Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 104

Văn bản gốc(Tây Tạng)

Trang 7 / 24 (50.000 ký tự/trang)
ེས་སྦྱར་བར་བྱའོ། །ཅི་ལྟར་ཞེ་ན། རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོ་ཁོང་དུ་ཆུད་པས་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་རང་བཞིན་ཅན་རྟེན་ཅིང་འབྲེལ་པར་
འབྱུང་བ་ཁོང་དུ་ཆུད་ནས་སོ། །དེ་ལ་ཡང་གཟུང་བར་རྟོག་པ་སྤང་བའི་ཐབས་ཙམ་ཡོད་པ་ཡིན་ཀྱི། རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་ཉིད་ཡོངས་སུ་རྫོགས་པར་རྟོགས་པ་ནི་ཡོད་པ་མ་ཡིན་ནོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོ་རྟོགས་པ་བྱང་ཆུབ་སེམས་དཔའ་རྣམས་ལ་ཡོད་པའི་

ཕྱིར་རོ། །སྙིང་རྗེ་ཆེན་པོ་དང་ཐབས་ལ་མཁས་པ་མེད་པ་དང་ཞེས་བྱ་བ་སྨོས་ཏེ། སྙིང་རྗེ་ཆེན་པོ་ཉིད་གཞན་གྱི་དོན་བྱེད་པ་ལ་ཐབས་མཁས་པ་སྟེ། དེ་དང་བྲལ་བ་ཡིན་ལ། རང་གི་དོན་གཙོ་བོར་བྱེད་པ་དང་། རྫུ་འཕྲུལ་ཙམ་གྱི་སྒོ་ནས་གཞན་གྱི་དོན་བྱེད་པའི་ཕྱིར་རོ། །ཉན་ཐོས་ཀྱི་ཐེག་
པ་ལ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོ་ཁོང་དུ་ཆུད་པ་དང་། དེ་དགག་པའི་ཕྱིར་གཞན་ལ་མི་འཚོལ་བ་དང་ཞེས་བྱ་བ་སྨོས་ཏེ། གཞན་ལ་མི་འཚོལ་བ་ནི་གཞན་དག་ལ་ལམ་མི་འཚོལ་བའོ། །དེ་ཡང་ཅིའི་ཕྱིར་ཞེ་ན། རང་མངོན་པར་རྫོགས་པར་འཚང་རྒྱ་བ་དང་ཞེས་བྱ་བ་སྨོས་ཏེ། བདག་ཉིད་
ཀྱིས་ལམ་མངོན་དུ་བྱེད་པའི་ཕྱིར་རོ། །དེ་ཡང་ཅིའི་ཕྱིར་ཞེ་ན། རང་འབྱུང་བ་དང་རྗེས་སུ་མཐུན་པ་དང་ཞེས་བྱ་བ་སྨོས་ཏེ། སྐྱེ་བ་གཞན་དུ་ལམ་གོམས་པའི་སྟོབས་ཀྱིས་ཡེ་ཤེས་རང་འབྱུང་བ་དང་རྗེས་སུ་མཐུན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གཞན་གྱི་དྲིང་མི་འཇོག་པ་དང་ཞེས་བྱ་བ་སྨོས་སོ། །དེ་ཉིད་
ཤེས་པ་ལ་གལ་ཏེ་འདིར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཤིན་ཏུ་རྒྱ་ཆེ་ཞིང་ཚད་མེད་པའི་སྙིང་བརྩེ་བ་དང་ཞེས་བྱ་བ་ལ། སྟོང་པ་ཉིད་ལ་དམིགས་པའི་ཕྱིར་རྒྱ་ཆེ་བ་དང་། རང་ཉིད་སྟོང་པ་ཉིད་ཡིན་པའི་ཕྱིར་ཚད་མེད་པའོ། །སྙིང་རྗེ་ཆེན་པོ་དང་ལྡན་པ་དང་ཞེས་བྱ་བ་ནི་ཆོས་ལ་དམིགས་
པ་དང་། དམིགས་པ་མེད་པའི་སྙིང་རྗེ་དང་ལྡན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཐབས་ལ་མཁས་པས་བསྡུ་བ་དང་ཞེས་བྱ་བ་སྨོས་ཏེ། སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་ཉིད་ཐབས་ལ་མཁས་པ་ཡིན་ཏེ། དེ་དག་གིས་སེམས་ཅན་རྣམས་ལ་མ་ཆགས་ཤིང་སྡུག་བསྔལ་ལས་འདྲེན་པའི་ཕྱིར་རོ། །སྨོན་ལམ་
ཆེན་པོ་ཤིན་ཏུ་བཏབ་པ་དང་། །ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་དང་ལྡན་པ་ཉིད་དུ་བསྟན་པ་ཡིན་ནོ། །དེ་ཉིད་རྒྱས་པར་སྟོན་པ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བ་དང་། སངས་རྒྱས་ཀྱི་ཡེ་ཤེས་ཤིན་ཏུ་རྒྱས་པ་ལ་དམིགས་པས་ཞེས་བྱ་བ་སྨོས་ཏེ། འདི་ལྟར་འགྲོ་ལ་ཕན་ཕྱིར་སངས་
རྒྱས་འགྲུབ་པར་ཤོག །ཅེས་བྱ་བ་གསུངས་པ་དེས་སེམས་ཅན་རྣམས་ཡོངས་སུ་མི་གཏོང་བ་ཉིད་བསྟན་པ་ཡིན་ཏེ། སངས་རྒྱས་ཀྱི་ཡེ་ཤེས་ཤིན་ཏུ་རྒྱ་ཆེ་བ་ལ་དམིགས་པ་སྟེ། ཡོན་ཏན་མཐའ་ཡས་པ་དང་ལྡན་པའི་ཕྱིར་རོ། །ཡོངས་སུ་སྦྱངས་ནས་ཞེས་བྱ་བ་ལ་སོགས་པ་ནི་འབྲས་བུ་བརྗོད་

པ་ཡིན་ཏེ། ཡོངས་སུ་སྦྱངས་ནས་བྱང་ཆུབ་སེམས་དཔའི་ས་རྣམས་ཡོངས་སུ་དག་པ་ནི་མཐོང་བས་སྤང་བར་བྱ་བ་དང་། བསྒོམས་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤང་བ་ཡིན་ལ། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ནི་དམིགས་པ་མེད་པ་རྣམ་པ་གསུམ་གྱིས་ཟིན་པའི་
འཇིག་རྟེན་ལས་འདས་པ་གང་ཡིན་པའོ། །སྤྱོད་པ་རྒྱ་ཆེན་པོ་ཞེས་བྱ་བ་ནི་འཁོར་བ་ཇི་སྲིད་པར་སྤྲུལ་པའི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུས་འགྲོ་བ་རྣམས་ཀྱི་དོན་བྱེད་པའི་ཕྱིར་རོ། །ཇི་ལྟར་རིགས་པས་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་རྣམས་ཀྱི་མངོན་པར་མཐོ་བ་ཐོབ་པའི་ཐབས་ཡིན་ལ། དེ་
ལས་གཞན་རྣམས་ཀྱི་ངེས་པར་ལེགས་པའི་ཡང་ངོ་། །ས་འདིའི་ཚུལ་ཁྲིམས་ལ་རྨ་མེད་པ་ཉིད་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། ཇི་ལྟར་རྒྱ་མཚོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚུལ་ཁྲིམས་དབང་ཞེས་བྱ་བ་ནི་ཚུལ་ཁྲིམས་ལ་གནས་པ་ཞེས་བྱ་བའི་དོན་ཏོ། །བདག་ཉིད་ཆེ་ཞེས་བྱ་བ་
ནི་རྟག་ཏུ་རྒྱུན་མ་ཆད་པར་ཚུལ་ཁྲིམས་ལ་གནས་པའི་ཕྱིར་རོ། །དེ་ཞེས་བྱ་བ་ནི་ཚུལ་ཁྲིམས་སོ། །ལྷག་མ་ནི་གོ་སླའོ། །ཚུལ་ཁྲིམས་ཀྱི་མཇུག་བསྡུ་བ་བསྟན་པར་བྱ་བའི་ཕྱིར་ཇི་སྐད་དུ་བསྟན་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་ཅེས་པ་ནི་ཏིང་ངེ་
འཛིན་ལ་སོགས་པའོ། །གླིང་བཞིའི་ཕུན་སུམ་ཚོགས་པའི་རྒྱུ་ཡིན་ནོ་ཞེས་བྱ་བ་ནི་དེ་ལྟར་ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་གླིང་བཞི་ལ་དབང་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་ཞིང་རིན་པོ་ཆེ་སྣ་བདུན་དང་ལྡན་པ་དང་། སེམས་ཅན་རྣམས་ཀྱི་འཆལ་པའི་ཚུལ་ཁྲིམས་ཀྱི་དྲི་མ་སྤོང་
བའི་ནུས་པ་དང་ལྡན་པར་འགྱུར་རོ་ཞེས་གསུངས་སོ། །དབུ་མ་ལ་འཇུག་པའི་འགྲེལ་པའི་ལེའུ་གཉིས་པའི་ཊཱི་ཀཱའོ།། །།ད་ནི་སེམས་བསྐྱེད་པ་གསུམ་པ་བསྟན་པར་བྱ་བའི་ཕྱིར། ད་ནི་ཞེས་བྱ་བ་ལ་སོགས་པ་ལ། ཤེས་བྱའི་ཞེས་བྱ་བ་ནི་གཟུགས་དང་། སེམས་དང་སེམས་ལས་
བྱུང་བ་དང་ལྡན་པ་ཡང་མ་ཡིན་པ་དང་འདུས་མ་བྱས་སོ། །དེ་རྣམས་ཉིད་བུད་ཤིང་སྟེ། ཇི་ལྟར་མེས་བུད་ཤིང་བསྲེགས་ནས་མི་སྣང་བར་བྱེད་པ་དེ་བཞིན་དུ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་མེས་གཟུགས་ལ་སོགས་པ་རྣམས་མི་སྣང་བར་བྱེད་པས་སོ། །འོད་འབྱུང་ཕྱིར་ཞེས་བྱ་བ་ནི་ས་དང་པོ་དང་གཉིས་པ་ལ་ལྟོས་

ནས་ཡེ་ཤེས་ཀྱི་མེ་ཅུང་ཟད་གསལ་བའི་ཕྱིར་རོ། །ཞི་བའི་བདག་ཉིད་ཅན་གྱི་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཐམས་ཅད་ཞི་བའི་བདག་ཉིད་ཅན་གྱིའོ། །དེ་ལྟར་ཡང་། དགེ་དང་མི་དགེ་རྣམ་རྟོག་གི །རྒྱུ་མཚན་གཅོད་པའི་མཚན་ཉིད་ཅན། །སངས་རྒྱས་རྣམས་ཀྱིས་སྟོང་ཉིད་བརྗོད། །ཅེས་གསུངས་
པས་སོ། །དེར་ཞེས་བྱ་བ་ནི་ས་གསུམ་པའོ། །གནས་མིན་འཁྲུག་པ་ཞེས་བྱ་བ་ནི་འདིས་བྱང་ཆུབ་སེམས་དཔའ་གཞན་གྱིས་ཁྲོ་བའི་གནས་མ་ཡིན་ནོ་ཞེས་བརྗོད་པར་བྱའོ། །དེ་ལྟ་བུའི་ཡེ་ཤེས་ཡོད་པའི་ཕྱིར་ཞེས་བྱ་བ་ནི་འཁོར་གསུམ་ཡོངས་སུ་དག་པ་ཤེས་པའི་ཕྱིར་རོ། །དུས་གསུམ་གྱི་དོན་
མ་ཡིན་པའི་དོགས་པ་གང་གིས་གཞན་གྱི་མནར་སེམས་ཀྱི་གཞིར་འགྱུར་བ་ཞེས་བྱ་བ་ལ་དུས་གསུམ་གྱི་དོན་མ་ཡིན་པའི་དོགས་པ་ནི་ང་ལ་འདིས་གནོད་པ་བྱས་སོ། །ངའི་གྲོགས་པོ་ལ་ཡང་ངོ་། །ངའི་དགྲ་བོའི་དོན་བྱས་སོ་སྙམ་པའི་འདས་པའི་དུས་ལ་དོན་མ་ཡིན་པའི་དོགས་པ་འབྱུང་བའོ། །
དེ་བཞིན་དུ་ད་ལྟར་བ་དང་། མ་འོངས་པ་ལ་ཡང་བརྗོད་པར་བྱའོ། །དེ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འདིས་ནི་བྱང་ཆུབ་སེམས་དཔའ་རྣམས་ཁྲོ་བའི་གནས་མ་ཡིན་པ་ཉིད་དུ་བསྟན་པ་ཡིན་ནོ། །སྡིག་པའི་ལས་དེའི་རྐྱེན་ཅན་ཞེས་བྱ་བ་ནི་གནས་མ་ཡིན་པར་ཁྲོ་བ་ལས་བྱུང་བའི་སྡིག་པའི་
ལས་དམྱལ་བ་ལ་སོགས་པའི་སྡུག་བསྔལ་གྱི་རྒྱུ་དང་ལྡན་པའི་ཕྱིར་རོ། །འདིས་ནི་ཀུན་རྫོབ་པའི་བཟོད་པའི་རྒྱུ་བསྟན་པ་ཡིན་ནོ། །དོན་དམ་པའི་བཟོད་པའི་རྒྱུ་བསྟན་པར་བྱ་བའི་ཕྱིར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་ཅེས་བྱ་བ་ནི་ལག་པ་ལ་སོགས་པའོ། །གང་གིས་ཞེས་
བྱ་བ་ནི་གཅོད་པའི་སྐྱེས་བུས་སོ། །གང་གི་ཚེ་ཞེས་བྱ་བ་ནི་དུས་ནམ་གྱི་ཚེའོ། །ཇི་ལྟར་གཅོད་ཅེས་བྱ་བ་ནི་མཚོན་ཆ་ལ་སོགས་པའི་བྱེད་པས་སོ། །གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་བདག་མེད་པ་མཐོང་བའི་གཏན་ཚིགས་བསྟན་པ་ཡིན་ནོ། །སྡིག་པའི་ལས་ཞེས་བྱ་བ་ལ་སོགས་པ་ནི་ཀྱང་གི་
སྒྲའི་དོན་སྟོན་པ་ཡིན་ནོ། །དེ་ལྟར་བཟོད་པའི་རྒྱུ་མཚན་རྣམ་པ་གཉིས་བསྟན་ནས་སོ་སོའི་སྐྱེ་བོ་རྣམས་ཀྱི་ཡང་ཡོན་ཏན་གྱི་ཚོགས་བསྲུང་བའི་རྒྱུ་ཡིན་ནོ་ཞེས་བྱ་བ་བསྟན་པའི་ཕྱིར། བཟོད་པ་འདི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྲོ་བས་གཞན་གྱི་ཉེས་པ་བརྗོད་པ་ལས་ལྡོག་པར་རིགས་པར་

འཆད་པ་ནི་ཞེས་བྱ་བ་ལ་སོགས་པའི་སྒྲས་ཐལ་ལྕག་དང་ཁུ་ཚུར་ལ་སོགས་པ་བསྡུ་བར་བྱའོ། །གལ་ཏེ་ཕར་གནོད་པ་བྱས་པས་དེ་ཁོན་ལོག་ན་ཁོན་གྱིས་དེ་ལ་ཅི་ཞིག་བྱ་ཞེས་བྱ་བ་ལ། ཕར་གནོད་པ་བྱས་པས་ཞེས་བྱ་བ་ནི་དགྲ་བོ་ལ་སླར་གནོད་པ་བྱས་པས་སོ། །དེའི་ཁོན་
ལྡོག་ན་ཞེས་བྱ་བ་ནི་གལ་ཏེ་སླར་གནོད་པ་བྱས་པས་ཁོན་ལྡོག་པར་འགྱུར་ནའོ། །ཁོན་གྱིས་དེ་ལ་ཅི་ཞིག་བྱས་ཞེས་བྱ་བ་ནི་གང་སྔར་དགྲ་བོས་གནོད་པ་བྱས་པ་དེ་ལ་ཁོན་གྱིས་ཅི་ཞིག་བྱས། ཅུང་ཟད་ཀྱང་མ་བྱས་ཏེ། བྱས་ཟིན་པ་དེ་ལྡོག་པར་མི་འགྱུར་རོ། །འདི་ཞེས་བྱ་བ་ནི་ཚེ་འདི་ལའོ། །དེའི་
ཞེས་བྱ་བ་ནི་ལན་བྱེད་པས་སོ། །འདིའི་དོན་ནི་ཁོན་བྱེད་པའི་དོན་མེད་པ་ཉིད་དང་། རྣམ་པར་སྨིན་པ་ཡིད་དུ་མི་འོང་བ་ཉིད་ཡིན་པར་བསྟན་པའི་སྒོ་ནས་ཁོན་སྤངས་པ་དང་། བཟོད་པ་བསྒོམ་པ་ཉིད་བསྟན་པ་ཡིན་ནོ། །བཟོད་པ་དེ་ཡང་སྦྱིན་པ་དང་ཚུལ་ཁྲིམས་ལས་བྱུང་བའི་དགེ་བ་དུ་མ་རྣམས་འཕེལ་བའི་
རྒྱུ་ཡིན་པའི་ཕྱིར་ཡོན་ཏན་མཐའ་དག་བསྲུང་བའི་རྒྱུ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །འདིས་ནི་ཁོན་མི་བྱ་བ་ཉིད་དུ་བསྟན་པ་ཡིན་ནོ། །ད་ནི་ཁོན་བྱེད་པ་ལ་སླར་ཁོན་བྱེད་ཅེ་ན། རྣམ་པར་སྨིན་པ་ཡིད་དུ་མི་འོང་བ་འཕེལ་བ་བསྟན་པའི་སྒོ་ནས་ལྡོག་པ་བསྟན་པར་བྱ་བའི་ཕྱིར། གང་ཞིག་རང་གིས་ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། རང་གིས་ཉེས་པ་སྤྱོད་པའི་འབྲས་བུའི་ཁྱད་པར་ཉེ་བར་སྤྱོད་བཞིན་དུ་ཞེས་བྱ་བ་ནི་གང་དགྲ་བོས་གནོད་པ་བྱས་པ་དེ་དགྲ་བོས་བྱས་པ་མ་ཡིན་གྱི། འོན་ཀྱང་སྐྱེ་བ་གཞན་དུ་མི་དགེ་བའི་ལས་བྱས་པའི་འབྲས་བུ་དེ་ཉམས་སུ་མྱོང་བའོ། །ལན་དུ་གནོད་པ་བྱས་པས་ཞི་བ་ཞེས་བྱ་བ་ལ།
ཞི་བ་ནི་སླར་གནོད་པ་བྱས་པས་ཁྲོ་བ་ཞི་བར་འགྱུར་བའོ། །དེའི་གནོད་པས་ཕམ་པར་འདོད་པ་ཞེས་བྱ་བ་ནི་གནོད་པ་བྱས་པའི་སྒོ་ནས་རྒྱལ་བར་འདོད་པ་གང་ཡིན་པའོ། །འབྲས་བུ་གང་ཞེས་བྱ་བ་ནི་བརྡེག་པ་ལ་སོགས་པའི་སྒོ་ནས་དགྲ་བོས་བསྐྱེད་པའི་སྡུག་བསྔལ་གང་ཡིན་པའོ། །ཟད་པར་བྱེད་པ་ཞེས་
བྱ་བ་ནི་འབྲས་བུ་ཉམས་སུ་མྱོང་བར་ཟད་པའོ། །དེ་ཉིད་གོ་ཞེས་བྱ་བ་ནི་སྔར་བྱས་པའི་ལས་ཀྱི་འབྲས་བུ་གང་ཡིན་པའོ། །གཞན་ལ་གནོད་པ་དང་ནི་ཁྲོ་བས་ཞེས་བྱ་བ་ནི་གནོད་པར་བྱེད་པ་གཞན་དག་ལ་གནོད་པར་བྱེད་ཅིང་ཁོན་བྱེད་པས་སོ། །ས་བོན་ཉིད་དུ་ཞེས་བྱ་བ་ནི་མ་འོངས་པའི་དམྱལ་བའི་རྒྱུར་འགྱུར་བ་གང་

