Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 104

Văn bản gốc(Tây Tạng)

Trang 9 / 24 (50.000 ký tự/trang)
ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅི་ལྟར་
སྐྱེས་བུ་གཞོན་ནུའི་གནས་སྐབས་དོར་ནས་ལང་ཚོ་ལ་བབ་པའི་གནས་སྐབས་ལེན་ཀྱང་གནས་སྐབས་ཅན་སྐྱེས་བུ་གཅིག་ཉིད་ཡིན་ནོ། །དེ་བཞིན་དུ་འདིར་ཡང་ནས་ཀྱི་ས་བོན་གྱི་གནས་སྐབས་དོར་ནས་མྱུ་གུའི་གནས་སྐབས་ལེན་པ་ཡིན་ཀྱང་གནས་སྐབས་ཅན་ནི་གཅིག་ཉིད་ཡིན་ནོ་ཞེ་ན། དེ་ལ་ལན་
ནི། དེ་ལྟར་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་གྱི་བདག་གི་དངོས་པོ་ཞེས་བྱ་བ་ནི་ས་བོན་གྱི་རང་བཞིན་ནོ། །བསལ་ནས་ཞེས་བྱ་བ་ནི་དོར་ནས་སོ། །དེ་ལས་གཞན་ངོ་བོར་གྱུར་ནས་ཞེས་བྱ་བ་ནི་ས་བོན་དེ་ལས་གཞན་པའི་ངོ་བོ་སྟེ་མྱུ་གུའི་ངོ་བོར་གྱུར་ནའོ། །དེའི་ཚེ་ཞེས་བྱ་བ་ནི་གཞན་གྱི་ངོ་བོར་

གྱུར་པའི་ཚེ་ནའོ། །དེའི་ཞེས་བྱ་བ་ནི་མྱུ་གུའིའོ། །དེ་ཉིད་ཅི་ལྟར་འགྱུར་ཞེས་བྱ་བ་ནི་མྱུ་གུ་ས་བོན་ལས་ཐ་མི་དད་པ་ཉིད་དུ་ཅི་ལྟར་འགྱུར། འདིའི་དོན་ནི་འདིར་གནས་སྐབས་སུ་ཡོངས་སུ་བརྟགས་པ་དེ་གནས་སྐབས་ཅན་ལས་ཐ་དད་དམ། འོན་ཏེ་ཐ་མི་དད། རེ་ཞིག་ཐ་དད་པ་ནི་མ་ཡིན་ཏེ། བུམ་པ་དང་
སྣམ་བུ་བཞིན་དུ་དེའི་དེའོ་ཞེས་འབྲེལ་པ་མེད་པར་ཐལ་བར་འགྱུར་བས་སོ། །གལ་ཏེ་བུམ་པ་དང་སྣམ་བུ་དག་ལ་འབྲེལ་པ་མེད་པ་ཡིན་ལ། གནས་སྐབས་དང་གནས་སྐབས་ཅན་ལ་འདུ་བའི་མཚན་ཉིད་ཀྱི་འབྲེལ་པ་ཡོད་པ་ཡིན་ལ། དེས་ན་དེ་དེའི་ངོ་བོ་ཞེས་བརྗོད་པར་རིགས་པ་ཡིན་ནོ་ཞེ་ན། དེ་ལྟ་ན་
ཡང་འབྲེལ་པ་དེ་གནས་སྐབས་དང་གནས་སྐབས་ཅན་ལས་ཐ་དད་དམ། འོན་ཏེ་ཐ་མི་དད། གལ་ཏེ་ཐ་དད་ན་དེའི་ཚེ་གནས་སྐབས་དང་གནས་སྐབས་ཅན་དག་ཕན་ཚུན་མ་འབྲེལ་པ་ཉིད་སྔ་མ་བཞིན་དུ་གནས་པ་ཡིན་ནོ། །གལ་ཏེ་མ་འབྲེལ་པ་དང་། གནས་སྐབས་དང་གནས་སྐབས་ཅན་ལ་འབྲེལ་པ་
བསྒྲུབ་པའི་དོན་དུ་འབྲེལ་པ་གཞན་ཁས་ལེན་ན་ཐུག་པ་མེད་པར་ཐལ་བར་འགྱུར་རོ། །གལ་ཏེ་ཐ་མི་དད་ན་འོ་ན་དད་པ་དང་ཐ་མི་དད་པ་ནི་ཐ་དད་པ་ཡིན་ཏེ། གནས་སྐབས་དང་གནས་སྐབས་ཅན་བཞིན་ནོ་ཞེས་པའི་རིགས་པས་གནས་སྐབས་དང་གནས་སྐབས་ཅན་ལ་འབྲེལ་པ་མེད་པ་དེ་སྔ་མ་བཞིན་དུ་གནས་
པ་ཡིན་ཏེ། འདི་ལྟར་གནས་སྐབས་དང་གནས་སྐབས་ཅན་ཐ་དད་ཅིང་དེ་དག་དང་འབྲེལ་པ་ཐ་མི་དད་པ་ཡིན་པས་ཇི་ལྟར་གནས་སྐབས་དང་གནས་སྐབས་ཅན་གྱི་ངོ་བོ་ཐ་དད་པ་དེ་བཞིན་དུ་འབྲེལ་པ་ཡང་ཐ་དད་པའི་ཕྱིར་ཕན་ཚུན་འབྲེལ་པ་མེད་པ་ཁོ་ན་ཡིན་ནོ། །དེའི་ཕྱིར་གནས་སྐབས་ཅན་ལས་གནས་
སྐབས་ཐ་དད་པ་ཡོད་པ་མ་ཡིན་ནོ། །ཐ་མི་དད་པ་ཡིན་ན་གནས་སྐབས་ཞིག་པས་གནས་སྐབས་ཅན་ཡང་ཞིག་པས་ཅི་ལྟར་ཐ་མི་དད་པར་བརྗོད་ཅེས་པས་སོ། །འདིའི་གཞན་མ་ཡིན་པ་ཉིད་ཅེས་བྱ་བ་ནི་མྱུ་གུའི་ས་བོན་ལས་ཐ་མི་དད་པ་ཉིད་དོ། །ད་ནི་བྱེ་བྲག་པའི་འདོད་པས་རྫས་དང་ཡོན་ཏན་སྨྲ་
བའི་དོགས་པ་བསུ་བར་བྱ་བའི་ཕྱིར། ཅི་སྟེ་ས་བོན་དང་མྱུ་གུ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ་སོགས་པའི་སྒྲས་ནི་སེར་པོ་དང་། སྔོན་པོ་ལ་སོགས་པའི་ཁ་དོག་རྣམས་བསྡུ་བར་བྱའོ། །རྫས་ཐ་མི་དད་དོ་ཞེས་བྱ་བ་ནི་ནས་ཀྱི་རྡུལ་ཕྲ་རབ་རྣམས་ཀྱིས་བརྩམས་པའི་ཆ་ཤས་ཀྱི་བདག་ཉིད་ཅན་གྱི་

རྫས་ཐ་མི་དད་པའོ། །འདིའི་དོན་ནི་དཔེར་ན་བུམ་པ་ལ་སྔོན་པོ་དང་སེར་པོ་ལ་སོགས་པ་ཁ་དོག་ཐ་དད་པ་ཡོད་དུ་ཟིན་ཀྱང་ནུས་པའི་རྫས་གཅིག་ཉིད་ཡིན་ལ། དེ་བཞིན་དུ་འདིར་ཡང་དབྱིབས་ལ་སོགས་པ་ཐ་དད་ཀྱང་རྡུལ་ཕྲ་རབ་ཀྱིས་བརྩམས་པའི་རྫས་ནི་གཅིག་པ་ཡིན་ནོ་
ཞེས་པའོ། །དེ་ལ་ལན་ནི། འདི་ལྟར་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབྱིབས་ལ་སོགས་པའི་རྟེན་ཉིད་དུ་ཞེས་བྱ་བ་ནི་ཅི་ལྟར་བུམ་པ་དང་ས་གཞི་དག་ལས་ཐ་དད་པས་ཐ་དད་དུ་དམིགས་པའི་ཕྱིར་རྟེན་དང་བརྟེན་པ་ཉིད་དུ་རྣམ་གཞག་བྱེད་པ་ཡིན་ལ། དེ་བཞིན་དུ་འདིར་ཡང་
དབྱིབས་དང་རྫས་དག་ཐ་དད་དུ་མི་སྣང་བའི་ཕྱིར་རྫས་ཐ་དད་པ་ཉིད་དུ་རྣམ་གཞག་ཅི་ལྟར་བྱེད་ཅེས་པའོ། །གལ་ཏེ་འདུ་བའི་འབྲེལ་པའི་སྟོབས་ཀྱིས་རྫས་ཐ་དད་པ་ཉིད་དུ་མི་འཛིན་ན་ཞེ་ན། འོ་ན་འདུ་བ་དེ་རྟག་པ་དང་གཅིག་པུ་ཡིན་པས་ས་བོན་གྱི་གནས་སྐབས་ཀྱི་འདུ་བ་གང་ཡིན་པ་དེ་ཉིད་མྱུ་གུའི་
གནས་སྐབས་ན་ཡང་ཡོད་པ་ཡིན་པས་གནས་སྐབས་གཉིས་སུ་གནས་སྐབས་གཉིས་དམིགས་པར་ཐལ་བར་འགྱུར་རོ། །སྐྱོན་གཞན་བསྟན་པར་བྱ་བའི་ཕྱིར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབྱིབས་ཀྱི་རྟེན་ཉིད་དུ་རྫས་མ་བཟུང་བའི་ཕྱིར་དབྱིབས་འབའ་ཞིག་ཡོད་
པ་ཡིན་གྱི་རྫས་ནི་མ་ཡིན་ནོ་ཞེས་གནས་པ་ཡིན་ནོ། །དེས་ན་རྫས་ཐ་མི་དད་པའི་དོན་ནི་ས་བོན་དང་མྱུ་གུ་དག་གི་དབྱིབས་ཐ་མི་དད་པར་བསྟན་པ་ཡིན་ནོ། །དེ་ལ་ཡང་ཅི་ས་བོན་ལས་མྱུ་གུ་ཐ་མི་དད་པ་ཡིན་ནམ། མྱུ་གུ་ལས་ས་བོན་ཐ་མི་དད་པ་ཡིན། གལ་ཏེ་ཕྱོགས་དང་པོ་ལྟར་ན། དེ་ལ་ལན་
ནི་ས་བོན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཕྱོགས་གཉིས་པ་ཁས་ལེན་ན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིའི་དོན་ནི་གལ་ཏེ་ཁྱོད་ཀྱི་འདོད་པས་ས་བོན་ལས་མྱུ་གུ་ཐ་མི་དད་པ་ཡིན་ན་དེའི་ཚེ་མྱུ་གུ་བཟུང་བའི་དུས་སུ་ས་བོན་མི་དམིགས་པ་བཞིན་དུ་མྱུ་གུ་ཡང་མི་དམིགས་པར་
ཐལ་བར་འགྱུར་ཏེ། ས་བོན་ལས་མྱུ་གུ་གཞན་མ་ཡིན་པའི་ཕྱིར་རོ། །གལ་ཏེ་མྱུ་གུ་ལས་ས་བོན་ཐ་མི་དད་ན་དེའི་ཚེ་མྱུ་གུ་བཞིན་དུ་ས་བོན་ཡང་མི་དམིགས་པར་ཐལ་བར་འགྱུར་ཏེ། མྱུ་གུ་ལས་གཞན་མ་ཡིན་པའི་ཕྱིར་རོ་ཞེས་པས་སོ། །དེ་ཡང་ཞེས་བྱ་བ་ནི་ས་བོན་ཀྱང་ངོ་། །དེ་དག་གཅིག་པ་ཞེས་བྱ་བ་ནི་

ས་བོན་དང་མྱུ་གུ་ཐ་མི་དད་པས་སོ། །དེའི་ཕྱིར་ཞེས་བྱ་བ་ནི་སྔར་བསྟན་པའི་སྐྱོན་ཡོད་པས་སོ། །འདི་ནི་ཁས་མི་བླང་ཞེས་བྱ་བ་ནི་གཅིག་པ་ཉིད་དུ་ཁས་མི་བླང་བའོ། །དེ་ལྟར་རང་ལས་སྐྱེ་བར་མི་རིགས་པའི་གནོད་པ་བསྟན་ནས། འཇིག་རྟེན་པའི་གནོད་པ་བསྟན་པར་བྱ་བའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། དེ་ཉིད་རྟོགས་པར་འདོད་པའི་ལུགས་གཞན་དུ་བརྟགས་པའི་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་མངོན་སུམ་དུ་བྱེད་པར་འདོད་པས་ནི་དེ་ཉིད་རྟོགས་པར་འདོད་པ་སྟེ། མུ་སྟེགས་པ་རྣམས་སོ། །དེ་ཉིད་ཀྱི་ཕྱིར། འདོད་པ་ཞེས་བྱ་བ་སྨོས་ཏེ། རྙེད་པ་མ་ཡིན་ནོ་ཞེས་པའོ། །ལུགས་
གཞན་ཞེས་བྱ་བ་ནི་གྲངས་ཅན་པ་ལ་སོགས་པའི་འདོད་པའོ། །དེས་བརྟགས་པ་ནི་བློས་བརྟགས་པ་ཡིན་གྱི་དངོས་པོ་ནི་ཡོད་པ་མ་ཡིན་ནོ་ཞེས་པའོ། །བཟློག་ནས་ཞེས་བྱ་བ་ནི་རིགས་པའི་སྒོ་ནས་སོ། །ལུགས་གཞན་དུ་བློ་མ་སྦྱངས་པའི་འཇིག་རྟེན་གྱི་ཐ་སྙད་དུ་ཡང་ཞེས་བྱ་བ་ནི་གྲུབ་པའི་
མཐའ་ལ་མི་ལྟོས་པའི་ཕྱིར་ལུགས་གཞན་དུ་བློ་སྦྱངས་པ་སྟེ་འཇིག་རྟེན་གྱི་ཐ་སྙད་བརྒྱུད་པས་སྦྱངས་པས་འཇིག་རྟེན་གྱི་བློ་གང་ཡིན་པ་དེའི་ཐ་སྙད་ཀྱིས་སོ། །རྟོག་པ་འདི་ཞེས་བྱ་བ་ནི་རང་ལས་སྐྱེ་བ་གང་ཡིན་པའོ། །འཇིག་རྟེན་པའི་ཚད་མའི་སྐྱེས་བུའི་འདོད་པས་ཀྱང་རང་ལས་སྐྱེ་བར་ནི་མི་འགྲུབ་ལ།
ཐ་མལ་པའི་སྐྱེས་བུ་ནི་འཇིག་རྟེན་ན་ཡང་ཚད་མ་ཉིད་དུ་མི་འདོད་པས་སོ། །དེའི་ཕྱིར་བློ་སྦྱངས་པ་ཞེས་བྱ་བ་སྨོས་པ་ཡིན་ནོ། །རྒྱུ་ཞིག་ན་ཡང་ཞེས་བྱ་བ་ནི་ས་བོན་ཞིག་ཀྱང་ངོ་། །དེ་ཡིས་ཞེས་བྱ་བ་ནི་འཇིག་རྟེན་པས་སོ། །འབྲས་བུ་མཐོང་བའི་ཕྱིར་ཞེས་བྱ་བ་ནི་འབྲས་བུ་མི་འཇུག་པར་མཐོང་བ་
ཡིན་ནོ། །དེ་དག་གཅིག་པ་ཡིན་ཞེས་བྱ་བ་ནི་ས་བོན་དང་མྱུ་གུ་དག་གཅིག་པ་ཉིད་དུའོ། །ད་ནི་མཇུག་བསྡུ་བ་བསྟན་པའི་ཕྱིར་གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱོགས་གཉིས་ཀ་ལྟར་ན་ཡང་ཞེས་བྱ་བ་ནི་གྲུབ་པའི་མཐའ་ལ་ལྟོས་པའི་ཕྱོགས་དང་འཇིག་རྟེན་པའི་ཕྱོགས་གཉིས་
ཀ་ལྟར་ན་ཡང་ངོ་། །དེ་ཉིད་ཀྱི་ཕྱིར་ན་ཡང་ཞེས་བྱ་བ་ནི་གང་གི་ཕྱིར་ཕྱོགས་གཉིས་ཀ་ལྟར་ན་ཡང་རང་ལས་སྐྱེ་བ་མི་རིགས་པའོ། །ཁྱད་པར་དུ་མ་མཛད་ཅེས་པ་ནི་དོན་དམ་པས་ཁྱད་པར་དུ་མ་མཛད་པའོ། །ཁྱད་པར་དུ་བྱེད་པས་ཞེས་བྱ་བ་ནི་རང་ལས་སྐྱེ་བ་འགོག་པ་ལ་དོན་དམ་པར་ཞེས་བྱ་བའི་ཁྱད་པར་

