Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 104

Văn bản gốc(Tây Tạng)

Trang 17 / 24 (50.000 ký tự/trang)
་ནི། བདག་ནི་རྫས་སུ་འགྱུར་ཞིང་ཞེས་བྱ་བ་ལ་སོགས་པའོ། །འདི་ལ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་བདག་ཏུ་སྨྲ་བ་
དག་ལའོ། །ཕྱོགས་གཉིས་ཀ་ལ་ཡང་ཞེས་བྱ་བ་ནི་ཕུང་པོ་བདག་ཏུ་སྨྲ་བ་དང་རྣམ་པར་ཤེས་པ་བདག་ཏུ་སྨྲ་བའི་ཕྱོགས་དག་ལའོ། །བདག་མང་པོར་གྱུར་ན་ཉེས་པ་ཅི་ཞིག་ཡོད་སྙམ་ན། དེ་ལ་ལན་ནི། འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུང་ལས་གང་ཟག་ཉག་
གཅིག་ཡིན་ནོ་ཞེས་འབྱུང་བས་ན་བདག་མང་པོ་འདོད་པ་མ་ཡིན་ནོ་ཞེས་པའོ། །སྐྱོན་གཞན་བསྟན་པར་བྱ་བའི་ཕྱིར། །བདག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་རྒྱུ་མཚན་བསྟན་པར་བྱ་བའི་ཕྱིར། གཟུགས་ལ་སོགས་པ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
གཞན་གྱི་རྫས་སུ་ཡོད་པའི་ཕུང་པོ་ལྔ་བརྗོད་པས་སོ། །དགེ་སློང་དག་ཅེས་བྱ་བ་ལ་སོགས་པ་ནི། མིང་ཙམ་ཞེས་བྱ་བ་ལ་སོགས་པ་ལ་ཕྱི་མ་ཕྱི་མ་ནི་སྔ་མ་སྔ་མའི་བཤད་པ་ཡིན་པར་ཤེས་པར་བྱའོ། །འདི་ལྟར་མྱ་ངན་ལས་འདས་པའི་སྒྲས་ནི་སོ་སོར་བརྟགས་པའི་འགོག་པ་བརྗོད་པ་ཡིན་
ཏེ། དེ་ཡང་སྡུག་བསྔལ་ལ་སོགས་པ་འཕགས་པའི་བདེན་པ་རྣམས་ལ་སོ་སོར་འཇལ་ཞིང་དཔྱོད་པའི་སྒོ་ནས་འགོག་པ་ཐོབ་པ་གང་ཡིན་པའོ། །དེ་ལ་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། དེ་ཡོད་ན་ཉོན་མོངས་པ་རྣམས་ལྡོག་པར་འགྱུར་བས་སོ། །འདི་ནི་གང་ཟག་མིང་ཙམ་ཡིན་ནོ་ཞེས་

གསུངས་པས་གང་ཟག་རྫས་སུ་ཡོད་པ་ནི་མ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །གང་ཟག་རྫས་སུ་མེད་པ་ལ་མདོའི་ཁུངས་གཞན་ཡང་བསྟན་པར་བྱ་བའི་ཕྱིར་རོ། །དེ་བཞིན་དུ་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡན་ལག་ཚོགས་རྣམས་ལ་ཞེས་བྱ་བ་ནི་འཁོར་ལོ་ལ་སོགས་པ་
རྣམས་ལའོ། །ཀུན་རྫོབ་སེམས་ཅན་ཞེས་བྱའོ། །ཞེས་བྱ་བ་ནི་ཕུང་པོ་རྣམས་ལ་བརྟེན་ནས་སེམས་ཅན་ཞེས་བཏགས་པ་ཡིན་ནོ་ཞེས་པའོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་ལུང་གི་སྒོ་ནས་བདག་རྫས་སུ་མེད་པར་བསྟན་ནས། རྫས་སུ་ཡོད་པ་ལ་ཡང་སྐྱོན་བསྟན་པར་བྱ་བའི་
ཕྱིར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་ཚོགས་ལ་ལྟ་བ་རྫས་ཀྱི་ཡུལ་ཅན་ཡིན་པའི་ཕྱིར་ན་ཞེས་བྱ་བ་ནི་གལ་ཏེ་བདག་ཕུང་པོ་དང་རྣམ་པར་ཤེས་པ་ལས་ཐ་མི་དད་པར་ཁས་ལེན་ན་དེའི་ཚེ་བདག་རྫས་སུ་ཡོད་པའི་ཕྱིར་ན་དེ་ཡུལ་ཅན་འཇིག་ཚོགས་ལ་ལྟ་བ་ཕྱིན་ཅི་ལོག་
ཉིད་དུ་མི་འགྱུར་ཏེ། རྫས་སུ་ཡོད་པ་ལ་དམིགས་པའི་ཕྱིར་རོ། །ཇི་ལྟར་སྔོན་པོ་དང་སེར་པོ་ལ་དམིགས་པའི་ཤེས་པ་རྣམས་རྫས་སུ་ཡོད་པའི་སྔོན་པོ་ལ་སོགས་པ་ལ་དམིགས་པའི་ཕྱིར་ཕྱིན་ཅི་ལོག་གི་ཤེས་པ་མ་ཡིན་པ་བཞིན་དུའོ། །ཕྱིན་ཅི་ལོག་ཏུ་གྱུར་པ་མ་ཡིན་ན་སྐྱོན་ཅི་ཡོད་སྙམ་ན།
དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་འཇིག་ཚོགས་ལ་ལྟ་བ་ཕྱིན་ཅི་ལོག་མ་ཡིན་པའི་ཕྱིར་རོ། །ཀུན་ཏུ་འབྱུང་བ་ཡང་སྤང་བར་མི་འགྱུར་བའམ་ཞེས་བྱ་བ་ནི་འདིར་སྤང་བ་ནི་རྣམ་པ་གཉིས་ཏེ། ངོ་བོ་སྤང་བ་དང་།
དེ་ལ་དམིགས་པའི་འདུན་པའི་འདོད་ཆགས་སྤང་བའོ། །དེ་ལ་དམིགས་པ་ལ་ཕྱིན་ཅི་ལོག་ཏུ་ཞུགས་པ་རྣམས་ཀྱིས་ནི་ངོ་བོ་སྤང་བའི་མཚན་ཉིད་ཅན་གྱི་ཀུན་དུ་འབྱུང་བ་སྤངས་པའི་སྤང་བ་སྟེ། ཅི་ལྟར་རྟག་པ་དང་གཙང་བ་ལ་སོགས་པའི་ཕྱིན་ཅི་ལོག་གི་སྒོ་ནས་འཇུག་པའི་འདོད་ཆགས་ལ་
སོགས་པ་རྣམས་སོ། །དེ་ལ་དམིགས་པའི་འདུན་པའི་འདོད་ཆགས་སྤོང་བ་ནི་སྔོན་པོ་དང་སེར་པོ་ལ་སོགས་པའི་ཤེས་པ་རྣམས་ཀྱི་ཡིན་ཏེ། དེ་རྣམས་དམིགས་པ་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ཕྱིར་དེ་རྣམས་འདོད་ཆགས་ལ་སོགས་པ་བཞིན་དུ་ངོ་བོ་སྤོང་བ་ནི་མ་ཡིན་གྱི་འོན་ཀྱང་རྣམ་པར་

ཤེས་པ་ལ་དམིགས་པའི་འདུན་པའི་འདོད་ཆགས་སྤོང་བས་རྣམ་པར་ཤེས་པ་དེ་རྣམས་སྤང་བ་ཡིན་ནོ་ཞེས་བརྗོད་པ་དེ་བཞིན་དུ་འདིར་ཡང་གལ་ཏེ་འཇིག་ཚོགས་ལ་ལྟ་བ་རྫས་སུ་ཡོད་པའི་བདག་ལ་དམིགས་པ་ཡིན་ན་དེའི་སྔོན་པོ་དང་སེར་པོ་ལ་སོགས་པའི་ཤེས་པ་བཞིན་
དུ་དེ་ཕྱིན་ཅི་ལོག་ཉིད་མ་ཡིན་པའི་ཕྱིར་དེ་ལ་དམིགས་པའི་འདུན་པའི་འདོད་ཆགས་ཁོ་ན་སྤོང་བར་འགྱུར་བ་ལས་དེ་ལྟར་ཡང་མ་ཡིན་ཏེ་ངོ་བོར་སྤོང་བར་འདོད་པས་སོ། །དེས་ན་བདག་རྫས་སུ་ཡོད་པ་ཉིད་མ་ཡིན་ནོ་ཞེས་པའོ། །ཡང་ཕུང་པོ་དང་རྣམ་པར་ཤེས་པ་བདག་ཏུ་སྨྲ་བའི་ཕྱོགས་ལ་སྐྱོན་བསྟན་པར་
བྱ་བའི་ཕྱིར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མྱ་ངན་འདས་ཚེ་ངེས་པར་བདག་ཆད་འགྱུར། །ཞེས་བྱ་བ་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དུས་སུ་ཕུང་པོ་ལྔ་ཆད་པས་བདག་ཀྱང་ཆད་པར་འགྱུར་རོ། །དེས་ན་མཐར་འཛིན་པའི་ལྟ་བར་ཐལ་བར་འགྱུར་རོ། །མྱ་ངན་
འདས་སྔོན་སྐད་ཅིག་དག་ལ་ནི། །སྐྱེ་འཇིག་ཅེས་བྱ་བ་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་སྔོན་རོལ་དུ་ཕུང་པོ་རྣམས་སྐད་ཅིག་སོ་སོ་ལ་སྐྱེ་བ་དང་འཇིག་པ་ཡོད་པས་བདག་ལ་སྐྱེ་བ་དང་འཇིག་པ་ཡོད་པར་འགྱུར་རོ། །དེའི་ཕྱིར་དེའི་དུས་ན་ང་འབྱུང་བར་འགྱུར་རོ་ཞེས་པ་དེ་མི་འཐད་དེ།
བདག་ཞིག་པ་ཡིན་པའི་ཕྱིར་སྐྱོན་གཞན་བསྟན་པར་བྱ་བའི་ཕྱིར། བྱེད་པོ་མེད་པས་དེ་འབྲས་མེད། །ཅེས་གསུངས་ཏེ། གལ་ཏེ་བདག་ཕུང་པོ་ལས་ཐ་མི་དད་པའི་ཕྱིར་སྐད་ཅིག་མ་ཡིན་ན་དེའི་ཚེ་ལས་ཀྱི་བྱེད་པ་པོ་ཞིག་པ་ལས་ཀྱང་རྟེན་མེད་པས་ཞིག་པའི་ཕྱིར་འབྲས་བུ་མེད་པར་འགྱུར་བའོ། །གལ་
ཏེ་བདག་གི་སྐད་ཅིག་མ་དང་པོ་ལས་བྱས་ནས་སྐད་ཅིག་མ་ཕྱི་མས་འབྲས་བུ་ལོངས་སྤྱོད་པ་ཡིན་ནོ་ཞེ་ན། དེ་ཡང་མི་རིགས་སོ་ཞེས་སྟོན་པ་ནི། གཞན་གྱིས་བསགས་ལས་གཞན་གྱིས་ཟ་བར་འགྱུར། །ཞེས་བྱ་བ་སྨོས་ཏེ། སྐད་ཅིག་མ་གཞན་གྱིས་བྱས་པའི་ལས་ཀྱི་འབྲས་བུ་སྐད་ཅིག་མ་གཞན་གྱིས་
ལོངས་སྤྱོད་པར་འགྱུར་ན་ནི་ལྷས་བྱིན་གྱིས་ལས་བྱས་ནས་མཆོད་སྦྱིན་གྱིས་འབྲས་བུ་ཉེ་བར་ལོངས་སྤྱོད་པ་པོར་ཐལ་བར་འགྱུར་རོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མྱ་ངན་ལས་འདས་པའི་ཚེ་ཞེས་བྱ་བ་ནི་ཕུང་པོ་ལྷག་མ་མེད་པར་མྱ་ངན་

ལས་འདས་པའི་ཚེའོ། །མཐར་འཛིན་པས་མཐར་ལྟ་བར་ཐལ་བར་འགྱུར་ཏེ་ཞེས་བྱ་བ་དེ་རྒྱས་པར་འཆད་པ་ནི། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ནི་མྱ་ངན་ལས་འདས་པའི་དུས་སུ་ཡང་ཞེས་བྱ་བ་ནི་ཕུང་པོ་ལས་ཐ་མི་དད་པའི་བདག་མྱ་ངན་ལས་འདས་པའི་དུས་སུ་ཡང་ངོ་། །གལ་ཏེ་
བདག་རྒྱུན་མ་ཆད་པར་ཁས་བླངས་ན་སྐྱོན་ཅི་ཡོད་སྙམ་ན་མ་ཡིན་ཏེ། ཕུང་པོ་རྣམས་ཀྱང་རྒྱུན་མི་འཆད་པར་འགྱུར་བས་སོ། །མཇུག་བསྡུ་བ་བསྟན་པར་བྱ་བའི་ཕྱིར། དེའི་ཕྱིར་བདག་ནི་ཕུང་པོའི་བདག་ཉིད་ཀྱིས་མ་ཡིན་ནོ་ཞེས་བྱ་བ་གསུངས་སོ། །མྱ་ངན་ལས་འདས་པར་ཞུགས་པའི་སྔོན་རོལ་གྱི་གནས་སྐབས་
ན་ཕུང་པོའི་རང་བཞིན་ཅན་གྱི་བདག་ལ་སྐྱོན་བསྟན་པར་བྱ་བའི་ཕྱིར། མྱ་ངན་ལས་འདས་པར་ཞེས་བྱ་བ་གསུངས་སོ། །སྐད་ཅིག་རེ་རེ་ལ་སྐྱེ་ཞིང་འཇིག་པ་ལ་སྐྱོན་བསྟན་པར་བྱ་བའི་ཕྱིར། དེའི་ཕྱིར་ཅི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ངའི་ལུས་འདི་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་ལུས་མེ་ལ་
སོགས་པས་ཞིག་པས་སོ། །འདི་ཡང་གསུང་བར་མི་འགྱུར་ཏེ། །ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་བདག་དང་ང་ལ་ནུའི་བདག་ལ་སྐད་ཅིག་རེ་རེ་ལ་སྐྱེ་ཞིང་འཇིག་པས་མི་རྟག་པ་ཉིད་དུ་ཁས་བླངས་པས་སོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། དེའི་ཚེ་བདག་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །
བསྟན་བཅོས་ལས་ཀྱང་ཞེས་བྱ་བ་ནི་དབུ་མ་རྩ་བའི་ཤེས་རབ་ལས་སོ། །ཉེ་བར་ལེན་ཉིད་ཅེས་བྱ་བ་ལ་སོགས་པ་ལ། གང་ཕུང་པོ་ལྔ་ཞེས་བྱ་བའི་ཉེ་བར་ལེན་པ་དེ་ནི་སྐད་ཅིག་རེ་རེ་ལ་སྐྱེ་ཞིང་འཇིག་ལ་བདག་ནི་ཕུང་པོ་ལས་དེ་ཉིད་དང་གཞན་ཉིད་དུ་དང་རྟག་པ་ཉིད་དང་མི་རྟག་པ་ཉིད་དུ་བརྗོད་པར་མི་ནུས་ཏེ།
སྐྱོན་དུ་མ་འབྱུང་བར་འགྱུར་ཏེ། བདག་རྟག་པ་ཡིན་ན་རྟག་པར་སྨྲ་བར་འགྱུར་ལ། མི་རྟག་པ་ཡིན་ན་ཆད་པར་ལྟ་བར་ཐལ་བར་འགྱུར་རོ། །རྟག་པ་དང་མི་རྟག་པ་ཞེས་བྱ་བ་གཉིས་པོ་འདི་ནི་དོན་མ་ཡིན་པ་ཆེན་པོ་སྒྲུབ་པར་བྱེད་པས་ཁས་བླང་བར་འོས་པ་མ་ཡིན་ནོ། །དེས་ན་ཉེ་བར་ལེན་པ་པོའི་ཕུང་པོ་རྣམ་
པ་ལྔ་ཞེས་བྱ་བའི་ཉེ་བར་ལེན་པ་དེ་ཉིད་བདག་ཡིན་ནོ་ཞེས་བྱ་བར་མི་རིགས་པའོ། །གཞན་ཡང་ཉེ་བར་ལེན་པ་པོར། །ཅི་ལྟ་བུར་ནི་འགྱུར་བ་ཡིན། །ཞེས་བྱ་བ་ནི་ཉེ་བར་བླང་བར་བྱ་བ་ཡིན་པས་ན་ཉེ་བར་ལེན་པ་པོ་སྟེ་ལས་སོ། །དེ་ལ་ངེས་པར་ཉེ་བར་ལེན་པ་པོ་སྟེ། སོག་པ་པོ་དགོས་པར་འགྱུར་ལ། གལ་