ཡིན་པའོ། །སྲོག་གཅོད་པའི་ལས་ཞེས་བྱ་བ་ལ་སོགས་པ་ལ། སོགས་པའི་སྒྲས་ནི་མ་བྱིན་པར་ལེན་པ་ལ་སོགས་པ་བསྡུ་བར་བྱའོ། །གཤིན་རྗེའི་འཇིག་རྟེན་ཞེས་བྱ་བ་ནི་ཡི་དྭགས་ཀྱི་འཇིག་རྟེན་ནོ། །སོགས་པའི་སྒྲས་ནི་ཉི་ཚེ་བའི་སེམས་ཅན་དམྱལ་བར་བསྡུ་བར་བྱའོ། །རྒྱུ་མཐུན་པའི་འབྲས་བུ་ཉོན་མོངས་
པ་ལྷག་མ་ཅུང་ཟད་ལུས་པ་ཅན་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུ་འདྲ་བའི་འབྲས་བུ་གང་ཡིན་པ་དེ་ནི་རྒྱུ་མཐུན་པའི་འབྲས་བུ་སྟེ། དཔེར་ན་སྲོག་གཅོད་པས་ཚེ་ཐུང་བ་ཉིད་བཞིན་ནོ། །རྒྱུ་མཐུན་པའི་འབྲས་བུ་དེ་ལྷག་མ་ལུས་པ་སྟེ་སྔར་རྣམ་པར་སྨིན་པའི་འབྲས་བུ་ཉམས་སུ་མྱོང་བས་སོ། །དེ་ཉིད་ཅུང་ཟད་དེ་དམྱལ་
བ་ལ་སོགས་པར་བསྲེག་པ་ལ་སོགས་པའི་སྡུག་བསྔལ་ལ་ལྟོས་ནས་ཕྲད་པའི་ཕྱིར་རོ། །འབྲས་བུ་ཡིད་དུ་མི་འོང་བ་མ་ལུས་པ་ལྡོག་པའི་རྒྱུ་ཡིན་པ་སྟེ་ཞེས་བྱ་བ་ནི། སྔར་རྣམ་པར་སྨིན་པའི་འབྲས་བུ་ཉམས་སུ་མྱོང་བ་དང་། ད་ལྟར་རྒྱུ་མཐུན་གྱི་འབྲས་བུ་ཉམས་སུ་མྱོང་བ་ཡང་ཡིད་དུ་མི་འོང་བའི་འབྲས་བུ་
ཉམས་སུ་མྱོང་བ་མེད་པའི་ཕྱིར་རོ། །སླར་ཡང་རྣམ་པར་འགྱུར་བ་ཞེས་བྱ་བ་ནི་དཔེའི་དབང་དུ་བྱས་ན་ཁ་ཟས་ལྷག་པར་ཟ་བ་ལ་སོགས་པའོ། །དོན་གྱི་དབང་དུ་བྱས་ནས་ལན་དུ་གནོད་པ་བྱེད་པ་དང་། ཁོན་བྱེད་པའོ། །ནད་གསོ་བར་བྱེད་པའི་རྒྱུར་གྱུར་པ་ཞེས་བྱ་བ་ནི་གནོད་པར་བྱེད་པའོ། །འཕྲལ་དུ་
སྡུག་བསྔལ་འབྱུང་བའི་རྒྱུ་ཞེས་བྱ་བ་ནི་བཟོད་པའི་སྟོབས་ཀྱིས་དུས་གཞན་དུ་བདེ་བའི་རྒྱུ་ཡིན་པའི་ཕྱིར་རོ། །བཟོད་པ་མ་ཡིན་པའི་བསོད་ནམས་ཀྱི་ཚོགས་ཟད་པར་བྱེད་པའི་རྒྱུ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། མི་བཟོད་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་ཡུལ་རྒྱལ་བའི་སྲས་པོ་རྣམས་
ལ་སྐད་ཅིག་ཙམ་ཡང་མི་བཟོད་པ་ནི་དགེ་བ་འཇོམས་པས་སོ། །དེའི་ཕྱིར་མི་བཟོད་པ་ལས་གཞན་པའི་སྡིག་པ་ཡོད་པ་མ་ཡིན་ནོ་ཞེས་སྦྱར་བར་བྱའོ། །གང་ཟག་གི་ཁྱད་པར་དུ་ངེས་པ་དང་བྲལ་བའི་ཕྱིར་རོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་འདི་ཡོན་ཏན་མང་པོ་དང་ལྡན་པའི་སྒོ་ནས་ཁྱད་པར་ཅན་དུ་ངེས་
པ་མེད་པའི་ཕྱིར་རོ། །དེ་ཡང་གཞན་གྱིས་སེམས་ངེས་པར་དཀའ་བ་ཡིན་པས་སོ། །ངེས་པ་ཡིན་དུ་ཟིན་ཀྱང་ཞེས་བྱ་བ་ནི་ཡོན་ཏན་དང་ལྡན་པས་ཁྱད་པར་ངེས་པ་ཡིན་དུ་ཟིན་ཀྱང་ངོ་། །ཉོན་མོངས་པ་གོམས་པ་ལ་རག་ལས་ནས་ཞེས་བྱ་བ་ལ། བདེན་པར་གྱུར་པའི་སྐྱོན་ལ་ལྷག་པར་སྒྲོ་འདོགས་པའོ། །

དེ་རྣམས་གོམས་པ་ནི་ཡང་དང་ཡང་དུ་ཡིད་ལ་བྱེད་པའོ། །རག་ལས་ནས་འཇུག་པ་ནི་དེ་རྣམས་ཀྱི་དབང་དུ་གྱུར་པས་སོ། །འདིའི་དོན་ནི་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་ཁྱད་པར་དང་ལྡན་པར་རྟོགས་ཀྱང་ཉོན་མོངས་པ་རྣམས་ཐོག་མ་མེད་པའི་དུས་ནས་གོམས་པའི་
ཕྱིར་ཁོང་ཁྲོ་བའི་བསམ་པ་སྐྱེ་བ་ཡིན་ནོ། །ཞེས་པའོ། །བདེན་པར་གྱུར་པ་དང་། བདེན་པ་མ་ཡིན་པའི་ཉེས་པ་ལྷག་པར་སྒྲོ་འདོགས་པ་ནི་ཉེས་པ་ཆུང་ངུ་ལ་ཆེན་པོ་ཉིད་དུ་སྒྲོ་བཏགས་ནས་སོ། །ལྷག་མ་ནི་གོ་སླའོ། །གཞན་ཡང་མི་བཟོད་པ་ཞེས་བྱ་བ་ལ་སོགས་པ་ནི་འདིར་གང་ཟག་རྣམ་པ་
གཉིས་ཏེ། ནུས་པ་དང་ལྡན་པ་དང་། ནུས་པ་མེད་པའོ། །དེ་ལ་ནུས་པ་དང་མི་ལྡན་པ་རྣམས་ཀྱི་མི་བཟོད་པ་ནི་བདག་ཉིད་ལ་གནོད་པར་བྱེད་པ་ཡིན་ཏེ། དེས་གཞན་རྣམས་ལ་གནོད་པར་བྱེད་མི་ནུས་པའི་ཕྱིར་རོ། །ནུས་པ་དང་ལྡན་པ་རྣམས་ཀྱིས་བདག་དང་གཞན་གཉིས་ཀ་ལ་གནོད་པར་བྱེད་
པ་ཡིན་ཏེ། དེས་གཞན་དག་ལ་གནོད་པ་བྱེད་པར་མི་ནུས་པའི་ཕྱིར་རོ། །འདི་ནི་ནུས་པ་དང་མི་ལྡན་པ་དང་། ནུས་པ་དང་ལྡན་པ་དག་གིས་མཐོང་བའི་ཆོས་ལ་སྐྱོན་ཡིན་ནོ། །གཉིས་ཀའི་མི་བཟོད་པ་ཡང་མ་འོངས་པའི་ངན་སོང་གི་རྒྱུ་ཡིན་པས་སྐྱེ་བ་གཞན་གྱི་ཉེས་པའོ། །དེ་ལ་མཐོང་བའི་
ཆོས་ལ་ནི་ཉེས་པ་རྣམ་པ་གསུམ་གྱིས་ནུས་པ་མེད་པ་དང་། ནུས་པ་དང་ལྡན་པ་དག་ལ་བདག་ཉིད་ལ་གནོད་པ་ཡིན་ཏེ། དེ་ཉིད་བསྟན་པར་བྱ་བའི་ཕྱིར། མི་སྡུག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་སྡུག་ཅེས་བྱ་བ་ནི་ཁྲོ་བའི་ཚེ་གདོང་ལ་སོགས་པའི་རྣམ་པར་འགྱུར་བར་འབྱུང་བའི་ཕྱིར་རོ། །
དམ་པ་མ་ཡིན་པར་བཀྲི་ཞེས་བྱ་བ་ནི་ཁྲོ་བ་རྣམས་དབྱུག་པ་དང་། མཚོན་ཆ་ལ་སོགས་པ་འཛིན་པ་ལ་འཇུག་པར་བྱེད་པའི་ཕྱིར་རོ། །ཚུལ་དང་ཚུལ་མིན་ཤེས་པའི་རྣམ་དཔྱོད་འཕྲོག་བྱེད་ཅིང་། །ཞེས་བྱ་བ་ནི་འདི་ནི་དགེ་བ་ཡིན་པས་བྱ་བར་རིགས་སོ་སྙམ་པའི་རྣམ་པར་དཔྱོད་པའི་བློ་མེད་པར་བྱེད་པས་
སོ། །སྐྱེ་བ་གཞན་གྱི་ཉེས་པ་ནི་དུས་ཕྱིས་རིས་མཐུན་བཏང་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིས་མཐུན་བཏང་ནས་ཞེས་བྱ་བ་ནི་མི་ཉིད་བཏང་ནས་སོ། །ལྷག་མ་ནི་གོ་སླའོ། །སྔར་བསྟན་པ་དང་འགལ་བ་དང་ཞེས་བྱ་བ་ནི་སྔར་བསྟན་པའི་མི་བཟོད་པའི་སྐྱོན་མི་སྡུག་པ་ལ་སོགས་པ་དང་འགལ་

བའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། བཟོད་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཛེས་ཤིང་ཞེས་བྱ་བ་ནི་དེའི་གཟུགས་མཐོང་ན་གཞན་ལ་དགའ་བ་ཁྱད་པར་ཅན་སྐྱེ་བས་སོ། །འདི་ནི་གཟུགས་མི་སྡུག་པ་དང་འགལ་བའི་ཡོན་ཏན་ནོ། །སྐྱེ་བོ་དམ་པ་རྣམས་ལ་འཕངས་པ་དང་ཞེས་བྱ་བ་ནི་
སྐྱེ་བོ་དམ་པ་རྣམས་བཟོད་པ་དང་ལྡན་པ་ལ་དགའ་བའོ། །འདི་ནི་དམ་པ་མ་ཡིན་པ་དང་འགལ་བའོ། །ལུགས་དང་ལུགས་མིན་ཤེས་པ་ལ་མཁས་པ་ཞེས་བྱ་བ་ནི། ཚུལ་དང་ཚུལ་མིན་ཤེས་པའི་རྣམ་དཔྱོད་འཕྲོག་བྱེད་ཅིང་། །ཞེས་པ་དང་འགལ་བའོ། །དེའི་འོག་ཏུ་ཞེས་བྱ་བ་ནི་རིས་མཐུན་
བཏང་བའི་ཕྱིས་སོ། །ལྷ་དང་མིའི་སྐྱེ་བ་དང་ཞེས་བྱ་བ་ནི་སྐྱེ་བ་གཞན་གྱི་སྐྱོན་དང་འགལ་བའོ། །སྡིག་པ་ཟད་པར་འགྱུར་ཞེས་བྱ་བ་ནི། གང་གི་ཕྱིར། རྒྱལ་སྲས་རྣམས་ལ་ཁྲོ་བ་ཡིས། །ཞེས་བྱ་བ་ལ་སོགས་པ་མི་བཟོད་པའི་སྐྱོན་བསྟན་པ་གང་ཡིན་པ་དེ་དང་འགལ་བའོ། །ད་ནི་མཇུག་བསྡུ་བའི་སྒོ་ནས་
མི་བཟོད་པ་སྤང་བར་བྱ་བ་ཉིད་དུ་བསྟན་པར་བྱ་བའི་ཕྱིར་དེའི་ཕྱིར་དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །རྫོགས་སངས་རྒྱས་ཀྱི་བྱང་ཆུབ་ཕྱིར་བསྔོས་ཀྱང་། །ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ནི་སྒྲིབ་པ་ཐམས་ཅད་དང་བྲལ་བའི་རྣམ་པ་ཐམས་
ཅད་མཁྱེན་པའི་ཡེ་ཤེས་ཉིད་ལ་དེར་བསྔོས་ཀྱང་ངོ་། །ལྷག་མ་གོ་སླའོ། །བསམ་གཏན་ཞེས་བྱ་བ་ནི་བསམ་གཏན་བཞིའོ། །མངོན་ཤེས་དང་ཞེས་བྱ་བ་ནི་མངོན་པར་ཤེས་པ་ལྔ་སྟེ། འདི་ལྟར་རྫུ་འཕྲུལ་གྱི་མངོན་པར་ཤེས་པ་དང་། ལྷའི་མིག་གི་མངོན་པར་ཤེས་པ་དང་། ལྷའི་རྣ་བའི་
མངོན་པར་ཤེས་པ་དང་། གཞན་གྱི་སེམས་ཤེས་པའི་མངོན་པར་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པའོ། །ས་དེར་ཞེས་བྱ་བ་ནི་འོད་བྱེད་པའོ། །འདོད་པའི་འདོད་ཆགས་ཞེས་བྱ་བ་ནི་འདོད་པར་བྱ་བས་ནི་འདོད་ཆགས་ཏེ། གཟུགས་ལ་སོགས་པ་རྣམས་ཡིན་ལ།
དེ་རྣམས་ལ་ཆགས་པ་གང་ཡིན་པའོ། །ཉེ་བར་མཚོན་པའི་དོན་ཏེ་ཞེས་བྱ་བ་ནི་འདིས་གཞན་ཡང་མཚན་པར་བྱ་བ་ཡིན་ཏེ། དཔེར་ན་གང་ན་བྱ་རོག་འདི་གནས་པ་དེ་ནི་ལྷ་སྦྱིན་གྱི་ཁང་པ་ཡིན་ནོ་ཞེས་བྱ་བ་ལྟ་བུ་སྟེ། བྱ་རོག་གིས་ལྷ་སྦྱིན་གྱི་ཁང་པ་མཚོན་པ་ཡིན་ནོ། །དེ་བཞིན་དུ་འདིར་བསམ་

