Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 104

Văn bản gốc(Tây Tạng)

Trang 19 / 24 (50.000 ký tự/trang)
་ལ་སོགས་པའོ། །ཡོན་ཏན་ནི་གཟུགས་ལ་སོགས་པའོ། །འདོད་ཆགས་ནི་མངོན་པར་ཆགས་པའོ། །

མཚན་ཉིད་ནི་ལྟོ་ལྡིར་བ་ལ་སོགས་པའོ། །བུད་ཤིང་ནི་བསྲེག་པར་བྱ་བའི་ཤིང་ལ་སོགས་པའོ། །སོགས་པའི་སྒྲས་ནི་འགྲོ་བ་ལ་སོགས་པ་བསྡུ་བར་བྱའོ། །ཡན་ལག་ཅན་གྱི་གྱོ་དུམ་ལ་སོགས་པས་བརྩམས་པའི་བུམ་པ་ལ་སོགས་པའོ། །ཡོན་ཏན་ནི་གཟུགས་ལ་སོགས་པ་དང་ལྡན་པའི་བུམ་
པ་ལ་སོགས་པའོ། །ཆགས་ཅན་ནི་འདོད་ཆགས་དང་ལྡན་པའི་སྐྱེས་བུའོ། །མཚན་གཞི་ནི་མཚན་ཉིད་ཀྱི་སྒོ་ནས་མཚོན་པར་བྱ་བའི་དངོས་པོའོ། །མེ་ནི་སྲེག་པར་བྱེད་པའོ། །སོགས་པའི་སྒྲས་ནི་འགྲོ་བ་ལ་སོགས་པ་བསྡུ་བར་བྱའོ། །དེས་ན་སྐྱེས་བུ་རྣམས་གང་གི་སྒོ་ནས་ཐ་སྙད་བྱེད་པ་དེ་
བསྟན་པ་ཡིན་ཏེ། ཡན་ལག་ལ་སོགས་པའི་སྒོ་ནས་ཐ་སྙད་བྱེད་པའོ་ཞེས་པའོ། །དེ་རྣམས་ཤིང་རྟའི་རྣམ་དཔྱད་བྱས་པས་རྣམ་བདུན་ཡོད་མིན་ཞིང་ཞེས་བྱ་བ་ནི་དེ་ལྟར་ཤིང་རྟ་ཐ་དད་པ་དང་ཐ་མི་དད་པ་ལ་སོགས་པ་རྣམ་པ་བདུན་གྱི་སྒོ་ནས་མི་རིགས་པ་དེ་བཞིན་དུ་ཡན་ལག་དང་ཡན་ལག་ཅན་ལ་སོགས་
པ་ཡང་རྣམ་པ་བདུན་གྱི་སྒོ་ནས་ཡོད་པ་མ་ཡིན་ཏེ། འདི་ལྟར་གལ་ཏེ་ཆ་ཤས་ལས་ཆ་ཤས་ཅན་ཐ་དད་པ་ཡིན་ན་དེའི་ཚེ་ཐ་དད་དུ་སྣང་བར་ཐལ་བར་འགྱུར་ལ། གལ་ཏེ་ཐ་མི་དད་ན་དེའི་ཚེ་ཡན་ལག་ཁོ་ན་ཡིན་པས་ཡན་ལག་ཅན་མེད་པར་ཐལ་བར་འགྱུར་བ་དང་། ཡན་ལག་ཅན་མེད་པས་ཡན་ལག་ཀྱང་མེད་
པར་ཐལ་བར་འགྱུར་ཏེ། ཡན་ལག་ནི་ཡན་ལག་ཅན་ལ་ལྟོས་པས་སོ། །གང་གི་ཕྱིར་ཡན་ལག་དང་ཡན་ལག་ཅན་དག་ལ་ཐ་དད་པ་དང་ཐ་མི་དད་པའི་ཕྱོགས་མི་རིགས་པ་དེའི་ཕྱིར། དེ་དང་ལྡན་པའི་ཕྱོགས་དང་རྟེན་དང་བརྟེན་པའི་ཕྱོགས་ཀྱང་མི་རིགས་པའོ། །ཡན་ལག་ཚོགས་པའི་ཕྱོགས་
ཀྱང་མི་རིགས་ཏེ། ཚོགས་པ་དངོས་པོ་མེད་པའི་ཕྱིར་དང་། ཡན་ལག་ཅན་མེད་པས་ཡན་ལག་མེད་པའི་ཕྱིར་གང་དག་གིས་ཚོགས་པར་མི་འགྱུར་ཞེས་པའོ། །དབྱིབས་ཀྱང་མི་རིགས་ཏེ་ཡན་ལག་རྣམས་མེད་པ་ཁོ་ན་ཞེས་བྱ་བ་ལ་སོགས་པ་སྔར་བཞིན་དུ་བརྗོད་པར་བྱའོ། །དེ་བཞིན་དུ་ཡོན་ཏན་ཅན་
བུམ་པ་ལས་སྔོ་བསངས་ལ་སོགས་པའི་ཡོན་ཏན་རྣམས་ཐ་དད་པ་ཡིན་ན་ཐ་དད་དུ་སྣང་བར་ཐལ་བར་འགྱུར་ན། བུམ་པ་སྔོ་བསངས་མ་ཡིན་པར་ཐལ་བར་འགྱུར་རོ། །གལ་ཏེ་ཐ་མི་དད་ན་ནི་རྫས་ཁོ་ན་ཡོད་པར་འགྱུར་གྱི་ཡོན་ཏན་ནི་མ་ཡིན་ཏེ། ཡོན་ཏན་རྫས་ལས་ཐ་མི་དད་པས་སོ། །

ཐ་དད་པ་དང་ཐ་མི་དད་པའི་ཕྱོགས་བཀག་པས་དེ་དང་ལྡན་པ་དང་རྟེན་དང་བརྟེན་པའི་ཕྱོགས་དག་མི་སྲིད་པའོ། །ཚོགས་པ་དང་དབྱིབས་ཀྱི་ཕྱོགས་ཀྱང་མི་སྲིད་པས་བརྗོད་པར་མི་བྱའོ། །དེ་བཞིན་དུ་འདོད་ཆགས་དང་ཆགས་ཅན་དག་གལ་ཏེ་ཐ་དད་ན་སྐྱེས་
བུ་ཆགས་པ་དང་མི་ལྡན་པར་འགྱུར་ཏེ། སྐྱེས་བུ་འདོད་ཆགས་ལས་ཐ་དད་པས་སོ། །གལ་ཏེ་ཐ་མི་དད་ན་ནི་འདོད་ཆགས་མེད་པར་ཐལ་བར་འགྱུར་ཏེ་འདོད་ཆགས་སྐྱེས་བུ་ལས་ཐ་མི་དད་པས་སོ། །ཐ་དད་པ་དང་ཐ་མི་དད་པའི་ཕྱོགས་བཀག་པས་ཕྱོགས་གཞན་ཡང་བཀག་པ་ཡིན་ནོ། །
ཚོགས་པ་དང་དབྱིབས་དག་ནི་སྲིད་པས་མ་བརྗོད་དོ། །དེ་བཞིན་དུ་གལ་ཏེ་མཚན་ཉིད་མཚན་གཞི་ལས་ཐ་དད་ན་མཚན་གཞི་མེད་པར་ཡང་མཚན་ཉིད་ཡོད་པར་ཐལ་བར་འགྱུར་རོ། །གལ་ཏེ་ཐ་མི་དད་ན་ནི་མཚན་ཉིད་དང་མཚན་གཞི་མེད་པར་ཐལ་བར་འགྱུར་རོ། །ལྡན་པའི་ཕྱོགས་དང་རྟེན་དང་
བརྟེན་པའི་ཕྱོགས་དག་ནི་སྔར་བཞིན་ནོ། །ཕྱོགས་གཞན་མི་སྲིད་པས་མ་བརྗོད་དོ། །དེ་བཞིན་དུ་མེ་བུད་ཤིང་ལས་ཐ་དད་ན་ནི་བུད་ཤིང་ལས་ཀྱང་མེ་ཡོད་པར་འགྱུར་རོ། །གལ་ཏེ་ཐ་མི་དད་ན་ནི་བྱེད་པ་པོ་དང་ལས་དག་ཀྱང་གཅིག་ཉིད་དུ་ཐལ་བར་འགྱུར་རོ། །ཕྱོགས་གཞན་དགག་པ་ནི་སྔར་བཞིན་
དུ་ཤེས་པར་བྱའོ། །དེས་ན་ཡན་ལག་ལ་སོགས་པ་རྣམ་པ་བདུན་གྱིས་ཡོད་པ་མ་ཡིན་ནོ། །གལ་ཏེ་ཡན་ལག་ལ་སོགས་པ་རྣམས་ཡོད་པ་མ་ཡིན་ན་ཅི་ལྟར་གྲུབ་ཅེ་ན། དེ་ལས་གཞན་དུ་འགྱུར་བ། འཇིག་རྟེན་གྲགས་པའི་སྒོ་ནས་ཡོད་པ་ཡིན། །ཞེས་བྱ་བ་གསུངས་ཏེ། དེ་ལས་གཞན་དུ་
གྱུར་པ་ནི་ཡན་ལག་ལ་སོགས་པ་ལ་ལྟོས་ནས་ཡན་ལག་ཅན་ལ་སོགས་པ་གྲུབ་པ་ཡིན་ལ། ཡན་ལག་ཅན་ལ་སོགས་པ་གྲུབ་པ་ལས་ཡན་ལག་ལ་སོགས་པ་གྲུབ་པ་ཡིན་ཏེ། དེ་ཡང་མ་བརྟགས་ན་ཉམས་དགའ་བའི་ཐ་སྙད་ཀྱིས་ཡིན་པས་འདི་ལ་དཔྱད་པར་མི་གཞུག་སྟེ། དེ་ལ་ཞུགས་ནས་
འཇིག་རྟེན་གྱི་ཀུན་རྫོབ་ཉམས་པར་འགྱུར་བས་སོ། །དེས་ན་སྔར་ཅི་ལྟར་ཐ་སྙད་འདོགས་ཤེ་ན། གང་སྨྲས་པ་དེ་ལ་ལན་ནི། འཇིག་རྟེན་གྲགས་པའི་སྒོ་ནས་ཡོད་པ་ཡིན། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་

གསུངས་ཏེ། གྱོ་མོ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ལ་སོགས་པའི་སྒྲས་ནི་རྡུལ་གཉིས་ལ་སོགས་པ་བསྡུ་བར་བྱའོ། །སྔོ་བསངས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་དམར་བ་ཉིད་ལ་སོགས་པ་བསྡུ་བར་བྱའོ། །མགྲིན་པ་རིང་བ་ཉིད་ལ་སོགས་པ་ཞེས་བྱ་བ་ལ་སོགས་
པའི་སྒྲས་ནི་ཁ་དོག་ལ་སོགས་པ་བསྡུ་བར་བྱའོ། །དེ་བཞིན་དུ་སྣམ་བུ་ལ་སོགས་པ་རྣམས་ལ་ཡང་སྦྱར་བར་བྱའོ་ཞེས་བྱ་བ་ནི་དེར་ཡང་སྣམ་བུ་ནི་ཡན་ལག་ཅན་ཡིན་ལ་སྣལ་མ་ནི་ཡན་ལག་ཉིད་དོ། །སྣམ་བུ་ནི་ཡོན་ཏན་ཅན་ཡིན་ལ་དཀར་བ་ཉིད་ལ་སོགས་པ་ནི་ཡོན་ཏན་ནོ། །སྣམ་བུ་ནི་མཚན་གཞི་
ཡིན་ལ། ཆུ་རིང་བ་དང་ཞེང་ཆེ་བ་ཉིད་ལ་སོགས་པ་ནི་མཚན་ཉིད་དོ། །སྣམ་བུ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་ཁང་ཁྱིམ་ལ་སོགས་པ་བསྡུ་བར་བྱའོ། །ལྷག་པར་ཞེན་པའོ་ཞེས་བྱ་བ་ནི་མངོན་པར་ཞེན་པའོ། །འདོད་ཆགས་ཀྱི་རྟེན་ནོ་ཞེས་བྱ་བ་ནི་སྐྱེས་བུའོ། །ཇི་ལྟར་དེ་
རྣམས་གྲུབ་པ་དེ་བསྟན་པར་བྱ་བའི་ཕྱིར། དེ་ལ་ཡན་ལག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤིང་རྟའི་དཔེ་དང་མཚུངས་ཏེ་ཞེས་བྱ་བ་ནི་ཇི་ལྟར་ཤིང་རྟ་ལ་ལྟོས་ནས་ཤིང་རྟའི་ཡན་ལག་ཏུ་འདོགས་པ་དང་། ཤིང་རྟའི་ཡན་ལག་ལ་ལྟོས་ནས་ཤིང་རྟ་ཡིན་པ་དེ་བཞིན་དུ་འདིར་ཡང་ཤེས་པར་
བྱའོ། །བར་དུ་ཞེས་བྱ་བའི་སྒྲས་ནི་ཡོན་ཏན་དང་ཡོན་ཏན་ཅན་ལ་སོགས་པ་བསྡུ་བར་བྱའོ། །ད་ནི་རྒྱུ་དང་འབྲས་བུ་དག་ཀྱང་ཕན་ཚུན་ལྟོས་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། ཡན་ལག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་གལ་ཏེ་རྒྱུས་དེ་བྱེད་
པས་བསྐྱེད་པར་བྱ་སྟེ་འབྲས་བུ་སྐྱེད་པར་བྱེད་ན་དེ་ལྟར་ན་སྟེ་བསྐྱེད་པར་བྱ་བ་སྐྱེད་པར་བྱེད་པ་དེ་ཉིད་དུ་འགྱུར་བའོ། །དེས་ན་འབྲས་བུ་སྐྱེད་པ་དེ་རྒྱུར་འཇོག་པའི་རྒྱུ་མཚན་ནོ། །དེ་ལྟར་འབྲས་བུ་རྒྱུ་ཉིད་ཀྱི་རྒྱུ་མཚན་དུ་བསྟན་ནས་འབྲས་བུ་མི་སྐྱེད་ན་རྒྱུ་ཉིད་དུ་མི་རིགས་པར་བསྟན་པར་བྱ་བའི་ཕྱིར།
གལ་ཏེ་འབྲས་བུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་རྒྱུས་འབྲས་བུ་མི་སྐྱེད་ན་ནི་འབྲས་བུ་དེ་མེད་པས་རྒྱུ་རྒྱུ་མེད་པ་ཅན་དུ་འགྱུར་ཏེ། རྒྱུ་དེ་རྒྱུར་འཇོག་པ་རྒྱུ་མཚན་དང་མི་ལྡན་པར་འགྱུར་ལ་དེས་ན་ཐམས་ཅད་དུ་རྒྱུ་ཉིད་དུ་ཐལ་བར་འགྱུར་རོ། །འདིས་ནི་རྒྱུ་རྒྱུ་ཉིད་དུ་འཇོག་པའི་རྒྱུ་མཚན་

ནི་འབྲས་བུ་སྐྱེད་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །འབྲས་བུར་འཇོག་པའི་རྒྱུ་མཚན་ཡང་རྒྱུ་ཡིན་ནོ་ཞེས་བསྟན་པའི་ཕྱིར། འབྲས་བུ་ཡང་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་རྒྱུ་ཡོད་པར་གྱུར་ན་འབྲས་བུ་སྐྱེ་བར་འགྱུར་བ་དེའི་ཕྱིར་འབྲས་བུ་འཇོག་པའི་རྒྱུ་
མཚན་ཡང་རྒྱུ་ཡིན་ནོ། །དེས་ན་རྒྱུ་དང་འབྲས་བུ་དག་ནི་ཕན་ཚུན་ལྟོས་ནས་གྲུབ་པ་ཡིན་ནོ་ཞེས་པའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལས་གཞན་ཡོད་ན་ཞེས་བྱ་བ་ནི། རྒྱུའམ་འབྲས་བུའོ། །ཅིག་ཤོས་ཡོད་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་
རྒྱུའམ་འབྲས་བུ་ཡོད་པ་ཉིད་དོ། །རྒྱུ་དང་འབྲས་བུ་དག་ཅེས་བྱ་བ་ལ་སོགས་པ་ནི་གང་ཡང་རང་བཞིན་གྱིས་རྒྱུ་ཉིད་དུ་ཡོད་པའམ་འབྲས་བུ་ཉིད་དུ་ཡོད་པ་ཡིན་ནོ་ཞེས་པའི་རྒྱུ་དང་འབྲས་བུའི་རང་བཞིན་ནི་ཡོད་པ་མ་ཡིན་ནོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། ཅི་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
དེ་གཉིས་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུའོ། །གང་ལས་གང་ཞིག་འགྱུར་བ་ཞེས་བྱ་བ་ནི་གལ་ཏེ་སྔར་རྒྱུ་ཡོད་པར་གྱུར་ན་དེའི་ཚེ་རྒྱུ་ལས་འབྲས་བུར་འགྱུར་བ་ཡིན་ལ། གལ་ཏེ་འབྲས་བུ་སྔར་གྲུབ་ན་འབྲས་བུ་ལས་རྒྱུར་འགྱུར་བའོ། །གང་ཞིག་ལ་སྔར་གང་ཞིག་འགྱུར་ཏེ་སྨྲས་ཞེས་བྱ་བ་ནི་འབྲས་བུ་
ལས་རྒྱུ་སྔར་ཡོད་པ་ཡིན་ནམ། འོན་ཏེ་རྒྱུ་ལས་འབྲས་བུ་སྔར་ཡོད་པ་ཡིན་པ་དེ་སྨྲོས་ཤིག་ཅེས་པའོ། །གལ་ཏེ་རྒྱུ་དང་པོར་ཡིན་ལ་འབྲས་བུ་ཕྱིས་ཡིན་ན་དེའི་ཚེ་སྔར་བསྟན་པའི་ཚུལ་གྱིས་རྒྱུ་ལ་རྒྱུ་ཉིད་མེད་པར་ཐལ་བར་འགྱུར་རོ། །གལ་ཏེ་སྔར་འབྲས་བུ་ཡིན་ལ་ཕྱིས་རྒྱུ་ཡིན་ན་དེའི་ཚེ་འབྲས་བུ་ལ་རྒྱུ་
མེད་པར་ཐལ་བར་འགྱུར་རོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། ཅི་རྒྱུའམ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་གཉིས་ལས་ཞེས་བྱ་བ་ནི་རྒྱུ་འབྲས་དག་ལས་སོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་མཇུག་བསྡུ་བ་ཡིན་ཏེ། གདགས་པ་ཡང་ཤིང་རྟ་ལྟར་རྒྱུར་བྱས་ནས་ཡིན་པར་
བྱ་བའི་ཞེས་བྱ་བ་ནི་རྒྱུ་ལ་བརྟེན་ནས་འབྲས་བུར་གདགས་པ་དང་། འབྲས་བུ་ལ་བརྟེན་ནས་རྒྱུར་གདགས་པར་རིག་པར་བྱ་སྟེ། འཇིག་རྟེན་གྱི་ཐ་སྙད་མ་དཔྱད་པར་གྲུབ་པ་ཡིན་པས་སོ། །རྒྱུ་དང་འབྲས་བུ་དག་རང་གི་ངོ་བོས་ཡོད་པར་གྱུར་ན་ད་སྐྱོན་གཞན་ཡང་བསྟན་པར་བྱ་བའི་ཕྱིར། གཞན་ཡང་

ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྲད་ནས་སམ་ཞེས་བྱ་བ་ནི་ཆུ་བོ་དང་རྒྱ་མཚོ་དག་བཞིན་དུ་གཅིག་ཏུ་འགྲེལ་ནས་སྐྱེད་པར་བྱེད་དམ་ཞེས་པའོ། །མ་ཕྲད་པར་ཞེས་བྱ་བ་ནི་སོ་སོར་གནས་པ་ལའོ། །དེ་ལ་ཕྱོགས་དང་པོ་འགེགས་པ་ནི། དེ་ལ་རེ་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུ་
ཡིས་ཕྲད་ནས་འབྲས་བུ་སྐྱེད་བྱེད་ན། །ཞེས་བྱ་བ་ནི་ཕྱོགས་དང་པོ་རྗེས་སུ་བརྗོད་པའོ། །དེའི་ཚེ་ཞེས་བྱ་བ་ལ་སོགས་པ་ནི་ལན་ཡིན་ཏེ། དེ་དག་ནུས་པ་གཅིག་ལས་ཞེས་བྱ་བ་ནི་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་དག་གཅིག་ཡིན་པས་སྐྱེ་བར་བྱ་བའི་ནུས་པའམ་མི་སྐྱེད་པར་བྱེད་པའི་ནུས་པ་
ཡོད་པས་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་དག་ཐ་དད་དུ་མི་འགྱུར་བའོ། །འདིའི་དོན་ནི་འདིར་ཕྲད་པ་ནི་མི་རིགས་པ་ཡིན་ལ། དེས་ན་རྒྱུ་དང་འབྲས་བུ་དག་རེག་པར་འགྱུར་ན་དེའི་ཚེ་དེ་དག་བདག་ཉིད་ཐམས་ཅད་ཀྱིས་རེག་པ་ཡིན་ནམ་ཕྱོགས་གཅིག་གིས་ཡིན། བདག་ཉིད་ཐམས་ཅད་ཀྱིས་
ཡིན་ན་དེའི་ཚེ་གཉིས་པོ་དག་གཅིག་ཉིད་དུ་ཐལ་བར་འགྱུར་ཏེ། ཕན་ཚུན་བདག་ཉིད་ཐམས་ཅད་ཀྱིས་མ་ཞུགས་ན་བདག་ཉིད་ཐམས་ཅད་ཀྱིས་རེག་པ་མེད་པས་སོ། །ཕྱོགས་གཅིག་གིས་རེག་པར་འདོད་ན་ནི་དེ་ལ་གང་ཕྱོགས་གཅིག་གིས་རེག་པ་དེའི་ནང་དུ་ཞུགས་པ་ཡིན། གང་ཕྱོགས་གཅིག་
གིས་མ་རེག་ན་དེ་ལ་མ་ཕྲད་པའི་ཕྱོགས་ལ་སྐྱོན་བརྗོད་པ་དེ་འབྱུང་བར་འགྱུར་རོ། །དེས་ན་ཕྲད་ནས་འབྲས་བུ་སྐྱེད་པར་བྱེད་པ་མ་ཡིན་ནོ། །མ་ཕྲད་པའི་ཕྱོགས་ལ་སྐྱོན་བསྟན་པར་བྱ་བའི་ཕྱིར། སོ་སོར་ན་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་རྒྱུ་འདི་འབྲས་བུ་ལས་སོ་སོར་གྱུར་ན་དེའི་ཚེ་
རྒྱུ་མ་ཡིན་པ་རྣམས་དང་ཁྱད་པར་མེད་པར་འགྱུར་ཏེ། ཅི་ལྟར་དུ་བ་ལས་རྫ་མཁན་ཐ་དད་པ་ཡིན་པས་དུ་བའི་རྒྱུ་མ་ཡིན་ལ། དེ་བཞིན་དུ་མེ་ཡང་ཡིན་པས་དུ་བ་ལ་རྒྱུ་མེད་པར་འགྱུར་རོ། །གལ་ཏེ་རྒྱུ་མ་ཡིན་པ་དང་ཁྱད་པར་མེད་པ་ལས་སྐྱེ་བར་འགྱུར་ན་ནི། ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་
བར་འགྱུར་རོ། །འོན་ཏེ་ཕྲད་པ་དང་། མ་ཕྲད་པའི་ཕྱོགས་ལས་གཞན་པའི་ཕྱོགས་ཀྱིས་སྐྱེད་པར་བྱེད་པ་ཡིན་ནོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། གཉིས་པོ་འདི་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གཉིས་པོ་འདི་དག་ནི་ཞེས་བྱ་བ་ནི་ཕྲད་པ་དང་མ་ཕྲད་པ་དག་གོ། །

རྟོག་པ་གཞན་ཡང་ཡོད་པར་འགྱུར་མ་ཡིན། །ཞེས་བྱ་བ་ནི་གཉིས་ཀའམ་གཉིས་ཀ་མ་ཡིན་པའི་རང་བཞིན་ཅན་གྱི་ཕྱོགས་གསུམ་པ་འགལ་བའི་ཆོས་རྒྱུ་དང་འབྲས་བུའི་དངོས་པོ་དག་ལ་ཡོད་པར་འགྱུར་བ་མི་སྲིད་པས་སོ། །དེ་འགྲེལ་པས་བསྟན་པར་བྱ་བའི་
ཕྱིར། དེ་ལ་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གལ་ཏེ་ཕྲད་པ་དང་མ་ཕྲད་པའི་ཕྱོགས་ལ་སྐྱོན་བརྗོད་པའི་འཇིགས་པས་རྒྱུས་འབྲས་བུ་སྐྱེད་པ་ཁས་མི་ལེན་ན་དེ་ལ་སྐྱོན་བསྟན་པར་བྱ་བའི་ཕྱིར། དེའི་ཕྱིར་ཅི་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྱོད་ཀྱི་ཕྱོགས་ཀྱིས་རྒྱུའི་
འབྲས་བུ་སྐྱེད་པར་མི་བྱེད་པས་འབྲས་བུ་མེད་པར་ཁས་ལེན་ན་ཞེས་བྱ་བ་ནི་ཕྱོགས་སྔ་མ་རྗེས་སུ་བརྗོད་པའོ། །གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་ནི་ལན་འདེབས་པ་ཡིན་ཏེ། རྒྱུ་མེད་ཅན་ཞེས་བྱ་བ་ནི་རྒྱུ་ལ་རྒྱུ་ཉིད་དུ་འགྱུར་བའི་རྒྱུ་མཚན་མེད་པས་སོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར།
རྒྱུ་རྒྱུ་ཉིད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འབྲས་བུ་འབྱུང་བ་ཞེས་བྱ་བ་ནི་འབྲས་བུ་སྐྱེད་པའོ། །ད་ནི་དབུ་མའི་ཕྱོགས་ལ་གཞན་གྱི་དྲི་བ་བསྟན་པར་བྱ་བའི་ཕྱིར། ཁྱོད་ཀྱིས་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་ཁོ་བོའི་ཕྱོགས་ལ་ཕྲད་པའམ་མ་ཕྲད་པའི་སྒོ་ནས་རྒྱུས་
འབྲས་བུ་སྐྱེད་པར་མི་བྱེད་ན་ཁྱོད་ཀྱི་ཕྱོགས་ཀྱིས་ཇི་ལྟར་སྐྱེད་པར་བྱེད་ཅེ་ནའོ། །དེ་ལ་དབུ་མ་པས་ལན་འདེབས་པ་ནི། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་དག་གཉིས་ཆར་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུའི་རང་བཞིན་དག་གོ། །སྒྱུ་མ་དང་འདྲ་ཞེས་བྱ་བ་ནི་ཇི་ལྟར་སྒྱུ་མའི་གླང་
པོ་ཆེ་ལ་སོགས་པ་མེད་དུ་ཟིན་ཀྱང་སྣང་བ་དེ་བཞིན་དུ་རྒྱུ་དང་འབྲས་བུ་གཉིས་མེད་དུ་ཟིན་ཀྱང་། མ་རིག་པའི་དབང་གིས་སྣང་བ་ཡིན་ལ་གང་གི་ཕྱིར་གཉིས་ཆར་སྒྱུ་མ་དང་མཚུངས་པ་དེའི་ཕྱིར་རྒྱུ་དང་འབྲས་བུ་རང་བཞིན་གྱིས་ཡོད་པར་སྨྲ་བ་ལ་སྐྱོན་སྔར་བརྗོད་པ་དེ་ཁོ་ནའི་ཕྱོགས་ལ་ནི་ཡོད་པར་
འགྱུར་རོ། །དེས་ན་མ་བརྟགས་པར་གྲགས་པའི་རྒྱུ་དང་འབྲས་བུ་ལ་སོགས་པ་འཇིག་རྟེན་པའི་དངོས་པོ་རྣམས་ཡོད་པ་ཡིན་ནོ་ཞེས་པའོ། །དེ་འགྲེལ་པས་བསྟེན་པར་བྱ་བའི་ཕྱིར། གང་གི་ལྟར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་མཚན་ཉིད་ཅེས་བྱ་བ་ནི་རྫས་སུ་ཡོད་པའོ། །རྣམ་

པར་དཔྱད་པ་འདི་འགྱུར་གྱི། །ཞེས་བྱ་བ་ནི་ཕྲད་ནས་ཞེས་བྱ་བ་ལ་སོགས་པའི་རྣམ་པར་དཔྱད་པ་སྟེ། རྣམ་པར་དཔྱད་པའི་ཡུལ་ནི་རྫས་སུ་ཡོད་པ་ཡིན་པས་སོ། །ལོག་པར་ཀུན་དུ་བརྟགས་པས་ཞེས་བྱ་བ་ནི་ཐོག་མ་མེད་པ་ནས་དངོས་པོ་ལ་མངོན་པར་ཞེན་པ་ལ་གོམས་པས་ཀུན་ནས་བསླངས་
པས་སོ། །དེ་ལ་བསམ་དུ་མེད་པ་ཉིད་དེ་ཞེས་བྱ་བའི་ཕྲད་པ་ལ་སོགས་པའི་རྣམ་པར་དཔྱོད་པ་བསམ་དུ་མེད་པའོ། །ཐམས་ཅད་འགྲུབ་པོ་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུ་ལ་སོགས་པའོ། །ཡང་དབུ་མ་པ་ལ་གཞན་དག་གིས་སྐྱོན་མཚུངས་པ་ཉིད་དུ་སྟོན་པ་ནི། འདིར་ཁ་ཅིག་ཅེས་བྱ་བ་ལ་སོགས་
པ་གསུངས་ཏེ། འདིར་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུ་དག་སུན་འབྱིན་པའི་གནས་སྐབས་ནའོ། །ཁ་ཅིག་ཅེས་བྱ་བ་ནི་རྒྱུ་དང་འབྲས་བུ་རྫས་སུ་ཡོད་པར་འདོད་པའོ། །ལན་དུ་ཞེས་བྱ་བ་ནི་སུན་འབྱིན་པའི་ལན་དུའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
ཁྱོད་ལ་ཡང་ཞེས་བྱ་བ་ནི་དབུ་མ་པ་ལའོ། །བརྟག་པ་མཚུངས་པ་ཉིད་བསྟན་པར་བྱ་བའི་ཕྱིར་ཇི་ལྟར་ཞེ་ན། སུན་འབྱིན་འདིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུ་དང་འབྲས་བུ་ཕྲད་ནས་སྐྱེད་པར་བྱེད་དམ། འོན་ཏེ་མ་ཕྲད་པར་སྐྱེད་པར་བྱེད་ཅེས་གང་སུན་འབྱིན་སྨྲས་པ་དེས་རྒྱུ་དང་འབྲས་
བུའི་དངོས་པོ་སུན་དབྱུང་བར་བྱ་བ་ཕྲད་ནས་སུན་འབྱིན་ནམ། འོན་ཏེ་མ་ཕྲད་པར་ཡིན། གལ་ཏེ་ཕྲད་ནས་སུན་འབྱིན་པར་བྱེད་ན་ནི་སུན་དབྱུང་བར་བྱ་བ་དང་སུན་འབྱིན་པར་བྱེད་པ་དག་གཅིག་ཏུ་གྱུར་པས་གང་གིས་གང་སུན་འབྱིན་གལ་ཏེ་མ་ཕྲད་པར་སུན་འབྱིན་ན་ནི་སུན་འབྱིན་པ་མ་ཡིན་པ་དང་མཚུངས་
པས་སུན་འབྱིན་སུན་འབྱིན་མ་ཡིན་པར་ཐལ་བར་འགྱུར་བ་དང་། ཐམས་ཅད་སུན་འབྱིན་པ་ཉིད་དུ་ཐལ་བར་འགྱུར་རོ། །ཉེས་པ་འདི་ནི་ཁྱོད་ལའང་འགྱུར་བ་མ་ཡིན་ནམ་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུ་ཇི་ལྟར་སུན་ཕྱུང་བ་དེ་ཁྱོད་ལ་ཡང་འགྱུར་བ་ཡིན་ནོ་ཞེས་པའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་
ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སུན་དབྱུང་བྱ་སུན་འབྱིན་པའི་ནུས་པ་ཡོད་པ་ཞེས་བྱ་བ་ནི་ཕྲད་ནས་འབྲས་བུ་སྐྱེད་པར་བྱེད་དམ། འོན་ཏེ་མ་ཕྲད་པར་སྐྱེད་པར་བྱེད་ཅེས་བྱ་བའོ། །ཁྱོད་ཀྱིས་སུན་འབྱིན་པ་ཉིད་སུན་ཕྱུང་བ་ཡིན་པས་ཞེས་བྱ་བ་ནི་སུན་དབྱུང་བར་བྱ་བ་སུན་ནི་འབྱིན་

པར་མ་ནུས་པས་སོ། །ཤུགས་ཀྱིས་ཞེས་བྱ་བ་ནི་སུན་འབྱིན་པར་བྱེད་པ་སུན་འབྱིན་པ་ནུས་པ་མེད་པ་ཉིད་དུ་བསྟན་པས་རྒྱུ་དང་འབྲས་བུའི་དངོས་པོ་མ་ཁེགས་པས་རྒྱུ་དང་འབྲས་བུའི་དངོས་པོ་གྲུབ་པ་ཡིན་ནོ་ཞེས་པའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། གང་ཚེ་ཞེས་
བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་ཕྲད་ནས་འབྲས་བུ་སྐྱེད་པར་བྱེད་དམ། འོན་ཏེ་མ་ཕྲད་པར་འབྲས་བུ་སྐྱེད་པར་བྱེད་ཅེས་དེ་སྐད་སྨྲ་ཞིང་རང་གི་ཕྱོགས་དེ་སུན་དབྱུང་བར་བྱ་བ་དང་། སུན་འབྱིན་པར་བྱེད་པའི་ཕྱོགས་དེ་རྣམ་པར་འཇོམས་ཤིང་རླག་པར་བྱེད་དེ། དེ་ཡང་ཕྲད་པ་ལ་སོགས་
པའི་དཔྱོད་པ་འཇུག་པས་སྐྱོན་མཚུངས་པའི་ཕྱིར་རོ། །དེ་ཚེ་ཁྱོད་ཀྱིས་སུན་དབྱུང་སུན་ནི་འབྱིན་པར་ནུས་མ་ཡིན། །ཞེས་བྱ་བ་ནི་གང་ཚེ་རང་གི་ཕྱོགས་ལ་སྐྱོན་མཚུངས་པར་འགྱུར་བ་དེ་སུན་འབྱིན་ལ་སུན་དབྱུང་བར་བྱ་བ་སུན་འབྱིན་པར་བྱེད་པའི་ནུས་པ་མེད་པས། དེ་རྒྱུ་དང་འབྲས་བུ་དང་དངོས་པོ་ལ་
སོགས་པ་རྣམས་སུན་འབྱིན་པར་མི་ནུས་པའོ། །སྐྱོན་གཞན་ཡང་བསྟན་པར་བྱ་བའི་ཕྱིར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྟག་ཆོད་ཀྱིས་ཞེས་བྱ་བ་ནི་སུན་འབྱིན་པ་ལྟར་སྣང་བའོ། །ཇི་ལྟར་སུན་འབྱིན་པ་ལྟར་སྣང་བ་ཡིན་ཞེ་ན། ལན་ནི་རང་གི་ཚིག་ལའང་ཐལ་བར་མཚུངས་
པའི་ཞེས་བྱ་བ་གསུངས་ཏེ། ཕྲད་པ་ལ་སོགས་པའི་དཔྱད་པ་དབུ་མ་པའི་སུན་འབྱིན་ལ་ཡང་འཇུག་པས་སོ། །རིགས་པ་མེད་པར་དངོས་པོ་མཐའ་དག་ལ་སྐུར་པ་འདེབས་པ་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་ཚུལ་གྱིས་རིགས་པ་མེད་པར་རྒྱུ་དང་འབྲས་བུ་སུན་འབྱིན་པའི་སྒོ་ནས་དངོས་པོ་མཐའ་དག་
ལ་སྐུར་པ་འདེབས་པའོ། །དེའི་ཕྱིར། ཁྱོད་ནི་སྐྱེ་བོ་དམ་པ་བཞེད་མི་འགྱུར་ཞིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་རིགས་པ་མེད་པར་དངོས་པོ་མཐའ་དག་ལ་སྐུར་པ་འདེབས་པར་བྱེད་པ་དེའི་ཕྱིར་ཁྱོད་ནི་སྐྱེ་བོ་དམ་པ་རྣམས་ཀྱིས་བཞེད་པར་མི་འགྱུར་བ་དེའོ། །སུན་ཅི་ཕྱིན་དུ་རྒོལ་
བ་ཡིན་ཞེས་བྱ་བ་ནི་རང་གི་ཕྱོགས་རྣམ་པར་གཞག་པ་དང་བྲལ་ཞིང་གཞན་གྱི་ཕྱོགས་སེལ་བ་ཙམ་ལ་ཞུགས་པའི་རྒོལ་བ་ཡོད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། ཁྱོད་ལ་རང་ཕྱོགས་མེད་པ་ཞེས་བྱ་བ་གསུངས་ཏེ། དབུ་མ་པས་ཕྱོགས་གང་ཡང་ཁས་མ་བླངས་པས་སོ། །དེ་འགྲེལ་པས་བསྟན་