ཏེ་ཉེ་བར་ལེན་པ་བདག་ཉིད་དུ་འདོད་ན་དེའི་ཚེ་ཉེ་བར་ལེན་པ་ཁོ་ན་བདག་ཡིན་པར་འགྱུར་བས་དེས་ན་བྱེད་པ་པོ་དང་ལས་དག་གཅིག་ཏུ་འགྱུར་བས་གཅོད་པ་པོ་དང་། གཅད་པར་བྱ་བ་དང་། བུམ་པ་དང་། རྫ་མཁན་དང་། མེ་དང་། དུ་བ་ལ་སོགས་པ་རྣམས་ཀྱང་གཅིག་ཉིད་
དུ་འགྱུར་བ་ལས་དེ་ལྟར་མཐོང་བ་ཡང་མ་ཡིན་ནོ་ཞེས་པའོ། །ཕུང་པོ་རྣམས་བདག་མ་ཡིན་ནོ་ཞེས་བརྗོད་པ་ལས་བསྟན་བཅོས་ཀྱི་ཁུངས་གཉིས་པ་བསྟན་པར་བྱ་བའི་ཕྱིར། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་ཕུང་པོ་རྣམས་ལས་བདག་ཡིན་པར་འགྱུར་ན་ཕུང་པོ་རྣམས་ལ་སྐྱེ་
བ་དང་འཇིག་པ་ཡོད་པས་བདག་ལ་ཡང་སྐྱེ་བ་དང་འཇིག་པ་ཡོད་པར་འགྱུར་རོ། །གལ་ཏེ་བདག་ལ་སྐྱེ་བ་དང་འཇིག་པ་ཉིད་ཡོད་ན་སྐྱོན་ཅི་ཡོད་སྙམ་ན་དེ་ལ་ལན་ནི། སྐྱེ་བ་དང་འཇིག་པ་ཉིད་ཡོད་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལས་ལ་ཡང་རྟེན་མེད་པའི་ཕྱིར་མེད་པས་ཞེས་བྱ་བ་ནི་ལས་ཀྱི་རྟེན་
ནི་བྱེད་པ་པོ་ཡིན་པས་དེའི་ཕྱིར་དེ་ལ་རྟེན་མེད་པས་ལས་ཀྱང་འཇིག་པས་སོ། །ལས་རྣམས་འབྲས་བུ་དང་འབྲེལ་པ་མེད་པ་ཉིད་དུ་འགྱུར་རོ་ཞེས་བྱ་བ་ནི་གང་ལས་རྣམས་ཀྱི་འབྲས་བུ་ཡིད་དུ་འོང་བ་དང་མི་འོང་བའི་མཚན་ཉིད་ཅན་དག་བྱེད་པ་པོ་དང་འབྲེལ་པ་ཉིད་དུ་མི་འགྱུར་བའོ། །གཞན་གྱིས་འབྲེལ་པ་
སྒྲུབ་པར་བྱེད་པ་ནི། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཞན་གྱིས་བསགས་པའི་ཞེས་བྱ་བ་ནི་ལྷས་བྱིན་གྱིས་བསགས་པའོ། །རྣམ་པར་སྨིན་པ་གཞན་གྱིས་ལོངས་སྤྱོད་པའི་ཕྱིར་ཞེས་བྱ་བ་ནི་མཆོད་སྦྱིན་གྱིས་རྣམ་པར་སྨིན་པ་ལོངས་སྤྱོད་པས་སོ། །བྱས་པ་ཆུད་ཟོས་པ་དང་ཞེས་བྱ་བ་
ནི་ལྷས་བྱིན་བྱས་པའི་ལས་ཀྱི་འབྲས་བུ་ཉམས་སུ་མི་མྱོང་བས་སོ། །མ་བྱས་པ་དང་ཕྲད་པར་འགྱུར་རོ་ཞེས་བྱ་བ་ནི་མཆོད་སྦྱིན་གྱིས་ལས་མ་བྱས་པར་འབྲས་བུ་ཉམས་སུ་མྱོང་བར་འགྱུར་ན་མ་བྱས་པ་དང་ཕྲད་པར་འགྱུར་བའོ། །བསྟན་བཅོས་ལས་ཀྱང་ཞེས་བྱ་བ་ནི་དབུ་མ་རྩ་བའི་ཤེས་རབ་
ལས་སོ། །གལ་ཏེ་འདི་ནི་གཞན་འགྱུར་ན། །ཞེས་བྱ་བ་ལ་སོགས་པ་ནི་གལ་ཏེ་ད་ལྟར་བའི་བདག་འདི་སྔོན་གྱི་བདག་ལས་གཞན་ཡིན་པར་གྱུར་ན་དེའི་ཚེ་སྔོན་གྱི་བདག་དེ་མེད་པར་ཡང་སྟེ་ཡོངས་སུ་དོར་ཞིང་དེ་ལ་མ་ལྟོས་པར་དེའི་རྒྱུ་ཅན་མ་ཡིན་པ་ཉིད་དུ་འགྱུར་རོ། །དེ་བཞིན་དུ་ནི་གནས་འགྱུར་ཞིང་། །

ཞེས་བྱ་བ་ནི་གལ་ཏེ་སྔོན་གྱི་བདག་ལས་བདག་འདི་གཞན་ཉིད་ཡིན་པར་གྱུར་ན་ནི་དེའི་ཚེ་གཞན་ཡིན་པའི་ཕྱིར་བུམ་པ་སྐྱེས་ནས་སྣམ་བུ་མ་ཞིག་པ་བཞིན་དུ་ཕྱིས་ཀྱི་བདག་སྐྱེ་ཙ་ན་སྔར་གྱི་བདག་འགག་པར་ཡང་མི་འགྱུར་ལ། མ་འགགས་པའི་ཕྱིར་དེ་ལྟར་ལྷ་དང་མི་ལ་སོགས་པའི་སྐྱེ་བ་གང་དུ་སྐྱེས་པ་ཁ་
དོག་དང་དབྱིབས་ལ་སོགས་པ་གང་གིས་སྔར་དམིགས་པ་དེའི་རྣམ་པ་དེ་ཉིད་ཀྱིས་དེར་གནས་པར་འགྱུར་བའམ། སྔར་གྱི་དེ་ཉིད་མ་ཤི་བར་འདིར་སྐྱེ་བར་འགྱུར་བ་ལས་མིར་སྐྱེས་པའི་དུས་སུ་སྔོན་ལྷའི་བདག་ཉིད་དེ་བཞིན་དུ་གནས་པར་འགྱུར་བ་ནི་མི་སྲིད་པ་ཡིན་ནོ་ཞེས་པའོ། །དེ་ལ་གཞན་དག་ན་རེ་
སྔར་གྱི་བདག་ཉིད་ཡོངས་སུ་དོར་ནས་འདིར་མིར་སྐྱེས་པ་ལ་སྐྱོན་ཅི་ཞིག་ཡོད་ཅེ་ན་སྐྱོན་མང་པོ་ཡོད་པར་འགྱུར་རོ། །ཇི་ལྟར་ཞེ་ན། གང་གི་ཕྱིར་དེ་ལྟར་ཡིན་པར་གྱུར་ན། ཆད་པ་དང་ལས་རྣམས་ཆུད་ཟ་བ་དང་། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་སྔོན་གྱི་བདག་སྤངས་པ་ཡིན་པར་གྱུར་ན་དེ་
ལྟར་ན་སྔོན་གྱི་བདག་དེ་དེར་ཞིག་པས་འདིར་གཞན་སྐྱེ་བའི་ཕྱིར་སྔར་གྱི་བདག་ཆད་པར་འགྱུར་ལ། བདག་དེ་ཆད་པར་གྱུར་ན་ལས་ཀྱི་རྟེན་ཆད་པས་ལས་ཆད་པའི་ཕྱིར་དང་བྱེད་པ་པོ་ཡང་མེད་པས་ཆུད་ཟ་བ་ཁོ་ནར་འགྱུར་རོ། །གལ་ཏེ་སྔར་གྱི་བདག་གིས་བྱས་པའི་ལས་ཀྱི་འབྲས་བུ་ཕྱིས་ཀྱི་བདག་གིས་
མྱོང་བར་འགྱུར་བ་རྟོག་ན་གཞན་གྱིས་བྱས་པའི་ལས་ཀྱི་འབྲས་བུ་གཞན་གྱིས་ལོངས་སྤྱོད་པར་འགྱུར་ལ་དེས་ན་མ་བྱས་པ་དང་ཕྲད་པར་འགྱུར་རོ་ཞེས་བྱ་བའི་མི་འདོད་པ་ཐོབ་པར་འགྱུར་རོ། །སོགས་པ་ཞེས་བྱ་བས་ནི་གཞན་བཅིངས་ལ། གཞན་གྲོལ་བ་ལ་སོགས་པར་འགྱུར་བ་བསྡུ་བར་བྱའོ། །
དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་མཇུག་བསྡུ་བའོ། །དེ་ལ་གཞན་དག་གི་ཕྱོགས་སྔ་མ་འགོད་པ་ནི། འདིར་སྨྲས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་ཡང་སྐད་ཅིག་སྔ་ཕྱི་དག་གཞན་ཉིད་ཡིན་མོད་ཀྱི་ཞེས་བྱ་བ་ནི་ལས་ཀྱི་བྱེད་པ་པོ་དང་ལོངས་སྤྱོད་པ་པོ་སྐད་ཅིག་གཞན་ཉིད་ཡིན་ཀྱང་ངོ་། །རྒྱུད་
འདི་གཅིག་ཁོ་ན་ཡིན་པས་ཞེས་བྱ་བ་ནི་སྐད་ཅིག་སྔ་ཕྱི་དག་གཅིག་ཏུ་ཞེན་པས་སོ། །ཁོ་བོ་ཅག་ལ་ཉེས་པ་འདི་མེད་དོ་ཞེས་བྱ་བ་ནི། སྐྱེ་འཇིག་བྱེད་པོ་མེད་པས་དེ་འབྲས་མེད། །གཞན་གྱིས་བསགས་ལ་གཞན་གྱིས་ཟ་བར་འགྱུར། །ཞེས་པའི་ཉེས་པ་འདིའོ། །དེ་ལ་སྟོན་པ་ནི། བརྗོད་པར་བྱ་སྟེ་ཞེས་བྱ་བ་

ལ་སོགས་པ་གསུངས་ཏེ། དེ་ཉིད་དུ་རྒྱུད་ཡོད་ན་སྐྱོན་མེད་ན་ཞེས་བྱ་བ་ནི་གང་དུ་དེ་ཁོ་ན་ཉིད་དོན་དམ་པར་རྒྱུད་ཡོད་པར་གྱུར་ན་བསྟན་མ་ཐག་པའི་ཉེས་པ་མེད་པར་འགྱུར་རོ། །རྣམ་དཔྱད་ཚེ་རྒྱུད་ཉིད་ལ་ཉེས་བཤད་ཟིན། །ཞེས་བྱ་བ་ནི་སྔར་རང་རྒྱུད་ལ་སྤྱོད་པའི་སྐབས་སུ་བྱམས་
པ་དང་ཉེར་སྦས་ཞེས་བྱ་བ་ལ་སོགས་པས་སྐྱོན་བརྗོད་ཟིན་པས་དེའི་ཕྱིར་རྒྱུད་མི་རིགས་པའོ། །སྐྱོན་གར་བརྗོད་ཅེ་ན། དེ་ལ་ལན་ནི། བྱམས་པས་ཉེར་སྦས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱམས་པས་ཉེར་སྦས་ལ་བརྟེན་ཆོས་རྣམས་ནི། །གཞན་ཕྱིར་རྒྱུད་གཅིག་ཏུ་ནི་རྟོགས་མ་ཡིན། །
རང་གི་མཚན་ཉིད་ཀྱིས་ཀྱང་སོ་སོར་གང་། །ཡོད་པ་དེ་ཡང་རྒྱུད་གཅིག་རྟོགས་རིགས་མིན། །ཞེས་བྱ་བ་དེར་རོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་ལྷ་ལས་མི་གཞན་ཡིན་པར་འགྱུར་ན་དེའི་ཚེ་ཅི་ལྟར་ཤིང་ནིམ་པའི་རྒྱུད་ནི་ཤིང་ནིམ་པ་ཡིན་གྱི། ཤིང་ཨ་མྲ་ནི་རྒྱུད་དུ་མི་འགྱུར་བ་དེ་བཞིན་དུ་མི་དང་ལྷ་
ཡང་རྒྱུད་གཅིག་ཏུ་རྟོགས་པར་ཡང་མི་འགྱུར་བའོ། །དེས་ན་སྔར་གྱི་ཞིག་པའི་ཕྱིར་མི་རྟག་པ་ཁོ་ནར་འགྱུར་བའོ། །གལ་ཏེ་ལྷ་མི་ལས་གཞན་ཡིན་ན་དེའི་ཚེ་རྒྱུད་གཅིག་ཏུ་འཇུག་པ་འཐད་པར་མི་འགྱུར་བ་ལས་ལྷ་དང་མི་རྒྱུད་གཅིག་ཏུ་རྟོགས་པ་ཡིན་ནོ་ཞེས་རྒྱུད་གཅིག་ཏུ་འཇུག་པ་ཡང་ཡོད་པ་
ཡིན་ནོ། །དེས་རྒྱུད་མེད་པར་ཐལ་བར་འགྱུར་བ་ལས་ལྷ་ལས་མི་གཞན་དུ་འགྱུར་བ་དག་ནི་མ་ཡིན་ནོ། །གསུངས་ཞེས་བྱ་བ་ནི་དབུ་མ་རྩ་བའི་ཤེས་རབ་ལས་སོ། །མཇུག་བསྡུ་བ་བསྟན་པར་བྱ་བའི་ཕྱིར། དེའི་ཕྱིར་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐལ་བར་འགྱུར་བ་ལྡོག་པ་
ཡང་མེད་དོ་ཞེས་བྱ་བ་ནི། སྐྱེ་འཇིག་བྱེད་པོ་མེད་པས་དེ་འབྲས་མེད། །ཅེས་བྱ་བ་ལ་སོགས་པའོ། །ཕུང་པོ་དང་སེམས་དག་ལ་བདག་ཉིད་མེད་པའི་མཇུག་བསྡུ་བ་བསྟན་པར་བྱ་བའི་ཕྱིར། དེའི་ཕྱིར་ཕུང་པོ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཕུང་པོ་དང་སེམས་ལ་བདག་ཁས་ལེན་པ་ལ་
སྐྱོན་གཞན་བསྟན་པར་བྱ་བའི་ཕྱིར། ཇི་སྐད་བཤད་པའི་ཞེས་བྱ་བ་ལ་སོགས་པ་ལ། ཇི་སྐད་བཤད་པའི་ཉེས་པར་ཐལ་བར་འགྱུར་བ་ལས་ཞེས་བྱ་བ་ནི། གལ་ཏེ་ཕུང་པོ་བདག་ན་དེ་ཕྱིར་དེ། །ཞེས་བྱ་བ་ལ་སོགས་པ་སྐྱོན་གང་བརྗོད་པ་དེར་ཐལ་བར་འགྱུར་བས་སོ། །འདི་ལས་ཀྱང་སྟེ་ཞེས་བྱ་བ་ནི་འཆད་

པར་འགྱུར་བའི་སྐྱོན་ལས་ཀྱང་ངོ་། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་འཇིག་རྟེན་མཐའ་དང་ལྡན་པ་ཉིད་ལ་སོགས་པ་མེད་པས་ལུང་ལས་འདོན་པ་དེའི་ཕྱིར་ཕུང་པོའམ་སེམས་བདག་ཡིན་ནོ་ཞེས་བྱ་བ་མི་རིགས་ཏེ།
གལ་ཏེ་ཕུང་པོ་དང་སེམས་བདག་ཡིན་པར་གྱུར་ན་དེའི་ཚེ་དེ་རྣམས་ཕུང་པོ་ལྷག་མ་མེད་པར་མྱ་ངན་ལས་འདས་པའི་དུས་སུ་ཆད་པར་འགྱུར་བས་བདག་ཀྱང་ཆད་པའི་ཕྱིར་མཐའ་དང་ལྡན་པ་ཉིད་དུ་འགྱུར་བ་ལས་ལུང་དང་འགལ་བའི་ཕྱིར་མཐའ་དང་ལྡན་པར་འདོད་པ་ཡང་མ་ཡིན་ནོ། །དེས་ན་
ཕུང་པོའམ་སེམས་ནི་བདག་མ་ཡིན་ནོ་ཞེས་པའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུང་དུ་མ་བསྟན་པའི་དངོས་པོ་བཅུ་བཞི་ཞེས་བྱ་བ་ནི་འཇིག་རྟེན་མཐའ་དང་ལྡན་པ་དང་། འཇིག་རྟེན་མཐའ་དང་མི་ལྡན་པ་དང་། མཐའ་དང་ལྡན་ཀྱང་
ལྡན་ལ་མི་ལྡན་ཀྱང་མི་ལྡན་པ་དང་། མཐའ་དང་ལྡན་པ་ཡང་མ་ཡིན་མཐའ་དང་མི་ལྡན་པ་ཡང་མ་ཡིན་ནོ་ཞེས་བྱ་བ་བཞི་དང་། འཇིག་རྟེན་རྟག་གོ་ཞེས་བྱ་བ་དང་། འཇིག་རྟེན་མི་རྟག་གོ་ཞེས་བྱ་བ་དང་། རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་གོ་ཞེས་བྱ་བ་དང་། རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་ཞེས་བྱ་བ་བཞི་དང་། དེ་བཞིན་
གཤེགས་པ་གྲོངས་ནས་ཡོད་པ་དང་། དེ་བཞིན་གཤེགས་པ་གྲོངས་ནས་མེད་པ་དང་། ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་པ་དང་། ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པ་བཞི་དང་། སྲོག་དེ་ལུས་ཡིན་སྲོག་ཀྱང་གཞན་ལུས་ཀྱང་གཞན་ཞེས་བྱ་བ་གཉིས་ཡིན་པས་དེ་ལྟར་ན་བཅུ་བཞིའོ། །
འདི་རྣམས་ལུང་བསྟན་པར་བྱ་བ་མ་ཡིན་པས་ན་ལུང་དུ་མ་བསྟན་པའི་དངོས་པོ་ཞེས་བྱའོ། །སྡེ་པ་ཐམས་ཅད་ཀྱིས་ཞེས་བྱ་བ་ནི་ཐམས་ཅད་ཡོད་པར་སྨྲ་བ་དང་། ཕལ་ཆེན་ལ་སོགས་པའི་སྡེ་པ་རྣམས་ཀྱིས་སོ། །དེ་ལྟར་བཀག་པ་དང་ཞེས་བྱ་བ་ནི་རྟག་པ་ཉིད་ལ་སོགས་པ་བཀག་
པས་སོ། །ལུང་དུ་མ་བསྟན་པའི་དངོས་པོ་བསྟན་པ་དེ་ལུང་གཞན་གྱི་སྒོ་ནས་བསྟན་པར་བྱ་བའི་ཕྱིར། དགེ་སློང་ཞིག་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་ལུང་དུ་མ་བསྟན་པའི་དངོས་པོ་བཅུ་བཞི་པར་ཡང་བརྗོད་པར་བྱའོ་ཞེས་བྱ་བ་ནི་འཇིག་རྟེན་མཐའ་དང་ལྡན་ནོ་ཞེས་བྱ་བ་