གཏན་གྱི་སྒྲས་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། བྱམས་པ་ལ་སོགས་པ་ཚད་མེད་པ་བཞི་མཚོན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདོད་པ་རྣམས་ལས་དབེན་ཞེས་བྱ་བ་ནི་ཉོན་མོངས་པའི་འདོད་ཆགས་དང་མཚུངས་པར་མི་ལྡན་པ་དང་། དངོས་པོའི་རང་
བཞིན་ཅན་གྱི་འདོད་པ་གཟུགས་ལ་སོགས་པ་རྣམས་ལ་མི་དམིགས་པའི་ཕྱིར་རོ། །སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་ཞེས་བྱ་བ་ནི་ཉོན་མོངས་པ་འདོད་ཆགས་ཀྱི་རྒྱུ་ཅན། ལུས་དང་། ངག་དང་། ཡིད་ཀྱི་ཉེས་པར་སྤྱོད་པས་དབྱིག་པ་འཛིན་པ་དང་། འཐབ་པ་དང་། རྩོད་པ་ལ་
སོགས་པའོ། །རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་པ་ཞེས་བྱ་བ་ནི་སེམས་པའམ་ཤེས་རབ་ལ་བརྟེན་ནས་རིམ་པ་བཞིན་དུ་རྟོག་པ་མེད་པའི་དུས་དང་། རྟོག་པ་དང་བཅས་པའི་དུས་ན་ཡིད་ཀྱིས་འཚོལ་བར་བྱེད་པ་གང་ཡིན་པ་དེ་ནི་རྟོག་པ་ཡིན་ལ་དེ་ཡང་སེམས་ཀྱི་རགས་པ་ཉིད་དོ། །སེམས་
པའམ་ཤེས་རབ་ལ་བརྟན་ནས་རྟོག་པ་མེད་པ་དང་། རྟོག་པ་མེད་པའི་གནས་སྐབས་ན་སོ་སོར་རྟོག་པར་བྱེད་པའི་ཡིད་ཀྱི་གང་ཡིན་པ་དེ་ནི་དཔྱོད་པ་ཡིན་ལ་དེ་ཡང་སེམས་ཀྱི་ཕྲ་བ་ཡིན་ནོ། །དེ་ལྟ་བུའི་འདོད་པའི་གཉེན་པོར་གྱུར་པ་རྟོག་པ་དང་དཔྱོད་པ་དག་དང་མཚུངས་པར་ལྡན་པའི་ཕྱིར་རྟོག་པ་
དང་དཔྱོད་པ་དང་བཅས་པ་དང་། འདོད་པའི་དོན་གྲུབ་པའོ། །ལུས་དང་སེམས་བསྲབས་པའི་ཕྱིར་དགའ་བ་དང་ཡིད་བདེ་བ་དང་ལྷན་ཅིག་ཏུ་གྱུར་པའོ། །གནས་སོ་ཞེས་བྱ་ནི་བསམ་གཏན་ལ་སྙོམས་པར་ཞུགས་ནས་གནས་པའོ། །དེ་ཞེས་བྱ་བ་ནི་རྣལ་འབྱོར་པའོ། །རྟོག་པ་དང་
དཔྱོད་པ་དག་གི་སེམས་རྣམ་པར་འཁྲུག་པར་བྱེད་པར་མཐོང་བས། དེ་གཉིས་ལ་སེམས་བརླན་ཏེ་རྣམ་པར་རྟོག་པ་མེད་པ་དང་། དཔྱོད་པ་མེད་པའི་རྒྱུར་གྱུར་པ་ལ་སེམས་གཏད་དེ་སེམས་དམིགས་པ་གང་ལ་སེམས་འཕྲོ་བར་གྱུར་པ་དེ་ལས་ཐ་དད་དུ་བྱས་ཏེ། དམིགས་པ་མི་འཕྲོ་བ་ལ་
སེམས་ཞི་བར་གཏོད་པའོ། །དེའི་ཕྱིར་རྟོག་པ་དང་དཔྱོད་པ་དང་བྲལ་ཞིང་ནང་ཡོངས་སུ་དང་སྟེ་ཞེས་བྱ་བ་སྨོས་པ་ཡིན་ཏེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པ་ཞེས་བྱ་བ་ནི་དེས་སེམས་ཞི་བར་བྱས་ཏེ། རྟོག་པ་དང་བཅས་པ་ཉིད་རྨ་དང་བར་བཅས་པའི་གནས་སྐབས་ལས་འདས་ཏེ། བསྒོམས་

པའི་སྟོབས་ཀྱིས་རྨ་དང་བར་བྱེད་པའི་གནས་སྐབས་ཐོབ་པ་ཡིན་ཏེ། དེའི་ཕྱིར་སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པ་ཞེས་བྱ་བ་སྨོས་པ་ཡིན་ཏེ། རྒྱུད་དུ་རྟོག་པ་དང་དཔྱོད་པ་དག་མི་འཇུག་པས་རོ་གཅིག་ཏུ་གྱུར་པ་ཡིན་ནོ་ཞེས་པའི་དོན་ཏོ། །རྣམ་པ་ཐམས་ཅད་དུ་རྟོག་པ་དང་དཔྱོད་པ་ཐམས་ཅད་
སྤངས་པ་ཡིན་པས་རྟོག་པ་མེད་པ་དང་དཔྱོད་པ་མེད་པ་ཞེས་བརྗོད་པ་ཡིན་ནོ། །དགའ་བ་དང་བདེ་བ་ཅན་ཞེས་བྱ་བ་ནི་སྔར་བཞིན་ནོ། །དེ་དགའ་བའི་འདོད་ཆགས་དང་བྲལ་བས་ཞེས་བྱ་བ་ནི་རགས་པའི་ཕྱིར་རོ། །བཏང་སྙོམས་ལ་གནས་ཤིང་ཞེས་བྱ་བ་ནི་སེམས་འཁྲུག་པར་བྱེད་པའི་རྟོག་
པ་དང་དཔྱོད་པ་དག་དང་། དགའ་བ་རྣམས་སྤངས་ཏེ། དེ་རྣམས་ལ་བཏང་སྙོམས་སུ་འགྱུར་བས་སོ། །དེ་ཡང་དགའ་བ་དང་ལྷན་ཅིག་ཏུ་གྱུར་པའི་འདུ་ཤེས་དང་། ཡིད་ལ་བྱེད་པ་དག་གི་གོ་སྐབས་མི་འབྱེད་པའི་དོན་དུ་དྲན་པ་ཉེ་བར་གནས་པར་འགྱུར་བ་ཡིན་ནོ། །རེ་འགའ་འགའ་
ཞིག་གིས་བསྐྱེད་ན་ཡང་ལྷག་པར་མི་གནས་པའི་དོན་དུ་ཤེས་རབ་ཤས་ཆེ་བར་འགྱུར་རོ། །དེའི་ཕྱིར་དྲན་པ་དང་ཤེས་བཞིན་ཅན་ཡིན་ཏེ་ཞེས་བྱ་བ་སྨོས་སོ། །གང་གི་ཚེ་བཏང་སྙོམས་ཤས་ཆེ་བ་ལ་གནས་པ་དེའི་དགའ་བ་དང་ལྷན་ཅིག་ཏུ་སྐྱེས་པའི་སེམས་རབ་ཏུ་སྤོང་ཞིང་དགའ་བ་མ་ཡིན་པའི་ཞི་
བ་ཉམས་སུ་མྱོང་བར་འགྱུར་བ་དེའི་ཚེ་ཡིད་ཀྱི་ལུས་ཀྱིས་ཚོར་བ་བདེ་བ་ཉམས་སུ་མྱོང་བར་འགྱུར་རོ། །དེའི་ཕྱིར་བདེ་བ་ལུས་ཀྱིས་མྱོང་ལ་ཞེས་བྱ་བ་གསུངས་ཏེ། ལུས་ཀྱིས་ཞེས་བྱ་བ་ནི་གཟུགས་ཀྱི་ལུས་དང་ཡིད་ཀྱི་ལུས་དག་གིས་སོ། །འཕགས་པ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་ནི་
བསམ་གཏན་འོག་མ་གཉིས་ལ་དེ་ལྟ་བུའི་བཏང་སྙོམས་ཡོད་པ་མ་ཡིན་ལ་གོང་ན་བཏང་སྙོམས་ནི་ཡོད་ལ་བདེ་བ་ནི་ཡོད་པ་མ་ཡིན་ནོ། །དེས་ན་བསམ་གཏན་འདི་ཁོ་ན་བདེ་བ་དང་བཏང་སྙོམས་ཀྱི་རྟེན་ཡིན་ནོ། །འཕགས་པ་རྣམས་ཀྱིས་ཞེས་བྱ་བ་ནི་སངས་རྒྱས་དང་ཉན་ཐོས་དག་གིས་སོ། །
བདེ་བ་ཡང་སྤངས་ཏེ་ཞེས་བྱ་བ་ནི་བསམ་གཏན་གསུམ་པ་དང་ལྷན་ཅིག་ཏུ་གྱུར་པའོ། །འདིས་ནི་བསམ་གཏན་བཞི་པས་བདེ་བ་སྤངས་པ་ཉིད་དུ་བསྟན་པ་ཡིན་ནོ། །སྔ་ནས་སྡུག་བསྔལ་བ་ཡང་སྤངས་ཤིང་ཞེས་བྱ་བ་ནི་བསམ་གཏན་དང་པོ་ནས་སོ། །ཡིད་བདེ་བ་དང་ཡིད་མི་བདེ་བ་སྔ་ནས་

ནུབ་པས་ཞེས་བྱ་བ་ནི་བསམ་གཏན་གསུམ་པས་དགའ་བ་སྤངས་པའི་ཕྱིར་ཡིད་བདེ་བ་ནུབ་པ་ཡིན་ལ། བསམ་གཏན་དང་པོས་ཡིད་མི་བདེ་བ་སྤངས་པས་སོ། །ཚོར་བ་བཞི་པོ་འདི་རྣམས་སྤངས་ནས་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ཁོ་ན་ལྷག་
མར་ལུས་པ་ཡིན་ནོ། །དེའི་ཕྱིར་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་ཞེས་བྱ་བ་གསུངས་པ་ཡིན་ནོ། །བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་ཞེས་བྱ་བ་ནི་བསམ་གཏན་བཞི་ནི་ས་འོག་མ་པའི་སྐྱོན་བརྒྱད་དང་བྲལ་བ་ཡིན་པས་སོ། །དེ་ལ་སྐྱོན་བརྒྱད་ནི་རྟོག་པ་དང་། དཔྱོད་
པ་དང་། དབུགས་རྔུབ་པ་དང་། འབྱིན་པ་དང་། བདེ་བ་དང་། སྡུག་བསྔལ་བ་དང་། ཡིད་བདེ་བ་དང་། ཡིད་མི་བདེ་བའོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ནི་ཞེས་བྱ་བ་ནི་གཟུགས་མེད་པའི་སེམས་དང་མཚུངས་པ་ཉིད་དུ་བྱེད་པའི་ཕྱིར་རོ། །དེ་ཞེས་བྱ་བ་ནི་རྣལ་འབྱོར་
པའོ། །གཟུགས་ཀྱི་འདུ་ཤེས་ལས་ཞེས་བྱ་བ་ནི་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་ལ་སོགས་པའི་འདུ་ཤེས་ལས་སོ། །ཡང་དག་པར་འདས་ཏེ་ཞེས་བྱ་བ་ནི་ཐམས་ཅད་དུ་ནམ་མཁའི་འདུ་ཤེས་བསྒོམས་པས་དེ་རྣམས་ཐམས་ཅད་ལས་ཡང་དག་པར་འདས་པ་སྟེ། དེ་
རྣམས་ཀྱི་འདུ་ཤེས་མི་སྐྱེ་བའི་ཕྱིར་རོ། །ཐོགས་པའི་འདུ་ཤེས་རྣམས་དང་ཞེས་བྱ་བ་ནི་རྩིག་པ་དང་། ར་བ་ལ་སོགས་པའི་འདུ་ཤེས་སོ། །སྣ་ཚོགས་ཀྱི་འདུ་ཤེས་ཞེས་བྱ་བ་ནི་ཡང་ཐོག་དང་། སྐྱེད་མོས་ཚལ་དང་། རི་དང་། ཆུ་བོ་དང་། ཟླ་བ་དང་། ཉི་མ་ལ་སོགས་པའི་འདུ་ཤེས་སོ། །ནམ་
མཁའ་མཐའ་ཡས་པ་ཞེས་བྱ་བ་ནི་ནམ་མཁའ་མཐའ་ཡས་པ་ཉིད་རྣམ་པར་ཤེས་པའི་དམིགས་པ་ཉིད་དུ་བྱེད་པ་ཡིན་ནོ་ཞེས་པའོ། །དེ་རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་ཞེས་བྱ་བ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་
སྙོམས་པར་འཇུག་པར་འདོད་པ་དེས། ཤེས་པ་གང་གིས་ནམ་མཁའ་མཐའ་ཡས་ལ་ལྷག་པར་མོས་པར་བྱས་པའི་རྣམ་པར་ཤེས་པ་དེ་ཉིད་མཐའ་ཡས་པ་ཉིད་དུ་བཟུང་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་འདུ་ཤེས་ལས་བཟློག་སྟེ། རྣམ་པར་ཤེས་པ་དེ་ཉིད་མཐའ་ཡས་པའི་

རྣམ་པ་ཉིད་དུ་ལྷག་པར་མོས་པར་བྱེད་པ་གང་ཡིན་པའོ། །དེ་ཉིད་ཀྱི་ཕྱིར། རྣམ་པར་ཤེས་པ་མཐའ་ཡས་ཞེས་གསུངས་སོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་ཞེས་བྱ་བ་ནི་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ལངས་ཏེ་དམིགས་
པ་བཚལ་བ་ལས་རྣམ་པར་ཤེས་པ་ལས་གཞན་པའི་གཟུགས་ཅན་ནམ་གཟུགས་ཅན་མ་ཡིན་པའི་དམིགས་པ་ཅུང་ཟད་ཀྱང་མ་རྙེད་པ་དེའི་ཚེ་དམིགས་པ་མ་རྙེད་པས་རྣམ་པར་ཤེས་པ་མཐའ་ཡས་པ་ལས་ཡང་དག་པར་འདས་ཏེ། ཅི་ཡང་མེད་པ་ཉིད་ལ་དམིགས་པ་སྟེ། ལྷག་པར་
མོས་པ་དེ་སྒོམ་པར་བྱེད་པ་གང་ཡིན་པའོ། །དེ་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་ཞེས་བྱ་བ་ནི་དེ་སྔར་ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་ཞུགས་པའི་དུས་ན་ཅུང་ཟད་ཡོད་པའི་འདུ་ཤེས་ལས་བཟློག་པ་ཡིན་ལ། ད་ནི་ཅི་ཡང་མེད་པའི་སྐྱེ་
མཆེད་ཀྱི་འདུ་ཤེས་ལ་རག་ལས་པ་ཉིད་དུ་མཐོང་ནས་ཅི་ཡང་མེད་པའི་འདུ་ཤེས་ལས་ལོག་པ་ཡིན་པས་འདུ་ཤེས་མེད་ཅེས་གསུངས་པ་ཡིན་ནོ། །དཔེར་ན་སེམས་མེད་པའི་སྙོམས་པར་འཇུག་པ་བཞིན་དུ་རྣམ་པ་ཐམས་ཅད་དུ་འདུ་ཤེས་ཐམས་ཅད་འགགས་པར་འགྱུར་བ་ནི་མ་ཡིན་ནོ། །
འོན་ཀྱང་མཚན་མ་མེད་པའི་འདུ་ཤེས་ཤིན་ཏུ་ཕྲ་བར་འཇུག་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། འདུ་ཤེས་མེད་མིན་ཞེས་གསུངས་པ་ཡིན་ནོ། །འདི་ནི་བསམ་གཏན་དང་སྙོམས་པར་འཇུག་པའི་མདོའི་ཚིག་གི་དོན་གྱི་བཤད་པའོ། །འདིའི་རྣམ་པར་གཞག་པ་ནི་བསམ་གཏན་དང་། གཟུགས་
མེད་པ་འདི་རྣམས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། རྣམ་པར་གཞག་པ་དང་། རྣམ་པར་དག་པའི་སྒོ་ནས་རིག་པར་བྱའོ། །དེ་ལ་ཀུན་ནས་ཉོན་མོངས་པའི་སྒོ་ནས་ཇི་ལྟར་ཞེ་ན། ལུང་དུ་མ་བསྟན་པའི་རྩ་བ་ནི་བཞི་སྟེ། སྲེད་པ་དང་། ལྟ་བ་དང་། ང་རྒྱལ་དང་།
མ་རིག་པའོ། །དེ་རྣམས་ཀྱིས་ཉོན་མོངས་པ་ཅན་དུ་གྱུར་པའི་སེམས་དག་ལ་ཉོན་མོངས་པ་ཅན་གྱི་བསམ་གཏན་གྱི་སྒོ་ནས་བསྒྲིབས་ལ་ལུང་དུ་མ་བསྟན་པའི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་ཐམས་ཅད་འཇུག་པའི་ཕྱིར་རོ། །དེ་ལས་སྲེད་པས་རོ་མྱང་བའི་ཉོན་མོངས་པས་ཉོན་