ཁས་ལེན་པའོ། །དེའི་དོན་དམ་པར་ཞེས་བྱ་བའི་ཁྱད་པར་དོན་མེད་དོ་ཞེས་བྱ་བ་ནི་གང་གི་ཕྱིར་ཕྱོགས་གཉིས་ཀ་ཡང་རང་ལས་སྐྱེ་བ་མི་རིགས་པས་དེའི་ཕྱིར་དོན་དམ་པར་ཁྱད་པར་དུ་བྱས་པ་ལ་དགོས་པ་ཅི་ཞིག་ཡོད་ཅེས་པའོ། །རང་ལས་སྐྱེ་བ་ལ་ཡང་སྐྱོན་གཞན་ཡང་བསྟན་
པར་བྱ་བའི་ཕྱིར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་ལས་སྐྱེ་བར་འདོད་ན་བསྐྱེད་པར་བྱ་བ་དང་། སྐྱེད་པར་བྱེད་པ་དང་། བྱེད་པ་པོ་དང་། ལས་དང་གཅིག་ཏུ་ཐལ་བར་འགྱུར་རོ། །དེ་ལས་བསྐྱེད་པར་བྱ་བ་དང་། སྐྱེད་པར་བྱེད་པ་ཉིད་གཅིག་ཏུ་འགྱུར་བ་ནི་ཕ་དང་བུ་ལྟ་བུའོ། །
ལས་དང་བྱེད་པ་པོ་གཅིག་ཏུ་འགྱུར་བ་ནི་མེ་དང་བུད་ཤིང་ལྟ་བུའོ། །འདིར་འབར་བཞིན་པའི་བུད་ཤིང་ནི་ལས་ཡིན་ལ། མེ་ནི་བྱེད་པ་པོ་ཡིན་ནོ། །གལ་ཏེ་སྐྱེ་བའི་གནས་སྐབས་ཡིན་པས་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་དག་གཅིག་ཉིད་དུ་འགྱུར་གྲང་། བྱེད་པ་པོ་དང་ལས་དག་ལ་ཅི་
ལྟར་འགྱུར་ཏེ། བུད་ཤིང་ནི་མེའི་འབྲས་བུ་མ་ཡིན་པས་སོ་ཞེ་ན། མ་ཡིན་ཏེ། བྱེད་པ་པོ་དང་ལས་ཉིད་ནི་རྒྱུ་དང་འབྲས་བུའི་རྣམ་པ་ཡིན་པས་སོ། །འདི་ལྟར་མེ་ནི་འབར་བྱའི་བུད་ཤིང་གི་རྒྱུ་ཁོ་ན་ཡིན་ཏེ། དེའི་སྟོབས་ཀྱིས་བུད་ཤིང་ཁྱད་པར་ཅན་དུ་སྐྱེ་བའི་ཕྱིར་རོ། །བསྐྱེད་པར་བྱ་བ་དང་སྐྱེད་
པར་བྱེད་པ་དག་གཅིག་ཡིན་གྲང་། དེ་ལ་སྐྱོན་ཅི་ཡོད་ཅེ་ན། ལན་ནི་རྒྱ་ཆེར་བཤད་པའི་ཉེས་པར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། དབྱིབས་དང་ཁ་དོག་ལ་སོགས་པས་སྔར་སྐྱོན་གང་བརྗོད་པ་དེ་འདིར་ཡང་ཐལ་བར་འགྱུར་བའི་ཕྱིར་གཅིག་ཉིད་དུ་ཁས་བླང་བར་བྱ་བ་མ་ཡིན་པའོ། །ཇི་
སྐད་དུ་ཞེས་བྱ་བ་ལ་སོགས་པ་ནི་རྩ་བའི་ཤེས་རབ་ལས་ཏེ། ནམ་ཡང་ཞེས་བྱ་བ་ནི་དུས་ནམ་གྱི་ཚེ་ཡང་ངོ་། །དེ་ནི་དམ་བཅའ་བ་ཙམ་ཡིན་པས་རིགས་པར་བསྟན་པར་བྱ་བའི་ཕྱིར། གཅིག་པ་ཉིད་ནི་ཡོད་པ་མ་ཡིན་ཏེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཅིག་ཉིད་དུ་འགྱུར་ན་སྐྱོན་ཅི་ཡོད་ན།
ཕ་དང་བུ་དག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུ་དག་གཅིག་ཏུ་རིགས་པའི་ཕྱིར་རོ། །གལ་ཏེ་ཤིང་དེ་མེ་ཡིན་ན། །ཞེས་བྱ་བ་ལ་ཤིང་ནི་བསྲེག་པར་བྱ་བའི་ཤིང་ལ་སོགས་པའི་ལས་སུ་གྱུར་པ་གང་ཡིན་པའོ། །བྱེད་པ་པོ་ནི་སྲེག་པར་བྱེད་པའི་མེའོ། །དེ་ལ་བུད་

ཤིང་གང་ཡིན་པ་དེ་ཉིད་མེར་ཡོངས་སུ་རྟོགས་ན་དེའི་ཚེ་བྱེད་པ་པོ་དང་ལས་དག་གཅིག་ཏུ་འགྱུར་བ་ལ། དེ་ལྟར་ཡང་མཐོང་བ་མ་ཡིན་གྱི། བུམ་པ་དང་རྫ་མཁན་ཡང་གཅིག་ཏུ་ཐལ་བར་འགྱུར་བས་སོ། །དེ་ལྟར་ཡང་ཁས་མི་ལེན་པའི་ཕྱིར་རོ་ཞེས་བྱ་བ་ནི་རྩ་བའི་ཤེས་རབ་ཉིད་ལས་སོ། །དེའི་ཕྱིར་དེ་ལྟ་བུ་
ཞེས་བྱ་བ་ལ་སོགས་པ་ནི་མཇུ་བསྡུ་བའོ། །སོགས་པའི་སྒྲ་ནི་སྔར་བསྟན་པའི་དབྱིབས་དང་ཞེས་བྱ་བ་ལ་སོགས་པ་གཟུང་བར་བྱའོ། །བདེན་པ་གཉིས་ཤེས་པར་བྱ་བའི་དོན་དམ་པའི་བདེན་པ་དང་། ཀུན་རྫོབ་ཀྱི་བདེན་པའོ། །འདི་རང་ལས་སྐྱེ་བ་འགོག་པར་བྱེད་པ་ལ་གཞན་དག་གིས་རྒོལ་བར་བྱེད་
དེ། དངོས་པོ་རྣམས་རང་ལས་མི་སྐྱེ་བར་ངེས་པ་དེ་ཚད་མས་བསྐྱེད་པ་ཡིན་ནམ། འོན་ཏེ་ཚད་མ་མ་ཡིན་པས་བསྐྱེད་པ་ཡིན། དེ་ལ་གལ་ཏེ་ཚད་མས་བསྐྱེད་པར་འདོད་ན་ནི་དེའི་ཚེ་ཚད་མ་ནི་དུ་ཞིག་ཡིན། མཚན་ཉིད་གང་དང་ལྡན་པ་ཡིན། ཡུལ་གང་དང་ལྡན་པ་ཡིན། ཅི་རང་ལས་སམ། གཞན་ལས་
སམ། གཉིས་ཀ་ལས་སམ། རྒྱུ་མེད་པ་ལས་ཡིན་ཞེས་བྱ་བ་འདི་བརྗོད་པར་བྱ་དགོས་སོ། །འོན་ཏེ་ཚད་མ་ཡིན་པས་བསྐྱེད་པ་ཡིན་ནོ་ཞེ་ན། དེ་ཡང་མི་རིགས་ཏེ། གཞལ་བྱ་རྟོགས་པ་ནི་ཚད་མ་ལ་རག་ལས་པ་ཡིན་ཏེ། སྔར་མ་རྟོགས་པའི་དངོས་པོ་ནི་ཚད་མ་མེད་ན་ཁོང་དུ་ཆུད་པར་མི་ནུས་པས་ཚད་མ་
མེད་པས་དོན་ཁོང་དུ་ཆུད་པ་མེད་པའི་ཕྱིར་ཁྱེད་ལ་ཡང་དག་པར་ངེས་པ་གང་ལས་སྐྱེས། དེས་ན་དངོས་པོ་རྣམས་སྐྱེ་བ་མེད་པ་ཡིན་ནོ་ཞེས་པ་དེ་རིགས་པ་མ་ཡིན་ནོ། །ཡང་ན་ཁྱེད་ལ་དངོས་པོ་རྣམས་སྐྱེ་བ་མེད་པ་ཉིད་དུ་ངེས་པ་གང་ལས་སྐྱེ་བར་འགྱུར་བ་དེ་ཉིད་ཀྱིས་ཁོ་བོ་ཅག་ལ་ཡང་དངོས་པོ་ཐམས་ཅད་ཡོད་
པའི་ཕྱིར་འགྲུབ་པར་འགྱུར་བ་ཡིན་ནོ། །ཅི་ལྟར་ཁྱོད་ལ་དངོས་པོ་ཐམས་ཅད་སྐྱེ་བ་མེད་པ་ཡིན་ནོ་ཞེས་ངེས་པ་སྐྱེ་བ་དེ་བཞིན་དུ་ཁོ་བོ་ཅག་གི་ཡང་དངོས་པོ་ཐམས་ཅད་སྐྱེ་བར་འགྱུར་བར་ངེས་པ་ཡིན་ནོ། །འོན་ཏེ་ཁྱོད་ལ་དངོས་པོ་ཐམས་ཅད་སྐྱེ་བ་མེད་དོ་སྙམ་པའི་ངེས་པ་མེད་ན་དེའི་ཚེ་རང་ཉིད་ལ་ངེས་པ་མེད་
པར་གཞན་དག་ལ་རྟོགས་པ་བསྐྱེད་པ་མི་སྲིད་པས་བསྟན་བཅོས་རྩོམ་པ་དོན་མེད་པ་ཉིད་ཡིན་པའི་ཕྱིར་དངོས་པོ་ཐམས་ཅད་མ་བཀག་པར་ཡོད་པ་ཉིད་ཡིན་ནོ་ཞེ་ན། ལན་བརྗོད་པར་བྱ་སྟེ། གལ་ཏེ་ཁོ་བོ་ཅག་ལ་ངེས་པ་འགའ་ཞིག་ཡོད་ན་དེ་ཚད་མ་ལས་སམ། ཚད་མ་མ་ཡིན་པ་ལས་ཞེས་པར་འགྱུར་

བ་ཡིན་གྱི། དེ་ཡང་ཡོད་པ་མ་ཡིན་ཏེ། འདིར་མ་ངེས་པར་ཡོད་པར་འགྱུར་ན་དེ་ལ་ལྟོས་པའི་དེའི་གཉེན་པོ་ངེས་པ་ཡོད་པར་འགྱུར་གྱི། གང་གི་ཚེ་ཁོ་བོ་ཅག་ལ་མ་ངེས་པ་ཡོད་པ་མ་ཡིན་པ་དེའི་ཚེ་དེ་དང་འགལ་བའི་ངེས་པ་ཡོད་པར་ག་ལ་འགྱུར་ཏེ། འབྲེལ་པ་ཅན་གཞན་ལ་
མི་ལྟོས་པའི་ཕྱིར་བོང་བུའི་རྭ་རིང་བ་དང་ཐུང་བ་ལ་སོགས་པ་བཞིན་ནོ། །གང་གི་ཚེ་ངེས་པར་ཁས་མི་ལེན་པ་དེའི་ཚེ་གང་བསྒྲུབ་པའི་དོན་དུ་ཚད་མ་ཁས་ལེན་པར་བྱེད། གྲངས་དང་། མཚན་ཉིད་དང་། ཡུལ་དང་། རང་དང་། གཞན་དང་། གཉིས་ཀ་དང་། རྒྱུ་མེད་པ་ལས་སྐྱེ་བ་
ཡོད་པར་ག་ལ་འགྱུར་ཏེ། ཐམས་ཅད་ཁོ་བོ་བརྗོད་པར་མི་བྱའོ། །གལ་ཏེ་ཁྱེད་ལ་ངེས་པ་མེད་པ་ན་དངོས་པོ་རྣམས། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །ཞེས་བྱ་བའི་ངེས་པའི་རང་བཞིན་ཅན་གྱི་ཚིག་ཇི་ལྟར་བརྗོད་ཅེ་ན། དེ་ལ་ལན་ནི་
འཇིག་རྟེན་པ་རྣམས་ལ་རང་ཉིད་ལ་གྲུབ་པའི་རིགས་པས་ངེས་པའི་ངག་ཡིན་གྱི་འཕགས་པ་རྣམས་ལ་ནི་མ་ཡིན་ནོ། །ཅི་འཕགས་པ་རྣམས་ལ་རིགས་པ་ཡོད་དམ་མེད་དོ་ཞེས་གང་གིས་བརྗོད། དོན་དམ་པར་འཕགས་པ་རྣམས་ནི་ཅི་ཡང་མི་གསུང་བར་འགྱུར་བ་དེ་ལ་གང་གིས་རིགས་པ་དང་མི་
རིགས་པར་འགྱུར་བའི་སྤྲོས་པ་ག་ལ་ཡོད། གལ་ཏེ་འཕགས་པ་རྣམས་རིགས་པ་མི་གསུང་ན། དོན་དམ་པ་གང་གིས་འཇིག་རྟེན་པ་རྣམས་ལ་རྟོགས་པར་བྱེད་ཅེ་ན། འཕགས་པ་རྣམས་ནི་རང་ཉིད་ལ་གྲུབ་པའི་རིགས་པ་གསུང་བར་མི་མཛད་ཀྱི། འོན་ཀྱང་འཇིག་རྟེན་པ་ལ་སྒྲུབ་པའི་
རིགས་པ་གང་ཡིན་པ་དེ་གཞན་ལ་རྟོགས་པའི་དོན་དུ་ཁས་བླངས་ནས་དེ་ཉིད་ཀྱིས་འཇིག་རྟེན་པ་རྣམས་ལ་རྟོགས་པར་བྱེད་པ་ཡིན་ཏེ། དཔེར་ན་ལུས་ལ་མི་གཙང་བ་ཉིད་ཡོད་དུ་ཟིན་ཀྱང་ཕྱིན་ཅི་ལོག་གི་རྗེས་སུ་འབྲང་བའི་ཆགས་པ་ཅན་གྱིས་མི་དམིགས་པ་དང་། སྡུག་པའི་རྣམ་པ་ཡོད་པ་
མ་ཡིན་པ་ལ་སྒྲོ་བཏགས་ནས་ཡོངས་སུ་ཉམ་ཐག་པ་ཡིན་ནོ། །དེ་རྣམས་ལ་འདོད་ཆགས་དང་བྲལ་བའི་དོན་དུ་དེ་བཞིན་གཤེགས་པའམ་སྤྲུལ་པའམ། འཕགས་པ་རྣམས་ཀྱིས་སྔར་སྡུག་པའི་འདུ་ཤེས་ཀྱིས་གཡོགས་པའི་ལུས་འདི་ལ་སྐྲ་ལ་སོགས་པ་ཡོད་དོ་ཞེས་བྱ་བ་ལ་

སོགས་པས་ལུས་ཀྱི་ཉེས་པ་བརྗོད་པ་ཡིན་ལ། དེ་ཡང་སྡུག་པའི་འདུ་ཤེས་དེ་དང་བྲལ་བར་འདོད་པས་འདོད་ཆགས་དང་བྲལ་བ་ཐོབ་པ་ཡིན་ནོ། །དེ་བཞིན་དུ་འདིར་ཡང་འཕགས་པ་མ་ཡིན་པ་རྣམས་རྣམ་པ་ཐམས་ཅད་དུ་མི་དམིགས་པའི་རང་བཞིན་གྱི་དངོས་པོ་རྣམས་ལ་མ་རིགས་
པའི་རབ་རིབ་ཀྱིས་བློའི་མིག་ཉེ་བར་བཅོམ་པས་ཕྱིན་ཅི་ལོག་གི་རང་བཞིན་ཅན་དུ་སྒྲོ་བཏགས་ནས་ལ་ལར་ཅུང་ཟད་ཁྱད་པར་བྱས་ནས་ཤིན་ཏུ་ཉམ་ཐག་པར་འགྱུར་བ་ཡིན་ལ། འཕགས་པ་རྣམས་ཀྱིས་དེ་དག་ལ་གྲུབ་པའི་རིགས་པས་ཁོང་དུ་ཆུད་པར་བྱེད་པ་ཡིན་ཏེ། དཔེར་ན་བུམ་པ་
ཡོད་པ་དེ་འཇིམ་པ་ལ་སོགས་པ་ལས་མི་སྐྱེ་བ་ཡིན་ནོ་ཞེས་ཁས་ལེན་པ་དེ་བཞིན་དུ་བུམ་པ་སྐྱེས་པའི་སྔོན་རོལ་ན་ཡང་ཡོད་པའི་ཕྱིར་དེ་ལ་སྐྱེ་བ་མེད་དོ་ཞེས་ངེས་པར་གྱིས་ཞེས་པའོ། །ཇི་ལྟར་གཞན་དུ་གྱུར་པའི་འབར་བ་དང་སོལ་བ་ལ་སོགས་པ་ལས་མྱུ་གུ་སྐྱེ་བ་མ་ཡིན་ནོ་ཞེས་ཁས་ལེན་
པ་དེ་བཞིན་དུ་བརྗོད་པར་འདོད་པའི་ས་བོན་ལ་སོགས་པ་ལས་ཀྱང་སྐྱེ་བ་ཡོད་པ་མ་ཡིན་ནོ་ཞེས་ངེས་པར་གྱིས་ཞེས་པའི་དོན་ཏོ། །གལ་ཏེ་ཁོ་བོ་ཅག་ལ་ཉམས་སུ་མྱོང་བ་ཡོད་དོ་ཞེ་ན། དེ་ཡང་མ་ཡིན་ཏེ། བུམ་པ་གང་གི་ཕྱིར་ཉམས་སུ་མྱོང་བ་ནི་བདེན་པའི་ཡུལ་ཅན་མ་ཡིན་ཏེ།
ཉམས་སུ་མྱོང་བའི་ཕྱིར་རབ་རིབ་ཅན་གྱིས་ཟླ་བ་གཉིས་ཉམས་སུ་མྱོང་བ་བཞིན་ནོ། །དེས་ན་ཉམས་སུ་མྱོང་བའི་ཕྱིར་བདེན་ཞེས་བྱ་བ་དེ་ཉིད་ཀྱང་བསྒྲུབ་པར་བྱ་བ་ཡིན་པས་དེའི་སྒོ་ནས་ལན་གདབ་པར་མི་རིགས་སོ། །གལ་ཏེ་འཇིག་རྟེན་པའི་ཚད་མ་དང་གཞལ་བྱའི་ཐ་སྙད་འདི་ཁོ་བོས་
ཀྱང་བསྟན་བཅོས་ལ་རྗེས་སུ་བརྗོད་པ་ཡིན་ནོ་ཞེ་ན། འོ་ན་རྫས་སུ་བརྗོད་པ་དེའི་འབྲས་བུ་བརྗོད་པར་བྱ་དགོས་ཏེ། རྟོག་གེ་བ་རྣམས་ཀྱི་མཚན་ཉིད་ཕྱིན་ཅི་ལོག་བརྗོད་པས་དེ་བཤིག་པ་ཡིན་ལ། ཁོ་བོས་དེའི་མཚན་ཉིད་ཡང་དག་པར་བརྗོད་པ་ཡིན་ནོ་ཞེ་ན། དེ་ཡང་མི་རིགས་ཏེ་རྟོག་པ་མི་མཁས་
པས་བྱས་པའི་ཕྱིན་ཅི་ལོག་གི་མཚན་ཉིད་ཀྱིས་འཇིག་རྟེན་གྱི་མཚན་ཉིད་ཀྱི་གཞི་ཕྱིན་ཅི་ལོག་པར་གྱུར་ན་དེའི་ཚེ་དེའི་དོན་དུ་འབད་པ་དགོས་པ་དང་བཅས་པར་འགྱུར་བ་ལས་དེ་ལྟར་ཡང་མ་ཡིན་ཏེ། དེས་ན་འབད་པ་དོན་མེད་པ་ཁོ་ན་ཡིན་ནོ། །གཞན་ཡང་གཞལ་བྱ་རྟོགས་པ་ཚད་མའི་དབང་གིས་