ནས་བཟུང་ནས་སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་ནོ་ཞེས་བྱ་བའི་བར་གྱི་ལྟ་བ་ཅན་ལ་ཡང་བསྐྲད་པའི་ལས་བྱའོ་ཞེས་བརྗོད་པར་བྱའོ། །འཇིག་རྟེན་གྱི་སྒྲས་ཕུང་པོ་རྣམས་འཛིན་ན་ཞེས་བྱ་བ་ནི་བདག་དང་ཕུང་པོ་དག་ཐ་མི་དད་པའི་ཕྱིར་ཕུང་པོ་ཁོ་ན་འཇིག་རྟེན་གྱི་སྒྲ་བརྗོད་
ན་དེའི་ཚེ་འཇིག་རྟེན་མི་རྟག་གོ་ཞེས་བྱ་བ་ཡང་ལུང་དུ་བསྟན་པར་འགྱུར་ཏེ། གང་གི་ཕྱིར་སྐྱེས་པ་མི་འཇིག་པ་ལ་ནི་རྟག་པ་ཞེས་བྱ་ལ། ཕུང་པོ་རྣམས་སྐད་ཅིག་སོ་སོ་ལ་འཇིག་པས་བདག་ཀྱང་འཇིག་པར་འགྱུར་བས་ཇི་ལྟར་མི་རྟག་པ་ཉིད་དུ་ལུང་དུ་མ་བསྟན་པ་ཉིད་དུ་འགྱུར་ཞེས་པའོ། །མྱ་ངན་
ལས་འདས་པའི་འོག་རོལ་དུ་ཞེས་བྱ་བ་ལ་སོགས་པ་ནི་ཕུང་པོ་ལྷག་མ་མེད་པར་མྱ་ངན་ལས་འདས་པའི་ཕྱིས་ཀྱི་དུས་སུ་ཕུང་པོ་རྣམས་ལྷག་མ་མ་ལུས་པར་ལོག་པས་བདག་ཀྱང་ལོག་པའི་ཕྱིར་འཇིག་རྟེན་མཐའ་དང་ལྡན་པ་ཡིན་ནོ་ཞེས་ཇི་ལྟར་ལུང་དུ་མ་བསྟན་པར་འགྱུར་ཞེས་པའོ། །དེ་བཞིན་དུ་དེ་བཞིན་
གཤེགས་པ་ལ་ཡང་གྲོངས་པའི་ཕྱིས་ཕུང་པོ་མི་མངའ་བས་དེ་བཞིན་གཤེགས་པ་གྲོངས་ནས་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་ལུང་དུ་མ་བསྟན་པར་འགྱུར་ཞེས་པའོ། །དེ་ལ་མཇུག་བསྡུ་བ་བསྟན་པར་བྱ་བའི་ཕྱིར། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕུང་པོ་བདག་ཉིད་དུ་ཁས་ལེན་ན་ནི་འཇིག་རྟེན་
མཐའ་དང་ལྡན་པར་འགྱུར་རོ་ཞེས་པ་ལ་སོགས་པའོ། །སྐྱོན་གཞན་བསྟན་པར་བྱ་བའི་ཕྱིར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྱོད་ཀྱི་ཕྱོགས་ཀྱི་རྣལ་འབྱོར་པས་བདག་མེད་པར་མཐོང་བའི་ཚེ་དངོས་པོ་མེད་པར་ཐལ་བར་འགྱུར་ཏེ། ཕུང་པོ་དང་བདག་ཐ་མི་དད་པས་བདག་མེད་པར་
མཐོང་བའི་དུས་སུ་ཕུང་པོ་མེད་པར་འགྱུར་བས་སོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྡུག་བསྔལ་གྱི་བདེན་པ་ཞེས་བྱ་བ་ནི་ཕུང་པོ་ལྔའི་མཚན་ཉིད་ཅན་ནོ། །དེ་ལྟར་ནི་འདོད་པ་མ་ཡིན་ཏེ། ཕུང་པོ་མེད་པར་མཐོང་བ་བདག་མེད་པར་མཐོང་བ་མ་ཡིན་
གྱི། འོན་ཀྱང་ཕུང་པོ་ལས་ཐ་དད་དུ་གྱུར་པའི་བདག་གིས་སྟོང་པ་ཉིད་མཐོང་བ་ནི་བདག་མེད་པར་མཐོང་བའོ། །དེ་ལ་གཞན་གྱི་ཕྱོགས་སྔ་མ་འགོད་པ་ནི། ཅི་སྟེ་གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལས་དང་འབྲས་བུ་འབྲེལ་པའི་དུས་སུ་ཞེས་བྱ་བ་ནི་གང་གི་ཚེ་ལས་དང་འབྲས་བུ་དག་འབྲེལ་

པའི་དུས་གང་གི་ཚེའོ། །བདག་གི་སྒྲ་སྦྱོར་བ་ཞེས་བྱ་བ་ནི་དཔེར་ན་ལས་དང་འབྲས་བུའི་འབྲེལ་པ་ནི་བདག་གི་ཡིན་པར་འགྱུར་རོ་ཞེས་བྱ་བ་འདིར་རོ། །བདག་གཞན་མི་སྲིད་པའི་ཕྱིར་ཞེས་བྱ་བ་ནི་ཕུང་པོ་ལས་ཐ་དད་པའི་བདག་ནི་མི་སྲིད་པའི་ཕྱིར་རོ། །ཕུང་པོ་རྣམས་ཁོ་ན་ལ་འཇུག་པ་ཞེས་བྱ་བ་ནི་འདི་ལ་
བདག་གི་སྒྲ་ཞེས་བྱ་བ་འདི་དང་སྦྱར་བར་བྱའོ། །འདིས་ནི་ཕུང་པོ་རྣམས་ཁོ་ན་ལ་བདག་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །གང་གི་ཚེ་བདག་མེད་པར་མཐོང་བ་ཞེས་བྱ་བ་ནི་གང་གི་ཚེ་རྣལ་འབྱོར་པས་ཕུང་པོ་བདག་མེད་པའི་རྣམ་པས་མཐོང་བའོ། །གཞན་གྱིས་ཀུན་དུ་བརྟགས་པ་ནང་གི་ཀུན་དུ་བྱེད་པའི་
སྐྱེས་བུ་ཉིད་ལ་འཇུག་སྟེ་ཞེས་བྱ་བ་ནི་གཞན་མུ་སྟེགས་པས་ཀུན་དུ་བརྟགས་པའི་ལུས་ཀྱི་ནང་ན་བདེ་བ་དང་སྡུག་བསྔལ་ལ་སོགས་པ་ལོངས་སྤྱོད་པར་བྱེད་པའི་རང་བཞིན་ཅན་གྱི་སྐྱེས་བུ་གང་ཕུང་པོ་ལས་ཐ་དད་དུ་གྱུར་པ་དེ་ལ་བདག་ཅེས་བྱ་བའི་སྒྲ་འཇུག་པའོ། །དེས་ན་བདག་མེད་པར་མཐོང་བའི་དུས་སུ་
ཕུང་པོ་མེད་པར་མཐོང་བར་འགྱུར་བ་ནི་མ་ཡིན་ནོ། །དེ་ཉིད་སྟོན་པ་ནི། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། བརྗོད་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྟག་བདག་སྤོང་ན་དེ་ཡི་ཚེ། །ཞེས་བྱ་བ་ནི་དེའི་ཚེ་སྟེ། ཕུང་པོ་རྣམས་བདག་མེད་པའི་རྣམ་
པས་མཐོང་བའི་དུས་སུ་གལ་ཏེ་ཕུང་པོ་ལས་ཐ་དད་དུ་གྱུར་པའི་བདག་རྟག་པ་ཡོད་པ་མ་ཡིན་ནོ་ཞེས་བདག་སྤོང་བར་འགྱུར་ན་དེའི་ཕྱིར་སེམས་སམ་ཕུང་པོ་ནི་བདག་ཏུ་མི་འགྱུར་རོ། །དེས་ན་ཕུང་པོ་རྣམས་བདག་ཡིན་ནོ་ཞེས་གང་ཁས་བླངས་པ་དེ་དང་འགལ་བར་འགྱུར་རོ་ཞེས་པའོ། །དེ་འགྲེལ་པས་བསྟན་པར་བྱ་
བའི་ཕྱིར། གལ་ཏེ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་གི་སྒྲས་ཞེས་བྱ་བ་ནི་བདག་མེད་པར་ཞེས་བྱ་བ་འདིར་གང་དགག་པར་བྱ་བའི་བདག་གི་སྒྲ་དེས་སོ། །ཕྱོགས་ཉམས་པར་འགྱུར་རོ་ཞེས་བྱ་བ་ནི་ཕུང་པོའམ་སེམས་བདག་ཡིན་ནོ་ཞེས་བྱ་བའི་ཕྱོགས་གང་ཡིན་པ་དེ་ཉམས་པར་འགྱུར་བའོ། །
དེ་ལ་གཞན་གྱི་ཕྱོགས་སྔ་མ་འགོད་པ་ནི། ཅི་སྟེ་རྣམ་པ་དེ་ལྟ་བུའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པ་དེ་ལྟ་བུའི་ཡུལ་ལ་ཞེས་བྱ་བ་ནི་གང་གི་ཚེ་རྣལ་འབྱོར་པས་ཕུང་པོ་བདག་མེད་པའི་རྣམ་པས་མཐོང་བའི་གནས་ལའོ། །འདི་འཇུག་པར་མི་འདོད་དེ་ཞེས་བྱ་བ་ནི་བདག་གི་སྒྲ་འདི་ཕུང་པོ་ལ་འཇུག་

པར་མི་འདོད་ཀྱི། འོན་ཀྱང་གཞན་གྱིས་ཀུན་དུ་བརྟགས་པའི་བདག་ལའོ། །དེའི་ཕྱིར་སྐྱོན་མེད་དོ་ཞེས་བྱ་བ་ནི་ཕྱོགས་ཉམས་པར་འགྱུར་རོ་ཞེས་བྱ་བའི་སྐྱོན་གང་བརྗོད་པ་དེ་སྐྱོན་དུ་མི་འགྱུར་བའོ། །འདིའི་དོན་ནི་གལ་ཏེ་རྣམ་པ་ཐམས་ཅད་དུ་ཐ་དད་དུ་འགྱུར་བའི་བདག་ལ་བདག་གི་
སྒྲ་འཇུག་པར་འདོད་ན་དེའི་ཚེ་ཕུང་པོ་འམ་སེམས་ནི་བདག་གོ་ཞེས་གང་བརྗོད་པ་དེ་དང་འགལ་བར་འགྱུར་བ་ལས་འོན་ཀྱང་བདག་མེད་པར་མཐོང་བའི་སྐབས་སུ་བདག་གི་སྒྲས་གཞན་གྱིས་ཀུན་དུ་བརྟགས་པའི་བདག་བརྗོད་པ་ཡིན་ལ། གཞན་དུ་ནི་ཕུང་པོའམ་སེམས་ཡིན་པས་ཅི་ལྟར་འགལ་བར་འགྱུར་
ཏེ། དེ་དག་ཀྱང་བདག་མེད་དུ་ཁས་བླངས་པས་སོ་ཞེ་ན། དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། འདི་ཡང་ཡོད་པ་མ་ཡིན་ཏེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་དགུར་སྤྱོད་པ་ཞེས་བྱ་བ་ནི་འགའ་ཞིག་ཏུ་ཕུང་པོ་ལས་ཐ་དད་པ་རྟག་པའི་བདག་ལ་བདག་གི་སྒྲས་བརྗོད་ལ། འགའ་ཞིག་ཏུ་ཕུང་
པོའམ་སེམས་ལ་བདག་གི་སྒྲས་བརྗོད་པ་ཡིན་ནོ་ཞེས་རང་དགར་སྤྱོད་པ་ཅི་ལྟར་ཐོབ་ཅེས་པའོ། །འདིར་ཞེས་བྱ་བ་ནི་བདག་མེད་པར་མཐོང་བའི་གནས་སྐབས་སོ། །གཞན་གྱིས་སྨྲས་པ། མི་སྲིད་པའི་ཕྱིར་ཞེ་ན་ཞེས་བྱ་བ་གསུངས་ཏེ། འདིར་གལ་ཏེ་བདག་མེད་པར་མཐོང་བའི་གནས་སྐབས་སུ་བདག་མེད་
པའི་སྒྲ་ཕུང་པོ་ལ་འཇུག་པ་ཡིན་ན་དེའི་ཚེ་བདག་མེད་པར་མཐོང་བའི་དུས་སུ་ཕུང་པོ་མེད་པར་མཐོང་བར་འགྱུར་བ་ལས། ཕུང་པོ་མེད་པར་མཐོང་བ་མ་ཡིན་ནོ། །དེས་ན་གནས་སྐབས་འདིར་ཕུང་པོ་ལ་བདག་གི་སྒྲ་འཇུག་པ་སྲིད་པ་མ་ཡིན་ནོ། །དེས་ན་ནང་གི་བྱེད་པའི་རང་བཞིན་ཅན་གྱི་སྐྱེས་བུ་ཉིད་བརྗོད་པ་ཡིན་ནོ་
ཞེ་ནའོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། ཕུང་པོ་རྣམས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་འཇུག་པ་ཞེས་བྱ་བ་ནི་བདག་གི་སྒྲས་འཇུག་པའོ། །སྲིད་པ་ཡོད་པ་མ་ཡིན་ནོ་ཞེས་བསྟན་ཟིན་ཏོ་ཞེས་བྱ་བ་ནི། གལ་ཏེ་ཕུང་པོ་བདག་ན་དེ་ཕྱིར་ཏེ། །མང་བས་བདག་དེ་དག་ཀྱང་མང་བར་འགྱུར། །
ཞེས་བྱ་བ་ལ་སོགས་པས་ཕུང་པོ་རྣམས་ལ་བདག་གི་སྒྲ་འཇུག་པ་སྲིད་པ་མ་ཡིན་ནོ་ཞེས་བསྟན་ཟིན་པའོ། །མཇུག་བསྡུ་བ་བསྟན་པར་བྱ་བའི་ཕྱིར། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་དུ་ཡང་མི་འདོད་པར་བྱ་དགོས་སོ་ཞེས་བྱ་བ་ནི་ལས་དང་འབྲས་བུའི་འབྲེལ་པའི་དུས་སུའོ། །ཅི་སྟེ་གཞན་