མོངས་པ་ཅན་དུ་འགྱུར་ཏེ། བསྲབས་པའི་བདེ་བའི་རོ་མྱང་བའི་ཕྱིར་རོ། །ལྟ་བས་ལྟ་བ་ལྷག་པར་བསམ་གཏན་པ་དེ་ཉིད་ཉོན་མོངས་པ་ཅན་དུ་འགྱུར་ཏེ། འདི་ལ་ལྟ་བ་ལྷག་པར་ཡོད་པས་ན་ལྟ་བ་ལྷག་པ་ཞེས་ཀྱང་བྱ་ལ། བསམ་གཏན་དང་ལྡན་པའི་ཕྱིར་
བསམ་གཏན་པ་ཞེས་ཀྱང་བྱའོ། །དེ་ཉིད་ཀྱང་བསམ་གཏན་ལ་བརྟེན་ནས་སྔོན་གྱི་མཐར་རྟོག་པ་ལ་སོགས་པའི་ལྟ་བ་ལ་ཀུན་ཏུ་སྤྱོད་པའི་ཕྱིར་རོ། །ང་རྒྱལ་གྱིས་ང་རྒྱལ་ལྷག་པར་བསམ་གཏན་པ་ཉིད་དུ་ཀུན་ནས་ཉོན་མོངས་པ་ཅན་དུ་འགྱུར་ཏེ། ཁྱད་པར་དུ་རྟོགས་པ་དེས་སེམས་པས་
མཐོ་བར་འགྱུར་བའི་ཕྱིར་རོ། །མ་རིག་པས་ཐེ་ཚོམ་ལྷག་པ་དང་བསམ་གཏན་པ་ཉིད་ཉོན་མོངས་པ་ཅན་དུ་འགྱུར་ཏེ། དེ་ཁོ་ན་ཉིད་སོ་སོར་རྟོགས་པས་ཐར་པ་འདོད་པའི་ཁྱད་པར་དུ་རྟོགས་པ་དེ་ལ་ཐར་པ་ཡིན་ནམ་མ་ཡིན་སྙམ་པའི་ཐེ་ཚོམ་སྐྱེ་བའི་ཕྱིར་རོ། །དེ་ལྟར་ཉོན་མོངས་པ་ཅན་གྱི་
སེམས་དང་ལྡན་པ་རྣམས་ལ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་འཇུག་པར་འགྱུར་བ་ཡིན་ནོ། །རྣམ་པར་བྱང་བ་ཇི་ལྟར་ཞེ་ན། དག་པའི་བསམ་གཏན་དང་། གཟུགས་མེད་པ་གཉིས་དགེ་བ་ཡིན་པའི་ཕྱིར་འཇིག་རྟེན་པ་ཡིན་དུ་ཟིན་
ཀྱང་ཀུན་ནས་དཀྲིས་པའི་དྲི་མ་དང་བྲལ་བའི་ཕྱིར་རྣམ་པར་བྱང་བ་ཞེས་བརྗོད་པ་ཡིན་ནོ། རྣམ་པར་གཞག་པ་ཇི་ལྟ་བུ་ཞེ་ན། ཡན་ལག་གི་རྣམ་པར་གཞག་པ་དང་། སྙོམས་པར་འཇུག་པའི་རྣམ་པར་གཞག་པ་དང་། ཚོད་ཟིན་པའི་རྣམ་པར་གཞག་པ་དང་། མིང་གི་རྣམ་པར་གཞག་
པའི་སྒོ་ནས་སོ། །དེ་ལྟར་བསམ་གཏན་ལ་བཞིའི་སྒོ་ནས་རྣམ་པར་གཞག་པའོ། །གཟུགས་མེད་པ་ལ་རྣམ་པ་གསུམ་གྱི་སྒོ་ནས་རྣམ་པར་གཞག་པ་བྱེད་པ་ཡིན་ཏེ། དེ་རྣམས་ཀྱི་ནང་ནས་ཡན་ལག་གི་རྣམ་པར་གཞག་པ་དོར་ནས་སོ། །ཡན་ལག་གི་རྣམ་པར་གཞག་པ་ཅི་ལྟ་བུ་ཞེ་ན། བསམ་
གཏན་དང་པོ་ལ་ཡན་ལག་ལྔ་སྟེ། རྟོག་པ་དང་། དཔྱོད་པ་དང་། དགའ་བ་དང་། བདེ་བ་དང་། སེམས་རྩེ་གཅིག་པ་ཉིད་དོ། །བསམ་གཏན་གཉིས་པ་ལ་ཡན་ལག་བཞི་སྟེ། ནང་གི་བདག་ཉིད་ཀྱི་ཡང་དག་པར་དང་བ་དང་། དགའ་བ་དང་། བདེ་བ་དང་། སེམས་རྩེ་གཅིག་པ་

ཉིད་དོ། །བསམ་གཏན་གསུམ་པ་ལ་ཡན་ལག་ལྔ་སྟེ། བཏང་སྙོམས་དང་། དྲན་པ་དང་། ཤེས་བཞིན་དང་། བདེ་བ་དང་། སེམས་རྩེ་གཅིག་པ་ཉིད་དོ། །བསམ་གཏན་བཞི་པ་ལ་ཡན་ལག་བཞི་སྟེ། བཏང་སྙོམས་ཡོངས་སུ་དག་པ་དང་། དྲན་པ་ཡོངས་སུ་དག་པ་དང་།
བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་དང་། སེམས་རྩེ་གཅིག་པའོ། །དེ་ལས་གཞན་པའི་སེམས་ལས་བྱུང་བའི་འདུ་ཤེས་ལ་སོགས་པ་ཡོད་པ་མ་ཡིན་ནམ། ཅིའི་ཕྱིར་རྟོག་པ་ལ་སོགས་པ་ཡན་ལག་ཉིད་དུ་རྣམ་པར་འཇོག་པ་ཡིན་ཞེ་ན། ལན་ནི་རྣམ་པ་དེ་ཙམ་གྱི་
སྒོ་ནས་གཉེན་པོའི་ཕྱོགས་དང་། ཕན་ཡོན་དང་། དེ་གཉིས་ཀྱི་རྟེན་གྱི་ཡན་ལག་ཡོངས་སུ་རྫོགས་པའི་ཕྱིར་རོ། །འདིའི་དོན་ནི་གཉེན་པོའི་ཕྱོགས་ཀྱི་ཡན་ལག་དང་། ཕན་ཡོན་གྱི་ཡན་ལག་དང་། དེ་གཉིས་ཀྱི་ཡན་ལག་ལ་བརྟེན་ནས་ཡན་ལག་གི་རྣམ་གཞག་བྱེད་པ་ཡིན་ནོ། །
འདི་ལྟར་བསམ་གཏན་དང་པོ་ལ་རྟོག་པ་དང་དཔྱོད་པའི་གཉེན་པོའི་ཡན་ལག་སྟེ། དེ་དག་གིས་འདོད་པ་དང་། གནོད་སེམས་དང་། རྣམ་པར་འཚེ་བའི་རྟོག་པ་རབ་ཏུ་སྤོང་བའི་ཕྱིར་རོ། །དགའ་བ་དང་བདེ་བ་ནི་ཕན་ཡོན་གྱི་ཡན་ལག་ཡིན་ཏེ། རྟོག་པ་དང་དཔྱོད་པ་དག་གིས་མི་
མཐུན་པའི་ཕྱོགས་སྤོང་བའམ། དེས་དབེན་པ་ལས་བྱུང་བའི་དགའ་བ་དང་བདེ་བ་ཐོབ་པའི་ཕྱིར་རོ། །སེམས་རྩེ་གཅིག་པ་ནི་དེ་གཉིས་ཀྱི་རྟེན་གྱི་ཡན་ལག་ཡིན་ཏེ། ཏིང་ངེ་འཛིན་ལ་བརྟེན་པའི་དབང་གིས་རྟོག་པ་ལ་སོགས་པ་འཇུག་པའི་ཕྱིར་རོ། །བསམ་གཏན་གཉིས་པའི་ནང་གི་
བདག་ཉིད་ཀྱི་དང་པོ་ནི་གཉེན་པོའི་ཡན་ལག་ཡིན་ཏེ། རྟོག་པ་དང་དཔྱོད་པ་དག་སྤོང་བར་བྱེད་པའི་ཕྱིར་རོ། །དེ་ལ་ནང་གི་བདག་ཉིད་ཅན་གྱི་དང་བ་ནི་སྔར་རྟོག་པ་དང་དཔྱོད་པས་སེམས་འཁྲུག་པའི་ཕྱིར། སེམས་དམིགས་པ་ལ་ཆེས་མི་འཇུག་པ་ཡིན་ལ། ད་ནི་རྟོག་པ་དང་དཔྱོད་པ་
དང་བྲལ་བའི་ཕྱིར་དམིགས་པ་ལ་སེམས་ཆེས་མཉམ་པར་འཇོག་པ་གང་ཡིན་པ་སྟེ། རྟོག་པ་དང་དཔྱོད་པས་འཁྲུག་པ་དང་བྲལ་བའི་ཕྱིར་རབ་ཏུ་དང་བས་འཁྲུག་པ་མ་ཡིན་ནོ། །དགའ་བ་དང་། བདེ་བ་དང་། སེམས་རྩེ་གཅིག་པ་སྔར་བཞིན་ནོ། །བསམ་གཏན་གསུམ་པའི་བཏང་

སྙོམས་དང་། དྲན་པ་དང་། ཤེས་བཞིན་རྣམ་པ་གཉིས་པོ་གཉེན་པོའི་ཡན་ལག་སྟེ། དེ་རྣམས་ཀྱི་དགའ་བ་སྤོང་བའི་ཕྱིར་རོ། །བདེ་བ་དང་སེམས་རྩེ་གཅིག་པ་ནི་སྔར་བཞིན་དུ་ཤེས་པར་བྱའོ། །བསམ་གཏན་བཞི་པ་ནི་བཏང་སྙོམས་ཡོངས་སུ་དག་པ་དང་། དྲན་
པ་ཡོངས་སུ་དག་པ་ནི་གཉེན་པོའི་ཡན་ལག་ཡིན་ཏེ། དེ་དག་གིས་བདེ་བ་སྤོང་བར་བྱེད་པའི་ཕྱིར་རོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་ནི་ཕན་ཡོན་གྱི་ཡན་ལག་གོ། །སེམས་རྩེ་གཅིག་པ་ནི་དེ་གཉིས་ཀའི་རྟེན་གྱི་ཡན་ལག་གོ། །གཟུགས་མེད་པ་ལ་ནི་ཡན་ལག་གི་རྣམ་
གཞག་ཡོད་པ་མ་ཡིན་ཏེ་རོ་གཅིག་ཏུ་གྱུར་པའི་ཞི་གནས་ལ་བརྟེན་པའི་ཕྱིར་རོ། །སྙོམས་པར་འཇུག་པའི་རྣམ་པར་གཞག་པ་ཇི་ལྟ་བུ་ཞེ་ན། ཡིད་ལ་བྱེད་པ་རྣམ་པ་བདུན་གྱི་སྒོ་ནས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པ་ཡིན་ལ། དེ་བཞིན་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་བར་
དུའོ། །དེ་ལ་ཡིད་ལ་བྱེད་པ་བདུན་གང་ཞེ་ན། མཚན་ཉིད་སོ་སོར་རྟོག་པ་ཡིད་ལ་བྱེད་པ་དང་། ལྷག་པར་མོས་པ་དང་། རབ་ཏུ་རྣམ་པར་དབེན་པ་དང་། དགའ་བ་ཡང་དག་པར་སྡུད་པ་དང་། དཔྱོད་པ་དང་སྦྱོར་བ་མཐར་ཐུག་པ་དང་། སྦྱོར་བ་མཐར་ཐུག་པའི་འབྲས་བུ་ཡིད་ལ་བྱེད་པའོ། །
བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་པ་ལ་ཡིད་ལ་བྱེད་པ་རྣམ་པ་བདུན་ཅི་ལྟར་ལྡན་པར་འགྱུར་ཞེ་ན། དེ་ལ་གང་གི་འདོད་པའི་ཡུལ་རྣམས་ལ་མི་མཐུན་པ་ཉིད་དུ་མཐོང་ནས་རགས་པའི་མཚན་ཉིད་ཅན་དུ་སོ་སོར་རྟོག་པ་ཡིན་ལ། བསམ་གཏན་དང་པོ་ན་དེ་མེད་པའི་ཕྱིར། ཞི་བའི་མཚན་ཉིད་
ཅན་དུ་རྟོག་པ་ཡིན་ལ། འདིའི་མཚན་ཉིད་ནི་སོ་སོར་རྟོག་པའི་ཡིད་ལ་བྱེད་པའོ། །དེ་ཡང་ཐོས་པ་དང་བསམ་པ་དག་དང་འདྲེས་པར་བྱའོ། །དེའི་ཕྱིར་ཐོས་པ་དང་བསམ་པ་དག་ལས་འདས་ཏེ། གཅིག་ཏུ་ངེས་པར་བསྒོམ་པའི་རྣམ་པས་རགས་པ་དང་ཞི་བའི་མཚན་ཉིད་ཀྱི་རྒྱུ་མཚན་ལ་
དམིགས་པའི་ཞི་གནས་དང་། ལྷག་མཐོང་བསྒོམ་ཞིང་ཡང་དང་ཡང་དུ་རགས་པ་དང་ཞི་བ་ཉིད་ལྷག་པར་མོས་པ་ཡིད་ལ་བྱེད་པའོ། །དེ་གོམས་པ་ལས་དང་པོར་སྤོང་བའི་ལམ་དང་ལྷན་ཅིག་ཏུ་གྱུར་པ་ཡིད་ལ་བྱེད་པ་ནི་རབ་ཏུ་རྣམ་པར་དབེན་པ་ཡིད་ལ་བྱེད་པ་སྟེ། དེས་ཉོན་མོངས་པ་ཆེན་པོ་སྤོང་བའི་

ཕྱིར་དང་། དེའི་ཕྱོགས་སུ་གྱུར་པའི་གནས་ངན་ལེན་འགགས་པའོ། །དེའི་ཕྱིར་རྣལ་འབྱོར་པ་དེ་རབ་ཏུ་སྤངས་པ་ལ་དགའ་བར་འགྱུར་ཞིང་སྤངས་པའི་ཕན་ཡོན་མཐོང་ལ། དབེན་པ་ཅུང་ཟད་ཀྱིས་དགའ་བ་དང་བདེ་བ་འདྲེས་པར་འགྱུར་བ་དེ་དུས་རྒྱུན་དུ་ཡིད་ལ་བྱེད་པ་དྲན་པའི་སྒོ་ནས་བྱིང་བ་དང་།
རྒོད་པ་སྤོང་བའི་དོན་དུ་སེམས་དགའ་བར་བྱེད་པ་གང་ཡིན་པ་དེ་ནི་དགའ་བ་སྡུད་པར་བྱེད་པ་ཡིན་ཏེ། དགེ་བའི་ཕྱོགས་ལ་སྦྱོར་བའི་སྒོ་ནས་ཡང་དག་པར་སྦྱོར་བ་པོ་དེའི་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་དང་། ཀུན་ནས་དཀྲིས་པ་ཀུན་དུ་མི་སྤྱོད་པར་གྱུར་ནས་སྤངས་པ་དང་། མ་སྤངས་པ་རྟོགས་
པར་བྱ་བའི་དོན་དུ་དེ་སྐྱེ་བ་དང་རྗེས་སུ་མཐུན་པ་སྡུག་པའི་མཚན་མ་ཡིད་ལ་བྱེད་པས་སོ་སོར་རྟོག་པ་གང་ཡིན་པ་དེ་ནི་སྤྱོད་པའི་ཡིད་ལ་བྱེད་པའོ། །སྤྱོད་པའི་ཡིད་ལ་བྱེད་པ་དེ་ལ་སྤྱད་ཅིང་གཉེན་པོ་བསྒོམས་པས་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཐམས་ཅད་དང་བྲལ་བའི་དོན་དུ་བསམ་གཏན་དང་
པོ་རྣལ་འབྱོར་མཐར་ཐུག་པར་གྱུར་པ་ནི་སྦྱོར་བ་མཐར་ཐུག་པ་ཡིད་ལ་བྱེད་པའོ། །དེའི་དེ་མ་ཐག་ཏུ་བསམ་གཏན་དང་པོའི་དངོས་གཞིའི་སྙོམས་པར་འཇུག་པ་ཐོབ་པ་ནི་སྦྱོར་བ་མཐར་ཐུག་པའི་འབྲས་བུ་ཡིད་ལ་བྱེད་པའོ། །དེ་ལ་མཚན་ཉིད་སོ་སོར་རྟོག་པས་སྤང་བར་བྱ་བ་དང་། ཐོབ་པར་བྱ་བ་
དག་ཡང་དག་པར་ཤེས་ནས་ཐོབ་པའི་དོན་དུ་སེམས་སྨོན་པར་བྱེད་པའོ། །ལྷག་པར་མོས་པ་ནི་དེའི་དོན་དུ་ཡང་དག་པའི་སྦྱོར་བས་རྩོམ་པ་ཡིན་ནོ། །རབ་ཏུ་རྣམ་པར་དབེན་པས་ཉོན་མོངས་པ་ཆེན་པོ་རབ་ཏུ་སྤོང་བ་ཡིན་ནོ། །དགའ་བ་ཡང་དག་པར་སྡུད་པས་ཉོན་མོངས་པ་འབྲིང་རབ་ཏུ་སྤོང་བར་བྱེད་
པ་ཡིན་ནོ། །སྦྱོར་བས་ཐོབ་པ་ལ་མངོན་པའི་ང་རྒྱལ་མེད་པ་ཉིད་ལ་སེམས་རྣམ་པར་འགོད་པའོ། །སྦྱོར་བ་མཐར་ཐུག་པས་ཉོན་མོངས་པ་ཆུང་ངུ་རབ་ཏུ་སྤོང་བ་ཡིན་ནོ། །སྦྱོར་བ་མཐར་ཐུག་པའི་འབྲས་བུ་ནི་ཡང་དག་པར་བསྒོམ་པའི་ཡིད་ལ་བྱེད་པ་འདི་རྣམས་ལ་བསྒོམས་པའི་འབྲས་བུས་ཉམས་
སུ་མྱོང་བར་བྱེད་པ་ཡིན་ནོ། །ཇི་ལྟར་བསམ་གཏན་དང་པོའི་སྙོམས་པར་འཇུག་པ་ལ་ཡིད་ལ་བྱེད་པ་བདུན་ཡོད་པ་དེ་བཞིན་དུ་ཡོད་མིན་མེད་མིན་གྱི་སྐྱེ་མཆེད་ལ་སྙོམས་པར་འཇུག་པའི་བར་དུ་ཇི་ལྟར་རིགས་པར་སྦྱར་བར་བྱའོ། །ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་ཐམས་ཅད་ལ་མདོར་བསྡུས་ནས་