ཡིན་ན་ཚད་མ་དེ་རྣམས་གང་གིས་ཡོངས་སུ་གཅོད་ཅེས་བྱ་བ་ལ་སོགས་པ་རྩོད་པ་བཟློག་པ་ལས་སྐྱོན་གང་བསྟན་པ་དེ་མ་སྤངས་པས་མཚན་ཉིད་ཡང་དག་པར་གསལ་བར་བྱས་པ་མ་ཡིན་ཏེ། འདི་ལྟར་རྩོད་པ་བཟློག་པ་ལས། །གལ་ཏེ་དོན་ནི་དེ་དང་དེ། །ཁྱོད་ལ་ཚད་
མ་གྲུབ་གྱུར་ན། །ཁྱོད་ལ་ཚད་མ་དེ་དང་དེ། །ཅི་ལྟར་འགྲུབ་པར་གྱུར་པ་སྨོས། །གལ་ཏེ་ཚད་མའི་སྟོབས་ཀྱིས་དོན་དེ་དང་དེ་སྟེ་གཞལ་བྱ་གྲུབ་པ་དེ་སྟེ་གཞལ་བྱ་རྣམས་གྲུབ་པར་འདོད་ན་ཅི་ལྟར་ཚད་མས་གཞལ་བྱ་གྲུབ་པ་དེ་བཞིན་དུ་མངོན་སུམ་དང་རྗེས་སུ་དཔག་པ་དང་། ལུང་དང་། ཉེ་
བར་འཇལ་བ་སྟེ་ཚད་མ་བཞི་པོ་རྣམས་གང་གིས་གྲུབ། གལ་ཏེ་ཚད་མ་གཏན་ལ་འབེབས་པར་བྱེད་པ་ལ་ཚད་མ་གཞན་ཁས་མི་ལེན་ན་ཚད་མ་མེད་པར་དངོས་པོ་རྣམས་མི་འགྲུབ་པོ་ཞེས་དམ་བཅས་པ་དེ་ཉམས་པར་འགྱུར་བ་ཡིན་ནོ། །གལ་ཏེ་ཚད་མ་གཞན་དག་གིས། །འགྲུབ་ན་ཐུག་མེད་
ཐལ་བར་འགྱུར། །དེ་ལ་ཐོག་མ་དབུས་དང་མཐའ། །གྲུབ་པ་ཡོད་པ་མ་ཡིན་ནོ། །གལ་ཏེ་འདི་སྙམ་དུ་ཚད་མ་གཞན་གྱིས་གཞལ་བྱ་གྲུབ་པའི་ཚད་མ་དེ་རྣམས་གཞན་གྱིས་གྲུབ་ན་ཐུག་པ་མེད་པར་ཐལ་བར་འགྱུར་རོ། །གལ་ཏེ་ཐུག་པ་མེད་པར་འགྱུར་གྲང་། སྐྱོན་ཅི་ཡོད་ཅེ་ན། ལན་ནི་ཐོག་
མ་གྲུབ་པ་མེད་དེ། ཅིའི་ཕྱིར་ཞེ་ན། ཚད་མ་དེ་རྣམས་དེ་ལས་གཞན་པའི་ཚད་མས་གྲུབ་པ་དང་། དེ་ཡང་གཞན་གྱིས་ཡིན་པས་འདི་ལ་ཐོག་མ་མེད་པའི་ཕྱིར་དབུས་དང་མཐའ་དག་ལ་ཡོད། དེས་ན་ཚད་མ་འདི་རྣམས་ལ་ཚད་མ་གཞན་གྱིས་གྲུབ་པ་ནི་རིགས་པ་མ་ཡིན་ནོ། །གལ་ཏེ་
ཚད་མ་མ་ཡིན་པས། །དེ་རྣམས་འགྲུབ་ན་རྩོད་པ་ཟད། །དེ་དག་མི་མཚུངས་པ་ཉིད་ཀྱིས། །ཁྱད་པར་གྱི་ནི་རྟགས་བརྗོད་དགོས། །གལ་ཏེ་འགའ་ཞིག་ཚད་མས་གྲུབ་ལ་འགའ་ཞིག་ནི་མ་ཡིན་ནོ་ཞེ་ན། དེ་ཡང་མི་འཐད་དེ། རྒྱུ་མཚན་གང་གིས་འགའ་ཞིག་ཚད་མས་གྲུབ་ལ། འགའ་
ཞིག་ནི་མ་ཡིན་ནོ་ཞེས་སྒྲུབ་པར་བྱེད་པའི་ཁྱད་པར་གྱི་གཏན་ཚིགས་བརྗོད་དགོས་པ་ལ། དེ་ཡང་མ་བསྟན་ཏོ། །དེས་རྟོགས་པ་འདི་ཡང་རིགས་པ་མ་ཡིན་ནོ། །དེ་ལ་འགའ་ཞིག་ལན་འདེབས་པར་བྱེད་དེ། འདིར་ཚད་མ་གཉིས་ཏེ། མངོན་སུམ་དང་། རྗེས་སུ་དཔག་པའོ། །དེ་ཡང་

མངོན་སུམ་ནི་རྣམ་པ་གཉིས་ཏེ། དོན་གྱི་བྱ་བ་སྒྲུབ་པར་བྱེད་པས་སྣང་བ་དང་། དོན་གྱི་བྱ་བ་སྣང་བའོ། །དེ་ལ་དང་པོ་ནི་ཐག་རིང་པོ་ན་མེ་སྣང་བ་གང་ཡིན་པའོ། །གཉིས་པ་ནི་མེའི་བྱ་བ་སྲེག་པ་ལ་སོགས་པ་ཉམས་སུ་མྱོང་བ་གང་ཡིན་པའོ། །དེ་ལ་རྗེས་སུ་དཔག་པ་ནི་རང་ཉིད་ལས་ཚད་
མ་ཉིད་དུ་ངེས་པ་ཡིན་ཏེ། འབྲེལ་པ་ཡོད་པའི་རྟགས་ལས་སྐྱེས་པའི་ཕྱིར་རོ། །འདི་ལྟར་གལ་ཏེ་དེར་མེ་མེད་པར་གྱུར་ན་དུ་བ་ཡང་ཡོད་པར་མི་འགྱུར་ལ། གལ་ཏེ་དུ་བ་མེད་པར་གྱུར་ན་དུ་བ་མི་རྟོགས་པ་དང་། དུ་བ་ངེས་པར་ཡང་མི་འགྱུར་རོ། །དེས་ན་མེ་ཤེས་པར་ཡང་མི་འགྱུར་རོ། །
དེའི་ཕྱིར་འབྲེལ་པ་ཡོད་པའི་རྟགས་ལས་སྐྱེས་པའི་རྗེས་སུ་དཔག་པ་ནི་རང་ཉིད་ལས་ཚད་མ་ཉིད་དུ་ངེས་པ་ཡིན་ནོ། །སྲེག་པ་ལ་སོགས་པ་ཉམས་སུ་མྱོང་བའི་མཚན་ཉིད་ཅན་གྱི་དོན་གྱི་བྱ་བ་སྣང་བའི་མངོན་སུམ་ནི་རང་ཉིད་ལས་ཚད་མར་གྲུབ་པ་ཡིན་ཏེ། དོན་གྱི་བྱ་བ་ཉམས་སུ་མྱོང་བའི་ཚེ་
འདི་དོན་གྱི་བྱ་བ་ཡིན་ནམ་འོན་ཏེ་མ་ཡིན་སྙམ་པའི་ཐེ་ཚོམ་འགའ་ཞིག་ལ་ཡང་མི་སྐྱེ་བས་སོ། །དོན་གྱི་བྱ་བ་སྒྲུབ་པར་བྱེད་པ་སྣང་བའི་མངོན་སུམ་གྱི་ཤེས་པ་ནི་རྒྱུ་གཉིས་ལ་སྐྱེ་བ་ཡིན་ཏེ། གོམས་པ་དང་མ་གོམས་པ་དག་ལའོ། །དེ་ལ་གང་དོན་གྱི་བྱ་བ་སྒྲུབ་པར་བྱེད་པའི་སྣང་བ་གོམས་
པ་དང་བཅས་པའི་རྒྱུད་ལ་སྐྱེ་བ་གང་ཡིན་པ་དེ་ནི་ཚད་མ་ཉིད་དུ་རང་ལས་ངེས་པ་ཡིན་ཏེ། འཁྲུལ་པ་དང་འཁྲུལ་པ་མ་ཡིན་པ་དག་རང་ཉིད་ཀྱིས་ངེས་པར་འགྱུར་བས་སོ། །དཔེར་ན་ནོར་བུ་རྟོག་མཁན་གྱིས་ནོར་བུ་བཅོས་པ་དང་བཅོས་པ་མ་ཡིན་པ་ངེས་པ་བཞིན་ནོ། །གང་དོན་གྱི་བྱ་བ་སྒྲུབ་པར་
བྱེད་པའི་སྣང་བ་མ་གོམས་པའི་རྒྱུད་ལ་སྐྱེ་བ་དེ་ལ་བདེན་ནམ་མི་བདེན་སྙམ་པའི་ཐེ་ཚོམ་སྐྱེར་ཟིན་ཀྱང་། དུས་ཕྱིས་དོན་གྱི་བྱ་བའི་ཤེས་པ་སྐྱེས་ན་ཐེ་ཚོམ་ལྡོག་པས་ཚད་མ་ཉིད་གཞན་ལས་ངེས་པ་ཡིན་ནོ། །ཐུག་པ་མེད་པར་ཡང་མི་འགྱུར་ཏེ། དོན་གྱི་བྱ་བའི་ཤེས་པ་ལ་བདེན་ནམ་མི་བདེན་སྙམ་
པའི་ཐེ་ཚོམ་ཟ་བ་མེད་པས་སོ། །དེས་ན་ཚད་མ་གཞན་གྱིས་ཡིན་ན་ཞེས་བྱ་བ་ལ་སོགས་པའི་སྐྱོན་གང་སྨྲས་པ་དེ་ནི་མི་རིགས་སོ། །གལ་ཏེ་དོན་གྱི་བྱ་བའི་ཤེས་པ་ལ་ཡང་བདེན་པ་དང་མི་བདེན་པའི་ཐེ་ཚོམ་སྐྱེད་པ་ཡོད་དེ། འདི་ལྟར་རྨི་ལམ་ན་ཡང་དོན་གྱི་བྱ་བའི་ཤེས་པ་ཡོད་ལ། སད་པའི་

གནས་སྐབས་ན་ཡང་ཡོད་པས་དེའི་ཕྱིར་ཅི་ལྟར་རྨི་ལམ་ན་དོན་གྱི་བྱ་བ་མེད་པ་ལ་དོན་གྱི་བྱ་བའི་ཤེས་པ་སྐྱེས་པ་དེ་བཞིན་དུ་འདིར་ཡང་དོན་གྱི་བྱ་བ་མེད་པས་དོན་གྱི་བྱ་བའི་ཤེས་པ་ཡིན་ནམ། འོན་ཏེ་ཡོད་པ་ཡིན་ཞེས་ཐེ་ཚོམ་སྐྱེས་པས་ཚད་མ་གཞན་བཙལ་དགོས་པས་ན།
ཐུག་པ་མེད་པར་ཐལ་བའི་སྐྱོན་གནས་པ་ཡིན་ནོ་ཞེ་ན། དེ་ལ་ལན་བརྗོད་པར་བྱ་སྟེ། རྨི་ལམ་ན་མཐོང་བ་དང་། སད་པའི་དུས་ཀྱི་དོན་གྱི་བྱ་བ་ལ་ཁྱད་པར་ཡོད་པས་རྨི་ལམ་དུ་མཐོང་བ་དེ་དོན་གྱི་བྱ་བ་མ་ཡིན་པས་རྨི་ལམ་དུ་མཐོང་བའི་དོན་གྱི་བྱ་བའི་ཤེས་པས་ཐེ་ཚོམ་སྐྱེ་བ་མ་ཡིན་ཏེ། འདི་ལྟར་
སད་པའི་གནས་སྐབས་ཀྱི་དོན་གྱི་བྱ་བ་གང་ཡིན་པ་དེ་ནི་མཐུན་པར་སྣང་བ་ཡིན་ཏེ། ཡུལ་དེ་ན་གནས་པའི་གཞན་རྣམས་ཀྱིས་ཀྱང་དམིགས་པ་ཡིན་པས་སོ། །རྨི་ལམ་དུ་མཐོང་བ་ནི་མཐུན་པར་སྣང་བ་མ་ཡིན་ཏེ། རྨི་ལམ་མཐོང་བའི་སྐྱེས་བུ་དེ་ཉིད་ཀྱིས་མཐོང་བས་སོ། །དེས་ན་མཐུན་པར་
སྣང་བ་མ་ཡིན་པའི་ཕྱིར་རྨི་ལམ་དུ་མཐོང་བ་ནི་དོན་གྱི་བྱ་བ་མ་ཡིན་པ་ཉིད་དོ། །གཞན་ཡང་རྨི་ལམ་གྱི་དོན་གྱི་བྱ་བ་ཡུལ་མ་ངེས་པ་ཡིན་ཏེ། འདི་ལྟར་ཡུལ་བཱ་རཱ་ཎ་སཱི་ན་དོན་གྱི་བྱ་བ་དམིགས་པའི་དུས་དེ་ཉིད་ན་ཡུལ་གཞན་དུ་ཡང་དམིགས་པ་ཡིན་ལ། དེ་བཞིན་དུ་སད་པའི་གནས་སྐབས་ཀྱི་
དོན་གྱི་བྱ་བ་མ་ངེས་པ་ཉིད་དུ་མི་དམིགས་པས་སོ། །དེས་ན་རྨི་ལམ་གྱི་དུས་ན་མཐོང་བའི་དོན་བྱ་བ་མ་ཡིན་ནོ། །གཞན་ཡང་རྨི་ལམ་གྱི་དོན་གྱི་བྱ་བ་ནི་འབད་པ་མེད་པར་གྲུབ་པ་ཡིན་ཏེ། འདི་ལྟར་སད་པའི་གནས་སྐབས་ཀྱི་སོ་ནམ་དང་། ཚོང་བྱེད་པ་ལ་སོགས་པའི་འབད་རྩོལ་ཆེན་པོས་བཟའ་
བ་དང་བཏུང་བ་ལ་སོགས་པའི་དོན་གྱི་བྱ་བ་འགྲུབ་པ་ཡིན་ལ། རྨི་ལམ་ན་ནི་འབད་རྩོལ་མེད་པས་འགྲུབ་པའི་ཕྱིར་རྨི་ལམ་དུ་མཐོང་བ་དེ་དོན་གྱི་བྱ་བ་མ་ཡིན་ནོ། །གཞན་ཡང་རྨི་ལམ་ན་མཐོང་བའི་དོན་གྱི་བྱ་བ་ནི་རྫོགས་པར་མི་དམིགས་ཏེ། འདི་ལྟར་རྨི་ལམ་ན་འཁྲིག་པའི་བདེ་བ་ཉམས་སུ་མྱོང་བའི་
ཚེ་སེན་མོ་བཏབ་པ་ལ་སོགས་པའི་ཕྱིས་མི་མཐོང་ལ། ཐིག་ལེ་འཛག་པ་ཙམ་མཐོང་བའི་ཕྱིར་དོན་གྱི་བྱ་བ་རྫོགས་པ་མ་ཡིན་པས་དེའི་དོན་གྱི་བྱ་བ་མ་ཡིན་ནོ། །གཞན་ཡང་རྨི་ལམ་གྱི་དོན་གྱི་བྱ་བ་ལ་རྒྱུན་ཡོད་པ་མ་ཡིན་ཏེ། འདི་ལྟར་སད་པའི་གནས་སྐབས་ན་ཁྲུས་བྱས་ཏེ་ཁ་ཟས་ཟོས་ན་སྐྲ་གཤེར་བའི་

གནས་སྐབས་དང་། ཚིམ་པའི་གནས་སྐབས་ཡུན་རིང་དུ་རྗེས་སུ་འཇུག་པ་ཡིན་ལ། རྨི་ལམ་གྱི་དུས་ན་ནི་དེ་ལྟར་མ་ཡིན་པས་དོན་གྱི་བྱ་བ་ཉིད་མ་ཡིན་ནོ། །མཐུན་སྣང་མིན་དང་མ་ངེས་དང་། །འབད་རྩོལ་མེད་དང་མ་རྫོགས་དང་། །བྱ་བ་རྗེས་སུ་མ་འབྲེལ་ཕྱིར། །རྨི་ལམ་ན་སྣང་ཡོད་མ་ཡིན། །
ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །དེ་ལ་གང་མཐུན་པའི་སྣང་བ་མ་ཡིན་པའི་ཕྱིར་དོན་གྱི་བྱ་བ་མ་ཡིན་ནོ་ཞེས་གང་སྨྲས་པ་ནི་མི་རིགས་ཏེ། གང་གི་ཕྱིར་དོན་གྱི་བྱ་བ་དེ་རྨི་ལམ་ན་མཐོང་བའི་སྐྱེས་བུ་རྣམས་ལ་ཐུན་མོང་བར་སྣང་བ་མ་ཡིན་ནམ། འོན་ཏེ་སད་པའི་གནས་སྐབས་ན་མཐོང་
བའི་སྐྱེས་བུ་རྣམས་དང་མཐུན་པར་སྣང་བ་མ་ཡིན། གལ་ཏེ་ཕྱོགས་དང་པོ་ལྟར་ན་ནི་དེའི་མཐུན་སྣང་མ་ཡིན་པ་ཉིད་དུ་མ་གྲུབ་སྟེ། གཞན་གྱིས་ཀྱང་དམིགས་པའི་ཕྱིར་རོ། །གལ་ཏེ་སད་པའི་གནས་སྐབས་ཀྱི་སྐྱེས་བུ་རྣམས་ཀྱིས་མི་དམིགས་པས་རྨི་ལམ་གྱི་དངོས་པོ་དེ་བརྫུན་པ་ཡིན་
ཟེར་ན། དེའི་ཚེ་སད་པའི་གནས་སྐབས་ཀྱི་དོན་གྱི་བྱ་བ་ཡང་རྨི་ལམ་གྱི་གནས་སྐབས་ན་ཡོད་པའི་སྐྱེས་བུ་རྣམས་ཀྱིས་མི་དམིགས་པའི་ཕྱིར་སད་པའི་གནས་སྐབས་ཀྱི་དོན་གྱི་བྱ་བ་ཡང་མེད་པ་ཉིད་དུ་ཐལ་བར་འགྱུར་རོ། །དེས་ན་མཐུན་སྣང་མ་ཡིན་པའི་ཕྱིར་དོན་གྱི་བྱ་བ་ཡིན་པར་མི་རིགས་སོ་ཞེས་བྱ་
བ་དེ་མི་འཐད་དོ། །གཞན་ཡང་ཡུལ་མ་ངེས་པའི་ཕྱིར་ཞེས་སྨྲས་པ་དེ་ཡང་མི་རིགས་ཏེ། སད་པའི་གནས་སྐབས་ན་ཡང་ཡུལ་མ་ངེས་པ་ཉིད་དམིགས་པའི་ཕྱིར་རོ། །འདི་ལྟར་གང་གི་ཚེ་གྲང་བ་ལ་སོགས་པ་འཇུག་པ་དེ་ཉིད་ཀྱི་ཚེ། དྲོ་བ་ལ་སོགས་པ་འཇུག་པ་མཐོང་བ་དང་། དྲོ་བ་ལ་སོགས་པ་
འཇུག་པའི་དུས་སུ་གྲང་བ་ལ་སོགས་པ་ཡོད་ཀྱང་དོན་གྱི་བྱ་བ་མ་ཡིན་པར་མི་འགྱུར་བ་དེ་བཞིན་དུ་རྨི་ལམ་གྱི་གནས་སྐབས་ན་ཡང་ཡིན་པས་འགལ་བ་ཅི་ཞིག་ཡོད། གཞན་ཡང་རྨི་ལམ་གྱི་ལུས་གཞན་པས་ཡུལ་གཞན་འགྲོ་བ་ལ་སོགས་པ་ལ་གེགས་ཅི་ཡོད་དེ། གཉིད་ཀྱི་སྟོབས་ཀྱིས་ལུས་
ཁྱད་པར་ཅན་གཞན་སྐྱེད་པ་ཡིན་པས་སོ། །དཔེར་ན་རྣལ་འབྱོར་པས་བྱིན་གྱིས་བརླབས་པའི་གཞན་གྱི་ལུས་བཞིན་ནོ། །དེས་ན་མ་ངེས་པའི་ཕྱིར་དོན་གྱི་བྱ་བ་མེད་པ་ནི་མ་ཡིན་ནོ། །འབད་རྩོལ་མེད་པ་ལས་ཀྱང་དོན་གྱི་བྱ་བ་མེད་པར་མི་འགྱུར་ཏེ། གང་གི་ཕྱིར་རྨི་ལམ་ན་ཡང་ཞིང་རྨེད་པ་དང་ཉོ་

