྣམས་ཀྱི་ཡིན་པ་དེའི་ཡིན་པར་གྱུར་ཅིག་སྙམ་པའི་གཞན་གྱིས་བཟུང་བའི་ནོར་རམ་ལོངས་སྤྱོད་དམ་བུད་མེད་ལ་མངོན་པར་འདོད་པ་དང་། ལེན་པར་ངེས་པའོ། །གཞན་གྱི་ནོར་ཡིན་པ་དང་། དེར་འདུ་ཤེས་པ་དང་། དེ་འདོད་ པ་དང་། བླང་བའི་སེམས་དང་། ལེན་པར་ངེས་པ་སྟེ། ཡན་ལག་ལྔའོ། །དེ་དག་ལས་ལྡོག་པ་ནི་མ་ཆགས་པའོ། །ཞེ་སྡང་མེད་པ་དང་ཞེས་པ་ནི་ཞེ་སྡང་ནི་གནོད་སེམས་ཏེ། སེམས་ཅན་གཞན་འདི་རྣམས་ལ་བརྡེག་པར་བྱའོ་སྙམ་པ་ལ་སོགས་པའི་ཉེ་བར་འཚེ་བའི་རྣམ་པས་འཇུག་པའོ། ། སྡང་བར་བྱ་བ་ཡིན་པ་དང་། དེར་འདུ་ཤེས་པ་དང་། སེམས་རྩུབ་པ་དང་། ངེས་པར་སྡང་བ་དང་། ཞེ་སྡང་སྟེ། ཡན་ལག་ལྔའོ། །དེ་ལས་ལྡོག་པ་ནི་ཞེ་སྡང་མེད་པའོ། །ཡང་དག་པའི་ལྟ་བ་ཞེས་བྱ་བ་ནི་ལོག་པའི་ལྟ་བ་ལས་བཟློག་པའོ། །དེ་ལས་ལོག་པའི་ལྟ་བ་ནི་རྒྱུ་དང་འབྲས་བུ་ དང་། བྱ་བ་ལ་སྐུར་པ་འདེབས་པའོ། །སྐུར་པ་གདབ་པར་བྱ་བ་ཡིན་པ་དང་། དེར་འདུ་ཤེས་པ་དང་། སྐུར་པ་འདེབས་པར་འདོད་པ་དང་། སྐུར་པ་འདེབས་པར་ངེས་པ་དང་། སྐུར་པ་འདེབས་པ་སྟེ། ཡན་ལག་ལྔའོ། །དགེ་བའི་རྩ་བ་ཀུན་ཏུ་གཅོད་པ་མི་དགེ་བའི་རྩ་བ་ལ་ འཇུག་ཅིང་། དགེ་བའི་རྩ་བ་ལ་མི་འཇུག་པའི་ཉོན་མོངས་པ་ཅན་གྱི་ཤེས་རབ་དེ་ནི་ལོག་པར་ལྟ་བ་ཞེས་བྱའོ། །དེ་ལས་གཞན་པ་རྣམས་ནི་ལོག་པའི་རྣམ་པར་རྟོག་པ་ཞེས་བྱ་སྟེ། དེས་དགེ་བའི་རྩ་བ་ཀུན་ཏུ་གཅོད་པ་མ་ཡིན་པའི་ཕྱིར་རོ། །དེ་དག་ཀུན་ནས་སློང་བར་བྱེད་པ་ཡིན་ཏེ་ཞེས་ བྱ་བ་ནི་སྤོང་བ་བདུན་གྱིས་ཀུན་ནས་སློང་བར་བྱེད་པའོ། །འདིའི་དོན་ནི་འདི་ཡིན་ཏེ། སྲོག་གཅོད་པ་ལ་སོགས་པ་ནི་ཞེ་སྡང་ངམ། གཏི་མུག་གིས་ཀུན་ནས་སློང་བར་བྱེད་ལ། དེ་རྣམས་སྤོང་བ་ནི་མ་ཆགས་པ་ལ་སོགས་པས་ཀུན་ནས་སློང་བར་བྱེད་པ་ཡིན་ནོ་ཞེས་པའོ། །ཀུན་ནས་སློང་བར་བྱེད་ པ་དང་བཅས་པའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ནས་ཞེས་བྱ་བ་ནི་མ་ཆགས་པ་ལ་སོགས་པ་དང་བཅས་པའི་སྤོང་བ་བདུན་གྱི་མཚན་ཉིད་ཅན་ཚུལ་ཁྲིམས་ཀྱི་གནས་སྐབས་ཀྱི་དབང་དུ་བྱས་ནས་སོ། །ཡོན་ཏན་རྣམས་ཞེས་བྱ་བ་ནི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་སོ། །དག་པ་ནི་འཆལ་བའི་ ཚུལ་ཁྲིམས་ཀྱི་དྲི་མ་ཀུན་ཏུ་སྤྱོད་པ་མེད་པའོ། །རང་གི་ཡོན་ཏན་ཡོངས་སུ་དག་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ། ཚུལ་ཁྲིམས་ཀྱི་རང་གི་ཡོན་ཏན་ནི་དགེ་བ་བཅུའི་ལས་ཀྱི་ལམ་ཡིན་ལ། དེ་རྣམས་ཡོངས་སུ་དག་པ་ཉིད་ཀྱི་ཕྱིར་རོ། །ཚུལ་ཁྲིམས་ཁྱད་པར་དུ་འཕགས་པ་ཡིན་ཏེ། ཚུལ་ཁྲིམས་ དེའི་རང་བཞིན་ཡིན་པས་སོ། །ལུས་ངག་ཡིད་ཀྱི་རྒྱུ་བ་དག་གྱུར་པས། །ཞེས་བྱ་བ་ནི་དྲི་མ་མེད་པའི་ལུས་དང་། ངག་དང་། ཡིད་ཀྱི་བྱ་བའོ། །དམ་པའི་ལས་ལམ་ཞེས་བྱ་བ་ནི་དགེ་བའི་ལས་ཀྱི་ལམ་ཞེས་བྱའོ། །འཛེམ་པ་དང་ལྡན་ཞིང་ཞེས་བྱ་བ་ནི་ངོ་ཚ་དང་ལྡན་པའོ། །སྙིང་རྗེ་ལ་ཞུགས་པས་ ཞེས་བྱ་བའི་བཤད་པ་ནི་དེ་སྲོག་ཆགས་འབྱུང་པོ་ཐམས་ཅད་ལ་ཕན་པ་དང་། བདེ་བའི་སྒོ་ནས་སྙིང་བརྩེ་བ་དང་ཞེས་པའོ། །དེ་ལ་སྲོག་ཆགས་འབྱུང་པོ་ནི་སྲོག་ཆགས་སུ་གྱུར་པའི་འབྱུང་པོ་རྣམས་སོ། །ཕན་པ་ནི་དུས་གཞན་དུ་བདེ་བའོ། །བདེ་བ་ནི་ཚེ་འདི་ལའོ། ། དེ་དག་གི་སྒོ་ནས་ཐུགས་བརྩེ་བའོ། །བྱམས་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཙམ་གྱིས་ཀྱང་ཞེས་བྱ་བ་གནོད་སེམས་ཙམ་གྱི་སྒོ་ནས་ཀྱང་ངོ་། །ལུས་ཀྱིས་ཐོ་འཚམས་པ་ཆེན་པོ་བྱ་བ་ལྟ་ཅི་སྨོས་ཞེས་བྱ་བ་ནི་བོང་བ་དང་། དབྱུག་པ་དང་། མཚོན་ཆ་ལ་སོགས་པ་བསྣུན་པའི་མཚན་ཉིད་ཅན་ གྱིས་སོ། །འཚོ་བའི་ཡོ་བྱད་ཅེས་བྱ་བ་ནི་གོས་དང་བཟའ་བ་དང་བཏུང་བ་ལ་སོགས་པའོ། །དེ་གཞན་གྱིས་བཟུང་བའི་བུད་མེད་དང་ཞེས་བྱ་བ་ནི་གཞན་གྱིས་བདག་ཏུ་བཟུང་བའི་བུད་མེད་དོ། །གཞན་གྱི་ཆུང་མ་དང་ཞེས་བྱ་བ་ནི་དངོས་སུ་ཆུང་མར་བླངས་པའོ། །རིགས་དང་། རྟགས་ དང་། ཆོས་ཀྱིས་བསྲུངས་པ་རྣམས་ལ་ཞེས་བྱ་བ་ལ་རིགས་ཀྱིས་བསྲུངས་པ་ནི་གཞོན་ནུ་མ་ལ་སོགས་པའོ། །རྟགས་ཀྱིས་བསྲུངས་པ་ནི་ཆོས་གོས་ཀྱི་རྟགས་ཀྱིས་བསྲུངས་པ་དགེ་སློང་མ་ལ་སོགས་པའོ། །ཆོས་ཀྱིས་བསྲུངས་པ་ནི་བསྙེན་གནས་ཀྱི་སྡོམ་པ་ལ་གནས་པའོ། །ཡན་ ལག་མ་ཡིན་པའི་རྣམ་པར་རིག་བྱེད་དམ་ཞེས་བྱ་བ་ནི་ཁ་ལ་སོགས་པར་ལོག་པར་སྤྱོད་པའོ། །བདེན་པར་སྨྲ་ཞིང་ཞེས་བྱ་བ་ནི་གཞན་ལ་ངེས་པར་ཕན་པ་ཉིད་སྨྲ་བ་སྟེ། གཞན་ལ་ངེས་པར་ཕན་པ་བདེན་ཞེས་པའི་ཚིག་གིས་སོ། །དུས་སུ་སྨྲ་བ་སྟེ་ཞེས་བྱ་བ་ནི་དུས་གང་དུ་གང་སྨྲ་བར་འོས་པ་ དེ་སྨྲ་ཞིང་གཞན་དུ་མི་སྨྲའོ། །ཚོད་དུ་སྨྲ་བ་དང་ཞེས་བྱ་བ་ནི་ཚོད་ཟིན་པ་ཉིད་དུ་སྨྲ་བའོ། །ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པའོ་ཞེས་བྱ་བ་ནི་གང་སྨྲ་བ་དེ་ལས་ཀྱིས་སྒྲུབ་པར་བྱེད་པའོ། །དེ་ཐ་ན་ཞེས་བྱ་བ་ནི་སྲོག་གི་ཕྱིར་ན་ཡང་ངོ་། །རྨི་ལམ་ན་ཡང་ཞེས་བྱ་བ་ནི་རྨི་ལམ་གྱི་གནས་སྐབས་ན་ཡང་ངོ་། ། ལྟ་བ་དང་ཞེས་བྱ་བ་ནི་མིག་གིས་བལྟས་ནས་དེ་མི་བདེན་པ་ལ་མི་བདེན་པ་ཉིད་དུ་མཐོང་ནས་ཞེས་པའི་དོན་ཏོ། །བཟོད་པ་དང་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པས་བསམས་ནས་ཞེས་པའི་དོན་ཏོ། །འདོད་པ་དང་ཞེས་བྱ་བ་ནི་མངོན་པར་འདོད་པ་བསྐྱེད་ནས་སོ། །རབ་ཏུ་རྟོགས་པ་དང་ཞེས་བྱ་བ་ ནི་ཤེས་རབ་ཀྱིས་ཡོངས་སུ་ཤེས་པར་བྱས་ནས་སོ། །བསྒྱུར་ཏེ་ཞེས་བྱ་བ་ནི་རབ་ཏུ་འཇུག་པར་བྱས་ཏེ་ཞེས་པའོ། །བསླུ་བའི་བསམ་པས་ཞེས་བྱ་བ་ནི་བསླུ་བར་འདོད་པས་སོ། །སད་པའི་གནས་སྐབས་ན་སེམས་སྔོན་དུ་བཏང་ནས་སོ། །དབྱེན་མི་བྱེད་ཅིང་རྣམ་པར་མི་འཚེ་བ་ལ་ ཞུགས་པས་ཞེས་བྱ་བ་ལ། འདི་དག་རྟག་ཏུ་མཐུན་པར་གྱུར་ཅིག །མི་མཐུན་པར་མ་གྱུར་ཅིག་སྙམ་པ་ནི་དབྱེན་མི་བྱེད་པ་ལ་ཞུགས་པའོ། །འདི་དག་བྱེད་པར་འགྱུར་བ་ལ་ལུས་དང་། ངག་དག་གིས་རིམ་པ་བཞིན་དུ་ཐལ་ལྕག་ལ་སོགས་པ་དང་། གནད་དུ་ཕོག་པའི་མཚན་ ཉིད་ཅན་གྱི་རྣམ་པར་འཚེ་བ་མེད་པར་གྱུར་ཅིག་སྙམ་པ་ནི་རྣམ་པར་མི་འཚེ་བ་ལ་ཞུགས་པའོ། །ཚུ་གི་ལས་ཞེས་བྱ་བ་ནི་འདི་ལས་སོ། །ཕ་གིར་བསྙོད་པ་མ་ཡིན་ཞེས་བྱ་བ་ནི་གཞན་ལ་མི་སྨྲ་བའོ། །བྱེ་བ་རྣམས་ལ་ཡང་མི་གནོད་དེ་ཞེས་བྱ་བ་ནི་མཐུན་པར་མི་བྱེད་ཅིང་མི་བརྗོད་པའོ། །མི་ འདུམ་པ་ལ་དགའ་ཞིང་མི་འདུམ་པ་ལ་མོས་པ་ཞེས་བྱ་བ་ནི་གཞན་མི་འདུམ་པས་ཡིད་བདེ་ཞིང་རྒྱུན་དུ་ཡིད་བདེ་བ་སྐྱེད་པར་བྱེད་པའོ། །དེ་ཉིད་ཀྱི་ཕྱིར་བདེན་ནམ་བརྫུན་ཡང་མི་འདུམ་པར་བྱ་བའི་ཚིག་མི་སྨྲའོ། །ཞེར་འདེབས་པ་དང་ཞེས་བྱ་བ་ནི་དགེ་བའི་རྩ་བ་ཉམས་པར་བྱེད་པའོ། །བརླང་ བ་དང་ཞེས་བྱ་བ་ནི་མི་བཟོད་པ་བརྗོད་པའོ། །རྩུབ་པ་དང་ཞེས་བྱ་བ་ནི་དོན་རྟོགས་པས་དགའ་བ་སྐྱེད་པར་མི་བྱེད་པའོ། །གཞན་ལ་གནོད་པ་དང་ཞེས་བྱ་བ་ནི་ཚིག་གི་བྱེ་བྲག་འབྱེད་པར་དཀའ་བས་སོ། །གཞན་གྱི་མཚང་འབྲུ་བ་ཞེས་བྱ་བ་ནི་གཞན་གྱི་སྐྱོན་བརྗོད་པའོ། །གྲོང་མིའི་ཚིག་དང་ཞེས་བྱ་ བ་ནི་སྐབས་སུ་མ་བབ་པ་བརྗོད་པའོ། །མ་རབས་ཀྱི་ཚིག་གི་ངོར་བརྗོད་པ་དང་ཞེས་བྱ་བ་ནི་མངོན་སུམ་དུ་སྨྲ་བའོ། །ངོར་བརྗོད་པ་གཞོལ་བ་དང་ཞེས་བྱ་བ་ནི་ཤུགས་ཀྱིས་ངོར་བརྗོད་པ་ལྟ་བུར་འགྱུར་བའོ། །གཟུངས་སུ་གཟུང་བ་དང་ཞེས་བྱ་བ་ནི་རྒོལ་བ་པོ་གཞན་གྱིས་གཅོད་པར་ནུས་པའོ། ། རྣར་མི་སྙན་པ་དང་ཞེས་བྱ་བ་ནི་ཚིག་མི་སྙན་པ་ཉིད་ཀྱིས་སོ། །ཁྲོ་ཞིང་གཤེ་བ་ལས་བྱུང་བ་དང་ཞེས་བྱ་བ་ནི་ཁྲོ་བ་དང་གཤེ་བས་བསྐྱེད་པའི་ཕྱིར་རོ། །མི་སྙན་པ་དང་ཡིད་དུ་མི་འོང་བས་སྙིང་ན་བར་བྱེད་པ་དང་ཞེས་བྱ་བ་ལ། སྒྲའི་སྒོ་ནས་མི་སྙན་པ་ཡིན་ལ། དོན་གྱི་སྒོ་ནས་ཡིད་དུ་མི་འོང་བ་སྟེ། དེས་སྙིང་ན་བར་བྱེད་པའོ། །ཡིད་གདུང་བར་བྱེད་པ་དང་ཞེས་བྱ་བ་ནི་སྙིང་ཆེས་ན་བར་བྱེད་པའོ། །རང་གི་སེམས་ཀྱི་རྒྱུད་དང་། གཞན་གྱི་སེམས་ཀྱི་རྒྱུད་མ་རུངས་པར་བྱེད་པའི་ཚིག་ཅེས་བྱ་བ་ནི་རང་དང་གཞན་ངན་སོང་དུ་འགྲོ་བའི་རྒྱུའི་ཚིག་གོ། །དེ་ལྟ་བུ་མི་སྨྲ་བའོ། །གང་འདི་ མཉེན་པ་དང་ཞེས་བྱ་བ་ནི་སེམས་ཅན་གྱི་ཁམས་རྣམས་དགེ་བའི་རྩ་བ་ལ་ཉེ་བར་སྟོན་པར་བྱེད་པའོ། །འཇམ་པ་དང་ཞེས་བྱ་བ་ནི་མཐོང་བའི་ཆོས་ལ་བདེ་བར་རེག་པའོ། །ཡིད་དུ་འོང་བ་ཞེས་བྱ་བ་ནི་བཟང་པོ་དང་ལྡན་པའི་ཕྱིར་རོ། །དགའ་བར་བྱེད་པ་དང་ཞེས་བྱ་བ་ནི་ཚིག་འབྲུ་བཟང་པོ་ཡིན་པས་སོ། ། བརྫུན་པ་མ་ཡིན་པ་དང་ཞེས་བྱ་བ་ནི་ཕ་རོལ་གྱི་རྒོལ་བ་པོ་ཐམས་ཅད་ཀྱིས་གཅོད་པར་མི་ནུས་པས་སོ། །རྣར་སྙན་པ་དང་ཞེས་བྱ་བ་ནི་ཚིག་མཛེས་པས་སོ། །སྙིང་དུ་སྡུག་པ་དང་ཞེས་བྱ་བ་ནི་གདུལ་བྱ་དང་རྗེས་སུ་མཐུན་པར་འཇུག་པའི་ཕྱིར་རོ། །གྲོང་ཁྱེར་ལ་ཞེས་བྱ་བ་ནི་འཁོར་ཐམས་ཅད་ཀྱིས་ཐོས་པར་ བྱེད་པའོ། །སྐྱེ་བོ་མང་པོའི་སྙིང་དུ་སྡུག་པ་དང་ཞེས་བྱ་བ་ལ་སོགས་པ་ནི་ཐོས་པ་དང་། བསམ་པ་དང་། བསྒོམ་པ་དང་། མཐར་ཐུག་པའི་གནས་སྐབས་ན་དགའ་བར་བྱེད་པས་སོ། །རང་གི་སེམས་ཀྱི་རྒྱུད་དང་གཞན་གྱི་སེམས་ཀྱི་རྒྱུད་དང་བར་བྱེད་པའི་ཚིག་ཅེས་བྱ་བ་ནི་རང་དང་གཞན་དག་གི་མངོན་ པར་མཐོ་བ་དང་། ངེས་པར་ལེགས་པའི་རྒྱུ་ཡིན་པའི་ཕྱིར་རོ། །ལན་ལྡོན་པའི་ཚིག་དང་ཞེས་བྱ་བ་ནི་དེའི་ངག་ཐམས་ཅད་ཀྱིས་གུས་པར་ལེན་པའོ། །དུས་སུ་སྨྲ་བ་དང་ཞེས་བྱ་བ་ནི་དུས་ལ་བབ་ན་སྨྲ་བའོ། །ཡང་དག་པར་སྨྲ་བ་ཞེས་བྱ་བ་ནི་བདེན་པར་སྨྲ་བའོ། །བདེན་པར་སྨྲ་བ་ཡིན་ཀྱང་གང་ དོགས་པ་མེད་པ་དེ་མི་སྨྲ་བ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། དོན་སྨྲ་བ་དང་ཞེས་བྱ་བ་སྨོས་སོ། །དོན་དང་བཅས་པར་སྨྲར་ཟིན་ཀྱང་འཇིག་རྟེན་པའི་དོགས་པ་དང་བཅས་པའི་དོན་སྨྲ་བ་ཡོད་པས་དེའི་ཕྱིར། ཆོས་སྨྲ་བ་དང་ཞེས་བྱ་བ་སྨོས་སོ། །མུ་སྟེགས་པ་ཐམས་ཅད་ཀྱང་ཁོ་བོ་ཅག་ནི་ཆོས་སྨྲ་བ་པོ་ཡིན་ ནོ་སྙམ་དུ་ཞེན་པ་ཡིན་པས་དེའི་ཕྱིར། རིགས་པར་སྨྲ་བ་དང་ཞེས་བྱ་བ་སྨོས་སོ། །ཆོས་སུ་སྨྲ་བ་དེ་ཡང་ང་རྒྱལ་གྱིས་སྨྲ་བ་ཡོད་པས་དེའི་ཕྱིར། དུལ་བར་སྨྲ་བ་དང་ཞེས་བྱ་བ་སྨོས་སོ། །གཟོབ་པ་དང་ལྡན་པ་དང་ཞེས་བྱ་བ་ནི་གང་དག་དྲི་བ་པོ་དང་ཉེ་བ་ན་སྨྲ་བའོ། །དུས་དང་རྨེང་དང་བཅས་པའི་ཚིག་ཅེས་ བྱ་བ་ནི་སེམས་རྩེ་གཅིག་པས་བརྗོད་པ་གང་ཡིན་པའོ། །དེ་ཐ་ན་བཞད་གད་བྱས་པའི་ཞེས་བྱ་བ་ནི་གཞན་ལ་ཅོ་འདྲི་བའོ། །གཞན་གྱི་ལོངས་སྤྱོད་དང་ཞེས་བྱ་བ་ནི་ཁ་ཟས་ལ་སོགས་པའོ། །གཞན་གྱི་ནོར་དང་ཞེས་བྱ་བ་ནི་གསེར་ལ་སོགས་པའོ། །ཡོ་བྱད་ཅེས་བྱ་བ་ནི་མལ་སྟན་ལ་སོགས་ པའོ། །ཡང་ན་ནོར་དང་ཡོ་བྱད་ནི་ལོངས་སྤྱོད་ཀྱི་བཤད་པའོ། །མངོན་པར་འདོད་པ་ཙམ་ཡང་མི་བསྐྱེད་ཅིང་དོན་དུ་ཡང་མི་གཉེར་ལ་མི་སྨོན་ཏེ། ཆགས་པའི་སེམས་ཀྱང་མི་སྐྱེད་དོ་ཞེས་བྱ་བ་ནི་ཆགས་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་དང་། ཆེན་པོའི་ཆེན་པོའི་དབྱེ་བ་བྱས་ནས་ བརྗོད་པ་ཡིན་ནོ། །བྱམས་པའི་སེམས་དང་ཞེས་བྱ་བ་ནི་ཚེ་འདི་ལ་བདེ་བ་དང་ལྡན་པར་འདོད་པའི་རྣམ་པ་ཅན་ནོ། །སྙིང་རྗེའི་སེམས་དང་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཅན་ནོ། འཇམ་པའི་སེམས་དང་ཞེས་བྱ་བ་ནི་བདེ་བ་དང་ལྡན་པ་དང་མི་ འབྲལ་བར་འདོད་པའི་རྣམ་པ་ཅན་ནོ། །སྐྱེ་བོ་ཐམས་ཅད་ལ་ཕན་གདགས་པའི་སེམས་དང་ལྡན་པ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཉོན་མོངས་པ་རྣམས་ལ་བཏང་སྙོམས་སུ་གྱུར་ཅིག་སྙམ་པའི་རྣམ་པ་ཅན་ནོ། །ཁྲོ་བ་དང་ཞེས་བྱ་བ་ནི་གནོད་པའི་རྒྱུར་གྱུར་པ་ཉེ་བར་གནས་ན་ཞེ་སྡང་གི་ཆ་ ཤས་ཅན་སེམས་འཁྲུག་པ་དབྱུག་པ་དང་མཚོན་ཆ་ལ་སོགས་འཛིན་པར་བྱེད་པའི་ལས་ཅན་ནོ། །ཁོན་དུ་འཛིན་པ་དང་ཞེས་བྱ་བ་ནི་དེའི་ཕྱིར་ཞེ་སྡང་གི་ཆ་ཤས་ཅན་འགལ་བའི་རྒྱུན་དེ་ཉིད་མི་གཏོང་བ་སྟེ། གནོད་པར་བྱས་པ་མི་བཟོད་པའི་ལས་ཅན་ནོ། །ཐ་བ་ནི་འདོད་ཆགས་ལ་སོགས་ པ་གསུམ་སྟེ། གང་གིས་ཐར་པ་ཐོབ་པའི་དོན་དུ་སེམས་བསྐྱེད་པ་ལས་སུ་མི་རུང་བར་བྱེད་པའོ། །དེ་ཉིད་ཀྱི་ཕྱིར་གཉེན་པོ་ཐོང་གཤོལ་གྱིས་རྨོ་བར་དཀའ་བས་ཐ་བ་ཞེས་བྱ་སྟེ། སྐྱེ་བ་གཞན་དུ་གོམས་པའི་སྟོབས་ཀྱིས་ཐ་བར་གྱུར་པའི་ཕྱིར་རོ། །དྲི་མ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ སྟེ། འཆལ་བའི་ཚུལ་ཁྲིམས་མི་གཙང་བ་འབྱུང་བའི་རྒྱུར་གྱུར་པའི་ཕྱིར་རོ། །གནོད་སེམས་ནི་ཞེ་སྡང་སྟེ། བརྡེག་གོ་བསད་དོ་སྙམ་པའི་རྣམ་པ་ཅན་ནོ། །ཡོངས་སུ་གདུང་བ་དང་ཞེས་བྱ་བ་ནི་ཡོངས་སུ་གདུང་བ་ཡང་གསུམ་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གོ། །གང་གི་ ཕྱིར་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་བརྟེན་ནས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འབྱུང་ལ། དེས་ལུས་དང་སེམས་གདུང་བར་བྱེད་པས་སོ། །འཁྲུག་པ་དང་ཞེས་བྱ་བ་ནི་དེ་རྣམས་ཀྱིས་སེམས་འཁྲུག་པར་བྱེད་པས་སོ། །ཁོང་ཁྲོ་བ་ཞེས་བྱ་བ་ནི་སེམས་རྩུབ་ པའོ། །དེ་དག་ལ་རྟོག་པ་ཡིན་ནོ་ཞེས་བྱ་བ་ནི་དེ་དག་ཡང་ནས་ཡང་དུ་ཡིད་ལ་བྱེད་པའོ། །ཡང་དག་པའི་ལམ་ལ་གནས་ཤིང་ཞེས་བྱ་བ་ནི་ཡང་དག་པའི་ལྟ་བ་ཉིད་བདེ་འགྲོའི་ལམ་ཡིན་པས་ཡང་དག་པའི་ལམ་ཡིན་ལ། དེ་ལ་གནས་པའོ། །དགེ་མཚན་དང་ཞེས་བྱ་བ་ནི་རྩིས་བྱེད་པ་སྟེ། དེས་ མ་འོངས་པ་ཡོངས་སུ་ཤེས་པའི་ཕྱིར་རོ། །བཀྲ་ཤིས་ཞེས་བྱ་བ་ནི་ལམ་དུ་འཇུག་པ་ལ་སོགས་པ་མཚན་མ་བཟང་པོ་ལྟ་བ་གང་ཡིན་པའོ། །ངང་ཚུལ་ངན་པའི་ལྟ་བ་སྣ་ཚོགས་དང་བྲལ་བ་ཡིན་ཏེ་ཞེས་བྱ་བ་ནི་མུ་སྟེགས་པའི་བསྟན་བཅོས་ལས་བསྟན་པའི་ལྟ་བ་སྣ་ཚོགས་པ་སྟེ། དེ་དང་བྲལ་བའོ། ། ལྟ་བ་དྲང་ཞེས་བྱ་བའི་བཤད་པ་ནི་གཡོ་མེད་པ་ལ་སྒྱུ་མེད་པས་ཞེས་བྱ་བ་སྟེ། དེ་ལ་གཡོ་ནི་རྙེད་པ་དང་བཀུར་སྟི་ལ་ཞེན་ཅིང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཆ་དང་ལྡན་པར་རང་གི་ཡོན་ཏན་ཇི་ལྟ་བ་བཞིན་དུ་མི་སྟོན་པར་ཡང་དག་པར་གདམས་ངག་སྟེར་བ་ལ་གེགས་བྱེད་པ་གང་ཡིན་པའོ། །དེ་དང་བྲལ་ བ་ནི་གཡོ་མེད་པའོ། །སྒྱུ་ནི་རྙེད་པ་དང་བཀུར་སྟི་ལ་ཞེན་ཅིང་འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་གི་ཆ་དང་ལྡན་པ་ཡང་དག་པ་མ་ཡིན་པའི་ཡོན་ཏན་སྟོན་པར་བྱེད་པ་ལོག་པར་འཚོ་བའི་རྟེན་བྱེད་པའི་ལས་ཅན་ནོ། །བསམ་པ་ངེས་པ་ཡིན་ནོ་ཞེས་བྱ་བ་ནི་དཀོན་མཆོག་གསུམ་ཡོད་པ་ལ་ སོགས་པར་ངེས་པར་ལྟ་བའོ། །དེ་ལྟར་ན་ཞེས་བྱ་བ་ནི་སྔར་བསྟན་པའི་ཚུལ་གྱིས་སོ། །སེམས་དང་པོ་བསྐྱེད་པའི་ཞེས་བྱ་བ་ནི་ས་དང་པོའི་གནས་སྐབས་ནའོ། །དེ་ལ་བཀླགས་ཏེ་ཤིན་ཏུ་དག་པར་འགྱུར། །ཞེས་བྱ་བ་ནི་གཏན་དུ་རྒྱུན་མི་ཆད་པར་མ་ཉམས་པ་ལ་སོགས་པའི་ཚུལ་ཁྲིམས་མི་ དམིགས་པས་ཀུན་ཏུ་སྤྱོད་པའི་ཕྱིར་རོ། །དེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའོ། །དེ་དག་གི་ཞེས་བྱ་བ་ནི་ལས་ཀྱི་ལམ་རྣམས་སོ། །སྟོན་ཀའི་ཟླ་བ་ལྟར་ཞེས་བྱ་བ་ནི་ཇི་ལྟར་སྟོན་ཀའི་ཟླ་བ་ཞི་བ་དང་འོད་ཆགས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ངོ་། །དེ་ལ་ཟླ་བའི་ཞེས་བྱ་བ་ནི་གདུང་ བ་དང་བྲལ་བའོ། །དེ་ལྟར་ཚུལ་ཁྲིམས་ཡོངས་སུ་དག་ཏུ་ཟིན་ཀྱང་གལ་ཏེ་ཚུལ་ཁྲིམས་ཀྱི་དོན་ལ་མངོན་པར་ཞེན་པ་ཡོད་པར་གྱུར་ན་ཚུལ་ཁྲིམས་ཡོངས་སུ་དག་པ་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཚུལ་ཁྲིམས་དང་ལྡན་པ་ཡིན་ཏེ་ཞེས་ བྱ་བ་ནི་ཚུལ་ཁྲིམས་བླངས་པ་གང་ཡིན་པ་དེ་རྗེས་སུ་བསྲུང་བ་ལ་བརྟེན་ནས་སོ། །སོ་སོར་ཐར་པའི་སྡོམ་པས་བསྡམས་ཤིང་གནས་ཞེས་བྱ་བ་ནི་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ནས་བརྗོད་པ་སྟེ། དེས་འཁོར་བ་ལ་ངེས་པར་འབྱུང་བའི་ཕྱིར་རོ། །ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ ཚོགས་པ་ཞེས་བྱ་བ་ནི་གཤེ་བ་མེད་པའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ནས་བརྗོད་པ་ཡིན་ནོ། །དེ་ལ་ཆོ་ག་ཕུན་སུམ་ཚོགས་པ་ནི་དམ་པ་རྣམས་ཀྱི་སྤྱོད་ལམ་ལ་སོགས་པ་རྣམས་ལ་མི་གནོད་པའི་ཕྱིར་རོ། །ཕུན་སུམ་ཚོགས་པ་ནི་སྤྱོད་ཡུལ་མ་ཡིན་པ་ལྔ་ལས་འདས་པའི་ཕྱིར་རོ། །དེ་ལ་སྤྱོད་ ཡུལ་མ་ཡིན་པ་ལྔ་ནི་སྲོག་ཆགས་གསོད་པའི་ས་ཕྱོགས་དང་། སྨད་འཚོང་མའི་ཁང་ཁྱིམ་དང་། ཆང་འཚོང་མའི་ཁང་པ་དང་། རྒྱལ་པོའི་ཕོ་བྲང་དང་། རིགས་ངན་གྱི་ཁང་པའོ། །དེ་རྣམས་སུ་མི་འགྲོ་བའོ། །ཁ་ན་མ་ཐོ་བ་ཕྲ་བ་རྣམས་ལ་ཡང་འཇིགས་པར་ལྟ་ཞེས་བྱ་བ་ནི་ཤིན་ཏུ་གུས་པའི་ སྒོ་ནས་ཚུལ་ཁྲིམས་ལ་སློབ་པ་ཡིན་པའི་ཕྱིར་ཏེ། རང་བཞིན་གྱིས་ཁ་ན་མ་ཐོ་བ་བཞིན་དུ་བཅས་པའི་ཁ་ན་མ་ཐོ་བ་ཡང་ཤིན་ཏུ་གུས་པས་སློབ་པའི་ཕྱིར་རོ། །ཡང་དག་པར་བླངས་ཏེ་བསླབ་པའི་གཞི་རྣམས་ལ་སློབ་ཅིང་ཞེས་བྱ་བ་ནི་ཀུན་ནས་ཡོངས་སུ་རྫོགས་པར་བསླབ་པའི་གཞི་རྣམས་ལ་སློབ་ པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། ལུས་དང་ངག་དང་ཞེས་བྱ་བ་ལ་སོགས་པས་ཀྱང་གོ་བར་སྨོས་སོ། །འཚོ་བ་ཡོངས་སུ་དག་ཀྱང་ཞེས་བྱ་བ་ནི་ཚུལ་འཆོས་པ་ལ་སོགས་པ་དང་བྲལ་བའི་ཕྱིར་རོ། །བདག་ཏུ་སྨྲ་བ་ཡིན་ཏེ་ཞེས་བྱ་བ་ནི་བདག་ཡོད་དོ་ཞེས་སྨྲ་བའོ། །ཚུལ་ཁྲིམས་འཆལ་པ་ཞེས་བྱ་བའི་ བཤད་པ་ནི་ཚུལ་ཁྲིམས་དང་ལྡན་པ་ལྟར་བཅོས་པ་ཞེས་བྱའོ། །སྦྱངས་པའི་ཡོན་ཏན་བཅུ་གཉིས་ཡང་དག་པར་བླངས་ཀྱང་ཞེས་བྱ་བ་དེ་ལ་སྦྱངས་པའི་ཡོན་ཏན་བཅུ་གཉིས་ནི་བསོད་སྙོམས་པ་དང་། སྟན་གཅིག་པ་དང་། ཁ་ཟས་ཕྱིས་མི་ལེན་པ་དང་། ཆོས་གོས་གསུམ་པ་དང་། ཕྱིང་བ་ཅན་དང་། ཕྱག་དར་ཁྲོད་པ་དང་། དགོན་པ་པ་དང་། ཤིང་དྲུང་པ་དང་། བླ་གབ་མེད་པ་དང་། དུར་ཁྲོད་པ་དང་། ཙོག་པུ་པ་དང་། གཞི་ཇི་བཞིན་པའོ། །དེ་ལ་བསོད་སྙོམས་པ་ནི་འདྲིས་པ་དང་མ་འདྲིས་པའི་རིགས་རྣམས་ལས་བསོད་སྙོམས་རྙེད་པ་ཟ་བའོ། །སྟན་གཅིག་ པ་ནི་སྟན་གཅིག་ལ་འདུག་ནས་ཅི་ཙམ་ཟ་བར་བྱེད་པ་དེ་ཟ་བ་སྟེ། སྟན་དེ་ལས་ཀྱང་ལངས་ནས་མི་ཟ་བའོ། །ཕྱིས་མི་ལེན་པ་ནི་སྟན་ལ་འདུག་སྟེ་ཅི་ཙམ་ཟ་བར་ནུས་པ་དེ་ཙམ་བྱིན་ལེན་བྱས་ནས་ཟའི་བྱིན་ལེན་མ་བྱས་པར་མི་ཟ་བའོ། །ཆོས་གོས་གསུམ་པ་ནི་སྣམ་སྦྱར་དང་། སྟོད་གཡོགས་དང་སྨད་གཡོགས་ ཏེ། ཆོས་གོས་གསུམ་པོ་རྣམས་སྐྱོང་བའོ། །ཆོས་གོས་གསུམ་ལས་ལྷག་པའི་གོས་མི་འཛིན་པའོ། །ཞེས་པའོ། །ཕྱིང་བ་ཅན་ནི་གང་ཆོས་གོས་གསུམ་མམ་དེ་ལས་ལྷག་པའི་གོས་ཐམས་ཅད་ནི་བལ་གྱི་འཆང་གི་དེ་ལས་གཞན་པ་ནི་མ་ཡིན་ནོ། །ཕྱག་དར་ཁྲོད་པ་ནི་གཞན་དག་གིས་ལམ་ལ་ སོགས་པར་དོར་བ་བཤང་གཅི་དང་། རྣག་ཁྲག་དང་། མཆིལ་མ་རྣམས་ཀྱིས་གོས་པ་དེའི་མི་གཙང་བ་དེ་བསལ་ནས་སྙིང་པོ་བླངས་ཏེ་བཀྲུས་ནས་ཁ་དོག་བསྒྱུར་ཏེ་ཆོས་གོས་བྱས་ནས་འཆང་བ་གང་ཡིན་པའོ། །དགོན་པ་པ་ནི་གྲོང་དང་གྲོང་ཁྱེར་ལས་ཐག་རིང་བའི་དགོན་པ་དང་། ནགས་ཀྱི་ནང་དུ་ གནས་ཤིང་ཉལ་བ་ལ་སོགས་པ་བྱེད་པ་གང་ཡིན་པའོ། །ཤིང་དྲུང་བ་ནི་ཤིང་གི་རྩ་བར་གནས་ཤིང་འདུག་པའོ། །བླ་གབ་མེད་པ་ནི་སྟེང་གཡོགས་མེད་པའི་གནས་སོ། །དུར་ཁྲོད་པ་ནི་གང་དུ་མི་རོའི་ཚོགས་སྐྱེལ་བ་དེར་གནས་འཆའ་བའོ། །ཅོག་པུ་ནི་ཁྲིའུ་འམ་རྩྭ་ཤིང་གི་སྟན་ལ་འདུག་ནས་དུས་ འདའ་བར་བྱེད་པ་སྟེ། རྩྭ་ཤིང་གི་ཕུང་པོའམ་རྩིག་པའམ་ཀ་བ་ལ་སོགས་པ་ལ་མི་སྙེས་པའོ། །གཞི་ཇི་བཞིན་པ་ནི་རྩྭའི་སྟན་བཏིང་བའམ་ཤིང་ལོའི་སྟན་ལ་ཉལ་བ་ཡིན་ལ། དེ་ཡང་དང་པོ་ཇི་ལྟར་བཏིང་བ་དེ་ཁོ་ན་ལ་ཉལ་གྱི་ཕྱིས་མི་འཆོས་པའོ། །ཅིའི་ཕྱིར་སྦྱངས་པའི་ཡོན་ཏན་ཞེས་བརྗོད་ཅེ་ན། དཔེར་ན་བལ་ལམ་རས་བལ་གང་གི་ཚེ་མ་བསེད་པ་དེའི་ཚེ་འབྱར་བ་དང་མ་འབྱར་བ་མ་ཡིན་པས་བཀལ་བར་མི་རུང་ལ། བསེད་ན་རུང་བར་འགྱུར་བ་དེ་བཞིན་དུ་བསོད་སྙོམས་དང་། ཆོས་གོས་དང་། མལ་སྟན་ལ་ཆགས་པས་སེམས་ལས་སུ་མི་རུང་བར་འགྱུར་ལ། དེ་སྦྱངས་པའི་ཡོན་ཏན་གྱིས་ ལས་སུ་རུང་བར་འགྱུར་བའི་ཕྱིར་སྦྱངས་པའི་ཡོན་ཏན་ཞེས་བྱའོ། །དམིགས་པར་ལྟ་བ་ཡིན་ཏེ་ཞེས་པའི་བཤད་པ་ནི་ངར་འཛིན་པ་དང་། ང་ཡིར་འཛིན་པ་ལ་གནས་པ་དེ་ནི་ཞེས་པའོ། །དེ་ལ་ངར་འཛིན་པ་ནི་ཁོ་བོ་ནི་ཚུལ་ཁྲིམས་དང་ལྡན་པའོ། །ང་ཡིར་འཛིན་པ་ནི་ཚུལ་ཁྲིམས་འདི་ཁོ་ བོའིའོ། །དེའི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་ཚུལ་ཁྲིམས་ཀྱི་ངོ་བོ་ལ་མངོན་པར་ཞེན་པ་ཡོད་ན་ཚུལ་ཁྲིམས་འཆལ་པ་ཡིན་ལ། ཚུལ་ཁྲིམས་དང་ལྡན་པ་མ་ཡིན་པས་སོ། །དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ལ། སོགས་པའི་སྒྲས་བདེན་པ་དང་། བརྫུན་ པ་དང་། རྟག་པ་དང་། མི་རྟག་པ་ལ་སོགས་པ་བསྡུ་བར་བྱའོ། །དེ་ལས་གཞན་པ་རྣམས་ཀྱིས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ལས་གཞན་པའི་སོ་སོའི་སྐྱེ་བོ་ལ་སོགས་པ་རྣམས་ཀྱིའོ། །ཤིན་ཏུ་ཆེ་བ་ཉིད་དང་ཞེས་བྱ་བ་ནི་མངོན་པར་མཐོ་བའི་རྒྱུ་ཡིན་པའི་ཕྱིར་རོ། །ཡོན་ཏན་ཕུན་ སུམ་ཚོགས་པ་ཐམས་ཅད་ཀྱི་རྟེན་ཉིད་དུ་འགྱུར་བར་བསྟན་པའི་ཕྱིར་ཞེས་བྱ་བ་ནི་བདེ་འགྲོར་སྐྱེས་ན་དད་པ་ལ་སོགས་པའི་ཡོན་ཏན་དུ་མི་སྐྱེ་བའི་ཕྱིར་རོ། །ཚུལ་ཁྲིམས་རྐང་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་ཉིད་རྐང་པ་སྟེ། བདེ་འགྲོར་འགྲོ་བའི་ཐབས་ཡིན་པས་སོ། །ཉམས་པ་ཞེས་བྱ་བ་ནི་སྲོག་ གཅོད་པ་ལ་སོགས་པ་ཆེན་པོ་དང་། འབྲིང་དང་ཆུང་ངུ་ཀུན་ཏུ་སྤྱོད་པས་སོ། །དེ་ཉིད་ལས་ཞེས་བྱ་བ་ནི་སྦྱིན་པ་དེ་ཉིད་ལས་སོ། །སྐྱེད་བཅས་དངོས་འདུ་ཟད་པས་ནའོ་ཞེས་བྱ་བ་ནི་སྦྱིན་པའི་ས་བོན་སྔར་བཏབ་པའི་འབྲས་བུས་ལོངས་སྤྱོད་སྤྱད་པས་དངོས་པོ་ཉམས་པས་སོ། །བྱས་པ་ཆུད་ གསོན་པའི་ཚུལ་ཅན་ཞེས་བྱ་བ་ནི་སྔར་གྱི་ས་བོན་སྐྱེད་དང་བཅས་པ་ལ་ལོངས་སྤྱོད་ཅིང་ས་བོན་མི་འདེབས་པས་སོ། །སྔར་གྱི་ས་བོན་ཙམ་ཡང་ཞེས་པ་ལ། ཡང་གི་སྒྲས་ནི་སྐྱེད་འབའ་ཞིག་ཏུ་མ་ཟད་དེ། ས་བོན་ཀྱང་ངོ་། དངོས་པོ་འདུ་བ་ཡང་ཞེས་བྱ་བ་ནི་རྣོན་པོའོ། །གནས་མ་ཡིན་པར་ཞེས་བྱ་ བ་ནི་ཉི་ཚེ་བའི་སེམས་ཅན་དམྱལ་བ་ལ་སོགས་པའི་འགྲོ་བར་རོ། །སྔ་ན་མེད་པའི་འཕེན་པ་དང་བྲལ་བའི་ཕྱིར་དང་ཞེས་བྱ་བ་ནི་ལོངས་སྤྱོད་ཀྱི་འབྲས་བུ་ཅན་སྦྱིན་པ་མ་བཏང་བའི་ཕྱིར་རོ། །སྔར་འཕངས་པ་མ་ལུས་པར་ཉེ་བར་ལོངས་སྤྱོད་པའི་ཕྱིར་ཞེས་བྱ་བ་ནི་སྔར་སྦྱིན་པ་བཏང་བས་འབྲས་བུ་གར་ འཕངས་པ་དེ་མ་ལུས་པར་ལོངས་སྤྱོད་པ་ཟིན་པར་འགྱུར་རོ། །རང་དབང་འཇུག་ཅིང་ཞེས་བྱ་བ་ནི་ལྷ་དང་མི་དག་རང་དབང་དུ་ཐོས་པ་ལ་སོགས་པ་ལ་འཇུག་པའི་ཕྱིར་རོ། །མཐུན་གནས་པས་ཞེས་བྱ་བ་ནི་རྗེས་སུ་མཐུན་པའི་ཡུལ་ན་གནས་པ་དང་། དགེ་བའི་ བཤེས་གཉེན་དང་ཕྲད་པ་ལ་སོགས་པའི་སྐལ་བ་ཅན་དང་ལྡན་པའོ། །འདི་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོའོ། །བདག་འཛིན་པར་མི་བྱེད་ན་ཞེས་བྱ་བ་ནི་ཚུལ་ཁྲིམས་དང་། དད་པ་དང་། ཐོས་པ་ལ་སོགས་པའི་ཡོན་ཏན་རྣམས་ལ་བདག་ཉིད་གནས་པར་མི་བྱེད་ནའོ། །གཡང་སར་ལྟུང་ བས་ཞེས་བྱ་བ་ནི་དམྱལ་བ་ལ་སོགས་པར་ལྟུང་བའོ། །གཞན་དབང་འཇུག་འགྱུར་བ་ཞེས་བྱ་བ་ནི་མི་དགེ་བའི་ལས་ཀྱི་དབང་དུ་འཇུག་པར་འགྱུར་བས་སོ། །དེ་ལས་ཞེས་བྱ་བ་ནི་ངན་སོང་ལས་སོ། །གང་གིས་ཞེས་བྱ་བ་ནི་ཐབས་སོ། །སློང་བར་འགྱུར་ཞེས་བྱ་བ་ནི་ལྷ་དང་མི་དག་རྙེད་པར་ འགྱུར་ཞེས་པའོ། །དཔའ་བོ་མཐུན་པའི་ཡུལ་ན་གནས་པའི་འཆིང་བ་ལས་གྲོལ་བ་ལྟར་ཞེས་བྱ་བ་ནི་དཔེའོ། །ས་བདེ་ཡངས་ན་གནས་པས་འཆིང་བ་ལས་གྲོལ་བ་ལྟར་རོ། །དེས་ན་ཞེས་བྱ་བ་འདོན་པར་འགྱུར་བ་མེད་པས་སོ། །གནོད་པར་བྱ་བའི་ཕྱིར་ངན་འགྲོ་ཁོ་ནར་ངེས་པར་འགྱུར་རོ་ཞེས་ བྱ་བ་ནི་དགེ་བའི་རྩ་བ་མི་སོགས་པ་དང་། སྡིག་པའི་ལས་སོགས་པར་བྱེད་པས་སོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་གནོད་པར་བྱ་བའི་ཕྱིར་རོ། །རྣམ་པར་སྨིན་པ་གཉིས་ཞེས་བྱ་བ་ནི་རྒྱུ་མཐུན་གྱི་འབྲས་བུ་གཉིས་ཏེ་འོག་ནས་འཆད་པར་འགྱུར་རོ། །གཏམ་ཟད་ནས་ཞེས་བྱ་བ་ནི་གསུངས་པ་གང་ ཡིན་པའོ། །ཚུལ་ཁྲིམས་ཞེས་བྱ་བ་ནི་ཚུལ་ཁྲིམས་དང་ལྡན་པའོ། །རྗེས་འགྲོའི་ཞེས་བྱ་བ་ནི་སྦྱིན་པའི་གཏམ་གྱི་དེ་མ་ཐག་ཏུའོ། །རྒྱལ་བའི་བཤད་པ་ནི་སྡིག་པའི་ཆོས་མཐའ་དག་ཕམ་པར་མཛད་པའི་ཞེས་བྱ་བ་ཡིན་ཏེ། སྡིག་པའི་ཆོས་ཅན་ཉོན་མོངས་པ་ཐམས་ཅད་སྤངས་པའི་ཕྱིར་རོ། ། སྦྱིན་པ་ལ་སོགས་པའི་ཡོན་ཏན་ཆུད་མི་ཟ་བར་བྱ་བའི་ཕྱིར་སྦྱིན་པ་ལ་སོགས་པ་ཉིད་ཡོན་ཏན་ཡིན་ལ། དེ་ཆུད་མི་ཟ་བ་ནི་ཚུལ་ཁྲིམས་ཀྱི་སྟོབས་ཀྱིས་བདེ་འགྲོར་སྐྱེས་ན་སྦྱིན་པའི་འབྲས་བུ་ལོངས་སྤྱོད་པའི་དུས་སུ་ཡང་སྦྱིན་པ་གཏོང་བར་འགྱུར་བས་སོ། །རྒྱུ་དང་འབྲས་བུ་རྒྱུད་པ་ཞེས་བྱ་བ་ལ་སོགས་ པས་ནི་སྦྱིན་པའི་འབྲས་བུ་ལོངས་སྤྱོད་པའི་ཚེ་ཡང་སྦྱིན་པ་གཏོང་བས་འབྲས་བུའི་ཚོགས་ཉེ་བར་འཕེལ་ཞིང་དུས་རིང་པོར་ལོངས་སྤྱོད་པ་པོ་ཉེ་བར་ལོངས་སྤྱོད་པར་འགྱུར་རོ་ཞེས་པའོ། །གསུངས་སྐྱེས་དང་ཞེས་བྱ་བ་ནི་ཉན་ཐོས་རྣམས་ཏེ། གཞན་གྱིས་ཆོས་གསུངས་པ་ལ་བརྟེན་ནས་སྐྱེས་ པའི་ཕྱིར་རོ། །འདི་དག་བརྟེན་པའི་རྒྱུ་ཞེས་བྱ་བ་ནི་ཀུན་ནས་སློང་བའི་སེམས་ཞེས་བྱ་བའི་དོན་ཏོ། །ཤས་ཆེ་བ་ནི་ཞེས་བྱ་བ་ལ་སོགས་པ་ལ་ཀུན་ནས་སློང་བ་དེ་ཆེན་པོ་ཡིན་ན་དམྱལ་བའི་རྒྱུར་འགྱུར་ལ། འབྲིང་གིས་ནི་དུད་འགྲོའི་རྒྱུར་འགྱུར་ཞིང་ཆུང་ངུས་ནི་ཡི་དགས་ཀྱི་འཇིག་རྟེན་གྱི་རྒྱུར་ འགྱུར་རོ་ཞེས་པའོ། །རྣམ་པར་སྨིན་པ་གཉིས་ཞེས་བྱ་བ་ནི་རྒྱུ་མཐུན་གྱི་འབྲས་བུ་ཡིན་ནོ། །ཐུན་མོང་གི་ལོངས་སྤྱོད་དུ་འགྱུར་རོ་ཞེས་བྱ་བ་ན་གཞན་དང་ཐུན་མོང་ཡིན་པའི་ཕྱིར་དབང་མེད་པའོ། །འཁོར་གཡོག་ཡིད་བརྟན་དུ་མི་རུང་བ་ཞེས་བྱ་བ་ནི་དེའི་འཁོར་གཡོག་རྣམས་ཀྱང་ཡིད་ བརྟན་དུ་མི་རུང་བར་འགྱུར་བའོ། །དགྲ་ཟླ་དང་བཅས་པའི་ཆུང་མར་འགྱུར་རོ་ཞེས་བྱ་བ་ནི་དེའི་ཆུང་མ་ཡང་གཞན་གྱི་ཐད་དུ་ཉལ་པོ་བྱེད་པ་ཉིད་དུ་འགྱུར་བའོ། །སྐུར་པ་མང་བ་དང་ཞེས་བྱ་བ་ནི་གཞན་གྱི་སྐྱོན་མང་དུ་བརྗོད་པའོ། །གཡོག་འཁོར་མི་འདུམ་པ་དང་ཞེས་བྱ་བ་ནི་ཕན་ཚུན་བྱེ་བར་ འགྱུར་བའོ། །གཡོག་འཁོར་ངན་པར་འགྱུར་རོ་ཞེས་བྱ་བ་ནི་གཏུམ་པོ་ལ་སོགས་པ་དེའི་འཁོར་དུ་འགྱུར་བའོ། །ཡིད་དུ་མི་འོང་བ་ཐོས་པ་དང་ཞེས་བྱ་བ་ནི་སྟག་དང་། སེང་གེ་དང་། མི་མ་ཡིན་པའི་སྒྲ་ཐོས་པར་འགྱུར་བས་སོ། །འཐབ་མོའི་ཚིག་ཏུ་འགྱུར་བའོ་ཞེས་བྱ་བ་ནི་དུས་ ཐམས་ཅད་དུ་གཞན་དང་འཐབ་མོའི་ཚིག་འབྱུང་བར་འགྱུར་བའོ། །མ་ངེས་པའི་སྤོབས་པར་འགྱུར་བའོ་ཞེས་བྱ་བ་ནི་དེའི་ཚིག་མི་བཙན་པར་འགྱུར་བའོ། །ཆོག་མི་ཤེས་པ་དང་ཞེས་བྱ་བ་ནི་གྱ་ནོམ་པ་མ་ཡིན་པ་དང་། ཆུང་ངུ་རྙེད་པ་ལ་སེམས་ཡོངས་སུ་གདུང་བའོ། །འདོད་པ་ཆེ་ བ་ནི་མ་རྙེད་པའི་དངོས་པོ་གྱ་ནོམ་པ་དང་། མང་དུ་འདོད་པ་གང་ཡིན་པའོ། །ཕན་པ་མི་ཚོལ་བ་དང་ཞེས་བྱ་བ་ནི་གཞན་ལ་ཕན་འདོགས་པའི་བློ་མི་སྐྱེ་བའོ། །གཞན་གྱིས་གནོད་པ་བྱ་བར་འགྱུར་རོ་ཞེས་བྱ་བ་ནི་དེ་ལ་གཞན་རྣམས་ཀྱིས་བརྡེགས་པ་ལ་སོགས་པས་འཚེ་བར་བྱེད་པའོ། ། སྲིད་པའི་རྩེ་མོའི་བར་དུ་ཞེས་བྱ་བ་ལ། བར་གྱི་སྒྲ་ནི་འདོད་པའི་ཁམས་ཀྱི་ལྷ་དྲུག་དང་བསམ་གཏན་བཞི་དང་། གཟུགས་མེད་པ་གསུམ་གཟུང་བར་བྱའོ། །སྐྱེ་བ་ཡོད་པར་འགྱུར་རོ་ཞེས་བྱ་བ་འདིས་ནི་མངོན་པར་མཐོ་བའི་རྒྱུ་ཉིད་དུ་བསྟན་པ་ཡིན་ནོ། །ངེས་པར་ ལེགས་པའི་རྒྱུ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། དེའི་འོག་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་འོག་ཏུ་ཞེས་བྱ་བ་ནི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་པའི་འོག་ཏུའོ། །ཉི་ཚེ་བའི་སེམས་དང་ཞེས་བྱ་བ་ནི་ཆོས་ཀྱི་བདག་མེད་པ་ཡོངས་སུ་ཤེས་པ་མ་རྫོགས་པའི་ཕྱིར་ ཏེ། དེ་ཡང་སྔར་བསྟན་ཟིན་ཏོ། །ཁམས་གསུམ་ལ་སྐྲག་པའི་ཡིད་དང་ཞེས་བྱ་བ་ནི་འདིས་སྙིང་རྗེ་ཆེན་པོ་མེད་པའི་རྒྱུ་བསྟན་པ་ཡིན་ནོ། །གཞན་ལ་ཐོས་པའི་རྗེས་སུ་འགྲོ་ཞེས་བྱ་བའི་བཤད་པ་ནི་སྒྲའི་རྗེས་སུ་འབྲང་བ་ཞེས་བྱ་བའོ། །ཤེས་རབ་ཀྱི་རྣམ་པས་ཞེས་བྱ་བ་ནི་རབ་ཏུ་རྣམ་པར་ འབྱེད་པའི་རང་བཞིན་ཅན་སྟོང་པ་ཉིད་ཀྱི་རྣམ་པ་ཅན་གྱིས་སོ། །དེས་ཡོངས་སུ་བསྒོམས་པ་ནི་ཉེ་བར་མཚོན་པ་གང་ཡིན་པའོ། །ཉན་ཐོས་ཀྱི་ཐེག་པ་ཞེས་བྱ་བ་ནི་འདིར་འདོད་པས་ན་ཐེག་པ་སྟེ། མྱ་ངན་ལས་འདས་པའོ། །གཞན་ལས་ཐོས་པའི་རྗེས་སུ་འགྲོ་སྟེ་ཞེས་བྱ་བའི་ཚིག་ འདིས་རང་སངས་རྒྱས་ལས་ཁྱད་པར་བསྟན་པ་ཡིན་ནོ། །སྙིང་རྗེ་ཆེན་པོ་མེད་པ་དང་ཞེས་བྱ་བའི་ཚིག་འདིས་བྱང་ཆུབ་སེམས་དཔའི་ཐེག་པ་ལས་སོ། །དེའི་འོག་ཏུ་ཞེས་བྱ་བ་ལ་སོགས་པ་ཡོངས་སུ་སྦྱངས་ནས་ཞེས་བྱ་བ་ནི་དེ་ལས་ལྷག་པར་སྦྱངས་པ་སྟེ། གང་གིས་གཟུང་བའི་རྟོག་པ་ སྤོང་བའི་རྒྱུར་འགྱུར་བའོ། །དེ་ལྟ་བུའི་དགེ་བའི་ལས་ཀྱི་ལམ་བཅུ་ཡོངས་སུ་སྦྱངས་ན་རང་སངས་རྒྱས་ཀྱི་ཐེག་པ་འགྲུབ་པར་བྱེད་དོ་ཞ