རགས་པའི་མཚན་ཉིད་རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ། རབ་ཏུ་མ་ཞི་བར་གནས་པ་ཉིད་ཀྱིས་ཤིན་ཏུ་སྡུག་བསྔལ་བར་གནས་པ་ཉིད་དང་ཆེས་ཚེ་ཐུང་བ་ཉིད་ཀྱིས་སོ། །དེ་ལ་ས་གོང་མ་རྣམས་སུ་དེ་ལས་བཟློག་པ་ཞི་བ་ཉིད་དུ་ཤེས་པར་བྱའོ། །ཚོད་ཟིན་པའི་
རྣམ་པར་གཞག་པ་ཇི་ལྟ་བུ་ཞེ་ན། བསམ་གཏན་དང་པོ་ཆུང་ངུར་བསྒོམ་པ་དང་། འབྲིང་དུ་བསྒོམ་པ་དང་། ཆེན་པོར་བསྒོམ་པ་དང་། བསམ་གཏན་དང་པོ་ཇི་ལྟ་བ་བཞིན་དུ་བསམ་གཏན་དང་སྙོམས་པར་འཇུག་པ་ལྷག་མ་རྣམས་ལ་ཡང་ངོ་། །བསམ་གཏན་དང་པོ་ཆུང་ངུ་དང་།
འབྲིང་དང་། ཆེན་པོར་བསྒོམ་པའི་འབྲས་བུ་ནི་བསམ་གཏན་དུ་སྐྱེ་བ་གསུམ་མོ། །བསམ་གཏན་དང་པོ་ཇི་ལྟ་བ་བཞིན་དུ་བསམ་གཏན་ལྷག་མ་རྣམས་ལ་ཡང་བསམ་གཏན་དུ་སྐྱེ་བ་གསུམ་གསུམ་སྟེ། འདི་ལྟར་ཚངས་རིས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའོ། །དེ་ཉིད་ཀྱི་ཕྱིར་བསམ་
གཏན་གསུམ་པ་ཞེས་གསུངས་པ་ཡིན་ནོ། །འོ་ན་བསམ་གཏན་བཞི་པ་ས་བརྒྱད་པར་ཇི་ལྟར་བརྗོད་ཅེ་ན། མ་ཡིན་ཏེ། དེར་གནས་གཙང་མས་ལྔ་ཡིན་པས་སོ། །གཟུགས་མེད་པ་རྣམས་ལ་ནི་གནས་གཞན་མེད་པའི་ཕྱིར་སྐྱེ་བའི་དབྱེ་བ་ཡོད་པ་མ་ཡིན་ནོ། །དེས་ན་གཟུགས་མེད་པ་
རྣམས་ཆུང་ངུ་དང་། འབྲིང་དང་། ཆེན་པོར་བསྒོམས་པས་མཐོ་བ་དང་། དམའ་བ་ཉིད་དང་། དམན་པ་དང་། གྱ་ནོམ་པ་ཉིད་ཡོད་པར་ཡོངས་སུ་ཤེས་པ་ཡིན་ནོ། །དེ་ལ་སྐྱེས་པ་ལ་མཐོ་བ་དང་། དམའ་བ་ཉིད་ནི་ཚེ་ལ་སོགས་པའི་ཁྱད་པར་གྱིས་སོ། །དམན་པ་དང་། གྱ་ནོམ་པ་
ཉིད་ནི་ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པ་མང་བའི་ཁྱད་པར་གྱིས་སོ། །མིང་གི་རྣམ་གཞག་ཇི་ལྟ་བུ་ཞེ་ན། བསམ་གཏན་དང་པོས་བསྡུས་པའི་ཏིང་ངེ་འཛིན་ཇི་སྙེད་ཡོད་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྙོམས་པར་འཇུག་པ་དེ་རྣམས་ནི་ཉན་ཐོས་དང་རང་སངས་
རྒྱས་དག་གིས་མིང་ཡང་མི་ཤེས་ན་ཤེས་པ་དང་སྙོམས་པར་འཇུག་པར་ལྟ་ག་ལ་འགྱུར་ཏེ། འདི་རྣམས་ཀྱི་བསམ་གཏན་གྱི་དབྱེ་བ་རྣམས་ཀྱི་མིང་བགྲང་དུ་མེད་པ་དང་། གྲངས་མེད་པ་དང་། བསམ་གྱིས་མི་ཁྱབ་པ་ཡིན་པས་སོ། །ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཏིང་ངེ་འཛིན་བརྒྱ་ཕྲག་

གཅིག་གསུངས་པ་ལྟ་བུའོ། །དེ་བཞིན་དུ་ཐེག་པ་ཆེན་པོའི་མདོ་གཞན་དེ་དང་དེར་སྤོང་ངོ་། །ཅི་ལྟར་བསམ་གཏན་དང་པོས་བསྡུས་པ་དེ་བཞིན་དུ་བསམ་གཏན་ལྷག་མ་རྣམས་དང་། གཟུགས་མེད་པ་རྣམས་ཀྱིས་བསྡུས་པ་ཡང་ཤེས་པར་བྱའོ། །རྣམ་པར་དག་པ་ཇི་ལྟ་བུ་ཞེ་ན། རབ་ཀྱི་མཐར་
ཐུག་པའི་བསམ་གཏན་དང་པོ་ནས་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་ལ་རྣམ་པར་དག་པ་ཞེས་བྱ་སྟེ། ཡོན་ཏན་ཁྱད་པར་ཅན་བསྒྲུབ་པའི་དོན་དུ་ལས་སུ་རུང་བ་ཉིད་མཐར་ཐུག་པར་བྱེད་པས་སོ། །འདི་ནི་བསམ་གཏན་དང་གཟུགས་མེད་པ་རྣམས་ཀྱིས་བསྡུས་པའི་དོན་ནོ། །ཚད་མེད་པ་བཞི་
ནི་འདི་ལྟ་སྟེ་ཞེས་པ་ལ་ཚད་མེད་པ་ནི་སེམས་ཅན་ཚད་མེད་པ་ལ་དམིགས་པ་དང་། ཚད་མེད་པའི་ཚོགས་ཀྱི་རྒྱུ་ཡིན་པ་དང་། ཚད་མེད་པའི་ཆོས་ཐོབ་པའི་རྒྱུ་ཡིན་པ་དང་། ཚད་མེད་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པས་ན་ཚད་མེད་པའོ། །དེ་ཡང་བཞི་སྟེ་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་
ཚད་མེད་པའོ། །དེ་ལ་བྱམས་པ་ནི་རྣམ་པ་གསུམ་སྟེ། མོས་པས་སྤྱོད་པའི་སར་སེམས་ཅན་ལ་དམིགས་པ་དང་། ས་དང་པོ་ནས་བརྩམས་ཏེ་ས་བདུན་པའི་བར་ཆོས་ལ་དམིགས་པ་དང་། ས་བརྒྱད་པ་ནས་བརྩམས་ཏེ་དམིགས་པ་མེད་པའོ། །སྙིང་རྗེ་ཡང་རྣམ་པ་གསུམ་སྟེ། སེམས་ཅན་
སྡུག་བསྔལ་བ་ལ་དམིགས་པ་དང་། ཉེས་པར་སྤྱོད་པ་མང་བའི་སེམས་ཅན་ལ་དམིགས་པ་དང་། རྐྱེན་མ་ཚང་བས་མ་གྲོལ་བའི་སེམས་ཅན་ལ་དམིགས་པའོ། །དགའ་བ་ཡང་རྣམ་པ་གསུམ་སྟེ། སེམས་ཅན་བདེ་བ་དང་ལྡན་པ་རྣམས་ལ་དམིགས་པ་དང་། བདག་གི་ཚོགས་རྫོགས་པ་ལ་
དམིགས་པ་དང་། དམ་པའི་ཆོས་ཀྱི་རོ་ལ་དམིགས་པའོ། །བཏང་སྙོམས་ཀྱང་རྣམ་པ་གསུམ་སྟེ། སེམས་ཅན་གྱི་དོན་ཡོད་པ་ལ་སྣོད་དང་། སྣོད་མ་ཡིན་པ་ལ་དམིགས་པ་དང་། རྙེད་པ་དང་མ་རྙེད་པ་ལ་སོགས་པ་འཇིག་རྟེན་གྱི་ཆོས་རྣམས་ལ་མཉམ་པ་ཉིད་དུ་དམིགས་པ་དང་། ཚོགས་རྫོགས་
པར་བྱ་བའི་ཆེད་དུ་དུས་དང་དུས་མ་ཡིན་པ་ལ་དམིགས་པའོ། །བྱམས་པ་དང་ལྡན་པའི་སེམས་ཞེས་བྱ་བ་ནི་ཡོན་ཏན་ཉིད་བསྟན་པ་ཡིན་ནོ། །ཡངས་པ་ཞེས་བྱ་བ་ལ་སོགས་པས་ཡོན་ཏན་བསྟན་པ་ཡིན་ནོ། །དེ་ལ་ཡོན་ཏན་ནི་གསུམ་སྟེ། ཆེན་པོ་ཉིད་དང་། བདག་གཅིག་པ་ཉིད་དང་། འཚེ་བ་

དང་བྲལ་བའོ། །དེ་ལ་ཆེན་པོ་ཉིད་ནི་རྣམ་པ་གསུམ་སྟེ། བསམ་པ་དང་། འཕེལ་བ་དང་། དམིགས་པས་སོ། །དེ་ལ་བསམ་པ་ཆེ་བ་ཉིད་ནི་ཡངས་པ་ཞེས་བྱ་བས་བསྟན་པ་ཡིན་ནོ། །འཕེལ་བ་ཆེ་བ་ཉིད་ནི་རྒྱ་ཆེན་པོར་གྱུར་པ་ཞེས་བྱ་བས་བསྟན་པ་ཡིན་
ནོ། །དམིགས་པ་ཆེ་བ་ཉིད་ནི་ཚད་མེད་པ་ཞེས་བྱ་བས་བསྟན་པ་ཡིན་ཏེ། སེམས་ཅན་ཚད་མེད་པ་ལ་དམིགས་པའི་ཕྱིར་རོ། །རྣམ་པར་རྟོག་པ་མེད་པ་དང་། གཅིག་ཏུ་བྱམས་པའི་རྣམ་པ་ཅན་ཡིན་པས་བདག་ཉིད་གཅིག་པ་སྟོན་པ་ནི། མི་གཉིས་པ་ཞེས་བྱ་བ་སྨོས་སོ། །གནོད་
སེམས་ཀྱི་གཉེན་པོ་ཡིན་པའི་ཕྱིར་ནང་གི་བདག་ཉིད་ཆོས་ཀྱིས་བྱས་པའི་འཚེ་བ་མེད་པར་སྟོན་པ་ནི་ཁོན་མེད་པ་ཞེས་བྱའོ། །ཕྱིའི་སེམས་ཅན་གྱིས་བྱས་པའི་འཚེ་བ་མེད་པར་སྟོན་པ་ནི་འགྲན་ཟླ་མེད་པའོ། །དེ་ཉིད་ཀྱི་ཕྱིར་སྒྲིབ་པ་མེད་པ་ཞེས་བྱ་བ་སྨོས་སོ། །གནོད་པ་མེད་པ་ཞེས་བྱ་བ་ནི་
ཕྱི་རོལ་གྱི་ཡུལ་གྱིས་བྱས་པའི་འཚེ་བ་མེད་པས་སོ། །ཐམས་ཅད་དུ་ཁྱབ་པ་ཞེས་བྱ་བ་ནི་གྲོགས་དང་། ཐ་མལ་པ་དང་། དགྲ་བོ་ལ་ཡང་འཇུག་པ་ཡིན་པས་སོ། །ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡིན་པས་སོ། །ནམ་མཁའི་ཁམས་ཀྱི་མཐས་གཏུགས་
པ་ཞེས་བྱ་བ་ནི་ཕྱོགས་བཅུ་རྣམས་སུ་ཁྱབ་པའི་ཕྱིར་རོ། །དེ་ཉིད་རྒྱས་པར་སྟོན་པ་ནི་ཐམས་ཅད་དང་ལྡན་པའི་འཇིག་རྟེན་ཁྱབ་པར་བྱས་ནས་བསྒྲུབས་ཏེ་གནས་སོ་ཞེས་སྨྲས་སོ། །སྔ་མ་བཞིན་ནོ་ཞེས་བྱ་བ་ནི་ཡངས་པ་རྒྱ་ཆེན་པོར་གྱུར་པ་ཞེས་བྱ་བ་ལ་སོགས་པ་སྦྱར་བར་བྱའོ། །འོན་ཀྱང་སྙིང་རྗེ་
དང་། དགའ་བ་དང་། བཏང་སྙོམས་རྣམས་ཀྱིས་གནོད་སེམས་ཀྱི་གཉེན་པོ་ནི་མ་ཡིན་གྱི། འོན་ཀྱང་སྙིང་རྗེ་རྣམ་པར་འཚེ་བའི་གཉེན་པོ་ཡིན་ལ། དགའ་བ་ནི་མི་དགའ་བའི་གཉེན་པོ་ཡིན་ལ། བཏང་སྙོམས་ནི་ཁོང་ཁྲོ་དང་། རྗེས་སུ་ཆགས་པའི་གཉེན་པོ་ཡིན་ནོ། །མངོན་པར་ཤེས་
པ་ལྔ་ནི་ཞེས་བྱ་བ་ནི་རྫུ་འཕྲུལ་གྱི་མངོན་པར་ཤེས་པ་དང་། ལྷའི་རྣ་བའི་མངོན་པར་ཤེས་པ་དང་། གཞན་གྱི་སེམས་ཤེས་པའི་མངོན་པར་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་དང་། ལྷའི་མིག་གི་མངོན་པར་ཤེས་པའོ། །དེ་ལྟར་རྫུ་འཕྲུལ་གྱི་མངོན་པར་ཤེས་པ་བསྟན་

པར་བྱ་བའི་ཕྱིར། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་རྫུ་འཕྲུལ་བྱ་བ་རྣམ་པ་དུ་མ་ཉམས་སུ་མྱོང་བར་བྱེད་དེ་ཞེས་བྱ་བ་ནི་མདོར་བསྟན་པའོ། །ས་ཡང་གཡོ་བར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་ནི་རྒྱས་པར་བསྟན་པ་སྟེ། རྩིག་པ་ཞེས་བྱ་བ་ནི་ཁང་པའི་རྩིག་པའོ། །ར་བ་ཞེས་བྱ་བ་ནི་གང་གིས་
ཁང་པ་བསྐོར་བའོ། །ལག་པས་འཛིན་ཅིང་ཞེས་བྱ་བ་ནི་རིག་པར་བྱེད་དོ་ཞེས་པའོ། །ཀུན་དུ་ཉུག་པར་བྱེད་དོ་ཞེས་བྱ་བ་ནི་ཡོངས་སུ་འཇུག་པར་བྱེད་པའོ། །ཚངས་པའི་འཇིག་རྟེན་གྱི་བར་དུ་ལུས་ཀྱིས་དབང་སྒྱུར་རོ་ཞེས་བྱ་བ་ནི་ཚངས་པའི་འཇིག་རྟེན་གྱི་གཞལ་ཡས་ཁང་ལ་ཡང་ལག་པས་འཛིན་ཅིང་ཀུན་
ཏུ་ཉུག་པར་བྱེད་ཅེས་པའི་དོན་ཏོ། །ལྷའི་རྣ་བའི་མངོན་པར་ཤེས་པ་བསྟན་པར་བྱ་བའི་ཕྱིར། ལྷའི་རྣ་བའི་ཁམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་དག་པ་ཞེས་བྱ་བ་ནི་ཡོངས་སུ་གསལ་བར་ཐོས་པས་སོ། །མི་ལས་འདས་པ་ཞེས་བྱ་བ་ནི་མིའི་སྒྲ་ལས་འདས་ཏེ། འོག་གི་མནར་མེད་
པའི་བར་གྱི་སྒྲ་ཐོས་པས་སོ། །ཕྲ་བ་དང་ཞེས་བྱ་བ་ནི་ཡོངས་སུ་མི་གསལ་བའོ། །རྒྱ་ཆེ་བ་དང་ཞེས་བྱ་བ་ནི་ཡོངས་སུ་གསལ་བའོ། །གཞན་གྱི་སེམས་ཤེས་པའི་མངོན་པར་ཤེས་པ་བསྟན་པར་བྱ་བའི་ཕྱིར། དེ་སེམས་ཅན་གཞན་དག་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ལ་ལ་
སེམས་ཅན་ཉིད་དུ་ཡོངས་སུ་གྲགས་པ་ཡོད་ལ། ལ་ལ་གང་ཟག་ཉིད་དུ་ཡོངས་སུ་གྲགས་པ་ཡོད་པས་སེམས་ཅན་གཞན་དག་དང་། གང་ཟག་གཞན་རྣམས་ཀྱིས་ཞེས་བྱ་བ་སྨོས་པ་ཡིན་ནོ། །ཡང་ན་བསྟན་པ་དང་བཤད་པའོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ་ཞེས་བྱ་བ་ནི་
འདོད་ཆགས་ལ་སོགས་པ་དང་ལྡན་པ་ལ་འདོད་ཆགས་ལ་སོགས་པ་དང་ལྡན་པར་ཤེས་པའོ། །ཉོན་མོངས་པ་དང་བཅས་པ་ཞེས་བྱ་བ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལས་གཞན་པའི་ཉོན་མོངས་པ་རྣམས་དང་ལྡན་པའོ། །ཉོན་མོངས་པ་མེད་པ་དང་ཞེས་བྱ་བ་ནི་འདོད་ཆགས་
ལ་སོགས་པ་ལས་གཞན་པའི་ཉོན་མོངས་པ་དང་བྲལ་བའོ། །ཆུང་བ་དང་ཞེས་བྱ་བ་ནི་དམིགས་པ་ཆུང་བའོ། །ཡངས་པ་དང་། ཆེན་པོར་གྱུར་པ་དང་། ཚད་མེད་པ་དང་ཞེས་བྱ་བ་ནི་བཤད་ཟིན་པའོ། །བསྡུས་པ་དང་ཞེས་བྱ་བ་ནི་དབང་པོའི་སྒོ་བསྡམས་པ་ཉིད་ཀྱིས་སོ། །མ་བསྡུས་པ་ཞེས་བྱ་