ཚོང་ལ་སོགས་པ་སྔོན་དུ་འགྲོ་བའི་དོན་གྱི་བྱ་བ་དམིགས་པའི་ཕྱིར་རོ། །གལ་ཏེ་འགའ་ཞིག་ཏུ་འབད་རྩོལ་མེད་པས་བསྒྲུབ་པར་བྱ་བ་ཞེས་བརྗོད་ན། དེའི་ཚེ་སད་པའི་གནས་སྐབས་ན་ཡང་མཚུངས་པ་ཡིན་ཏེ། དེ་ལ་ཡང་བརྒྱ་ལམ་ན་ལྷ་ལ་སོགས་པའི་བྱིན་གྱི་རླབས་ཀྱིས་
གསེར་སྲང་སྟོང་ཕྲག་གཅིག་ལ་སོགས་པ་ཐོབ་པའི་ཕྱིར་དོན་གྱི་བྱ་བ་འབད་རྩོལ་མེད་པར་འགྲུབ་པ་ཡིན་ལ། དེ་ཡང་མེད་པ་མ་ཡིན་ནོ། །དེ་བཞིན་འདིར་ཡང་ཡིན་པས་འགལ་བ་མེད་དོ། །དོན་གྱི་བྱ་བ་མ་རྫོགས་པས་ཀྱང་དོན་གྱི་བྱ་བ་མེད་པ་མ་ཡིན་ཏེ། གང་གི་ཕྱིར་རྨི་ལམ་ན་དོན་གྱི་བྱ་བ་
རྫོགས་པ་ཉིད་དམིགས་པ་ཡིན་ཏེ། དཔེར་ན་ཁུ་བ་འཛག་པ་བཞིན་དུ་སེན་མོའི་རྗེས་ལ་སོགས་པ་ཡང་དེར་དམིགས་པ་ཡིན་པས་སོ། །གལ་ཏེ་སད་པའི་གནས་སྐབས་ན་དོན་གྱི་བྱ་བ་རྫོགས་པར་མི་དམིགས་སོ་ཞེ་ན། འོ་ན་སད་པའི་གནས་སྐབས་ཀྱི་དོན་གྱི་བྱ་བ་ཡོངས་སུ་རྫོགས་པ་དེ་རྨི་ལམ་
ན་མི་དམིགས་ཏེ། འདི་ལྟར་སྐྱེས་བུ་འགའ་ཞིག་གིས་ཁྲུས་བྱས་ཏེ། ཁ་ཟས་ཟོས་ན་སྐྲ་གཤེར་བ་ཉིད་ཉལ་བའི་རྨི་ལམ་གྱི་གནས་སྐབས་ན་བཀྲེས་པ་དང་། སྐྲ་སྐམ་པོ་དམིགས་ན་དོན་གྱི་བྱ་བ་རྫོགས་པར་མི་དམིགས་པས་སད་པའི་གནས་སྐབས་ཀྱི་དོན་གྱི་བྱ་བ་ཡང་ཡོངས་སུ་མ་རྫོགས་པར་ཐལ་
བར་འགྱུར་རོ། །དེས་ན་ཡོངས་སུ་མ་རྫོགས་པའི་ཕྱིར་དོན་གྱི་བྱ་བ་མེད་པ་མ་ཡིན་ནོ། །རྒྱུན་ཆགས་པ་མ་ཡིན་པའི་ཕྱིར་དོན་གྱི་བྱ་བ་མེད་པ་ཡང་མི་རིགས་ཏེ། རྨི་ལམ་གྱི་གནས་སྐབས་ན་རྒྱུན་ཆགས་པ་ཉིད་ཡིན་པས་སོ། །གལ་ཏེ་སད་པའི་གནས་སྐབས་ན་རྒྱུན་ཆགས་པ་མེད་པས་མི་
བདེན་པ་ཡིན་ན་སད་པའི་གནས་སྐབས་ན་མཐོང་བའི་དོན་གྱི་བྱ་བ་ཡང་རྨི་ལམ་གྱི་གནས་སྐབས་ན་རྒྱུན་ཆགས་པ་མེད་པས་དེ་ཡང་མེད་པར་ཐལ་བར་འགྱུར་རོ། །དེས་ན་རྒྱུན་ཆགས་པ་མེད་པས་དོན་གྱི་བྱ་བ་མེད་པར་མི་འགྱུར་རོ། །གཞན་ཡང་ཁྱེད་ཀྱི་གཏན་ཚིགས་ལྔས་དོན་གྱི་བྱ་བ་མི་མཚུངས་པ་ཉིད་དུ་
བརྗོད་པ་ཡིན་ལ། མི་མཚུངས་པ་ཙམ་གྱིས་དོན་གྱི་བྱ་བ་མེད་པ་མ་ཡིན་ཏེ། གཉིས་ཀ་ཡང་དོན་གྱི་བྱ་བ་ཉིད་དུ་དམིགས་པ་ཡིན་པས་སོ། །གལ་ཏེ་དོན་གྱི་བྱ་བ་དམིགས་སུ་ཟིན་ཀྱང་མི་འདྲ་བ་ཙམ་གྱིས་དོན་གྱི་བྱ་བ་མ་ཡིན་པ་ཉིད་དུ་འགྱུར་ན། འོ་ན་བུམ་པ་དང་སྣམ་བུ་དག་གིས་བསྒྲུབ་པར་

བྱ་བའི་དོན་གྱི་བྱ་བ་ཡང་མི་འདྲ་བ་ཉིད་དུ་དམིགས་པའི་ཕྱིར་དོན་གྱི་བྱ་བ་མ་ཡིན་པར་ཐལ་བར་འགྱུར་རོ། །དེས་ན་རྨི་ལམ་གྱི་དོན་གྱི་བྱ་བ་ཡོད་པ་ཡིན་ནོ། །དེ་ལ་དམིགས་པའི་དོན་གྱི་བྱ་བ་ཤེས་པ་བདེན་པ་ཉིད་དུ་ཁྱོད་ཀྱིས་མི་འདོད་ལ། དེས་ན་དོན་གྱི་བྱ་བའི་ཤེས་པ་མི་བདེན་པའི་རང་བཞིན་ཅན་
ཉིད་དུ་ཡོད་པས་དོན་གྱི་བྱ་བའི་ཤེས་པ་ལ་ཡང་བདེན་པ་དང་མི་བདེན་པའི་ཐེ་ཚོམ་དག་ལྡོག་པ་མ་ཡིན་པས་ཚད་མ་གཞན་ཚོལ་ན་ཐུག་པ་མེད་པར་ཐལ་བར་འགྱུར་བ་ཡིན་ནོ། །དེས་ན་འགའ་ཞིག་རང་ལས་ཚད་མ་ཡིན་ན། འགའ་ཞིག་གཞན་ལས་ཚད་མ་ཡིན་ནོ་ཞེས་བརྗོད་པ་དེ་རིགས་པ་མ་
ཡིན་ནོ། །དེས་ན་ཚད་མ་མ་གྲུབ་པའི་ཕྱིར་རོ། །དེ་རྣམས་ཀྱི་མཚན་ཉིད་ཡང་དག་པར་བརྗོད་པ་ག་ལ་ཡོད་ཅེས་པའོ། །དེ་ལ་སེམས་ཙམ་པ་རྣམས་ན་རེ་དེ་ནི་དོན་གྱི་བྱ་བ་མ་ཡིན་པ་ལ་ཡང་དོན་གྱི་བྱ་བར་དམིགས་པའི་ཕྱིར་དོན་བྱ་བའི་ཤེས་པ་ལ་བདེན་ནམ་མི་བདེན་སྙམ་པའི་ཐེ་ཚོམ་མི་ལྡོག་
པས་ཕྱི་རོལ་གྱི་དོན་ལ་ཤེས་པ་རྣམས་ཚད་མ་ཡིན་གྲང་། རང་རིག་པ་དེ་ཅི་ལྟར་ན་ཚད་མ་མ་ཡིན་ཏེ། འདི་ལྟར་དོན་དང་དོན་གྱི་བྱ་བ་དག་ཤེས་པ་ལས་ཕྱི་རོལ་ན་མེད་དུ་ཟིན་ཀྱང་ཤེས་པའི་བདག་ཉིད་དུ་ཡོད་པ་ཡིན་པས་དེ་དག་ལ་གསལ་བར་སྣང་བ་ཉིད་དུ་རིགས་པ་ཡིན་ནོ། །གལ་ཏེ་ཤེས་
པ་ཡང་ཡོད་པར་མ་གྱུར་ན་གང་གི་བདག་ཉིད་དུ་སྣང་བ་ཡིན། དེས་ན་གསལ་བར་སྣང་བ་ཉིད་དེ་གཞན་དུ་མི་རིགས་པར་ཤེས་པའི་ངོ་བོར་གྲུབ་པས་བདེན་ནམ་མི་བདེན་སྙམ་པའི་ཐེ་ཚོམ་མེད་པས་རང་རིག་པ་ཁོ་ན་ཚད་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སྣང་བ་དག་མེད་ན་མི་འབྱུང་བའི་གཉུག་མའི་
ཆོས་གསལ་བར་སྣང་བ་ཉིད་ཀྱིས་ཡོད་པ་ཉིད་དུ་གྲུབ་པའི་སྣང་བ་ཚད་མ་མ་ཡིན་ནོ་ཞེས་བརྗོད་དོ་ཞེ་ན། དེ་ལ་ལན་བརྗོད་པར་བྱ་སྟེ། གལ་ཏེ་རང་རིག་པ་ཡོད་པར་གྱུར་ན་དེའི་ཚེ་དེ་བརྗོད་པར་རིགས་པ་ཡིན་པ་ལ་རང་རིག་ཀྱང་ཡོད་པ་མ་ཡིན་ཏེ། འདི་ལྟར་བདག་ཉིད་ཀྱིས་བདག་ཉིད་རབ་ཏུ་
སྣང་བར་བྱེད་པ་དེ་ལ་རང་རིག་ཅེས་བརྗོད་པ་ཡིན་ལ། གཅིག་ལ་ཤེས་པ་དང་ཤེས་བྱའི་བདག་ཉིད་དུ་མི་རིགས་ཏེ། བྱེད་པ་པོ་དང་ལས་དག་གཅིག་ཏུ་ཐལ་བར་འགྱུར་བ་དང་། རང་གི་བདག་ཉིད་ལ་བྱེད་པ་འགལ་བ་སྟེ། རལ་གྲིའི་སོ་དེ་ཉིད་ལ་གཅོད་པར་མི་རིགས་པ་བཞིན་ནོ། །གལ་ཏེ་

ཤེས་པ་དང་ཤེས་བྱའི་བདག་ཉིད་ཅན་གཅིག་ལ་རང་རིག་པ་ཞེས་མི་བརྗོད་ཀྱི་འོན་ཀྱང་རང་གི་བདག་ཉིད་གསལ་བ་དེ་གསལ་བ་གཞན་ལ་མི་ལྟོས་པར་གསལ་བར་སྐྱེ་བ་གང་ཡིན་པའོ། །ཞེ་ན། འོ་ན་དེ་ཡང་རྒྱུ་དང་འབྲས་བུ་དག་གྲུབ་པ་མ་ཡིན་ཏེ། ཡང་འགེགས་པར་འགྱུར་
བ་ཡིན་པས་སོ། །གཞན་ཡང་རང་རིག་དེ་དངོས་པོར་གྱུར་པ་ཞིག་གམ་དངོས་པོ་མ་ཡིན་པ་ཞིག །རེ་ཞིག་ཁྱོད་ཀྱིས་གསལ་བའི་བདག་ཉིད་ཅན་ཡིན་པས་དངོས་པོ་མེད་པར་མི་འདོད་ལ། གལ་ཏེ་དངོས་པོ་ཡིན་ན་རྟག་པའམ་མི་རྟག་པ་ཞིག་ཏུ་འགྱུར་རོ། །རྟག་པ་ཡང་མི་རིགས་ཏེ། རིམ་
དང་ཅིག་ཅར་གྱིས་དོན་བྱེད་པར་འགལ་བའི་ཕྱིར་རོ། །མི་རྟག་པ་ཉིད་ཡིན་ན་ཡང་རིམ་དང་ཅིག་ཅར་གྱིས་དོན་བྱེད་པར་འགལ་བ་ཁོ་ན་ཡིན་གྱི། རྒྱུ་དང་འབྲས་བུ་དག་མི་འཐད་པའི་ཕྱིར་རོ། །དེས་ན་གསལ་བའི་དངོས་པོའི་བདག་ཉིད་ཅན་དུ་གྲུབ་པས་རང་རིག་ཚད་མར་གྲུབ་པ་མ་ཡིན་ནོ། །དེས་ན་
ཚད་མ་མ་གྲུབ་པས་ཚད་མ་རྣམས་ལ་བསྟན་བཅོས་ཀྱི་མཚན་ཉིད་ཡང་དག་པར་གསལ་བར་ཅི་ལྟར་བྱེད། དེས་ན་རྟོག་གེའི་མཚན་ཉིད་བརྗོད་པ་དོན་མེད་པ་ཡིན་ནོ་ཞེས་བརྗོད་པ་དེ་རིགས་པ་ཡིན་ཏེ། ཚད་མ་དང་གཞལ་བྱའི་ཐ་སྙད་འཇིག་རྟེན་པ་ཉིད་ལས་གྲུབ་པའི་ཕྱིར་རོ། །ཚད་མ་དང་ཚད་
མ་མ་ཡིན་པའི་ཐ་སྙད་འཇིག་རྟེན་པ་ཉིད་ལས་ཡིན་ནོ་ཞེས་སློབ་དཔོན་རང་ཉིད་ཀྱིས་གསལ་བར་མཛད་པར་གྱུར་པ་ཡིན་ནོ། །ཞར་ལ་འོངས་པས་ཆོག་གོ། སྐབས་སུ་བབ་པ་བརྗོད་པར་བྱ་སྟེ། དེ་ལྟར་རང་ལས་སྐྱེ་བར་འདོད་པ་བཀག་ནས། གཞན་ལས་སྐྱེ་བ་དགག་པའི་དོན་དུ་ཕྱོགས་སྔ་
མ་དགོད་པ་ནི། འདིར་དངོས་པོ་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་དུ་གྱུར་པའི་རྒྱུ་རྣམས་ག་ལས་སྐྱེ་ཞེས་སྨྲས་པ་དེ་ལ་མི་རིགས་སོ། །མི་རིགས་པ་ཉིད་བསྟན་པར་བྱ་བའི་ཕྱིར། འདི་ལྟར་གཞན་དུ་འགྱུར་བའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་དུ་གྱུར་པའི་ཞེས་བྱ་བ་ནི་
ཐ་དད་དུ་གྱུར་པ་ལས་སོ། །རྒྱུ་ཞེས་བྱ་བ་ནི་རྒྱུའི་རྐྱེན་ནོ། །དམིགས་པ་ཞེས་བྱ་བ་ནི་དམིགས་པའི་རྐྱེན་ནོ། །དེ་མ་ཐག་པ་ཞེས་བྱ་བ་ནི་དེ་མ་ཐག་པའི་རྐྱེན་ནོ། །བདག་པོ་ཞེས་བྱ་བ་ནི་བདག་པོའི་རྐྱེན་ནོ། །རྒྱུའི་རྐྱེན་ལ་སོགས་པ་རྣམས་ཀྱི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། དེ་ལ་ཁ་ཅིག་ན་རེ་

ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་རྒྱུ་ནི་དྲུག་སྟེ། བྱེད་པའི་རྒྱུ་དང་། ལྷན་ཅིག་འབྱུང་བའི་རྒྱུ་དང་། སྐལ་བ་མཉམ་པའི་རྒྱུ་དང་། མཚུངས་པར་ལྡན་པའི་རྒྱུ་དང་། ཀུན་ཏུ་འགྲོ་བའི་རྒྱུ་དང་། རྣམ་པར་སྨིན་པའི་རྒྱུའོ། །དེ་ལ་འདུས་བྱས་ཀྱི་ཆོས་རྣམས་ཀྱི་རང་གི་ངོ་བོ་མ་རྟོགས་
པའི་འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་བྱེད་པའི་རྒྱུའོ། །གལ་ཏེ་གང་གིས་འདི་བྱེད་པ་དེ་རྣམས་བྱེད་པའི་རྒྱུ་ཡིན་གྲང་ན། གང་གིས་འདི་མི་བྱེད་པ་དེ་རྣམས་ཅི་ལྟར་བྱེད་པའི་རྒྱུ་ཡིན་ཞེ་ན། སྐྱེ་བ་ལ་གེགས་མི་བྱེད་པའི་ཕྱིར་བྱེད་པའི་རྒྱུའོ། །གེགས་བྱེད་པར་མི་ནུས་པ་
རྣམས་གེགས་མི་བྱེད་པའི་སྒོ་ནས་བྱེད་པའི་རྒྱུར་ཅི་ལྟར་འགྱུར་ཏེ། དཔེར་ན་མྱ་ངན་ལས་འདས་པ་ལ་སོགས་པ་བཞིན་ནོ་ཞེ་ན། འདི་ཡང་མཐོང་སྟེ་གྲོང་གི་དཔོན་པོ་ནུས་པ་མེད་དུ་ཟིན་ཀྱང་གྲོང་གི་མི་རྣམས་འདིས་ཁོ་བོ་ཅག་བདེ་བར་བྱས་སོ་ཞེས་བརྗོད་པར་འགྱུར་བ་བཞིན་ནོ། །དེས་ན་གཉིས་ཀ་
ལ་ཡང་གེགས་མི་བྱེད་པར་འགྱུར་བ་ཡོད་པས་བྱེད་པའི་རྒྱུ་ཉིད་དུ་འགལ་བ་མེད་དོ། །ཆོས་གང་དག་ཕན་ཚུན་འབྲས་བུ་ཅན་ཡིན་པ་དེ་དག་ནི་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ཏེ། ཕན་ཚུན་གྱི་སྟོབས་ཀྱིས་དེ་རྣམས་འཇུག་པའི་ཕྱིར་རོ། །སེམས་ནི་སེམས་ཀྱི་རྗེས་སུ་འབྲང་བའི་སེམས་ལས་བྱུང་བ་རྣམས་
ཀྱི་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ལ། སེམས་ཀྱི་རྗེས་སུ་འབྲང་བ་རྣམས་ཀྱང་སེམས་ཀྱི་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ཏེ། ཕན་ཚུན་རྗེས་སུ་འབྲང་བ་ཡིན་པས་སོ། །མཚན་ཉིད་དང་མཚན་གཞི་ཡང་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ནོ། །དེ་ལ་མཚན་ཉིད་ནི་སྐྱེ་བ་ལ་སོགས་པ་ཡིན་ལ། དེ་རྣམས་
མཚན་གཞིའི་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ལ། མཚན་གཞི་ཡང་དེ་རྣམས་ཀྱི་ཡིན་ཏེ། ཕན་ཚུན་རྗེས་སུ་འབྲང་བའི་ཕྱིར་རོ། །ཆོས་འདྲ་བ་རྣམས་ཆོས་འདྲ་བ་རྣམས་ཀྱི་སྐལ་བ་མཉམ་པའི་རྒྱུ་ཡིན་ཏེ། དཔེར་ན་དགེ་བའི་ཆོས་རྣམས་དགེ་བའི་ཆོས་རྣམས་ཀྱི་ཡིན། མི་དགེ་བའི་ཆོས་
རྣམས་མི་དགེ་བའི་ཆོས་རྣམས་ཀྱི་དང་། ལུང་དུ་མ་བསྟན་པ་རྣམས་ལུང་དུ་མ་བསྟན་པ་རྣམས་ཀྱི་ཡིན་ནོ་ཞེས་བྱ་བ་ལ་སོགས་པའོ། །དེ་ཡང་སྔར་བསྐྱེད་པ་རྣམས་ཕྱིས་སྐྱེ་བ་རྣམས་ཀྱིས་སོ། །མཚུངས་པར་ལྡན་པའི་རྒྱུ་ནི་རྟེན་གཅིག་པའི་སེམས་དང་སེམས་ལས་བྱུང་བ་དག་སྟེ། དཔེར་ན་

མིག་གི་རྣམ་པར་ཤེས་པའི་རྟེན་མིག་གི་དབང་པོའི་སྐད་ཅིག་མ་གང་ཡིན་པ་དེ་ཉིད་དེ་དང་མཚུངས་པར་ལྡན་པའི་ཚོར་བ་ལ་སོགས་པ་རྣམས་ཀྱི་ཡང་ཡིན་པ་ལྟ་བུ་སྟེ། ཡིད་ཀྱི་རྣམ་པར་ཤེས་པ་དེ་དང་མཚུངས་པར་ལྡན་པ་རྣམས་ཀྱི་ཡིད་ཀྱི་དབང་པོའི་སྐད་ཅིག་མ་ཡིན་པའི་ཕྱིར་དུ་
ཡང་དེ་བཞིན་དུ་རིག་པར་བྱའོ། །མཚུངས་པར་ལྡན་པའི་རྒྱུ་གང་ཡིན་པ་དེ་ནི་ལྷན་ཅིག་འབྱུང་བའི་རྒྱུ་ཡང་ཡིན་ནོ། །ཡང་དོན་གང་གིས་ན་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ཞིང་གང་གིས་ན་མཚུངས་པར་ལྡན་པའི་རྒྱུ་ཡིན་ཞེ་ན། ཕན་ཚུན་འབྲས་བུ་ཡིན་པའི་ཕྱིར་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ཏེ།
འདྲོན་པོ་རྣམས་ཕན་ཚུན་གྱི་སྟོབས་ཀྱིས་ལྷན་ཅིག་ལམ་དུ་འགྲོ་བ་བཞིན་ནོ། །རྟེན་དང་། དམིགས་པ་དང་། རྣམ་པ་དང་། དུས་དང་། རྫས་མཚུངས་པ་སྟེ་ལྔའི་སྒོ་ནས་མཚུངས་པར་ལྡན་པའི་རྒྱུ་ཡིན་ཏེ། འདྲོན་པོ་དེ་དག་ཉིད་ཟས་ལ་སོགས་པའི་ལོངས་སྤྱོད་པའི་བྱ་བ་ལ་འདྲ་བར་
སྦྱོར་བ་བཞིན་ནོ། །གཅིག་མེད་ན་ཡང་མཚུངས་པར་མི་ལྡན་པས་འདི་ནི་དེ་དག་གི་རྒྱུའི་དངོས་པོ་ཡིན་ནོ། །ཀུན་ཏུ་འགྲོ་བའི་རྒྱུ་ནི་རང་གི་ས་བོན་གྱི་ཀུན་ཏུ་འགྲོ་བའི་ཆོས་སྔར་སྐྱེས་པ་རྣམས་ནི་ཉོན་མོངས་པའི་ཆོས་རྣམས་ཀྱི་ཀུན་ཏུ་འགྲོ་བའི་རྒྱུ་ཡིན་ནོ། །དེ་ལ་ཀུན་ཏུ་འགྲོ་བའི་ཆོས་ནི་སྡུག་
བསྔལ་མཐོང་བས་སྤང་བར་བྱ་བའི་འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པའི་ལྟ་བ་དང་། ལོག་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ་སྟེ། ལྟ་བ་ལྔ་དང་། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་མ་རིག་པ་
དང་། ཐེ་ཚོམ་སྟེ། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་བདུན་དང་། ཀུན་འབྱུང་མཐོང་བས་སྤང་བར་བྱ་བའི་ལོག་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་སྟེ་ལྟ་བ་གཉིས་དང་། དེ་ཉིད་ཀྱིས་སྤང་བར་བྱ་བའི་མ་རིག་པ་དང་ཐེ་ཚོམ་སྟེ། ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་སྟེ་བཞིའོ། །
དེ་ལྟར་ན་ཉོན་མོངས་པ་ཅན་བཅུ་གཅིག་ནི་ཀུན་ཏུ་འགྲོ་བའོ། །ཉོན་མོངས་པ་ཅན་སྤྱིའི་རྒྱུ་ཡིན་པས་སྐལ་བ་མཉམ་པའི་རྒྱུ་ལས་ལོགས་སུ་རྣམ་པར་འཇོག་པ་ཡིན་ཏེ། སྐལ་བ་མི་མཉམ་པའི་ཡང་རྒྱུ་ཡིན་པས་སོ། །རྣམ་པར་སྨིན་པའི་རྒྱུ་ནི་མི་དགེ་བ་རྣམས་དང་། དགེ་བའི་ཆོས་ཟག་པ་དང་

བཅས་པ་རྣམས་ནི་རྣམ་པར་སྨིན་པའི་རྒྱུ་ཡིན་ནོ། །དེ་ལ་བྱེད་པའི་རྒྱུ་མ་གཏོགས་པའི་ལྷན་ཅིག་འབྱུང་བའི་རྒྱུ་ལ་སོགས་པ་ལྔ་ནི་རྒྱུའི་རྐྱེན་ཡིན་ནོ། །དེ་ལ་དམིགས་པར་བྱ་བས་ན་ཞེས་བྱ་བ་ལ་སོགས་པ་ནི་འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ཅི་ལྟར་སྲིད་པར་དམིགས་པའི་
རྐྱེན་ཡིན་ཏེ། དཔེར་ན་མིག་གི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་དང་བཅས་པའི་གཟུགས་ཡིན་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་ཆོས་ཐམས་ཅད་ཡིན་པའི་བར་དུའོ། །ཕུང་པོའི་ལྷག་མ་མེད་པར་མྱ་ངན་ལས་འདས་པར་འཇུག་པའི་སེམས་ལས་ཞེས་བྱ་བ་ནི་གང་གི་ཕུང་
པོ་ལྡོག་པའི་མཚན་ཉིད་ཅན་གྱི་མྱ་ངན་ལས་འདས་པ་འཇུག་པའི་སེམས་གང་ཡིན་པ་དེ་ལ་འདི་སྐད་ཅེས་བྱའོ། །དེ་ལ་འཇུག་པའི་སེམས་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་དུ་མི་འགྱུར་ཏེ། དེའི་དེ་མ་ཐག་ཏུ་ཕུང་པོ་འགགས་པས་སེམས་དང་སེམས་ལས་བྱུང་བ་མི་འབྱུང་བའི་ཕྱིར་
རོ། །བྱེད་རྒྱུ་ནི་བདག་པོའི་རྐྱེན་ཡིན་ནོ་ཞེས་བྱ་བ་ནི་གང་རྒྱུའི་རྐྱེན་གྱི་ནང་དུ་བྱེད་པའི་རྒྱུ་མ་བརྗོད་པ་སྟེ། བདག་པོའི་རྐྱེན་ཡིན་ནོ་ཞེས་བྱེ་བྲག་ཏུ་སྨྲ་བ་རྣམས་སོ། །གང་ཞིག་ཅེས་བྱ་བ་ནི་རྒྱུའི་མཚན་ཉིད་ཅན་ནོ། །གང་གིས་ཞེས་བྱ་བ་ནི་འབྲས་བུའོ། །སྐྱེད་པར་བྱེད་པ་ཞེས་
བྱ་བ་བཤད་པ་ནི་ས་བོན་གྱི་ངོ་བོར་གནས་པ་ཞེས་བྱ་བ་ཡིན་ཏེ། འབྲས་བུ་སྐྱེད་པ་ལ་རུང་བ་ཉིད་དུ་གནས་པ་གང་ཡིན་པའོ། །དེ་ནི་ཞེས་བྱ་བ་ནི་སྐྱེད་པར་བྱེད་པའོ། །དེའི་ཞེས་བྱ་བ་ནི་འབྲས་བུའོ། །རྒྱུ་ལས་ཞེས་བྱ་བ་ནི་མིག་ལ་སོགས་པའི་རྒྱུ་ལས་སོ། །དམིགས་པ་གང་གིས་
ཞེས་བྱ་བ་ནི་གཟུགས་ལ་སོགས་པ་རྣམས་ཀྱིས་སོ། །རྒྱུ་འགགས་མ་ཐག་པ་ནི་ཞེས་བྱ་བ་ལ་སོགས་པ་ནི་གང་འགགས་ནས་གང་སྐྱེ་བ་དེའི་མཚུངས་པ་དེ་མ་ཐག་པའི་རྐྱེན་ནོ། །གང་ཞིག་ཡོད་ན་ཞེས་བྱ་བ་ནི་ས་དང་སྣང་བ་ལ་སོགས་པའོ། །གང་འབྱུང་བ་ཞེས་བྱ་བ་ནི་མྱུ་གུ་དང་མིག་གི་
རྣམ་པར་ཤེས་པ་ལ་སོགས་པའོ། །ལྷན་ཅིག་སྐྱེས་པ་དང་ཕྱི་ནས་སྐྱེས་པ་ལ་སོགས་པ་ཞེས་བྱ་བ་ནི་དེ་ལ་ལྷན་ཅིག་སྐྱེས་པ་ནི་དཔེར་ན་སེམས་དང་སེམས་ལས་བྱུང་བ་ལ་སོགས་པ་ཕན་ཚུན་རྒྱུར་འདོད་པ་བཞིན་ནོ། །ཕྱི་ནས་སྐྱེ་བ་ལ་སོགས་པ་ནི་དཔེར་ན་དུས་ཐམས་ཅད་དངོས་པོ་ཡོད་པར་སྨྲ་བ་

རྣམས་ཀྱིས་དངོས་པོར་གྱུར་པའི་མ་འོངས་པ་ཤེས་པའི་རྒྱུར་འདོད་པ་བཞིན་ནོ། །དེ་དག་ཀྱང་འདི་རྣམས་ཀྱི་ནང་དུ་འདུས་པ་ཡིན་ནོ་ཞེས་བྱ་བ་ནི་བཤད་པ་སྔ་མ་ལྟར་རྒྱུའི་རྐྱེན་དང་། བདག་པོའི་རྐྱེན་གྱི་ནང་དུ་འདུས་པ་ཡིན་ལ། བཤད་པ་ཕྱི་མ་ལྟར་ན་བདག་པོའི་རྐྱེན་གྱི་ནང་དུ་
འདུས་པའོ། །དབང་ཕྱུག་ལ་སོགས་པ་དག་ནི་རྐྱེན་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་གཙོ་བོ་དང་བདག་ལ་སོགས་པ་བསྡུ་བར་བྱའོ། །དེ་རྣམས་རྟག་པ་ཉིད་ཡིན་པས་འབྲས་བུ་བྱེད་པ་དང་འགལ་བའི་ཕྱིར་དེ་རྣམས་རྐྱེན་མ་ཡིན་ནོ། །དེ་ལྟར་གཞན་ལས་སྐྱེ་བའི་ཕྱོགས་སྔ་མ་བཀོད་
ནས། ལན་བསྟན་པར་བྱ་བའི་ཕྱིར། འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིགས་པ་དང་ལུང་དང་འགལ་བའི་ཕྱིར་ཞེས་བྱ་བ་ནི་རིགས་པ་དང་ལུང་དང་འགལ་བ་ཡིན་ནོ་ཞེས་པའོ། །གཞན་ལ་བརྟེན་ནས་ཞེས་བྱ་བ་ནི་ས་བོན་ལ་བརྟེན་ནས་སོ། །གཞན་ཞིག་འབྱུང་བར་འགྱུར་ན་
ནི་ཞེས་བྱ་བ་ནི་མྱུ་གུ་འབྱུང་བར་འགྱུར་བའོ། །དེ་ནི་མཐོང་བའམ་ཞེས་བྱ་བ་ནི་མེ་ལྕེ་ལས་མུན་པ་མཐུག་པོ་འབྱུང་བ་མཐོང་བ་མ་ཡིན་པའོ། །རིགས་པ་ཡང་མ་ཡིན་ཏེ་ཞེས་བྱ་བ་ནི་མངོན་སུམ་གྱིས་གནོད་པ་ཡོད་པའི་ཕྱིར་རོ། །འདི་ནི་ཞེས་བྱ་བ་ནི་གཞན་ལས་སྐྱེ་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཞེས་
བྱ་བ་ནི་གཞན་ལས་སྐྱེ་བ་མི་རིགས་པའོ། །རྒྱུ་དང་ཞེས་བྱ་བ་ལ་སོགས་པ་ནི་རྒྱུ་དང་འབྲས་བུའི་བདག་ཉིད་དོ། །ཐ་དད་པ་ནི་ནམ་ཡང་འཐད་པར་འགྱུར་བ་མ་ཡིན་ནོ་ཞེས་པའོ། །དེ་དམ་བཅའ་བ་ཙམ་ཡིན་པས་འཐད་པ་བསྟན་པར་བྱ་བའི་ཕྱིར། རྒྱུ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
གལ་ཏེ་རྒྱུ་དང་འབྲས་བུ་ཐ་དད་པ་ཉིད་ཡིན་ན་དེའི་ཚེ་མྱུ་གུ་དེ་ས་བོན་ལ་མི་ལྟོས་པའི་ཕྱིར་རྒྱུ་ལ་ལྟོས་པ་མེད་པའི་ཕྱིར་འབྲས་བུ་སྐྱེ་བར་འགྱུར་ཏེ། བུམ་པ་དང་སྣམ་བུ་བཞིན་ནོ། །དེས་ན་རྒྱུ་མ་ཡིན་པ་དང་མཚུངས་པར་འགྱུར་བ་ལ་དེ་ལྟར་ཡང་མ་ཡིན་ནོ། །དེས་ན་རྒྱུ་གཞན་ཉིད་དུ་སྲིད་པ་མ་ཡིན་
ནོ། །དེ་ལྟར་འགལ་བ་ལས་འགལ་བ་སྐྱེ་བ་ལ་སྐྱོན་བརྗོད་ནས། སྐྱོན་གཞན་བསྟན་པར་བྱ་བའི་ཕྱིར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་ལས་ཞེས་བྱ་བ་ནི་མེ་ལྕེ་ལ་སོལ་བ་དང་ནས་ཀྱི་ས་བོན་ལ་སོགས་པ་ལས་སོ། །ཐམས་ཅད་ཅེས་བྱ་བ་ནི་སཱ་ལུའི་མྱུ་གུ་དང་བུམ་