དུ་ཞེས་བྱ་བ་ནི་སྔར་བཞིན་དུའོ། །དེ་འདིར་ཡང་འདོད་པར་བྱ་དགོས་སོ་ཞེས་བྱ་བ་ནི། ཆོས་ཐམས་ཅད་བདག་མེད་པའི་ཞེས་བྱ་བ་འདིར་ཡང་ངོ་། །སྐྱོན་གཞན་བསྟན་པར་བྱ་བའི་ཕྱིར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྱོད་ཀྱི་ཕྱོགས་ཀྱི་རྣལ་འབྱོར་པས་ཕུང་པོ་
ལས་ཐ་དད་པའི་བདག་མེད་པ་མཐོང་ན་ཕུང་པོ་ལས་ཐ་དད་པའི་བདག་མེད་པར་ཡོངས་སུ་ཤེས་པས་གཟུགས་ལ་སོགས་པའི་ཕུང་པོ་རྣམས་ཀྱི་དེ་ཁོ་ན་ཉིད་རྟོགས་པར་མི་འགྱུར་ལ། དེས་ན་དེའི་ངོ་བོ་རྟོགས་མེད་ཕྱིར་ཏེ། གཟུགས་ལ་སོགས་པའི་རང་བཞིན་མ་རྟོགས་པའི་ཕྱིར་འདོད་
ཆགས་ལ་སོགས་པ་སྐྱེ་བར་འགྱུར་རོ། །གལ་ཏེ་འདོད་ཆགས་ལ་སོགས་པ་བདག་ལ་དམིགས་ནས་འཇུག་པའི་ཕྱིར་སྐྱེ་བར་མི་འགྱུར་རོ་ཞེ་ན། ལན་ནི་གཟུགས་ལ་དམིགས་ནས་འཇུག་ཕྱིར་ཞེས་སྨོས་སོ། །དེ་དཔེའི་སྒོ་ནས་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། ཟེ་འབྲུ་ལ་སོགས་པ་
ཞེས་བྱ་བ་གསུངས་ཏེ། དེ་ཙམ་གྱིས་ནི་ཞེས་བྱ་བ་ནི་ཁུ་བྱུག་ཡོད་ཅེས་བརྗོད་པ་ཙམ་གྱིས་སོ། །དེའི་ཞེས་བྱ་བ་ནི་ཟེ་འབྲུའིའོ། །དེ་ལ་ཞེས་བྱ་བ་ནི་ཟེ་འབྲུ་ལའོ། །དེར་རྟོགས་པའི་ཞེས་བྱ་བ་ནི་ཟེ་འབྲུའི་དགོས་པའོ། །དེ་ལྟར་དཔེར་བསྟན་ནས་དོན་བསྟན་པར་བྱ་བའི་ཕྱིར། དེ་བཞིན་དུ་འདིར་
ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་རང་བཞིན་ཡོངས་སུ་མ་ཤེས་པས་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་རང་བཞིན་ཡོངས་སུ་མ་ཤེས་པས་སོ། །དེ་ལ་ཞེས་བྱ་བ་ནི་རྣལ་འབྱོར་པ་ལའོ། །འདིར་ཁུ་བྱུག་དང་མཚུངས་པ་ནི་བདག་མེད་པ་ཡིན་ཏེ། ཅི་ལྟར་ཁུ་བྱུག་ཡོད་པ་
ཡོངས་སུ་ཤེས་ཀྱང་ཟེ་འབྲུའི་མངར་བ་ཉིད་མི་རྟོགས་པ་དེ་བཞིན་དུ་བདག་མེད་པ་ཡོངས་སུ་ཤེས་ཀྱང་གཟུགས་ལ་སོགས་པའི་ངོ་བོ་མ་དམིགས་པ་ཡིན་ནོ་ཞེས་པའོ། །ཡང་ན་གཟུགས་ཞེས་བྱ་བ་ལ་སོགས་པ་ལ་དེ་ལ་དམིགས་པའི་འདོད་ཆགས་ལ་སོགས་པ་སྤོང་ན་ཡང་ཞེས་བྱ་བ་ནི་གཟུགས་ལ་
སོགས་པ་དམིགས་པའི་འདོད་ཆགས་ལ་སོགས་པ་སྤོང་ཡང་ངོ་། །བདག་གི་དངོས་པོ་མེད་པ་ལ་ཅི་ཞིག་འབྱུང་བར་འགྱུར་ཏེ་ཞེས་བྱ་བ་ནི་དེས་ཅུང་ཟད་ཀྱང་བྱས་པ་མ་ཡིན་ཏེ། གཟུགས་ལ་སོགས་པའི་རང་བཞིན་ཡོངས་སུ་ཤེས་པས་འདོད་ཆགས་ལ་སོགས་པ་སྤོང་ཞིང་བདག་མེད་པ་ཡོངས་

སུ་ཤེས་པས་གཟུགས་ལ་སོགས་པའི་འདོད་ཆགས་ལ་སོགས་པ་ཡོངས་སུ་མི་སྤོང་བས་སོ། །འདིར་ཡང་ཁུ་བྱུག་མེད་ཅེས་པ་ནི་བདག་མེད་པ་དང་མཚུངས་པ་ཡིན་ཏེ། ཅི་ལྟར་ཁུ་བྱུག་མེད་པར་ཡོངས་སུ་ཤེས་ཀྱང་ཟེ་འབྲུའི་མངར་བ་ཉིད་དམིགས་པ་དང་མངར་
བའི་ཡུལ་ཅན་གྱི་མངོན་པར་ཞེན་པ་ལྡོག་པར་མི་འགྱུར་ལ། དེ་བཞིན་དུ་འདིར་ཡང་བདག་མེད་པ་ཡོངས་སུ་ཤེས་ཀྱང་གཟུགས་ལ་སོགས་པ་དམིགས་པའི་ཕྱིར་གཟུགས་ལ་སོགས་པའི་ཡུལ་ཅན་གྱི་མངོན་པར་ཞེན་པ་མི་ལྡོག་པས་འདོད་ཆགས་ལ་སོགས་པ་སྐྱེ་བར་འགྱུར་བ་ཁོ་ན་ཡིན་
ནོ། །བདག་གི་དངོས་པོ་མེད་པ་ལ་ཅི་ཞིག་བྱས་པར་འགྱུར་ཞེས་བྱ་བ་འདིས་རྒྱས་པར་བསྟན་པར་བྱ་བའི་ཕྱིར། གང་གིས་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་སྡུག་བསྔལ་བར་དོགས་པ་ཞེས་བྱ་བ་ནང་གི་བྱེད་པའི་སྐྱེས་བུ་སྡུག་བསྔལ་བར་དོགས་པས་སོ། །གང་གིས་ན་ཞེས་བྱ་བ་ནི་
ཡུལ་བདེན་པ་དང་ཡོངས་སུ་དོར་བས་སོ། །དེ་མེད་པས་ཡོངས་སུ་ཤེས་པ་ལས་ཞེས་བྱ་བ་ནི་ནང་གི་བྱེད་པའི་རང་བཞིན་ཅན་གྱི་སྐྱེས་བུ་མེད་པར་ཤེས་པ་ལས་སོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་མཇུག་བསྡུ་བ་སྟེ། དེའི་རང་གི་ངོ་བོ་ཡོངས་སུ་ཤེས་པ་འདོད་ཆགས་ལ་སོགས་པ་སྤོང་བའི་
རྒྱུ་མེད་པའི་ཕྱིར་ཏེ་ཞེས་བྱ་བ་ནི་འདོད་ཆགས་སྤོང་བའི་རྒྱུར་གྱུར་པ་གང་ཟག་ལ་སོགས་པའི་རང་བཞིན་ཡོངས་སུ་ཤེས་པ་དེ་མེད་པའི་ཕྱིར་ཏེ། གཟུགས་ལ་སོགས་པ་ལ་དམིགས་པའི་འདོད་ཆགས་ལ་སོགས་པ་རྣམས་གཟུགས་ལ་སོགས་པའི་ངོ་བོ་ཡོངས་སུ་ཤེས་པ་སྤོང་བ་ཡིན་གྱི།
བདག་མེད་པ་ཡོངས་སུ་ཤེས་པ་ནི་མ་ཡིན་ཏེ་ཞེས་པའོ། །དེ་ལ་དཔེ་སྟོན་པ་ནི། ཕྱི་རོལ་པ་བཞིན་ཞེས་བྱ་བ་ནི་གསུངས་ཏེ། ཅི་ལྟར་འདིས་སངས་རྒྱས་པ་ལས་ཕྱི་རོལ་པ་ལ་གཟུགས་ལ་སོགས་པའི་རང་བཞིན་ཡོངས་སུ་ཤེས་པ་མེད་པས་འདོད་ཆགས་ལ་སོགས་པ་སྤོང་བར་མི་འགྱུར་
བ་དེ་བཞིན་དུའོ། །དེ་ལ་གཞན་གྱི་དོགས་པ་བསུ་བར་བྱ་བའི་ཕྱིར། ཅི་སྟེ་ཁོ་བོ་ཅག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུང་ཚད་མར་བྱེད་པ་ལ་ཞེས་བྱ་བ་ནི་ཁོ་བོ་ཅག་གི་ལུང་ཚད་མར་ཁས་ལེན་པའོ། །རྟོག་གེ་པའི་ཚད་མས་གནོད་པ་མ་ཡིན་ལ་ཞེས་བྱ་བ་ནི་རྟོག་གེའི་བསྟན་བཅོས་

ལས་ཚད་མ་གང་བརྗོད་པ་དེས་གནོད་པ་མ་ཡིན་ཏེ། ཁོ་བོ་ཅག་གིས་ལུང་གསུངས་པ་ཁོ་ན་ཚད་མར་འདོད་པས་སོ། །དེས་ན་ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པའི་ལུང་གིས་ཕུང་པོ་རྣམས་ཁོ་ན་བདག་ཡིན་ནོ་ཞེས་ཁས་བླང་བར་བྱའོ་ཞེས་པའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། ལུང་
གིས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་དུ་འདིར་ཞེས་བྱ་བ་ནི་ཕུང་པོ་བདག་ཏུ་ཁས་ལེན་པའི་གནས་སྐབས་ན་ཡང་ངོ་། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། གང་ཕྱིར་སྟོན་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་སྟོན་པས་ཕུང་པོ་རྣམས་བདག་ཡིན་ནོ་ཞེས་
གསུངས་པ་དེའི་ཕྱིར་ཁྱོད་ཀྱིས་ཕུང་པོ་རྣམས་ཁོ་ན་བདག་ཡིན་པར་འདོད་ན་ཞེས་ཕྱོགས་སྔ་མ་རྗེས་སུ་བརྗོད་ནས་ལན་འདེབས་པ་ནི། དེའི་ཕུང་པོ་ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགེ་སློང་དག་ཅེས་བྱ་བ་ལ་སོགས་པའི་ལུང་གིས་ཕུང་པོ་རྣམས་བདག་ཉིད་དུ་བསྟན་པ་མ་ཡིན་གྱི།
འོན་ཀྱང་ཕུང་པོ་ལས་ཐ་དད་པའི་བདག་འགོག་པ་སྟོན་པ་ནི་འདི་ལྟར་དེ་དག་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ཁོ་ན་ལ་ཡང་དག་པར་རྗེས་སུ་བལྟའོ་ཞེས་གསུངས་པས་ཕུང་པོ་རྣམ་པ་ལྔ་ལས་ཐ་དད་དུ་གྱུར་པའི་བདག་དེ་དག་གིས་མཐོང་བ་མ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །དེས་ན་ཕུང་པོ་
རྣམ་པ་ལྔ་ལས་ཐ་དད་དུ་གྱུར་པའི་བདག་དགག་པ་ཁོ་ན་ལུང་གི་དོན་ཡིན་ནོ་ཞེས་པའོ། །གལ་ཏེ་ལུང་གི་དོན་ཕུང་པོ་ལས་ཐ་དད་པའི་བདག་འགོག་པ་ཡིན་ལ། ཕུང་པོ་རྣམས་བདག་ཉིད་དུ་བསྟན་པ་མ་ཡིན་ནོ་ཞེས་པ་དེ་གང་ལས་རྟོགས་པར་འགྱུར་ཞེ་ན། དེ་ལ་ལན་བསྟན་པར་བྱ་བའི་ཕྱིར།
གཟུགས་བདག་མིན་སོགས་མདོ་གཞན་གསུངས་ཕྱིར་རོ། །ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་མདོ་གཞན་ལས་གཟུགས་ནི་བདག་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་ཕུང་པོ་རྣམས་ལས་བདག་ཉིད་དཀག་པས་དེའི་ཕྱིར་ཕུང་པོ་ལས་ཐ་དད་དུ་འགྱུར་བའི་བདག་ཁོ་ན་ལུང་གི་དོན་ཡིན་ནོ་ཞེས་
ཁོང་དུ་ཆུད་པ་ཡིན་ནོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། མདོ་འདིས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡིད་ཆེས་པར་འགྱུར་བ་ཞེས་བྱ་བ་ནི་ངེས་པར་འགྱུར་བའོ། །དགོས་པ་ལ་དགོས་པ་ཅི་ཞིག་ཡོད་ཅེ་ན། དེ་ལ་ལན་ནི། ཀུན་རྫོབ་ཀྱི་བདེན་པ་ལ་ལྟོས་ནས་ཞེས་བྱ་བ་

གསུངས་ཏེ། ཅི་ལྟར་མུ་སྟེགས་པ་རྣམས་ཀྱིས་བདག་ཕུང་པོ་ལས་ཐ་དད་དུ་འགྱུར་བ་དང་། རྟག་པ་ལ་སོགས་པའི་ཡོན་ཏན་ལྡན་པས་ཀུན་ཏུ་བརྟགས་པ་དེ་ཀུན་རྫོབ་ཏུ་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཀུན་རྫོབ་ཀྱི་བདེན་པ་ཕྱིན་ཅི་མ་ལོག་པར་གསལ་
བར་བྱ་བའི་ཕྱིར་རོ་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་ཡང་ཡོད་པ་མ་ཡིན་པའི་བདག་ལ་སོགས་པ་ཡོངས་སུ་མ་བཏགས་པས་ཀུན་རྫོབ་ཀྱི་བདེན་པའི་ཕྱིན་ཅི་མ་ལོག་པར་གསལ་བར་འགྱུར་བའོ། །དེ་འདི་ལྟར་གང་ལས་ངེས་ཤེ་ན་ཞེས་བྱ་བ་ནི་དགེ་སློང་དག་དགེ་སྦྱོང་ངམ་ཞེས་བྱ་བ་ལ་སོགས་པའི་ལུང་འདི་
ཕུང་པོ་ལས་ཐ་དད་དུ་གྱུར་པའི་བདག་འགོག་པ་ཁོ་ན་ཡིན་ལ། ཕུང་པོ་རྣམས་ལ་བདག་ཉིད་དུ་སྟོན་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ནི་གང་ལས་ངེས་ཤེ་ནའོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། མདོ་གཞན་ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་མདོ་གཞན་ལས་གཟུགས་
ལ་སོགས་པ་རྣམས་བདག་ཉིད་ཡིན་པ་བཀག་པ་དེའི་ཕྱིར་དགེ་སློང་དག་ཅེས་བྱ་བ་ལ་སོགས་པ་དེར་ཕུང་པོ་རྣམས་ཁོ་ན་བདག་ཡིན་ནོ་ཞེས་མདོའི་བཞེད་པ་མ་ཡིན་ནོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་ཕྱིར་གཟུགས་ཚོར་བདག་
མ་ཡིན། །ཞེས་བྱ་བ་ལ་སོགས་པའི་དགོངས་པ་བསྟན་པར་བྱ་བའི་ཕྱིར། གང་ལས་གཟུགས་ལ་སོགས་པ་རྣམས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བརྟེན་ནས་གདགས་པའི་བདག་ཅེས་བྱ་བ་ནི་ཕུང་པོ་ལ་བརྟེན་ནས་ཐ་སྙད་བཏགས་པའི་བདག་གོ། །ཕུང་པོའི་ཉེ་བར་ལེན་པ་
ཅན། །ཞེས་བྱ་བ་ནི་ཕུང་པོ་ཉེ་བར་ལེན་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། གང་ཕུང་པོ་ལ་བརྟེན་ནས་ཐ་སྙད་བཏགས་པའི་བདག་དེ་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཀུན་རྫོབ་ཏུ་ཐ་སྙད་དུ་གདགས་པར་བྱ་བ་བདག་ཡོད་པ་ཡིན་པས་ཅི་ལྟར་འགེགས་པར་བྱེད་ཅེ་ན།
ལན་ནི་དེ་ཁོ་ན་ཉིད་སེམས་པའི་སྐབས་ཡིན་པའི་ཕྱིར་རོ་ཞེས་བྱ་བ་གསུངས་ཏེ། དོན་དམ་པ་ལ་སྤྱོད་པའི་གནས་སྐབས་ཡིན་པས་བརྟེན་ནས་གདགས་པར་བྱ་བའི་བདག་ཀྱང་ཡོད་པ་མ་ཡིན་ནོ་ཞེས་བྱའོ། །བདག་བཀག་པའི་དགོས་པ་བསྟན་པར་བྱ་བའི་ཕྱིར། གང་གི་ཕྱིར་ཞེས་བྱ་བ་གསུངས་

ཏེ། ཉེ་བར་ལེན་པ་པོ་མི་དམིགས་ན་ཞེས་བྱ་བ་ནི་ཕུང་པོ་ཉེ་བར་ལེན་པར་བྱེད་པའི་བདག་མ་དམིགས་པས་སོ། །དེའི་ཉེ་བར་ལེན་པ་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཉེ་བར་ལེན་པ་ལ་ལྟོས་ནས་ཉེ་བར་ལེན་པའི་རྣམ་གཞག་བྱེད་པ་ཡིན་པས་ཉེ་བར་ལེན་པ་པོ་མེད་ན་ཉེ་བར་ལེན་པ་ཡང་མེད་པའོ། །
དེས་ན་ཕུང་པོ་ལ་སོགས་པ་མེད་པས་ཁོ་བོའི་མངོན་པར་ཞེན་པ་ནི་དངོས་པོ་དང་བྲལ་བ་ཡིན་པས་ཕུང་པོ་ལ་སོགས་པའི་ཡུལ་ཅན་གྱི་འདོད་ཆགས་སོགས་པ་རྣམས་ལོག་པར་འགྱུར་བའོ། །དེས་ན་བརྟེན་ནས་གདགས་པའི་བདག་བཀག་པའི་དགོས་པ་ནི་གཟུགས་ལ་སོགས་པ་ལ་
འདོད་ཆགས་དང་བྲལ་བའི་དོན་དུའོ། །མཇུག་བསྡུ་བ་བསྟན་པར་བྱ་བའི་ཕྱིར། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མདོ་གཞན་ལས་དེ་སྐད་དུ་གསུངས་པ་ཞེས་བྱ་བ་ནི། གང་གི་ཕྱིར་གཟུགས་བདག་མིན་ཞེས་བྱ་བ་ལ་སོགས་པའོ། །སྔར་གྱི་ཞེས་བྱ་བ་ནི་དགེ་སློང་དག་
དགེ་སྦྱོང་ངམ་ཞེས་བྱ་བ་ལ་སོགས་པ་སྔར་བསྟན་པ་གང་ཡིན་པའོ། །སྐྱོན་གཞན་བསྟན་པར་བྱ་བའི་ཕྱིར། གཞན་ཡང་མདོ་སྡེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མདོ་སྡེ་བསྟན་པ་འདི་ནི་ཞེས་བྱ་བ་འདི་ནི་དགེ་སློང་དག་ཅེས་བྱ་བ་ལ་སོགས་པའོ། །སྒྲུབ་པའི་ཚུལ་དུ་དེས་ཀྱང་ཞེས་བྱ་བ་ནི་
ཕུང་པོ་རྣམས་བདག་ཉིད་དུ་བསྟན་པས་སྒྲུབ་པའི་ཚུལ་དུ་ངེས་ཀྱང་ངོ་། །ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་སྟོན་པར་མི་ནུས་པ་ཅིའི་ཕྱིར་ཞེ་ནའོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕུང་པོ་རྣམས་བདག་ཉིད་ཅེས་པ་བརྗོད་པས་ན་ཕུང་པོ་མང་པོ་ཚོགས་པ་བདག་
ཏུ་འགྱུར་གྱི་ཕུང་པོ་རེ་རེ་ནི་བདག་གི་རང་བཞིན་མ་ཡིན་ནོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤིང་གི་ངོ་བོ་མ་ཡིན་པ་ཞེས་བྱ་བ་ནི་ཤིང་རེ་རེའི་རང་བཞིན་ཅན་ནི་ནགས་ཚལ་དུ་མི་འགྱུར་རོ་ཞེས་པའོ། །ཅིའི་ཕྱིར་ཞེ་ན། དེ་ལ་ལན་ནི། ཤིང་རེ་རེ་ཞེས་བྱ་
བ་ལ་སོགས་པ་གསུངས་ཏེ། ཕུང་པོ་ཚོགས་པ་ཉིད་བདག་ཡིན་གྱི་ཕུང་པོ་རེ་རེ་ནི་མ་ཡིན་ནོ་ཞེས་པའོ། །ཕུང་པོ་ཚོགས་པ་བདག་ཉིད་དུ་འགྱུར་ན་སྐྱོན་ཅི་ཡོད་ཅེ་ན། དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཅི་ཡང་མ་ཡིན་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་