བ་ནི་དབང་པོའི་སྒོ་མ་བསྡམས་པའི་སྒོ་ནས་སོ། །མཉམ་པར་གཞག་པ་དང་ཞེས་བྱ་བ་ནི་བསམ་གཏན་དང་པོ་ལ་སོགས་པའི་ས་པའོ། །མཉམ་པར་མ་བཞག་པ་ཞེས་བྱ་བ་ནི་འདོད་པའི་ཁམས་པའོ། །རྣམ་པར་གྲོལ་བ་དང་ཞེས་བྱ་བ་ནི་ཉོན་མོངས་པ་ཐམས་ཅད་
ལས་རྣམ་པར་གྲོལ་བའོ། །རྣམ་པར་མ་གྲོལ་བ་དང་ཞེས་བྱ་བ་ནི་ཉོན་མོངས་པ་ཐམས་ཅད་དང་ལྡན་པའོ། །སྐྱོན་ཅན་དང་ཞེས་བྱ་བ་ནི་ཉོན་མོངས་པ་དང་ལྡན་པའོ། །སྐྱོན་མེད་པ་དང་ཞེས་བྱ་བ་ནི་ཉེ་བའི་ཉོན་མོངས་པ་དང་བྲལ་བའོ། །སེམས་རགས་པ་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པ་ལ་
འཇུག་པའོ། །རགས་པ་མ་ཡིན་པ་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པ་ལ་མི་འཇུག་པའོ། །སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་བསྟན་པར་བྱ་བའི་ཕྱིར། དེ་ནི་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པ་དུ་མ་རྗེས་སུ་དྲན་ཏེ་ཞེས་
བྱ་བ་ནི་མདོར་བསྟན་པའོ། །ཚེ་རབས་གཅིག་ཀྱང་ཞེས་བྱ་བ་ལ་སོགས་པ་ནི་རྒྱས་པར་བཤད་པའོ། །ཆེ་གེ་མོ་ཞིག་ན་ཞེས་བྱ་བ་ནི་ཡུལ་ལོ། །རུས་ནི་འདི་ཞེས་བྱ་ཞེས་བྱ་བ་ནི་དྲང་སྲོང་རྒྱས་པ་ལ་སོགས་པའོ། །རིགས་ནི་འདི་ཞེས་བྱ་ཞེས་བྱ་བ་ནི་བྲམ་ཟེ་ལ་སོགས་པའོ། །དེ་ལ་རིགས་ནི་སྤྱི་
ཡིན་ལ། རུས་ནི་བྱེ་བྲག་གོ། །ཁ་དོག་ནི་འདི་ལྟ་བུ་ཞེས་བྱ་བ་ནི་དཀར་པོ་ལ་སོགས་པའོ། །ཡུན་ནི་འདི་སྲིད་ཅིག་གནས་ཞེས་བྱ་བ་ནི་ཡུལ་དེར་དེ་ཙམ་ཞིག་གནས་སྙམ་པ་སྟེ། རང་གི་ཡུལ་ལམ་གཞན་གྱི་ཡུལ་དུའོ། །རྣམ་པ་དང་བཅས་ཞེས་བྱ་བ་ནི་ཆེ་གེ་མོ་ཞིག་ན་ཞེས་བྱ་བ་ལ་སོགས་པའོ། །
དན་རྟགས་དང་ཞེས་བྱ་བ་ནི་མིང་ངོ་། །རྒྱུ་མཚན་དང་ཞེས་བྱ་བ་ནི་རྒྱུ་གང་གིས་དེར་སྐྱེས་པ་ཤེས་པའོ། །ལྷའི་མིག་གི་མངོན་པར་ཤེས་པ་བསྟན་པར་བྱ་བའི་ཕྱིར། དེ་ལྷའི་མིག་རྣམ་པར་དག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་དག་པ་ཞེས་བྱ་བ་ནི་ཡོངས་སུ་གསལ་བར་མཐོང་བའི་ཕྱིར་རོ། །
མི་ལས་འདས་པ་ཞེས་བྱ་བ་ནི་ཡུལ་ཀུན་ན་གནས་པའི་གཟུགས་མཐོང་བར་ནུས་པས་སོ། །བདེ་བར་སོང་བ་དང་ཞེས་བྱ་བ་ནི་བདེ་འགྲོར་སྐྱེས་པས་སོ། །ངན་པར་སོང་བ་དང་ཞེས་བྱ་བ་ནི་ངན་འགྲོར་སྐྱེས་པའོ། །བཟང་པོ་དང་ཞེས་བྱ་བ་ནི་བདེ་འགྲོ་བ་དང་། ངན་འགྲོ་གཉིས་ན་ཡང་བཟང་པོ་དང་ངན་པ་

དག་ཡོད་པས་སོ། །ངན་སོང་ངན་འགྲོ་ཞེས་བྱ་བ་ནི་ངན་སོང་ཉིད་ན་འགྲོ་སྟེ། སྡུག་བསྔལ་གྱི་རྒྱུ་ཡིན་པས་སོ། །རྣམ་པར་ལྟུང་བ་ཞེས་བྱ་བ་ནི་དེར་སྐྱེས་པས་སོ། །བསམ་གཏན་ཞེས་བྱ་བ་ནི་བསམ་གཏན་བཞིའོ། །སྙོམས་པར་འཇུག་པ་དང་ཞེས་བྱ་བ་ནི་གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་སོགས་
པའོ། །དེ་དག་གི་དབང་གིས་ཞེས་བྱ་བ་ནི་བསམ་གཏན་ལ་སོགས་པའི་དབང་གིས་སོ། །ཐབས་ལ་མཁས་པ་མངོན་པར་བསྒྲུབ་པ་ཞེས་བྱ་བ་ནི་བསམ་གཏན་ལ་སོགས་པ་ལ་སྙོམས་པར་འཇུག་ཀྱང་དེ་རྣམས་ཀྱི་རོ་མི་མྱང་བའི་ཕྱིར་བསམ་གཏན་གྱི་སྐྱོན་གྱིས་མ་གོས་པའོ། །དེ་ལྟར་ན་ཞེས་བྱ་བ་ལ་
སོགས་པ་མཇུག་བསྡུ་བའོ། །དེ་ལ་རྫུ་འཕྲུལ་གྱི་མངོན་པར་ཤེས་པས་སེམས་ཅན་ཐམས་ཅད་ཀྱི་ཐད་དུ་འགྲོ་བར་བྱེད་པ་ཡིན་ནོ། །ལྷའི་རྣ་བའི་མངོན་པར་ཤེས་པ་དང་། གཞན་གྱི་སེམས་ཤེས་པ་དག་གིས་ནི་ཆོས་སྟོན་པར་བྱེད་པ་སྟེ། དེ་དག་གི་སྒྲ་དང་དོན་སོ་སོར་རྟོགས་པ་ཡིན་པས་སོ། །སྔོན་
གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་དང་། ལྷའི་མིག་གི་མངོན་པར་ཤེས་པ་དག་གིས་འདས་པ་དང་། མ་འོངས་པ་དག་གིས་ཡིན་པ་སྟེ། དེ་དག་གི་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་ཡོངས་སུ་སྨིན་པ་ཤེས་པའི་ཕྱིར་རོ། །འདོད་ཆགས་ཞེ་སྡང་ཡོངས་སུ་ཟད་པར་འགྱུར། །
ཞེས་བྱ་བ་དེ་བཤད་པར་བྱ་བའི་ཕྱིར། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དང་གི་སྒྲ་ནི་མ་སྨོས་པ་བསྡུ་བར་བྱ་བའི་ཕྱིར་ཏེ། ཞེས་བྱ་བ་ནི་མ་སྨོས་པ་གཏི་མུག་ཡོངས་སུ་ཟད་པ་བསྡུ་བར་བྱ་བའི་ཆེད་དུའོ། །འདིར་འདོད་པའི་ཁམས་ཀྱི་ཉོན་མོངས་པ་ཆེན་པོའི་རྣམ་པ་གསུམ་སྤངས་པར་གསུངས་
པ་ཡིན་ཏེ། གཞན་དུ་ཉོན་མོངས་པ་ཐམས་ཅད་གཏི་མུག་གི་ཆ་དང་ལྡན་པ་ཡིན་པས་གཏི་མུག་སྤངས་ནས་ཉོན་མོངས་པའི་རྣམ་པ་ཐམས་ཅད་སྤང་བར་འགྱུར་བས་ད་ལྟར་ཉིད་དུ་ཕྱིར་མི་སྤོང་བར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར། དེའི་ཕྱིར་ཤས་ཆེར་བྱ་བ་སྨོས་སོ། །རྐྱེན་ལ་རྟོག་པ་ཉིད་ཡིན་པས་ཞེས་བྱ་བ་
ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཀྱི་རང་བཞིན་མེད་པ་ཡིན་པས་སོ། །འཕོ་བ་མེད་པ་ཉིད་ཅེས་བྱ་བ་ལ། འཕོ་བ་ནི་མ་འོངས་པའི་དུས་ལ་ད་ལྟར་བའི་དུས་སུ་འཕོ་སྟེ་སྐྱེ་བའོ་ཞེས་པའི་དོན་ཏོ། །དེ་མེད་པས་འཕོ་བ་མེད་པ་སྟེ། སྐྱེ་བ་མེད་པའོ་ཞེས་པའི་དོན་ཏོ། །འདོད་པའི་འཆིང་བ་ཞེས་བྱ་བ་

ནི་འདོད་ཆགས་ཀྱི་འཆིང་བའོ། །གཟུགས་ཀྱི་འཆིང་བ་ཐམས་ཅད་དང་ཞེས་བྱ་བ་ནི་ཡུལ་གཟུགས་ལ་དམིགས་པའི་མངོན་པར་ཞེན་པའོ། །སྲིད་པའི་འཆིང་བ་ཞེས་བྱ་བ་ནི་འདོད་པའི་ཁམས་ཁོ་ནའོ། །མ་རིག་པའི་འཆིང་བ་ཞེས་བྱ་བ་ནི་འདོད་པའི་ཁམས་ཁོ་ནའོ། །དེའི་ལྟ་
བར་གྱུར་པའི་འཆིང་བ་རྣམས་ནི་སྔ་ནས་སྤངས་པ་ཡིན་ནོ་ཞེས་བྱ་བ་ནི་ལོག་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ལས་བྱུང་བའི་འཆིང་བ་རྣམས་ནི་སྔར་མཐོང་བའི་ལམ་ཐོབ་པ་ཁོ་ནས་སྤངས་པ་ཡིན་ནོ། །དེ་ཉིད་རྒྱས་པར་བསྟན་པར་བྱ་བའི་
ཕྱིར། བྱང་ཆུབ་སེམས་དཔའི་ས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཕེལ་བར་བྱ་བ་མ་ཡིན་པར་ཞེས་བྱ་བ་ནི་ཡང་འཕེལ་བ་མེད་པས་སོ། །ལོག་པའི་ཞེས་བྱ་བ་ནི་དངོས་པོ་ལས་ཕྱིན་ཅི་ལོག་ཏུ་འཇུག་པའི་ཕྱིར་རོ། །ཚིག་རྐང་འོག་མ་གཉིས་བཤད་པར་བྱ་བའི་ཕྱིར། དེ་ཅི་ལྟར་རྟག་ཏུ་ཞེས་
བྱ་བ་ལ་སོགས་པ་སྨོས་ཏེ། གང་གིས་ཞེས་བྱ་བ་ནི་ས་གསུམ་པ་འོད་བྱེད་པས་སོ། །དེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའོ། །བསྟན་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དེ་ས་གསུམ་དང་ལྡན་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ཕལ་ཆེར་ཞེས་བྱ་བ་ནི་གཙོ་ཆེ་བའི་དབང་དུ་བྱས་པའོ། །འཐབ་བྲལ་
གྱི་ལྷ་རྣམས་ལ་ཡང་བདག་པོ་ཡོད་པའི་ཕྱིར་དེ་གསལ་བའི་དོན་དུ་སུམ་ཅུ་རྩ་གསུམ་གྱི་བདག་པོ་ཞེས་བྱ་བ་སྨོས་སོ། །གཙོ་བོ་ཡིན་ཞིང་ཞེས་བྱ་བ་ནི་དབང་པོ་ཡིན་པས་སོ། །དེ་ཞེས་བྱ་བ་ལ་སོགས་པ་ལ་རྟེན་གྱི་ཁྱད་པར་དང་ཞེས་བྱ་བ་ནི་ཕལ་ཆེར་ཁྱིམ་པ་རྣམས་སོ། །ཚོགས་ཀྱི་རང་བཞིན་དང་ཞེས་
བྱ་བ་ལ་སོགས་པ་ནི་བསོད་ནམས་ཀྱི་ཚོགས་སོ། །འབྲས་བུ་ཡོངས་སུ་གྲུབ་པ་ཞེས་བྱ་བ་ནི་གཟུགས་ཀྱི་སྐུའོ། །དེ་ཉིད་ཚིགས་སུ་བཅད་པས་བསྟན་པར་བྱ་བའི་ཕྱིར། སྦྱིན་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྦྱིན་སོགས་ཞེས་བྱ་བ་ལ་སོགས་པ་ནི་རྟེན་གྱི་ཁྱད་པར་བསྟན་པ་ཡིན་ནོ། །བསྔགས་
ཞེས་བྱ་བ་ནི་གསུངས་པའོ། །བསོད་ནམས་ཀྱི་ཚོགས་ཀྱང་དེ་དག་ཉིད་ཅེས་བྱ་བ་ནི་བསོད་ནམས་ཀྱི་ཚོགས་ཉིད་བསྟན་པ་ཡིན་ནོ། །སངས་རྒྱས་གཟུགས་ཀྱི་བདག་ཉིད་སྐུ་ཡི་རྒྱུ། །ཞེས་བྱ་བ་ནི་གཟུགས་ཀྱི་སྐུའི་རྒྱུ་ཉིད་བསྟན་པ་ཡིན་ནོ། །ཅིག་ཤོས་དག་ལ་གཅིག་མི་སྲིད་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་

ཁྱིམ་པ་རྣམས་ལ་ཡེ་ཤེས་ཀྱི་ཚོགས་མི་སྲིད་པ་ནི་མ་ཡིན་ལ། རབ་ཏུ་བྱུང་བ་རྣམས་ལ་བསོད་ནམས་ཀྱི་ཚོགས་མི་སྲིད་པ་ནི་མ་ཡིན་ནོ། །བསོད་ནམས་བརྒྱ་ཡི་མཚན་ཉིད་ཅན། །ཞེས་བྱ་བ་ལ། བརྒྱ་ནི་ཉེ་བར་མཚོན་པ་སྟེ། དུ་མ་ཞེས་པའི་དོན་ཏོ། །དེ་ནས་བསོད་ནམས་ཀྱི་ཚོགས་དུ་མ་བསགས་པའི་མཚན་
ཉིད་ཅན་ཡིན་པས་ན་བསོད་ནམས་བརྒྱའི་མཚན་ཉིད་ཅན་ནོ། །རྨད་དུ་བྱུང་ཞིང་བསམ་གྱིས་མི་ཁྱབ་པ། །ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུ་གསུངས་པ་ཡིན་ནོ། །གཟུགས་སྣ་ཚོགས་དང་ལྡན་པའི་རྒྱུ་ཡིན་ནོ་ཞེས་བྱ་བ་འདིས་ནི་སྤྲུལ་པའི་སྐུ་གསུངས་པ་ཡིན་ནོ། །དེ་ལ་མཚན་བཟང་པོ་སུམ་
ཅུ་རྩ་གཉིས་དང་ལྡན་པའི་ཕྱིར་རྨད་དུ་བྱུང་བའོ། །ཉན་ཐོས་པ་ལ་སོགས་པས་བསམ་པར་མི་ནུས་པས་བསམ་གྱིས་མི་ཁྱབ་པའོ། །གདུལ་བྱའི་བསམ་པ་ཇི་ལྟ་བ་བཞིན་དུ་སྣང་བ་ཡིན་པས་ན་གཟུགས་སྣ་ཚོགས་དང་ལྡན་པའོ། །ཡེ་ཤེས་ཀྱི་ཚོགས་ཆོས་ཀྱི་སྐུ་ཐོབ་པའི་རྒྱུ་ཉིད་དུ་བསྟན་པའི་ཕྱིར།
ཆོས་ཀྱི་བདག་ཉིད་ཅན་གྱི་སྐུ་སྐྱེ་བ་མེད་པའི་མཚན་ཉིད་ཅན་གྱི་རྒྱུ་ནི་ཡེ་ཤེས་ཀྱི་ཚོགས་ཡིན་ནོ་ཞེས་བྱ་བ་ལ། ཆོས་ཀྱི་བདག་ཉིད་ཅན་ཞེས་པ་ནི་སྐྱེ་བ་མེད་པས་ཆོས་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ། །འགྲོ་བའི་མུན་པ་རྣམ་པར་འཇོམས་པར་འདོད། །ཅེས་པ་ནི་ས་གསུམ་པ་ཐོབ་པ་ལ་ནི་གེགས་བྱེད་པའི་
ཉོན་མོངས་པ་འཇོམས་པར་བྱེད་པར་འདོད་པའོ། །རང་གཏོགས་མུན་པ་རྣམས་ཞེས་བྱ་བ་ནི་རང་གི་རྒྱུད་དུ་གཏོགས་པའི་ས་གསུམ་པའི་སྒྲིབ་པའོ། །བདག་ཉིད་འབྱུང་བའི་གེགས་སུ་གྱུར་པ་ཞེས་བྱ་བ་ནི་ས་འོད་བྱེད་པའི་བདག་ཉིད་འབྱུང་བའི་གེགས་སུ་གྱུར་པའོ། །རྣམ་པ་དེ་ལྟ་བུ་ཉེ་བར་བསྟན་པ་ལས་
ཞེས་བྱ་བ་ནི་ས་གསུམ་པའི་སྒྲིབ་པ་སྤོང་བའི་ཐབས་བསྟན་པ་ལས་སོ། །ཡོན་ཏན་ཞེས་པ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་ཏིང་ངེ་འཛིན་འབུམ་ཕྲག་གཅིག་ལ་སོགས་པའི་ཡོན་ཏན་ཐོབ་པས་སོ། །བཅོམ་པས་ཞེས་པ་ནི་ས་གསུམ་པ་ཐོབ་པ་ལ་གེགས་བྱེད་པ་ནི་ཉེས་པ་ཡིན་ལ། དེ་ཉིད་མུན་པ་སྟེ།
དེ་ཁོ་ན་ཉིད་མཐོང་བ་ལ་གེགས་བྱེད་པས་སོ། །བཅོམ་པ་ནི་སྤངས་པའོ། །དབུ་མ་ལ་འཇུག་པའི་འགྲེལ་པ་ལེའུ་གསུམ་པའི་བཤད་པ་རྫོགས་སོ།། །།སེམས་བསྐྱེད་པ་བཞི་པ་བསྟན་པར་བྱ་བའི་ཕྱིར། ད་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་