པ་དང་སྣམ་བུ་ལ་སོགས་པའོ། །དེ་ཉིད་སྒྲུབ་བྱེད་བསྟན་པར་བྱ་བའི་ཕྱིར། ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་སྐྱེད་པར་བྱེད་པར་འདོད་པའི་མེ་དུ་བ་ལས་གཞན་ཉིད་ཡིན་པ་དེ་བཞིན་དུ་ས་བོན་ལ་སོགས་པ་ལས་གཞན་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་གཞན་དག་གི་
དོགས་པ་བསུ་བར་བྱ་བའི་ཕྱིར། འདིར་སྨྲས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ངེས་པར་མཐོང་བའི་ཕྱིར་རོ་ཞེས་བྱ་བ་ནི་སཱ་ལུའི་ས་བོན་ཉིད་ལས་སཱ་ལུའི་མྱུ་གུ་འབྱུང་བ་མཐོང་ལ་ནས་ཀྱི་ས་བོན་ལས་ནི་མ་ཡིན་ནོ། །དེས་ན་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་འགྱུར་བའི་སྐྱོན་ཡོད་པ་མ་ཡིན་ནོ། །
དེ་ཉིད་བསྟན་པར་བྱ་བའི་ཕྱིར་འདི་ངེས་པ་ནི་འདི་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རབ་ཏུ་བྱ་བར་ནུས་པ་ཞེས་བྱ་བ་ནི་གང་བྱ་བར་ནུས་པ་དེ་ལ་འབྲས་བུ་ཞེས་བརྗོད་པ་ཡིན་པས་སཱ་ལུའི་ས་བོན་གྱིས་སཱ་ལུའི་མྱུ་གུ་ཁོ་ན་བྱ་བར་ནུས་ཀྱི། ནས་ཀྱི་མྱུ་གུ་ནི་མ་ཡིན་པའི་ཕྱིར་སཱ་ལུའི་མྱུ་གུ་ཁོ་ན་བསྐྱེད་
པ་ཡིན་ནོ། །གང་ཞིག་འབྲས་བུ་བསྐྱེད་ནུས་པ་དེ་ནི་གཞན་ཡིན་ཡང་རྒྱུ་ཉིད་ཡིན་ནོ། །དེས་ན་སྐྱེད་པར་བྱེད་པ་མ་ཡིན་པ་རྒྱུ་ཉིད་དུ་ཐལ་བར་མི་འགྱུར་ཏེ། དེ་ལས་འབྲས་བུ་སྐྱེད་པའི་ནུས་པ་མེད་པའི་ཕྱིར་རོ། །རྒྱུད་གཅིག་རྟོགས་དང་ཞེས་བྱ་བ་ནི་སཱ་ལུའི་རྒྱུ་ཉིད་ལས་སཱ་ལུའི་མྱུ་གུ་སྐྱེ་བ་
ཡིན་གྱི། ནས་ཀྱི་ས་བོན་གྱི་རྒྱུ་ལས་ནི་མ་ཡིན་ནོ། །དེས་ན་སྐྱེད་པར་བྱེད་པ་ལས་ཞེས་བྱ་བ་ནི་སྔ་མའི་སྐད་ཅིག་མ་སྔ་མ་ཁོ་ན་ལས་ཡིན་གྱི། སྐྱེད་པར་བྱེད་པ་མ་ཡིན་པའི་སྐད་ཅིག་མ་ཕྱི་མ་ལས་ནི་མ་ཡིན་ནོ། །དེ་ལྟར་མ་ཡིན་ཞེས་བྱ་བ་ནི་སྐྱེ་བ་མ་ཡིན་ནོ་ཞེས་པའི་དོན་ཏོ། །ནུས་པའི་དོན་ལ་
ཞེས་བྱ་བ་ནི་བྱ་བ་ནུས་པའི་དོན་ལའོ། །ཏྲི་ཏའི་རྐྱེན་ཅན་ཏེ་ཞེས་བྱ་བ་ནི་རྒྱ་གར་སྐད་དུ་འབྲས་བུའི་མིང་ཀ་ར་ཞེས་བྱ་བའི་སྒྲ་ལས་ར་ལ་ག་ལ་ཡོད་པ་དེ་ལས་ཏྲི་ཏའི་རྐྱེན་ཅན་ཞེས་བྱའོ། །ལྷག་མ་གོ་སླའོ། །དེ་ལ་ལན་འདེབས་པ་ནི་མི་རུང་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚིག་གི་དོན་ནི་གོ་
སླའོ། །འདིའི་དོན་ནི་ཐམས་ཅད་ལས་ཐམས་ཅད་འབྱུང་བར་ཐལ་བར་འགྱུར་བས་སཱ་ལུའི་ས་བོན་ལས་སཱ་ལུའི་མྱུ་གུ་ཁོ་ན་སྐྱེ་བ་ཡིན་ནོ་ཞེས་རྒྱུ་དང་འབྲས་བུའི་ངེས་པ་མཐོང་བ་ཅིའི་ཕྱིར་ཞེ་ན་ཞེས་ཁོ་བོས་དྲིས་པ་དེ་ལ་ཁྱོད་ཀྱིས་ངེས་པ་མཐོང་བས་སོ་ཞེས་ལན་གསུམ་བརྗོད་པ་ཡིན་ལ་དེ་ཡང་མི་

རིགས་ཏེ། བསྒྲུབ་པར་བྱ་བ་ཉིད་དུ་སྒྲུབ་པར་བྱེད་པ་མི་རིགས་པས་སོ། །དེ་ཉིད་ཀྱི་ཕྱིར་ངེས་པ་མཐོང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཤད་ཟིན་པའི་ཉེས་པ་ཞེས་བྱ་བ་ནི་ཐམས་ཅད་ལས་ཐམས་ཅད་ཐལ་བར་འགྱུར་བའོ། །གལ་ཏེ་ངེས་པར་མཐོང་བའི་ཕྱིར་
ཞེས་བྱ་བ་འདིས་ནུས་པ་ངེས་པ་ཡིན་ནོ་ཞེས་བརྗོད་ན་དེ་ལ་ཡང་མཚུངས་པ་ཡིན་ཏེ། གཞན་ལ་ཡང་ནུས་པ་ཅིའི་ཕྱིར་ཡོད་པར་མི་འགྱུར། དེ་ལྟར་མཐོང་བའི་ཕྱིར་རོ་ཞེ་ན། འོ་ན་ངེས་པ་མཐོང་བ་གང་གི་ཕྱིར་ཞེ་ན། ངེས་པ་མཐོང་བའི་ཕྱིར་རོ་ཞེས་པའི་སྐྱོན་དེ་སྔར་བཞིན་དུ་གནས་པ་ཡིན་ནོ། །
གལ་ཏེ་ངེས་པ་མཐོང་བས་ནུས་པ་ངེས་པར་སྒྲུབ་པར་མི་བྱེད་ཀྱི། རང་གི་རྒྱུ་ཁོ་ན་ལས་ཁྱད་པར་ཅན་སྐྱེ་བས་སོ་ཞེ་ན། འོ་ན་ངེས་པ་མཐོང་བའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་དེ་དགོད་པར་རིགས་པ་མ་ཡིན་ནོ། །གཞན་ཡང་རང་གི་རྒྱུ་ལས་ཁྱད་པར་ཅན་དེ་སྐྱེ་བ་དེ་རྒྱུ་དང་འབྲས་བུའི་དངོས་པོ་གྲུབ་
པར་གྱུར་ན་འགྲུབ་པ་ཡིན་པ་ལ་དེ་ཡང་མི་རིགས་ཏེ། གང་གི་ཕྱིར་རྒྱུ་རྟག་པའམ་མི་རྟག་པ་ལས་འབྲས་བུ་སྐྱེ་བ་ཡིན། རེ་ཞིག་རྟག་པ་ལས་ནི་མི་རིགས་ཏེ། རིམ་དང་ཅིག་ཅར་གྱིས་དོན་བྱེད་ནུས་པ་འགལ་བའི་ཕྱིར་རོ། །མི་རྟག་པ་ལས་ཀྱང་མི་རིགས་ཏེ། གང་གི་ཕྱིར། དེ་ཞིག་པ་ལས་སྐྱེ་
བའམ། འོན་ཏེ་མ་ཞིག་པ་ལས་སྐྱེ། །ཞིག་པ་ལས་མ་ཡིན་ཏེ། འབྲས་བུ་ལ་རྒྱུ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །མ་ཞིག་པ་ལས་ཀྱང་མ་ཡིན་ཏེ། རྒྱུ་དང་འབྲས་བུ་དག་ཅིག་ཅར་སྐྱེས་པས་འབྲས་བུ་ལ་རྒྱུ་མེད་པར་ཐལ་བར་འགྱུར་བས་སོ། །དེས་ན་རྒྱུ་དང་འབྲས་བུའི་དངོས་པོ་དག་མ་
གྲུབ་པའི་ཕྱིར་རང་གི་རྒྱུ་ལས་ཁྱད་པར་ཅན་སྐྱེ་བ་ག་ལ་ཡོད། སྔར་ནུས་པ་ངེས་པར་ཁས་བླངས་ནས་སྐྱོན་བརྗོད་པ་ཡིན་ལ། ད་ནི་ནུས་པ་ངེས་པ་ཉིད་དང་མི་སྲིད་པ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱད་པར་དུ་ཡོངས་སུ་མ་བཅད་པ་ཞེས་བྱ་བ་ནི་སྔར་
འདི་ལྟར་གཞན་དུ་མ་གྱུར་པའི་རྐྱེན་བཞི་པོ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་གཞན་པ་ཙམ་གཏན་ཚིགས་སུ་བཀོད་པའི་ཕྱིར་རོ། །ཅི་ལྟ་བ་བཞིན་འདོད་པ་ལ་གནོད་བྱེད་དུ་ཡོད་པ་བཞིན་ནོ་ཞེས་བྱ་བ་ནི་སཱ་ལུའི་ས་བོན་ཉིད་ལས་སཱ་ལུའི་མྱུ་གུ་སྐྱེ་བར་འདོད་པ་ལ་གནོད་བྱེད་དུ་འགྱུར་བའོ། །གེ་སར་དང་

ཞེས་བྱ་བ་ནི་པདྨ་ལ་སོགས་པའི་ཟེའུའི་འབྲུའོ། །ཀི་ཤུ་ཀ་ཞེས་བྱ་བ་ནི་མེ་ཏོག་གི་ཁྱད་པར་རོ། །འདྲ་བ་མ་ཡིན་ཉིད་ཅེས་བྱ་བ་ནི་སཱ་ལུ་དང་ནས་དག་རིགས་ཐ་དད་པའི་ཕྱིར་རོ། །དེ་ལ་ཞེས་བྱ་བ་ནི་སཱ་ལུའི་མྱུ་གུ་དེ་ལའོ། །ཇི་སྐད་དུ་བཤད་པའི་ཁྱད་པར་གྱིས་ཁྱད་པར་ཅན་དུ་འགྱུར་བ་མ་ཡིན་ཏེ་ཞེས་བྱ་
བ་ནི་སྐྱེད་པར་བྱེད་པ་ལ་སོགས་པའི་ཁྱད་པར་གྱིས་ཁྱད་པར་ཅན་དུ་གྱུར་པའི་ཕྱིར་རོ། །དེ་ལྟར་རེ་ཞིག་ཅེས་བྱ་བ་ལ་སོགས་པ་ལ་གྲུབ་གྲུབ་ལྟར་རྗེས་སུ་བརྗོད་ནས་ཞེས་བྱ་བ་ནི་འབྲས་བུ་ལ་ལྟོས་ནས་རྒྱུ་གཞན་ཉིད་མ་གྲུབ་ཏུ་ཟིན་ཀྱང་གཞན་ཉིད་དུ་ཁས་བླངས་ནས་སྐྱོན་བརྗོད་པ་ཡིན་ནོ་ཞེས་པའོ། །ད་ནི་གཏན་
ཚིགས་སུ་བཀོད་པའི་གཞན་ཉིད་ཀྱང་མ་གྲུབ་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། མྱུ་གུ་ས་བོན་དང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ས་བོན་དང་ནི་དུས་མཉམ་ཡོད་པ་མ་ཡིན་ཏེ་ཞེས་བྱ་བ་ནི། ས་བོན་ཡོངས་སུ་མ་གྱུར་ན། །མྱུ་གུ་མཐོང་བ་མེད་པས་སོ། །གཞན་པ་ཉིད་དུ་ག་ལ་འགྱུར། །ཞེས་བྱ་
བ་ནི་མྱུ་གུ་མ་སྐྱེས་ན་མྱུ་གུ་ལ་ལྟོས་པའི་ས་བོན་ལས་གཞན་པ་ཉིད་མ་གྲུབ་པས་ས་བོན་ལས་གཞན་པ་ཉིད་ག་ལ་ཡོད་པར་འགྱུར་ཞེས་པའོ། །ས་བོན་ལས་ཞེས་བྱ་བ་ནི་གཞན་ཉིད་ལས་སོ། །ས་བོན་རྣམ་པར་མ་གྱུར་པར་ཞེས་བྱ་བ་ནི་འདས་པ་ལ་སོགས་པར་མ་གྱུར་ནའོ། །ལྷག་མ་གོ་སླའོ། །
བཤད་པ་ཡིན་ནོ་ཞེས་བྱ་བ་ནི་རྩ་བའི་ཤེས་རབ་ལས་སོ། །རྒྱུའམ་ཞེས་བྱ་བ་ནི་མཚུངས་པ་དེ་མ་ཐག་པའོ། །རྐྱེན་ཞེས་བྱ་བ་ནི་ལྷན་ཅིག་བྱེད་པའི་རྒྱུའོ། །རྒྱུ་དང་རྐྱེན་གྱི་ཚོགས་པ་ཞེས་བྱ་བ་ནི་གཉིས་ཀའིའོ། །དེ་ལས་ཡང་རུང་ཞེས་བྱ་བ་ནི་དེ་དག་ལས་གཞན་དུ་གྱུར་པའི་བུམ་པ་དང་སྣམ་བུ་ལ་
སོགས་པའོ། །འབྲས་བུ་རྣམས་ཀྱི་རང་བཞིན་མེད་པ་ཁོ་ན་སྟེ་ཞེས་བྱ་བ་འདི་རྣམས་ཡོད་ན་འབྲས་བུ་རྣམས་ཀྱི་རང་བཞིན་ཡིན་ཏེ། ཡོད་པ་ཉིད་མེད་ན་ཡིན་ནོ་ཞེས་པའོ། །དེ་མེད་ན་ཞེས་བྱ་བ་ནི་འབྲས་བུ་རྣམས་ཀྱི་རང་བཞིན་མེད་ནའོ། །རྐྱེན་ལ་སོགས་པ་རྣམས་ལ་ཞེས་པའི་བདུན་པའི་ཚིག་གི་རྐྱེན་
ལ་སོགས་པར་གྱུར་ན་འབྲས་བུ་ཡོད་པར་གྱུར་པའི་མཚན་ཉིད་ཅན་ནོ། །གང་ཡོད་པས་ཡོད་པར་མཚོན་པ་ཞེས་བྱ་བ་ལ་གང་ཡོད་པས་ཞེས་བྱ་བ་ནི་རྐྱེན་ལ་སོགས་པ་ཡོད་པས་སོ། །ཡོད་པ་མཚོན་པ་ཞེས་བྱ་བ་ནི་འབྲས་བུ་ཡོད་པར་མཚོན་པའོ། །འདིས་ཞེས་བྱ་བ་ནི་མཚན་ཉིད་འདིའི་སྒོ་ནས་སོ། །

འདི་ནི་བདུན་པ་བཞིན་ནོ་ཞེས་བྱ་བ་ནི་རྐྱེན་ལ་སོགས་པ་ལ་ཞེས་བྱ་བའི་བདུན་པའོ། །གང་གི་ཚེ་གཞི་ཡིན་པས་དེའི་ཚེ་ནི་ཞེས་བྱ་བ་ནི་རྐྱེན་ལ་སོགས་པ་རྣམས་ལ་བདུན་པའི་ཚིག་ནི་གཞི་སྟོན་པར་བྱེད་པར་འདོད་ནའོ་ཞེས་པའོ། །འདིའི་དོན་ནི་འདི་ཡིན་ཏེ། བདུན་པའི་དོན་
གཉིས་ཏེ། དེ་ཡོད་ན་ཡོད་པར་མཚོན་པ་དང་། རྟེན་གྱི་དོན་ཏོ། །དེ་ལ་དང་པོའི་དབང་དུ་བྱས་པའི་བཤད་པ་ནི་སྔ་མ་བཞིན་ནོ། །རྟེན་གྱི་དབང་དུ་བྱས་པའི་བཤད་པ་ནི་ཕྱི་མ་བཞིན་ནོ། །དེ་ལ་དང་པོའི་དཔེ་ནི་བུམ་པ་ཡོད་ན་སྣམ་བུ་ཡོད་པ་བཞིན་ནོ། །དེ་ལ་དང་པོའི་དཔེ་ནི་འཁར་
གཞོང་དང་རྒྱ་ཤུག་ལྟ་བུ་ཡིན་ནོ་ཞེས་པའོ། །མེད་པར་ཡང་ཞེས་བྱ་བ་ནི་གལ་ཏེ་འབྲས་བུ་དེ་རྐྱེན་ལ་སོགས་པ་རྣམས་ལ་བརྟེན་པ་ཉིད་དུ་ཡོད་པར་མ་གྱུར་ནའོ། །དེ་དག་ལས་ཞེས་བྱ་བ་ནི་རྐྱེན་ལ་སོགས་པ་ལས་སོ། །རྐྱེན་མིན་ལས་ཀྱང་འབྲས་བུ་ནི། །ཅི་ཡི་ཕྱིར་ནི་སྐྱེ་མི་འགྱུར། །ཞེས་
པ་ནི་རྒྱུ་མ་ཡིན་པ་རྣམས་ལ་ཡང་མེད་པ་ཉིད་དུ་མཚུངས་པའི་ཕྱིར་རོ། །ཅི་སྐད་དུ་གསུངས་པ་ཡིན་ནོ་ཞེས་བྱ་བ་ནི་དབུ་མ་རྩ་བའི་ཤེས་རབ་ལས་སོ། །སློབ་དཔོན་ཉིད་ཀྱིས་ཞེས་བྱ་བ་ནི་སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱིས་སོ། །གཞན་གྱིས་གཞན་ཉིད་དུ་བསྒྲུབ་པའི་ཕྱིར། འདིར་སྨྲས་པ་ཞེས་བྱ་
བ་ལ་སོགས་པ་གསུངས་ཏེ། དེ་བཞིན་དུ་ས་བོན་འགག་བཞིན་པ་ན་མྱུ་གུ་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ནི་འགག་པ་ལ་མངོན་པར་ཕྱོགས་པའི་ས་བོན་དང་སྐྱེ་བ་ལ་མངོན་པར་ཕྱོགས་པའི་མྱུ་གུ་དག་དུས་མཉམ་པ་ཉིད་ཡིན་པས་གཞན་ཉིད་དུ་གྲུབ་པ་ཉིད་ཡིན་ནོ་ཞེས་པའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར།
འདི་ལྟར་གང་ཁོ་ནའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ས་བོན་འགག་པ་ཞེས་བྱ་བ་ནི་འཇིག་པའོ། །མྱུ་གུ་སྐྱེ་བ་ཞེས་བྱ་བ་ནི་འབྱུང་བའོ། །གཉིས་དུས་གཅིག་པའི་ཕྱིར་ཞེས་བྱ་བ་ནི་འཇིག་པ་དང་སྐྱེ་བ་དག་དུས་མཉམ་པའི་ཕྱིར་རོ། །དེའི་ཕྱིར་ཞེས་བྱ་བ་ནི་གང་ཁོ་ནའི་ཚེ་ས་བོན་འགག་པ་དེ་
ཉིད་ཀྱི་ཚེ་མྱུ་གུ་སྐྱེས་པས་སོ། །ས་བོན་དང་མྱུ་གུ་དག་ཀྱང་དུས་མཉམ་པར་འགྱུར་ལ་ཞེས་བྱ་བ་ནི་འགག་བཞིན་པའི་ས་བོན་དང་སྐྱེ་བཞིན་པའི་མྱུ་གུ་དག་དུས་མཉམ་པར་འགྱུར་བའོ། །དེས་ན་གཞན་ཉིད་ཡོད་པ་ཁོ་ན་ཡིན་ནོ་ཞེས་པའོ། །དེ་ཉིད་དཔེའི་སྒོ་ནས་སྟོན་པ་ནི་ཇི་ལྟར་ཞེས་བྱ་བ་ལ་སོགས་