དངོས་པོ་མེད་པའི་རང་བཞིན་ཡིན་པས་དངོས་པོ་མེད་པ་ཡང་མགོན་ནམ་འདུལ་བ་འམ་དབང་པོ་ཉིད་དུ་རིགས་པ་མ་ཡིན་པའོ། །དེས་ན་ཚོགས་པ་ཡང་བདག་ཉིད་དུ་མི་རིགས་པའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། གང་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་
སོགས་པ་གསུངས་ཏེ། བདག་ཉིད་བདག་གི་མགོན་ཡིན་ཏེ། །ཞེས་བྱ་བ་ནི་བདག་ཉིད་བདེ་འགྲོར་འགྲོ་བའི་ལས་ལ་སེམས་འཇུག་པར་བྱེད་པ་ཡིན་པས་མགོན་ཡིན་ཏེ། ཕན་འདོགས་པར་བྱེད་པ་ཡིན་པས་སོ། །བདག་ཉིད་བདག་གི་དགྲ་ཡང་ཡིན། །ཞེས་བྱ་བ་ནི་ངན་འགྲོར་འགྲོ་བར་
བྱེད་པའི་ལས་ལ་འཇུག་པར་བྱེད་པས་སོ། །ལེགས་དང་ངན་པར་བྱས་པ་ལ། །བདག་ཉིད་བདག་གི་དཔང་པོ་ཡིན། །ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བའི་ལས་བྱས་པ་ལ་བདག་ཉིད་དབང་པོ་ཡིན་ཏེ། དེས་ཉམས་སུ་མྱོང་བ་ཡིན་པས་སོ། །དེ་ལ་གཞན་གྱི་དོགས་པ་བསུ་བར་བྱ་བའི་ཕྱིར།
ཅི་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚོགས་པ་ཚོགས་པ་ཅན་ལས་ཐ་དད་དུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཕུང་པོ་ལྔ་ལས་ཐ་དད་དུ་གྱུར་པའི་ཚོགས་པ་མེད་པའི་ཕྱིར་རོ། །འབྲས་བུ་ཞེས་བྱ་བ་ལ་སོགས་པ་ནི་ཚོགས་པ་ནི་བདག་ཡིན་ནོ་ཞེས་བྱ་བ་ནི་ཚིག་འདིས་ཚོགས་པ་
བདག་ཏུ་བསྟན་པ་ཡིན་ལ། བདག་ཏུ་བསྟན་པ་དེའི་ཚིག་གི་འབྲས་བུ་ཡིན་པས་འབྲས་བུ་ཡིན་ནོ། །དེ་ཡང་ཚོགས་པ་མི་སྲིད་པས་ཕུང་པོ་རེ་རེ་བདག་ཉིད་དུ་གཏོགས་པའི་ཕྱིར་ཏེ། བདག་རྫས་སུ་ཡོད་པས་བདག་ལ་མགོན་དང་འདུལ་བ་ཉིད་དང་དབང་པོ་ཉིད་དུ་རིགས་པ་ཡིན་ནོ་ཞེ་ན། དེ་ལ་ལན་
བསྟན་པར་བྱ་བའི་ཕྱིར། འདི་ཡང་ཡོད་པ་མ་ཡིན་ཏེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉེས་པ་བཤད་ཟིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཕུང་པོ་རེ་རེ་བདག་ཏུ་འདོད་པའི་ཕྱོགས་ལ། གལ་ཏེ་ཕུང་པོ་བདག་འདོད་ན། །ཞེས་བྱ་བ་ལ་སོགས་པ་སྐྱོན་སྔར་བསྟན་ཟིན་པའི་ཕྱིར་ཕྱོགས་འདི་ནི་མི་
རིགས་པའོ། །སྐྱོན་གཞན་བསྟན་པར་བྱ་བའི་ཕྱིར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་ཕུང་པོའི་ཚོགས་ལ་བདག །ཅེས་བརྗོད་པ་ནི་ཚོགས་པ་ཅན་བདག་ཉིད་དུ་ཁོང་དུ་ཆུད་པ་ཡིན་ན་དེའི་ཚེ་ཡན་ལག་གི་ཚོགས་ལ་ཤིང་རྟ་ཞེས་བརྗོད་པ་ན་ཡན་ལག་ཅན་ཤིང་རྟ་ཉིད་དུ་

རྟོགས་པས་ཤིང་རྟའི་དབྱིབས་སུ་མ་བྱས་པའི་སྤུངས་ནས་གནས་པའི་ཤིང་རྟའི་ཡན་ལག་རྣམས་ཀྱང་ཤིང་རྟ་ཉིད་དུ་འགྱུར་བའོ། །དེའི་རྒྱུ་མཚན་བསྟན་པར་བྱ་བའི་ཕྱིར། དེའི་ཡན་ལག་ཚོགས་ཞེས་བྱ་བ་སྨོས་ཏེ། ཤིང་རྟའི་ཡན་ལག་ཡིན་པས་སོ། །ཤིང་རྟ་དང་བདག་མཚུངས་ཞེས་བྱ་བ་ནི་ཅི་
ལྟར་འཁོར་ལོ་ལ་སོགས་པ་ཤིང་རྟའི་ཡན་ལག་གི་ཚོགས་པ་ལ་བརྟེན་ནས་ཤིང་རྟར་འདོགས་པ་དེ་བཞིན་དུ་ཕུང་པོ་ལ་བརྟེན་ནས་བདག་ཏུ་བཏགས་པ་ཙམ་ཡིན་ནོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། མདོ་ལས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ཅེས་བྱ་བ་འདོད་བྱེད་ན། །
ཞེས་བྱ་བ་ནི་བདག་ཡོད་དོ་ཞེས་སེམས་པར་བྱེད་ནའོ། །ཁྱོད་ཀྱི་བདུད་ལྟའི་རྣམ་པ་ཡིན། །ཞེས་བྱ་བ་ནི་བདག་ཡོད་དོ་ཞེས་ཁྱོད་ཀྱིས་སེམས་པར་བྱེད་ན་ནི་བདུད་ཀྱི་ལྟ་བའི་རྣམ་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། འདུ་བྱེད་ཕུང་པོ་འདི་སྟོང་སྟེ། །ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་གཟུགས་ལ་
སོགས་པའི་འདུ་བྱེད་རྣམས་ཀྱི་ཕུང་པོ་སྟེ། ཚོགས་ནི་སྟོང་པ་ཡིན་པས་སོ། །དེས་ན། འདི་ལ་སེམས་ཅན་ཡོད་མ་ཡིན། །ཞེས་བྱ་བ་གསུངས་ཏེ། འདུ་བྱེད་ཀྱི་ཚོགས་རྣམས་སྟོང་པའི་ཕྱིར་སེམས་ཅན་གྱི་རྟེན་མེད་པས་སེམས་ཅན་ག་ལ་ཡོད་ཅེས་པའོ། །གལ་ཏེ་སེམས་ཅན་མེད་ན་བདག །
ཅེས་བྱ་བའི་ཐ་སྙད་ཅི་ལྟར་བྱེད་ཅེ་ན། དེ་ལ་ལན་ནི། ཅི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཅི་ལྟར་ཤིང་རྟའི་ཡན་ལག་གི་ཚོགས་པ་ལ་བརྟེན་ནས་ཤིང་རྟར་འདོགས་པ་དེ་བཞིན་དུ་གཟུགས་ལ་སོགས་པའི་ཕུང་པོ་རྣམས་ལ་བརྟེན་ནས་སེམས་ཅན་ཞེས་ཐ་སྙད་བྱེད་པའོ། །དེས་ན་བདག་མེད་དུ་
ཟིན་ཀྱང་སེམས་ཅན་བཏགས་པ་ཙམ་དུ་ཡོད་པའོ། །ཡང་ཕུང་པོའི་ཚོགས་པ་བདག་ཉིད་ཡིན་པ་ལ་སྐྱོན་གཞན་བསྟན་པར་བྱ་བའི་ཕྱིར། དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་ན་ཞེས་བྱ་བ་ནི། དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བརྗོད་དོ། །ཞེས་
བྱ་བའི་རྣམ་པ་འདིས་མདོ་ལས་ཕུང་པོ་རྣམས་ལ་བརྟེན་ནས་བདག་བཏགས་པ་ཡིན་ནོ་ཞེས་གསུངས་ལ། དེས་ན་ཕུང་པོའི་ཚོགས་ཙམ་ནི་བདག་མ་ཡིན་ནོ། །ཅི་ལྟར་ཕུང་པོའི་ཚོགས་ཙམ་བདག་མ་ཡིན་པ་དེ་བསྟན་པར་བྱ་བའི་ཕྱིར། གང་ཞིག་ལ་བརྟེན་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།

ཕུང་པོ་ལ་སོགས་པའི་སྤྱི་ཙམ་ལ་བརྟེན་ནས་གང་བདག་ལ་སོགས་པར་བཏགས་པའི་དུས་སུ་སྤྱི་དེ་དག་ལ་སོགས་འདོགས་པའི་རྒྱུ་ཡིན་དུ་ཟིན་ཀྱང་བདག་ནི་མ་ཡིན་ནོ། །དེ་ལ་རྒྱུ་མཚན་བསྟན་པར་བྱ་བའི་ཕྱིར། བརྟེན་ནས་བཏགས་པའི་ཕྱིར་ཞེས་བྱ་བ་གསུངས་ཏེ།
ཕུང་པོ་ལ་སོགས་པའི་ཚོགས་ལ་བརྟེན་ནས་བཏགས་པའི་ཕྱིར་རོ། །དེ་ལ་དཔེ་བསྟན་པར་བྱ་བའི་ཕྱིར། འབྱུང་བ་ལས་གྱུར་པ་བཞིན་ནོ་ཞེས་བྱ་བ་གསུངས་ཏེ། ཅི་ལྟར་འབྱུང་བ་རྣམས་ལ་བརྟེན་ནས་འབྱུང་བ་ལས་གྱུར་པར་བཏགས་པ་ཡིན་གྱི། འབྱུང་བ་ཁོ་ན་འབྱུང་བ་ལས་གྱུར་པ་
མ་ཡིན་ཏེ། འབྱུང་བ་ལས་གྱུར་པ་ཡང་རེག་པར་བྱ་བར་ཐལ་བར་འགྱུར་བས་སོ། །དེ་བཞིན་དུ་འདིར་ཡང་ཕུང་པོའི་ཚོགས་ཙམ་ལ་བརྟེན་ནས་བདག་ཏུ་བཏགས་པའི་ཕྱིར་ཕུང་པོའི་ཚོགས་ཙམ་བདག་ཏུ་འགྱུར་བ་ནི་མ་ཡིན་ནོ། །དེ་རྒྱས་པར་བསྟན་པར་བྱ་བའི་ཕྱིར། ཅི་ལྟར་ཞེས་བྱ་བ་ལ་
སོགས་པ་གསུངས་ཏེ། འདིར་ཕྱི་དང་ནང་གི་དབྱེ་བས་དཔེ་རྣམ་པ་གཉིས་སོ། །དེ་ལ་གཞན་དག་གིས་བརྗོད་པ་ནི། བུམ་པ་ལ་སོགས་པ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཅི་ལྟར་གཟུགས་ལ་སོགས་པ་ལ་བརྟེན་ནས་བུམ་པར་འདོགས་ཀྱི། གཟུགས་ལ་སོགས་པ་སྤངས་པའི་
བུམ་པ་ནི་འགའ་ཡང་ཡོད་པ་མ་ཡིན་གྱི། འོན་ཀྱང་གཟུགས་ལ་སོགས་པའི་ཚོགས་པ་ཙམ་བུམ་པའོ། །དེ་བཞིན་དུ་འདིར་ཡང་ཕུང་པོ་ལ་བརྟེན་ནས་བདག་ཏུ་འདོགས་པའི་ཕྱིར་ཕུང་པོའི་ཚོགས་པ་ཙམ་ནི་བདག་ཡིན་ནོ། །དེས་ན་བུམ་པ་ལ་སོགས་པས་མ་ངེས་གཏན་ཚིགས་འདི་བསྒྲུབ་པར་བྱ་བ་སྒྲུབ་
པར་བྱེད་པ་མ་ཡིན་ནོ་ཞེ་ན། དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། དེ་ཡང་ཡོད་པ་མ་ཡིན་ཏེ། །ཞེས་བྱ་བ་གསུངས་ཏེ། མ་ངེས་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གཟུགས་ལ་སོགས་པ་ཙམ་ཉིད་ཡིན་པར་མ་གྲུབ་པའི་ཕྱིར་དང་ཞེས་བྱ་བ་ནི་གལ་ཏེ་ཕུང་པོ་ལ་སོགས་པ་གཟུགས་
ལ་སོགས་པའི་ཚོགས་པ་ཙམ་ཡིན་པར་གྱུར་ན་དེའི་ཚེ་གཟུགས་ལ་སོགས་པའི་ཚོགས་པ་ཐམས་ཅད་ལ་བུམ་པའི་བློ་སྐྱེ་བར་འགྱུར་རོ། །དེས་ན་གཟུགས་ལ་སོགས་པས་དབྱིབས་ཁྱད་པར་ཅན་གང་བསྐྱེད་པ་དེའི་བུམ་པ་ཡིན་པས་དེས་ན་མ་ངེས་པ་མ་ཡིན་ནོ། །བརྒལ་ཞིང་བརྟག་པ་མཚུངས་

པའི་ཕྱིར་རོ་ཞེས་བྱ་བ་ནི་གལ་ཏེ་གཟུགས་ལ་སོགས་པའི་ཚོགས་པ་ཁོ་ན་བུམ་པ་ཡིན་ན་ནི་ཚོགས་པ་ཅི་ཡང་མེད་པ་ཡིན་པས་བུམ་པ་ཡང་མེད་པར་ཐལ་བར་འགྱུར་རོ། །གལ་ཏེ་ཚོགས་པ་མེད་པས་ཚོགས་པ་ཅན་བུམ་པ་ཉིད་ཡིན་ན་དེའི་ཚེ་གཟུགས་ལ་སོགས་པ་རེ་རེ་བུམ་པར་ཐལ་བར་འགྱུར་བ་
དང་། གཞན་ཡང་འགའ་ཞིག་ལ་བརྟེན་ནས་གང་བཏགས་པ་དེ་ལས་ཐ་དད་པ་ཡིན་ཏེ། དཔེར་ན་འབྱུང་བ་ལས་གྱུར་པ་བཞིན་ནོ། །བུམ་པ་ཡང་བརྟེན་ནས་བཏགས་པའི་ཕྱིར་ཅི་ལྟར་ཐ་དད་པར་མི་འགྱུར་བ་དེས་ན་བདག་དང་བརྒལ་ཞིང་བརྟག་པ་མཚུངས་པར་འགྱུར་བའོ། །དེ་ལ་གཞན་
དག་གིས་ཕུང་པོ་དང་བདག་དག་འབྱུང་བ་དང་འབྱུང་བ་ལས་གྱུར་པ་དག་དང་མཚུངས་པར་བསྒྲུབ་པར་བྱ་བའི་ཕྱིར། ཅི་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཕང་ལོ་ལ་སོགས་པ་ཙམ་ནི་ཤིང་རྟ་མ་ཡིན་ཏེ་ཞེས་བྱ་བ་ནི་འཕང་ལོ་ལ་སོགས་པ་ཙམ་ཤིང་རྟ་ཉིད་དུ་འགྱུར་ན་འབྱུང་བ་ལས་གྱུར་
པ་བཞིན་དུ་བརྟེན་ནས་བཏགས་པར་མི་འགྱུར་གྱི་འོན་ཀྱང་དབྱིབས་ལ་སོགས་པ་ཁྱད་པར་ཅན་དང་ལྡན་པ་འཕང་ལོ་ལ་སོགས་པ་ནི་ཤིང་རྟ་ཡིན་གྱི་འཕང་ལོ་ལ་སོགས་པའི་ཚོགས་པ་ཙམ་ནི་མ་ཡིན་ནོ། །དེས་ན་དབྱིབས་ཁྱད་པར་ཅན་དང་ལྡན་པའི་ཤིང་རྟ་ནི་འཕང་ལོ་ལ་སོགས་པའི་ཚོགས་པ་
ལས་ཐ་དད་པའི་ཕྱིར་བརྟེན་ནས་བཏགས་པར་འགྱུར་བ་ཡིན་ནོ། །དཔེ་དེ་དོན་དང་སྦྱར་བར་བྱ་བའི་ཕྱིར། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤིང་རྟ་བཞིན་དུ་དབྱིབས་ཁྱད་པར་ཅན་དང་ལྡན་པའི་གཟུགས་ལ་སོགས་པ་རྣམས་བདག་ཡིན་ལ་གཟུགས་ལ་སོགས་པ་ཙམ་ནི་མ་
ཡིན་ནོ། །དེས་ན་དབྱིབས་ཁྱད་པར་ཅན་དང་ལྡན་པའི་གཟུགས་ལ་སོགས་པའི་ཚོགས་པ་དེ་ཚོགས་པ་ཙམ་ལས་ཐ་དད་པའི་ཕྱིར་བརྟེན་ནས་བཏགས་པའི་ཐ་སྙད་འཐད་པ་ཡིན་ནོ་སྙམ་ནའོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། དེ་ཡང་ཡོད་པ་མ་ཡིན་ནོ། །ཞེས་བྱ་བ་གསུངས་སོ། །དེའི་
རྒྱུ་མཚན་འདྲི་བ་ནི་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་གསུངས་སོ། །དེ་ལ་ལན་ནི། དབྱིབས་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གལ་ཏེ་གཟུགས་ཅན་གྱི་ཆོས་རྣམས་ཀྱི་དབྱིབས་ཀྱི་ཁྱད་པར་ལ་བདག་ཅེས་བརྗོད་ན་དེའི་ཚེ་དབྱིབས་དེ་གཟུགས་ཅན་མིག་ལ་སོགས་པ་ཁོ་ན་ལ་ཡོད་པའི་ཕྱིར་