པར་བྱ་བའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་ཚིག་ལས་ཐལ་བར་འགྱུར་བ་མཚུངས་པ་ཉིད་ནི་སྨྲས་ཟིན་ཏོ་ཞེས་བྱ་བ་འདི་སུན་འབྱིན་འདིས་སུན་དབྱུང་བྱ་ཕྲད་ནས་འབྱིན་ནམ་མ་ཕྲད་པར་ཞེས་བྱ་བ་ལ་སོགས་པའོ། །ཁབ་ལེན་གྱིས་ཞེས་བྱ་བ་ནི་ལྕགས་འདྲེན་པར་
བྱེད་པའི་རྡོའི་ཁྱད་པར་རོ། །རུང་བའི་ཡུལ་ན་གནས་པ་ཞེས་བྱ་བ་ནི་ཡུལ་ཐག་ཉེ་བ་ན་གནས་པའོ། །ཐམས་ཅད་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཐག་རིངས་ན་གནས་པ་མ་ཡིན་པའོ། །འབྲས་བུ་རུང་བ་ཁོ་ན་སྐྱེད་པར་འགྱུར་རོ་ཞེས་བྱ་བ་ནི། གང་བྱ་བར་ཡང་རུང་སྟེ། གང་གི་རྒྱུད་ལ་སྐྱེད་པར་བྱེད་
པའི་ནུས་པ་ཡོད་པས་སོ། །ཐམས་ཅད་སྐྱེད་པར་མི་འགྱུར་གྱི་ཞེས་བྱ་བ་ནི་བྱར་མི་རུང་བ་ནི་སྐྱེད་པ་མ་ཡིན་ནོ། །སུན་ཅི་ཕྱིན་དུ་རྒོལ་བའི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། རང་གི་ཕྱོགས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་དབུ་མ་པས་ལན་འདེབས་པ་ནི། འདི་ལ་བརྗོད་པར་
བྱ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་འདོད་པས་སུན་འབྱིན་པས་སུན་དབྱུང་བར་བྱ་བ་མ་ཕྲད་པར་སུན་འབྱིན་པར་བྱེད་དམ་ཕྲད་ནས་སུན་འབྱིན་པར་བྱེད་ཅེས་བྱ་བ་ངེས་པར་ཕྱོགས་ཡོད་པ་དེའི་འདོད་པ་ལ་སུན་འབྱིན་པ་འདིས་སུན་དབྱུང་བྱ་ཕྲད་ནས་སུན་འབྱིན་ནམ་མ་ཕྲད་པར་
ཞེས་བྱ་བ་གང་གསུངས་པ་དེ་ཉེས་པར་ཐལ་བ་ཡིན་ལ། ཁོ་བོས་ནི་ཕྱོགས་འདི་ཁས་མ་བླངས་པས་སྔར་བསྟན་པའི་སྐྱོན་དུ་ཐལ་བར་མི་འགྱུར་བའོ། །འདིའི་དོན་ནི་གལ་ཏེ་སུན་འབྱིན་པ་དང་སུན་དབྱུང་བར་བྱ་བ་དག་དངོས་པོར་གྲུབ་པ་ཡིན་ན་དེའི་ཚེ་ཕྲད་པ་ལ་སོགས་པའི་དཔྱད་ར་འཇུག་པ་
ཡིན་གྱི་འོན་ཀྱང་སུན་འབྱིན་པ་དང་སུན་དབྱུང་བར་བྱ་བ་དག་མ་བརྟགས་ན་ཉམས་དགའ་བར་འཇིག་རྟེན་གྱི་གྲགས་པ་ཙམ་དུ་འདོད་པས་ཇི་ལྟར་ན་ཕྲད་པ་ལ་སོགས་པའི་ཕྱོགས་འཇུག་པར་འགྱུར་ཏེ་དངོས་པོ་ཁོ་ན་ཕྲད་པ་ལ་སོགས་པའི་ཕྱོགས་འཇུག་པས་སོ་ཞེས་པའོ། །དེ་ཉིད་ཀྱི་ཕྱིར་རང་
གི་ཚིག་ལའང་ཐལ་བ་མཚུངས་པའི་ལྟག་ཆོད་ཀྱིས་ཞེས་གང་བརྗོད་པ་དེ་ཡང་འགྱུར་བ་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། ངེས་པར་ཕྱོགས་ཡོད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། དེ་ལ་རང་གི་ཚིག་ལ་ཞེས་བྱ་བ་ལ་སོགས་པ་གསུངས་

སོ། །དོན་དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཁུངས་བསྟན་པར་བྱ་བའི་ཕྱིར། ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཅི་ཞེས་བྱ་བ་ནི་དྲི་བའོ། །ཚེ་དང་ལྡན་པ་རབ་འབྱོར་ཞེས་བྱ་བ་ནི་བོད་པའི་ཚིག་གོ། །སྐྱེས་པའི་ཆོས་ཀྱིས་ཞེས་བྱ་བ་ནི། གང་གིས་འབྲས་བུ་
ཐོབ་པར་བྱེད་པའི་དངོས་པོ་དེས་སོ། །མ་སྐྱེས་པའི་ཐོབ་པ་ཐོབ་པར་འགྱུར་རམ་ཞེས་བྱ་བ་ནི་སྐྱེ་བ་མེད་པའི་ཕྱིར་མ་སྐྱེས་པའི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པའི་མཚན་ཉིད་ཅན་གྱི་ཐོབ་པར་བྱ་བ་ཐོབ་པར་འགྱུར་རམ་ཞེས་པའོ། །འོན་ཏེ་མ་སྐྱེས་པའི་ཆོས་ཀྱིས་མ་སྐྱེས་པ་ཐོབ་པར་འགྱུར་ཞེས་བྱ་
བ་ནི་ཐོབ་པར་བྱ་བ་དང་ཐོབ་པར་བྱེད་པ་གཉིས་ཀྱང་སྐྱེ་བ་མེད་པའི་ཕྱིར་རོ། །རབ་འབྱོར་གྱིས་སྨྲས་པ་ཞེས་བྱ་བ་ནི། རབ་འབྱོར་གྱིས་ཤཱ་རིའི་བུ་ལ་ལན་འདེབས་སོ། །དེ་ལ་ལན་ནི། ཚེ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པའོ། །ཐོབ་པ་ཐོབ་པར་མི་འདོད་དོ། །ཞེས་བྱ་བ་ནི་སྐྱེས་པ་དང་མ་སྐྱེས་པ་དག་
དང་། མ་སྐྱེས་པ་དག་ལ་ཐོབ་པ་མེད་པས་སོ་ཞེས་པའོ། །ཤཱ་རིའི་བུས་ལན་འདེབས་པ་ནི། ཤཱ་རིའི་བུས་སྨྲས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐོབ་པ་མེད་ཅིང་ཞེས་བྱ་བ་ནི་སྦྱར་བའི་གནས་སྐབས་ནའོ། །མངོན་པར་རྟོགས་པ་མེད་དེ་ཞེས་བྱ་བ་ནི་དངོས་གཞིའི་གནས་སྐབས་ནའོ། །དེ་ལ་རབ་
འབྱོར་གྱིས་ལན་འདེབས་པ་ནི། རབ་འབྱོར་གྱིས་སྨྲས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཉིས་ཀྱི་ཚུལ་གྱིས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཐོབ་པར་བྱ་བ་དང་ཐོབ་པར་བྱེད་པའི་དངོས་པོ་གཉིས་ཀྱི་ཚུལ་གྱིས་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། ཚེ་དང་ལྡན་པ་ཤཱ་རིའི་བུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །
ཐོབ་པ་དང་མངོན་པར་རྟོགས་པ་དང་རྒྱས་པར་བསྟན་པར་བྱ་བའི་ཕྱིར། རྒྱུན་དུ་ཞུགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུན་དུ་ཞུགས་པ་ལ་སོགས་པ་ནི་སྔར་བསྟན་ཟིན་ཏོ། །དོན་དམ་པར་ནི་ཐོབ་པ་མེད་ཅིང་མངོན་པར་རྟོགས་པ་མེད་དོ་ཞེས་བྱ་བ་ནི་དོན་དམ་པར་ཐོབ་པར་བྱ་བ་དང་ཐོབ་པར་བྱེད་པ་དག་མེད་པས་
སོ། །གཉིས་སུ་མེད་པར་ཐལ་བར་འགྱུར་བའི་ཕྱིར། །ཞེས་བྱ་བ་ནི་ཐོབ་པར་བྱ་བ་དང་ཐོབ་པར་བྱེད་པ་དག་གཉིས་སུ་ཐལ་བར་འགྱུར་བས་སོ། །ལུང་གི་དོན་སྐབས་སུ་བབ་པ་ལ་སྦྱར་བར་བྱ་བའི་ཕྱིར། དེ་བཞིན་དུ་སུན་དབྱུང་བར་བྱ་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཉིད་དཔེའི་སྒོ་ནས་བསྟན་པར་

བྱ་བའི་ཕྱིར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟས་གཟུང་ལ་སོགས་རྣམས་ཚེ་ཞེས་བྱ་བ་ནི་ཉི་མ་སྒྲ་གཅན་གྱིས་བཟུང་བའི་གནས་སྐབས་ནའོ། །སོགས་པའི་སྒྲས་ནི་ཉི་མའི་དཀྱིལ་འཁོར་ལ་ལྟས་ངན་པའི་དབང་གིས་བུ་ག་ལ་སོགས་པའི་རྣམ་འགྱུར་གྱི་གནས་སྐབས་བསྡུ་བར་
བྱའོ། །ཁྱད་པར་རྣམས་ཞེས་བྱ་བ་ནི་ཕྱེད་གཟུང་བ་དང་རིལ་པོར་གཟུང་བ་ལ་སོགས་པའོ། །གཟུགས་བརྙན་ལ་ཡང་ཞེས་བྱ་བ་ནི་གཞོང་པའི་ནང་གི་ཆུ་ལ་སོགས་པའི་གཟུགས་བརྙན་ལ་ཡང་ངོ་། །ཉི་མ་དང་ནི་གཟུགས་བརྙན་གྱི་རྣམ་པ་དང་མ་ཕྲད་པར་མི་རིགས་མོད་ཀྱི་ཞེས་བྱ་བ་ནི་གཞོང་པའི་ནང་གི་ཡོད་
པའི་ཆུ་དང་ཕྲད་ནས་གཟུགས་བརྙན་སྐྱེད་པ་ཡང་མི་རིགས་ཏེ། ནམ་མཁའ་ལ་ཡང་ཡོད་པའི་ཉི་མ་མེད་པར་ཐལ་བར་འགྱུར་བས་སོ། །མ་ཕྲད་པས་ཀྱང་མ་ཡིན་ཏེ། གཞོང་པ་ཁ་བཀབ་པའི་ཆུ་ནང་དུ་གཟུགས་བརྙན་མཐོང་བར་ཐལ་བར་འགྱུར་བ་དང་། གཟུགས་བརྙན་ཞེས་བྱ་བ་ཅུང་ཟད་ཀྱང་མེད་
པས་སོ། །དེ་ལྟར་རྣམ་པར་དཔྱད་ན་གཟུགས་བརྙན་མ་གྲུབ་པར་བསྟན་ནས། མ་བརྟགས་ན་ཉམས་དགའ་བར་ལོ་ཀ་བར་གྲགས་པས་གཟུགས་བརྙན་གྲུབ་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། བརྟེན་ནས་ཐ་སྙད་ཙམ་ཞིག་འབྱུང་འགྱུར་ཞིང་། །ཞེས་བྱ་བ་གསུངས་ཏེ། ཉི་མ་དང་ཟླ་བའི་
དཀྱིལ་འཁོར་ལ་སོགས་པ་ལ་བརྟེན་ནས་གཟུགས་བརྙན་གྱི་ཐ་སྙད་ཙམ་ཅིག་འབྱུང་བར་འགྱུར་བ་ཡིན་ནོ་ཞེས་པའོ། །དེས་ན་ལོ་ཀ་ཕྲད་པ་ལ་སོགས་པ་མེད་པར་ཡང་གཟུགས་བརྙན་འབྱུང་བར་འགྱུར་བ་དེ་བཞིན་དུ་སུན་འབྱིན་པར་བྱ་བ་དང་སུན་འབྱིན་པ་ཡང་ཡིན་ནོ་ཞེས་པའོ། །དེ་ལྟར་ཕྲད་པ་
དང་མ་ཕྲད་པ་མེད་དུ་ཟིན་ཀྱང་སུན་འབྱིན་པ་འཐད་པ་ཉིད་དུ་བསྟན་ནས། ད་ནི་རང་བཞིན་མེད་པའི་སུན་འབྱིན་པས་སུན་དབྱུང་བར་བྱ་བ་སུན་འབྱིན་པར་བྱེད་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། མི་བདེན་པ་ཉིད་དུའང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་མེ་ལོང་ལ་སོགས་པའི་ནང་དུ་
བཞིན་གྱི་གཟུགས་བརྙན་མི་བདེན་པ་རང་གི་བྱད་བཞིན་མཛེས་པར་རྟོགས་པ་བསྒྲུབ་པར་བྱ་བའི་ཆེད་དུ་ནུས་པ་དང་ལྡན་པར་འགྱུར་བ་དེ་བཞིན་དུ་འདིར་ཡང་སྟེ། སུན་དབྱུང་བར་བྱ་བ་དང་སུན་འབྱིན་པར་བྱེད་པའི་གནས་སྐབས་ན་ཡང་ངོ་། །འཐད་པ་དང་བྲལ་བ་ལས་ཀྱང་བསྒྲུབ་བྱ་རྟོགས་ཞེས་