པ་གསུངས་ཏེ། དུས་མཉམ་པ་མ་ཡིན་པ་ནི་མིན་པར་ཞེས་བྱ་བ་ནི་དགག་པའི་ཚིག་གཉིས་ཀྱིས་སྐབས་སུ་བབ་པའི་དོན་གོ་བར་བྱེད་པ་ཡིན་ནོ་ཞེས་པ་སྟེ། དུས་མཉམ་པར་འགྱུར་བ་ཡིན་ནོ་ཞེས་པའོ། །བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་དག་གི་སྐྱེ་འགག་འགྱུར་ཞེ་ན་ཞེས་བྱ་བ་ནི་སྲང་མདའི་
དཔེས་འཇིག་པ་སྐྱེ་བ་དག་དུས་མཉམ་པ་ཉིད་དུ་བསྟན་པས་འགག་བཞིན་པ་ས་བོན་དང་། སྐྱེ་བཞིན་པའི་མྱུ་གུ་དག་དུས་མཉམ་པ་ཡིན་ནོ་ཞེས་པའོ། །དེའི་ཕྱིར་ཉེས་པ་མེད་དོ་ཞེས་བྱ་བ་ནི་གང་གི་ཕྱིར་ས་བོན་དང་མྱུ་གུ་དག་དུས་མཉམ་པ་དེའི་ཕྱིར་གཞན་ཉིད་དུ་མ་གྲུབ་པོ་ཞེས་བྱ་བའི་སྐྱོན་ཡོད་པར་
མི་འགྱུར་བའོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། དེ་ལྟ་ན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་གཅིག་ཚེ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་ས་བོན་དང་མྱུ་གུ་དག་ལ་དུས་གཅིག་གི་ཚེ་ན་སྐྱེ་བ་དང་འཇིག་པ་དུས་གཅིག་པའི་སྒོ་ནས་དུས་གཅིག་པ་ཉིད་ཁས་ལེན་ནའོ། །དེ་ཡོད་མིན་
ཞེས་བྱ་བ་ནི་དུས་གཅིག་པ་ཉིད་དོ། །འདིར་ཞེས་བྱ་བ་ནི་ས་བོན་དང་མྱུ་གུའི་གནས་སྐབས་ནའོ། །དུས་གཅིག་མེད་ཅེས་བྱ་བ་ནི་གང་གི་ཕྱིར་ས་བོན་དང་མྱུ་གུ་དག་དུས་མཉམ་པ་མ་ཡིན་པའི་ཕྱིར་རོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། གལ་ཏེ་སྲང་གི་དཔེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །
དུས་གཅིག་པ་ཉིད་མི་རིགས་པར་བསྟན་པར་བྱ་བའི་ཕྱིར། ཅི་ལྟར་ཡོད་པ་མ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིའི་དོན་ནི་སྐྱེ་བཞིན་པའི་མྱུ་གུ་དང་། འགག་བཞིན་པའི་ས་བོན་དག་དུས་མཉམ་པ་ཉིད་རིགས་པ་མ་ཡིན་ཏེ། གང་གི་ཕྱིར་སྐྱེ་བ་ལ་མངོན་པར་ཕྱོགས་པ་ལ་སྐྱེ་བཞིན་
པ་ཞེས་བརྗོད་པ་ཡིན་ལ་གང་དུ་མ་སྐྱེས་པ་མ་འོངས་པ་ཞེས་པའི་དོན་ཏོ། །འགག་པ་ལ་མངོན་པར་ཕྱོགས་ལ་འགག་བཞིན་པ་ཞེས་བྱ་སྟེ། གང་དུ་མ་འགགས་པ་སྟེ་ད་ལྟར་ཞེས་བྱ་བའི་དོན་ཏོ། །དེས་ན་ཡོད་པ་དང་མེད་པའི་ད་ལྟར་བ་དང་། མ་འོངས་པའི་དུས་གཅིག་པ་ཉིད་ཅི་ལྟར་ཡིན་ཞེས་
པའོ། །དེས་ན་སྲང་གི་དཔེ་དང་། མཚུངས་པ་ཉིད་དུ་ཡོད་པ་མ་ཡིན་ནོ། །གཞན་གྱི་དོགས་པ་བསུ་བར་བྱ་བའི་ཕྱིར། ཆོས་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་དག་དུས་གཅིག་པ་ཉིད་མེད་མོད་ཀྱི་ཞེས་བྱ་བ་ནི་འགག་བཞིན་པ་དང་སྐྱེ་བཞིན་པའི་ས་བོན་དང་། མྱུ་གུ་དག་

དུས་གཅིག་པ་ཉིད་མ་ཡིན་གྱི། འོན་ཀྱང་དེའི་བྱ་བ་སྟེ། འཇིག་པ་དང་སྐྱེ་བའི་མཚན་ཉིད་དག་ལ་དུས་གཅིག་ཡོད་པ་མ་ཡིན་ནོ་ཞེ་ན། དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། དེ་ཡང་མི་རུང་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་ལས་ཐ་དད་པ་ཞེས་བྱ་བ་ནི་
འགག་བཞིན་པ་དང་། སྐྱེ་བཞིན་པའི་ས་བོན་དང་མྱུ་གུ་དག་ལས་ཐ་དད་པའོ། །དེ་ལྟར་བྱ་བ་སྲིད་པར་ཁས་བླངས་ཏེ། སྐྱོན་བརྗོད་ནས། ད་ནི་བྱ་བ་ཉིད་ཀྱང་མི་སྲིད་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་བྱེད་པ་པོ་མྱུ་གུ་ནི་ཞེས་བྱ་བ་
ནི་གང་གི་ཕྱིར་མྱུ་གུ་སྐྱེ་བ་དེའི་ཕྱིར་མྱུ་གུ་བྱེད་པ་པོ་ཡིན་ཏེ། ལྷ་སྦྱིན་འགྲོ་བ་བཞིན་ནོ། །དེ་མེད་ན་ཞེས་བྱ་བ་ནི་མྱུ་གུ་མེད་པའོ། །རྟེན་མེད་པར་ཞེས་བྱ་བ་ནི་མྱུ་གུ་མེད་པར་རོ། །འདི་ཡོད་པ་མ་ཡིན་ལ་ཞེས་བྱ་བ་ནི་སྐྱེ་བའི་བྱ་བའོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་རྩ་བའི་ཤེས་རབ་ཀྱི་
ཚིགས་སུ་བཅད་པའོ། །གཞི་མཐུན་ནོ་ཞེས་བྱ་བ་ནི་དོན་གང་དངོས་པོའི་སྒྲས་བརྗོད་པ་དེ་ཉིད་དེ་ཞེས་བྱ་བའི་ཚིག་གིས་ཀྱང་བརྗོད་པ་ཡིན་པས་སྒྲའི་བརྗོད་བྱ་མཚུངས་པ་ཉིད་ཡིན་ནོ་ཞེས་པའོ། །མེད་ན་ཞེས་བྱ་བའི་དངོས་པོའི་ཁྱད་པར་རོ་ཞེས་བྱ་བའི་བྱེད་པ་པོའི་མཚན་ཉིད་ཀྱི་དངོས་པོ་མེད་པར་
གྱུར་ནའོ། །ཅི་ཞིག་གི་སྒྲ་ནི་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་སྒྲ་འདི་དང་སྦྱར་བར་བྱ་སྟེ་ཞེས་བྱ་བ་ནི་ཅི་ཞིག་སྐྱེ་བར་འགྱུར་ཞེས་བྱ་བའི་དོན་ཏོ། །དོན་འདི་ཉིད་ལ་ལུང་དང་འགལ་བ་བསྟན་པར་བྱ་བའི་ཕྱིར། གལ་ཏེ་སྲང་མདའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །དེ་ལ་ལན་བསྟན་པར་བྱ་
བའི་ཕྱིར། ཉེ་བར་བཀོད་པ་ནི་བདེན་མོད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་གཞན་ལས་སྐྱེ་བ་བསྟན་པར་བྱ་བའི་ཕྱིར་མ་ཡིན་ནོ་ཞེས་བྱ་བ་ནི། རྣམ་པར་དཔྱད་ན་གཞན་ལས་སྐྱེ་བ་མ་གྲུབ་པའི་ཕྱིར་རོ། །རང་གི་མཚན་ཉིད་ཀྱི་སྐྱེ་བ་བསྟན་པར་བྱ་བའི་ཕྱིར། ཡང་མ་ཡིན་ནོ་ཞེས་བྱ་བའི་
དོན་དམ་པའི་རང་བཞིན་ཅན་གྱི་དངོས་པོ་སྐྱེ་བ་བསྟན་པར་བྱ་བའི་ཕྱིར་ཡང་མ་ཡིན་ཏེ། རྒྱུ་དང་འབྲས་བུ་མི་འཐད་པའི་ཕྱིར་དོན་དམ་པར་དངོས་པོ་མེད་པས་སོ། །མ་བརྟགས་པར་ཞེས་བྱ་བ་ནི་ཅི་ལྟར་སྒྱུ་མའི་གླང་པོ་ལ་སོགས་པ་མེད་དུ་ཟིན་ཀྱང་འཇིག་རྟེན་པ་ལ་གླང་པོ་ལ་སོགས་པར་མངོན་

པར་ཞེན་པ་འབྱུང་ལ། དེ་བཞིན་དུ་འདིར་ཡང་ས་བོན་དང་མྱུ་གུ་དག་ཅིག་ཅར་སྐྱེ་བ་མེད་དུ་ཟིན་ཀྱང་འཇིག་རྟེན་པ་ལ་རབ་ཏུ་གྲགས་པའི་ཡོངས་སུ་མ་བརྟགས་ན་ཉམས་དགའ་བ་ཅིག་ཅར་བརྟེན་ནས་འབྱུང་བའི་མངོན་པར་ཞེན་པ་ལ་བརྟེན་ན་སཱ་ལུ་ལྗང་པའི་མདོ་ལས་སྔར་གྱི་དཔེ་ཉེ་བར་བཀོད་པ་ཡིན་པས་སྐྱོན་
གང་ཡང་ཡོད་པ་མ་ཡིན་ནོ་ཞེས་པའོ། །ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་ནི་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་བསྟོད་པ་ལས་ཏེ། སྔར་བསྟན་པའི་རིགས་པས་ཞིག་པ་དང་མ་ཞིག་པའི་རྒྱུ་ལས་འབྲས་བུ་དག་མི་འབྱུང་བའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྐྱེ་བ་ཐམས་ཅད་སྒྱུ་མ་ལྟ་བུར་གསུངས་
པ་ཡིན་ནོ་ཞེས་པའོ། །ད་ནི་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་དོགས་པ་བསུ་བའི་ཕྱིར། འདིར་སྨྲས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་དུ་ཅིག་ཅར་བ་ཉིད་ཡོད་པ་ཞེས་བྱ་བ་ནི་མིག་དང་། མིག་གི་རྣམ་པར་ཤེས་པ་དང་། ཚོར་བ་ལ་སོགས་པའོ། །དེར་གཞན་ཉིད་ཡོད་པ་ཞེས་བྱ་བ་
ནི་དུས་མཉམ་པ་ཉིད་ཀྱིས་གཞན་ཉིད་ཡོད་པ་མ་ཡིན་ནོ་ཞེས་པའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། དེ་ནི་ཡོད་པ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དུས་མཉམ་པ་ལ་གཞན་ལས་སྐྱེ་བ་ཡོད་
དོ་ཞེས་གང་སྨྲས་པ་དེ་ནི་ཡོད་པ་མ་ཡིན་ཞེས་པའོ། །མིག་གི་བློ་ལ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པ་ལའོ། །འདུ་ཤེས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་ཚོར་བ་ལ་སོགས་པ་གཟུང་བར་བྱའོ། །ལྷན་ཅིག་འབྱུང་བ་དང་ཞེས་བྱ་བ་ནི་རྣམ་པར་ཤེས་པ་དང་ལྷན་ཅིག་ཏུ་
གྱུར་པའོ། །གཞན་ཉིད་ཡོད་ན་ཞེས་བྱ་བ་ནི་གལ་ཏེ་མིག་གི་རྣམ་པར་ཤེས་པ་ལ་འདུ་ཤེས་ལ་སོགས་པ་དང་། མིག་ལ་སོགས་པ་ལས་གཞན་ཉིད་ཡོད་པར་འགྱུར་ནའོ་ཞེས་པའོ། །ཡོད་པ་འབྱུང་བས་དགོས་པ་ཅི་ཞིག་ཡོད་ཅེས་བྱ་བ་ནི་གལ་ཏེ་མིག་གི་རྣམ་པར་ཤེས་པ་མིག་ལ་སོགས་པ་ལས་
གཞན་ཉིད་ཡིན་ན། དེའི་ཚེ་གཞན་ཉིད་དེ་ཡོད་པ་ཉིད་ཟིན་ཀྱང་གང་ཡོད་པར་གྱུར་པ་དེ་ལ་སྐྱེ་བ་དགོས་པ་ཅི་ཞིག་ཡོད་ཅེས་སོ། །ཅི་སྟེ་དེ་མེད་ན་ཞེས་བྱ་བ་ནི་གལ་ཏེ་སྐྱེ་བ་མེད་པའི་སྐྱོན་སྤང་བའི་ཕྱིར་མིག་གི་རྣམ་པར་ཤེས་པ་ཡོད་པར་ཁས་མི་ལེན་ནའོ། །འདི་ལ་ཉེས་པ་བཤད་ཟིན་ཏོ་ཞེས་བྱ་བ་ནི་མིག་གི་

རྣམ་པར་ཤེས་པ་མེད་ན་མིག་ལ་སོགས་པ་གཞན་དུ་མ་གྲུབ་པས་གཞན་ལས་སྐྱེ་བ་མེད་དོ་ཞེས་པའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །མཇུག་ཉེ་བར་བསྡུ་བ་བསྟན་པར་བྱ་བའི་ཕྱིར། དེའི་ཕྱིར་དེ་ལྟར་
གཞན་ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་མི་སྲིད་པའི་ཕྱིར་ཞེས་བྱ་བ་ནི་འབྲས་བུ་མི་སྲིད་པའི་ཕྱིར་རོ། །གཉིས་ཀ་མི་སྲིད་ཅིང་ཞེས་པ་ནི་འབྲས་བུ་སྐྱེ་བ་ལ་མི་ལྟོས་པའི་གཞན་ཉིད་མ་གྲུབ་པའོ། །གཉིས་ཀ་ཡང་མི་སྲིད་པས་ཞེས་བྱ་བ་ནི་གཞན་ཉིད་དང་གཞན་ལས་སྐྱེ་བ་ཡང་མི་སྲིད་
པའི་ཕྱིར་ཏེ། འདི་ལྟར་གལ་ཏེ་འབྲས་བུ་སྐྱེས་པར་གྱུར་ན། དེའི་ཚེ་འབྲས་བུ་ལ་ལྟོས་པའི་རྒྱུ་གཞན་ཉིད་དུ་ཡོད་པར་འགྱུར་བ་ཡིན་པ་ལས། འབྲས་བུ་ལ་སྐྱེ་བ་མེད་པས་རྒྱུ་གཞན་ཉིད་དུ་གྱུར་པས་ཡོད་པ་མ་ཡིན་ཏེ། དེ་མེད་པས་གཞན་ལ་སྐྱེ་བ་ཡོད་པ་མ་ཡིན་ནོ་ཞེས་པའོ། །ཕྱི་རོལ་
གྱི་དོན་ཡོད་པ་མ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་གཞན་ལས་སྐྱེ་བའི་མཚན་ཉིད་ཅན་གྱི་དོན་མེད་པས་སོ། །ཕྱི་རོལ་གྱི་དོན་གྱིས་སྟོང་པས་ཞེས་བྱ་བ་ནི་གཞན་ལས་སྐྱེ་བ་ཡིན་ནོ་ཞེས་བྱ་བའི་སྒྲ་དེ་གཞན་ལས་སྐྱེ་བའི་མཚན་ཉིད་ཅན་གྱི་དོན་གྱིས་སྟོང་པའོ། །སྒྲ་ཙམ་འབའ་ཞིག་ལུས་པར་འགྱུར་ཏེ་
ཞེས་བྱ་བ་ནི་བརྟགས་ཤིང་དཔྱད་ན་དོན་གཞན་གྱིས་སྟོང་པའི་སྒྲ་ཙམ་ལུས་པའོ། །དེ་ལྟར་རྒྱུ་དང་འབྲས་བུ་དག་ཅིག་ཅར་ཡོད་པ་མ་ཡིན་པས་གཞན་ཉིད་མི་སྲིད་པར་བསྟན་ནས་ད་ནི་འབྲས་བུ་མེད་པ་ཉིད་ཀྱི་ཕྱིར་འབྲས་བུ་རྒྱུའི་དུས་ལ་ལྟོས་པ་ཡོད་པ་མ་ཡིན་པ་དང་། རྒྱུ་ཡང་འབྲས་བུའི་དུས་ལ་ལྟོས་
པ་མེད་པའི་ཕྱིར། །གཞན་ཉིད་ཡོད་པ་མ་ཡིན་ནོ། །ཞེས་བསྟན་པར་བྱ་བའི་ཕྱིར། ད་ནི་རྒྱུ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྐྱེད་བྱ་གཞན་ཞེས་བྱ་བ་ནི་འབྲས་བུའོ། །གཞན་སྐྱེད་པར་བྱེད་པ་མ་ཡིན་པ་ཉིད་དུ་བསྟན་པར་བྱ་བ་མ་ཡིན་པའི་ཕྱིར། ཡོད་པའམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
འདིར་འབྲས་བུ་ཡོད་པ་ཞིག་སྐྱེད་དམ། འོན་ཏེ་མེད་པ་ཞིག་གམ། འོན་ཏེ་ཡོད་པ་དང་མེད་པའི་བདག་ཉིད་ཅན་ནམ། འོན་ཏེ་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པ་གཉིས་ཀ་མ་ཡིན་པའི་རང་བཞིན་ཅན་ཞིག་སྐྱེད་པར་བྱེད། དེ་ལ་ཡོད་པ་ནི་སྐྱེད་པར་བྱེད་པ་མ་ཡིན་ཏེ། ཡོད་པ་ལ་སྐྱེ་བ་དོན་