ཁྱོད་ཀྱི་ཕྱོགས་ལ་གཟུགས་ཅན་ཁོ་ན་བདག་གི་མིང་འཐོབ་པར་འགྱུར་གྱི་རྣམ་པར་ཤེས་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་ཀྱི་ཚོགས་པ་རྣམས་བདག་ཉིད་དུ་མི་འགྱུར་ཏེ། དེ་རྣམས་ལ་དབྱིབས་མེད་པས་སོ། །དེས་ན་གཟུགས་ཀྱི་ཕུང་པོ་ཁོ་ན་བདག་
ཉིད་དུ་འགྱུར་གྱི་ཕུང་པོ་ལྔ་ནི་མ་ཡིན་ནོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡང་བདག་དང་ཉེ་བར་ལེན་པ་དག་གཅིག་ཡིན་པ་ལ་སྐྱོན་བསྟན་པར་བྱ་བའི་ཕྱིར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉེ་བར་ལེན་པ་པོ་བདག་
ཉིད་ནི་ཉེ་བར་ལེན་པ་སྟེ་ཉེ་བར་བླང་བར་བྱ་བའི་ཕུང་པོ་ལྔ་དང་ཅིག་ཅར་དུ་རིགས་པ་མ་ཡིན་ནོ་ཞེས་པའོ། །དེ་ལྟ་ན་ལས་དང་བྱེད་པ་པོ་གཅིག་ཉིད་འགྱུར་ཞེས་བྱ་བ་ནི་ལེན་པ་པོ་དང་ཉེ་བར་ལེན་པ་དག་གཅིག་ཉིད་དུ་ཁས་ལེན་ན་ལས་དང་བྱེད་པ་པོ་དག་ཀྱང་གཅིག་ཉིད་དུ་འགྱུར་བའོ། །དེ་འགྲེལ་
པས་བསྟན་པར་བྱ་བའི་ཕྱིར། འདིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཞེས་བྱ་བ་ནི་ཉེ་བར་ལེན་པ་པོ་དང་ཉེ་བར་ལེན་པའི་གནས་སྐབས་ནའོ། །བྱེད་པ་པོ་དང་ལས་གཅིག་ཉིད་དུ་འགྱུར་ན་ཞེས་བྱ་བ་ནི་བྱེད་པ་པོ་སྟེ་ཉེ་བར་ལེན་པ་པོ་བདག་དང་ལས་ཏེ། ཉེ་བར་བླང་བར་བྱ་བའི་ཕྱིར་ཕུང་
པོ་རྣམས་གཅིག་ཉིད་དུ་འགྱུར་བའོ། །གྱུར་ན་སྐྱོན་ཅི་ཞིག་ཡོད་སྙམ་ན། དེ་ལ་ལན་ནི་དེ་ནི་འདོད་པ་ཡང་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཇི་སྐད་དུ་ཞེས་བྱ་བ་ནི་རྩ་བའི་ཤེས་རབ་ལས་སོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་ཤིང་སྟེ་བསྲེག་པར་བྱ་བའི་བསྲེག་བྱ་ཤིང་ལ་
སོགས་པ་ནི་ལས་སུ་འགྱུར་རོ། །དེ་སྲེག་པར་བྱེད་པ་པོའི་བྱེད་པ་པོ་སྟེ་མེའོ། །དེ་ལ་གལ་ཏེ་བུད་ཤིང་དེ་ཉིད་མེ་ཉིད་དུ་ཡོངས་སུ་རྟོག་ན་དེའི་ཚེ་ལས་དང་བྱེད་པོ་དག་གཅིག་ཉིད་དུ་ཐལ་བར་འགྱུར་ལ། དེ་ལྟར་ཡང་མཐོང་བ་མ་ཡིན་ཏེ། བུམ་པ་དང་རྫ་མཁན་དག་ཀྱང་གཅིག་ཉིད་དུ་ཐལ་བར་འགྱུར་ལ།
དེ་ལྟར་ཁས་ལེན་པ་ཡང་མ་ཡིན་ནོ། །མེ་དང་ཤིང་གིས་ཞེས་བྱ་བ་ལ་སོགས་པ་ནི་དེ་ལ་ཉེ་བར་བླང་བར་བྱ་བ་ཡིན་པས་ན་ཉེ་བར་བླང་བར་བྱ་སྟེ། ཉེར་ལེན་གྱི་ཕུང་པོ་ལྔའོ། །དེ་ལ་བརྟེན་ནས་གང་བཏགས་པ་དེ་ལ་ཉེ་བར་ལེན་པའི་ཕུང་པོ་ལྔ་ལེན་པར་བྱེད་ཅིང་སྒྲུབ་པར་བྱེད་པའི་བདག་ཅེས་བརྗོད་པར་

བྱ་སྟེ། ངར་འཛིན་གྱི་ཡུལ་ཡིན་པས་སོ། །བདག་དང་ཉེ་བར་ལེན་པ་གྲུབ་པའི་རིམ་པ་གང་ཡིན་པ་དེ་མེ་དང་བུད་ཤིང་གི་བཤད་པ་ཡིན་ནོ་ཞེས་ཁོང་དུ་ཆུད་པར་བྱ་སྟེ། ཅི་ལྟར་མེ་དང་བུད་ཤིང་དག་ཐ་མི་དད་པར་མ་གྲུབ་པ་དེ་བཞིན་དུ་བདག་དང་ཉེ་བར་ལེན་པ་དག་ལ་ཡང་ངོ་ཞེས་བྱ་བའི་ཐ་ཚིག་
གོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། འདིར་ཇི་ལྟར་ཞེས་བྱ་བ་གསུངས་སོ། །དེ་ལ་གཞན་དག་གི་ཕྱོགས་སྔ་མ་བསྟན་པར་བྱ་བའི་ཕྱིར་ཅི་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉེ་བར་ལེན་པ་པོ་ནི་འགའ་ཡང་ཡོད་པ་མ་ཡིན་པ་ཉིད་དེ་ཞེས་བྱ་བ་ནི་ཕུང་པོ་རྣམས་ཉེ་བར་ལེན་པ་སྟེ་བྱེད་པ་པོ་
འགའ་ཞིག་ཀྱང་ཡོད་པ་མ་ཡིན་པའོ། །ཉེ་བར་ལེན་པ་ཙམ་གཅིག་ཏུ་ཟད་དོ་ཞེས་བྱ་བ་ནི་བདག་ཅེས་གང་བརྗོད་པ་དེ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་འདུས་པ་ཙམ་ཞིག་ཏུ་ཟད་དོ་སྙམ་པའོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། དེ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱེད་པོ་མེ་ལས་
ཡོད་སྙམ་བློ་ཡིན་ན། །ཞེས་བྱ་བ་ནི་ལེན་པ་པོ་ནི་ཡོད་པ་མ་ཡིན་ལ་ཉེ་བར་ལེན་པ་ཙམ་ཡོད་པ་ཡིན་ནོ་སྙམ་ན་སྟེ། ཕྱོགས་སྔ་མ་རྗེས་སུ་བརྗོད་པ་ཡིན་ལ། མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་ལན་ཡིན་ཏེ། མ་ཡིན་ཞེས་བྱ་བ་ནི་ཕྱོགས་དེ་ཡོད་པ་མ་ཡིན་ནོ་ཞེས་པའོ། །ཅིའི་ཕྱིར་ཞེ་ན།
དེ་ལ་ལན་ནི། གང་ཕྱིར་བྱེད་པོ་མེད་ལས་མེད། །ཅེས་བྱ་བ་གསུངས་ཏེ། གང་གི་ཕྱིར་བྱེད་པ་པོ་མེད་ན་ལས་མེད་པ་དེའི་ཕྱིར་ཉེ་བར་ལེན་པ་པོ་མེད་ན་ཉེ་བར་ལེན་པ་ཡང་མེད་པར་ཐལ་བར་འགྱུར་རོ། །འདིའི་དོན་ནི་ཉེ་བར་ལེན་པ་པོ་དང་ཉེ་བར་ལེན་པ་དག་ཕན་ཚུན་ལྟོས་ནས་རང་བཞིན་འགྲུབ་པའི་
ཕྱིར་ཉེ་བར་ལེན་པ་པོ་ཡོད་ན་ཉེ་བར་ལེན་པ་ཡོད་པ་དང་ཉེ་བར་ལེན་པ་པོ་ལ་མ་ལྟོས་པའི་ཉེ་བར་ལེན་པ་ཡོད་པ་ནི་རིགས་པ་མ་ཡིན་ནོ་ཞེས་པའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། དེ་ནི་དེ་ལྟར་མ་ཡིན་ཏེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུ་མེད་པའི་ཞེས་བྱ་བ་ནི་ཉེ་བར་ལེན་པ་ནི་ཉེ་
བར་ལེན་པ་པོ་ལ་ལྟོས་པ་ཡིན་པས་ཉེ་བར་ལེན་པ་པོ་མེད་ན་རྒྱུ་མེད་པའི་ཉེ་བར་ལེན་པ་དེ་ཅི་ལྟར་ཡོད་པར་འགྱུར་ཞེས་པའོ། །བསྟན་བཅོས་ལས་ཀྱང་ཞེས་བྱ་བ་ནི་རྩ་བའི་ཤེས་རབ་ལས་སོ། །དེ་བཞིན་ཉེར་ལེན་ཤེས་པར་བྱ། །ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་ཞེས་བྱ་བ་འདིས་ནི་བསྟན་མ་ཐག་

པའི་ལས་དང་བྱེད་པ་པོ་བཞིན་དུ་བཏགས་པར་སྟོན་པའོ། །ཉེར་ལེན་ཤེས་པར་བྱ་ཞེས་བྱ་བ་འདིས་བྱ་བ་ཉེ་བར་ལེན་པ་ཙམ་བརྗོད་པ་ཡིན་ནོ། །དེ་རང་གི་སྒྲུབ་པར་བྱེད་པ་པོ་དང་ཉེ་བར་བླང་བར་བྱ་བ་ལས་ལ་ལྟོས་པ་ཡིན་ནོ། །དེས་ན་ཉེ་བར་ལེན་པའི་སྒྲ་ནི་ཉེ་བར་ལེན་པ་པོ་དང་ཉེ་བར་
བླང་བར་བྱ་བ་བརྗོད་པ་ཡིན་ནོ། །ཉེ་བར་ལེན་པ་པོ་དང་ཉེ་བར་བླང་བར་བྱ་བ་དེ་དག་ཀྱང་ཕན་ཚུན་ལ་ལྟོས་ནས་བྱེད་པ་པོ་དང་ལས་ལྟ་བུར་གྲུབ་པ་ཡིན་གྱི་རང་གི་ངོ་བོའི་སྒོ་ནས་ནི་མ་ཡིན་ནོ། །ངོ་བོའི་སྒོ་ནས་ཅིའི་ཕྱིར་མ་ཡིན་ཞེ་ན། ལན་ནི། ལས་དང་བྱེད་པོ་བསལ་ཕྱིར་རོ། །ཞེས་བྱ་བ་གསུངས་
ཏེ། ཁོ་བོ་ཅག་གིས་བྱེད་པ་པོ་དང་ལས་གཏན་ཚིགས་གང་གིས་བཀག་པའི་གཏན་ཚིགས་དེ་ཉིད་ཀྱིས་ཉེ་བར་ལེན་པ་པོ་དང་ཉེ་བར་བླང་བར་བྱ་བ་དེ་དག་ཀྱང་བཀག་པ་ཡིན་པར་ཤེས་པར་བྱའོ། །དེ་དག་ཁོ་ན་ཕན་ཚུན་ལྟོས་ནས་འགྲུབ་པ་འབའ་ཞིག་ཏུ་མ་ཟད་ཀྱི་འོན་ཀྱང་། བྱེད་པ་པོ་དང་ལས་དག་
གིས། །དངོས་པོ་ལྷག་མའང་ཤེས་པར་བྱ། །ཞེས་བྱ་བ་གསུངས་ཏེ། ལས་དང་བྱེད་པ་པོ་དང་ཉེ་བར་ལེན་པ་པོ་དང་ཉེ་བར་བླང་བར་བྱ་བ་ལས་ཐ་དད་དུ་གྱུར་པའི་སྐྱེད་པ་པོ་དང་། བསྐྱེད་པར་བྱ་བ་དང་། འགྲོ་བ་དང་། འགྲོ་བར་བྱ་བ་དང་། ལྟ་བ་པོ་དང་། བལྟ་བར་བྱ་བ་དང་། མཚན་ཉིད་དང་།
མཚན་གཞི་དང་། དེ་བཞིན་དུ་ཆ་ཤས་དང་། ཆ་ཤས་ཅན་དང་། ཡོན་ཏན་དང་། ཡོན་ཏན་ཅན་དང་། ཚད་མ་དང་གཞལ་བྱ་ལ་སོགས་པ་དངོས་པོ་ལྷག་མ་མ་ལུས་པ་གང་ཡིན་པ་དེ་རྣམས་ལ་ཡང་ལས་དང་བྱེད་པ་པོ་དཔྱད་པའི་སྒོ་ནས་ངོ་བོ་ཉིད་ཀྱིས་གྲུབ་པ་བཀག་ནས་ཕན་ཚུན་ལྟོས་ནས་གྲུབ་
པ་ཡིན་ནོ་ཞེས་ཤེས་རབ་ཅན་གྱིས་ཁོང་དུ་ཆུད་པར་གྱིས་ཤིག་ཅེས་པའོ། །དེ་བཞིན་ཉེར་ལེན་ཤེས་པར་བྱ། །ཞེས་བྱ་བ་ནི་དོན་དེ་ཉིད་བཤད་པ་ནི་འདིར་དངོས་པོ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨུ་པ་དྷ་ཞེས་བྱ་བའི་སྒྲའི་དབྱིངས་ལ་བྷུ་ཏའི་རྐྱེན་བྱིན་ན་ཉེ་བར་ལེན་པ་ཞེས་བྱ་བར་འགྱུར་ལ།
དེས་ན་ཉེ་བར་ལེན་པའི་སྒྲའི་དོན་ནི་ཉེ་བར་ལེན་པ་ཙམ་གྱི་རང་བཞིན་ཅན་གྱི་བྱ་བ་གང་ཡིན་པའོ། །དངོས་པོ་ཡང་སྒྲུབ་པར་བྱེད་པ་མེད་པར་འབྱུང་བ་མ་ཡིན་པས་ཞེས་བྱ་བ་ནི་ཉེ་བར་ལེན་པའི་བྱ་བ་ནི་ལས་དང་བྱེད་པ་པོ་གཉིས་ལ་ལྟོས་པ་ཡིན་ཏེ། འདི་ལྟར་ཉེ་བར་བླང་བར་བྱ་བ་གང་གིས་ལེན་པ་དེ་ལ་བྱེད་པ་པོ་ཞེས་བྱ་ལ།