ཤེས་པར་བྱ་ཞེས་བྱ་བ་ནི་ཇི་ལྟར་བཞིན་གྱི་གཟུགས་བརྙན་རང་གི་བཞིན་མཛེས་པར་རྟོགས་པའི་རྒྱུ་མཚན་དུ་གྱུར་པ་དེ་བཞིན་དུ་རང་བཞིན་མེད་པའི་གཏན་ཚིགས་ཀྱང་བསྒྲུབ་པར་བྱ་བ་རྟོགས་པའི་རྒྱུ་མཚན་དུ་གྱུར་པའོ། །ཇི་ལྟར་རང་གི་གཟུགས་བརྙན་རང་གི་བྱད་བཞིན་
མཛེས་པར་རྟོགས་པའི་རྒྱུ་ཡིན་པ་དེ་བཞིན་དུ་གཏན་ཚིགས་ཀྱང་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར་དེ་བཞིན་འདིར་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་ཉིད་གདོང་ཡིན་ལ་དེ་སྦྱང་བ་སྟེ་ཡོངས་སུ་དག་པར་རྟོགས་པའི་རྒྱུ་ཡིན་པས་སོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར།
ཇི་ལྟར་གཟུགས་བརྙན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་བརྙན་ཉེ་བ་ལས་ཞེས་བྱ་བ་ནི། ཉི་མའི་དཀྱིལ་འཁོར་ཡོད་པ་ལས་སོ། །རྟོགས་པར་འདོད་པའི་དོན་ངེས་པར་བྱེད་པ་ན་ཞེས་བྱ་བ་ནི་ཉི་མའི་དཀྱིལ་འཁོར་ལ་གནས་པའི་གནས་སྐབས་ཀྱི་ཁྱད་པར་ངེས་པར་བྱེད་པའོ། །
གཉིས་སུ་ཐལ་བར་ཡང་མི་འགྱུར་བས་ཞེས་བྱ་བ་ནི་སུན་འབྱིན་པ་དང་སུན་དབྱུང་བྱ་དངོས་པོར་ཐལ་བར་མི་འགྱུར་བས་སོ། །ཤེས་རབ་གདོང་ཡིན་པས་ཞེས་བྱ་བ་ནི་གཙོ་བོ་ཡིན་པས་སོ། །ནུས་པ་མཐོང་བར་འགྱུར་བའི་ཞེས་བྱ་བ་ནི་གཏན་ཚིགས་ཀྱིས་བསྒྲུབ་པར་བྱ་བ་རྟོགས་པས་བསམ་པ་
དང་སྒོམ་པའི་རིམ་པས་ཤེས་རབ་ཡོངས་སུ་དག་པར་རྟོགས་པ་ཡིན་ནོ་ཞེས་པའོ། །མཇུག་བསྡུ་བ་བསྟན་པར་བྱ་བའི་ཕྱིར། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཏགས་པར་ཡོད་པ་རྣམས་ལ་ཞེས་བྱ་བ་ནི་དེ་རྣམས་མ་བཏགས་ན་ཉམས་དགའ་བ་ཙམ་དུ་ཁས་བླངས་པས་དངོས་
པོ་ཉིད་དུ་མ་གྲུབ་པའི་ཕྱིར་ཕྲད་ནས་སམ་མ་ཕྲད་པར་ཞེས་བྱ་བའི་དཔྱད་པ་མི་འཇུག་པས་སོ། །གཉིས་སུ་སྨྲ་བ་ཞེས་བྱ་བ་ནི་ཕྲད་པ་དང་མ་ཕྲད་པའི་དངོས་པོ་གཉིས་ཡོད་པར་སྨྲ་བའོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་བཏགས་པར་ཡོད་པའི་ཕྱིར་རོ། །གཉིས་ལ་བརྟེན་ནས་ཞེས་བྱ་བ་ནི་ཕྲད་པ་དང་མ་ཕྲད་
པའི་དངོས་པོ་གཉིས་ལ་བརྟེན་ནས་སོ། །སུན་འབྱིན་པ་དང་ཞེས་བྱ་བ་ནི་སུན་འབྱིན་པ་འདིས་སུན་དབྱུང་བྱ་ཕྲད་ནས་འབྱིན་ནམ་མ་ཕྲད་པར་འབྱིན་ཞེས་བྱ་བ་ལ་སོགས་པའོ། །ལན་ཞེས་བྱ་བ་ནི་གང་མ་ཕྲད་པར་མཚུངས་པས་ཞེས་བྱ་བ་ལ་སོགས་པའོ། །གླགས་མི་རྙེད་དོ་ཞེས་བྱ་བ་ནི་སུན་དབྱུང་བར་

བྱ་བ་དང་སུན་འབྱིན་པར་བྱེད་པ་དག་དངོས་པོ་ཉིད་དུ་མ་གྲུབ་པ་དང་། ཁབ་ལེན་ལ་ཡང་རྩོད་པ་མཚུངས་པས་སོ། །དེ་ཡང་ཕྱིས་འཆད་པར་འགྱུར་རོ། །དབུ་མ་པའི་ཕྱོགས་ལ་ཡང་གཞན་གྱིས་གླགས་མི་རྙེད་པ་ལ་འཕགས་པ་ལྟའི་ཁུངས་བསྟན་པར་བྱ་བའི་ཕྱིར། ཇི་སྐད་དུ་ཞེས་བྱ་བ་
ལ་སོགས་པ་གསུངས་ཏེ། ཇི་སྐད་དུ་ཞེས་བྱ་བ་ནི་བཞི་བརྒྱ་པ་ལས་སོ། །ཡོད་དང་མེད་དང་ཞེས་བྱ་བ་ནི་ཕྱོགས་འཛིན་ཡོད་ན་དེ་དགག་པའི་ཕྱིར་དུས་དེ་ཉིད་དུའམ་དུས་གཞན་ཉིད་དུ་སུན་འབྱིན་པ་སྲིད་པ་ཡིན་ལ། གང་ལ་ཡོད་པ་དང་མེད་པ་དང་གཉིས་ཀའི་ཕྱོགས་སྤངས་པས་ཕྱོགས་
འཛིན་མི་སྲིད་པ་དེ་དེ་ལ་ཡུན་རིང་པོ་ལོན་ཡང་ཀླན་ཀ་བརྗོད་པར་ནུས་པ་མ་ཡིན་ཏེ། ནམ་མཁའ་དེ་གཟུགས་ཅན་ནམ་ད་ལྟར་མི་སྲིད་པ་དེ་བཞིན་དུ་ནམ་ཡང་གཟུགས་ཅན་ཉིད་དུ་རྟོགས་པར་མི་ནུས་ལ། དེ་བཞིན་དུ་རྒོལ་བ་པོ་རྣམས་ཀྱིས་ཀྱང་དེའི་རྟེན་དུ་གྱུར་པའི་ཕྱོགས་གསུམ་ཆར་མེད་པས་སྟོང་
པ་ཉིད་སྨྲ་བ་ལ་སུན་འབྱིན་པ་ནི་ཡུན་རིང་པོ་ལོན་ཡང་བརྗོད་པར་མི་ནུས་པའོ། །ནམ་མཁའི་རི་མོ་ལ་ལྕགས་བསྣུན་པའི་འཚེ་བ་བཞིན་དུ་སྟོང་པ་ཉིད་སྨྲ་བ་ལ་ཀླན་ཀ་ཚོལ་བ་ཡང་དེ་དང་མཚུངས་པར་མཁས་པས་ཁོང་དུ་ཆུད་པར་བྱའོ། །ཇི་ལྟར་ན་ནམ་མཁའ་ལ་མུན་ནག་གི་ཚོགས་ཉི་མའི་འོད་
ཟེར་གྱིས་ཉེ་བར་བསལ་ཞིང་ཉམས་པས་ཉི་མའི་འོད་ཟེར་གྱི་ཚོགས་གསལ་བ་ལ་ཡུན་རིང་པོ་ལོན་ཡང་དྲི་མ་ཅན་དུ་བྱེད་མི་ནུས་ལ། དེ་བཞིན་དུ་ཟབ་པ་དང་རྒྱ་ཆེ་བ་བསམ་གྱིས་མི་ཁྱབ་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་སྒོམ་པས་ཁོང་དུ་ཆུད་པའི་ཉི་མའི་འོད་ཟེར་ལ་རྒོལ་བའི་འདོད་པའི་མུན་པ་མ་ལུས་
པར་བསལ་ཟིན་པས་ཀྱང་ཞེས་ཁོང་དུ་ཆུད་པར་བྱའོ། །དོན་དེ་ལ་དབུ་མ་རྩ་བའི་ཤེས་རབ་ཀྱི་ཁུངས་བསྟན་པར་བྱ་བའི་ཕྱིར། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བརྩད་བྱས་ཚེ་ཞེས་བྱ་བ་ནི་གཞན་གྱི་ཕྱོགས་སུན་འབྱིན་པའི་ཚེའོ། །གཟུགས་རང་བཞིན་མེད་དོ་ཞེས་བྱ་བ་དེ་ལྟར་
སྟོང་པ་ཉིད་ཀྱི་སྒོ་ནས་རང་བཞིན་མེད་པར་བསྒྲུབ་པ་ལ། གལ་ཏེ་གཞན་དག་ན་རེ་ཚོར་བ་ལ་སོགས་པ་ཡོད་པ་ཡིན་པས་དེ་བཞིན་དུ་གཟུགས་ཀྱང་ཡོད་པ་མ་ཡིན་ནོ་ཞེས་ལན་འདེབས་པར་བྱེད་པའི་ལན་ཐམས་ཅད་ནི་ལན་ཉིད་དུ་མི་འགྱུར་ཏེ། གང་གི་ཕྱིར་ཚོར་བ་ལ་སོགས་པ་ཡོད་པ་ཉིད་ཀྱང་

བསྒྲུབ་པར་བྱ་བ་གཟུགས་དང་མཚུངས་པར་རིག་པར་བྱའོ། །ཇི་ལྟར་གཟུགས་རང་གི་རྒྱུ་ལས་དེ་ཉིད་དང་གཞན་ཉིད་དུ་དཔྱད་ན་ཡོད་པ་མ་ཡིན་པ་དེ་བཞིན་དུ་རེག་པའི་རྐྱེན་གྱིས་ཚོར་བ་དང་། རྣམ་པར་ཤེས་པ་དང་ལྷན་ཅིག་ཏུ་སྐྱེས་པའི་འདུ་ཤེས་དང་། མ་རིག་པའི་རྐྱེན་
གྱིས་འདུ་བྱེད་དང་། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་དང་། རང་རང་གི་རྒྱུ་རེག་པ་ལ་སོགས་པ་ལ་དཔྱད་ན་དེ་ཉིད་དང་གཞན་ཉིད་དུ་མེད་པས་ཐམས་ཅད་ཀྱང་བསྒྲུབ་པར་བྱ་བ་དང་མཚུངས་པར་འགྱུར་བའོ། །ཇི་ལྟར་ཚོར་བ་ལ་སོགས་པ་རྣམས་བསྒྲུབ་པར་བྱ་བ་དང་མཚུངས་པ་དེ་བཞིན་
དུ་མཚན་ཉིད་དང་མཚན་གཞི་དང་འབྲས་བུ་རྒྱུ་དང་ཡན་ལག་དང་ཡན་ལག་ཅན་ལ་སོགས་པའི་དངོས་པོ་ཐམས་ཅད་ཀྱང་བསྒྲུབ་པར་བྱ་བའི་གཟུགས་དང་མཚུངས་པས་གཞན་གྱིས་ལན་འདེབས་པ་ཇི་ལྟར་རིགས་ཏེ། འདིས་སྨྲས་པ་ཐམས་ཅད་བསྒྲུབ་པར་བྱ་བ་དང་མཚུངས་པར་འགྱུར་བས་
ལན་རྣམས་ལ་དབུ་མ་པས་བསྒྲུབ་པར་བྱ་བ་དང་མཚུངས་པ་ཉིད་དུ་བརྗོད་པར་གྱིས་ཤིག་ཅེས་སློབ་དཔོན་གྱིས་འདོམས་པར་བྱེད་པའོ། །དེ་ལ་ཚིགས་སུ་བཅད་པ་དང་པོས་ནི་དབུ་མ་པ་ལ་སྐྱོན་མེད་པ་ཉིད་དུ་བསྟན་ལ། གཉིས་པས་ལན་འདེབས་མི་ནུས་པ་ཉིད་དུ་བསྟན་པའོ། །སུན་འབྱིན་པ་
འདིས་སུན་དབྱུང་བྱ་ཕྲད་ནས་འབྱིན་ནམ་མ་ཕྲད་པར་ཞེས་བྱ་བ་འདི་ལ་ཁ་ཅིག་ལན་འདེབས་པ་ཡིན་ལ། འདི་ཡང་རིགས་པ་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིས་ནི་ཞེས་བྱ་བ་ནི་དབུ་མ་པ་ལ་དངོས་པོར་སྨྲ་བས་ལན་མ་ཐེབས་པར་བསྟན་པས་སོ། །
སྐྱེད་པར་བྱེད་པའི་རྒྱུ་ཡང་རྣམ་པར་ཤེས་པར་བྱའོ་ཞེས་བྱ་བ་ནི་གང་གཞན་གྱིས་སྐྱེད་པར་བྱེད་པའི་རྒྱུ་ལན་ཉིད་དུ་སྨྲ་བ་དེ་ནི་ལན་མ་ཡིན་ནོ་ཞེས་བཤད་པར་བྱའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། དེ་ལ་ཁ་ཅིག་ཅེས་བྱ་བ་ནི་དབུ་མ་རང་རྒྱུད་པའོ། །དབུ་མའི་བསྟན་བཅོས་འདིར་སྐྱེད་པར་བྱེད་པའི་རྒྱུ་
སྐབས་སུ་བབ་པ་ཡིན་གྱི་ཞེས་བྱ་བ་ནི་རྒྱུས་འབྲས་བུ་རང་བཞིན་གྱིས་སྐྱེད་པར་བྱེད་ན་ཕྲད་ནས་སམ་མ་ཕྲད་པར་བྱེད་གྲང་ཞེས་བྱ་བ་འདིར་སྐྱེད་པར་བྱེད་པའི་རྒྱུ་དཔྱད་པར་བྱ་བ་ཉིད་དུ་སྐབས་སུ་བབ་པོ། །གསལ་བར་བྱེད་པ་ནི་མ་ཡིན་ལ་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུའི་གནས་སྐབས་ན་ནི་གསལ་བར་བྱེད་པ་

སྐབས་སུ་མ་བབ་པས་སོ། །ཕྲད་པ་དང་མ་ཕྲད་པའི་བརྒལ་བ་ཡང་གསལ་བར་བྱེད་པའི་རྒྱུ་ལ་ཡིན་གྱི་ཞེས་བྱ་བ་ལ་འདིར་གསལ་བར་བྱེད་པའི་སྒྲས་ནི་ཤེས་པར་བྱེད་པ་བརྗོད་པ་ཡིན་ལ། དེས་ན་གཞན་གྱི་སུན་འབྱིན་འདིས་སུན་དབྱུང་བྱ་ཕྲད་ནས་འབྱིན་ནམ་མ་ཕྲད་པར་ཞེས་བྱ་བ་ལ་སོགས་པས་
གསལ་བར་བྱེད་པའི་རྒྱུ་ལ་ཕྲད་པ་དང་མ་ཕྲད་པའི་བརྒལ་བ་བྱེད་པའོ། །སྐྱེད་པར་བྱེད་པ་ལ་ནི་མ་ཡིན་པས་ཞེས་བྱ་བ་ནི་སུན་འབྱིན་འདིས་སུན་དབྱུང་བྱ་ཞེས་བྱ་བ་ལ་སོགས་པས་སྐྱེད་པར་བྱེད་པའི་རྒྱུ་ལ་ཕྲད་པ་དང་མ་ཕྲད་པའི་བརྒལ་བ་མ་བྱས་པས་སོ། །ཁོ་བོ་ཅག་གི་ཚིག་རྣམས་ལ་ལྟག་ཆོད་
ཀྱི་སྐབས་མེད་པ་ཉིད་དོ་ཞེས་བྱ་བའི་རྒྱུས་འབྲས་བུ་སྐྱེད་པར་བྱེད་ན་ཕྲད་ནས་སམ་མ་ཕྲད་པར་བྱེད་གྲང་ཞེས་བྱ་བ་ཁོ་བོ་ཅག་གི་ཚིག་རྣམས་ལ་ལྟག་ཆོད་ཀྱི་སྐབས་ཡོད་པ་མ་ཡིན་ནོ་ཞེས་པའོ། །འདིའི་དོན་ནི་ཇི་ལྟར་ཁྱོད་ཀྱིས་སྐྱེད་པར་བྱེད་པའི་རྒྱུ་ཁས་བླངས་པ་དེ་ལ་ཁོ་བོས་ཕྲད་པ་ལ་སོགས་པའི་
བརྒལ་བ་བྱས་ལ་དེ་བཞིན་དུ་གལ་ཏེ་ཁོ་བོ་ཅག་གིས་ཀྱང་སྐྱེད་པར་བྱེད་པའི་རྒྱུ་ཁས་བླངས་པར་འགྱུར་ན་ནི་དེའི་ཚེ་ཕྲད་པ་ལ་སོགས་པའི་བརྒལ་བ་འཇུག་པར་ཐལ་བར་འགྱུར་བ་མཚུངས་པའི་ཕྱིར་ཁོ་བོ་ཅག་གི་ཚིག་རྣམས་ལྟག་ཆོད་ཡིན་པར་འགྱུར་གྱི་འོན་ཀྱང་སུན་དབྱུང་བར་བྱ་བ་དང་སུན་འབྱིན་
པའི་གནས་སྐབས་ན་གསལ་བར་བྱེད་པའི་རྒྱུ་ཁས་བླངས་པའི་ཕྱིར་ཐལ་བར་འགྱུར་བ་མཚུངས་པའི་སྒོ་ནས་ཅི་ལྟག་ཆོད་དུ་འགྱུར་ཞེས་པའོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། དེའི་འདི་ནི་ལན་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་འདི་ནི་ལན་མ་ཡིན་ཏེ་ཞེས་བྱ་བ་ལ། དེའི་ཞེས་
བྱ་བ་ནི་དབུ་མ་རང་རྒྱུད་པའོ། །འདི་ནི་ལན་མ་ཡིན་ཏེ་ཞེས་བྱ་བ་ནི་གསལ་བར་བྱེད་པའི་རྒྱུའི་སྒོ་ནས་ལན་འདེབས་པ་དེ་ནི་ལན་མ་ཡིན་ནོ་ཞེས་པའོ། །ལན་མ་ཡིན་པ་དེ་རྒྱས་པར་བསྟན་པར་བྱ་བའི་ཕྱིར། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གླགས་དང་བཅས་པའི་དངོས་པོ་
བརྗོད་ན་ཞེས་བྱ་བ་ནི་བརྩད་པའི་གོ་སྐབས་དང་བཅས་པའི་གསལ་བར་བྱེད་པའི་རྒྱུའི་མཚན་ཉིད་ཅན་གྱི་དངོས་པོ་ཁས་ལེན་པའོ། །ཕ་རོལ་པོ་ཞེས་བྱ་བ་ནི་རྒྱུ་འབྲས་དངོས་པོར་སྨྲ་བའོ། །མི་བཟོད་པ་ཉིད་ཡིན་ལ་ཞེས་བྱ་བ་ནི་ཕྲད་པ་ལ་སོགས་པའི་བརྒལ་བ་འཇུག་པར་བྱེད་པའོ། །གསལ་བྱེད་

