Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 95
Văn bản gốc(Tây Tạng)
Trang 20 / 21 (50.000 ký tự/trang)
ས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་བྱིན་གྱི་རླབས་ཞེས་བྱ་བའི་དོན་ཏོ། །ཤཱ་རིའི་བུ་ཞེས་བྱ་བ་ལ། ཡུམ་ཤཱ་རི་ཀ་ཞེས་བྱ་བའི་མཚན་ལས་དྲས་ཏེ་བཏགས་པས་ཤཱ་རིའི་བུ་ཞེས་བྱའོ། །འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ནི་འོག་ནས་འབྱུང་བའི་དོན་རྣམས་དྲིས་སོ་ ཞེས་བྱ་བའི་དོན་ཏོ། །གང་ལ་ལ་ཞེས་བྱ་བ་ནི་གང་སུ་ཡང་རུང་ཞེས་བྱ་བའི་ཐ་ཚིག་གོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ། ཤེས་རབ་ནི་གཉིས་ཏེ། ཀུན་རྫོབ་ཤེས་པའི་ཤེས་རབ་དང་། དོན་དམ་ཤེས་པའི་ཤེས་རབ་བོ། །དེ་ལ་ཀུན་རྫོབ་ཤེས་པའི་ཤེས་རབ་ནི་ཆོས་ཐམས་ཅད་སྒྱུ་མ་ དང་སྨིག་རྒྱུ་དང་རྨི་ལམ་ལྟ་བུར་ཤེས་པའོ། །དོན་དམ་པ་ཤེས་པའི་ཤེས་རབ་ནི་ཆོས་ཐམས་ཅད་ནམ་མཁའི་ངོས་བཞིན་དུ་བརྗོད་དུ་མེད་ཅིང་བསམ་དུ་མེད་པར་ཤེས་པ་སྟེ། ཤེས་རབ་དེས་མི་གནས་པའི་མྱ་ངན་ལས་འདས་པར་ཕྱིན་པར་བྱེད་པས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། དོན་དུ་ན་སྐྱེ་བ་དང་ འགག་པ་མེད་པའི་དོན་ཟབ་མོ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །སྤྱོད་པ་ནི་གང་ཟག་སྟེ་བྱང་ཆུབ་སེམས་དཔའོ། །སྤྱད་པ་ནི་ཆོས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཇི་ལྟར་བསླབ་པར་བྱ་ཞེ་ན་ཞེས་བྱ་བ་ནི་མཉན་པ་དང་བསམ་པ་དང་། བསྒོམ་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ལ་ ཇི་ལྟར་འཇུག་པར་བྱ་ཞེས་བྱ་བའི་དོན་ཏོ། །རྣམ་པ་གཉིས་སུ་ན་སྤྱོད་པ་རྣམ་པ་བཞི་ལ་བསླབ་པར་བྱ་སྟེ། སྤྱོད་པ་རྣམ་པ་བཞི་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་དོན་དམ་པ་ལ་སྤྱོད་པ་དང་། ཉོན་མོངས་པ་མེད་པས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་སྤྱོད་པ་དང་། ཞེན་པ་མེད་པར་སེམས་ཅན་ཡོངས་སུ་སྨིན་ པ་ལ་སྤྱོད་པ་དང་། ཆགས་པ་མེད་པར་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པ་ལ་སྤྱོད་པའོ། །ཇི་ལྟར་བསླབ་པར་བྱ་ཞེས་བྱ་བ་ནི་སྤྱོད་པ་དེ་བཞི་ལ་ཇི་ལྟར་སྤྱོད་པར་བྱ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ནི་ཤེས་རབ་ཀྱི་མཚན་ཉིད་དེ། མཚན་ཉིད་མི་ཤེས་ན་དོན་ཁོང་དུ་ཆུད་པར་མི་ནུས་པས་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ་ལན་གླན་པའི་ཚིག་གིས་བསྟན་ཏོ། །ཤཱ་རིའི་བུ་ལ་འདི་སྐད་སྨྲས་སོ་ཞེས་བྱ་བ་ནི་འོག་ནས་འབྱུང་བ་འདི་སྐད་དུ་ཅེས་སྨྲས་སོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟར་བརྟག་པར་བྱ་ཞེས་བྱ་བ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་ པར་བྱ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་བསླབ་པར་བྱ་ཞེ་ན་དེའི་ཕྱིར། ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་ལྟའོ་ཞེས་བྱ་བ་སྨོས་ཏེ། ཕུང་པོ་ལྔ་ནི་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའོ། །རང་བཞིན་གྱིས་སྟོང་པ་ཞེས་བྱ་བ་ལ། སྟོང་པ་ ལ་རྣམ་པ་ལྔ་སྟེ། སྔ་ནས་མེད་པའི་སྟོང་པ་དང་། ཞིག་ནས་མེད་པའི་སྟོང་པ་དང་། ཤིན་ཏུ་མེད་པའི་སྟོང་པ་དང་། གཅིག་ལ་གཅིག་མེད་པའི་སྟོང་པ་དང་། ངོ་བོ་ཉིད་མེད་པའི་སྟོང་པའོ། །དེ་ལ་འོ་མ་ལ་ཞོ་མེད་པ་ནི་སྔ་ནས་མེད་པའི་སྟོང་པའོ། །ཞོ་ལ་འོ་མ་མེད་པ་ནི་ཞི་གནས་མེད་པའི་སྟོང་པའོ། །རི་བོང་གི་ མགོའི་ཆ་ཤས་དམའ་བ་ལ་རྭ་མེད་པ་ནི་ཤིན་ཏུ་མེད་པའི་སྟོང་པའོ། །བ་ལང་རྟ་ལ་མེད་པ་ནི་གཅིག་ལ་གཅིག་མེད་པའི་སྟོང་པའོ། །ཆོས་ཐམས་ཅད་རང་བཞིན་མེད་པ་ནི་ངོ་བོ་ཉིད་མེད་པའི་སྟོང་པ་སྟེ། སྟོང་པ་རྣམ་པ་ལྔ་ཡོད་པ་ལས་ཕུང་པོ་ལྔ་པོ་རྣམས་ནི་ངོ་བོ་ཉིད་མེད་པའི་སྟོང་པས་སྟོང་པར་བརྟག་པར་བྱའོ་ ཞེས་པའི་དོན་ཏོ། །གཟུགས་སྟོང་པ་ཞེས་བྱ་བ་ལ། གཟུགས་ཞེས་བྱ་བ་ནི་ས་དང་ཆུ་དང་མེ་དང་རླུང་ལ་བྱའོ། །སྟོང་པ་ཞེས་བྱ་བ་ནི་དོན་དམ་པ་ཆོས་ཀྱི་དབྱིངས་སྟོང་པ་ཉིད་ཀྱི་མཚན་ཉིད་པས་གཟུགས་དེ་དག་སྟོང་པ་ཉིད་དེ། སྟོང་པ་ཉིད་ཀྱི་མཚན་ཉིད་དེ་ནི་གཉིས་སུ་མེད་པ་གྲངས་དང་བགྲང་བ་ལས་འདས་པ། བདག་དང་བདག་གིར་ལྟ་བ་སྤངས་པ། གཟུང་བ་དང་འཛིན་པ་དང་བྲལ་བ་ཡིན་པས་ན་མི་གཉིས་པ་དེ་བཞིན་ཉིད་ཀྱི་མཚན་ཉིད་དོ། །ཆོས་སོ་ཅོག་ཀྱང་སྟོང་པའི་མཚན་ཉིད་དུ་མ་འདུས་པ་མེད་པས། ས་ཆུ་མེ་རླུང་བཞི་ཡང་མཚན་ཉིད་མེད་པ་སྟེ། དངོས་པོ་མེད་པ། བདག་མེད་པ། གཙོ་བོ་མེད་པ་ སྟེ། རྡུལ་དུ་བཤིག་ནས་སྟོང་པ་ཉིད་དུ་གྱུར་པ་ནི་མ་ཡིན་གྱི། ངོ་བོ་ཉིད་ཀྱིས་སྟོང་པ་ཡིན་པས་ན། གཟུགས་སྟོང་པ་ཞེས་བྱའོ། །གཟུགས་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་གང་ཡིན་པ་དེ་ཉིད་དོན་དམ་པའི་སྟོང་པ་དེ་ཉིད་ཡིན་ཏེ། གཟུགས་ངོ་བོ་ཉིད་ཀྱིས་སྟོང་པ་དེ་ལས་དོན་དམ་པའི་སྟོང་པ་གུད་ན་མེད་པས་ན་སྟོང་པ་ཉིད་ ཀྱང་གཟུགས་ཞེས་བྱ་སྟེ། དོན་དམ་པའི་སྟོང་པ་དེ་ཉིད་གཟུགས་ཀྱི་སྟོང་པའི་རང་བཞིན་ཞེས་བྱ་བའི་ཐ་ཚིག་གོ། །གཟུགས་ཀྱི་སྟོང་པ་དོན་དམ་པའི་སྟོང་པ་ཡིན་པར་ཅི་མངོན་ཞེ་ན། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ལས་ཀྱང་། བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབྱིངས་ལ་འཇུག་པའི་ཡེ་ཤེས་ཀྱི་ཆོས་ ཀྱི་དབྱིངས་ནི་ས་དང་ཆུ་དང་མེ་དང་རླུང་གི་ཁམས་ཡིན་ཡང་ཆོས་ཀྱི་དབྱིངས་སྲ་བ་དང་། རླན་པ་དང་། དྲོ་བ་དང་། གཡོ་བའི་མཚན་ཉིད་ནི་མ་ཡིན་ནོ། །ཆོས་ཀྱི་དབྱིངས་དང་ཆོས་ཐམས་ཅད་མཚུངས་སོ། །དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་དུ་མཚུངས་པས་ན་མཚུངས་ཞེས་བཤད་དེ། དེ་བས་ན་ གཟུགས་སྟོང་པ་ཉིད་དོན་དམ་པའི་སྟོང་པ་ཉིད་དུ་རིག་པར་བྱའོ། །རྣམ་པ་གཉིས་སུ་ན་གཟུགས་སྟོང་པ་ཞེས་བྱ་བ་ལ། གཟུགས་རྣམ་པ་གསུམ་སྟེ། ཡོངས་སུ་བརྟགས་པའི་གཟུགས་དང་། རྣམ་པར་བརྟགས་པའི་གཟུགས་དང་། ཆོས་ཉིད་ཀྱི་གཟུགས་སོ། །དེ་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ ཀྱིས་ས་ལ་སོགས་པ་སྲ་བའི་མཚན་ཉིད་དུ་བརྟགས་པ་ནི་ཡོངས་སུ་བརྟགས་པའི་གཟུགས་སོ། །དོན་དང་ལྡན་པའི་རྣམ་པར་ཤེས་པའི་སྤྱོད་ཡུལ་གྱི་གཟུགས་ནི་རྣམ་པར་བརྟགས་པའི་གཟུགས་སོ། །ཡོངས་སུ་བརྟགས་པའི་གཟུགས་དང་། རྣམ་པར་བརྟགས་པའི་གཟུགས་དང་བྲལ་བ་དེ་བཞིན་ཉིད་ ཀྱི་མཚན་ཉིད་ནི་ཆོས་ཉིད་ཀྱི་གཟུགས་ཏེ། ཆོས་ཉིད་ཀྱི་གཟུགས་དེ་ལ་ཡོངས་སུ་བརྟགས་པའི་གཟུགས་དང་། རྣམ་པར་བརྟགས་པའི་གཟུགས་མེད་པས་ན་གཟུགས་སྟོང་པའོ་ཞེས་བྱའོ། །ཆོས་ཉིད་ཀྱི་གཟུགས་སྟོང་པ་ཉིད་དེ་རྣམ་པར་བརྟགས་པའི་གཟུགས་དང་། ཀུན་བརྟགས་ཀྱི་གཟུགས་ ལས་ལོགས་ཤིག་ན་ཡོད་པ་ཡིན་ནམ་སྙམ་པ་ལ་སྟོང་པ་ཉིད་གཟུགས་ཞེས་སྨོས་ཏེ། ཆོས་ཉིད་ཀྱི་གཟུགས་སྟོང་པ་དེ་ཉིད་རྣམ་པར་བརྟགས་པ་དང་། ཀུན་བརྟགས་པའི་གཟུགས་དང་མཚན་ཉིད་གཅིག་ཅེས་བྱ་བའི་དོན་ཏོ། །གཟུགས་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་གཟུགས་ སོ། །གཟུགས་ལས་སྟོང་པ་ཉིད་གུད་ན་མེད་དོ་ཞེས་བྱ་བ་ལ། གཟུགས་ཀྱི་མཚན་ཉིད་ཀྱི་སྟོང་པ་དང་། དོན་དམ་པའི་སྟོང་པ་གཉིས་ཐ་མི་དད་དེ་གཅིག་པས་ན་གཟུགས་ལས་སྟོང་པ་ཉིད་གུད་ན་མེད་ཅེས་བྱ་སྟེ། ཅིས་ཐ་མི་དད་ཅེ་ན། བསྣན་པ་དང་། ཕྲི་བ་དང་བྲལ་བ་དང་། མཐའ་གཉིས་སྤངས་པའི་ངོ་བོ་ཉིད་སྟོང་པའི་མཚན་ཉིད་དུ་ཐ་མི་དད་པའི་ཕྱིར་རོ། །གང་གཟུགས་དེ་ཉིད་སྟོང་པ་ཞེས་བྱ་བ་ལ། གཟུགས་ཀྱི་མཚན་ཉིད་གང་ཡིན་པ་སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱང་དེ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གང་སྟོང་པ་ཉིད་དེ་གཟུགས་སོ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ མཚན་ཉིད་གང་ཡིན་པ་གཟུགས་ཀྱི་མཚན་ཉིད་ཀྱང་དེ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེས་ནི་འདི་སྐད་བསྟན་པ་ཡིན་ཏེ། སེམས་ཅན་མ་རབས་བྱིས་པར་གྱུར་པ་རྣམས་ཐོག་མ་མེད་པ་ཚུན་ཆད་སྐྱེ་ཤིའི་འཁོར་བའི་ནང་ན་ལམ་རྒྱུད་ལྔར་འཁོར་ཏེ། ཕུང་པོ་ལྔ་ནི་འདྲིས། ཁམས་བཅོ་བརྒྱད་ ལ་ནི་གོམས་པས་དེ་དག་ལ་ཆགས་ཞིང་ཤེན་ནས་དངོས་པོ་དང་གོང་བུར་འཛིན་པ་ལ། དེ་བཞིན་གཤེགས་པས་ངོ་བོ་ཉིད་ཀྱིས་སྟོང་པར་བསྟན་པས་གཟུགས་ཀྱི་མཚན་ཉིད་ནི་སྟོང་པར་ཤིགས་ན། གཉེན་པོ་སྟོང་པ་གཅིག་གུད་ན་ཡོད་པར་འཛིན་པ་ནི་ཉན་ཐོས་ཞི་བ་ཕྱོགས་གཅིག་གི་མྱ་ངན་ལས་འདས་པ་ལ་ ཆགས་པའོ། །འདི་ལྟ་སྟེ། གང་གཟུགས་དེ་སྟོང་པ་ཉིད་ཅེས་བྱ་བ་ནི་གང་གཟུགས་ལ་ཆགས་པས་འཁོར་བའི་མུར་ལྟུང་བ་དང་འབྲལ་བའི་གཉེན་པོར་གསུངས་སོ། །གང་སྟོང་པ་ཉིད་དེ་གཟུགས་སོ་ཞེས་བྱ་བ་ནི་ཉན་ཐོས་གང་ཟག་ལ་བདག་མེད་པར་ཆུད་ནས་གཟུགས་སྟོང་པར་བཤིག་པའི་ རྗེས་སུ་སྟོང་པའི་མཚན་མ་སྐྱེས་ཏེ་མྱ་ངན་ལས་འདས་པའི་མུར་ལྟུང་བའི་གཉེན་པོར་གསུངས་སོ། །གཟུགས་སྟོང་པ་ཉིད་དེ་ནི་མེད་པས་སྤོང་བར་འགྱུར་བ་ཡིན་ན། དེ་ལ་གཟུགས་ལ་མཚན་མར་འཛིན་པ་སྤང་བའི་ཕྱིར་སྟོང་པ་ཉིད་བསྟན་ན་སྟོང་པ་ལ་མཚན་མར་འཛིན་པའི་སེམས་གཅིག་སྐྱེས་པས་སྟོང་པ་ དང་གཟུགས་གཉིས་རྗེས་སུ་སྤོང་སྟེ། མཚན་མ་ནི་མཚན་མ་གང་ལ་དམིགས་པས་ཀྱང་དེ་ཁོ་ན་རྟོགས་པར་བྱ་བ་ལ་སྒྲིབ་པར་འགྱུར་བས་སྟོང་པ་ཉིད་ལ་དངོས་པོར་འཛིན་པ་ཡང་མཚན་མ་ཡིན་ཏེ། དེ་ཡང་དཔེར་བྱ་ན་མི་མིག་རབ་རིབ་ཅན་ཅིག་མགྲོན་དུ་འགྲོ་བ་ལས་ལམ་གཡས་རོལ་གྱི་འགྲམ་ན་ནི་ཚེར་མ་ དང་དོང་ཡོད། ལམ་གཡོན་རོལ་གྱི་འགྲམ་ན་ནི་ངམ་གྲོག་དང་གཡང་ས་ཡོད་དེ། མི་མིག་སྐྱོན་མེད་པ་ཞིག་གིས་ཚེར་མ་དང་དོང་ཡོད་དོ་ཞེས་བྱས་ན་ནི་ངམ་གྲོག་དང་གཡང་སའི་མུར་ལྟུང་། ངམ་གྲོག་དང་གཡང་ས་ཡོད་དོ་ཞེས་བྱས་ན་ནི་ཚེར་མ་དང་དོང་གི་མུར་ལྟུང་བ་ལས། ལམ་དབུས་མ་བདེ་བ་ཉིད་ཅི་ལ་ ཡང་མི་ཐོགས་པ་བསྟན་ཏེ། རང་གི་གནས་སུ་ཕྱིན་པར་བྱས་སོ། །དཔེ་དེ་དང་འདྲ་སྟེ། རབ་རིབ་ཅན་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་ཉོན་མོངས་པའི་སྒྲིབ་པས་བསྒྲིབས་པ་དང་། ཉན་ཐོས་ཤེས་བྱའི་སྒྲིབ་པས་བསྒྲིབས་པ་ལ་བྱའོ། །ཚེར་མ་དང་དོང་ནི་གང་ཟག་གཟུགས་ལ་སོགས་པའི་མཚན་མ་ལ་ཆགས་པ་ སྟེ་འཁོར་བའི་མུར་ལྟུང་བའོ། །ངམ་གྲོག་དང་གཡང་ས་ནི་ཉན་ཐོས་མྱ་ངན་འདས་པ་ལ་ཆགས་པ་སྟེ་སྟོང་པའི་མུར་ལྟུང་བའོ། །མིག་ཅན་གྱི་སྐྱེས་བུ་ནི་དེ་བཞིན་གཤེགས་པ་སྟེ། ཤེས་རབ་ཀྱི་སྤྱན་གསལ་བས་གཟུགས་ངོ་བོ་ཉིད་ཀྱིས་སྟོང་པར་གཟིགས་པས་ན་སྐྱེ་ཤི་སྒྱུ་མ་དང་འདྲ་བའི་ཕྱིར་འཁོར་བ་ ཡང་མི་སྤོང་། ཁམས་གསུམ་རྨི་ལམ་དང་འདྲ་བས་ན་མྱ་ངན་ལས་འདས་པའི་ཡོན་ཏན་ཡང་མི་ཚོལ་ཏེ། ལམ་དབུ་མ་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། སྟོང་པ་ཉིད་ཀྱི་ལམ་དུ་ཞུགས་པས་ན་མི་གནས་པའི་མྱ་ངན་ལས་འདས་པའི་གནས་སུ་ཕྱིན་ཏོ། །དེ་བས་ན་མཚན་མར་འཛིན་པ་ནི་གཡང་ས་སྟེ་ སྐྱོན་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཡོད་པ་དང་། མེད་པ་གང་ཡང་མཚན་མར་མི་གཟུང་བར་བྱའོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་སྟོང་པའོ་ཞེས་བྱ་བ་ལ་དེ་སྐད་ཅེས་བྱ་སྟེ། གོང་དུ་ཕུང་པོ་ལྔ་པོ་སྟོང་པར་ལྟ་ཞེས་བྱ་བ་ལ། གཟུགས་ཀྱི་སྟོང་པ་སྨོས་ཏེ། གཟུགས་སྟོང་པར་བསྟན་པ་དང་། སྟོང་པ་དང་གཟུགས་ཐ་མི་དད་པར་བསྟན་པའི་ཚིག་ཟུར་སྨོས་པ་དེ་བཤད་པ་རྣམ་པ་གསུམ་དང་སྦྱར་བས་རྣམ་པ་དྲུག་ཏུ་འགྱུར་བ་ལ། བཤད་པ་རྣམ་པ་གསུམ་ནི་དང་པོར་རང་བཞིན་གྱིས་སྟོང་སྟེ་གཅིག་པར་བཤད་པ་དང་། བར་དུ་བཏགས་པ་རྣམ་པ་གསུམ་དང་སྦྱར་ཏེ་རོ་ གཅིག་པར་བཤད་པ་དང་། ཐ་མར་འཁོར་བའི་སོ་སོ་སྐྱེ་བོ་དངོས་པོའི་མཐའ་ལ་གནས་པ་དང་། ཉན་ཐོས་མྱ་ངན་ལས་འདས་པ་སྟོང་པའི་མཐའ་ལ་གནས་པ་དེ་གཉིས་སྤངས་ཏེ། དབུ་མའི་ལམ་དུ་འཇུག་པ་བསྒྲུབས་ཏེ། གསུམ་པོ་རེ་རེ་ལ་ཡང་གཟུགས་སྟོང་པ་སྟོང་པ་ཉིད་གཟུགས་ཞེས་པ་ཕྲུགས་རེ་རེར་སྦྱར་བ་ དང་དྲུག་ཏུ་འགྱུར་བ་བཞིན་དུ་ཕུང་པོ་ལྔའམ་བཞི་ལ་ཡང་ཚུལ་འདི་བཤད་དོ། །ཕན་ཚུན་སྟོང་པ་རྣམ་པ་ལྔས་བཤད་པ་དེ་བཞིན་དུ་ལྷག་མ་ཚོར་བ་དང་། འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་རྣམས་ལ་ཡང་ཕན་ཚུན་སྟོང་པ་རྣམ་པ་ལྔས་བཤད་པར་བྱའོ། །ཆོས་དེ་རྣམས་ནི་རང་ གི་སེམས་ཀྱི་རྒྱུད་ཡིན་ལ། སེམས་ནི་གཟུགས་མེད་པ་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་བག་ཆགས་རྣམ་པར་སྨིན་ནས་གཟུགས་ཀྱི་ཕུང་པོ་དེ་ལ་བརྟེན་ཏོ། །དེ་ཡང་དཔེར་ན་སྣོད་སྟོང་པ་དང་འདྲ་སྟེ་སྣོད་ལ་བརྟེན་ཏོ། །སྣོད་དེ་བཤིག་ན་བརྟེན་པའི་གནས་མེད་དེ། སྟོང་པ་ཆེན་པོ་དང་ཐ་མི་དད་དོ། །དེ་དང་འདྲ་ སྟེ་འདི་གཟུགས་ཀྱི་ཕུང་པོ་སྟོང་པར་བརྟགས་པས་སེམས་ཀྱི་ཕུང་པོ་དེ་ཡང་གནས་མེད་དེ། དོན་དམ་པ་ཆོས་ཀྱི་དབྱིངས་དང་ཐ་མི་དད་དོ། །ཕུང་པོ་ལྔ་རང་བཞིན་གྱིས་སྟོང་པ་ཡིན་པར་ཅི་མངོན་ཞེ་ན། དེ་ཡང་འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ལས་བཤད་པ། གཟུགས་ཀྱི་ཕུང་པོ་ནི་དབུ་བའི་ གོང་བུ་དང་འདྲ་སྟེ། གཟུང་ཞིང་བཅད་མི་བཟོད་པའོ། །ཚོར་བའི་ཕུང་པོ་ནི་ཆུའི་ཆུ་བུར་དང་འདྲ་སྟེ། སྐད་ཅིག་ལས་མི་རྟག་པའོ། །འདུ་ཤེས་ཀྱི་ཕུང་པོ་ནི་སྨིག་རྒྱུ་དང་འདྲ་སྟེ། སྲེད་པའི་སྐོམ་པས་ནི་ནོར་བར་འཛིན་པའི་ཕྱིར་རོ། །འདུ་བྱེད་ཀྱི་ཕུང་པོ་ནི་ཆུ་སྐྱེས་ཀྱི་ལྡུམ་བུ་དང་འདྲ་སྟེ། བཤིག་ ན་སྙིང་པོ་མེད་པའོ། །རྣམ་པར་ཤེས་པའི་ཕུང་པོ་ནི་རྨི་ལམ་དང་འདྲ་སྟེ། འཁྲུལ་པར་འཛིན་པའོ། །དེ་བས་ན་ཕུང་པོ་ལྔ་ནི་བདག་མ་ཡིན། གང་ཟག་མ་ཡིན། སེམས་ཅན་མ་ཡིན། སྲོག་མ་ཡིན། གསོ་བ་མ་ཡིན། སྐྱེས་བུ་མ་ཡིན། ཕུང་པོ་ལྔའི་རང་བཞིན་གྱིས་འདི་ལྟ་བུ་སྟེ། བདག་དང་ བདག་གིས་སྟོང་པའོ། །མ་སྐྱེས་པའོ། །མ་བྱུང་བའོ། །མེད་པའོ། །ནམ་མཁའི་དབྱིངས་སོ། །འདུས་མ་བྱས་སོ། །རང་བཞིན་གྱིས་མྱ་ངན་ལས་འདས་པའོ་ཞེས་བཤད་དོ། །དེ་ལྟར་ཕྱི་རོལ་གྱི་ཆེན་པོ་བཞི་སྟོང་པར་ཤེས་པས་གཟུགས་སྟོང་པ་ཡིན་ནོ། །ནང་ནི་སེམས་བཞི་སྟོང་པར་ཤེས་པས་ནི་སྟོང་པས་ སྟོང་པ་ཞེས་བྱ་སྟེ། གཟུགས་དང་སྟོང་པ་གཅིག་པའི་མཚན་མ་སྤང་བས། གཟུང་བ་དང་འཛིན་པ་གཉིས་དང་བྲལ་བས་རྣམ་པར་གྲོལ་བའི་སྐུ་ཞེས་བྱའོ། །འདི་ནི་ཤེས་རབ་ཀྱི་སྤྱོད་ཡུལ་ཏེ། སྤྱོད་ཡུལ་མི་ཤེས་ན་བསྒོམ་དུ་མི་རུང་བས་རྣལ་འབྱོར་བསྒོམ་དུ་གཞུག་པའི་ཕྱིར་བཤད་དོ། །ཤཱ་རིའི་བུ་དེ་ལྟར་ ཞེས་བྱ་བ་ནི་གོང་དུ་བཤད་པ་ལྟར་ནའོ། །ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཅེས་བྱ་བ་ལ། ཆོས་ཐམས་ཅད་ཅེས་བྱ་བ་ནི་ཕུང་པོ་ལྔ་ལ་བརྟེན་པ་སྟེ། དབང་པོ་ལྔ་དང་ཡུལ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོགས་པ་ལ་བྱ་སྟེ། ཕུང་པོ་ལྔ་པོ་དེ་སྟོང་པར་རྟོགས་ པས་ན་དེའི་ཡན་ལག་རྣམས་ཀྱང་སྟོང་པའི་མཚན་ཉིད་དུ་རིག་པར་བྱའོ། །དཔེར་ན་ལུས་ཀྱི་གཙོ་བོ་སྟོང་པར་རྟོགས་པས་ན་རྐང་ལག་ལ་སོགས་པ་ཞར་གྱིས་རིག་པར་བྱའོ། །མཚན་ཉིད་མེད་པ་ཞེས་བྱ་བ་ལ། ཆོས་ཐམས་ཅད་ནི་མཚན་མ་དང་མཚན་མ་ལས་འདས་པས་ན་མཚན་ཉིད་མེད་པ་ཞེས་བྱའོ། ། མ་སྐྱེས་པ། མ་འགགས་པ་ཞེས་བྱ་བ་ལ། སྔ་ན་མེད་པ་ལས་ཕྱིས་ཡོད་པ་ནི་སྐྱེས་པ་ཞེས་བྱའོ། །སྔོན་ཡོད་པ་ལས་ཕྱིས་མེད་པར་གྱུར་པ་ནི་འགགས་པ་ཞེས་བྱའོ། །སངས་རྒྱས་ཀྱི་ངོ་བོ་ཉིད་ཆོས་ཀྱི་དབྱིངས་དོན་དམ་པ་སྟོང་པ་ཉིད་འདི་ནི་ཐོག་མའི་མཐའ་མེད་པས་ན་ཐ་མའི་མཐའ་མི་རྙེད་དེ། དེའི་ ཕྱིར་མ་སྐྱེས་པ་དང་། མ་འགགས་པ་ཞེས་བྱའོ། །སེམས་ཅན་ལམ་རྒྱུད་ལྔའི་ནང་ན་འཁོར་བའི་ཚེ་ཡང་། སངས་རྒྱས་ཀྱི་ངོ་བོ་ཉིད་ལ་དྲི་མ་ཅན་དུ་གྱུར་པ་མེད་པས་རྣམ་པར་དག་པ་ཞེས་བྱའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་ཀྱང་སངས་རྒྱས་ཀྱི་ངོ་བོ་ཉིད་ ལས་ལྷག་པར་རྣམ་པར་དག་པ་མེད་པས། རྣམ་པར་དག་པ་མེད་པ་ཞེས་བྱའོ། །གྲོག་མ་དང་སྦུར་བུའི་ལུས་སུ་གྱུར་ཀྱང་སངས་རྒྱས་ཀྱི་ངོ་བོ་ཉིད་ལ་ཆུང་ངུར་གྱུར་པ་མེད་པས་བྲི་བ་མེད་པ་ཞེས་བྱའོ། །ཆོས་ཀྱི་སྐུར་གྱུར་ཀྱང་འཕེལ་བ་མེད་པས་ན་གང་བ་མེད་པ་སྟེ། ཅིའི་ཕྱིར་ཞེ་ན། བསམ་ཞིང་ བརྗོད་པ་ལས་འདས་ཏེ་དཔག་པས་མི་ཁྱབ་པའི་ཕྱིར་རོ། །རྣམ་པ་གཉིས་སུ་ན་ཆོས་ཀྱི་དབྱིངས་དེ་ལས་དང་ཉོན་མོངས་པས་མ་སྐྱེས་པས་ན་མ་སྐྱེས་པའོ། །མ་སྐྱེས་ན་འཇིག་པ་མེད་པས་ན་མ་འགགས་པའོ། །ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པས་ན་རྣམ་པར་དག་པ་མེད་པའི་ཕྱིར་རྣམ་པར་དག་པ་ མེད་པའོ། །རང་བཞིན་གྱིས་རྣམ་པར་དག་པ་ཡིན་ཡང་། གློ་བུར་གྱི་ཉོན་མོངས་པ་རྣམ་པར་དག་པར་མི་འགྱུར་བ་ཡང་མ་ཡིན་པས་ན་རྣམ་པར་དག་པའོ། །ཀུན་ནས་ཉོན་མོངས་པའི་ཕྱོགས་སྤངས་པས་ན་ཆོས་ཀྱི་དབྱིངས་ལ་བྲི་བ་མེད་པས་ན་བྲི་བ་མེད་པའོ། །རྣམ་པར་བྱང་བ་འཕེལ་བའི་དུས་ན་ ཆོས་ཀྱི་དབྱིངས་ལ་འཕེལ་བ་མེད་པས་ན་འཕེལ་བ་མེད་པའོ། །གོང་དུ་ཕུང་པོ་ལྔ་སོ་སོར་ཕྱེ་སྟེ་སྟོང་པར་བསྟན་པ་ལས་ཡང་སེམས་ལ་མཚན་མར་རྟོག་པ་ཕུང་པོ་ལྔ་སྟོང་པ་ཡིན་ན། སྟོང་པ་ལ་ནི་དབྱེར་མེད་པས་གཟུགས་ལ་སོགས་པའི་མིང་དུ་ཡང་གདགས་པ་མི་རིགས་སོ་ཞེས་ མིང་ལ་རྟོག་པའི་མཚན་མ་བསལ་བར་བྱ་བའི་ཕྱིར། དེ་ལྟར་ན་སྟོང་པ་ཉིད་ནི་གཟུགས་མ་ཡིན། ཚོར་བ་མ་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཕུང་པོ་ལྔ་ངོ་བོ་ཉིད་ཀྱིས་སྟོང་པ་སྟེ། མིང་དང་གདགས་པ་ལས་འདས་པ་དབྱེར་མེད་པའི་མཚན་ཉིད་ཡིན་པས། གཟུགས་ལ་སོགས་པར་ བཏགས་པའི་མཚན་མར་ཡང་ཡོད་པ་མ་ཡིན་པའི་ཕྱིར་གཟུགས་མ་ཡིན། ཚོར་བ་མ་ཡིན་ཞེས་བྱ་སྟེ། གཟུགས་མེད། ཚོར་བ་མེད་ཅེས་བྱ་བའི་ཐ་ཚིག་གོ། །ཡང་ན་སྟོང་པ་ཉིད་ལ་མིང་དུ་གཟུགས་ཞེས་ཀྱང་མི་བརྗོད། ཚོར་བ་ཞེས་ཀྱང་མི་བརྗོད་ཅེས་བྱ་བའི་ཐ་ཚིག་གོ། །མིག་མ་ཡིན། རྣ་བ་མ་མིན། སྣ་མ་ཡིན། ལྕེ་མ་ཡིན། ལུས་མ་ཡིན། ཡིད་མ་ཡིན་ཞེས་བྱ་བ་ལ། དེ་ལ་འདི་སྐད་ཅེས་བྱ་སྟེ། འདི་ནི་དབང་པོ་དྲུག་སྟེ། དབང་པོ་དྲུག་ཀྱང་ཕུང་པོ་ལྔ་ལ་བརྟེན་པས་ཕུང་པོ་ལྔ་མེད་ན། དབང་པོ་དྲུག་ཀྱང་ཕུང་པོ་ལྔ་ལས་གཞན་མ་ཡིན་པའི་ཕྱིར་མེད་པ་ཞེས་བྱའོ། །གཟུགས་ མ་ཡིན། སྒྲ་མ་ཡིན། དྲི་མ་ཡིན། རོ་མ་ཡིན། རེག་མ་ཡིན། ཆོས་མ་ཡིན་ཞེས་བྱ་བ་ལ། འདི་སྐད་ཅེས་བྱ་སྟེ། འདི་ནི་ཡུལ་དྲུག་སྟེ། མ་རིག་པའི་དབང་ལས་བག་ཆགས་རྣམ་པར་སྨིན་ཏེ། འདུས་བྱས་ཀྱི་འབྲས་བུར་གྲུབ་པ་ལ་བསླད་པའི་སེམས་ཀྱིས་ཡོད་པར་འཛིན་ཏེ། དོན་དམ་པར་ ནི་ངོ་བོ་ཉིད་ཀྱིས་སྟོང་པ་ཡིན་པའི་ཕྱིར་མེད་ཅེས་བྱའོ། །མིག་གི་ཁམས་མ་ཡིན་པ་ནས་ཡིད་ཀྱི་ཁམས་མ་ཡིན་པ་ཞེས་བྱ་བ་ལ། འདི་སྐད་ཅེས་བྱ་སྟེ། འདི་ནི་ཁམས་བཅོ་བརྒྱད་དེ་ནང་གི་དབང་པོ་དྲུག་མེད་པས་ན་རྣམ་པར་ཤེས་པ་དྲུག་གི་རྟེན་མེད་པའི་ཕྱིར། ཕྱིའི་ཡུལ་དྲུག་མེད་པས་ན་རྣམ་པར་ ཤེས་པ་དྲུག་གི་གནས་མེད་དེ། འབའ་ཞིག་མི་འབྱུང་བས་རྣམ་པར་ཤེས་པ་དྲུག་ཀྱང་མེད་པ་ཡིན་པའི་ཕྱིར་ན། དེའི་ཕྱིར་ཁམས་བཅོ་བརྒྱད་ཀྱང་མེད་པ་ཞེས་བྱའོ། །མ་རིག་པ་མ་ཡིན། མ་རིག་པ་ཟད་པ་མ་ཡིན། རྒ་ཤི་མ་ཡིན། རྒ་ཤི་ཟད་པ་མ་ཡིན་ཞེས་བྱ་བ་ལ། འདི་སྐད་ཅེས་བྱ་སྟེ། འདི་ ནི་རང་སངས་རྒྱས་ཀྱི་ཐེག་པ་ལ་ཞུགས་པའི་སྤྱོད་ཡུལ་ཏེ། མ་རིག་པ་གླེངས་ནས་རྒ་ཤིའི་བར་དུ་བསྟན་པ་ནི་མདོར་གསུངས་ཏེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ནས། རྣམ་པར་ཤེས་པ། མིང་དང་གཟུགས། སྐྱེ་མཆེད་དྲུག །རེག་པ། ཚོར་བ། སྲེད་པ། ལེན་པ། སྲིད་པ། སྐྱེ་བ། རྒ་ཤིའི་བར་དུ་བལྟའོ། །མ་རིག་པ་ཞེས་བྱ་བ་ནི་བདག་ཏུ་ལྟ་བ་ལས་འབྱུང་ངོ་། །བདག་ཏུ་འཛིན་པ་ནི་དངོས་པོ་མེད་པ་ལས་འབྱུང་སྟེ། དེ་བས་ན་མ་རིག་པ་ཡང་དངོས་པོ་མེད་པའོ། །དེ་ཡང་དཔེར་ན། ཁྱིམ་མུན་ནག་ཡུན་རིང་པོར་འདུག་པ་ལ། སྒྲོན་མ་གཅིག་བྱུང་བས་སྐད་ཅིག་ཏུ་མེད་ པར་གྱུར་ཏེ། མེད་པ་དེའི་དངོས་པོར་ཡང་མི་སྣང་ངོ་། །འདི་ལྟ་སྟེ། སེམས་ཅན་ཐོག་མ་མེད་པ་ཚུན་ཆད་ཀྱི་མ་རིག་པའི་མུན་པ་སྟུག་པོ་ལ། ཤེས་རབ་ཀྱི་སྒྲོན་མས་བརྟགས་པས་སྐད་ཅིག་ཏུ་མེད་པར་འགྱུར་རོ། །མེད་པ་དེའི་དངོས་པོ་ཡང་མི་སྣང་ངོ་། །རིག་པ་ཞེས་བྱ་བ་ཡང་མ་རིག་པའི་ ཟླ་ལས་བཏགས་པ་ཙམ་དུ་ཟད་དེ། མ་རིག་པ་མེད་པས་རིག་པའི་མིང་ཡང་མི་འགྲུབ་པས་ན་མ་རིག་པ་ཡང་མ་ཡིན། མ་རིག་པ་ཟད་པ་ཡང་མ་ཡིན་ཞེས་བྱའོ། །མ་རིག་པའི་དངོས་པོ་ཉིད་མེད་པས་ན་མ་རིག་པ་མེད་པའོ། །མེད་པའི་དངོས་པོ་ལྟར་མི་སྣང་བས་ན་ཟད་པ་ཡང་མེད་ཅེས་བྱའོ། སྡུག་ བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་ལམ་མ་ཡིན་ཞེས་བྱ་བ་ལ། འདི་སྐད་ཅེས་བྱ་སྟེ། འདི་ནི་ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པའི་སྤྱོད་ཡུལ་ཏེ། བདེན་པ་བཞི་ཞེས་བྱའོ། །བདེན་པ་ལ་རྣམ་པ་གསུམ་སྟེ། འཇིག་རྟེན་དང་། འཇིག་རྟེན་ལས་འདས་པ་དང་། དོན་དམ་པའི་ འཇིག་རྟེན་ལས་འདས་པའི་བདེན་པའོ། །དེ་ལ་འཇིག་རྟེན་གྱི་བདེན་པ་ནི་ཕུང་པོ་ལྔ་ལ་ཀུན་འབྱུང་བ་དང་། རྒ་ཤིའི་སྡུག་བསྔལ་དུ་ཤེས་པའོ། །འཇིག་རྟེན་ལས་འདས་པའི་བདེན་པ་ནི་སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་དུ་ཤེས་པའོ། འཇིག་རྟེན་ལས་འདས་པ་ འཕགས་པའི་བདེན་པ་ནི་ཕུང་པོ་ལྔ་ལ་སྐྱེ་བ་མེད་པར་ཤེས་པ་ནི། སྡུག་བསྔལ་གྱི་བདེན་པ་ཤེས་པའོ། །གང་གིས་སྲིད་པ་འཇོམས་པ་ནི་ཀུན་འབྱུང་གི་བདེན་པ་ཤེས་པའོ། །མ་རིག་པ་དང་། བག་ལ་ཉལ་བ་རྣམས་ངོ་བོ་ཉིད་ཀྱིས་མེད་པར་ཤེས་པ་ནི་འགོག་པའི་བདེན་པ་ཤེས་པའོ། །ཆོས་མཉམ་པ་ཉིད་ དུ་རིང་བས་ཐམས་ཅད་ལ་སྒྲོ་མི་འདོགས་པ་དེ་ནི་ལམ་གྱི་བདེན་པ་ཤེས་པ་ཞེས་བྱའོ། །དེ་ལྟར་བདེན་པ་རྣམས་ཀྱང་དོན་དམ་པར་ན་ངོ་བོ་ཉིད་ཀྱིས་མེད་པས་ན་མེད་པ་ཞེས་བྱའོ། །བདེན་པ་རྣམས་ངོ་བོ་ཉིད་ཀྱིས་མེད་པར་ཅི་མངོན་ཞེ་ན། འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ བཤད་པ། བྱང་ཆུབ་སེམས་དཔའ་བདེན་པ་ལ་མཁས་པ་གང་ཞེ་ན། ཕུང་པོ་འདི་ནི་སྡུག་བསྔལ་བ་སྟེ། གང་གིས་སྡུག་བསྔལ་གྱི་མཚན་མ་སྟོང་པ་ཉིད་དུ་ཇི་ལྟ་བ་བཞིན་དུ་རྟོགས་པ་དེ་ནི་སྡུག་བསྔལ་འཕགས་པའི་བདེན་པ་ཞེས་བྱའོ། །གང་ཕུང་པོ་ལྔ་སྲེད་པའི་རྒྱུ་དང་ལྟ་བའི་རྒྱུ་ནི་ཀུན་འབྱུང་སྟེ། གང་ གིས་སྲེད་པའི་རྒྱུ་དང་། ལྟ་བའི་རྒྱུ་དེ་དག་མི་ལེན་ཅིང་སྒྲོ་མི་འདོགས་པ་དེ་ནི་ཀུན་འབྱུང་འཕགས་པའི་བདེན་པ་ཞེས་བྱའོ། །གང་ཕུང་པོ་སྔོན་གྱི་མཐའ་ཡང་མི་འབྱུང་། ཕྱི་མའི་མཐར་ཡང་མི་འཕོ། །ད་ལྟར་ཡང་མི་གནས་པར་ཤེས་པ་ནི་འགོག་པ་འཕགས་པའི་བདེན་པ་ཞེས་བྱའོ། །གང་མི་གཉིས་པའི་ ཡེ་ཤེས་ལ་མཉམ་པར་བཞག་ནས་བདེན་པ་བཞི་སྟོང་པ་ཉིད་དུ་ཤེས་པ་དེ་ནི། ལམ་འཕགས་པའི་བདེན་པ་ཞེས་བཤད་དོ། །ཡེ་ཤེས་མ་ཡིན་ཐོབ་པ་མ་ཡིན། མ་ཐོབ་པ་ཡང་མ་ཡིན་ཞེས་བྱ་བ་ལ། དེ་ལ་འདི་སྐད་ཅེས་བྱ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་ལ་ཞུགས་པའི་སྤྱོད་ཡུལ་ ལོ། །དེ་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་གཉིས་སྤངས་པའི་ཡེ་ཤེས་གཉིས་སུ་མེད་པའི་ཡེ་ཤེས་ཞེས་བྱ་སྟེ། དོན་དམ་པར་ཡེ་ཤེས་མ་ཡིན་པས་ན་ཡེ་ཤེས་དེ་མེད་ཅེས་བྱའོ། །ཐོབ་ཅེས་བྱ་བ་ནི་སྔོན་མེད་པ་ལས་ཐོབ་པའོ། །ཐོབ་པ་ཡོད་ན་སྟོང་པ་ཡང་ཡོད་ལ། འབྲས་བུ་ཡོད་ན་འཇིག་ པར་འགྱུར་བས་ན་སངས་རྒྱས་ཀྱི་ངོ་བོ་ཉིད་ནི། སེམས་ཅན་ཀུན་ལ་མཉམ་པར་གནས་པ་དེ་ནི་ཐོག་མར་ཡང་སྟོང་། ཐ་མར་ཡང་ཐོབ་པ་མེད་དེ། ས་བཅུའི་རིམ་པ་སྨོས་པ་ཡང་ཀུན་གཞི་རྣམ་པར་ཤེས་པ་ལ་མ་རིག་པའི་བག་ཆགས་རིམ་གྱིས་སྦྱང་བ་ཙམ་དུ་ཟད་དེ། མ་རིག་པའི་བག་ཆགས་བྱང་ནས་སངས་རྒྱས་ ཀྱི་ཡེ་ཤེས་མེ་ལོང་དང་འདྲ་བའི་ཆོས་ཀྱི་དབྱིངས་ལ་ནི་ཐོབ་པ་དང་། མ་ཐོབ་པ་ཞེས་གདགས་སུ་མེད་པས་ན་ཐོབ་པ་ཡང་མེད། མ་ཐོབ་པ་ཡང་མེད་ཅེས་བྱའོ། །དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པ་ལས་ཀྱང་། མཚན་མ་ཐམས་ཅད་ལ་མི་སྤྱོད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། ། ཅི་ཡང་ཐོབ་པ་མེད་པ་ནི་བླ་ན་མེད་པའི་བྱང་ཆུབ་ཐོབ་པའོ་ཞེས་གསུངས་སོ། །འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ཏེ། རྣལ་འབྱོར་པ་བླ་ན་མེད་པའི་བྱང་ཆུབ་ནི་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་མོད་ཀྱི། འོན་ཀྱང་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་མེད་པ་ཡང་མ་ཡིན་ཏེ། ཡོད་དོ་ཞེས་སྤྲོ་བ་བསྐྱེད་པའི་ཕྱིར་ ཡོན་ཏན་བཤད་དོ། །ཤཱ་རིའི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ཐོབ་པ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བརྟེན་ཏེ་ཞེས་བྱ་བ་ལ། འདི་སྐད་ཅེས་བྱ་སྟེ། དེ་ལྟ་བས་ན་ཞེས་བྱ་བ་ནི་གོང་དུ་བཤད་པ་ལྟར་ནའོ། །ཐོབ་པ་མེད་པ་ཞེས་བྱ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ཀྱི་འབྲས་བུ་ཐོབ་པ་མེད་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བརྟེན་ཏེ་ཞེས་བྱ་བ་ནི་མཚན་མ་ཐམས་ཅད་ལ་མི་གནས་སོ། །སེམས་ཀྱི་སྒྲིབ་པ་མེད་ཅེས་བྱ་བ་ནི་ནང་གི་བག་ཆགས་དང་། ཕྱིའི་མཚན་མ་ཐམས་ཅད་སྤངས་ཏེ་མེད་པའི་ཕྱིར་རོ། །སྐྲག་པ་མེད་པ་ཞེས་བྱ་བ་ལ། དེ་ལྟར་ སེམས་ཀྱི་སྒྲིབ་པ་མེད་པས་ན་འཁོར་བ་དང་ངན་སོང་དུ་སྐྱེ་བའི་འཇིགས་པ་དང་། ཆོས་ཟབ་མོ་སྐྱེ་བ་དང་འགག་པ་མེད་པའི་དོན་ལ་འཇིགས་པ་མེད་པའི་ཕྱིར་རོ། །ཕྱིན་ཅི་ལོག་ལས་ཤིན་ཏུ་འདས་པ་ཞེས་བྱ་བ་ལ། ཀུན་གཞི་རྣམ་པར་ཤེས་པ་ལ་མ་རིག་པའི་བག་ཆགས་ཀྱི་ཕྱི་རོལ་ཡུལ་དངོས་པོ་ མེད་པ་ལ་རྣམ་པ་སྣ་ཚོགས་སུ་ལྟ་བ་ནི་ཕྱིན་ཅི་ལོག་ཅེས་བྱ་སྟེ། དེ་ལ་གང་ཟག་དང་ཆོས་ལ་བདག་མེད་པར་ཆུད་ནས་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་སྤངས་ནས་ཕྱིན་ཅི་ལོག་ལས་འདས་པའོ། །མྱ་ངན་ལས་འདས་པར་ཕྱིན་ཞེས་བྱ་བ་ལ། མ་རིག་པ་ནི་ཉོན་མོངས་པ་ཀུན་གྱི་གཞི་སྟེ། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ན་ཡང་འཁོར་བའི་རྒྱུར་འགྱུར་བས་ན་མཐའ་ནས་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་ཀྱང་འདུས་པར་འགྱུར་རོ་ཞེས་གསུངས་སོ། །མ་རིག་པ་མེད་པར་ཤེས་ན་སྡུག་བསྔལ་བ་དང་། ཉོན་མོངས་པ་ཀུན་ཀྱང་མེད་པར་འགྱུར་རོ། །དེ་བས་ན་མྱ་ངན་ལས་འདས་ པར་ཕྱིན་ཞེས་བྱའོ། །འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་སྟེ། འབྲས་བུ་མེད་ན་སྤྱད་པ་ཡང་དོན་མེད་པའི་ཕྱིར་འབྲས་བུ་བཤད་དོ། །དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་ཞེས་བྱ་བ་ལ། འདི་སྐད་ཅེས་བྱ་སྟེ། དུས་ འདི་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་དུས་ཐ་དད་པ་རྣམས་སོ། །བཞུགས་པ་ནི་དུས་གསུམ་དུ་གཤེགས་པ་རྣམས་སོ། །སངས་རྒྱས་ཞེས་བྱ་བ་ནི་ཁམས་གསུམ་གྱི་འཁོར་བའི་བསླད་པ་ལས་ཤེས་རབ་ཀྱི་མིག་ཐོབ་པས་སངས་རྒྱས་ཞེས་བྱ་སྟེ། དོན་དུ་ན་ ཆོས་ཀྱི་སྐུར་གྱུར་ནས་ཤེས་རབ་དང་། ཡེ་ཤེས་དང་། ཏིང་ངེ་འཛིན་དང་། མཚན་དང་། དཔེ་བྱད་དང་། མ་འདྲེས་པའི་ཆོས་ལ་སོགས་པ་སྟེ། ཡོན་ཏན་གྲངས་མེད་པ་ཕུན་སུམ་ཚོགས་པ་དེ་ནི་སངས་རྒྱས་ཞེས་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཅེས་བྱ་བ་ནི་མཚན་མ་ཐམས་ཅད་མེད་ པ་ལ་གནས་པས་སོ། །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་མཚུངས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སངས་རྒྱས་ཐམས་ཅད་ཀྱི་ཡུམ་ཞེས་བྱའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་སོ་ཞེས་བྱ་བ་ནི། འདི་སྐད་ཅེས་བྱ་སྟེ། བླ་ན་མེད་པ་ཞེས་བྱ་བ་ནི་ཁམས་གསུམ་ལས་འདས་པའོ། །ཡང་དག་པར་རྫོགས་པ་ཞེས་བྱ་བ་ནི། དེ་བཞིན་ཉིད་མ་ནོར་བའི་ཆོས་ཀྱི་མཐར་ཐུག་པའོ། །བྱང་ཆུབ་ཅེས་བྱ་བ་ནི་དེ་བཞིན་ཉིད་ཆོས་ཀྱི་དབྱིངས་སོ། །སངས་རྒྱས་སོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་རྣམ་པར་མི་རྟོག་པའི་ཚུལ་གྱིས་སྤྱད་ནས་མངོན་པར་སངས་རྒྱས་ཏེ། འདས་པའི་སངས་རྒྱས་རྣམས་དང་ཡང་མི་འདྲ་བ་མེད་པ་དང་། ཡོན་ཏན་མཚུངས་པ་ལ་བྱའོ། །འདི་ནི་ཤེས་རབ་ཀྱི་གཟུངས་ཏེ། རྣམ་པར་མི་ལྟུང་བར་བྱ་བའི་ཕྱིར་སྨོས་སོ། །དེ་བས་ན་བདེན་ཏེ་མ་ནོར་བ་ཞེས་བྱ་བ་ལ། འདི་སྐད་ ཅེས་བྱ་སྟེ། ཚིག་གིས་སྨྲ་བ་མེད་པས་སྨོན་པ་མེད་པས་དེ་ངག་གིར་བདེན་པའོ། །ལུས་ཀྱི་སྤྱོད་པ་མེད་པས་མཚན་མ་མེད་པ་སྟེ། ལུས་ཀྱི་བདེན་པའོ། །སེམས་ཀྱི་བསམ་པ་མེད་པས་སྟོང་པ་ཉིད་ལས་ཡིད་ཀྱི་བདེན་པ་སྟེ། དེ་ལྟར་འཕགས་པའི་རྣམ་པར་ཐར་པའི་སྒོ་གསུམ་དང་ཡང་མི་འགལ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཀྱི་མཚན་མ་ཐམས་ཅད་བསལ་ནས་དོན་དམ་པར་ཅིག་ཆར་འཇུག་པའི་སྒོ་རྣམ་པར་མི་རྟོག་པའི་དོན་དང་མཐུན་པས་ན་བདེན་ཏེ་མ་ནོར་བའོ། །ནང་གི་རྣམ་པར་ཤེས་པའི་བག་ཆགས་ཀུན་སེལ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་སོ། །ཕྱིའི་མཚན་ མ་ཐམས་ཅད་ངོ་བོ་ཉིད་ཀྱིས་ཤེས་ཤིང་སེལ་བས་རིག་པ་ཆེན་པོའི་སྔགས་སོ། །ཕྱི་ནང་གཉིས་ཀའི་མཚན་མ་ཐམས་ཅད་སེལ་བས་བླ་ན་མེད་པའི་སྔགས་སོ། །སངས་རྒྱས་ཀྱི་འབྲས་བུ་གྲུབ་པར་བྱེད་པས་ན་མི་མཉམ་པ་དང་མཉམ་པའི་སྔགས་སོ། །ངན་སོང་ཐམས་ཅད་སྤོང་ཞིང་སེམས་ཅན་གྱི་དོན་བྱེད་པས་ན། སྡུག་བསྔལ་ཐམས་ཅད་ཞི་བར་བྱེད་པའི་སྔགས་སོ། །ཤེས་པར་བྱ་སྟེ་ཞེས་བྱ་བ་ལ། འདི་སྐད་ཅེས་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སངས་རྒྱས་སུ་ཕྱིན་པར་བྱེད་པའི་རྒྱུར་ཤེས་པར་བྱ་ཞེས་བྱ་བའི་ཐ་ཚིག་གོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་སྨྲས་པ། ཏད་ཡ་ཐཱ། ག་ཏེ་ག་ཏེ། པཱ་ར་ག་ཏེ། པཱ་ ར་སཾ་ག་ཏེ། བོ་དྷི་སྭཱ་ཧཱ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་འདི་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསོད་ནམས་ཀྱི་རྒྱུར་འགྱུར་ཏེ། འཇིག་རྟེན་པའི་བསོད་ནམས་ནི་དོན་གྱིས་ཉོན་མོངས་པ་དང་། བདུད་དང་། བགེགས་ཀྱིས་མི་ཚུགས་ཤིང་བསྲུང་ནུས་པའོ། །འཇིག་རྟེན་ལས་འདས་ པའི་བསོད་ནམས་ནི་གཟུངས་འདི་ལ་བརྟེན་པས་ཤེས་རབ་དང་ཡེ་ཤེས་ཀྱི་རྒྱུར་འགྱུར་བའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀྱང་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་ཞེས་བྱ་བ་ལ། འདི་སྐད་ཅེས་བྱ་སྟེ། དེ་བཞིན་གཤེགས་པ་ཉག་གཅིག་མ་གཏོགས་པར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བཤད་ཅིང་ མཉམ་པར་གཞན་གྱིས་མི་ནུས་པས། འཕགས་པ་སྤྱན་རས་གཟིགས་དབང་པོས་བཤད་པ་དང་། ཤཱ་རིའི་བུས་མཉན་པ་ཡང་ཏིང་ངེ་འཛིན་དེའི་བྱིན་རླབས་ཡིན་ཏེ། བཤད་པ་དང་། མཉན་པའི་བྱ་བ་བྱས་པས་ན་ཏིང་ངེ་འཛིན་དེ་ལས་བཞེངས་སོ། །རྒྱུ་རྣམ་པར་དག་པ་དང་། འབྲས་བུ་རྣམ་པར་དག་པ་ལ་ གཟིགས་ནས། བཅོམ་ལྡན་འདས་ཀྱིས་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོ་ལ་ལེགས་སོ་ཞེས་བྱ་བ་བྱིན་ནོ། །སངས་རྒྱས་ཀྱིས་རྒྱུ་དང་འབྲས་བུ་རྣམ་པར་དག་པ་ལ་གཟིགས་ནས་ལེགས་སོ་ཞེས་བྱ་བ་བྱིན་ནས། ལྷ་དང་མི་ལ་སོགས་པ་ཡང་། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ མངོན་པར་དགའ་སྟེ་རྗེས་སུ་ཡི་རང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་རྒྱ་ཆེར་འགྲེལ་པ་དོན་བཅུས་གསལ་བར་བསྟན་པ་སློབ་དཔོན་པྲ་ཤཱ་སྟྲ་སེ་ནས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། པྲཛྙཱ་པཱ་ར་མི་ཏཱ་ཧྲྀ་ད་ཡཱརྠ་པ་རི་ཛྙཱ་ན། བོད་སྐད་དུ། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་དོན་ཡོངས་སུ་ཤེས་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གཞན་གྱི་བཤད་ལ་མ་ལྟོས་པ། །རིགས་པས་ལམ་ནི་དབྱེ་བར་བྱ། །རྟོག་པ་སྔོན་གཏོང་འབད་པ་ནི། །ཡི་གེ་མཁན་གྱི་རྗེས་མི་འབྲང་། ། སྔོན་གྱི་ལོ་རྒྱུས་ནི་འདི་ལྟར་ཐོས་ཏེ། དེ་ལ་དམ་པའི་ཆོས་འཇུག་པའི་རིམ་པ་ནི། དང་པོ་བཱ་རཱ་ཎ་སཱིར་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་ནས། ཆོས་ཀྱི་བདག་ཏུ་འཛིན་པ་ཟློག་པའི་དོན་དུ་བདེ་བར་གཤེགས་པས་རྒྱལ་བའི་ཡུམ་མཚན་མ་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་རོ། །སྡུད་པ་པོས་བསྡུས་ པའི་རིམ་པ་ནི། བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་གཞན་འཕྲུལ་དབང་བྱེད་ཀྱི་གནས་སུ། ཕྱོགས་ཀྱི་གླང་པོ་ལ་སོགས་པ་ནི་ཕྱག་ན་རྡོ་རྗེ་དང་། རྣམ་པར་གྲོལ་བའི་སྡེ་ལ་སོགས་པ་ནི། ཡོངས་སུ་གཏད་པའི་ལེའུའི་རྗེས་སུ་འབྲངས་ནས་འཕགས་པ་ཀུན་དགའ་བོ་དང་། རིན་ཆེན་འབྱུང་ གནས་ཞི་བ་ལ་སོགས་པ་ནི། བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པ་ཅན་འཕགས་པ་ཀུན་དགའ་བོ་སྡུད་པ་པོར་འདོད་དེ། དེ་ལྟར་རང་རང་དང་མཐུན་པའི་སྡུད་པ་པོས་ནི་བསྟན་པ་ཡང་དག་པར་བསྲུང་བའི་དོན་དུ། ཀླུ་དགའ་བོ་དང་། ཉེ་དགའ་བོ་ལ་འབུམ་པ་དང་། ལྷའི་དབང་པོ་བརྒྱ་ བྱིན་ལ་ཉི་ཁྲི་ལྔ་སྟོང་པ་དང་། འཕགས་པ་མི་ཕམ་མགོན་པོ་ལ་ཁྲི་བརྒྱད་སྟོང་པ་དང་། ཁྲི་པ་དང་། སྡུད་པ་དང་། རྣམ་ཐོས་སྲས་ལ་བརྒྱད་སྟོང་པ་གཏད་པ་ཡིན་ནོ། །དེ་ནས་འགྲེལ་པ་མཛད་པ་པོ་རྣམས་ཀྱིས། འགྲེལ་པ་མཛད་པའི་རིམ་པ་ནི། །གྲོང་ཁྱེར་སེང་གེ་གར་གནས་པར། །དགེ་སློང་ཐོགས་ མེད་ཅེས་བྱ་བ། །བསྟན་བཅོས་དེ་ཉིད་དོན་རིག་པ། །མདོ་སྡེའི་ངེས་དོན་དྲང་དོན་རྣམས། །རྣམ་པ་དུ་མ་རྣམ་པར་འབྱེད། འཇིག་རྟེན་རྣམས་ཀྱིས་རིག་པ་ཡི། །བདག་ཉིད་ཆེད་དུ་མངོན་པར་བརྗོད། །གཞུང་རྩོམ་པ་ཡི་ངང་ཚུལ་ཅན། དེ་ཡི་གྲུབ་པའི་ཕོ་ཉ་མོ། །ས་ལ་ཡིན་པར་བརྗོད་པ་སྟེ། །དེ་ཡི་ རིག་སྔགས་མཐུ་ཡིས་ནི། །ངེས་པ་དེ་ཡི་བློ་སྐྱེས་ནས། །བསྟན་པ་རིང་དུ་གནས་བྱའི་ཕྱིར། །མདོ་སྡེ་དེ་ཉིད་དོན་སྡུད་དོ། །ལོ་ནི་བརྒྱ་དང་ལྔ་བཅུར་འཚོ། །ལུས་བོར་ནས་ནི་ལྷ་ཡུལ་འགྲོ། །ཡུན་རིངས་བདེ་བ་ཉམས་སུ་མྱོང་། །འཁོར་བར་ཡུན་རིངས་འཁོར་འཁོར་ནས། །རིམ་གྱིས་བདག་ཉིད་ཆེན་ པོ་དེ། །བྱང་ཆུབ་རབ་ཏུ་ཐོབ་པར་འགྱུར། །ཞེས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ལུང་བསྟན་པ། ཆོས་ཀྱི་རྒྱུན་ནི་ཏིང་ངེ་འཛིན་ཐོབ་པ་འཕགས་པ་ཐོགས་མེད་དགའ་ལྡན་དུ་གཤེགས་ནས་འཕགས་པ་བྱམས་པ་ལ་གསོལ་བ་བཏབ་ནས། འཕགས་པ་བྱམས་པས་ཐུན་མོང་མ་ཡིན་པའི་མདོ་སྡེ་ དང་འདུལ་བ་དང་། མངོན་པའི་རྗེས་སུ་འབྲངས་པའི་རབ་ཏུ་བྱེད་པའི་འགྲེལ་པ་མངོན་པར་རྟོགས་པའི་རྒྱན་རྟོགས་ནས། འཛམ་བུའི་གླིང་པ་རྗེས་སུ་བཟུང་བ་མཛད་དོ། །ཡང་དུས་ཕྱིས་འཕགས་པ་ཀླུ་སྒྲུབ་ཀླུའི་ཡུལ་དུ་བྱོན་ནས་འབུམ་པ་བླངས་ཏེ། རང་གི་ལྟ་བའི་དབང་གིས་དབུ་མའི་བློས་རབ་ཏུ་བྱེད་པ་ རྣམས་ཀྱིས་དེའི་འགྲེལ་པ་མཛད་དོ། །དེ་ལྟ་ན་ཡང་རྒྱས་པ་དང་བར་མ་དང་། བསྡུས་པ་དང་ཤིན་ཏུ་བསྡུས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་རྣམས་ལས། ཤེས་རབ་སྙིང་པོ་འདི་ནི་བློ་དམན་པའི་འཁོར་གྱི་དབང་དུ་མཛད་པའོ། །དེ་ཡང་གསུམ་སྟེ། གླེང་གཞི་དང་། དངོས་གཞི་དང་། ཡོངས་སུ་འཛིན་པའོ། །གླེང་གཞི་ལ་གཉིས་ཏེ། ཐུན་མོང་དང་། ཐུན་མོང་མ་ཡིན་པའོ། །ཐུན་མོང་གི་གླེང་གཞི་ལ་ལྔ་སྟེ། སྡུད་པ་པོ་སྒྲོ་འདོགས་པ་སྤང་བ་གླེང་སློང་བ་དང་། དུས་དང་སྟོན་པ་དང་། གནས་དང་འཁོར་ཕུན་སུམ་ཚོགས་པའོ། །དེ་ལ་རེ་ཞིག་སྒྲོ་འདོགས་པ་སྤང་བ་ནི། འདི་སྐད་ བདག་གིས་ཐོས་པ་ཞེས་སྨོས་པ་སྟེ། དེ་ཡང་ཡོངས་སུ་སྡུད་པ་མེད་པར་བསྟན་པ་མངོན་དུ་བྱེད་པ་མི་ནུས་པས་ན། བསྡུ་བར་བྱ་བའི་ཚིག་ལ་ཕྱིན་ཅི་ལོག་པའི་སྒྲོ་འདོགས་པ་ནི། འདི་སྐད་ཅེས་སྨོས་པས་དྲན་པ་མངོན་དུ་བྱེད་པའི་དོན་གྱིས་སེལ་ཏོ། །ཡང་ཤེས་བཞིན་མེད་པ་ནི་ཐོས་པ་ཡང་མ་ཐོས་པ་དང་། ཇི་ལྟ་བ་བཞིན་ཤེས་ན་ཡང་སྡུད་པའི་དུས་ན་ཤེས་བཞིན་དང་ལྡན་པའི་སྤྱོད་པ་མེད་ན་ཕྱིན་ཅི་མ་ལོག་པར་འགྱུར་བ་མ་ཡིན་ཞེས། སྒྲོ་འདོགས་པ་དེ་གཉིས་ནི་བདག་གིས་ཞེས་སྨོས་པས་ལུས་དང་སེམས་ལ་སོ་སོར་རྟོག་པའི་ཤེས་བཞིན་གྱི་དོན་གྱིས་སེལ་ཏོ། །ཐོས་པ་ཞེས་བྱ་བ་ནི་རང་གིས་ཡོངས་སུ་ བརྟགས་པའི་བདག་ཉིད་མ་ཡིན་པའོ། །ཡང་བདག་གིས་ཐོས་པ་ཞེས་བྱ་བ་ནི་བརྒྱུད་ནས་ཐོས་པ་ཡང་མ་ཡིན་པའོ། །དེ་ལྟར་དོན་བཞིས་ནི་གླེང་སློང་བ་བསྟན་ཏོ། །དེ་ལྟར་ན་ཡང་འདི་ཉིད་ཀྱི་ངག་རྫོགས་པ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་རྗེས་སུ་ཡི་རང་བའོ། །འདི་སྐད་བདག་གིས་ཐོས་པ་ཞེས་སྦྱར་ རོ། །དེ་ཡང་ཉེ་བར་མཚོན་པ་སྟེ། འདིར་གང་དང་གང་སྡུད་པ་པོས་བྱས་པའི་ཚེ་ནམ་རྟོག་པའི་ཚིག་གི་ཚོགས་དེ་དང་དེར་འབྲེལ་པར་བྱའོ། །གཞན་དུ་ན་རིམ་པས་འབྲེལ་བ་ན་ཐབས་ཅིག་ཏུ་བཞུགས་པ་སྟེ་ཞེས་བྱ་བ་ལ་སོགས་པ་མཐོང་བའི་དོན་ཡང་ཐོས་པར་འགྱུར་རོ། །དེ་ལྟ་ན་ཡང་ བརྒྱུད་པས་ཐོས་པ་ཞེས་བྱ་བར་ཐལ་བར་འགྱུར་རོ། །དེ་ཡང་འདི་ནི་གྲགས་པ་དང་འགལ་ལོ། །བདག་ཅག་གི་འདོད་པ་ནི་གྲགས་པ་དང་འགལ་བ་འབའ་ཞིག་སྤང་པར་མ་ཟད་དེ་ཚིག་གི་བརྗོད་པའི་གེགས་ཀྱང་སྤངས་པ་ཡིན་ནོ། །ཡང་ན་སྡུད་པ་པོ་དུས་སུ་ཡང་དག་པར་རྫོགས་པའི་སངས་ རྒྱས་ཀྱིས་སྡུད་པའི་ཚིགས་སུ་བཅད་པ་ཐོས་པ་ན་བར་སྐབས་ཀྱི་སྡུད་པའི་ཚིག་ཀྱང་སྡུད་པ་པོས་བྱས་པ་ནི་མ་ཡིན་ནོ་ཞེས་གདམས་ངག་གིས་ཐམས་ཅད་ཐོས་པ་ཡིན་པས་ཉེས་པ་མེད་དོ། །འདི་ཉིད་ཀྱང་རིན་ཆེན་འབྱུང་གནས་ཞི་བས་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པ་ཅན། འཕགས་ པ་ཀུན་དགའ་བོ་སྡུད་པ་པོ་ཡིན་ནོ་ཞེས་བརྗོད་དོ། །འོ་ན་སྡུད་པ་པོ་ཅིའི་དོན་དུ་ཡིན་ཞེ་ན། འདྲི་བ་པོ་ཙམ་དུ་ཟད་དོ། །དུས་གཅིག་ན་ཞེས་བྱ་བ་ནི་ཕུན་སུམ་ཚོགས་པའོ། །དུས་གཞན་དང་གཞན་དུ་མ་ཡིན་ཏེ། གང་གི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་གདུལ་བྱ་གཞན་ལ་དགོངས་ནས་ ཆོས་ཀྱི་འཁོར་ལོ་བསྐོར་བ་ན། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་འཇུག་པ་ཡིན་པས་དུས་མཉམ་དུ་ཐོས་པ་ཕུན་སུམ་ཚོགས་པ་འགྲུབ་པས་སོ། །གདུལ་བྱ་མ་ཡིན་པའི་དབང་དུ་བྱས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཏིང་ངེ་འཛིན་ལ་སྙོམས་ པར་ཞུགས་པར་སྣང་ལ། དོན་དམ་པར་ནི་ཇི་ལྟར་འོས་པར་རྒྱུན་མི་འཆད་པར་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །ཡང་ན་དུས་གཅིག་ན་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་མི་འདུལ་བའི་དུས་སོ། །གཞན་དུ་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་སྟོན་པའི་གནས་སྐབས་མེད་པར་འགྱུར་རོ། །བཅོམ་ ལྡན་འདས་ཞེས་བྱ་བ་ནི་སྟོན་པ་ཕུན་སུམ་ཚོགས་པའོ། །གལ་ཏེ་འདིར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟོན་པ་ཡིན་ན། ཇི་ལྟར་བཅོམ་ལྡན་འདས་སྟོན་པ་ཕུན་སུམ་ཚོགས་པར་བརྗོད་ཅེ་ན། སྨྲས་པ། བཅོམ་ལྡན་འདས་ཀྱི་མཐུས་ཤཱ་རིའི་བུས་ཞུ་བ་དང་། བཅོམ་ལྡན་འདས་ཉིད་ཀྱིས་ཏིང་ ངེ་འཛིན་ལ་སྙོམས་པར་ཞུགས་པའི་ཚུལ་གྱིས་ཞུས་པ་དང་། ལན་གྱི་སྐབས་ཀྱང་འབྱེད་པས་ན་འདིར་བཅོམ་ལྡན་འདས་ཉིད་སྟོན་པ་ཞེས་བྱ་བ་ལ་སྐྱོན་ཅུང་ཟད་ཀྱང་མེད་དོ། །རྫོགས་པའི་དབང་ཕྱུག་ཆོས་དང་ནི། །གྲགས་དང་དཔལ་དང་ཡེ་ཤེས་དང་། །བརྩོན་འགྲུས་ཕུན་སུམ་ཚོགས་པ་ སྟེ། །དྲུག་པོ་དེ་ལ་བཅོམ་ཞེས་བྱ། །ཞེས་བྱ་བའི་དོན་གྱིས་འདི་ལ་བཅོམ་པ་ཡོད་པས་ན་བཅོམ་ལྡན་ནོ། །དེ་ལ་དབང་ཕྱུག་ནི་གཞན་ཟིལ་གྱིས་གནོན་པར་བྱེད་པ་སྟེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པ་སྟེ། གང་གི་སྟོབས་ཀྱིས་བདུད་བཞི་བཅོམ་པས་དབང་ཐོབ་པའོ། །ཆོས་ཀྱང་ སྟོབས་བཅུ་ལ་སོགས་པ་རང་བཞིན་གྱིས་དགེ་བའོ། །དེ་གཉི་ག་ཡང་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནོ། །གྲགས་པ་ནི་གྲགས་པའི་རྒྱུ་གཟུགས་ཀྱི་སྐུའི་ཡོན་ཏན་ཏེ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ནོ། །དཔལ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། ཆོས་ ཐམས་ཅད་ནི་ནམ་མཁའི་མཛོད་ཐོབ་པས་སོ། །ཡེ་ཤེས་ནི་སོ་སོར་རྟོག་པའོ། །བརྩོན་འགྲུས་ནི་བྱ་བ་ནན་ཏན་ནོ། །ཁ་ཅིག་ནི་ཆོས་ཞེས་བྱ་བའི་གནས་སུ་གཟུགས་བཟང་ཞེས་བརྗོད་དོ། །དེ་ནི་མེ་ལོང་ལྟ་བུའོ། །དེ་ལྟར་བྱས་ན་དཔལ་ཞེས་བྱ་བ་ནི་ཆོས་སྟོན་པའི་རང་བཞིན་ཡིན་པས་བྱ་བ་ ནན་ཏན་ནོ། །རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ཞེས་བྱ་བ་ནི། གནས་ཕུན་སུམ་ཚོགས་པ་སྟེ། ཟས་དང་ཀུན་ཏུ་སྤྱོད་པ་ཉེ་བར་མཁོ་བ་ཐ་དད་པས་འཁོར་ལ་ལྟོས་ནས་སྤྲུལ་པའི་སྐུའི་གནས་གཉིས་བསྟན་པའོ། །ཡང་ན་རྒྱལ་པོའི་ཁབ་ཞེས་བྱ་བ་ནི་སྤྱིའི་ཚིག་ཡིན་པས་བྱ་རྒོད་ཕུང་པོའི་ རི་ཞེས་བྱ་བ་ཁྱད་པར་དུ་བྱས་པའོ། །དངོས་པོ་ལ་ནི་སྤྲུལ་པའི་སྐུའི་རྟེན་ཆོས་ཀྱི་སྐུ་ཉིད་དོ། །དེ་ལ་ཡང་ཕན་འདོགས་པ་དང་། ཚར་གཅོད་པའི་དོན་ནི་རྒྱལ་པོའི་སྒྲ་སྟེ། ཆོས་ཅན་གྱིས་ཆོས་མཚོན་པའི་ཕྱིར་རོ། །དེས་ན་རྒྱལ་པོའི་རིག་པའི་གནས་ལྔ་སྟེ། དེའི་ཁབ་ནི་ཆོས་ཀྱི་སྐུ་ཞེས་བྱ་བའི་དོན་ཏོ། །བྱ་རྒོད་ ཅེས་བྱ་བ་ནི་ཆོག་མི་ཤེས་པ་ཉེ་བར་མཚོན་པ་སྟེ། མཐའ་མེད་པ་ལ་འཇུག་པའོ། །ཕུང་པོ་ཞེས་བྱ་བ་ནི་མི་ཟད་པའི་དོན་ཏོ། །དེས་ན་མཐའ་མེད་པའི་ཡོན་ཏན་གྱི་ཚོགས་དང་། འགྲིབ་པ་མེད་པའི་ཆོས་ཅན་ཞེས་གོ་རིམས་བཞིན་དུ་རིག་པར་བྱའོ། །དེ་ལྟར་ཡང་ཆོས་ཀྱི་དབྱིངས་ལ་འགྲིབ་པ་རབ་ཏུ་མི་ཤེས་སོ། ། གང་བར་ཡང་རབ་ཏུ་མི་ཤེས་སོ་གསུངས་པ་ལྟ་བུའོ། །ས་ལ་གནས་པ་དང་། ས་ལ་གནས་པར་བྱེད་པ་ནི། རིའི་སྒྲ་ཉེ་བར་མཚོན་པས་ན་སའི་དབང་ཕྱུག་ཆོས་ཀྱི་སྐུའོ། ཤིང་ལྟར་ན་སྒྲ་རྣམ་པ་གསུམ་གྱིས་ཉེ་བར་མཚོན་པོའི་ཆོས་ཀྱི་སྐུ་ཉིད་སྤྲུལ་པའི་གནས་ཡིན་ཏེ། དེ་ཉིད་དུ་དེ་བཞུགས་སོ། །མི་ འཇིགས་པ་དང་ལྡན་པའི་ཕྱིར་ཀུན་ཏུ་གཟིགས་པ་དང་བྲལ་བས་བདེ་བར་འཇུག་པ་ནི་ཐབས་ཅིག་པའོ། །བཞུགས་སོ་ཞེས་བྱ་བ་ནི་འདས་པའི་སྒྲ་ནི་ཇི་ལྟར་བསྟན་པ་བསྡུས་པ་རྣམ་པ་གཉིས་པའི་མི་སླུ་བར་རིག་པར་བྱའོ། །དགེ་སློང་གི་དགེ་འདུན་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི་འཁོར་ཕུན་སུམ་ཚོགས་པའོ། །དེ་ཡང་ཐ་ མ་དང་། འབྲིང་དང་། རབ་ཀྱི་དབྱེ་བས་རིག་པར་བྱའོ། །དེ་ལ་ཐ་མ་ནི་ལྷ་མི་ཞེས་བྱ་བ་ལ་སོགས་པས་རིག་པར་བྱའོ། །འབྲིང་ནི་དགེ་སློང་གི་དགེ་འདུན་ནོ། །རབ་ནི་བྱང་ཆུབ་སེམས་དཔའོ། །གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པས་དགེ་སློང་ཞེས་བྱ་བ་ཡང་འདིར་དགོས་པ་མེད་པའི་ཕྱིར་ རམ་བསྟན་པའི་རྒྱུ་མཚན་པ་ཉིད་ཀྱིས་རྫོགས་པའི་ཕྱིར་དགེ་བ་སློང་བ་ན་དགེ་སློང་ཞེས་གཞན་ལས་དགེ་བའི་ནོར་ཕུན་སུམ་ཚོགས་པ་ཆེད་དུ་གཉེར་བའི་དོན་ཏོ། །དགེ་འདུན་ཞེས་བྱ་བ་ནི་སེམས་བསྐྱེད་པས་བླ་ན་མེད་པ་མཆོད་པར་འོས་པའི་ཕྱིར་ཏེ། དེ་ཡང་བྱམས་པའི་རྣམ་པར་ཐར་པ་ལས། ཇི་སྐད་དུ། རྡོ་རྗེ་རིན་པོ་ཆེ་ འབིགས་པ་ནི་ཐམས་ཅད་ལས་ཁྱད་པར་འཕགས་པའི་གསེར་གྱི་རྒྱན་ཟིལ་གྱིས་གནོན་པར་བྱེད་པ་ལ་རྡོ་རྗེ་རིན་པོ་ཆེ་འབིགས་པའི་མིང་ཡང་མི་འདོར་ཏེ། ཐམས་ཅད་དུ་དབུལ་བ་ཡང་སེལ་བར་བྱེད་དོ། །རིགས་ཀྱི་བུ་དེ་ལྟ་བུ་ཉིད་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་རྡོ་རྗེ་རིན་པོ་ཆེ་ནི་འཇུག་པ་མ་ཚང་ཡང་། ཉན་ ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གསེར་གྱི་རྒྱན་ཟིལ་གྱིས་གནོན་པར་བྱེད་པ་ལ། བྱང་ཆུབ་སེམས་དཔའི་མིང་ཡང་འདོར་བར་བྱེད་པ་མ་ཡིན་ཏེ། འཁོར་བའི་དབུལ་བ་ཡང་ཟློག་པར་བྱེད་དོ་ཞེས་འབྱུང་བའོ། །ཆེན་པོའི་སྒྲའི་ཁྱད་པར་གྱིས་ནི་དགེ་སློང་གི་དགེ་འདུན་ཟབ་པ་ཐོས་པ་དབང་ཐོབ་པའི་རྒྱུ་མཚན་བྱང་ ཆུབ་ཏུ་སེམས་བསྐྱེད་པས་སྣོད་དུ་རུང་བ་ཞེས་བརྗོད་པའོ། །བྱང་ཆུབ་ནི་ཟད་པ་མེད་པ་དང་། སྐྱེ་བ་མེད་པའི་ཡེ་ཤེས་སོ། །དེ་ལ་སེམས་པ་ནི་འདུན་པ་སྟེ། སྦྱོར་བ་ལ་སོགས་པ་ལ་མངོན་དུ་ཕྱོགས་པ་ཞེས་བརྗོད་དོ། །སེམས་དཔའ་ཆེན་པོའི་སྒྲས་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་བསྟན་ཏོ། །དགེ་ སློང་གི་དགེ་འདུན་འབྲིང་པོ་ཡིན་པའི་ཕྱིར། བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་རྗེས་སུ་ཉེ་བར་བསྟན་པར་འོས་པ་ཡིན་ན་ཡང་དང་པོར་ཉེར་བར་བསྟན་པ་ནི། ཐེག་པ་ལ་གསར་དུ་ཞུགས་པའི་ཕྱིར་ལྟ་བ་ཡང་དག་པར་བསྟན་པར་བྱ་བའི་དོན་དུ་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་ནི་རིགས་ཀྱི་ སྟོབས་ཀྱིས་སེམས་བསྐྱེད་པར་རབ་ཏུ་བསྟན་པས་ཤིན་ཏུ་ཉེ་བར་གནས་དགོས་པ་མ་ཡིན་ཏེ། མའི་ཐ་སྙད་གྲུབ་པའི་བུ་བཞིན་ནོ། །བྱང་ཆུབ་ཏུ་སེམས་བསྐྱེད་པ་ཅན་གྱི་ཉན་ཐོས་ནི་བཙས་མ་ཐག་པའི་བྱིས་པ་བཞིན་སེམས་བསྐྱེད་པའི་འདུན་པ་སྲུང་བས་བསྐྱང་བར་བྱ་བ་ཞེས་ཇི་ལྟར་བསྟན་པ་བཞིན་ དུ་རིགས་སོ། །གྲངས་མ་བསྟན་པ་ཉིད་ཀྱིས་འདིར་འཁོར་ནི་གྲངས་ལས་འདས་པར་རྟོགས་སོ། །གཞན་དུ་གྲངས་བསྟན་པར་རིགས་སོ། །ཐུན་མོང་མ་ཡིན་པའི་གླེང་གཞི་ནི་གཉིས་ཏེ། ཞུ་བའི་སྐབས་དང་། ཞུ་བ་དངོས་སོ། །ཞུ་བའི་སྐབས་ལ་གཉིས་ཏེ། བཅོམ་ལྡན་འདས་ཀྱིས་མཛད་པ་ དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་མཛད་པ་སྟེ། དེ་ལ་དང་པོའི་དབང་དུ་བྱས་ནས་གང་གི་ཕྱིར་བཅོམ་ལྡན་འདས་སྙོམས་པར་མ་ཞུགས་པ་ན། དེ་ལ་མ་ལྟོས་པར་གཞན་ལ་གསོལ་བ་འདེབས་པ་འཐད་པ་མ་ཡིན་པས་སོ། །བཅོམ་ལྡན་འདས་ནི་རྟག་ཏུ་མཉམ་པར་གཞག་པ་ཡིན་པའི་ ཕྱིར་དང་། རང་བཞིན་སྐུ་ནི་མཉམ་པ་དང་། །ཕྲ་ཞིང་དེ་དག་འབྲེལ་པ་དང་། །དགྱེས་དགུར་ལོངས་སྤྱོད་བསྟན་པ་དང་། །ལོངས་སྤྱོད་རྫོགས་འབྱོར་རྒྱུར་འདོད་དོ། །ཞེས་འབྱུང་བ་བཞིན་དུ་མི་འཐད་པས་སྤྲུལ་པའི་སྐུ་ཡེ་ཤེས་དང་མི་ལྡན་པའི་ཕྱིར། ཟབ་མོ་སྣང་བའི་ཆོས་ཀྱི་རྣམ་གྲངས་བསྟན་པའི་ རྗེས་སུ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ཡིན་པ་མི་འཐད་པ་ཡིན་ན་ཡང་། ཉིད་ཀྱིས་ཆོས་ཀྱི་འཁོར་ལོ་འཇུག་པའི་སྣོད་མ་ཡིན་པའི་གདུལ་བྱའི་ཁམས་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཡིད་ཆེས་པས་དེ་ཉིད་ཀྱིས་བསྟན་པའི་གདུལ་བྱ་ཡིན་པས། ཡང་དག་པར་རྫོགས་པའི་སངས་ རྒྱས་ཀྱི་བསྟན་པ་ལ་མི་འཇུག་པ་ཉིད་ནི། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ། །དོན་འདི་ཡང་ཏིང་ངེ་འཛིན་གྱི་སྒྲ་ནི། འཇིག་རྟེན་ལ་གྲགས་པ་སྟེ། དེ་འདིར་ཏིང་ངེ་འཛིན་ཞེས་བྱའོ། །དེས་ན་ཏིང་ངེ་འཛིན་གྱི་སྒྲ་ནི་འདིར་སྤངས་པའི་ཚིག་གིས་བཤད་པ་ལ་འཇུག་པ་སྤངས་པ་བསྟན་ཏོ། །ཡང་ ན་ཏིང་ངེ་འཛིན་ལ་མཉམ་པར་གཞག་པ་ནི་ཅང་མི་གསུང་བར་བཞུགས་སོ་ཞེས་མཚོན་པས་ཚིག་མི་བརྗོད་པའི་དོན་ལ་འཇུག་པའོ། །འདིར་ཟབ་མོ་སྣང་བ་ཞེས་བྱ་བའི་དངོས་པོ་ནི་ཏིང་ངེ་འཛིན་གྱི་བརྗོད་བྱ་མ་ཡིན་ཞེས་རིག་པར་བྱའོ། །སོ་སོ་སྐྱེ་བོ་དང་། ཉན་ཐོས་དང་། སྟོང་པ་ཉིད་ ལ་སེམས་རྣམ་པར་གཡེངས་པའི་ཕྱིར་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔས་མི་རྟོགས་པའི་ཕྱིར་ཟབ་པ་དང་། མ་རིག་པའི་མུན་པ་སེལ་བ་ཉེ་བར་གནས་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་སྣང་བ་ཞེས་བརྗོད་དོ། །ཆོས་ཀྱི་རྣམ་གྲངས་ཞེས་བྱ་བ་ནི། བསྟན་བཅོས་ཀྱི་མིང་གི་རྣམ་གྲངས་ཏེ། དེ་ ལ་ཆོས་ནི་དངོས་པོའི་གནས་ལུགས་བརྗོད་བྱ་རྗོད་བྱེད་དང་བྲལ་བའོ། །དེའི་རྣམ་གྲངས་ནི་རྗེས་སུ་བསྟན་པའི་ཀུན་རྫོབ་ཀྱིས་སྟོན་པས་ན་བསྟན་བཅོས་སོ། །དེས་ན་མིང་གི་རྣམ་གྲངས་ཞེས་བྱའོ། །ཡང་དེའི་ཚེ་ཞེས་བྱ་བ་ནི། སངས་རྒྱས་ཀྱི་བསྟན་པ་ཉེ་བར་བསྡུས་པས་དབང་པོའི་དུས་སོ། །གཞན་དུ་ན་ འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཉན་པ་མ་གཏོགས་པར་བསམ་པ་ནི་འཐད་པ་མ་ཡིན་ནོ། །དེ་ལ་འཕགས་པ་ཞེས་བྱ་བ་ནི་སྒྲིབ་པ་གཉིས་ལས་རིང་དུ་སོང་བའོ། །སྤྱན་རས་གཟིགས་ཞེས་བྱ་བ་ནི། ཐུགས་རྗེ་ཆེན་པོས་སེམས་ཅན་ལ་གཟིགས་པའི་ཕྱིར་རོ། །དབང་ཕྱུག་ཅེས་བྱ་བ་ནི་ནུས་ པ་ཆེན་པོས་ཐུགས་རྗེའི་འབྲས་བུ་དང་ལྡན་པའི་ཕྱིར་རོ། །ཤེས་པས་ནི་འཇིག་རྟེན་པའི་དངོས་པོ་རྟོགས་པས་སོ། །རབ་ནི་སྐད་ཅིག་མ་ལ་སོགས་པའི་གནས་ལུགས་རྟོགས་པས་སོ། །ཕ་རོལ་ནི་བདེན་པ་གཉིས་རྟོགས་པས་སོ། །ཕྱིན་པ་ནི་གོང་ན་མེད་པས་སོ། །རྣམ་པར་ལྟ་ཞིང་ཞེས་བྱ་བ་ནི་བསམ་པའོ། ། དེ་ལྟར་ན་བསམ་པ་ཙམ་ལ་རབ་ཏུ་འཇུག་པའི་དམ་པས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་གསོལ་བ་འདེབས་པའི་སྐབས་བྱས་སོ། །གཞན་དུ་ན་འདི་ཡང་སྙོམས་པར་ཞུགས་པ་ལ་མངོན་དུ་ཕྱོགས་པས་གསོལ་བ་འདེབས་པའི་སྐབས་མ་ཡིན་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་སྨོས་པ། དེ་ནས་ ཞེས་བྱ་བ་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བསམ་པའི་བདག་ཉིད་དལ་བའི་རྗེས་སུའོ། །ནིའི་སྒྲ་ནི་མི་འགལ་བའི་བདག་ཉིད་དུ་གྲགས་པའི་བརྗོད་བྱ་སྟེ། སྟོན་པ་དལ་བའི་ཚེ། ཞུ་བ་དང་འགལ་བ་མ་ཡིན་ཞེས་བྱ་བའི་དོན་ཏོ། །ཚེ་དང་ལྡན་པ་ཞེས་བྱ་བ་ནི། གཞོན་པ་ལ་འབོད་པར་གྲགས་ སོ། །བྱང་ཆུབ་སེམས་དཔའ་སྤོབས་པ་ཆེན་པོ་ཅན་སེམས་ཅན་གྱི་དོན་ལ་འབད་པ་དང་། རྗེས་སུ་མཐུན་པའི་མཛད་པ་དང་། གཞན་ཡང་ཡོད་མོད་ཀྱི་འོན་ཀྱང་དེ་དག་མ་རྟོགས་པར་ཤཱ་རིའི་བུ་ཁོ་ན་སངས་རྒྱས་ཀྱི་མཐུས་ཞུ་བ་ལ་དབང་འབྱོར་པའི་བདག་གི་ཡུལ་ཡིན་ཏེ། གང་གི་ཕྱིར་གདུལ་བྱའི་ཁམས་ནི་ ཉན་ཐོས་ལ་མོས་པས་དམན་པར་རྟོགས་པས་དེས་ཞུས་པ་དང་རྗེས་སུ་མཐུན་པའི་ལན་གྱིས་རང་ལ་ཡང་ཕན་པའི་རྒྱུར་ཡིད་ཆེས་པས་ན་འཐོབ་པ་ལ་རབ་ཏུ་འཇུག་པ། ཞུ་བ་པོ་བྱང་ཆུབ་སེམས་དཔའ་ཡིན་ན་སྤོབས་པ་ཆེན་པོ་དང་རྗེས་སུ་མཐུན་པའི་ལན་དུ་རྟོགས་པས་ཕན་པའི་རྒྱུ་ཡིན་ཡང་མོས་པར་མི་བྱེད་ དོ། །བཅོམ་ལྡན་འདས་ཀྱི་མཐུ་མ་གཏོགས་པར་ཤཱ་རིའི་བུས་ཀྱང་སེམས་ཅན་གྱི་སྤྱོད་པའི་གཏིང་མི་དཔོགས་པས་དེ་དག་གི་བསམ་པ་ཤེས་ནས་དེ་དག་ཡོངས་སུ་འཛིན་པའི་དོན་དུ་འདི་རང་དགའ་བར་འབད་པར་མི་བྱེད་དེ། དེས་ན་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་གཞན་གྱི་སེམས་རྟོགས་ནས་འདི་ཞུ་བ་ པོར་འཐད་པའོ། །འཇིག་རྟེན་པ་ནི་ཤཱ་རིའི་བུ་ལ་ཟབ་མོའི་དགོངས་པ་གྲོལ་བའི་ཡིད་མི་ཆེས་ཏེ། དེ་ཉན་ཐོས་ཡིན་པས་བློ་དམན་པར་རྟོགས་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཤཱ་རིའི་བུ་ཉིད་སྟོན་པ་པོར་བྱིན་གྱིས་བརླབས་པ་མ་ཡིན་ནོ། །འཇིག་རྟེན་པས་ཀྱང་འཕགས་པ་སྤྱན་རས་ གཟིགས་དབང་ཕྱུག་ཁོ་ན་བློ་གྲོས་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་ལྡན་པས་ན་དམན་པའི་ཤེས་རབ་དང་རྗེས་སུ་མཐུན་པར་རྒྱལ་བའི་ཡུམ་བསྟན་པར་ནུས་སོ་ཞེས་ཡིད་ཆེས་པའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞུ་བའི་ཡུལ་ལོ། །གང་ལ་ལ་ཞེས་བྱ་བ་ནི་ཚོགས་ཀྱི་ལམ་ལ་གནས་པ་འམ། སྦྱོར་བ་ལ་སོགས་པའི་ལམ་ལ་གནས་པའོ། །ཡང་ན་དུས་གསུམ་གྱི་ཞེས་རིག་པར་བྱ་སྟེ། ཁྱད་པར་མེད་པར་སློང་བའི་དོན་དུ་དྲི་ཞེས་བྱ་བའི་དོན་ཏོ། །བུ་དང་བུ་མོའི་ཚོགས་དག་གིས་སྣོད་དུ་རུང་བའི་ཁྱད་པར་བུད་མེད་དང་སྐྱེས་པའི་བདག་ཉིད་རྟོགས་ན་ཡང་རིགས་ཀྱི་ཁྱད་པར་གྱི་ཚིག་གིས་ནི་ ཚོགས་ཀྱི་ལམ་ལ་ཞུགས་པ་ཉིད་དུ་བསྟན་པའི་ཕྱིར། འདི་ལྟ་སྟེ་རིགས་ནི་བྱང་ཆུབ་སེམས་དཔའི་རིགས་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དེའི་བུའམ་བུ་མོའམ་ནི་དེ་ལས་ཐོས་པའི་བདག་ཉིད་དེ། རིགས་ཀྱི་སྟོབས་ཀྱིས་སྡུག་བསྔལ་ལས་སྐྱོབ་པ་དང་། མྱ་ངན་ལས་འདས་པ་འཐོབ་ པར་འདོད་པའི་འདུན་པ་དང་ལྡན་པ་ནི། དྲན་པ་ཉེ་བར་གཞག་པ་ལ་སོགས་པའི་རིམ་པས་ཡོངས་སུ་བསྒོམ་པ་སྡུག་བསྔལ་ལས་སྐྱོབ་པ་དང་། རྗེས་སུ་མཐུན་པར་སྡུག་བསྔལ་སྤོང་བའི་རྒྱུ་ཐེག་པ་ཆེན་པོའི་རྗེས་སུ་འབྲངས་ནས་སྐྱབས་ལ་འཇུག་པ་དང་། མྱ་ངན་ལས་འདས་ པ་ཐོབ་པར་འདོད་པའི་འདུན་པས་ཤེས་རབ་དང་སྙིང་རྗེའི་བདག་ཉིད་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། སྙིང་རྗེ་བསོད་ནམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་ལ་གོམས་པ་དང་ལྡན་པ་དང་། ཤེས་རབ་ཀྱིས་ཀྱང་ཐོས་པ་དང་། བསམ་པ་ལ་གོམས་པ་ལས་སུ་རུང་བའི་ཤེས་རབ་ལ། རིགས་ཀྱི་བུ་དང་རིགས་ཀྱི་ བུ་མོ་ཞེས་བརྗོད་དོ། །དེ་ཉིད་ཀྱང་སྔོན་དུ་ཚོགས་ཀྱི་ལམ་རྟོགས་པར་ལན་བཏབ་པའོ། །དེ་ཡང་དེ་ཉིད་ཀྱི་འཁོར་གྱི་ནང་ན་ཉེ་བར་གྱུར་པའི་གདུལ་བྱ་ལ་སོགས་པ་གཙོ་བོར་ལྟོས་ནས་སྟོན་པ་འདི་འཇུག་གོ། །ཚོགས་མ་བསགས་པའི་ལས་དང་པོ་པ་ལྟ་བུ་བདེ་བར་གཤེགས་པའི་འཁོར་གྱི་ནང་ན་ གནས་པའི་དབང་ཐོབ་པའི་རིམ་པ་མ་ཡིན་ནོ། །འདི་ལ་ཞེས་བྱ་བ་ནི་སྟོང་ཕྲག་བརྒྱ་པ་ལ་སོགས་པའི་རིམ་པས་བསྟན་ན་ཡང་མ་རྟོགས་པ་ལའོ། །དེ་ཉིད་ཀྱིས་ཀྱང་ཟབ་མོ་ཞེས་བྱའོ། །སྤྱོད་པ་ཞེས་བྱ་བ་ནི། །ཡི་གེ་འདྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་ལེན་པ་དང་། །འཆད་དང་ཁ་ཏོན་ བྱེད་པ་དང་། །དེ་སེམས་པ་དང་བསྒོམ་པའོ། །ཞེས་ལུས་དང་ངག་དང་ཡིད་ཀྱི་བྱ་བས་བསྡུས་པའི་ཆོས་སྤྱོད་ཀྱི་སྒོ་ནས་སྤྱོད་པར་འདོད་པའོ། །འདིར་ཡང་ཆོས་སྤྱོད་ནི་ཡན་ལག་བརྒྱད་ཀྱི་བསོད་ནམས་ཀྱི་ཚོགས་ཀྱི་རང་བཞིན་ནོ། །ཡེ་ཤེས་ཀྱི་ཚོགས་ཀྱིས་རྣམ་པར་དག་པར་བྱེད་པ་ནི་བསམ་པ་དང་བསྒོམ་པ་ནི་ རང་བཞིན་ནོ་ཞེས་སྨོས་པ་ནི། ཇི་ལྟར་བསླབ་པར་བྱ་ཞེས་བྱ་བ་སྟེ། ཡེ་ཤེས་ཀྱི་ཚོགས་དང་། བསོད་ནམས་ཀྱི་ཚོགས་ལས་གང་དངོས་གཞི་ལ། གང་ནི་རྗེས་ལས་ཐོབ་པ་ལ་བསླབ་པར་བྱ་ཞེས་བྱ་བའི་དོན་ཏོ། །འདིར་ཡང་གཙོ་བོར་ཤེས་རབ་ཀྱི་རྗེས་སུ་འབྲང་བ་ཉིད་ཀྱིས་དང་པོར་ལན་གདབ་པར་བྱ་བ་སྟེ། ཕྱིས་ནི་བསོད་ནམས་ཀྱི་ཚོགས་དང་རྗེས་སུ་མཐུན་པ་ཞེས་བྱ་བ་ཡིན་པས་དེ་བཞིན་ལན་གདབ་པར་བྱ་བ་ལ་དངོས་གཞི་ནི་གཉིས་ཏེ། དངོས་གཞི་ལ་སྦྱོར་བ་དང་། རྗེས་སུ་ཐོབ་པ་ལ་སྦྱོར་བའོ། །དངོས་གཞི་ལ་སྦྱོར་བ་ལ་ཡང་བདུན་ཏེ། སྐབས་དབྱེ་བ་དང་། སྦྱོར་བའི་ལམ་དང་། མཐོང་བའི་ལམ་དང་། བསྒོམ་པའི་ལམ་དང་། ཁྱད་པར་གྱི་ལམ་དང་། མི་སློབ་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་། དེའི་འབྲས་བུའོ། །དེ་ལ་སྐབས་ནི། ཤཱ་རིའི་བུ་རིགས་ཀྱི་བུའམ་ཞེས་བྱ་བ་ལ་སོགས་པའོ། །སྦྱར་བའི་ལམ་ནི་ཕུང་པོ་ལྔ་པོ་དེ་དག་ཅེས་བྱ་བ་ནས། རྣམ་པར་ཤེས་པ་རྣམས་སྟོང་པའོ་ཞེས་བྱ་བའི་བར་གྱིས་སོ། ། དེ་ལ་སྦྱོར་བའི་ལམ་ནི་དྲོད་དང་རྩེ་མོ་ལ་དབང་པོའི་བདག་ཉིད་དང་། བཟོད་པའི་དང་། ཆོས་མཆོག་ལ་སྟོབས་ཀྱི་བདག་ཉིད་དོ། །དེ་ལ་དབང་པོ་ནི་དད་པ་ལ་སོགས་པའི་མི་མཐུན་པའི་ཕྱོགས་སྤོང་བའི་དབང་དང་ལྡན་པའི་ཕྱིར་རོ། །སྟོབས་ནི་མི་མཐུན་པའི་ཕྱོགས་སྤངས་པས་སོ། །དེ་དག་ཉིད་ཀྱིས་རིམ་པ་ བཞིན་དུ་ཡུལ་གྱི་དབྱེ་བ་མེད་པར་གྲོགས་ཀྱི་ཁྱད་པར་གྱིས། མོས་པ་ཡིད་ལ་བྱེད་པ་དང་། དེ་ཁོ་ན་ཉིད་ཡིད་ལ་བྱེད་པའོ། །ཁ་ཅིག་ནི་དྲོད་ལ་ཡང་མོས་པ་ཡིད་ལ་བྱེད་པ་དང་། དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་བརྗོད་པ་གང་ཡིན་པ་དེ་ནི་དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་བའི་གང་ཟག་གི་དབྱེ་བས་ཤེས་པར་བྱའོ། ། དེ་ལ་དད་པའི་རྗེས་སུ་འབྲང་བ་ནི་ཡིད་ཆེས་པ་དང་བརྟན་པས་དངོས་པོ་ལ་དེ་དང་དེ་མ་ཡིན་པ་ལ་འཇུག་གོ། །ཆོས་ཀྱི་རྗེས་སུ་འབྲང་བ་ནི་གང་ཟག་ལ་ལྟོས་པ་མེད་པར་དངོས་པོ་དེ་ཉིད་རྟོགས་ནས་འཇུག་པ་ཡིན་པས་དེ་དག་གི་ཁྱད་པར་རོ། །དེ་བས་ན་ཡང་ཡུལ་གྱི་ཁྱད་པར་མེད་པར་མོས་པ་ཡིད་ལ་བྱེད་པས་ཡུལ་དུ་བྱེད་ པ་དང་། དེ་ཁོ་ན་ཉིད་ཡིད་ལ་བྱེད་པས་ཡུལ་དུ་བྱེད་པ་དེ་གསུངས་པ་ནི། གཟུགས་ཉིད་སྟོང་པའོ། །སྟོང་པ་ཉིད་ཁོ་ན་གཟུགས་སོ་ཞེས་བྱ་བ་ནི་མདོར་བསྟན་པའོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་གཟུགས་གཞན་མ་ཡིན་ནོ་ཞེས་བྱ་བ་ནི་རྒྱས་པར་བཤད་པའོ། །དེ་ལ་རེ་ཞིག་གཟུགས་ ཞིག་པ་ལ་སྟོང་པ་ཉིད་དུ་ཁས་ལེན་ཏེ། དེ་ལ་ལན་ནི་གཟུགས་ཉིད་སྟོང་པའོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན་ནོ་ཞེས་བྱ་བ་སྟེ། གཞན་དབང་གི་བདག་ཉིད་ཡང་དག་པ་མ་ཡིན་པའི་ཀུན་ཏུ་བརྟགས་པ་ནི། བཏགས་པའི་གཉིས་ཀྱིས་རང་བཞིན་གྱིས་སྟོང་པའི་ཕྱིར་རོ། །མ་ཡིན་པར་འགགས་པའི་ཚུལ་གྱིས་ གཉིས་ཀྱིས་སྟོང་པ་ཞེས། གཟུགས་ཉིད་ཀྱི་བདག་ཉིད་དོ། །གང་ཡང་སྨྲས་པ། ཆོས་ཀྱི་དབྱིངས་ནི་བདག་ཉིད་དུ་འགྲོ་བའི་གཟུགས་ལ་སོགས་པས་འགྱུར་བ་ཡིན་པས། སྒྱུ་མ་ལྟ་བུ་ཞེས་དེའི་ལན་བཏབ་པ་ནི། སྟོང་པ་ཉིད་ཁོ་ན་གཟུགས་སོ། །སྟོང་པ་ཉིད་ལས་གཟུགས་གཞན་མ་ཡིན་ནོ་ཞེས་ བྱ་བ་སྟེ། གང་གཞན་གྱི་དབང་དུ་གྱུར་པའི་གཟུགས་དེ་སྟོང་པ་ཉིད་ཁོ་ན་སྟེ། ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཅན་ནོ། །དེ་ནི་གལ་ཏེ། ཆོས་ཀྱི་དབྱིངས་ལས་ལྷག་པར་གྱུར་པ་རང་གི་ངོ་བོ་མ་དོར་བའི་བདག་ཉིད་སྔོན་པོ་ལ་སོགས་པ་ཡིན་ན། དེའི་ཚེ་སྔོན་པོ་ལ་སོགས་པ་དེས་དངོས་སུ་ དེ་ཕན་ཚུན་འགལ་བར། ཕྱེ་མ་ལེབ་ཁྲ་བོ་བཞིན་དེ་ལ་ཡོད་པ་ཡིན་ན་ཆོས་ཀྱི་དབྱིངས་ཀྱང་གཅིག་དང་དུ་མའི་འགལ་བས་གནོད་པས་ཀུན་རྫོབ་ཏུ་འགྱུར་ཏེ། འོན་ཀྱང་སྔོན་པོ་ལ་སོགས་པ་འདི་ནི་ངོ་བོ་ཐོབ་པ་མ་ཡིན་ནོ། །དེ་སྨྲ་བ་ནི། སྟོང་པ་ཉིད་ལས་གཟུགས་གཞན་མ་ཡིན་ནོ་ཞེས་བྱ་བ་སྟེ། གཞན་ ཞེས་བྱ་བ་ནི་སེམས་ཀྱི་རང་བཞིན་འོད་གསལ་བས་རང་གི་ངོ་བོ་མ་གཏོགས་པའི་དངོས་པོའི་ཚུལ་ཅན་སྔོན་པོ་ལ་སོགས་པ་ཉིད་ཀྱིས་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་རང་གི་ངོ་བོ་དོར་ནས་དེ་དང་འདྲ་བར་སྣང་བར་འགྱུར་བ་ཡིན་ན། རང་གི་ངོ་བོ་དང་རྗེས་སུ་འབྲེལ་པའི་འགལ་བ་ནི་ཆོས་ཀྱི་དབྱིངས་ལ་སྦྱོར་བར་ མི་བྱེད་དོ། །དེ་བརྗོད་པ་ནི། ཤེས་ལ་སྔོ་སོགས་སྣ་ཚོགས་པ། །ཤེས་པ་ཡིན་གྱིས་གཞན་དག་མིན། །མཐོང་ནུས་མ་ཡིན་དེ་དག་ནི། །རྣམ་འབྱེད་དོན་ལ་འཇུག་པར་འགྱུར། །ཞེས་འདི་ཡང་ཇི་ལྟ་བ་དེ་ལྟར་འབྲེལ་པ་གྲུབ་པ་ཆུང་ངུའི་ཡོངས་སུ་ཤེས་པ་དང་། རྣམ་པར་ངེས་པའི་ཡོངས་ སུ་ཤེས་པར་དཔྱད་པས་འདིར་རྒྱས་པར་མ་བྱས་སོ། །དེས་ན་འདིས་ནི་སྒྲོ་འདོགས་པ་དང་སྐུར་པ་འདེབས་པས་དབེན་པའི་སྟོང་པ་ཉིད་ཀྱི་མཚན་ཉིད་མངོན་པར་བསྟན་པར་འགྱུར་རོ། །དེ་ལ་འདི་ནི་གཟུགས་ལ་ཡོད་པར་སྒྲོ་འདོགས་པ་གང་ཡིན་པ་དང་། ཡང་སྟོང་པ་ཉིད་ལ་དེ་འགོག་པའི་ བདག་ཉིད་དུ་སྒྲོ་འདོགས་པ། གཟུང་བའི་རྣམ་རྟོག་གི་རང་བཞིན་གང་ཡིན་པ་དེ་ནི་དང་པོས་གཟུགས་ཉིད་སྟོང་པའོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན་ནོ་ཞེས་བྱ་བས་སེལ་ཏོ། །གང་ཡང་གཟུགས་བཞིན་དུ་ཆོས་ཀྱི་དབྱིངས་ཀྱི་ཀུན་རྫོབ་ཏུ་ཁས་བླངས་པས་དོན་དམ་པར་ཡོད་པ་ལ་སྐུར་ པ་བཏབ་པའམ། ཡང་ན་རང་གི་ངོ་བོ་ལ་ཀུན་རྫོབ་ཀྱི་ངོ་བོར་མི་འཐད་པས་མཐར་ཐུག་པ་མེད་དེ། མེད་པར་ཁས་བླངས་པས་སྐུར་པ་བཏབ་པ་དེ་ནི་དངོས་པོའི་ཚུལ་ཅན་གྱིས་གཟུགས་སུ་འཛིན་པའི་སྒྲོ་འདོགས་པ་འཇུག་པ་དེ་ནི་ཆོས་ཀྱི་དབྱིངས་ལ་གཟུགས་ལ་སོགས་པའི་དངོས་པོ་མ་ ཡིན་པ་འཐད་པར་བྱེད་པ་ཕྱི་མ་ནི་སྟོང་པ་ཉིད་ཁོ་ན་ནི་གཟུགས་སོ། །སྟོང་པ་ཉིད་ལས་གཟུགས་གཞན་མ་ཡིན་ཞེས་བྱ་བས་སེལ་ཏོ། །དེས་ནི་སྒྲོ་འདོགས་པ་དང་། སྐུར་པ་འདེབས་པའི་གཉེན་པོ་གོ་རིམས་བཞིན་དུ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་སྤངས་པ་ནི་བདག་ཉིད་དྲོད་དང་ རྩེ་མོར་མོས་པ་ཡིད་ལ་བྱེད་པས་ཡུལ་དུ་བྱེད་ཅིང་བཟོད་པ་ལ་གཟུང་བའི་རྣམ་པར་རྟོག་པ་སྤངས་པའི་བདག་ཉིད་དང་། ཆོས་མཆོག་ལ་ནི་འཛིན་པའི་རྣམ་པར་རྟོག་པ་སྤངས་པའི་བདག་ཉིད་དེ་ཁོ་ན་ཡིད་ལ་བྱེད་པས་ཡུལ་དུ་བྱེད་པར་ཤེས་པར་བྱའོ། །གང་གི་ཕྱིར་དབུ་མ་པས་རང་གི་རིག་པ་ལ། དངོས་སུ་སྔོན་པོ་ལ་སོགས་པར་འཛིན་པའི་སྒོ་ནས་གཅིག་དང་འགལ་བས་དོན་དམ་པར་མེད་པར་འཐད་པར་བྱས་སོ། །གཞན་དུ་ན་རྟགས་མ་གྲུབ་པས། དེ་དག་གི་མངོན་པར་འདོད་པ་མ་གྲུབ་པར་འགྱུར་རོ། །དེས་ན་དེ་དག་གི་དོན་དམ་པར་མེད་པར་འདོད་ན་ཡང་ཀུན་རྫོབ་ཏུ་འཛིན་པར་ཡོད་པར་ འདོད་པའོ། །ཁ་ཅིག་གིས་ཀྱང་ཀུན་རྫོབ་ཉིད་དུ་རང་རིག་པ་ལ་གཟུང་བ་དང་འཛིན་པའི་རྣམ་པ་ཁས་ལེན་ཏོ། །དེས་ནི་དབུ་མ་ལས་དེ་ལྟར་ཀུན་རྫོབ་ཏུ་ཁས་བླངས་པའི་གཟུང་བའི་དངོས་པོའི་སུན་འབྱིན་ཏོ། །མཐོང་བའི་ལམ་ནི་ཤཱ་རིའི་བུ་དེ་ལྟར་ཞེས་བྱ་བ་ནས་གང་བ་མེད་པའོ་ཞེས་བྱ་བའི་བར་ གྱིས་བསྟན་ཏེ། དེ་ལ་དངོས་གཞི་ནི་ཟབ་མོ་རྣམ་པ་བརྒྱད་ཅིག་ཅར་རྟོགས་པར་ཤེས་པར་བྱའོ། །གང་ཡང་བདེན་པ་བཞི་ལ་དམིགས་པའི་བཟོད་པ་དང་ཤེས་པའི་བདག་ཉིད་སྐད་ཅིག་མ་བཅུ་དྲུག་ལས་བཟོད་པ་བརྒྱད་ནི་བར་ཆད་མེད་པའི་ལམ་ལ་རྗེས་སུ་འགྲོ་བའི་ཕྱིར། རྣམ་པར་གྲོལ་བའི་ ལམ་གྱི་རྗེས་སུ་འགྲོ་བར་ཤེས་པའི་སྐད་ཅིག་མ་ཉིད་འདིར་རྒྱས་པར་བསྟན་པར་རིག་པར་བྱ་སྟེ། འབྲས་བུས་རྒྱུ་རྟོགས་པའི་ཕྱིར་རོ། །དེ་ལ་ཡང་རིམ་པ་གཞན་ལས་མ་བྱུང་བ་ཐོག་མར་ཤེས་པ་གང་ཡིན་པ་དེ་ནི་ཆོས་ཤེས་པའོ། །གང་ཡང་ཆོས་ཤེས་པའི་སྟོབས་ཀྱིས་མཐར་ཕྱིན་པ་དེ་ནི་རྗེས་སུ་ཤེས་པ་ཞེས་བརྗོད་དོ། ། དེ་ལ་སྡུག་བསྔལ་གྱི་བདེན་པ་ལ་རང་བཞིན་གྱིས་སྟོང་པ་ཉིད་དུ་ཡོངས་སུ་ཤེས་པ་ནི་སྡུག་བསྔལ་ལ་ཆོས་ཤེས་པའོ། །དེ་ཉིད་ལ་ཡང་རང་བཞིན་གྱིས་སྟོང་པ་ཉིད་རྟོགས་པའི་ཕྱིར་མཚན་མ་མེད་པ་ཉིད་རྟོགས་པ་ནི། སྡུག་བསྔལ་ལ་རྗེས་སུ་ཤེས་པའོ། །ཀུན་འབྱུང་གི་བདེན་པ་ལ་ཡང་རང་བཞིན་གྱིས་མ་ སྐྱེས་པ་ཉིད་དུ་ཤེས་པ་ནི་ཀུན་འབྱུང་ལ་ཆོས་ཤེས་པའོ། །དེ་ཉིད་ལ་ཡང་མ་སྐྱེས་པ་གཞན་དུ་མི་འཐད་པས་མ་འགགས་པ་རྟོགས་པ་ནི་ཀུན་འབྱུང་ལ་རྗེས་སུ་ཤེས་པའོ། །འགོག་པ་ནི་བདེན་པ་ལ་རང་བཞིན་གྱིས་དྲི་མ་དང་མ་འབྲེལ་བ་ཉིད་དུ་ཡོངས་སུ་ཤེས་པ་ནི་འགོག་པ་ལ་ཆོས་ ཤེས་པའོ། །རང་བཞིན་གྱིས་དྲི་མ་དང་མ་འདྲེས་པ་ལ་དྲི་མ་དང་བྲལ་བའི་རྣམ་པར་དག་པ་གློ་བུར་བ་ཡིན་པས་དྲི་མ་དང་བྲལ་བ་མེད་པ་རྟོགས་པ་ནི་འགོག་པ་ལ་རྗེས་སུ་ཤེས་པའོ། །ལམ་གྱི་བདེན་པ་ལ། རང་བཞིན་ཉིད་ཀྱིས་སྤང་བྱ་རྣམས་གློ་བུར་བ་ཡིན་པས་མེད་པའི་ཕྱིར་གཉེན་པོའི་སྟོབས་ ཀྱིས་མི་མཐུན་པའི་ཕྱོགས་བྲི་བ་མེད་པ་ནི་ལམ་ལ་ཆོས་ཤེས་པའོ། །ཆོས་ཀྱི་དབྱིངས་ལ་མ་གཏོགས་པ་མེད་པ་ཉིད་ཀྱིས་བྲི་བ་མེད་པ་བཞིན་གཉེན་པོ་འཕེལ་བའི་བདག་ཉིད་གང་བ་ཡང་འཐད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ལམ་ལ་རྗེས་སུ་ཤེས་པའོ། །དེས་ན་འདིར་བཟོད་པ་དང་ཤེས་པའི་སྐད་ཅིག་མ་ནི་ དངོས་པོ་ལ་སྦྱོར་བ་ལ་ཡང་གནས་ལ་མཐོང་བའི་ལམ་གྱི་དངོས་གཞི་ལ་བྱང་ཆུབ་ཀྱི་ཡན་ལག་བདུན་གྱིས་བསྐོར་བའི་ཕྱིར་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་ཤེས་པའི་སྐད་ཅིག་མ་བརྒྱད་ཡུལ་དུ་བྱེད་པས་རྗེས་སུ་ཐོབ་པ་ལ་རིམ་པ་འདི་ཤེས་པར་བྱའོ། །དེ་ལྟར་མཐོང་བའི་ལམ་བསྟན་ནས་ བསྒོམ་པའི་ལམ་ནི་མི་མཐུན་པའི་ཕྱོགས་དང་། གཉེན་པོའི་ཕྱོགས་ལ་བརྟེན་པའི་དབྱེ་བས་སོ་སོར་རྣམ་པ་དགུ་དགུ་ཡིས་རྣམ་པ་སུམ་ཅུ་རྩ་དྲུག་ཅན་གྱི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་སྤོང་བར་བྱེད་དོ། །དེས་ན་འདིར་བསྒོམ་པའི་ལམ་ནི། ཤཱ་རིའི་བུ་དེ་ལྟ་བས་ན་ཞེས་བྱ་བ་ནས། མ་ཐོབ་ པ་ཡང་མེད་དོ་ཞེས་བྱ་བའི་བར་གྱིས་སྤང་བྱ་སྤོང་བའི་རིམ་པ་བསྟན་ཏོ། །དེ་ལྟ་བས་ན་ཞེས་བྱ་བ་ནི་མཐོང་བའི་ལམ་དེ་ཉིད་ཀྱིས་མངོན་དུ་བྱས་པའི་དོན་དེ་ཉིད་བསྒོམ་པ་སྟེ། ཕུང་པོ་ལ་སོགས་པའི་རྣམ་པར་རྟོག་པ་སུམ་ཅུ་རྩ་དྲུག་སྤོང་བར་བྱེད་ཅེས་བྱ་བའི་དོན་ཏོ། །དེ་ལ་ཡང་བརྟགས་པའི་རྟེན་ ཅན་གྱི་འཛིན་པའི་རྣམ་པར་རྟོག་པ་ལས་རེ་ཞིག་ཕུང་པོའི་རྣམ་པར་རྟོག་པའི་གཉེན་པོ་ནི་རྣམ་པར་ཤེས་པ་བརྒྱད་ཅེས་བྱ་བའི་བར་དུའོ། །སྐྱེ་མཆེད་ཀྱི་རྣམ་པར་རྟོག་པའི་གཉེན་པོ་ནི་ཆོས་མེད་དོ་ཞེས་བྱ་བའི་བར་དུའོ། །ཁམས་ཀྱི་རྣམ་པར་རྟོག་པའི་གཉེན་པོ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ ཀྱི་བར་དུ་ཡང་མེད་དོ་ཞེས་བྱ་བའི་བར་དུའོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་གཉེན་པོ་ནི་རྒ་ཤི་ཟད་པའི་བར་དུ་ཡང་མེད་དོ་ཞེས་བྱ་བའི་བར་དུའོ། །རྣམ་པར་རྟོག་པའི་གཉེན་པོ་ནི་ལམ་མེད་ཅེས་བྱ་བའི་བར་དུའོ། །མཐོང་བའི་ལམ་གྱི་རྣམ་པར་རྟོག་པའི་གཉེན་པོ་ནི་ཡེ་ཤེས་མེད་ཅེས་ བྱ་བ་སྟེ། ཆོས་དང་རྗེས་སུ་ཤེས་པ་བསྡུས་པ་ཞེས་བྱ་བའི་དོན་ཏོ། །བསྒོམ་པའི་ལམ་གྱི་རྣམ་པར་རྟོག་པའི་གཉེན་པོ་ནི་ཐོབ་པ་མེད་ཅེས་བྱ་བ་སྟེ། འདིས་ཐོབ་པར་བྱེད་པས་ན་ཐོབ་པའོ། །འཇིག་རྟེན་ལས་འདས་པ་དང་། འཇིག་རྟེན་པའི་ཡེ་ཤེས་ཀྱིས་བསྡུས་པའི་བསྒོམ་པའི་ལམ་མོ། ། ཁྱད་པར་གྱི་ལམ་དང་མི་སློབ་པའི་ལམ་གྱི་རྣམ་པར་རྟོག་པ་དག་གི་གཉེན་པོ་ནི། མ་ཐོབ་པ་ཡང་མེད་དོ་ཞེས་བྱ་བ་སྟེ། ཐོབ་པར་བྱ་བ་དང་། ཐོབ་པར་བྱེད་པའི་རྟོག་པ་མེད་པའི་ཕྱིར་མ་ཐོབ་པ་མེད་དོ་ཞེས་བྱ་བའི་ཁྱད་པར་གྱི་ལམ་དང་། མི་སློབ་པའི་ལམ་དག་བརྗོད་དོ། །རྫས་ཀྱི་རྟེན་ཅན་གྱི་ འཛིན་པའི་རྣམ་པར་རྟོག་པའི་གཉེན་པོ་ནི་རྣམ་པར་གཅད་པའི་སྒོ་ནས་འདིར་སྟོན་ཏོ། །འོན་ཀྱང་ཁྱད་པར་ནི་བདག་རང་དབང་ཅན་གྱི་རྣམ་པར་རྟོག་པའི་གཉེན་པོ་མ་གཏོགས་པར་གཞན་གཅིག་པུ་དང་བྱེད་པ་པོ་དང་མཐོང་བ་པོ་དང་། ཉོན་མོངས་པ་དང་རྟེན་དང་འདོད་ཆགས་དང་བྲལ་བའི་རྟེན་ དང་མཐོང་བ་དང་བསྒོམ་པ་དང་། དོན་བྱས་པའི་རྟེན་ཅན་དུ་རྣམ་པར་རྟོག་པའི་གཉེན་པོ་ནི་རིམ་པ་བཞིན་དུ་ཕུང་པོ་ལ་སོགས་པས་བསྟན་ཏོ། །དེ་བཞིན་དུ་ཡང་འཇུག་པའི་རྟེན་ཅན་གྱི་གཟུང་བའི་རྣམ་པར་རྟོག་པའི་གཉེན་པོ་ནི་ཕུང་པོ་ལ་སོགས་པ་རྣམས་ཀྱི་རྣམ་པར་རྟོག་པས་བསྟན་ཏོ། །ཁྱད་པར་ནི་སྟོང་པ་ཉིད་དང་། ཕ་རོལ་ཏུ་ཕྱིན་པའི་ རྣམ་པར་རྟོག་པ་མ་ཚང་བ་ལ། བདེན་པ་བཞིའི་རྣམ་པར་རྟོག་པ་ནི་ལྷག་པར་གྱུར་པའོ། །མ་ཐོབ་པ་ཞེས་པ་ནི་མི་སློབ་པའི་ལམ་ཉིད་བཤད་པའོ། །ཟློག་པའི་རྟེན་ཅན་ནི་གཟུང་བའི་རྣམ་པར་རྟོག་པ་ལས་མ་རིག་པ་དང་། མིང་དང་གཟུགས་ལ་མངོན་པར་ཞེན་པ་དང་། མཐའ་གཉིས་ལ་ཆགས་པའི་ རྣམ་པར་རྟོག་པ་རྣམས་ནི་འདིར་མ་བསྡུས་སོ། །ལྷག་མ་རྣམས་དངོས་སུ་བསྟན་པ་ནི་འདི་ལྟ་སྟེ། ཕུང་པོའི་དོན་གྱིས་ཕུང་པོའི་རྣམ་པར་རྟོག་པའོ། །ཡེ་ཤེས་ཞེས་བྱ་བས་ནི་རྣམ་པར་རྟོག་པའོ། །ཐོབ་པ་ཞེས་བྱ་བས་ནི་བརྟགས་པའི་དོན་གྱིས་ལྟོས་པ་མེད་པའི་རང་བཞིན་གྱིས་བདག་ལ་སོགས་ པའི་རྣམ་པར་རྟོག་པ་བསྡུས་པ་ཡིན་ནོ། །གཞན་རྣམས་ནི་གཉེན་པོའི་སྒོ་ནས་བསྡུས་པ་ལ་འདི་ལྟ་སྟེ། མ་ཐོབ་པ་ཞེས་བྱ་བ་ནི་མི་སྐྱེ་བའི་བརྗོད་བྱས་སྐྱེ་བ་མེད་པའི་རྣམ་པར་རྟོག་པའོ། །མ་རིག་པ་དང་མ་རིག་པ་ཟད་པ་དང་རྒ་ཤི་དང་རྒ་ཤི་ཟད་པ་མེད་པ་རྣམས་ཀྱིས་ནི་ཀུན་ནས་ཉོན་ མོངས་པ་དང་། རྣམ་པར་བྱང་བ་མི་ཤེས་པའི་རྣམ་པར་རྟོག་པའོ། །བདེན་པ་བཞིའི་རྣམ་པར་རྟོག་པས་ནི་འཕགས་པའི་ལམ་ལ་མི་གནས་པའི་རྣམ་པར་རྟོག་པའོ། །ཁྱད་པར་གྱི་ལམ་དང་མི་སློབ་པའི་ལམ་དང་འབྲས་བུ་རྣམས་ནི་ཤཱ་རིའི་བུ་དེ་ལྟ་བས་ན་ཞེས་བྱ་བ་ནས། མངོན་པར་རྫོགས་པར་ སངས་རྒྱས་སོ་ཞེས་བྱ་བའི་བར་གྱིས་བསྟན་ཏོ། །དེ་ལྟ་བས་ན་ཞེས་བྱ་བས་ནི་རྣམ་རྟོག་སུམ་ཅུ་རྩ་དྲུག་སྤངས་པའོ། །ཐོབ་པ་མེད་པའི་ཕྱིར་ཞེས་བྱ་བ་ཐོབ་པ་དང་། མ་ཐོབ་པའི་རྣམ་པར་རྟོག་པ་འཁོར་གསུམ་ཡོངས་སུ་དག་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་ཞེས་བྱ་བ་ནི་ཁྱད་ པར་གྱི་ལམ་གྱི་ཚོགས་སོ། །སྤྱོད་ཅིང་ཞེས་བྱ་བ་ནི་ཁྱད་པར་གྱི་ལམ་གྱི་སྦྱོར་བའོ། །སེམས་ཀྱི་དམིགས་པ་ལ་གནས་ཏེ་ཞེས་བྱ་བ་ནི་ཁྱད་པར་གྱི་ལམ་གྱི་དངོས་གཞིའོ། །ཁྱད་པར་གྱི་ལམ་བསྟན་ནས་མི་སློབ་པའི་ལམ་བསྟན་པ་ནི་སྐྲག་པ་མེད་པས་ཞེས་བྱ་བ་ལ་སོགས་པ་སྟེ། སེམས་ཀྱི་ དམིགས་པ་ལ་མི་དམིགས་པར་ཁྱད་པར་གྱི་ལམ་གྱི་དངོས་གཞི་ལ་གནས་ནས། མི་དམིགས་པ་བསྟན་པ་ལ་སྐྲག་པ་ནི་ཉོན་མོངས་པའི་བར་ཆད་བྱེད་པ་ཡིན་པས་དེ་ལས་བཟློག་ནས་སྐྲག་པ་མེད་པ་ཞེས་བྱའོ། །སྐྲག་པ་མེད་པ་ལས་ས་བཅུ་ལ་སྦྱོར་བས་ཉོན་མོངས་པ་དང་ཤེས་བྱའི་ཕྱིན་ཅི་ལོག་ལས་ ཤིན་ཏུ་འདས་ནས་ཞེས་བྱ་བ་ནི་ཕྱིར་མི་ལྡོག་པའི་ཕྱིར་རོ། །དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་མྱ་ངན་ལས་འདས་པའི་མཐར་ཕྱིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ སོ་ཞེས་བྱ་བར་འབྲེལ་ཏོ། །མཐར་ཕྱིན་པའི་རང་བཞིན་དང་མི་སློབ་པ་ཡིན་པའི་ཕྱིར་མྱ་ངན་ལས་འདས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་ཞེས་བྱ་བ་ནི་མི་སློབ་པའི་ལམ་གྱི་རང་བཞིན་ལ་ཞེས་བྱ་བའི་དོན་ཏོ། །དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཞེས་བྱ་བ་ ནི་རྟེན་གྱི་གང་ཟག་གོ། །འདས་པ་ལ་མ་ལྟོས་ན་ལམ་གཞན་ཡོད་པར་དོགས་པར་འགྱུར་རོ། །ད་ལྟར་བ་མེད་ན་མི་སླུ་བར་འགྲུབ་པ་མེད་དོ། །མ་འོངས་པ་མེད་ན་འཇུག་པའི་རྒྱུ་མེད་པར་འགྱུར་རོ། །དེས་ན་དུས་གསུམ་དུ་རྣམ་པར་བཞུགས་པའི་ཞེས་བརྗོད་དོ། །དེ་ལྟར་ན་འདིས་ནི་ཐེག་པ་ གཅིག་ཏུ་གྲུབ་པ་ཡང་བསྟན་ཏོ། །མི་སློབ་པའི་ལམ་བསྟན་ནས་འབྲས་བུ་བསྟན་པ་ནི་བླ་ན་མེད་པ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་བླ་ན་མེད་པ་ཞེས་བྱ་བ་ནི་རིག་པ་པ་དང་། རྣམ་པར་གྲོལ་བ་རོ་གཅིག་པའི་ཕྱིར་རོ། །ཡང་དག་པར་རྫོགས་པ་ཞེས་བྱ་བ་ནི་སངས་རྒྱས་པ་ལ་ཡང་ཡོངས་ སུ་རྫོགས་པ་ནི་བྱང་ཆུབ་སྟེ། ཡང་དག་པར་རྫོགས་པ་ནི་མ་ཡིན་ནོ། །འདི་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱ་བ་ནི་ཟད་པ་མེད་པ་དང་། སྐྱེ་བ་མེད་པའི་ཡེ་ཤེས་སོ། །ཁ་ཅིག་ནི་སྐྲག་པ་མེད་པས་ཞེས་བྱ་བ་ལ་སོགས་པས་ནི་མི་སློབ་པའི་ལམ་མོ། །མྱ་ངན་ལས་འདས་ པའི་མཐར་ཕྱིན་ཏོ་ཞེས་བྱ་བ་ནི་འབྲས་བུའོ། །དུས་གསུམ་དུ་རྣམ་པར་བཞུགས་པའི་ཞེས་བྱ་བ་ལ་སོགས་པ་ནི་ལམ་གཅིག་ཏུ་བསྒྲུབ་པའོ་ཞེས་འདོད་དོ། །དེ་ལྟར་དངོས་གཞི་ཇི་ལྟར་བསླབ་པར་བྱ་བ་དེ་བསྟན་ནས་རྗེས་སུ་ཐོབ་པ་སྦྱོར་བ་ནི་དེ་ལྟ་བས་ན་ཞེས་བྱ་བའི་བར་དུའོ། །དེ་ཡང་བཞི་ སྟེ། གདོན་མི་ཟ་བར་འཇུག་པའི་རྒྱུ་བསྟན་པ་དང་། བསོད་ནམས་ཀྱི་ཚོགས་ཀྱི་བདག་ཉིད་བཟླས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་སྦྱོར་བ་དང་། བཟླས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དངོས་གཞི་དང་། ཉེ་བར་བསྡུ་བའོ། །དེ་ལྟ་བས་ན་ཞེས་བྱ་བ་ནི་སྤངས་པ་དང་ཡེ་ ཤེས་ཕུན་སུམ་ཚོགས་པའི་རྒྱུ་ཡིན་པས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་ཚོགས་ལམ་ལ་དྲན་པ་ཉེ་བར་གཞག་པ་ལ་སོགས་པའི་གྲོགས་ཀྱིས་ཐར་པའི་ཆ་དང་མཐུན་པ་ཞེས་བྱ་བའི་དོན་ཏོ། །རིག་པ་ཆེན་པོ་ཞེས་བྱ་བ་ནི་དབང་པོ་དང་སྟོབས་ཀྱི་ཉེ་བར་སྤྱོད་པས་ངེས་པར་འབྱེད་པའི་ཆ་དང་ མཐུན་པའོ། །བླ་ན་མེད་པའི་ཞེས་བྱ་བ་ནི་མཐོང་བའི་ལམ་ལ་གནས་པའི་དངོས་གཞི་ལ་གང་ཁོང་དུ་ཆུད་པའི་ཆ་ཉིད་ཀྱིས་སངས་རྒྱས་དང་མཉམ་པས་སོ། །མི་མཉམ་པ་དང་མཉམ་པ་ཞེས་བྱ་བ་ལ། མི་མཉམ་པ་ཞེས་བྱ་བ་ནི་ཁྱད་པར་དང་མི་སློབ་པའི་ལམ་མོ། །དེ་དག་དང་སྒྲིབ་པ་ སྤོང་བྱེད་དུ་མཉམ་པ་ནི་བསྒོམ་པའི་ལམ་མོ། །སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་ཞེས་བྱ་བ་ནི་ཁྱད་པར་དང་མི་སློབ་པའི་ལམ་དག་ལ་གོ་རིམས་བཞིན་དུ་ཁྱད་པར་རིང་བ་མེད་པའི་ཕྱིར་དང་གཙང་བ་དང་བདག་དང་རྟག་པ་དང་བདེ་བའི་ཕ་རོལ་ཏུ་ཕྱིན་པའི་ ཁོང་དུ་ཆུད་པའི་རྒྱུ་ཡིན་པའི་ཕྱིར་རོ། །མི་བརྫུན་པས་ན་ཞེས་བྱ་བ་ནི་སྤངས་པ་ཕུན་སུམ་ཚོགས་པས་སོ། །དེ་གང་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་སྔགས་སོ། །སྔགས་ཞེས་བྱ་བ་ནི་སྐྱོབ་པ་དང་ཡེ་ཤེས་ཀྱི་དོན་ཏོ། །ལམ་ཐམས་ཅད་ལ་རང་རང་གི་མི་མཐུན་ པའི་ཕྱོགས་སྤོང་བར་བྱེད་པའི་ཕྱིར་དང་། རང་རང་རྟོག་པ་དང་ལྡན་པའི་ཕྱིར་རོ། །འདི་ནི་ཇི་ལྟར་ཤེས་པར་བྱ་བ་དེ་བསྟན་ནས་གང་ཤེས་པར་བྱ་བ་དེ་བསྟན་པ་ནི། ཏད་ཡ་ཐཱ་ཞེས་བྱ་བ་སྟེ། དོན་འདི་རྣམས་མངོན་དུ་བྱས་ནས་བཟླས་པར་བྱ་ཞེས་བྱ་བའི་དོན་ཏོ། །འདིས་ནི་ཉམས་སུ་ལེན་ པའི་རིམ་པ་བསྟན་ཏོ། །ཇི་བཞིན་ཡང་དག་མཐོང་བའི་ཕྱིར། །སྐྱེ་སོགས་རྣམས་ལས་འདས་གྱུར་ཀྱང་། །སྙིང་རྗེའི་བདག་ཉིད་སྐྱེ་བ་དང་། །རྒ་དང་ན་དང་འཆི་བ་སྟོན། །ཞེས་བྱ་བའི་ཚུལ་གྱིས་མཐོང་བའི་ལམ་ཉིད་ལ་སྐྱེ་བ་སྤང་བའི་ཕྱིར་རོ། །ག་ཏེ་ག་ཏེ་པཱ་ར་ག་ཏེ་ཞེས་བྱ་བས་ནི་ འགྲོ་བ་རིགས་དྲུག་སྤངས་པའི་བདག་ཉིད་མཐོང་བའི་ལམ་སྟེ། གང་གི་ཕྱིར་འདོད་ཆེན་པོའི་འགྲོ་བ་ལས་ཚོགས་ཀྱི་ལམ་དུ་འགྲོ་བ་ཉིད་ཀྱིས་ཕ་རོལ་ཏུ་ཕྱིན་པའོ། །ཚོགས་ལམ་པའི་འགྲོ་བ་ལས་ཀྱང་སྦྱོར་བའི་ལམ་དུ་འགྲོ་བ་ཉིད་ཀྱིས་ཕ་རོལ་ཏུ་ཕྱིན་པའོ། །དེ་བས་ན་འགྲོ་བ་ནི་ག་ཏེ་ག་ཏེ་པཱ་ར་ག་ཏེ་ ཞེས་བྱ་བ་ནི་མཐོང་བའི་ལམ་མོ། །པཱ་ར་སཾ་ཞེས་བྱ་བས་ནི་བསྒོམ་པའི་ལམ་ལ་གནས་པས་སོ། །ག་ཏེ་ཞེས་བྱ་བ་ནི་ཁྱད་པར་དང་མི་སློབ་པའི་ལམ་ལ་གནས་པ་ཞེས་བྱ་བའི་དོན་ཏོ། །བོ་དྷི་ཞེས་བྱ་བ་ནི་འབྲས་བུའོ། །ཨོཾ་དང་སྭཱ་ཧཱ་ཞེས་བྱ་བ་ནི་བཟླས་པའི་འབྲས་བུ་ཐོ