མེད་པའི་ཕྱིར་རོ། །མེད་པ་ཡང་སྐྱེད་པར་བྱེད་པ་མ་ཡིན་ཏེ། རི་བོང་གི་རྭ་བཞིན་དུ་མེད་པའི་ཕྱིར་རོ། །གཉིས་ཀའི་རང་བཞིན་ཅན་ཡང་སྐྱེད་པར་བྱེད་པ་མ་ཡིན་ཏེ། ཕྱོགས་གཉིས་ཀ་ལ་བསྟན་པའི་སྐྱོན་ཡོད་པར་འགྱུར་བས་སོ། །ཡོད་པ་དང་མེད་པ་གཉིས་ཀ་མ་ཡིན་པ་ཡང་སྐྱེད་པར་བྱེད་
པ་མ་ཡིན་ཏེ། དེ་མི་སྲིད་པའི་ཕྱིར་རོ། །དེས་ན་འབྲས་བུ་མེད་པའི་ཕྱིར་གཉིས་ཀ་གཉིས་ཀའི་དུས་ལ་ལྟོས་པ་མ་ཡིན་ནོ་ཞེས་སོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། རེ་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཅི་ལྟར་ཞེས་བྱ་བ་ལ་སོགས་པ་ནི་བཞི་བརྒྱ་པའི་ཚིགས་སུ་བཅད་པའོ། །
འདིའི་དོན་ནི་གྲངས་ཅན་པ་དང་། བྱེ་བྲག་ཏུ་སྨྲ་བ་དག་རྒྱུའི་གནས་སྐབས་ན་འབྲས་བུ་ཡོད་པར་སྨྲ་བ་ཡིན་ཏེ། གྲངས་ཅན་པའི་གང་ཡོད་པ་དེ་དུས་ཐམས་ཅད་དུ་ཡོད་པ་ཁོ་ན་ཡིན་ཏེ་མེད་པ་སྐྱེ་བ་དང་ཡོད་པ་འགག་པ་མེད་དོ་ཞེས་པ་ནི་འདོད་པ་ཡིན་ཏེ། གང་གི་ཕྱིར་མེད་པ་བྱེད་པ་འཐད་པ་མིན་ཕྱིར་
དང་ཞེས་བྱ་བ་ལ་སོགས་པས་འབྲས་བུ་ཡོད་པ་ཉིད་དུ་ཁས་བླངས་པ་ཡིན་ཏེ། འབྲས་བུ་མེད་པར་སྐྱེ་བ་ཁས་ལེན་ན་ནི་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་ཡང་ཡོད་པ་མ་ཡིན་ནོ། །དེས་ན་རྒྱུ་ལ་འབྲས་བུ་ཡོད་པ་ཁོ་ན་ཡིན་ནོ་ཞེས་པའོ། །བྱེ་བྲག་ཏུ་སྨྲ་བ་རྣམས་
ནི་དངོས་པོ་མེད་པ་སྐྱེ་བར་ཐལ་བར་འགྱུར་བའི་འཇིགས་པས་དངོས་པོ་རྣམས་དུས་གསུམ་ན་ཡོད་པ་ཡིན་ནོ་ཞེས་རྟོག་པར་བྱེད་དེ་ཚོགས་པ་ནི་གནས་སྐབས་ཀྱི་འབྲས་བུ་ཅན་ཡིན་གྱི། རྫས་ཀྱི་འབྲས་བུ་ཅན་ནི་མ་ཡིན་པས་དུས་གསུམ་ན་གནས་པའི་རྫས་ལ་རྒྱུ་དང་རྐྱེན་གྱི་ཚོགས་པས་ད་ལྟར་གྱི་གནས་
སྐབས་ཙམ་དུ་བྱེད་པ་ཡིན་གྱི། སྔར་མེད་པའི་རྫས་སྐྱེད་པར་བྱེད་པ་ནི་མ་ཡིན་ནོ་ཞེས་འདོད་པའོ། །བྱེ་བྲག་པ་དང་། མདོ་སྡེ་པ་དང་། སེམས་ཙམ་པ་རྣམས་ནི་འབྲས་བུ་མེད་པར་སྨྲ་བ་ཡིན་ཏེ། དེ་རྣམས་ནི་འབྲས་བུ་ཡོད་པ་སྐྱེ་ན་སྐྱེ་བ་དོན་མེད་པ་ཡིན་ནོ་སྙམ་དུ་བསམས་ནས་འབྲས་བུ་མེད་པ་ཁོ་ན་ཡིན་ནོ་
ཞེས་ཁས་ལེན་པའོ། །དེ་ལ་བྱེ་བྲག་པ་རྣམས་ནི་ས་ལ་སོགས་པའི་རྡུལ་ཕྲ་རབ་ལས་རྡུལ་ཕྲ་རབ་གཉིས་པ་ལ་སོགས་པའི་ཡན་ལག་ཅན་གྱི་རྫས་སྐྱེ་བ་ཡིན་ནོ་ཞེས་འདོད་པས་འབྲས་བུ་མེད་པར་སྐྱེ་བ་ཁས་ལེན་པ་ཡིན་ནོ། །མདོ་སྡེ་པ་རྣམས་ཀྱང་དགེ་སློང་དག་མིག་མེད་པ་འབྱུང་བར་འགྱུར་བ་དང་།

ཡོད་པ་ནི་འགག་པར་འགྱུར་རོ་ཞེས་བྱ་བའི་ལུང་གིས་རྒྱུ་ལས་འབྲས་བུ་མེད་པ་སྐྱེ་བ་ཡིན་ནོ་ཞེས་ཁས་ལེན་ནོ། །སེམས་ཙམ་དུ་སྨྲ་བ་རྣམས་ཀྱང་དངོས་པོ་ཐམས་ཅད་སྐྱེ་བའི་རྒྱུ་བག་ཆགས་ཀྱི་བྱེ་བྲག་གི་རྟེན་ཀུན་གཞི་རྣམ་པར་ཤེས་པ་ལས་བག་ཆགས་ཡོངས་སུ་སྨིན་པའི་རྐྱེན་ཉེ་བར་
གནས་པའི་གང་འཇུག་པའི་རྣམ་པར་ཤེས་པ་ལ་སོགས་པ་སྐྱེ་བ་དེ་ནི་མེད་པ་སྐྱེ་བ་ཡིན་ནོ་ཞེས་ཁས་ལེན་པ་ཡིན་ནོ། །དེ་ལྟར་སྨྲ་བ་པོ་རྣམས་ནི་འབྲས་བུ་ཡོད་པ་དང་མེད་པའི་སྐྱེ་བ་ཉིད་དུ་སྨྲ་བ་ལས་མི་འདའ་བ་ཡིན་ནོ། །དེ་ལྟར་སྨྲ་བ་གཉིས་ཀ་ལ་ཡང་། ཁྱིམ་གྱི་དོན་དུ་གང་ཀ་བ་དང་སྒོ་དང་སྒོ་སྐྱེས་ལ་
སོགས་པ་རྣམས་ལ་རི་མོ་ལ་སོགས་པ་བཀོད་པའི་ཁྱད་པར་ཅན་གྱི་བདག་ཉིད་ཅན་གྱི་རྒྱན་དེ་རེ་ཞིག་འབྲས་བུ་ཡོད་པར་སྨྲ་བའི་ཕྱོགས་ལ་མི་རིགས་ཏེ། དེའི་འབྲས་བུར་གྱུར་པའི་ཁྱིམ་ཡོད་པ་ཉིད་ཀྱི་ཕྱིར་རོ། །རྣམ་པ་གཞན་གྱིས་ཁྱིམ་དེ་བསྒྲུབ་པར་བྱ་བ་ཉིད་དུ་ཁས་ལེན་ན་འབྲས་བུ་མེད་པར་ཁས་
ལེན་པར་འགྱུར་བས་སོ། །གང་ཡང་འབྲས་བུ་མེད་པར་ཁས་ལེན་པ་དེ་ཡང་ཇི་སྐད་དུ་བསྟན་པའི་ཀ་བ་ལ་སོགས་པའི་རྒྱན་ཡང་དོན་མེད་པ་ཁོ་ན་ཡིན་ཏེ། འབྲས་བུ་མེད་པའི་ཕྱིར་དང་། མོ་གཤམ་གྱི་བུ་དེ་གང་གིས་ཀྱང་བསྐྱེད་པར་མི་ནུས་པའི་ཕྱིར་རོ། །དེ་བཞིན་དུ་འབྲས་བུ་མེད་པར་སྨྲ་བ་རྣམས་ལ་
ཡང་འབྲས་བུར་གྱུར་པའི་ཁྱིམ་འགྲུབ་པར་མི་འགྱུར་རོ། །གལ་ཏེ་སྐྱོན་དེ་སྤང་བར་བྱ་བའི་ཕྱིར་འབྲས་བུ་རྣམ་པ་ཐམས་ཅད་དུ་མེད་པ་ཉིད་དུ་ཁས་མི་ལེན་ན་འབྲས་བུ་མེད་པར་སྨྲ་བ་ཉམས་པར་འགྱུར་རོ། །ཅི་ལྟར་ཁྱིམ་ཡོད་པ་དང་མེད་པ་བསྒྲུབ་པའི་དོན་དུ་ཀ་བ་ལ་སོགས་པའི་རྒྱན་མི་རིགས་པ་དེ་བཞིན་དུ་
ཕྱི་དང་ནང་གི་འདུ་བྱེད་དང་། མྱུ་གུ་ལ་སོགས་པ་དངོས་པོ་ཐམས་ཅད་ལ་ཡོད་པ་དང་མེད་པར་བརྟགས་པས་མ་རིག་པ་དང་ས་བོན་ལ་སོགས་པའི་རྒྱུ་རྣམས་དོན་མེད་པ་ཉིད་དུ་བརྗོད་པར་བྱའོ། །དབུ་མ་ལས་ཞེས་བྱ་བ་ནི་རྩ་བའི་ཤེས་རབ་ལས་སོ། །འབྲས་བུའི་ངོ་བོ་ཉིད་ཡོད་ན་ཞེས་བྱ་བ་ལ་སོགས་པ་
ནི་གལ་ཏེ་རྒྱུས་འབྲས་བུ་སྐྱེད་པར་བྱེད་ན་དེས་འབྲས་བུ་ཡོད་པ་ཞིག་སྐྱེད་དམ་འོན་ཏེ་མེད་པ་ཞིག་སྐྱེད་གཉིས་ཀ་ཡང་མི་རིགས་ཏེ། འདི་ལྟར་འབྲས་བུ་ངོ་བོ་ཉིད་ཀྱིས་ཡོད་པ་དེ་ནི་ཡང་སྐྱེ་བར་མི་འགྱུར་ཏེ། ཡོད་པའི་ཕྱིར་བུམ་པ་ཡོད་པ་བཞིན་ནོ། །ངོ་བོ་ཉིད་ཀྱིས་མེད་པའི་འབྲས་བུ་དེ་ཡང་རྒྱུས་སྐྱེད་

པར་མི་བྱེད་དེ། ངོ་བོ་ཉིད་ཀྱིས་མེད་པའི་ཕྱིར་བོང་བུའི་རྭ་བཞིན་ནོ། །དེ་ལ་གཞན་དག་ནི་རྒྱུས་འབྲས་བུ་སྐྱེད་པའི་བྱ་བ་བྱེད་པར་ཁས་བླངས་ན། ཁྱོད་ཀྱིས་བརྗོད་པའི་སྐྱོན་ཡོད་པ་ཡིན་གྱི། འོན་ཀྱང་འབྲས་བུ་སྐྱེད་པའི་བྱ་བ་མི་བྱེད་པར་རྒྱུའི་ངོ་བོ་ཉིད་དུ་ཡོད་པ་ཡིན་ལ། འབྲས་བུ་མེད་ན་ཡང་རྒྱུ་
རྒྱུ་ཉིད་དུ་མི་འགྲུབ་པ་ཡིན་པས་དེའི་ཕྱིར་འབྲས་བུ་ཡང་ཡོད་པར་འགྱུར་བ་ཡིན་ནོ་ཞེ་ན། དེ་ལ་ལན་ནི་གལ་ཏེ་སྐྱེད་པར་བྱེད་པ་མ་ཡིན་པ་རྒྱུ་ཉིད་དུ་འགྲུབ་ན་དེ་རྒྱུར་འགྱུར་བ་ཡིན་པ་ལས་སྐྱེད་བྱེད་མ་ཡིན་པ་རྒྱུ་ཉིད་དུ་ཅི་ལྟར་རིགས། གལ་ཏེ་རྒྱུས་འབྲས་བུ་བསྐྱེད་པའི་བྱ་བ་མི་བྱེད་དུ་ཟིན་ཀྱང་དེ་ལྟར་
ཡང་འབྲས་བུ་ཡོད་པ་ཡིན་ཏེ། རྒྱུ་མེད་ན་འབྲས་བུ་ཡང་མི་རིགས་པའི་ཕྱིར་འབྲས་བུ་ཡོད་པས་ན་རྒྱུ་ཡང་ཡོད་པར་འགྱུར་ཞེ་ན། དེ་ལ་ལན་བརྗོད་པར་བྱ་སྟེ། གང་གི་ཚེ་སྐྱེད་པར་བྱེད་པ་མ་ཡིན་པ་རྒྱུ་ཉིད་དུ་མི་རིགས་པ་བརྗོད་པ་དེའི་ཚེ་རྒྱུ་ཉིད་མེད་པས་འབྲས་བུ་གང་གི་ཡིན་པར་འགྱུར་དེས་ན་
འབྲས་བུ་ཡང་ཡོད་པ་མ་ཡིན་ནོ། །གཉིས་ཉིད་ཡིན་ན་ཡང་དེ་ལ་ཞེས་བྱ་བ་ནི་འབྲས་བུ་ཡོད་པ་དང་མེད་པ་ཉིད་དུ་གྱུར་ཀྱང་ངོ་། །བཤད་ཟིན་པའི་ཉེས་པར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་ཡོད་པའི་ཕྱོགས་དང་མེད་པའི་ཕྱོགས་ལ་སྐྱོན་གང་བརྗོད་པ་དེ་ཡོད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །
གཉིས་ཀྱི་དངོས་པོ་འདི་གཉིས་ཉིད་ཡིན་ཞིང་ཞེས་བྱ་བ་ནི་གྲངས་ཙམ་མོ། །གཉིས་ཉིད་ལ་ཡོད་པ་ནི་ཞེས་བྱ་བ་ནི་ཡོད་པ་དང་མེད་པའི་དངོས་པོ་དེ་ལ་ཡོད་པའོ། །དེ་ལྟར་ཡོད་པ་དང་མེད་པའི་ཕྱོགས་ཀྱི་དངོས་པོ་ཁས་བླངས་ནས་སྐྱོན་བརྗོད་པ་ཡིན་ལ། དེ་ནི་ཡོད་པ་དང་མེད་པའི་རང་བཞིན་ཅན་གྱི་
དངོས་པོ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། ཡོད་པ་དང་མེད་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་རང་བཞིན་ཅན་གྱི་ཞེས་བྱ་བ་ནི་ཡོད་པ་དང་མེད་པའི་བདག་ཉིད་ཅན་ནོ། །བསྟན་བཅོས་ལས་ཞེས་བྱ་བ་ནི་དབུ་མ་རྩ་བའི་ཤེས་རབ་ལས་སོ། །མྱ་ངན་ལས་འདས་པ་ཞེས་བྱ་
བ་ལ་སོགས་པ་ནི་ཕན་ཚུན་འགལ་བའི་དངོས་པོ་དང་། དངོས་པོ་མེད་པ་དག་མྱ་ངན་ལས་འདས་པ་གཅིག་ཉིད་ལ་མི་སྲིད་པས་མྱ་ངན་ལས་འདས་པ་དངོས་པོ་དང་དངོས་པོ་མེད་པ་ཅི་ལྟར་ཡོད་པར་འགྱུར་ཏེ། ཡོད་པར་འགྱུར་བ་མ་ཡིན་ནོ་ཞེས་པའི་དོན་ཏོ། །ཅི་ལྟར་ཞེ་ན། སྣང་བ་དང་ནི་མུན་པ་

བཞིན། །ཞེས་བྱ་བ་སྨོས་ཏེ། དཔེར་ན་ཁྱིམ་གཅིག་གི་ནང་དུ་ཕན་ཚུན་འགལ་བ་སྣང་བ་དང་མུན་པ་དག་དུས་གཅིག་ཏུ་མི་སྲིད་པ་ཡིན་ནོ། །དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ལ་བྱེད་པ་པོར་གྱུར་པའམ་མ་གྱུར་པ་ཞེས་བྱ་བ་ནི་གྱུར་པ་ནི་བྱ་བ་དང་ལྡན་པའོ། །མ་གྱུར་པ་ནི་
བྱ་བ་དང་མི་ལྡན་པའོ། །དེ་ལ་བྱེད་པ་པོར་གྱུར་པ་དང་མ་གྱུར་པ་སྟེ། བསྐྱེད་པར་བྱ་བའི་རང་བཞིན་ཅན་དང་། བསྐྱེད་པར་བྱ་བ་མ་ཡིན་པའི་རང་བཞིན་ཅན་གྱི་ལས་མི་བྱེད་དེ། དེ་ཞེས་བྱ་བ་ནི་ཚིག་ལས་བརྗོད་པ་ཡིན་པས་སོ། །ཅིའི་ཕྱིར་ཞེ་ན། དངོས་པོ་གཅིག་ལ་དུས་གཅིག་ཏུ་བསྐྱེད་པར་
བྱ་བའི་རང་བཞིན་ཅན་དང་། བསྐྱེད་པར་བྱ་བ་མ་ཡིན་པའི་རང་བཞིན་ཅན་དུ་མི་རིགས་པས་སོ། །དེས་ན་བྱེད་པ་པོར་གྱུར་པ་དང་མ་གྱུར་པའི་ལས་བྱེད་པ་མ་ཡིན་ཏེ། མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འ