ཀྱི་རྒྱུ་ཁྱོད་ཀྱིས་ཁས་བླངས་པས་གཞན་གྱིས་རྩོད་པའི་གླགས་ཡོད་པ་ཡིན་ནོ་ཞེས་སྟོན་པ་ནི། སྐྱེད་པར་བྱེད་པ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་གཞན་དག་གིས་རྒྱུ་དང་འབྲས་བུའི་གནས་སྐབས་སུ་སྐྱེད་པར་བྱེད་པའི་རྒྱུ་ཁས་བླངས་པས་ཕྲད་པ་ལ་སོགས་
པའི་སྒོ་ནས་ཐལ་བར་འགྱུར་བ་འཇུག་པ་དེ་བཞིན་དུ་ཁྱོད་ཀྱིས་ཀྱང་སུན་འབྱིན་པའི་གནས་སྐབས་ན་གསལ་བར་བྱེད་པའི་རྒྱུ་ཁས་བླངས་པས་ཕྲད་པ་ལ་སོགས་པའི་སྒོ་ནས་ཐལ་བར་འགྱུར་བ་འཇུག་པ་ཁོ་ན་ཡིན་ནོ། །དེས་ན་ཁྱོད་ཀྱིས་ལན་བཏབ་པ་དེ་ནི་ལན་མ་ཡིན་ནོ་ཞེས་པའོ། །ཡང་རང་རྒྱུད་
པ་ལ་སྐྱོན་གཞན་བསྟན་པར་བྱ་བའི་ཕྱིར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིས་ཞེས་བྱ་བ་ནི་རང་རྒྱུད་པས་སོ། །བསྟན་བཅོས་སུ་དམ་བཅས་པའི་དོན་བསྒྲུབ་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་དབུ་མའི་བསྟན་བཅོས་སུ་རང་བཞིན་མེད་པར་དམ་བཅས་པའི་དོན་སྒྲུབ་པར་བྱེད་པའི་
ཆེད་དུའོ། །ཡོངས་སུ་གཟུང་བའི་སྒྲུབ་བྱེད་ཀྱི་སུན་འབྱིན་པ་རྣམས་ལ་ཞེས་བྱ་བ་ནི་རང་བཞིན་མེད་པ་བསྒྲུབ་པའི་ཆེད་དུ་སྒྲུབ་པར་བྱེད་པའི་གཏན་ཚིགས་ཡོངས་སུ་བཟུང་བ་དེ་ལ་སུན་འབྱིན་པ་ནི་མ་གྲུབ་པ་ལ་སོགས་པ་རྣམས་གཞན་གྱིས་བརྗོད་ནའོ། །ལྟག་ཆོད་འགོག་པར་བྱེད་པའི་ལན་སྨྲ་བར་
ཞེས་བྱ་བ་ནི་ལན་གང་གི་ལྟག་ཆོད་འགོག་པར་བྱེད་པ་དེ་ལྟ་བུའི་ལན་སུན་འབྱིན་པ་ལ་སྨྲ་བར་བྱེད་པ་སྟེ། མ་གྲུབ་པ་ལ་སོགས་པའི་སྐྱོན་སྤངས་ནས་གཉིས་ཀ་ལ་གྲུབ་པའི་གཏན་ཚིགས་ཁས་བླངས་པ་དེའི་སྒོ་ནས་གཞན་གྱི་ཕྱོགས་ཀྱང་གྲུབ་པའི་ཕྱིར་ལན་དེའི་ལྟག་ཆོད་འགོག་པར་བྱེད་པ་
ཡིན་ནོ། །དེ་ཉིད་ཀྱི་ཕྱིར། འདི་ནི་གཞན་གྱིས་སུན་དབྱུང་བ་ཁོ་ན་ཡིན་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་བཞིན་མེད་པར་སྨྲ་བས་དངོས་པོ་ཁས་བླངས་ན་སུན་འབྱིན་པས་སོ། །འདིའི་དོན་ནི་རྒྱུ་དང་འབྲས་བུའི་དངོས་པོ་འགེགས་པའི་གནས་སྐབས་ན་ས་བོན་ལ་སོགས་པ་རྣམས་
མྱུ་གུ་ལ་སོགས་པ་སྐྱེད་པར་བྱེད་པ་མ་ཡིན་ཏེ། གཞན་ཡིན་པའི་ཕྱིར་བུམ་པ་བཞིན་ནོ་ཞེས་སྒྲུབ་པར་བྱེད་པ་བརྗོད་པ་ན་ཐམས་ཅད་ཐམས་ཅད་ཀྱི་བདག་ཉིད་ཅན་ཡིན་ནོ་ཞེས་གཅེར་བུ་པ་རྣམས་ཀྱིས་འདོད་པས་གཞན་ཉིད་གྲུབ་པ་མ་ཡིན་ནོ་ཞེས་སྐྱོན་བརྗོད་ན་དེའི་ཚེ་སྐྱོན་དེ་སྤང་བའི་ཆེད་དུ་ངེས་

པར་གཞན་ཉིད་སྒྲུབ་པར་བྱེད་ལ། གང་གཞན་ཉིད་སྒྲུབ་པར་བྱེད་པ་དེ་ལྟག་ཆོད་འགོག་པར་བྱེད་པ་ཡིན་ཏེ། གཞན་ཉིད་སྒྲུབ་ན་དངོས་པོར་གྲུབ་པ་ཡིན་ཏེ། གཞན་ཉིད་དངོས་པོ་ལ་བརྟེན་པ་ཡིན་པས་སོ། །དེས་ན་ཁྱོད་ཀྱིས་རང་བཞིན་མེད་པའི་ཕྱོགས་ཉམས་པར་འགྱུར་བ་ཡིན་ནོ། །
དེ་བཞིན་དུ་གང་དང་གང་དུ་བསྒྲུབ་པར་བྱ་བ་སྒྲུབ་པའི་ཕྱིར། གཏན་ཚིགས་འགོག་ཅིང་སྐྱོན་སྤོང་བར་བྱེད་ན་དེ་དང་དེར་གཞན་དག་གི་སྐྱོན་བརྗོད་པར་བྱེད་པའོ། །ཁོ་བོ་ཅག་གིས་བཏབ་པའི་ལན་ཆེས་མཛེས་སོ་ཞེས་བྱ་བ་ནི་སུན་འབྱིན་པས་སུན་དབྱུང་བྱ་མ་ཕྲད་སུན་ནི་འབྱིན་བྱེད་དམ་ཞེས་བྱ་བ་
ལ་སོགས་པ་ལན་འདེབས་པ་དེ་ནི་ཆེས་མཛེས་པ་ཡིན་ཞེས་པའོ། །དེ་ལ་རང་རྒྱུད་དུ་སྨྲ་བ་རྣམས་ལ་སྔར་ནི་ཁྱད་པར་གྱི་དབང་དུ་བྱས་ནས་སྐྱོན་བརྗོད་པ་ཡིན་ནོ། །ད་ནི་དངོས་པོར་སྨྲ་བ་རྣམས་ཀྱིས་དབུ་མ་པ་རྣམས་ལ་སྐྱོན་གང་བརྗོད་པ་དེ་དབུ་མ་པའི་འདོད་པ་ཁོང་དུ་མ་ཆུད་པར་བརྗོད་པར་བྱ་བ་
ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་གྲུབ་དང་ཞེས་བྱ་བ་ནི་དངོས་པོ་ཉིད་དུ་སྒྲུབ་པའོ། །དངོས་སུ་བསྒྲུབ་ཉིད་འགྱུར་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་དངོས་པོའི་རང་བཞིན་དུ་ཡོད་ནའོ། །ཕྲད་པ་ལ་སོགས་པ་རིགས་པ་ཉེ་བར་སྦྱོར་བར་
འགྱུར་རོ་ཞེས་བྱ་བ་ནི་ཕྲད་ནས་སུན་འབྱིན་པར་བྱེད་དམ་མ་ཕྲད་ནས་སུན་འབྱིན་པར་བྱེད་ཅེས་བྱ་བ་ལ་སོགས་པའོ། །དེ་ཡང་ཡོད་མིན་པས་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་དངོས་པོ་ཉིད་དུ་མ་གྲུབ་པས་མ་བརྟགས་ན་ཉམས་དགའ་བ་ཙམ་དུ་ཁས་བླངས་པས་སོ། །དེས་
ན་དངོས་པོར་སྨྲ་བའི་ཕྱོགས་མ་ཕྲད་པ་ལ་སོགས་པའི་སྐྱོན་འགོད་པར་འོས་པ་གང་ཡིན་པ་དེ་དངོས་པོ་མེད་པར་སྨྲ་བའི་ཕྱོགས་ལ་འགོད་པ་ཁོ་ན་ཁྱོད་ཀྱི་ཡི་ཆད་པར་འགྱུར་གྱི། སུན་དབྱུང་བར་བྱ་བ་སུན་འབྱིན་པའི་ནུས་པ་ཡོད་པ་མ་ཡིན་ནོ་ཞེས་པའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་
ཕྱིར། ཡོངས་སུ་དག་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡོངས་སུ་མ་དག་མཐོང་བའི་སྐྱོན། །ཞེས་བྱ་བ་ནི་ཕྲད་ནས་སུན་འབྱིན་ནམ་ཞེས་བྱ་བ་ལ་སོགས་པའི་སྐྱོན་དེ་ནི་དངོས་པོར་སྨྲས་པའི་ཕྱོགས་ལ་མཐོང་བའོ། །ཡོངས་སུ་དག་པའི་ཕྱོགས་ཀྱི་ཞེས་བྱ་བ་ནི་དངོས་པོ་ཉིད་དུ་

ཁས་མི་ལེན་པའི་ཕྱོགས་ཀྱིའོ། །དོན་མེད་པར་ཞེས་བྱ་བ་ནི་ཕྲད་པ་ལ་སོགས་པའི་དཔྱད་པ་ནི་དངོས་པོར་ཁས་ལེན་པའི་རྒྱུ་མཚན་གྱིས་ཡིན་ལ་དེ་མེད་པས་སོ། །དེ་ལ་དཔེ་བསྟན་པར་བྱ་བའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཅི་ལྟར་རབ་
རིབ་ཅན་གྱིས་དམིགས་པའི་སྐྲ་ཤད་ལ་སོགས་པ་རྣམས་ཀྱི་གཅིག་ཉིད་དམ་མང་པོ་ཉིད་ལ་སོགས་པའི་སུན་འབྱིན་པས་རབ་རིབ་མེད་པ་རྣམས་ལ་གནོད་པ་མ་ཡིན་ཏེ། དེས་དེ་རྣམས་མ་དམིགས་པ་དེ་བཞིན་དུའོ། །གཉིས་ཡོངས་སུ་བཟུང་ནས་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་དང་སྒྲུབ་པར་
བྱེད་པ་དག་དངོས་པོ་ཉིད་དུ་བཟུང་ནས་སོ། །དེ་ལྟར་རང་གི་ཕྱོགས་ལ་ཉེས་མེད་པ་ཉིད་དུ་བསྟན་ནས་མིག་མ་ཕྲད་པ་མཚུངས་པས་སྐྱེད་པར་བྱེད་པ་མ་ཡིན་པ་ཉིད་དོ་ཞེས་བྱ་བ་འདི་ལ་རིགས་པ་ཅི་ཞིག་ཡོད་ཅེས་བྱ་བ་ལ་སོགས་པ་གཞན་གྱིས་ལན་བཏབ་པ་དེ་ཡང་ལན་མ་ཡིན་ནོ་ཞེས་བསྟན་
པར་བྱ་བའི་ཕྱིར། དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་མ་ཕྲད་པར་རང་གི་འབྲས་བུ་སྐྱེད་པར་བྱེད་པས་སོ། །རང་གི་བྱ་བ་བྱེད་པ་ཞེས་བྱ་བ་ནི་མཐོང་བ་དང་འདྲེན་པ་ལ་སོགས་པའོ། །བཀག་པར་རིག་པར་བྱ་སྟེ་ཞེས་བྱ་བ་ནི་ཇི་ལྟར་རྒྱུས་འབྲས་
བུ་མ་ཕྲད་པ་སྐྱེད་ན་མ་ཕྲད་པ་ཐམས་ཅད་བསྐྱེད་པར་འགྱུར་རོ་ཞེས་གང་སྨྲས་པ་དེ་བཞིན་དུ་འདིར་ཡང་མ་ཕྲད་པ་མིག་གིས་གཟུགས་མཐོང་ན་ཐམས་ཅད་མཐོང་བར་འགྱུར་བ་དང་། ཁབ་ལེན་གྱིས་མ་ཕྲད་པར་ལྕགས་འདྲེན་ན་ཐམས་ཅད་འདྲེན་པར་ཐལ་བར་འགྱུར་བས་དེ་དག་ཀྱང་བཀག་པར་
རིག་པར་བྱ་སྟེ། དེ་དག་ཀྱང་བསྒྲུབ་པར་བྱ་བ་ཉིད་དུ་མཚུངས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། དེ་དག་ལ་ཡང་ཐལ་བར་འགྱུར་བ་མཚུངས་པའི་ཕྱིར་རོ་ཞེས་བྱ་བ་གསུངས་ཏེ། དེ་དག་ལ་ཡང་ཞེས་བྱ་བ་ནི་མིག་ལ་སོགས་པ་རྣམས་ལ་ཡང་ངོ་། །རྒྱུ་དང་འབྲས་བུའི་དངོས་པོ་སྒྲུབ་པར་བྱེད་ཅིང་
སྤོང་བའི་སྒོ་ནས་དངོས་པོ་རྣམས་རང་བཞིན་ཡོད་པ་ཉིད་དུ་སྒྲུབ་པར་བྱེད་པ་དེ་དོན་མེད་པ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དྲང་པོར་ཞེས་བྱ་བ་ནི་དེས་མྱུར་དུ་སངས་རྒྱས་ཀྱི་མཚན་ཉིད་ཅན་གྱི་གོ་འཕང་ཐོབ་པར་འགྱུར་བས་སོ། །རྟོག་གེ་ངན་པའི་ལམ་

ཞེས་བྱ་བ་ནི་དངོས་པོ་ཡོད་ན་རྣམ་པར་རྟོག་པ་ཡོད་པས་རྟོག་གེ་ངན་པའི་ལམ་མོ། །ཤིན་ཏུ་འཁྱོག་པ་ཞེས་བྱ་བ་ནི་ལམ་དེས་ཚེགས་ཆེན་པོས་ཀྱང་སངས་རྒྱས་ཉིད་ཐོབ་པར་མི་འགྱུར་ཏེ། ལམ་ཉིད་ནོར་བས་སོ། །རང་གི་རྣམ་པར་རྟོག་པའི་བཟོ་ངན་པས་སྦྱར་བ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཡང་
ཡིན་ལ། བཟོ་ཡང་ཡིན་པས་རྣམ་པར་རྟོག་པའི་བཟོ་སྟེ། ལམ་རྩོམ་པའི་བྱ་བ་ཡིན་ལ་དེས་སྦྱར་བ་དེ་དོན་དམ་པར་ཡོད་པ་མ་ཡིན་པས་སོ། །ཡང་དག་པའི་ལམ་འགེགས་པར་བྱེད་པས་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་ཅན་གྱི་ལམ་འགེགས་པར་བྱེད་པས་སོ། །ཏེ་པོར་ཆེ་བ་ཞེས་བྱ་བ་ནི་
དངོས་པོ་རྣམས་རང་བཞིན་ཡོད་པ་ཉིད་དུ་བསྒྲུབ་པའི་མཚན་ཉིད་ཅན་ནི་ཤིན་ཏུ་ཚེགས་ཆེས་ཆེ་བའོ། །དེ་ལྟར་དངོས་པོ་རང་བཞིན་དང་བཅས་པ་སྒྲུབ་པར་བྱེད་པ་ལ་སྐྱོན་བསྟན་ནས། ད་ནི་དངོས་པོ་རང་བཞིན་དང་བཅས་པ་བསྒྲུབ་པ་དེ་དཀའ་བ་ཡིན་ཞིང་དངོས་པོ་རང་བཞིན་མེད་པ་སྒྲུབ་པ་ནི་ཆེས་སླ་
བ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་པོ་མེད་པར་ཞེས་བྱ་བ་ནི་དངོས་པོ་དང་བྲལ་བར་རོ། །དེ་ལྟར་རང་བཞིན་གཞན་དག་ལ་ཞེས་བྱ་བ་ནི་མེ་ལ་སོགས་པ་རང་བཞིན་དྲོ་བ་ཉིད་ལ་སོགས་པ་བཅོས་མ་མ་ཡིན་པ་དང་གཞན་ལ་མི་ལྟོས་པར་ཁོང་
དུ་ཆུད་པར་མི་ནུས་པས་སོ། །རྟོག་གེ་ངན་པའི་དྲ་བས་ལོ་ཀ་ཅི་སྟེ་འདིར་བཅོལ་བྱེད་ཅེས་བྱ་བ་ནི་རྟོག་གེའི་གཞུང་ལུགས་ལས་བསྟན་པའི་མངོན་སུམ་ལ་སོགས་པའི་ཚད་མས་དངོས་པོའི་རང་བཞིན་སྒྲུབ་པར་བྱེད་པས་ལོ་ཀ་ཅིའི་ཕྱིར་བློ་མི་བདེ་བར་བྱེད་དེ། མངོན་སུམ་ལ་སོགས་པའི་ཚད་མས་
དངོས་པོའི་རང་བཞིན་མི་འགྲུབ་པས་སོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སོགས་པའི་སྒྲས་ནི་གཟུགས་བརྙན་ལ་སོགས་པ་བསྡུ་བར་བྱའོ། རང་གི་ཕྱོགས་ལ་གྲུབ་པའི་དཔེ་ཞེས་བྱ་བ་ནི་དེ་རྣམས་ལོ་ཀ་པས་བརྫུན་པ་ཉིད་དུ་རྟོགས་
པས་སོ། །གཉིས་ཀ་ལ་གྲགས་པའི་དཔེ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་རང་བཞིན་མེད་པ་དང་རང་བཞིན་དང་བཅས་པར་སྨྲ་བ་དག་ལ་གྲགས་པའི་དཔེས་རང་བཞིན་དང་བཅས་པའི་དཔེ་མེད་པས་སོ། །དེ་ལྟར་ཡིན་དང་ཁོ་བོས་རྩོད་པ་ཐམས་ཅད་བཟློག་པ་ཡིན་ལ་ཞེས་བྱ་བ་ནི་གང་གི་ཕྱིར་དངོས་པོ་