གང་ཉེ་བར་བླང་བར་བྱ་བ་དེ་ལ་ལས་ཞེས་བརྗོད་པར་བྱའོ། །དེས་ན་ཉེ་བར་ལེན་པའི་བྱ་བས་བྱེད་པ་པོ་དང་ལས་དག་འཕེན་པས་ལས་དང་བྱེད་པ་པོ་དག་ཏུ་འདོད་པ་ཡིན་ནོ། །དེས་ན་དེ་བཞིན་ཉེར་ལེན་ཤེས་པར་བྱ་བ་འདིའི་དོན་ནི་འདི་ཡིན་ཏེ། ལས་དང་བྱེད་པ་པོ་བཞིན་དུ་ཉེ་བར་ལེན་པ་པོ་དང་ཉེ་བར་
ལེན་པ་དག་ཀྱང་ཤེས་པར་བྱའོ་ཞེས་པའོ། །ཉེ་བར་བླང་བ་དང་ཞེས་བྱ་བ་ནི་ལས་སོ། །ཉེ་བར་ལེན་པ་པོ་ནི་ཞེས་བྱ་བ་ནི་བྱེད་པ་པོའོ། །དེ་ལྟར་ཉེ་བར་ལེན་པའི་སྒྲས་བྱ་བ་ཉེ་བར་ལེན་པ་བརྗོད་པར་བྱ་ན་དོན་དེ་སྔར་བཤད་པ་ཡིན་ནོ། །ད་ནི་ཉེ་བར་ལེན་པའི་སྒྲས་རྗོད་པར་བྱེད་པའི་ཕྱོགས་བསྟན་པར་བྱ་
བའི་ཕྱིར། ཉེ་བར་ལེན་པའི་སྒྲས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉེ་བར་ལེན་པའི་སྒྲས་ནི་ཉེ་བར་བླང་བར་བྱ་བའི་ལས་ཀྱང་བརྗོད་པ་ཉིད་དོ་ཞེས་བྱ་བར་སྦྱར་རོ། །གལ་ཏེ་ལྱུ་ཏའི་རྐྱེན་གྱིས་བྱ་བ་ཙམ་བརྗོད་པའི་ཕྱིར་ལས་ཅི་ལྟར་བརྗོད་ཅེ་ན། ལན་ནི་ཏྲི་ཏ་དང་ལྱུ་ཏ་ནི་ཕལ་ཆེར་རོ་ཞེས་བྱ་བ་
སྨོས་ཏེ། ཏྲི་ཏ་དང་ལྱུ་ཏ་ནི་ཕལ་ཆེར་རོ་ཞེས་བྱ་བའི་སྒྲ་ནི་ཚིག་ཕལ་ཆེར་རོ་ཞེས་བྱ་བའི་མ་ངེས་པ་སྟོན་པའི་སྒྲ་དེ་ལས་ལ་ཡང་ལྱུ་ཏ་བརྗོད་པ་སྲིད་པས་ཉེ་བར་ལེན་པའི་སྒྲའི་དོན་ཉེ་བར་བླང་བར་བྱ་བའི་ལས་ཀྱང་ཡིན་ནོ། །ལས་ཀྱང་བྱེད་པ་པོ་ལ་ལྟོས་ནས་ཉེ་བར་ལེན་པའི་སྒྲའི་དོན་ནི་ཉེ་བར་བླང་བར་བྱ་བ་དང་།
ཉེ་བར་ལེན་པ་པོ་དག་གོ། །དེས་ན་ཕྱོགས་གཉིས་ཀ་ལྟར་ན་ཡང་ཉེ་བར་ལེན་པའི་སྒྲའི་དོན་ནི་ཉེ་བར་བླང་བར་བྱ་བ་དང་། ཉེ་བར་ལེན་པ་པོ་ཡིན་ནོ། །དེས་ན་དོན་ཅི་ལྟར་འགྱུར་བ་དེ་བསྟན་པར་བྱ་བའི་ཕྱིར། དེའི་ཕྱིར་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེའི་ཕྱིར་ཞེས་བྱ་བ་ནི་ཉེ་བར་
ལེན་པའི་སྒྲའི་དོན་ཉིད་ཡིན་པས་སོ། །གཞུང་འདིས་ནི་ཉེ་བར་ལེན་པ་གཅིག་པུ་ཡོད་པ་མ་ཡིན་ནོ་ཞེས་པ་ཡིན་ནོ། །ཡང་དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི་དབུ་མ་རྩ་བའི་ཤེས་རབ་ཉིད་ལས་སོ། །དེ་ལྟར་ཉེ་བར་ལེན་པ་ལས་གཞན་མ་ཡིན་ནོ་ཞེས་བྱ་བ་ནི་བདག་དང་ནི་ཉེ་བར་ལེན་པ་ལས་གཞན་
དུ་ཡོད་པ་མ་ཡིན་ཏེ། ཉེ་བར་ལེན་པ་ལ་མ་ལྟོས་པར་ཐ་དད་དུ་འཛིན་པར་ཐལ་བར་འགྱུར་བས་སོ། །དེ་ཉིད་ཉེར་ལེན་ཉིད་ཀྱང་མིན། །ཞེས་བྱ་བ་ནི་བདག་དེ་ནི་ཉེ་བར་ལེན་པ་ཉིད་ཀྱང་མ་ཡིན་ཏེ། ཉེ་བར་ལེན་པ་དང་ཉེ་བར་ལེན་པ་པོ་དག་གཅིག་ཉིད་དུ་ཐལ་བར་འགྱུར་བ་དང་། སྐྱེ་བ་དང་འཇིག་པར་

ཐལ་བར་འགྱུར་བས་སོ། །འོ་ན་ཉེ་བར་ལེན་པ་དང་བྲལ་བ་ཡིན་ནོ་ཞེ་ན། དེ་ལ་ལན་ནི། ཉེ་བར་ལེན་པ་མེད་མིན་ཞེས་བྱ་བ་གསུངས་ཏེ། ཉེ་བར་ལེན་པ་ལ་མི་ལྟོས་པར་ཐ་དད་དུ་འཛིན་པར་ཐལ་བར་འགྱུར་བས་སོ། །འོ་ན་བདག་ཡོད་པ་མ་ཡིན་ནོ་སྙམ་ན་དེ་ལ་ལན་ནི།
མེད་པ་ཉིད་དུ་ཡང་དེ་མ་ངེས་ཞེས་གསུངས་ཏེ། གང་ཕུང་པོ་ལ་བརྟེན་ནས་བཏགས་པ་དེ་མེད་པ་ཉིད་དུ་ཇི་ལྟར་འགྱུར་ཏེ། མོ་གཤམ་གྱི་བུ་ཅི་ཡང་མེད་པས་ཕུང་པོ་ལ་བརྟེན་ནས་འདོགས་པ་ནི་མ་ཡིན་པས་སོ། །ཉེ་བར་ལེན་པ་ཡོད་ལ་ཉེ་བར་ལེན་པ་པོ་མེད་པས་སོ་ཞེས་བྱ་བ་དེ་ཅི་ལྟར་རིགས་
དེས་ན་འདི་མེད་པ་ཉིད་ཀྱང་རིགས་པ་མ་ཡིན་ནོ། །དེའི་ཕྱིར་བདག་མེད་དོ་ཞེས་ངེས་པ་དེ་མི་རིགས་པའོ། །འདིར་སྐབས་སུ་བབ་པ་ནི་མེད་པ་ཉིད་དུའང་དེ་མ་ངེས་ཞེས་བྱ་བ་འདི་ཡིན་ཏེ། ཉེ་བར་ལེན་པ་ཡོད་ན་ཉེ་བར་ལེན་པ་པོ་ཉིད་མེད་པ་མི་སྲིད་པས་སོ། །མཇུག་བསྡུ་བ་བསྟན་པར་བྱ་བའི་ཕྱིར།
དེའི་ཕྱིར་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གལ་ཏེ་ལུང་ལས་བྱེད་པ་པོ་ནི་མ་དམིགས་ཀྱི་ལས་ཀྱང་ཡོད་ལ་རྣམ་པར་སྨིན་པ་ཡང་ཡོད་དོ་ཞེས་ཅི་ལྟར་གསུངས་ཏེ། དེར་ཉེ་བར་ལེན་པ་པོ་མེད་པའི་ཉེ་བར་ལེན་པ་པོ་ཡོད་དོ་ཞེས་ཅི་ལྟར་གསུངས་ཏེ། དེ་ལྟར་ལུང་དང་མི་འགལ་སྙམ་པའི་
དོགས་པ་བསུ་ནས་ལན་འདེབས་པ་ནི། ཡང་གང་ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ལས་ཞེས་བྱ་བ་ནི་ལུང་ལས་སོ། །བྱེད་པ་པོ་དང་རང་བཞིན་དུ་གྱུར་པ་བཀག་པ་ཤེས་པར་བྱ་བའི་ཞེས་བྱ་བ་ནི་བཅོས་མ་མ་ཡིན་པ་གཞན་ལ་མི་ལྟོས་པ་བྱེད་པ་པོ་བཀག་པ་ཡིན་ནོ་ཞེས་པའོ། །དེ་
ལ་བརྟེན་ནས་གདགས་པར་བྱ་བ་ཞེས་བྱ་བའི་བཤད་པ་ནི། ཐ་སྙད་ཀྱི་ཡན་ལག་ཏུ་གྱུར་པ་ཞེས་བྱ་བའོ། །དོན་དམ་པའི་བྱེད་པ་པོ་བཀག་པ་ཡིན་ལ་ཐ་སྙད་ཀྱི་བྱེད་པ་པོ་བཀག་པ་མ་ཡིན་པ་ལ་ཁུངས་བསྟན་པར་བྱ་བའི་ཕྱིར། དེ་སྐད་དུ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུང་འདིར་གང་
ཟག་བྱེད་པ་ཉིད་དུ་གསུངས་པས་སྔར་གྱི་ལུང་ལས་རྣམ་པ་ཐམས་ཅད་དུ་བྱེད་པ་པོ་བཀག་པ་མ་ཡིན་ནོ་ཞེས་ཤེས་པར་བྱའོ། །ཕུང་པོ་བདག་ཉིད་དུ་འདོད་པའི་ཕྱོགས་ལ་སྐྱོན་གཞན་བསྟན་པར་བྱ་བའི་ཕྱིར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་ཐུབ་པས་ས་དང་ཆུ་དང་

མེ་དང་། རླུང་དང་རྣམ་པར་ཤེས་པ་དང་། ནམ་མཁའ་ཞེས་བྱ་བའི་ཁམས་དྲུག་ལ་བརྟེན་ནས་བདག་ཉེ་བར་བཏགས་པ་ཡིན་ནོ་ཞེས་གསུངས་པས་དེས་ན་ཁམས་དྲུག་ལས་བདག་གཞན་མ་ཡིན་པ་ཉིད་མ་ཡིན་ཏེ། བརྟེན་ནས་བཏགས་པའི་ཕྱིར་གཟུགས་ལ་སོགས་པ་བཞིན་ནོ་སྙམ་དུ་
བསམས་པའོ། །གལ་ཏེ་མདོ་ལས་ཕུང་པོ་བརྟེན་ནས་ཡིན་གསུངས་པས་དེའི་ཕྱིར། ཕུང་པོ་འདུས་ཙམ་བདག་མ་ཡིན། །ཞེས་བྱ་བས་དོན་འདི་ཉིད་སྔར་གསུངས་པའི་ཕྱིར་ཡང་བརྗོད་པ་ལ་དགོས་པ་ཅི་ཞིག་ཡོད་ཅེ་ན། བདེན་ཏེ་འོན་ཀྱང་བློ་གྲོས་དམན་པ་འགའ་ཞིག་ལ་ཕུང་པོའི་ཚོགས་
པ་བདག་མ་ཡིན་ཀྱང་། ཁམས་ལ་སོགས་པ་བདག་ཏུ་འགྱུར་རམ་སྙམ་པའི་དོགས་པ་བསལ་བའི་ཕྱིར་ཡང་གསུངས་པ་ཡིན་ཏེ། ཁམས་ལ་སོགས་པའི་ཡུལ་ཅན་གྱི་ངར་འཛིན་པ་སྤང་བའི་ཆེད་དུའོ། །མིག་སོགས་རེག་པའི་རྟེན་དྲུག་ཅེས་བྱ་བ་ནི། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་
རེག་པའོ། །ཞེས་གསུངས་པས་མིག་ལ་སོགས་པ་དྲུག་ནི་རེག་པའི་རྟེན་ཡིན་ལ་མིག་ལ་སོགས་པ་དེ་རྣམས་ལ་བདག་འདི་ཐ་མི་དད་པ་ཡང་མ་ཡིན་ནོ། །ཡིད་ཀྱི་ཉེ་བར་རྒྱུ་བ་རྣམས་སེམས་དང་སེམས་ལས་བྱུང་བའི་ངོ་བོ་ཡིན་པས་ཆོས་ཡིན་པའི་ཕྱིར་ཆོས་སེམས་དང་སེམས་ལས་བྱུང་བ་
ཡིད་ཀྱི་ཉེ་བར་རྒྱུ་བའི་མཚན་ཉིད་ཅན་ལ་བརྟེན་ནས་བདག་ཏུ་ཉེ་བར་འདོགས་པའི་ཕྱིར་སེམས་དང་སེམས་ལས་བྱུང་བ་ལས་བདག་ཉིད་ཐ་མི་དད་པ་ཡང་མ་ཡིན་ཏེ། རྒྱུ་མཚན་ནི་སྔར་བཞིན་ནོ། །གལ་ཏེ་ཁམས་ལ་སོགས་པ་ལས་ཐ་མི་དད་པ་ཉིད་དུ་མི་འདོད་ཀྱི་དེ་ལྟར་ན་ཡང་ཁམས་ལ་སོགས་
པའི་ཚོགས་ཉིད་བདག་ཡིན་ནོ་སྙམ་ན། དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། ཚོགས་ཙམ་ཉིད་མིན་ཏེ་ཞེས་བྱ་བ་གསུངས་ཏེ། སྔར་བསྟན་པའི་རིགས་པས་ཁམས་ལ་སོགས་པའི་ཚོགས་ཙམ་བདག་མ་ཡིན་ནོ་ཞེས་པའོ། །དེའི་ཕྱིར་ངར་འཛིན་བློ་དེ་རྣམས་ལ་མིན། །ཞེས་བྱ་བ་ནི། གང་གི་ཕྱིར་
ཁམས་ལ་སོགས་པ་བདག་མ་ཡིན་ཞིང་དེ་རྣམས་ཀྱི་ཚོགས་པ་ཙམ་ཡང་མ་ཡིན་པ་དེའི་ཕྱིར་ཁམས་ལ་སོགས་པ་རྣམས་ལ་ངར་འཛིན་གྱི་བློ་སྐྱེ་བར་རིགས་པ་མ་ཡིན་ནོ་ཞེས་པའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། མདོ་སྡེ་དེ་ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐྱེས་བུ་

གང་ཟག་འདི་ནི་ཞེས་བྱ་བ་ནི་སྐྱེས་བུ་ནི་བདག་གོ། །དེ་ཉིད་ཀྱིས་ཡང་དང་ཡང་དུ་འགྲོ་བ་དང་དེ་ལེན་པར་བྱེད་པས་ན་གང་ཟག་ཅེས་བྱའོ། །རྒྱལ་པོ་ཆེན་པོ་ཞེས་བྱ་བ་ནི་བོད་པའི་ཚིག་གོ། །ཁམས་དྲུག་དང་ཞེས་བྱ་བ་ནི་ཁམས་དྲུག་ལ་བརྟེན་ནས་སྐྱེས་བུ་དང་གང་ཟག་ཏུ་བསྟན་པའོ་
ཞེས་པའི་དོན་ཏོ། །རེག་པའི་སྐྱེ་མཆེད་དྲུག་དང་ཞེས་བྱ་བ་ནི་མིག་ལ་སོགས་པ་ལ་བརྟེན་ནས་བཏགས་པ་ཡིན་པས་སོ། །ཡིད་ཀྱི་ཉེ་བར་ལོངས་སྤྱོད་པ་བཅོ་བརྒྱད་དོ་ཞེས་བྱ་བ་ནི་ཡིད་ཀྱི་ཉེ་བར་ལོངས་སྤྱོད་པ་བཅོ་བརྒྱད་ལ་བརྟེན་ནས་བཏགས་པས་སོ། །དེ་ལ་བཅོ་བརྒྱད་ནི་ཕྱིས་འགྲེལ་པས་
འཆད་པར་འགྱུར་རོ། །དེ་རྣམས་ལ་ཡིད་ཀྱི་ཉེ་བར་ལོངས་སྤྱོད་པ་ཞེས་བརྗོད་པ་ཡིན་ཏེ། གང་གི་ཕྱིར་ཡིད་ལ་བརྟེན་ནས་ཡིད་བདེ་བ་ལ་སོགས་པ་རྣམས་ཡུལ་ལ་ལོངས་སྤྱོད་པའི་ཕྱིར་རོ། །གཞན་དག་ན་རེ་ཡུལ་རྣམས་ལ་ཡིད་ལོངས་སྤྱོད་པར་བྱེད་པའི་ཕྱིར་ཡིད་ཀྱི་ཉེ་བར་ལོངས་སྤྱོད་པ་ཞེས་བྱ་
སྟེ། ཚོར་བའི་དབང་གིས་ཡིད་ཡུལ་རྣམས་ལ་ཡང་དང་ཡང་དུ་ལོངས་སྤྱོད་པས་སོ། །ཁམས་དྲུག་བསྟན་པར་བྱ་བའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རེག་པའི་རྟེན་བརྟེན་པར་བྱ་བའི་ཕྱིར། མིག་ལ་སོགས་པའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡིད་ཀྱི་ཉེ་བར་རྒྱུ་བ་
བཅོ་བརྒྱད་བསྟན་པར་བྱ་བའི་ཕྱིར། ཡིད་ཀྱི་ཉེ་བར་རྒྱུ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡིད་བདེ་བའི་ཉེ་བར་རྒྱུ་བ་ལ་གཟུགས་ལ་སོགས་པ་ལ་དམིགས་པའི་དབྱེ་བས་དྲུག་ཏུ་འགྱུར་ལ་དེ་བཞིན་དུ་ཡིད་མི་བདེ་བའི་ཉེ་བར་རྒྱུ་བ་ཡང་ཡིན་ཞིང་བཏང་སྙོམས་ཉེ་བར་རྒྱུ་བ་ཡང་ཡིན་པས་
ཡིད་ཀྱི་ཉེ་བར་རྒྱུ་བ་བཅོ་བརྒྱད་དུ་འགྱུར་བ་ཡིན་ནོ། །དེ་དག་ལ་བརྟེན་པ་དང་ཞེས་བྱ་བའི་བཤད་པ་ནི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཉེ་བར་གཟུང་ན་ཞེས་བྱའོ། །ཇི་སྐད་བཤད་པའི་ཆོས་དེ་རྣམས་ཞེས་བྱ་བ་ནི་ཁམས་དྲུག་ལ་སོགས་པ་རྣམས་སོ། །ད་ནི་གང་ཟག་གི་བདག་
བཀག་པ་བསྟན་པའི་དགོས་པ་བསྟན་པར་བྱ་བའི་ཕྱིར། གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕུང་པོ་རྣམས་ངར་འཛིན་པའི་ཡུལ་ཡང་མ་ཡིན་ལ་ཞེས་བྱ་བ་ནི། སྔར་བསྟན་པའི་རིགས་པས་ཕུང་པོ་རྣམས་བདག་ཉིད་དུ་མ་གྲུབ་པས་སོ། །ཕུང་པོ་ལས་ཐ་དད་པ་ཡོད་པ་མ་ཡིན་པས་