ཕྱིན་པ་ལྷག་པར་བསྟན་པའི་སྒོ་ནས་ཞེས་པ་ནི་ས་བཞི་པར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཏུ་སྟོན་པར་འགྱུར་བས་སོ། །ཡོན་ཏན་མ་ལུས་ཞེས་བྱ་བ་ནི་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་དང་། སྟོབས་དང་། མི་འཇིགས་པ་ལ་སོགས་པའོ། །འབར་བར་གྱུར་པའི་ཞེས་
བྱ་བ་ནི་ལྷག་པར་གྱུར་པ་ཞེས་པའི་དོན་ཏོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། དགེ་བའི་ལས་ལ་ཞེས་བྱ་བ་ལ་སོགས་པ་སྟེ། ཐོབ་པ་དང་མ་ཐོབ་པ་འཕེལ་བ་དང་ཐོབ་པ་སྲིད་པས་ཞེས་བྱ་བ་ནི་ཐོབ་པ་རྣམས་འཕེལ་བ་དང་། མ་ཐོབ་པ་རྣམས་ཐོབ་པ་སྲིད་པས་སོ། །ཚོགས་གཉིས་རྒྱུ་ཉིད་དུ་ནི་གོང་དུ་
བཤད་ཟིན་ཏོ་ཞེས་པ་ནི་བསོད་ནམས་ཞེས་བྱ་བའི་ཚོགས་དེ་དག་ཉིད་ཅེས་བྱ་བ་དེ་རྒྱུའོ། །རང་གི་ཡོན་ཏན་ཡོངས་སུ་དག་པའི་སྒོ་ནས་ཞེས་བྱ་བ་ནི་མི་དམིགས་པའི་སྒོ་ནས་ཏིང་ངེ་འཛིན་བྱེ་བ་ཕྲག་བརྒྱ་ཐོབ་པ་ལ་སོགས་པའི་ཡོན་ཏན་ཐོབ་པས་སོ། །འོད་འཕྲོ་བའི་ངེས་ཚིག་བསྟན་པར་བྱ་བའི་ཕྱིར། དེར་ནི་ཞེས་
བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་ཉི་མ་འཆར་བའི་དུས་སུ་ཟངས་ལྟར་སྣང་ལ་ཕྱིས་གསལ་བ་དེ་བཞིན་དུ་ས་གསུམ་པའི་གནས་སྐབས་ན་ཡེ་ཤེས་ཀྱི་སྣང་བ་ཅུང་ཟད་འབྱུང་ལ། འདིའི་གནས་སྐབས་ན་དེ་ལས་ལྷག་པ་འབྱུང་བས་འོད་འཕྲོ་བའོ། །དེ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཞེས་བྱ་བ་ལ་
སོགས་པ་ནི་བཤད་ཟིན་ཏོ། །དེ་ཉིད་ལ་མདོའི་ཁུངས་བསྟན་པར་བྱ་བའི་ཕྱིར་དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བརྟུན་པ་དང་ཞེས་བྱ་བ་ནི་གུས་པ་དང་རྒྱུན་དུ་སྦྱོར་བས་སོ། །ཤེས་བཞིན་དང་ཞེས་བྱ་བ་ནི་ཤེས་བཞིན་དང་ལྡན་པ་ཡིན་པས་སོ། །དྲན་པ་དང་ལྡན་པར་གྱུར་ན་ཞེས་བྱ་བ་ནི་དྲན་པ་མ་ཉམས་པའི་
བདག་ཉིད་ཅན་ཀུན་ཏུ་བསྲུང་བ་མ་གཡེངས་པར་བྱེད་པའི་དྲན་པ་དང་ལྡན་པས་སོ། །བརྩོན་འགྲུས་དང་ཤེས་རབ་དང་། དྲན་པའི་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། འཇིག་རྟེན་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་ལ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཆོས་བརྒྱད་ལའོ། །བརྣབ་སེམས་དང་ཞེས་
བྱ་བ་ནི་རྙེད་པ་དང་། གྲགས་པ་དང་། བདེ་བ་དང་། བསྟོད་པ་ལ་ཆགས་པའོ། །ཡིད་མི་བདེ་བ་ཞེས་བྱ་བ་ནི་མ་རྙེད་པ་དང་། མ་གྲགས་པ་དང་། སྡུག་བསྔལ་བ་དང་། སྨད་པ་རྣམས་ལ་ཡིད་མི་བདེ་བ་གང་ཡིན་པའོ། །སྔ་མ་བཞིན་ནོ་ཞེས་བྱ་བ་ནི་བརྟུན་པ་ཅན་དང་ཤེས་བཞིན་དང་ཞེས་བྱ་བ་ལ་སོགས་པ་སྔ་

མ་བཞིན་དུ་སྦྱར་བར་བྱའོ། །འདུན་པ་བསྐྱེད་དོ་ཞེས་བྱ་བ་ནི་འདི་ལྟར་བྱའོ་སྙམ་པའི་གོ་ཆའི་བརྩོན་འགྲུས་ཀྱིས་སོ། །འབད་དོ་ཞེས་བྱ་བ་ནི་སྦྱོར་བའི་བརྩོན་འགྲུས་ཀྱིས་སོ། །བརྩོན་འགྲུས་བརྩམ་མོ་ཞེས་བྱ་བ་ནི་སྐྱོ་བ་མེད་པའི་བརྩོན་འགྲུས་ཀྱིས་སོ། །སེམས་རབ་ཏུ་འཛིན་ཏོ། །ཡང་དག་པར་
འཇོག་གོ་ཞེས་བྱ་བ་ནི་ཐབས་ཀྱི་བརྩོན་འགྲུས་ཀྱིས་སོ། །དེ་ལ་སེམས་རབ་ཏུ་འཛིན་ཅིང་སེམས་རྒོད་པ་རབ་ཏུ་སྡུད་པ་ནི་ཐབས་ཀྱི་བརྩོན་འགྲུས་སོ། །སྔ་མ་བཞིན་ནོ་ཞེས་བྱ་བ་ནི་འདུན་པ་བསྐྱེད་དོ་ཞེས་བྱ་བ་ལ་སོགས་པ་རྣམས་སྦྱར་བར་བྱའོ། །གནས་པ་དང་ཞེས་བྱ་བ་ནི་སྐྱེས་པ་རྣམས་མ་
ཉམས་པར་བྱ་བའི་ཆེད་དུའོ། །མི་ཉམས་པ་དང་ཞེས་བྱ་བ་ནི་དྲན་པ་དང་ལྡན་པར་བྱ་བའི་ཆེད་དུའོ། །རྒྱས་པར་འགྱུར་བ་དང་ཞེས་བྱ་བ་ནི་ཆུང་ངུ་དང་འབྲིང་གི་སྒོ་ནས་སོ། །ཕྱིར་ཞིང་འབྱུང་བ་དང་ཞེས་བྱ་བ་ནི་ཆེན་པོ་ཉིད་དུ་འཕེལ་བར་བྱ་བའི་དོན་དུའོ། །རབ་ཏུ་རྫོགས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་
སངས་རྒྱས་ཀྱི་སའི་གནས་སྐབས་ཡོངས་སུ་རྫོགས་པར་བྱ་བའི་ཆེད་དུའོ། །སྔ་མ་བཞིན་ནོ་ཞེས་བྱ་བ་ནི་བརྩོན་འགྲུས་བརྩམས་པས་སོ་ཞེས་བྱ་བ་ལ་སོགས་པ་སྦྱར་བར་བྱའོ། །འདུན་པའི་ཏིང་ངེ་འཛིན་སྐྱེས་ནས་ཀུན་ནས་དཀྲིས་པ་ཐག་བསྲིངས་ཏེ་ཕྲ་རྒྱས་རྣམས་སྤང་བའི་དོན་དུ་ཡང་དག་པར་
སྤོང་བའི་བརྩོན་འགྲུས་རྩོམ་ན་སྤོང་བའི་འདུ་བྱེད་བརྒྱད་འབྱུང་བར་འགྱུར་ཏེ་དེ་ཡང་འདུན་པ་དང་། བརྩོན་འགྲུས་དང་། དད་པ་དང་། ཤིན་ཏུ་སྦྱངས་པ་དང་། དྲན་པ་དང་། ཤེས་བཞིན་དང་། བཏང་སྙོམས་སོ། །དེ་རྣམས་ཀྱང་སྔར་བཤད་ཟིན་ཏོ། །དེས་ན་འདུན་པ་ལ་སོགས་པ་དང་། སྤོང་
བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་སྒོམ་པར་བྱེད་དོ། །དབེན་པ་ལ་གནས་པ་ཞེས་བྱ་བ་ལ་སོགས་པ་ནི་དབེན་པ་ལ་གནས་པ་དང་། འདོད་ཆགས་དང་བྲལ་བ་ལ་གནས་པ་དང་། འགོག་པ་ལ་གནས་པ་དང་། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་ཞེས་བྱ་བའི་ཚིག་བཞི་པོ་འདིས་བདེན་
པ་བཞི་ལ་དམིགས་པའི་རྫུ་འཕྲུལ་གྱི་རྐང་པ་སྒོམ་པ་བསྟན་པ་ཡིན་ཏེ། འདི་ལྟར་སྡུག་བསྔལ་སྡུག་བསྔལ་འགོག་པ་ཉིད་དུ་དམིགས་པ་ན་དེས་དབེན་པ་ཚོལ་བ་ཡིན་པས་སྡུག་བསྔལ་ལ་དམིགས་པ་ལ་དབེན་པ་ལ་གནས་ཞེས་བྱའོ། །སྲིད་པའི་མཚན་ཉིད་ཅན་སྡུག་བསྔལ་ཀུན་འབྱུང་བ་ལ་

དམིགས་ན་དེ་དང་བྲལ་བ་ཚོལ་བ་ཡིན་པས་དེ་ལ་དམིགས་པ་ལ་འདོད་ཆགས་དང་བྲལ་བ་ལ་གནས་པ་ཞེས་བྱའོ། །སྡུག་བསྔལ་འགོག་པ་ལ་སྡུག་བསྔལ་འགོག་པ་ཉིད་དུ་དམིགས་ན་དེ་ལ་མངོན་དུ་བྱེད་པ་ཚོལ་བ་ཡིན་པས་དེ་ལ་དམིགས་པ་ལ་འགོག་པ་ལ་གནས་པ་ཞེས་
བྱའོ། །སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ལ་ཡང་དག་པར་སྤོང་བ་ཞེས་བྱ་སྟེ། དེས་སྡུག་བསྔལ་སྤོང་བར་བྱེད་པས་སོ། །དེ་དེ་ལྟར་དམིགས་ན་བསྒོམ་པ་ཡོངས་སུ་ཚོལ་བ་ཡིན་པས་དེ་ལ་དམིགས་པ་ལ་རྣམ་པར་སྤོངས་པས་ཡོངས་སུ་བསྒྱུར་བ་ཞེས་བརྗོད་པར་བྱའོ། །སྔ་མ་བཞིན་ནོ་
ཞེས་བྱ་བ་ནི་དབེན་པ་ལ་གནས་པ་ཞེས་བྱ་བ་ལ་སོགས་པ་ལ་སྦྱར་བར་བྱའོ། །དད་པའི་དབང་པོ་ཞེས་བྱ་བ་ལ་སོགས་པ་ལ་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་ཡང་དག་པར་སྦྱོར་བ་ལ་རྟགས་མཐོང་ནས་གོང་ནས་གོང་དུ་ཁྱད་པར་སྐྱེ་བ་ལ་ངེས་པ་སྐྱེས་ནས་དད་པ་སྐྱེ་བ་གང་ཡིན་པ་དེ་ནི་དད་པའོ། །དེ་ཉིད་དབང་
པོ་སྟེ། འཇིག་རྟེན་ལས་འདས་པའི་ཆོས་ཐོབ་པ་ལ་དབང་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་གཞན་ལ་ཡང་ངོ་། །སོགས་པའི་སྒྲས་ནི་འགོག་པ་ལ་གནས་པ་ཞེས་བྱ་བ་ལ་སོགས་པ་ལ་སྦྱར་བར་བྱའོ། །དེ་ཉིད་དག་ཉིད་ཅེས་བྱ་བ་ནི་དད་པ་ལ་སོགས་པའོ། །མི་མཐུན་པའི་ཕྱོགས་ཕམ་པར་བྱ་བ་
ཞེས་བྱ་བ་ནི་ཇི་ལྟར་བདུད་ལ་སོགས་པ་དང་མི་མཐུན་པའི་ཕྱོགས་ཀྱིས་བརྫི་བར་མི་ནུས་ཤིང་དབང་པོ་རྣམས་འཕེལ་བར་འགྱུར་བས་སྟོབས་ཀྱིས་མི་ཐོབ་པ་ཡིན་ནོ། །འདི་ལྟ་སྟེ། རྟེན་དེ་དྲན་པ་ཡང་དག་ཅེས་བྱ་བ་ལ་སོགས་པ་ནི་དེ་ལ་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་། དགའ་
བ་དང་། གསུམ་ནི་ལྷག་མཐོང་གི་ཕྱོགས་སོ། །ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་གསུམ་ནི་ཞི་གནས་ཀྱི་ཕྱོགས་ཡིན་ལ། དྲན་པ་ནི་གཉིས་ཀའི་ཕྱོགས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་དེས་དེ་རྣམས་ཐོབ་ནས་བདག་
ཉིད་ལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པར་མཐོང་ནས་སྒོམ་པས་སྤང་བར་བྱ་བ་རྣམས་སྤོང་བའི་ཆེད་དུ་ཕུང་པོ་གསུམ་འཕགས་པའི་ལམ་ཡན་ལག་བརྒྱད་སྒོམ་པར་བྱེད་པའོ། །དེ་ལ་ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་རྩོལ་བ་རྣམས་ནི་ཤེས་