མེད་པར་གྲུབ་པ་ཆེས་སླ་བ་དེའི་ཕྱིར་ཁོ་བོས་རྩོད་པ་ཐམས་ཅད་བཟློག་པ་ཡིན་ནོ་ཞེས་པའོ། །ལན་ཡང་སུས་ཀྱང་ནུས་པར་བརྗོད་པ་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར་ལན་ཐམས་ཅད་བསྒྲུབ་པར་བྱ་བ་དང་མཚུངས་པས་སོ། །ད་ནི་གཞན་ལ་སྙིང་རྗེ་མེད་པ་ཉིད་དུ་
བསྟན་པར་བྱ་བའི་ཕྱིར། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཅིའི་ཕྱིར་ཞེས་བྱ་བ་ནི་རང་བཞིན་མེད་པར་རྟོགས་སུ་གཞུག་པ་སླ་བ་ཡིན་པས་སོ། །ལོ་ཀ་ལ་དོན་མ་ཡིན་པ་བྱ་བའི་ཕྱིར་སུ་ཞིག་གིས་རྦད་ཅིང་ཞེས་བྱ་བ་ནི་གང་ལོ་ཀས་གནོད་པ་བྱས་པ་དེས་ང་ལ་ལོ་ཀ་འདིས་
གནོད་པ་བྱས་པས་ད་ཁྱོད་ཀྱིས་ལོ་ཀ་སླུས་ཤིག་ཅེས་སྐུལ་བར་བྱེད་པའོ། །ཅིའི་ཕྱིར་ཞེ་ན། ཁྱོད་ལོ་ཀ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་ལོ་ཀའི་སྟེང་དུ་རྒྱ་འཛུགས་པར་བྱེད་ཅེས་སྦྱར་བར་བྱའོ། །ལོ་ཀ་ཅི་ལྟ་བུ་ཞེ་ན། ཉོན་མོངས་པ་ཞེས་བྱ་བ་གསུངས་ཏེ། སྙིང་རྗེའི་
གནས་སུ་གྱུར་པའོ། །དར་གྱི་སྲིན་བུ་ལྟར་རང་གི་རྟོག་པའི་སྦུབས་ཀྱིས་གཏུམས་པའི་ཞེས་བྱ་བ་གསུངས་ཏེ། ཇི་ལྟར་དར་གྱི་སྲིན་བུ་རང་གི་ཁ་ཆུའི་སྦུབས་བྱས་ནས་དེ་ཉིད་ཀྱིས་གཏུམས་པ་དེ་བཞིན་དུ་རང་གི་རྟོག་པ་ཉིད་སྦུབས་ཡིན་ལ་དེས་གཏུམས་པའོ། །རྒྱ་ཇི་ལྟ་བུ་ཞེ་ན། རྟོག་གེ་ངན་
པའི་སྲད་བུས་བྲེས་པའི་ཞེས་བྱ་བ་གསུངས་ཏེ། རྟོག་གེ་ངན་པ་ཉིད་སྲད་བུ་ཡིན་ལ་དེ་བྱས་པའོ། །འདིའི་དོན་ནི་འཇིག་རྟེན་རང་གི་རྣམ་པར་རྟོག་པའི་སྟོབས་ཀྱིས་འཁོར་བར་བཅིངས་པ་དེའི་སྟེང་དུ་རྟོག་གེ་ངན་པའི་གཞུང་ལུགས་ཀྱི་མངོན་སུམ་ལ་སོགས་པའི་ཚད་མས་དངོས་པོ་རྣམས་རང་
བཞིན་ཉིད་དུ་བསྒྲུབ་པའི་ཕྱིར་ཡང་འཆིང་བའི་རྒྱ་བྱེད་པ་སྟེ། རང་བཞིན་ཡོད་པར་བསྒྲུབས་པས་འཇིག་རྟེན་པ་རྣམས་འཁོར་བར་ཤིན་ཏུ་དམ་པོར་བཅིངས་པས་གྲོལ་བར་མི་འགྱུར་བས་སོ་ཞེས་པའོ། །དེས་ན་རྟོག་གེ་ངན་པས་བྲེས་པའི་སྲད་བུའི་རྒྱ་དོར་བར་བྱ་བ་ཡིན་ནོ་ཞེས་བསྟན་པར་བྱ་བའི་
ཕྱིར། རྩོད་པ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྩོད་པ་འདི་ནི་ཞེས་བྱ་བ་ནི་རྟོག་གེ་ངན་པས་བྱས་པའོ། །རྟོག་གེ་ངན་པ་ནི་ཚད་མ་དང་གཞལ་བྱ་ལ་ལྟོས་པ་ཡིན་པས་དེ་དགག་པའི་ཕྱིར། དངོས་པོ་ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་ཆོས་ཐམས་ཅད་གཟུགས་བརྙན་དང་འདྲ་བས་

བརྫུན་པ་ཡིན་པ་དེའི་ཕྱིར་རང་གི་མཚན་ཉིད་ལ་སོགས་པ་ཡོད་པ་མ་ཡིན་ནོ། །རང་གི་མཚན་ཉིད་མེད་ཅིང་སྤྱིའི་མཚན་ཉིད་ཀྱང་མེད་ལ་ཞེས་བྱ་བ་གཞལ་བྱ་བཀག་པ་ཡིན་ལ། མངོན་སུམ་མམ་རྗེས་སུ་དཔག་པའང་ཅི་ཞིག་ཡོད་ཅེས་བྱ་བ་ནི་ཚད་མས་བཀག་པའོ། །རྟོག་གེ་ངན་པའི་གཞུང་ལུགས་
ཀྱིས་མངོན་སུམ་དང་རྗེས་སུ་དཔག་པ་དག་ཚད་མ་མ་ཡིན་ན་གང་ཞིག་ཚད་མ་ཡིན་ཞེ་ན། ལན་ནི་འདིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཆོས་ཐམས་ཅད་མི་དམིགས་པའི་སྒོ་ནས་ཐུགས་སུ་ཆུད་པ་དེ་ཉིད་མངོན་སུམ་གྱི་ཚད་མ་ཡིན་ཏེ། དེ་ཁོ་ནས་ཆོས་ཀྱི་རང་བཞིན་ཅི་ལྟ་བ་བཞིན་རྟོགས་
པས་སོ། །དེ་ཡང་ལུང་གི་རྗེས་སུ་འབྲངས་ནས་ཀུན་རྫོབ་ཏུ་ཡོད་པ་ཡིན་ནོ་ཞེས་བརྗོད་པར་བྱ་བའི་དངོས་པོ་ཉིད་དུ་ཡོད་པ་ནི་མ་ཡིན་ནོ། །དེ་ལྟར་རང་བཞིན་མེད་པར་བསྒྲུབ་པ་ནི་སླ་བ་ཉིད་དུ་བསྟན་ནས་དངོས་པོར་སྨྲ་བ་རྣམས་ཀྱིས་རྒྱུ་དང་འབྲས་བུར་བསྒྲུབ་པ་ལ་སུན་འབྱིན་པ་ལ་ལན་བཏབ་པ་གང་ཡིན་པ་དེ་
ལ་ཡང་གདབ་པའི་ཆེད་དུ་དང་། སུན་ཅི་ཕྱིན་དུ་རྒོལ་བའི་ཉེས་པ་ཡང་ཡོད་པ་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སུན་འབྱིན་ལྷག་མ་འདིར་བཏང་བྱ། །ཞེས་སྦྱར་བར་བྱའོ། །སུན་འབྱིན་ལྷག་མ། གོང་དུ་བསྟན་པ་ཡང་ནི་ཤེས་བྱས་ན། །ཞེས་
བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པར་གཞག་པས་གཞན་གྱི་ཕྱོགས་ལ་སྐྱེ་བ་དགག་པ་སུན་འབྱིན་གང་བཤད་པ་དེ་ཉིད་ལས་སུན་འབྱིན་པ་ལྷག་མ་སྟེ། བདག་ལས་མ་ཡིན་ཞེས་བྱ་བ་ལ་སོགས་པ་ཅི་རིགས་པར་ཤེས་པར་བྱས་ནས་སོ། །ཅིའི་ཕྱིར་སུན་འབྱིན་གཏང་བར་བྱ་ཞེ་ན། ཕྲད་པ་ལ་
སོགས་པ་ཕྱོགས་ཀྱི་ལན་གྱི་ཆེད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྲད་ནས་འབྲས་བུ་སྐྱེད་པར་བྱེད་དམ་འོན་ཏེ་མ་ཕྲད་པར་འབྲས་བུ་སྐྱེད་པར་བྱེད་ཅེས་སུན་འབྱིན་པར་བྱེད་པའི་ཕྱོགས་གང་ཡིན་པ་དེའི་ལན་ཏེ། གང་མ་ཕྲད་པར་མཚུངས་པར་སྐྱེད་པར་བྱེད་པ་མ་ཡིན་པ་ཉིད་དོ་ཞེས་བྱ་བ་འདི་ལ་རིགས་པ་
ཅི་ཞིག་ཡོད་ཅེས་བྱ་བ་ལ་སོགས་པའོ། །དེའི་ཆེད་དུ་སྟེ། གང་མིག་དང་ཁབ་ལེན་གྱི་དཔེའི་སྒོ་ནས་རྒྱུ་དང་འབྲས་བུར་སྨྲ་བས་སྐྱོན་སྤོང་བྱས་པ་དེ་སྤང་བར་བྱ་བའི་དོན་དུ་སུན་འབྱིན་ལྷག་མར་འདིར་གཏང་བར་བྱའོ་ཞེས་པའོ། །འདི་ལྟར་བདག་ལས་མ་ཡིན་ཞེས་བྱ་བ་ལ་སོགས་པས་རྟེན་ཅིང་འབྲེལ་པར་

འབྱུང་བ་ལ་སོགས་པའི་གནས་སྐབས་སུ་སྐྱོན་གང་བརྗོད་པ་དེ་ཡང་མིག་ལ་སོགས་པ་ལ་སྦྱར་བར་བྱའོ། །གལ་ཏེ་མ་ཕྲད་པར་རུང་བ་ཁོ་ན་སྐྱེད་པར་བྱེད་པ་ཡིན་ནོ། །ཞེས་གང་བརྗོད་པ་དེ་ལ་རུང་བ་ཞེས་བྱ་བ་ཅི་ཞིག་ཡིན་ཞེ་ན། གང་བྱ་བར་ནུས་པ་དེ་གང་
གི་རྒྱུ་ལ་ནུས་པ་ཡོད་པའོ། །འདིར་སྐྱེད་ཟིན་པ་ལ་ནུས་པ་སྲིད་པ་མ་ཡིན་ཞེས་བྱ་བ་ལ་སོགས་པས་རྟེན་ཅིང་འབྲེལ་པར་འབྱུང་བའི་ས་ལ་སོགས་པ་སྐབས་སུ་སུན་འབྱིན་པ་གང་བརྗོད་པ་དེ་འདིར་ཡང་གཏང་བར་བྱའོ། །དེ་བཞིན་དུ་བརྟེན་ནས་གདགས་པའི་ཇི་ལྟར་ཤིང་རྟ་རང་ཡན་ལག་ལས་གཞན་
འདོད་མིན་ཞེས་བྱ་བ་ལ་སོགས་པས་ཤིང་རྟ་ལ་སུན་འབྱིན་པ་བརྗོད་པ་དེ་བཞིན་དུ་ཕང་ལོ་ལ་སོགས་པ་ཡང་གཏང་བར་བྱའོ་ཞེས་པའོ། །སུན་ཅི་ཕྱིན་དུ་རྒོལ་བ་ཡང་ཅི་ལྟར་ཡོད་མིན་པ་དེ་ལྟར་སྔར་བཤད་ཅེས་བྱ་བ་ནི་གལ་ཏེ་ཁོ་བོས་རང་གི་ཕྱོགས་འཛུགས་པ་དང་བྲལ་ཞིང་གཞན་གྱི་ཕྱོགས་འགེགས་
པར་བྱེད་ན་དེའི་ཚེ་ཁོ་བོས་སུན་ཅི་ཕྱིན་དུ་རྒོལ་བར་འགྱུར་བ་ལས་ཕྱོགས་གཉིས་ཀ་ཡང་ཡོད་པ་མ་ཡིན་པས་ཁོ་བོས་སུན་འབྱིན་ཅི་ཕྱིན་དུ་རྒོལ་བ་ཇི་ལྟར་ཡིན། འདི་ལྟར་གཞན་གྱིས་ཁས་བླངས་པའི་དངོས་པོ་བཀག་པའི་སྒོ་ནས་རྣམ་པར་རྟོག་པ་ལྡོག་པ་ཙམ་བསྒྲུབ་པར་བྱ་བ་ཉིད་དུ་བསྟན་པས་རང་གི་
ཕྱོགས་འཛུགས་པ་དང་བྲལ་བར་ཇི་ལྟར་འགྱུར། དེ་ཡང་། རྟོགས་རྣམས་དངོས་པོ་ཡོད་ན་འབྱུང་བ་སྟེ། །དངོས་པོ་ཅི་ལྟར་མེད་པ་ཡོངས་དཔྱད་ཟིན། །དངོས་པོ་མེད་པར་འདི་རྣམས་མི་འབྱུང་དཔེར། །བུད་ཤིང་མེད་པར་མེ་ཡོད་མིན་དེ་བཞིན། །སོ་སོའི་སྐྱེ་བོ་རྣམས་ནི་རྟོག་པས་བཅིངས། །
མི་རྟོག་རྣལ་འབྱོར་པ་ནི་གྲོལ་འགྱུར་བས། །རྟོག་རྣམས་ལོག་པར་གྱུར་པ་གང་ཡིན་དེ། །རྣམ་པར་དཔྱད་པའི་འབྲས་བུར་མཁས་རྣམས་གསུངས། །ཞེས་བྱ་བ་བསྟན་པ་ཡིན་ནོ། །གཞན་གྱི་ཕྱོགས་འགེགས་པ་ཡང་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་དགག་པར་བྱ་བའི་གཞན་གྱི་ཕྱོགས་དངོས་
པོར་གྲུབ་པ་མེད་པས་སོ། །དེའི་ཕྱིར་ཁོ་བོ་སུན་ཅི་ཕྱིན་དུ་རྒོལ་བ་ཡང་མ་ཡིན་ནོ། །ལྷག་མ་ཕྱོགས་འདི་ཉིད་ཀྱིས་རྟོགས་པར་བྱ་ཞེས་བྱ་བ་ནི་སུན་ཅི་ཕྱིན་དུ་རྒོལ་བ་ལ་སྐྱོན་ལྷག་མ་བརྗོད་པ་ཡང་སྐྱོན་སྔར་བསྟན་པ་འདི་ཉིད་ཀྱིས་ཏེ་སུན་ཅི་ཕྱིན་དུ་རྒོལ་བ་ཡང་ཅི་ལྟར་ཡིན་པ་དེ་སྐད་དུ་སྔར་བཤད་པ་ཞེས་བྱ་

བའི་ཕྱོགས་འདིས་རྟོགས་པར་བྱ་སྟེ་གཏང་བར་བྱའོ། །གལ་ཏེ་བདག་གིས་གཞན་གྱི་ཕྱོགས་བསལ་ན་སུན་ཅི་ཕྱིན་དུ་རྒོལ་བར་འགྱུར་བ་དང་། འགའ་ཞིག་གིས་རང་གི་ཕྱོགས་འཛུགས་ཤིང་གཞན་གྱི་ཕྱོགས་འགེགས་ན་དེའི་ཚེ་ཁོ་བོ་དེ་ལས་ཟློག་པར་སུན་ཅི་ཕྱིན་དུ་རྒོལ་བར་འགྱུར་བ་
ལས་འོན་ཀྱང་དངོས་པོར་འགྱུར་བ་འགའ་ཡང་མེད་པར་རང་གི་ཕྱོགས་དང་གཞན་གྱི་ཕྱོགས་མེད་པས་དེ་དག་ལ་སྒྲུབ་པ་དང་དགག་པ་མ་གྲུབ་པའི་ཕྱིར། དེ་དག་ལས་བཟློག་པའི་བདག་སུན་ཅི་ཕྱིན་དུ་རྒོལ་བ་ཅི་ལྟར་འགྱུར་ཞེས་བྱ་བ་ལ་སོགས་པའི་སྐྱོན་ལྷག་མ་རྣམས་ཀྱང་བརྗོད་པར་བྱའོ། །དེ་འགྲེལ་
པས་བསྟན་པར་བྱ་བའི་ཕྱིར། རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པར་གཞག་པ་དང་ཞེས་བྱ་བ་ནི་ཆོས་ལ་བདག་མེད་པ་སྟོན་པའི་གནས་སྐབས་ནའོ། །བརྟེན་ནས་བཏགས་པ་རྣམ་པར་གཞག་པ་ཞེས་བྱ་བ་ནི་གང་ཟག་གིས་བདག་
མེད་པ་སྟོན་པའི་གནས་སྐབས་ནའོ། །གཞན་གྱི་ཕྱོགས་ལ་ཞེས་བྱ་བ་ནི་རང་བཞིན་དང་བཅས་པར་སྨྲ་བའི་ཕྱོགས་ལའོ། །སུན་འབྱིན་པ་གང་བཤད་པ་དེ་ཉིད་ལས་ཞེས་བྱ་བ་ནི་བདག་ལས་མ་ཡིན་ཞེས་བྱ་བ་ལ་སོགས་པའོ། །སུན་འབྱིན་པའི་ལན་གྱི་དོན་དུ་ཞེས་བྱ་བ་ནི་དངོས་པོ་དང་བཅས་པར་སྨྲ་
བས་སུན་འབྱིན་པའི་ལན་གདབ་པའི་དོན་དུ་གང་མ་ཕྲད་པར་མཚུངས་པས་སྐྱེད་པར་བྱེད་པ་མ་ཡིན་པ་ཉིད་དོ་ཞེས་བྱ་བ་འདི་ལ་རིགས་པ་ཅི་ཞིག་ཡོད་ཅེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ཉིད་ལ་སུན་འབྱིན་གཏང་བར་བྱའོ། །སུན་ཅི་ཕྱིན་དུ་རྒོལ་བ་མ་ཡིན་པ་ཉིད་དུ་བསྟན་པར་བྱ་བའི་ཕྱིར།
བསྟན་བཅོས་ལས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྟན་བཅོས་ལས་ནི་ཞེས་བྱ་བ་ནི་དབུ་མའི་བསྟན་བཅོས་ལས་སོ། །སུན་འབྱིན་པ་ལྷག་མ་བསྟན་པར་བྱ་བའི་ཕྱིར། གང་གིས་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གིས་ན་ཞེས་བྱ་བ་ནི་རང་གི་ཕྱོགས་གཞག་པ་དང་གཞན་
གྱི་ཕྱོགས་བཟློག་པས་སོ། །མཚན་ཉིད་བྱས་པ་འདི་ཡང་དག་པ་མཚན་ཉིད་དུ་འགྱུར་བ་ཞེས་བྱ་བ་ནི་རང་གི་ཕྱོགས་འཇོག་པ་དང་བྲལ་ཞིང་གཞན་གྱི་ཕྱོགས་སེལ་བ་ཙམ་ལ་འཇུག་པའི་རྒོལ་བ་ནི་སུན་ཅི་ཕྱིན་དུ་རྒོལ་བ་ཡིན་ནོ་ཞེས་བྱ་བའི་མཚན་ཉིད་དེ་ཡང་དག་པའི་མཚན་ཉིད་དུ་འགྱུར་བའོ། །མཚན་