ཞེས་བྱ་བ་ནི། ཕུང་པོ་མ་གཏོགས་དེ་འཛིན་མ་གྲུབ་ཕྱིར། །ཞེས་བྱ་བའི་རིགས་པས་བཀག་པའི་ཕྱིར་རོ། །བདག་གི་བ་ཡང་སྙིང་པོ་དང་ལྡན་པ་མ་ཡིན་པ་ཉིད་དུ་ཤེས་ཤིང་ཞེས་བྱ་བ་ནི་བདག་གི་བ་ནི་བདག་ལ་ལྟོས་པའི་ཕྱིར་རོ། །འདུས་བྱས་མཐའ་དག་ཅེས་བྱ་བ་ནི་ཕུང་པོ་ལྔའི་མཚན་
ཉིད་ཅན་ནོ། །ངེས་པར་ལེན་པ་མེད་པར་མྱ་ངན་ལས་འདའ་བར་འགྱུར་ཏེ་ཞེས་བྱ་བ་ནི་ཉེར་ལེན་གྱི་ཕུང་པོ་ལྷག་མ་མེད་པ་ངེས་པར་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་པའོ། །རྣམ་པར་དཔྱོད་པ་འདི་ནི་ཆེས་མཛེས་སོ། །ཞེས་བྱ་བ་ནི་བདག་དཔྱད་པའི་དགོས་པ་མྱ་ངན་ལས་འདས་པ་ཡིན་པས་
སོ། །འགའ་ཞིག་གིས་འཇིག་ཚོགས་ལ་ལྟ་བའི་དམིགས་པ་ནི་ཕུང་པོའམ་སེམས་ཡིན་ནོ་ཞེས་འདོད་པ་དེ་ལ་སྐྱོན་བསྟན་པར་བྱ་བའི་ཕྱིར། ངར་འཛིན་པའི་ཡུལ་ནི་ཞེས་བྱ་བ་གསུངས་ཏེ། བདག་ཏུ་འཛིན་པའི་གཞི་དངོས་པོ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ནི་ངར་འཛིན་པའི་རྟེན་དུ་གྱུར་པའི་ཕུང་པོ་དང་
སེམས་ཀྱི་མཚན་ཉིད་ཅན་གྱི་དངོས་པོ་ཡོད་པའི་ཕྱིར་རོ། །དེ་ཉིད་རྒྱས་པར་བསྟན་པར་བྱ་བའི་ཕྱིར། བདག་མེད་རྟོགས་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་བདག་མེད་པར་རྟོགས་པའི་དུས་སུ་བདག་མེད་དོ་སྙམ་པའི་རྣམ་པས་ཡོངས་སུ་སྤོང་ནའོ། །འདི་ནི་ངར་འཛིན་རྟེན་དུ་ཡང་མི་འདོད་
པ་ཞེས་བྱ་བ་ནི་བདག་འདི་ནི་ངར་འཛིན་པའི་རྟེན་དུ་ཡང་མི་འདོད་པ་ཡིན་ཏེ། ཕུང་པོ་དང་སེམས་དག་ངར་འཛིན་གྱི་ཡུལ་དུ་འདོད་པའི་ཕྱིར་རོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་ཕུང་པོ་ལས་ཐ་དད་པའི་བདག་གི་དངོས་པོ་མེད་པར་ཤེས་པས་རང་གི་ལྟ་བ་དེ་འཇིག་ཚོགས་ལ་ལྟ་བ་དཔྱིས་ཀྱང་
འབྱིན་པ་སྟེ། དྲུངས་འབྱིན་པ་ཡིན་ནོ་ཞེས་སྨྲ་བ་གང་ཡིན་པ་དེ་ནི་ཤིན་ཏུ་ངོ་མཚར་ཆེ་སྟེ། བདག་ཏུ་ལྟ་བ་བདག་གི་ཡུལ་ཅན་མ་ཡིན་པ་དང་། ཡུལ་མ་ཡིན་པ་དཔྱིས་འབྱིན་པས་དེ་ལ་ཅི་ཞིག་བྱས་པར་འགྱུར་ཞེས་པའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་
གསུངས་སོ། །དེ་མེད་པས་ཞེས་བྱ་བ་ནི་བདག་རྟག་པ་མེད་པས་སོ། །ངར་འཛིན་པའི་ཡུལ་ནི་གཞན་ཡིན་ཞིང་ཞེས་བྱ་བ་ནི་ཕུང་པོ་དང་སེམས་དག་གོ། །གཞན་དང་དངོས་པོ་མེད་པ་མཐོང་བ་ལས་ཞེས་བྱ་བ་ནི་ཕུང་པོ་ལས་ཐ་དད་པའི་བདག་གི་དངོས་པོ་མེད་པ་མཐོང་བ་ལས་སོ། །ཀྱེ་མ་ཁྱོད་ཀྱི་

མཛེས་སོ་ཞེས་བྱ་བ་ནི། ཅོ་འདྲི་བའི་ཚིག་གོ། །ཕན་ཚུན་འབྲེལ་པ་མེད་པ་ཞེས་བྱ་བ་ནི་ཕུང་པོ་ལས་ཐ་དད་པའི་བདག་མེད་པ་མཐོང་བས་ཕུང་པོ་དང་སེམས་དག་གི་ཡུལ་ཅན་གྱི་ངར་འཛིན་ལྡོག་པར་འགྱུར་བ་ནི་མ་ཡིན་པས་སོ། །དཔེ་སྟོན་པ་ནི། རང་ཁྱིམ་ཞེས་བྱ་བ་
ལ་སོགས་པ་གསུངས་སོ། །འདི་ནི་གླང་ཆེན་མེད་ཅེས་དོགས་པ་བསལ་ཏེ་ཞེས་བྱ་བ་ནི་ཁྱིམ་འདི་ན་གླང་པོ་ཆེ་ཡོད་པ་མ་ཡིན་ནོ་ཞེས་བསམས་ནས་སྦྲུལ་འཇིགས་པ་ཡང་ཡོངས་སུ་དོར་བ་དེ་ནི་ཀྱེ་མ་གཞན་དག་གི་གད་མོར་འགྱུར་ཉིད་དེ་བཞད་གད་ཀྱི་གནས་སུ་འགྱུར་རོ་ཞེས་པའི་ཐ་ཚིག་གོ། །
དེ་བཞིན་དུ་ཕུང་པོ་ལྔ་དང་སེམས་ནི་སྦྲུལ་ལྟ་བུ་ཡིན་ལ། གླང་པོ་ཆེ་ནི་བདག་ལྟ་བུ་ཡིན་ལ། དཔེའི་སྐབས་སུ་ཅི་ལྟར་གླང་པོ་ཆེ་མེད་པར་ཡོངས་སུ་ཤེས་ཀྱང་སྐྱེས་བུ་དེ་སྦྲུལ་གྱིས་འཛིན་ལ། དེ་བཞིན་དུ་འདིར་ཡང་བདག་མེད་པར་ཡོངས་སུ་ཤེས་ཀྱང་ཕུང་པོ་དང་སེམས་དག་ཡོད་པ་དེའི་ཡུལ་ཅན་
གྱི་ངར་འཛིན་འཇུག་པའི་ཕྱིར་འཁོར་བའི་དུཿཁ་ཉམས་སུ་མྱོང་བར་འགྱུར་བ་ཡིན་གྱི་ཐར་པ་ནི་མ་ཡིན་ནོ། །དེ་ཉིད་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིགས་པའི་རྐྱེན་ཉེར་ཟིན་ཀྱང་ཞེས་བྱ་བ་ནི་སྦྲུལ་དང་ཉེ་ཡང་ངོ་། །ཕྱིར་འཆོས་པར་མི་
བྱེད་པར་ཞེས་བྱ་བ་ནི་སྦྲུལ་གྱི་འཇིགས་པ་སྤོང་བའི་དོན་དུ་གཉེན་པོ་མི་བརྟེན་པའོ། །དེ་ལ་ཡོད་པའི་འཇིགས་པ་མ་མཐོང་ཞེས་བྱ་བ་ནི་སྦྲུལ་ལ་ཡོད་པའི་འཇིགས་པ་མ་མཐོང་བས་སོ། །དེ་ལྟ་བུའི་སྐྱེས་བུ་དེ་ནི་བདག་ཉིད་རྨོངས་པ་ཉིད་དུ་གསལ་བར་བྱེད་པ་ཡིན་ཞེས་པའོ། །རྨོངས་པ་
ཉིད་དེ་བསྟན་པར་བྱ་བའི་ཕྱིར། དེ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཕུང་པོ་ལྔ་དང་བདག་དག་རྟེན་དང་བརྟེན་པར་འདོད་པའི་ཕྱོགས་གསལ་བར་བྱ་བའི་ཕྱིར། དེའི་ཕྱིར་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཅི་ལྟར་མི་རིགས་པ་དེ་བསྟན་པར་བྱ་བའི་ཕྱིར། ཕུང་པོ་བདག་ཡོད་པ་
མ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕུང་པོ་བདག་ཡོད་མ་ཡིན་ཞེས་བྱ་བ་ནི་རྟེན་ཕུང་པོ་ལ་བརྟེན་པ་བདག་ཡོད་པ་མ་ཡིན་པའོ། །བདག་ལ་ཡང་ཕུང་པོ་དེ་རྣམས་ཡོད་མིན་ཞེས་བྱ་བ་ནི་བརྟེན་པར་འགྱུར་བའི་ཕུང་པོ་རྣམས་རྟེན་དུ་འགྱུར་བའི་བདག་ལ་ཡང་ཡོད་པ་མ་ཡིན་པའོ། །ཅིའི་ཕྱིར་

ཞེ་ན། དེ་ལ་ལན་ནི། གང་ཕྱིར་འདི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་བདག་ལས་ཐ་དད་པ་མ་ཡིན་ལ། གང་གི་ཕྱིར་ཕུང་པོ་དང་བདག་དག་གཞན་ཡིན་པར་འགྱུར་ན་རྟེན་དང་བརྟེན་པའི་རྟོག་པ་འདིར་འགྱུར་བར་འོས་ན་བདག་དང་ཕུང་པོ་དག་གཞན་ཉིད་དུ་མེད་པས་ཕུང་པོ་དང་བདག་
དག་རྟེན་དང་བརྟེན་པར་རྟོག་པ་ཙམ་སྟེ་དོན་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་པའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། གཞན་ཉིད་ཡོད་ན་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་བདག་ལས་ཐ་དད་པ་མ་ཡིན་ལ་ཞེས་བྱ་བ་ནི། སྔར་ཐ་དད་པའི་བདག་བཀག་པས་སོ། །དེ་
ལྟར་རྟེན་དང་བརྟེན་པའི་ཕྱོགས་བཀག་ནས་བདག་དང་བདག་གི་བའི་མཚན་ཉིད་ཅན་གྱི་འབྲེལ་པའི་སྒོ་ནས་ལྡན་པའི་ཕྱོགས་གཞན་གྱིས་ཁས་ལེན་ན་དེ་དག་དགག་པར་བྱ་བའི་ཕྱིར། ཕུང་པོ་ལྡན་པ་ཉིད་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ཅེས་བྱ་བ་ལ་སོགས་པ་ནི། བདག་
ནི་གཟུགས་དང་ལྡན་པར་འདོད་པ་ཡང་མི་བྱ་སྟེ་ཅིའི་ཕྱིར་ཞེ་ན། ལན་ནི། གང་ཕྱིར་བདག་ཡོད་མིན་ཞེས་བྱ་བ་གསུངས་ཏེ། ཕུང་པོ་ལས་ཐ་དད་པའི་དང་ཐ་མི་དད་པའི་བདག་སྔར་བཀག་ཟིན་པས་སོ། །དེའི་ཕྱིར་ལྡན་དོན་སྦྱོར་བ་མེད། །ཅེས་བྱ་བ་ནི་བདག་ཡོད་པ་མ་ཡིན་པའི་ཕྱིར་ལྡན་པའི་
དོན་ཡོད་པ་མ་ཡིན་ཞེས་པའི་དོན་ཏོ། །ལྡན་པའི་དོན་ཅི་ལྟར་མེད་པ་དེ་རྒྱས་པར་བསྟན་པར་བྱ་བའི་ཕྱིར། གཞན་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷས་བྱིན་གནག་དང་ལྡན་ནོ་ཞེས་བྱ་བ་འདིར་གནག་དང་ལྷས་བྱིན་དག་ཐ་དད་པར་ཡོད་དུ་ཟིན་ཀྱང་། བདག་དང་བདག་གི་བའི་འབྲེལ་པའི་
སྒོ་ནས་ལྡན་པའི་དོན་མཐོང་བ་ཡིན་ལ། འདིར་གཟུགས་དང་བདག་ཐ་དད་པ་མེད་པའི་ཕྱིར་བདག་ལ་ལྡན་པའི་དོན་ཡོད་པ་མ་ཡིན་ནོ་ཞེས་པའོ། །དེ་བཞིན་དུ་ལྷས་བྱིན་ནི་གཟུགས་དང་ལྡན་ནོ་ཞེས་བྱ་བ་འདིར་ཐ་མི་དད་པའི་ཕྱིར་རམ། སོ་སོར་མ་གྲུབ་པའི་ཕྱིར་འདུ་བའི་འབྲེལ་པའི་སྒོ་ནས་ལྡན་པའི་
དོན་མཐོང་བ་ཡིན་ལ། ཐ་མི་དད་པ་ཉིད་དང་སོ་སོར་མ་གྲུབ་པ་ཉིད་ཡོད་པ་མ་ཡིན་ཏེ། ཕུང་པོ་དང་ཐ་མི་དད་པར་གྱུར་པའི་བདག་བཀག་པ་དང་ཐ་དད་དུ་གྱུར་པའི་བདག་བཀག་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། དེ་ཉིད་གཞན་ཉིད་མེད་ཅེས་བྱ་བ་གསུངས་ཏེ། བདག་ལ་ཐ་དད་པ་དང་ཐ་མི་དད་

པ་ཉིད་མེད་པས་སོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། བདག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་བདག་ཕུང་པོ་དང་ལྡན་པ་ཉིད་བཀག་ནས། ཕུང་པོ་དང་བདག་དག་ལ་ཕྱོགས་ཅི་སྙེད་བཀག་པ་དེ་གྲངས་ཀྱི་སྒོ་ནས་མཇུག་བསྡུ་བ་བསྟན་པར་
བྱ་བའི་ཕྱིར། ད་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཀག་ཟིན་པའི་ཕྱོགས་རྣམས་བསྡོམས་ཏེ་བསྟན་པས་ཞེས་བྱ་བ་ནི་བཀག་པའི་ཕྱོགས་བསྡུས་ནས་བསྟན་པས་སོ། །འཇིག་ཚོགས་ལ་ལྟ་བ་དམིགས་པ་ལ་རྣམ་པ་ལོག་པའི་སྒོ་ནས་འཇུག་པ་ཞེས་བྱ་བ་ནི་དམིགས་པའི་རྣམ་པ་
ནི་དམིགས་པའི་རྣམ་པ་དེ་དམིགས་པ་འཛིན་པའི་ཁྱད་པར་རོ། །དེ་ལོག་པ་ཡང་ཡིན་ཏེ། རིགས་པས་མི་འཐད་པའི་ཕྱིར་རོ། །དེའི་འཇུག་པ་ནི་དམིགས་པ་ལ་ལོག་པའི་རྣམ་པས་འཇུག་པའོ། །གྲངས་ཀྱི་སྒོ་ནས་ཞེས་བྱ་བ་ནི་རྣམ་པ་ཉི་ཤུའི་སྒོ་ནས་སོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར།
གཟུགས་བདག་མ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་བདག་མ་ཡིན་ཞེས་བྱ་བ་འདིས་ནི་ཐ་མི་དད་པའི་བདག་བཀག་པ་ཡིན་ནོ། །བདག་ནི་གཟུགས་ལྡན་མིན་ཞེས་བྱ་བ་ནི་ལྡན་པའི་ཕྱོགས་བཀག་པ་ཡིན་ནོ། །གཟུགས་ལ་བདག་མེད་ཅེས་བྱ་བ་འདིས་ནི་གཟུགས་རྟེན་དང་
བདག་བརྟེན་པ་ཉིད་བཀག་པ་ཡིན་ནོ། །བདག་ལའང་གཟུགས་ཡོད་མ