རབ་ཀྱི་ཕུང་པོའོ། །ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་རྣམས་ནི་ཚུལ་ཁྲིམས་ཀྱི་ཕུང་པོའོ། །ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་དག་ནི་ཏིང་ངེ་འཛིན་གྱི་ཕུང་པོའོ། །རང་དུ་ལྟ་བ་དང་འབྲེལ་པ་ཡོངས་སུ་ཟད་ཅེས་བྱ་བ་ལ་རང་གི་
སྒྲས་ནི་བདག་དང་བདག་གི་བ་བརྗོད་པ་ཡིན་ནོ། །དེས་རང་དུ་ལྟ་བས་འཇིག་ཚོགས་ལ་ལྟ་བ་བརྗོད་པ་ཡིན་ནོ། །དེ་དང་འབྲེལ་པ་ནི་སེམས་དང་འབྲེལ་པའོ། །ཡོངས་སུ་ཟད་པ་ནི་འཇིག་ཚོགས་ལ་ལྟ་བ་དང་མཚུངས་པར་ལྡན་པའི་སེམས་སོ། །འདིའི་དོན་འདི་ཡིན་ཏེ་ལྷན་ཅིག་སྐྱེས་པའི་འཇིག་
ཚོགས་ལ་ལྟ་བ་ཆེན་པོ་ལ་སོགས་པའི་རྣམ་པ་ནས་འབྲིང་གི་ཆེན་པོའི་བར་འདོད་པའི་ཁམས་ཀྱི་རྣམ་པ་བཞི་སྤངས་པ་ནི་རང་དུ་ལྟ་བ་ཡོངས་སུ་སྤངས་པ་ཡིན་ནོ་ཞེས་པའི་དོན་ཏོ། །འཇིག་ཚོགས་ལ་ལྟ་བ་སྔོན་དུ་འགྲོ་བ་ཞེས་བྱ་བ་འདིའི་བཤད་པ་ནི། བདག་དང་ཞེས་བྱ་བ་ནས་གང་ཟག་དང་ཞེས་བྱ་བའི་བར་
རོ། །ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་མངོན་པར་ཞེན་པ་ཞེས་བྱ་བ་འདི་ནི་བདག་གི་ལྟ་བའི་བཤད་པའོ། །དེ་ལ་དུས་ཐམས་ཅད་དུ་འགྲོ་བ་རྣམས་སུ་འགྲོ་བ་ཡིན་པས་ན་བདག་གོ། །འགྲོ་བ་དེ་དང་དེ་རྣམས་སུ་སྡུག་བསྔལ་ཉམས་སུ་མྱོང་བ་ཡིན་པས་ན་སེམས་ཅན་ནོ། །འཚོ་བས་ན་སྲོག་གོ། །
ལས་ཀྱི་འབྲས་བུས་ཉེ་བར་ལོངས་སྤྱོད་པས་གཡོ་བའི་ཕྱིར་གསོ་བའོ། །དགེ་བ་དང་མི་དགེ་བ་ལ་སོགས་པར་བྱེད་པས་ན་སྐྱེས་བུའོ། །ཡང་དང་ཡང་དུ་འགྲོ་བ་དེ་དང་དེར་ལེན་པས་ན་གང་ཟག་གོ། །སྤུངས་པའི་དོན་གྱིས་ན་ཕུང་པོའོ། །རིགས་ཀྱི་དོན་གྱིས་ན་ཁམས་སོ། །སེམས་དང་སེམས་
ལས་བྱུང་བའི་སྒོ་ཡིན་པས་ན་སྐྱེ་མཆེད་དོ། །མངོན་པར་ཞེན་པས་ཞེས་བྱ་བ་ནི་དེ་རྣམས་ལ་ཞེན་པའི་རྣམ་པར་རྟོག་པས་སོ། །ཀུན་ནས་བླང་བའི་ཞེས་བྱ་བ་ནི་སྐྱེས་པའོ། །གཡོ་བ་ཞེས་བྱ་བ་ནི་སྒྲུབ་པའི་རྟོག་པའོ། །བྲལ་བ་རྣམས་དང་ཞེས་བྱ་བ་ནི་དགག་པའི་རྣམ་པར་རྟོག་པའོ། །རྣམ་པར་བརྟག་
པ་རྣམས་དང་ཞེས་བྱ་བ་ནི་རགས་པའི་རྟོག་པའོ། །རྣམ་པར་དཔྱད་པ་རྣམས་དང་ཞེས་བྱ་བ་ནི་ཕྲ་བའི་རྟོག་པ་རྣམས་སོ། །བརྟན་པར་འཛིན་པ་རྣམས་དང་ཞེས་བྱ་བ་ནི་ཤིན་ཏུ་མངོན་པར་ཞེན་པའོ། །བདག་གིར་འཛིན་པ་རྣམས་དང་ཞེས་བྱ་བ་ནི་བདག་གིར་མངོན་པར་ཞེན་པའོ། །འཆིང་བའི་རྣམ་པར་རྟོག་པ་

རྣམས་དང་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་དང་མཚུངས་པར་ལྡན་པའི་རྣམ་པར་རྟོག་པའོ། །རྟེན་གྱི་གནས་རྣམས་གང་ཡིན་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དེ་རྣམས་རྣམ་པར་རྟོག་པ་གཞན་རྣམས་ཀྱི་རྟེན་ཡིན་པས་སོ། །དེ་དག་ཐམས་ཅད་དང་བྲལ་བ་ཡིན་ནོ་ཞེས་བྱ་བ་ནི་ཆེན་པོའི་
ཆེན་པོའི་རྣམ་པ་ཐམས་ཅད་དང་། འབྲིང་གི་ཆེན་པོའི་བར་སྤངས་པ་ཡིན་ནོ་ཞེས་པའི་དོན་ཏོ། །དབུ་མ་ལ་འཇུག་པའི་ལེའུ་བཞི་པའི་བཤད་པ་རྫོགས་སོ།། །།སེམས་བསྐྱེད་པ་ལྔ་པ་དང་པོ་སྦྱང་དཀའ་བའི་སའི་ངེས་ཚིག་བསྟན་པར་བྱ་བའི་ཕྱིར། ད་ནི་སེམས་བསྐྱེད་པ་ལྔ་པའི་དབང་དུ་བྱས་
ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །བསམ་གཏན་ལྷག་ཅིང་ཞེས་བྱ་བ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལྷག་པ་སྟེ། བར་གྱི་ཚིག་མི་མངོན་པར་བྱས་པས་སོ། །དེ་ཡང་བསམ་གཏན་རབ་ཀྱི་མཐར་སོན་པས་སོ། །བློ་བཟངས་ཞེས་བྱ་བ་ལ་སོགས་པ་ལ། བློ་བཟངས་ནི་བྱང་ཆུབ་
སེམས་དཔའ་རྣམས་སོ། །བདེན་པ་ནི་འཕགས་པའི་བདེན་པ་བཞིའོ། །དེ་རྣམས་ཀྱི་རང་བཞིན་ཞིབ་མོ་ནི་དེ་བཞིན་ཉིད་དོ། །དེའི་རྟོགས་པ་ལ་ཤིན་ཏུ་མཁས་པ་ཐོབ་པ་ནི་སེམས་མཉམ་པར་གཞག་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བའི་ཚིག་གིས་སོ། །དེ་ལ་འཕགས་
པའི་བདེན་པ་བཞི་ནི་སྔར་བཤད་ཟིན་ཏོ། །དེ་ལ་གཞན་དག་གིས་རྒོལ་བ་བསྟན་པར་བྱ་བའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇིག་རྟེན་མཁྱེན་པས་ཞེས་བྱ་བ་ནི་འཇིག་རྟེན་གྱི་རང་བཞིན་ཇི་ལྟ་བ་བཞིན་དུ་མཁྱེན་པས་ན་འཇིག་རྟེན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཉིད་དོ། །གཞན་
ལ་མ་གསན་པར་ཞེས་བྱ་བ་ནི་རང་བྱུང་ཡེ་ཤེས་མངའ་བས་སོ། །བདེན་པ་གསུམ་པ་གང་ཡང་མ་མཆིས་སོ་ཞེས་བྱ་བའི་ཚིག་འདིས་ནི་རྒོལ་བའི་དོན་ཉིད་དངོས་སུ་བསྟན་པ་ཡིན་ནོ། །སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་དགོངས་པ་དང་ཡང་མི་འགལ་བར་བསྟན་པར་བྱ་བའི་ཕྱིར། དབུ་མ་ལས་ཀྱང་ཞེས་བྱ་བ་ལ་སོགས་
པ་གསུངས་ཏེ། འདིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་བསྟན་པ་ནི་བདེན་པ་གཉིས་ལ་བརྟེན་ནས་རབ་ཏུ་འཇུག་པ་ཡིན་ནོ། །བདེན་པ་གཉིས་གང་ཞེ་ན། འཇིག་རྟེན་པའི་ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པའོ། །དེ་ལ་འཇིག་རྟེན་ཕུང་པོ་གང་བརྗོད་པ་དེ་ལ་འཇིག་རྟེན་བརྟེན་པ་

ཡིན་ཞེས་གསུངས་པས་ཕུང་པོ་ལ་བརྟེན་ནས་བཏགས་པ་ལ་འཇིག་རྟེན་ཞེས་བྱའོ། །ཀུན་ནས་སྒྲིབ་པར་བྱེད་པས་ན་ཀུན་རྫོབ་སྟེ། མི་ཤེས་པས་ཀུན་ནས་དངོས་པོའི་དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་པར་བྱེད་པས་མི་ཤེས་པ་ལ་ཀུན་རྫོབ་ཅེས་བྱའོ། །ཡང་ན་ཕན་ཚུན་བརྟེན་པ་ཡིན་པའི་ཀུན་རྫོབ་བོ། །ཡང་ན་
ཀུན་རྫོབ་ནི་བརྡ་སྟེ་འཇིག་རྟེན་པའི་ཐ་སྙད་ཅེས་བྱ་བའི་ཐ་ཚིག་གོ། །དེ་ཡང་བརྗོད་པར་བྱ་བ་དང་། རྗོད་པར་བྱེད་པ་དང་། ཤེས་པ་དང་། ཤེས་བྱའི་མཚན་ཉིད་ཅན་འཇིག་རྟེན་པའི་ཐ་སྙད་རྣམས་ནི་འཇིག་རྟེན་དུ་ཀུན་རྫོབ་པའོ། །གལ་ཏེ་འཇིག་རྟེན་ཀུན་རྫོབ་ཅེས་བརྗོད་པས་འཇིག་རྟེན་མ་ཡིན་པའི་
ཀུན་རྫོབ་ཀྱང་ཡོད་དམ་ཞེ་ན་མ་ཡིན་ཏེ། ཇི་ལྟ་བ་བཞིན་དུ་གནས་པའི་དངོས་པོ་རྣམས་ལ་རྗེས་སུ་བརྗོད་པ་ཙམ་བྱས་པ་ཡིན་པས་འདིར་རྟག་པ་འདི་ལྟ་བུ་འཇུག་པ་མ་ཡིན་ནོ། །ཡང་ན་རབ་རིབ་དང་མིག་སེར་བ་ལ་སོགས་པས་ཉེ་བར་བཅོམ་པའི་དབང་པོ་ཕྱིན་ཅི་ལོག་ཏུ་མཐོང་བའི་གནས་སྐབས་ནི་འཇིག་རྟེན་
པའི་ཀུན་རྫོབ་ཡིན་པས་དེ་རྣམས་ལས་ཁྱད་པར་དུ་བྱ་བའི་ཕྱིར། འཇིག་རྟེན་ཀུན་རྫོབ་ཅེས་བྱ་བ་སྨོས་པ་ཡིན་ནོ། །འདི་ནི་འགྲེལ་པ་ཉིད་ལས་གསལ་བར་སྟོན་པར་འགྱུར་རོ། །འཇིག་རྟེན་པའི་ཀུན་རྫོབ་ཏུ་བདེན་པ་ཡིན་པས་ན་འཇིག་རྟེན་ཀུན་རྫོབ་བདེན་པ་སྟེ། བརྗོད་པར་བྱ་བ་དང་། རྗོད་པར་བྱེད་
པ་དང་། ཤེས་པ་དང་། ཤེས་པར་བྱ་བ་ལ་སོགས་པའི་ཐ་སྙད་འདི་རྣམས་ལ་འཇིག་རྟེན་པའི་ཀུན་རྫོབ་ཀྱི་བདེན་པ་ཞེས་བརྗོད་པ་ཡིན་ནོ། །དོན་དམ་པ་ལ་དེ་རྣམས་ཡོད་པ་མ་ཡིན་ཏེ། དེ་ལ་ནི། བརྗོད་པར་བྱ་བ་ལྡོག་པ་ཡིན། །སེམས་ཀྱི་སྤྱོད་ཡུལ་ལོག་པ་ཡིན། །སྐྱེ་བ་མེད་ཅིང་འགག་པ་མེད། །
ཆོས་ཉིད་མྱ་ངན་འདས་པ་བཞིན། །ཞེས་གསུངས་པས། དོན་དམ་པ་དེ་ལ་ངག་གི་འཇུག་པ་དང་། ཤེས་པ་འཇུག་པ་ག་ལ་ཡོད། དོན་དམ་པ་དེ་ནི་གཞན་ལ་བརྟེན་ནས་རྟོགས་པ་མ་ཡིན་པ་དང་ཞི་བ་དང་འཕགས་པ་རྣམས་ཀྱིས་སོ་སོ་རང་གི་རིག་པའི་བདག་ཉིད་ཅན་དང་། སྤྲོས་པ་ཐམས་ཅད་ལས་
འདས་པ་བསྟན་དུ་མེད་པ་ཤེས་པར་བྱས་པ་མ་ཡིན་པའོ། །དེ་ལྟར་ན་ཡང་། གཞན་ལ་ལྟོས་མིན་ཞི་བ་ཡིན། །སྤྲོས་པས་སྤྲོས་པ་མ་ཡིན་ཞིང་། །རྟོག་མེད་དོན་ནི་ཐ་དད་མིན། །འདི་ནི་དེ་ཉིད་མཚན་ཉིད་དོ། །ཞེས་གསུངས་པས་སོ། །དམ་པ་ཡང་ཡིན་ལ་དོན་ཡང་ཡིན་པས་དོན་དམ་པའོ། །དེ་ཉིད་བདེན་

པ་ཡིན་པས་ན་དོན་དམ་པའི་བདེན་པའོ། །འདིའི་རྣམ་གཞག་ནི་སློབ་དཔོན་ཉིད་ཀྱིས་འགྲེལ་པ་ལས་འཆད་པར་འགྱུར་རོ། །བདེན་པ་འདི་གཉིས་ལ་བརྟེན་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་སྟོན་པ་རབ་ཏུ་འཇུག་པ་ཡིན་ནོ། །དེ་ལ་ལན་ནི་བཤད་པ་གལ་ཏེ་ཞེས་
བྱ་བ་ལ་སོགས་པ་གསུངས་ཏེ། དེའི་འབྲས་བུ་ནི་སྡུག་བསྔལ་གྱི་བདེན་པའོ་ཞེས་བྱ་བ་ནི་དེའི་འབྲས་བུའི་ཆ་ལ་སྡུག་བསྔལ་གྱི་བདེན་པ་ཞེས་པའི་དོན་ཏོ། །རྒྱུ་དང་འབྲས་བུ་ལས་ཐ་དད་དུ་གྱུར་པའི་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་རོ། །རྒྱུ་ནི་ཀུན་འབྱུང་གི་བདེན་པའོ་ཞེས་བྱ་བ་ནི་རྒྱུའི་ཆ་ཞེས་བྱ་བའི་
དོན་ཏོ། །དེ་བཞིན་དུ་རྣམ་པར་བྱང་བའི་ཕྱོགས་ལ་ཡང་བརྗོད་པར་བྱའོ། །དེ་ལ་སྡུག་བསྔལ་དང་། ཀུན་འབྱུང་དང་། ལམ་གྱི་བདེན་པ་ནི་ཀུན་རྫོབ་ཀྱི་བདེན་པའི་ཁོངས་སུ་གཏོགས་སོ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པའི་བདག་ཉིད་ཅན་སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། རྒྱུ་དང་འབྲས་བུར་
གྱུར་པའི་ཕུང་པོ་ལྔའི་བདག་ཉིད་ཅན་ཡིན་པ་དང་། ལམ་ནི་ཟག་པ་མེད་པའི་ཤེས་པའི་བདག་ཉིད་ཅན་ཡིན་པས་ཀུན་རྫོབ་ཀྱི་བདེན་པའོ། །འགོག་པའི་བདེན་པ་ནི་དོན་དམ་པའི་བདེན་པ་རང་གི་ངོ་བོ་ཡིན་ནོ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཀྱི་རང་བཞིན་ཡིན་པས་སོ། །དེ་བཞིན་དུ་བདེན་པ་གཞན་གང་ཅུང་ཟད་ཅིག་
ཡོད་པ་ཞེས་བྱ་བ་ནི་ཕྱིས་དེ་མ་ཐག་ཏུ་འཆད་པར་འགྱུར་བའི་ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་སོ། །ཅི་རིགས་པར་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བདེན་པའི་རང་བཞིན་ཅན་ནི་ཀུན་རྫོབ་ཀྱི་བདེན་པའི་ཁོངས་སུ་གཏོགས་ལ། དེ་ལས་གཞན་པ་རྣམས་ནི་དོན་དམ་པའི་བདེན་པའི་ཁོངས་སུ་གཏོགས་པའོ། །ཇི་སྐད་
དུ་ཞེས་བྱ་བ་ལ་སོགས་པ་མདོར་བསྟན་པའོ། །དེ་ལ་ཀུན་རྫོབ་ཀྱི་བདེན་པ་ལ་རབ་ཏུ་མཁས་པ་ཡིན་ཞེས་བྱ་བ་ལ་སོགས་པ་རྒྱས་པར་སྟོན་པ་ནི་དེས་སེམས་ཅན་གཞན་དག་གི་བསམ་པ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། བསམ་པ་ཇི་ལྟ་བ་བཞིན་དུ་ཚིམ་པར་བྱེད་པས་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་ལ་སྤྱོད་
པའི་བསམ་པ་ཤེས་ནས། སེམས་ཅན་གཞན་རྣམས་ལ་ཆོས་བསྟན་པ་ལ་སོགས་པས་ཡང་དག་པར་ཚིམ་པར་བྱེད་པས་སོ། །བསམ་པ་ནི་ཀུན་རྫོབ་ཀྱི་བདེན་པའི་ཁོངས་སུ་གཏོགས་པས་ཀུན་རྫོབ་ཀྱི་བདེན་པ་ལ་མཁས་པའོ། །བགྲོད་པ་གཅིག་པུ་ལ་ཡང་དག་པར་གཞོལ་བས་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་སྟེ།

བགྲོད་པ་གཅིག་པུ་ལ་བརྟེན་ནས་སོ། །དེ་སྐད་དུ་ཡང་། ཆོས་ཀྱི་དབྱིངས་ལ་དབྱེར་མེད་པས། །ཁྱེད་ཀྱི་ཐེག་པའི་དབྱེ་བ་མེད། །ཐེག་པ་གསུམ་དུ་བསྟན་པ་ནི། །སེམས་