ཉིད་འདི་ནི་ཞེས་བྱ་བ་སུན་ཅི་ཕྱིན་དུ་རྒོལ་བའི་མཚན་ཉིད་དོ། །དེ་ལྟ་བུ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་གཉིས་ཀ་ལ་གྲུབ་པའི་ཆོས་ཅན་དང་གཏན་ཚིགས་དང་དཔེ་མ་གྲུབ་པས་རང་གི་ཕྱོགས་རྣམ་པར་གཞག་པ་མི་རིགས་སོ་ཞེས་བསྡུ་བར་བྱའོ། །ཕྱོགས་འདི་
ཉིད་ཀྱིས་ཞེས་བྱ་བ་ནི་སུན་ཅི་ཕྱིན་དུ་རྒོལ་བ་ཡང་ཇི་ལྟར་ཡོད་མིན་པ་དེ་སྐད་སྔར་བཤད་ཅེས་བྱ་བའི་ཕྱོགས་འདི་ཉིད་ཀྱིས་སོ། །ད་ནི་བསྡུས་པའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ལ་དེ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཡན་ཆད་ཀྱིས་ནི་ཞེས་བྱ་བ་ནི་དེ་ལྟར་སྔར་བཤད་ལྷག་མ་ཕྱོགས་
འདི་ཉིད་ཀྱིས་རྟོགས་པར་བྱ་བའི་བར་གྱིས་སོ། །དེའི་ཕྱིར་འདི་སྟོན་ཅིང་ཞེས་བྱ་བ་ནི་ཆོས་ཀྱི་བདག་མེད་པ་དང་། གང་ཟག་གི་བདག་མེད་པ་སྟོན་ཅིང་ངོ་། །སྟོང་པ་ཉིད་ཀྱི་རབ་ཏུ་དབྱེ་བ་ཞེས་བྱ་བ་ནི་བདག་མེད་པ་དང་སྟོང་པ་ཉིད་མིང་གི་རྣམ་གྲངས་སོ། །བདག་མེད་འདི་ནི་ཞེས་བྱ་བ་ལ་སོགས་པ་ལ་
ཆོས་དང་གང་ཟག་དབྱེ་བས་ཞེས་བྱ་བ་ནི་ཆོས་ཀྱི་བདག་མེད་པ་དང་གང་ཟག་གི་བདག་མེད་པས་དབྱེ་བས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཅིའི་ཕྱིར་གསུངས་ཤེ་ན། འགྲོ་བ་རྣམ་དགྲོལ་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལས་རྣམ་པར་གྲོལ་བ་ནི་རྣམ་པ་གཉིས་ཏེ། ཉོན་མོངས་པའི་སྒྲིབ་
པ་སྤངས་པའི་མཚན་ཉིད་ཅན་དང་། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པའི་མཚན་ཉིད་ཅན་ནོ། །དེ་ལ་ཉོན་མོངས་པའི་སྒྲིབ་པ་སྤངས་པའི་མཚན་ཉིད་ཅན་གྱི་རྣམ་པར་གྲོལ་བ་ནི་གང་ཟག་གི་བདག་མེད་པ་ཡོངས་སུ་ཤེས་པས་ཉན་ཐོས་དང་རང་སངས་རྒྱས་དག་ལ་རྣམ་གཞག་བྱའོ། །གཉིས་
ཀ་སྤངས་པའི་མཚན་ཉིད་ཅན་གྱི་རྣམ་པར་གྲོལ་བ་ནི་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་རྣམས་ལ་རྣམ་གཞག་བྱའོ། །རྣམ་པར་གྲོལ་བ་དེ་ཡང་བདག་མེད་པ་གཉིས་ཡོངས་སུ་རྟོགས་པ་ལས་གྱུར་པ་ཡིན་ལ། འགྲོ་བ་རྣམས་དགྲོལ་བའི་ཕྱིར་ཞེས་བྱ་བར་གསུངས་པ་ཡིན་ནོ། །དེ་འགྲེལ་
པས་བསྟན་པར་བྱ་བའི་ཕྱིར། བདག་མེད་པ་འདི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་གྲོལ་བའི་ཕྱིར་བསྟན་ལ་ཞེས་བྱ་བ་ནི་ཉོན་མོངས་པ་ཐམས་ཅད་ནི་བདག་ཏུ་འཛིན་པ་ལས་བྱུང་བ་ཡིན་ལ། བདག་ཏུ་འཛིན་པ་ལོག་ན་ཉོན་མོངས་པ་ཐམས་ཅད་ལྡོག་པའི་ཕྱིར་རོ། །རྣམ་པ་ཐམས་

ཅད་མཁྱེན་པ་ཐོབ་པས་ཞེས་བྱ་བ་ནི་ཆོས་ཀྱི་བདག་མེད་པ་རྟོགས་པའི་སྒོ་ནས་རྣམ་པ་ཐམས་ཅད་དུ་ཆོས་ཐམས་ཅད་ཀྱི་དངོས་པོ་ཇི་ལྟར་གནས་པ་བཞིན་དུ་ཐུགས་སུ་ཆུད་པས་སོ། །རྣམ་པར་གྲོལ་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་དག་ལས་གྲོལ་བར་
བྱ་བའི་ཕྱིར་ཆོས་རྣམས་ཇི་ལྟར་རང་བཞིན་གནས་པ་བཞིན་དུ་ཐུགས་སུ་ཆུད་པས་ཤེས་བྱའི་སྒྲིབ་པ་ལྡོག་པས་སོ། །གལ་ཏེ་ཇི་སྲིད་དུ་ཕུང་པོ་ལ་མངོན་པར་ཞེན་པ་ཡོད་པ་དེ་སྲིད་དུ་བདག་ལ་མངོན་པར་ཞེན་པ་མ་སྤངས་པས་ཕུང་པོ་ལ་མངོན་པར་ཞེན་པ་མེད་ན་བདག་ལ་མངོན་པར་ཞེན་པ་མི་འབྱུང་བས་དེ་རྣམས་ལ་
ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་འདི་པ་ཙམ་ཡོངས་སུ་ཤེས་པ་ལས་ཆོས་ཀྱི་བདག་མེད་པ་ཡོངས་སུ་ཤེས་པ་ཡོད་པ་དེ་རྣམས་ཀྱི་བདག་མེད་པ་གཉི་ག་ཡང་ཤེས་པའི་རྣམ་གཞག་ཇི་ལྟར་མི་བྱ་ཞེ་ན། དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། ཉན་ཐོས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྟེན་
ཅིང་འབྲེལ་པར་འབྱུང་བ་རྐྱེན་ཉིད་འདི་པ་ཙམ་མཐོང་མོད་ཀྱི་ཞེས་བྱ་བ་ནི་འདི་ཡོད་ན་འདི་འབྱུང་ངོ་། །ཞེས་བྱ་བ་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ཙམ་དུ་མཐོང་བ་ཡིན་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་ངོ་བོ་ཉིད་ཀྱིས་མཐོང་བ་ནི་མ་ཡིན་ནོ། །ཆོས་ཀྱི་བདག་མེད་པ་ཡོངས་སུ་རྫོགས་པ་བསྒོམས་པ་མེད་དེ་ཞེས་བྱ་
བ་ནི་མཚན་མ་མེད་ཅིང་རྩོལ་བ་མེད་པའི་མཚན་ཉིད་ཅན། སངས་རྒྱས་ཀྱི་ཆོས་རྣམས་ཐོབ་པའི་རྟེན་རྒྱུར་གྱུར་པ་དེ་དེ་རྣམས་ཀྱི་ལ་ཡོད་པ་མ་ཡིན་པས་སོ། །དེས་ན་དེ་རྣམས་ལ་ཆོས་ཀྱི་བདག་མེད་པ་ཡོངས་སུ་རྫོགས་པ་བསྒོམ་པ་མེད་པས་དེ་རྣམ་གཞག་མ་བྱས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་
ཁམས་གསུམ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁམས་གསུམ་གྱི་ཉོན་མོངས་པའི་རྒྱུར་གྱུར་པའི་བདག་ཏུ་མངོན་པར་ཞེན་པ་སྤང་བའི་ཐབས་ཙམ་གྱིས་རང་བཞིན་ཅན་དེ་དག་ལ་ཡོད་པ་ཡིན་ནོ་ཞེས་པའོ། །དེ་དག་ལ་ཞེས་བྱ་བ་ལ་སོགས་པ་ནི་གང་ཟག་གི་བདག་མེད་པ་ཡོངས་སུ་མ་རྟོགས་
པས་འདོད་ཆགས་ལ་སོགས་པ་མི་སྤོང་བས་སོ། །དེ་ལྟར་སྔར་བསྟན་པའི་བདག་མེད་པ་རྣམ་པ་གཉིས་ཀྱི་མཇུག་བསྡུ་བ་བསྟན་ནས། བདག་མེད་པ་དེ་དག་རྒྱས་པར་བསྟན་པར་བྱ་བའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཉིད་ཅེས་བྱ་བ་ནི་བདག་མེད་པ་ཉིད་དོ། །རྣམ་པ་མང་ཞེས་

བྱ་བ་ནི་རྣམ་པ་བཅུ་དྲུག་དང་བཞིའི་སྒོ་ནས་སོ། །སླར་ཡང་ཞེས་བྱ་བ་ནི་རྣམ་པ་གཉིས་ལ་ལྟོས་ནས་སོ། །གདུལ་བ་རྣམས་ལ་ཞེས་བྱ་བ་ནི་ནང་སྟོང་པ་ཉིད་ལ་སོགས་པའི་སྒོ་ནས་གདུལ་བ་རྣམས་ལའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། བདག་མེད་པ་ཞེས་
བྱ་བ་ལ་སོགས་པ་གསུངས་ཏེ། གདུལ་བའི་བསམ་པ་སྣ་ཚོགས་པ་ཉིད་ཀྱིས་ཞེས་བྱ་བ་ནི་གདུལ་བ་རྣམས་ལ་སྟོང་པ་ཉིད་ལ་སོགས་པའི་སྒོ་ནས་སྟོང་པ་ཉིད་ལ་འཇུག་པའི་མོས་པ་ཡོད་པ་ལས་སོ། །དེ་ལ་སྟོང་པ་ཉིད་ཉི་ཤུའི་རྣམ་གཞག་བསྟན་པར་བྱ་བའི་ཕྱིར། དེ་ལ་ཞེས་བྱ་བ་ལ་
སོགས་པ་གསུངས་ཏེ། སྤྲོས་པ་དང་བཅས་པ་ཞེས་བྱ་བ་ནི་རྣམ་པ་བཅུ་དྲུག་གི་སྒོ་ནས་རྒྱས་པར་རོ། །མདོར་བསྡུས་ཏེ་སླར་ཡང་བཞིར་བཤད་ཅེས་བྱ་བ་ནི་མདོར་བསྡུས་ཏེ་སྟོང་པ་ཉིད་བཞི་གསུངས་པས་སོ། །ཐེག་ཆེན་དུ་ཡང་བཞེད་པ་ཡིན། །ཞེས་པ་ནི་སྟོང་པ་ཉིད་ཉི་ཤུ་ལ་ཐེག་པ་ཆེན་
པོར་ཡང་བཞེད་པ་ཡིན་ཏེ། དེ་རྣམས་ལམ་གྱི་རང་བཞིན་ཡིན་པས་སོ། །འདིའི་དོན་ནི་རྒྱས་པར་ཕྱེ་ན་སྟོང་པ་ཉིད་བཅུ་དྲུག་ཡིན་ལ། མདོར་བསྡུ་ན་ངོ་བོ་ཉིད་སྟོང་པ་ཉིད་ལ་སོགས་པ་བཞི་ཡིན་ལ། ཤིན་ཏུ་མདོར་བསྡུ་ན་ཆོས་ཀྱི་བདག་མེད་པ་དང་གང་ཟག་གི་བདག་མེད་པའི་དབྱེ་བས་གཉིས་སོ། །
སྟོང་པ་ཉིད་ཉི་ཤུ་མདོའི་ཁུངས་ཀྱི་སྒོ་ནས་བསྟན་པར་བྱ་བའི་ཕྱིར། ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་རྣམས་ནི་གོང་དུ་འཆད་པར་འགྱུར་རོ། །འདི་རྣམས་ཀྱི་དབྱེ་བ་ཡང་ཀུན་རྫོབ་ཏུ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། སྟོང་པ་ཉིད་དམ་སྟོང་པ་ཉིད་མ་ཡིན་པ་ནི་ཞེས་བྱ་བ་ལ་
སོགས་པ་གསུངས་ཏེ། སྟོང་པ་ཉིད་དང་སྟོང་པ་ཉིད་མ་ཡིན་པ་ནི་ཕན་ཚུན་ལྟོས་ནས་འཇོག་པའི་ཕྱིར་རང་བཞིན་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པས་སོ། །རྣམ་པ་དེ་ལྟ་བུས་གདུལ་བའི་སྐྱེ་བོའི་དབང་གིས་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱིས་འདུལ་བའི་སྐྱེ་བོའི་དབང་དུ་མཛད་ནས་སོ། །བསྟན་བཅོས་
ལས་ཞེས་བྱ་བ་ནི་དབུ་མ་རྩ་བའི་ཤེས་རབ་ལས་སོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གལ་ཏེ་དངོས་པོ་འགའ་ཞིག་སྟོང་པ་ཉིད་མ་ཡིན་པ་སྟེ། རང་བཞིན་དང་ལྡན་པར་གྱུར་ན་དེའི་ཚེ་དེ་ལ་ལྟོས་ནས་སྟོང་པ་ཉིད་ཅུང་ཟད་ཡོད་པར་འགྱུར་བ་ལས་འོན་ཀྱང་སྟོང་པ་ཉིད་མ་ཡིན་པའི་དངོས་པོ་ཅུང་ཟད་

ཀྱང་མེད་པས་དེའི་ཚེ་དེ་ལ་ལྟོས་ནས་བཏགས་པའི་སྟོང་པ་ཉིད་ཡོད་པར་ག་ལ་འགྱུར། སྟོང་ངོ་ཞེས་ཀྱང་མི་བརྗོད་དེ། །ཞེས་བྱ་བ་ནི་འགའ་ཞིག་གིས་དངོས་པོ་རྣམས་ཕྱིན་ཅི་མ་ལོག་པ་ཉིད་དུ་བརྗོད་པར་འདོད་པས་རྣམ་པ་ཐམས་ཅད་དུ་སྟོང་པ་ཉིད་དམ་མི་སྟོང་པའམ་གཉིས་ཀའམ་གཉིས་ཀ་མ་
ཡིན་ནོ་ཞེས་བརྗོད་པར་མི་བྱའི། འོན་ཀྱང་རང་བཞིན་ཇི་ལྟ་བ་བཞིན་དུ་གནས་པ་མ་བརྗོད་ན་ནི་ཁོང་དུ་ཆུད་པར་མི་ནུས་པས་ཁོ་བོ་ཅག་གིས་ཀུན་རྫོབ་ཀྱི་བདེན་པ་ཉིད་ལ་གནས་ཏེ། ཐ་སྙད་ཀྱི་དོན་དུ་གདུལ་བྱའི་སྐྱེ་བོ་རྣམས་དང་རྗེས་སུ་མཐུན་པར་སྒྲོ་བཏགས་ནས་སྟོང་ངོ་ཞེས་ཀྱང་བརྗོད་པར་བྱ་ལ།
མི་སྟོང་ཞེས་བྱ་བ་དང་། སྟོང་དང་མི་སྟོང་ཞེས་བྱ་བ་དང་། སྟོང་པ་ཡང་མ་ཡིན་མི་སྟོང་པ་ཡང་མ་ཡིན་ཞེས་ཀྱང་བརྗོད་པར་བྱའོ། །དེ་ཉིད་ཀྱི་ཕྱིར། གདགས་པའི་དོན་དུ་བརྗོད་པར་བྱ་བ་ཞེས་བྱ་བ་སྨོས་ཏེ། འདིར་དགོངས་པ་ནི་འདི་ཡིན་པར་རིག་པར་བྱ་བ་སྟེ། འདི་ལྟར་དབུ་མ་རྩ་བའི་ཤེས་རབ་
ལས། ཐམས་ཅད་བདེན་ཞིང་བདེན་པ་ཡིན། །བདེན་དང་མི་བདེན་པ་ཡང་མིན། །བདེན་མིན་མི་བདེན་པ་ཡང་མིན། །ཞེས་བྱ་བ་གསུངས་སོ། །འདིའི་དོན་ནི། གང་དང་གང་ལ་སྔར་གང་དགའ། །དེ་དང་དེ་ནི་དེ་ལ་སྤྱད། །སྣང་བར་གྱུར་ན་དམ་ཆོས་ཀྱི། །སྣོད་དུ་ནམ་ཡང་འགྱུར་མ་ཡིན། །
ཞེས་གསུངས་པས་སོ། །རེ་ཞིག་དང་པོ་ཉིད་དུ་བཅོམ་ལྡན་འདས་ཀྱིས་རང་ལ་གྲུབ་པའི་དངོས་པོ་དང་། དངོས་པོའི་དབྱེ་བའི་རང་བཞིན་གྱི་ཁྱད་པར་ཐོས་པའི་དོན་དུ་མངོན་པར་འདོད་པའི་སྐྱེས་པའི་གདུལ་བྱའི་སྐྱེ་བོ་རྣམས་ལ། དཔེར་ན་ཀླ་ཀློ་སྐད་གཞན་གྱིས། །གོ་བར་མི་ནུས་དེ་བཞིན་དུ། །
འཇིག་རྟེན་འཇིག་རྟེན་པ་མེད་པར། །ནམ་ཡང་གོ་བར་ནུས་མ་ཡིན། །ཞེས་བྱ་བ་དང་། དེ་བཞིན་དུ་འཇིག་རྟེན་པ་དང་ལྷན་ཅིག་རྩོད་ཀྱི། གང་འཇིག་རྟེན་པས་ཡོད་པར་འདོད་པ་དེ་ངས་ཀྱང་ཡོད་པ་པར་འདོད་པ་ཡིན་ལ། གང་འཇིག་རྟེན་ལས་ཡོད་པར་མི་འདོད་པ་དེ་ངས་ཀྱང་ཡོད་པར་མི་འདོད་
དོ་ཞེས་བྱ་བའི་ལུང་གིས་མ་རིག་པའི་རབ་རིབ་ཅན་གྱིས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པར་གང་བདེན་པར་བཏགས་པ་དེ་ཉིད་རེ་ཞིག་བཅོམ་ལྡན་འདས་ཀྱིས་དེ་མཐོང་བ་ལ་ལྟོས་ནས་བདེན་པ་ཉིད་དུ་ཡིན་ནོ་ཞེས་གསུངས་པ་ཡིན་ཏེ། གང་གིས་སྲིད་པའི་རྩེ་མོའི་མཐར་ཐུག་པ་

ནམ་མཁའི་ཁམས་ཀྱིས་མཐས་ཀླས་པ་རླུང་གི་དཀྱིལ་འཁོར་ལ་སོགས་པ་རྣམས་ཀྱི་ཆགས་པ་དང་གནས་པ་དང་འཇིག་པའི་དབྱེ་བ་རྣམ་པ་སྣ་ཚོགས་པ་རྒྱུ་དང་བཅས་པ་དང་། རོ་མྱོང་བ་དང་བཅས་པ་དང་། སྐྱོན་དང་བཅས་པའི་ཕྱིན་ཅི་མ་ལོག་པར་ཉེ་བར་སྟོན་པའི་
བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས་པ་འཇིག་རྟེན་གྱི་སྤྱོད་པ་རྣམ་པ་མ་ལུས་པ་མཁྱེན་པའོ་ཞེས་བདག་དང་བདག་ལ་འཇིག་རྟེན་གུས་པ་བསྐྱེད་པར་བྱ་བའི་དོན་དུའོ། །དེ་ལྟར་བཅོམ་ལྡན་འདས་ལ་ཐམས་ཅད་མཁྱེན་པ་ཡིན་ནོ་ཞེས་བློས་གུས་པ་སྐྱེས་པའི་གདུལ་བྱའི་
སྐྱེ་བོ་རྣམས་ལ་ཕྱིས་ཀྱི་དུས་སུ་ཐམས་ཅད་བདེན་པ་མ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་བདེན་པ་ནི་གང་གཞན་ཉིད་དུ་མི་འགྱུར་བ་ཡིན་ལ། འདུ་བྱེད་རྣམས་ནི་སྐད་ཅིག་སོ་སོ་ལ་འཇིག་པ་ཡིན་པས་གཞན་ཉིད་དུ་འགྱུར་བར་མཐོང་བས་ཐམས་ཅད་བདེན་པ་མ་ཡིན་ནོ། །ལ་ལར་ཐམས་
ཅད་བདེན་པ་དང་བདེན་པ་མ་ཡིན་པ་གསུངས་ཏེ། སོ་སོའི་སྐྱེ་བོ་རྣམས་ལ་ལྟོས་ནས་ཐམས་ཅད་བདེན་པ་ཉིད་ཡིན་ནོ་ཞེས་གསུངས་ལ། འཕགས་པའི་སྐྱེ་བོ་རྣམས་ལ་ལྟོས་ནས་ཐམས་ཅད་བརྫུན་པ་ཡིན་ནོ་ཞེས་གསུངས་ཏེ། དེ་རྣམས་ཀྱིས་དེ་ལྟར་དམིགས་པས་སོ། །ལ་ལར་དུས་
ཤིན་ཏུ་ཡུན་རིང་བར་དེ་ཁོ་ན་ཉིད་མཐོང་བ་ལ་གོམས་པ་སྒྲིབ་པ་ཅུང་ཟད་དྲུངས་མ་ཕྱུང་བ་རྣམས་ལ་བདེན་པ་ཡང་མ་ཡིན་ལ་མི་བདེན་པ་ཡང་མ་ཡིན་པ་ཉིད་དོ་ཞེས་གསུངས་པ་ཡིན་ཏེ། སྒྲིབ་པ་ཅུང་ཟད་ཡོད་པ་དེ་སྤང་བའི་ཆེད་དུ་མོ་གཤམ་བུའི་སྔོ་བསངས་དང་། སྔོ་བསངས་མ་ཡིན་པ་
འགེགས་པ་བཞིན་དུ་གཉི་ག་བཀག་པ་ཡིན་ནོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྗེས་སུ་བསྟན་པ་ཡིན་ཏེ། ལམ་ལོག་པ་ལས་བླན་ནས་ལམ་ཡང་དག་པ་ལ་འགོད་པ་ནི་བསྟན་པ་ཞེས་བྱ་བ་ལ། དེ་ལྟར་གདུལ་བྱའི་སྐྱེ་བོ་རྣམས་ལ་བསྟན་པ་གང་ཡིན་པ་དེ་ནི་རྗེས་སུ་བསྟན་
པའོ། །ད་ནི་སྟོང་པ་ཉིད་རྣམས་ཀྱི་དོན་བསྟན་པར་བྱ་བའི་ཕྱིར། དེ་ལ་ནང་སྟོང་པ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། མིག་གིས་སྟོང་ཞེས་བྱ་བ་ནི་མིག་ངོ་བོ་ཉིད་ཀྱིས་སྟོང་པའོ། །དེ་ཞེས་བྱ་བ་ནི་མིག་གིའོ། །རང་བཞིན་དེ་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱིས་སྟོང་པའི་མཚན་ཉིད་ཅན་ནོ། །

དེ་བཞིན་ཞེས་བྱ་བ་ལ་སོགས་པ་ནི་རྣ་བ་ལ་སོགས་པ་ཡང་རྣ་བ་ལ་སོགས་པའི་ངོ་བོས་སྟོང་པ་ཡིན་ཏེ། དེ་རྣམས་ཀྱི་རང་བཞིན་ཡང་སྟོང་པ་ཉིད་ཡིན་པས་སོ། །རང་བཞིན་གང་གིས་དེ་རྣམས་སྟོང་པ་ཉིད་ཡིན་ཞེ་ན། དེ་ལ་ལན་ནི། ཐེར་ཟུག་གནས་པ་ཉིད་དང་ནི། །མི་འཇིག་མ་ཡིན་ཉིད་ཀྱི་
ཕྱིར། །ཞེས་བྱ་བ་གསུངས་ཏེ། རྣམ་འགྱུར་མེད་པ་དང་། འཇིག་པ་མེད་པའི་རང་བཞིན་ལ་ལྟོས་ནས་དེ་རྣམས་ལ་རང་བཞིན་མེད་པ་ཡིན་ཏེ། འདི་ལྟར་གལ་ཏེ་མིག་ལ་སོགས་པ་ལ་རང་བཞིན་ཡོད་པར་གྱུར་ན། དེའི་ཚེ་རང་བཞིན་ལ་རྣམ་འགྱུར་མེད་པ་དང་འཇིག་པ་མེད་པས་དེ་རྣམས་རྣམ་
པར་འགྱུར་བ་དང་། འཇིག་པ་མེད་པར་འགྱུར་བ་ལས་དེ་ཡང་ཡོད་པ་མ་ཡིན་པའི་ཕྱིར་དེ་རྣམས་རང་བཞིན་མེད་པའོ། །ནང་སྟོང་པ་ཉིད་དུ་འདོད་ཅེས་བྱ་བ་ནི་མིག་ལ་སོགས་པ་རྣམས་སེམས་ཅན་ཉིད་དུ་རྟོགས་པས་སོ། །དེ་ལ་མདོའི་ཁུངས་བསྟན་པར་བྱ་བའི་ཕྱིར། ཇི་སྐད་དུ་ཞེས་བྱ་བ་ལ་
སོགས་པ་གསུངས་ཏེ། ཐེར་ཟུག་ཏུ་གནས་པ་ཉིད་དང་། མི་འཇིག་པ་མ་ཡིན་པ་ཉིད་བཤད་པར་བྱ་བའི་ཕྱིར། དེ་ལ་གང་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་བཞིན་མི་འདོར་བ་ཞེས་བྱ་བ་ནི་རྣམ་པར་མི་འགྱུར་བའི་རང་བཞིན་ཅན་ནོ་ཞེས་པའོ། །འདིར་སློབ་དཔོན་གྱི་བཞེད་པའི་དབང་
དུ་བྱས་ན་ནི་མདོའི་ཚིག་དང་དེའི་བཤད་པ་ཡང་འདིར་གསུངས་པ་བཞིན་དུ་ཡིན་ནོ། །འཕགས་པ་རྣམ་གྲོལ་སྡེའི་དབང་དུ་བྱས་ན་ནི། མདོའི་ཚིག་ཐེར་ཟུག་ཏུ་གནས་པ་མ་ཡིན་པ་དང་། འཇིག་པ་མ་ཡིན་པ་ཉིད་ཅེས་བྱ་བར་འགྱུར་ལ། དེའི་བཤད་པ་ནི་ཐེར་ཟུག་པ་སྟེ། འཚོགས་པ་ཡིན་ལ།
དེར་དངོས་པོའི་རང་བཞིན་མ་དམིགས་པས་དངོས་པོ་ཐེར་ཟུག་མ་ཡིན་པའོ། །དེ་ལྟ་བུ་ལ་འཇིག་པ་མེད་པས་འཇིག་པ་མ་ཡིན་པ་ཉིད་དོ། །དེ་ལྟ་བུའི་སྐྱེ་བ་མེད་པ་ཉིད་དང་འགག་པ་མེད་པའི་ཆོས་ཉིད་ཀྱི་རང་བཞིན་འདི་ལ་ཡོད་པས་ན་མིག་ལ་སོགས་པ་རྣམས་ལ་ནང་སྟོང་པ་ཉིད་ཅེས་བྱའོ་ཞེས་
བཞེད་དོ། །དེ་ལ་བསྟན་བཅོས་ཀྱི་ཁུངས་བསྟན་པར་བྱ་བའི་ཕྱིར། ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་སྐད་དུ་ཞེས་བྱ་བ་དབུ་མ་རྩ་བའི་ཤེས་རབ་ལས་སོ། །རང་བཞིན་རྒྱུ་དང་རྐྱེན་དག་ལས། །འབྱུང་བ་རིགས་པ་མ་ཡིན་ནོ། །ཞེས་བྱ་བ་ནི་གལ་ཏེ་མྱུ་གུ་དང་འདུ་བྱེད་ལ་སོགས་པ་

རྣམས་ལ་རང་བཞིན་ཡོད་པར་གྱུར་ན། དེའི་ཚེ་ཡོད་པ་རྣམས་ལ་རྒྱུ་དང་རྐྱེན་ཅི་ཞིག་དགོས། ཇི་ལྟར་ད་ལྟའི་འདུ་བྱེད་དང་མྱུ་གུ་ལ་སོགས་པ་ཡང་བསྒྲུབ་པའི་དོན་དུ་མ་རིག་པ་དང་ས་བོན་ལ་སོགས་པ་ཉེ་བར་ལེན་པར་མི་བྱེད་པ་དེ་བཞིན་དུ་གཞན་ལ་ཡང་དེ་སྐྱེ་བའི་དོན་དུ་བྱེད་པར་མི་
འགྱུར་ཏེ། དེའི་རང་བཞིན་ཡོད་པས་སོ། །གལ་ཏེ་མ་སྐྱེས་པའི་སྔ་རོལ་དུ་དངོས་པོ་འགའ་ཞིག་ལ་ཡང་རང་བཞིན་ཡོད་པ་མ་ཡིན་ཏེ། གལ་ཏེ་ཡོད་པར་གྱུར་ན་སྐྱེ་བ་དོན་མེད་པར་འགྱུར་བ་ལས་འོན་ཀྱང་སྐྱེ་བའི་སྔོན་རོལ་ན་རང་བཞིན་དེ་རྒྱུ་དང་རྐྱེན་ལ་བརྟེན་ནས་ཕྱིས་སྐྱེ་བར་འགྱུར་བ་ཡིན་ནོ་
ཞེ་ན། དེ་ལྟར་འདོད་ན། རྒྱུ་དང་རྐྱེན་ལས་བྱུང་ན་ནི། །རང་བཞིན་བྱས་པ་ཅན་དུ་འགྱུར། །ཞེས་བྱ་བ་གསུངས་སོ། །གལ་ཏེ་རྒྱུ་དང་རྐྱེན་ལས་བྱུང་བ་ཡིན་པས་རང་བཞིན་བྱས་པ་ཉིད་དུ་འདོད་པ་ཡིན་ནོ། །དེས་ན་རང་བཞིན་བྱས་པ་ཉིད་དུ་ཁས་ལེན་པས་བྱས་པ་ཉིད་དུ་ཐལ་བར་འགྱུར་བ་དེས་ཁོ་བོ་
ཅག་ལ་གནོད་པ་མ་ཡིན་ནོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། རང་བཞིན་བྱས་པ་ཡིན་ནོ་ཞེས། །ཇི་ལྟ་བུར་ན་རུང་བར་འགྱུར། །ཞེས་བྱ་བ་གསུངས་ཏེ། བྱས་པ་དང་རང་བཞིན་དག་ནི་ཕན་ཚུན་འགལ་བའི་ཕྱིར་མི་རིགས་པ་ཁོ་ན་ཡིན་ནོ། །འདི་ལྟར་རང་གི་ངོ་བོ་ཡིན་
པས་ན་རང་བཞིན་ནོ་ཞེས་བྱ་བ་ནི་ངེས་ཚིག་ཡིན་པས་གང་བྱས་པའི་དངོས་པོ་ཞེས་མི་བརྗོད་པ་དེ་དཔེར་ན་ཆུའི་དྲོ་བ་ཉིད་དེ་མེ་ལྕེ་ལས་འབྲེལ་པ་ལས་འབྱུང་བ་དང་། ཆུ་ཤེལ་ལ་སོགས་པ་ལ་པདྨ་རཱ་ག་ལ་སོགས་པའི་ངོ་བོ་ལྟ་བུའོ། །གང་མ་བྱས་པ་དེ་ལ་རང་བཞིན་ཞེས་བྱ་སྟེ། དཔེར་ན་མེའི་དྲོ་བ་ཉིད་དང་
བཅོས་མ་མ་ཡིན་པའི་པདྨ་རཱ་ག་ལ་སོགས་པ་ལ་ཡོད་པའི་ངོ་བོ་སྟེ། དེ་རྣམས་ཀྱི་དངོས་པོ་གཞན་དང་ཕྲད་པ་ལས་མ་བྱུང་བས་སོ། །དེ་ལྟར་མ་བྱས་པ་ནི་རང་བཞིན་ཡིན་ནོ་ཞེས་འཇིག་རྟེན་གྱི་ཐ་སྙད་གནས་པ་ལ་ཁོ་བོ་ཅག་ཀྱང་ངག་མེའི་དྲོ་བ་ཉིད་གང་ཡིན་པ་དེ་རང་བཞིན་མ་ཡིན་ནོ་ཞེས་སྨྲས་ཏེ།
བྱས་པ་ཡིན་པས་སོ། །ནོར་བུ་དང་བུད་ཤིང་དང་ཉི་མ་རྣམས་ཕྲད་པ་དང་གཙུབ་ཤིང་གཙུབས་པ་ལ་སོགས་པ་ལས་མེ་རྒྱུ་དང་རྐྱེན་ལ་ལྟོས་པར་དམིགས་པ་