Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 95
Văn bản gốc(Tây Tạng)
Trang 1 / 21 (50.000 ký tự/trang)
༄༅༅། །རྒྱ་གར་སྐད་དུ། བྷ་ག་བ་ཏི་པྲཛྙཱ་པཱ་ར་མི་ཏ་ན་ཝ་ཤླཽ་ཀ་པིཎྜ་ཨརྠ། བོད་སྐད་དུ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྡུས་པའི་ཚིགས་སུ་བཅད་ པ་དགུ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཤེས་རབ་ཕ་རོལ་ཕྱིན་པ་རྒྱ་མཚོ་སྟེ། །དགེ་བ་རིན་ཆེན་འབྱུང་གནས་རང་ཉིད་ཡིན། །ཕ་རོལ་ཕྱིན་པ་དག་ནི་ཐམས་ཅད་ཀྱང་། ། དེ་རུ་དེ་ཡི་བདག་ཉིད་དག་གིས་གནས། །སྤྲོས་པ་མེད་ཅིང་སྣང་བ་མེད། །རྣམ་རྟོག་མེད་ཅིང་སྐྱོན་དང་བྲལ། །རང་བཞིན་མེད་མཆོག་ཤིན་ཏུ་ཕྲ། །ཐིག་ལེ་སྒྲ་ནི་རྣམ་པར་སྤངས། །ཤེས་རབ་ ཕ་རོལ་ཕྱིན་ཡུམ་ནི། །སངས་རྒྱས་ཐམས་ཅད་བསྐྱེད་པའི་མཆོག །རྗེས་སུ་མི་དམིགས་གསུམ་གྱི་ཚུལ། །ཐམས་ཅད་མཁྱེན་པའི་སྤྱོད་ཡུལ་གྱི། །ཤེས་རབ་ཕ་རོལ་ཕྱིན་པ་ནི། །གང་ ཞིག་ཡང་དག་བསྒོམ་འདོད་པས། །དེས་ནི་ཚིགས་བཅད་དགུ་པའི་དོན། །མདོར་བསྡུས་པ་ནི་བསམ་པར་བྱ། །ལས་ཀྱི་མཐུ་ལས་བྱུང་བ་ཡི། །སྐྱེ་མཆེད་དྲུག་གི་མཚན་ཉིད་ཅན། །ཡང་ སྲིད་ཞེས་བྱར་གྲགས་པ་ཡིན། །དེ་ནི་མིག་ཡོར་དག་དང་མཚུངས། །ཇི་ལྟར་སྤྲུལ་པའི་གྲོང་ཁྱེར་ལ། །སྤྲུལ་པ་རྣམ་པར་ལྟ་བ་བཞིན། །ལས་རྣམས་ཀྱིས་སྤྲུལ་འགྲོ་བ་ཡིས། །གཟུགས་ རྣམས་དེ་བཞིན་མཐོང་བར་འགྱུར། །ཆོས་རྣམས་སྟོན་པའི་སྒྲ་དང་ནི། །ཐོས་པའི་སྤྱོད་པ་གང་ཅི་འང་རུང་། །མཉན་བྱ་ཐོས་པ་བྱུང་གྱུར་པ། །ཐམས་ཅད་བྲག་ཅ་ལྟ་བུ་ཡིན། །ཡུལ་ལ་ཆགས་པས་སྣོམ་པ་དང་། ། མྱང་དང་དེ་བཞིན་རེག་པ་རྣམས། །དམིགས་སུ་ཡོད་པ་མ་ཡིན་ཏེ། །འདི་དག་ཐམས་ཅད་རྨི་ལམ་འདྲ། །ཇི་ལྟར་སྒྱུ་མའི་འཁྲུལ་འཁོར་མི། །བྱ་བ་ཐ་དད་བྱེད་པ་ལྟར། །ལུས་ཀྱི་འཁྲུལ་འཁོར་བདག་མེད་འདི། ། དེ་བཞིན་བྱ་བ་བྱེད་པར་འགྱུར། །དམིགས་པ་སྣ་ཚོགས་གང་དང་གང་། །སྐད་ཅིག་རེ་རེ་འབྱུང་འགྱུར་བ། །མཐོང་ན་འཇིག་ཅིང་མཚན་ཉིད་བྲལ། །འདི་ནི་སྨིག་རྒྱུ་དག་དང་མཚུངས། །གཟུང་བྱ་གཟུགས་བརྙན་ལྟ་ བུ་སྟེ། །ཐོག་མ་མེད་པའི་སེམས་ལས་བྱུང་། །རྣམ་པར་ཤེས་པའང་དེ་འདྲ་སྟེ། །ཕན་ཚུན་གཟུགས་བརྙན་དག་དང་མཚུངས། །བསྒོམ་པ་དང་བའི་རྒྱུད་ལ་ནི། །ཡེ་ཤེས་ཟླ་བ་གང་བྱུང་བ། །མངོན་སུམ་ཡོད་པ་མ་ ཡིན་ཏེ། །དེ་ནི་ཆུ་ཟླ་དག་དང་མཚུངས། །རྣལ་འབྱོར་པ་ཡི་ཡེ་ཤེས་གང་། །དེ་ཡང་ནམ་མཁའི་མཚན་ཉིད་དེ། །དེ་བས་ཤེས་དང་ཤེས་བྱ་དག །ཐམས་ཅད་ནམ་མཁའི་མཚན་ཉིད་དོ། །དེ་ལྟར་དེ་བཞིན་ཉིད་སེམས་པ། །དངོས་པོ་ཀུན་ལ་མི་གནས་ ཏེ། བྱང་ཆུབ་སྨོན་པའི་སེམས་ཀྱིས་ནི། །ཡེ་ཤེས་དེ་ལྟར་འབྱུང་བར་འགྱུར། །བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྡུས་པའི་ཚིགས་སུ་བཅད་པ་དགུ་པ། སློབ་དཔོན་ཆེན་པོ་ཀ་མ་པ་ལའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ ཨཱ་ཙཱརྱ་ཤྲདྡྷཱ་ཀ་ར་ཝརྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། བྷ་ག་བ་ཏི་པྲཛྙཱ་པཱ་ར་མི་ཏ་ན་བ་ཤླཽ་ཀ་པཎྜི་ཨརྠ་ཊཱི་ཀ། བོད་སྐད་དུ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ དོན་བསྡུས་པའི་ཚིགས་སུ་བཅད་པ་དགུ་པའི་རྒྱ་ཆེར་བཤད་པ། བཅོམ་ལྡན་འདས་ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཤེས་རབ་ཕ་རོལ་ཕྱིན་པ་རྒྱ་མཚོ་སྟེ། །དགེ་བ་རིན་ཆེན་འབྱུང་གནས་རང་ཉིད་ཡིན། །ཕ་རོལ་ཕྱིན་པ་དག་ནི་ཐམས་ཅད་ཀྱང་། །དེ་རུ་དེ་ཡི་བདག་ཉིད་དག་ གིས་གནས། །སྤྲོས་པ་མེད་ཅིང་སྣང་བ་མེད། །རྟོག་པ་མེད་ཅིང་སྐྱོན་དང་བྲལ། །དངོས་པོ་མེད་ཅིང་ཤིན་ཏུ་ཕྲ། །བློ་དང་སྒྲ་ནི་རྣམ་སྤངས་པའོ། །ཤེས་རབ་ཕ་རོལ་ཕྱིན་ཡུམ་ནི། །སངས་རྒྱས་ཐམས་ཅད་བསྐྱེད་པའི་མཆོག །རྗེས་སུ་མི་དམིགས་གསུམ་གྱི་ཚུལ། ། ཀུན་མཁྱེན་ཡེ་ཤེས་རྒྱུ་ཅན་གྱི། །ཤེས་རབ་ཕ་རོལ་ཕྱིན་པ་ནི། །གང་ཞིག་ཡང་དག་བསྒོམ་འདོད་པས། །དེས་ནི་ཚིགས་བཅད་དགུ་ཡི་དོན། །མདོར་བསྡུས་པ་ནི་བསམ་པར་བྱ། ཞེས་བྱ་བ་ལ། ཤེས་རབ་ནི་གང་ཐོས་པ་དང་། བསམ་པ་དང་། བསྒོམ་པའི་མཚན་ ཉིད་ཅན་ནོ། །ཕ་རོལ་ཏུ་ཕྱིན་པ་ནི་རབ་ཏུ་མཐར་ཐུག་པར་འགྲོ་བས་རྟོག་པ་ཐམས་ཅད་དང་བྲལ་བའོ་ཞེས་བྱ་བའི་བར་དུ་སྟེ། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ། དེ་གང་ཞིག་ཡང་དག་བསྒོམ་འདོད་པས་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་རྣམ་པས་ཡིད་ལ་བྱེད་པས་ མངོན་པར་དགའ་བ་གང་ཡིན་པ་དེས་ནི་ཚིགས་སུ་བཅད་པ་དགུ་པོ་འོག་ནས་བཤད་པའི་དོན་ཞེས་པ་དོན་གྱི་སྒོ་ནས་བསམ་པར་བྱ་ཞིང་ཡིད་ལ་བྱའོ། །ཅི་རྒྱས་པར་རམ་ཞེ་ན། དེ་མ་ཡིན་པར་བསྟན་པའི་ཕྱིར་མདོར་བསྡུས་པ་ནི་ཞེས་བྱ་བ་སྨོས་ཏེ། ཉུང་ དུ་བསྡུས་པའོ། །ཚིགས་སུ་བཅད་པ་དགུ་པོ་དེ་ཉིད་རིམ་གྱིས་བསྟན་པར་བྱ་བའི་ཕྱིར། ལས་ཀྱི་མཐུ་ལས་ཀུན་བྱུང་བའི། །སྐྱེ་མཆེད་དྲུག་གི་མཚན་ཉིད་ཅན། །ཡང་སྲིད་ཅེས་བྱར་གྲགས་པ་ནི། །དེ་ནི་མིག་ཡོར་དག་དང་མཚུངས། །ཞེས་བྱ་བ་སྨོས་ཏེ། ལས་ནི་དགེ་ བ་དང་མི་དགེ་བ་རྣམས་སོ། །ལས་དེ་ལས་བྱུང་བ་ནི་ལས་ཀྱི་མཐུ་ལས་ཞེས་བྱ་སྟེ། ལས་བདག་པོར་གྱུར་པའོ། །དེ་ལས་བྱུང་བ་ནི་ཡང་དག་པར་སྐྱེས་པ་སྟེ། དེ་གང་ཞེ་ན། སྐྱེ་མཆེད་དྲུག་གི་མཚན་ཉིད་ཅན། །ཞེས་བྱ་བ་སྟེ། སྐྱེ་བ་ནི་རྣམ་པར་ཤེས་པའོ། །དེ་རྒྱས་ པར་བྱེད་པས་ན་སྐྱེ་མཆེད་དེ། ནང་གི་བདག་ཉིད་ཅན་མིག་དང་རྣ་བ་དང་། སྣ་དང་ལྕེ་དང་ལུས་དང་ཡིད་དང་དྲུག་ནི་སྐྱེ་མཆེད་དྲུག་གི་མཚན་ཉིད་ཅན་ནི་མཚན་མ་སྟེ། ལས་ཀྱི་མཐུ་ལས་བྱུང་བའི་སྐྱེ་མཆེད་དྲུག་གི་མཚན་ཉིད་ཅན་ནོ། །དེ་ཇི་ལྟ་བུ་ཞེ་ན། ཡང་སྲིད་ཅེས་བྱ་སྟེ། ཡང་ སྐྱེ་བར་བྱེད་པའི་ཆོས་ཅན་ཞེས་བྱ་བའི་བར་དུའོ། །དེ་ལྟར་གྲགས་པ་ནི་རབ་ཏུ་བརྗོད་ཅིང་ངེས་པ་ཞེས་བྱ་བའི་བར་དུའོ། །ཡང་དེ་ཉིད་ཀྱི་དོན་དམ་པའི་ངོ་བོ་ཉིད་གང་ཡིན་པ་བསྟན་པར་བྱ་བའི་ཕྱིར། དེ་ནི་མིག་ཡོར་དག་དང་མཚུངས། །ཞེས་བྱ་བ་སྨོས་ཏེ། མིག་ཡོར་ཉིད་འདྲ་ ཞིང་མཚུངས་པ་གང་ཡིན་པ་དེ་ནི་མིག་ཡོར་དང་མཚུངས་པ་སྟེ། བྱེད་པ་པོ་ལས་དང་བྱ་བ་རྣམས་དང་བྲལ་བའི་ཕྱིར་སྟོང་པའོ་ཞེས་བྱ་བའི་བར་དུའོ། །ཕྱི་རོལ་གྱི་གཟུགས་ལ་སོགས་པའི་སྐྱེ་མཆེད་གང་ཡིན་པའི་ངོ་བོ་ཉིད་དེ་རིམ་བཞིན་དུ་བསྟན་པར་བྱ་བའི་ཕྱིར། ཇི་ ལྟར་སྤྲུལ་པའི་གྲོང་ཁྱེར་ལ། །སྤྲུལ་པ་རྣམ་པར་ལྟ་བ་བཞིན། །ལས་རྣམས་ཀྱིས་སྤྲུལ་འགྲོ་བ་ཡིས། །གཟུགས་རྣམས་དེ་བཞིན་མཐོང་བར་འགྱུར། །ཞེས་བྱ་བ་སྨོས་ཏེ། ཇི་ལྟར་སྤྲུལ་པའི་གྲོང་ཁྱེར་དེ་ལ། དེ་ལས་གཞན་པའི་སྤྲུལ་པ་རྣམ་པར་ལྟ་བར་བྱེད་པ་ན། དེ་གཉིས་ཡང་ཡོད་པ་མ་ཡིན་ཏེ། ཡང་དག་པ་མ་ཡིན་པ་ལས་ཀུན་དུ་འབྱུང་བའི་ཕྱིར། བལྟ་བར་བྱ་བ་དང་ལྟ་བ་པོ་གཉི་ག་ཡང་དེ་དང་འདྲ་སྟེ། གཟུགས་རྣམས་དེ་བཞིན་དུ་ཕྱི་རོལ་དུ་སྣང་བར་གྱུར་པ་ན་ལས་ཀྱིས་སྤྲུལ་པར་འགྲོ་བས་ཁམས་གསུམ་པོར་མཐོང་བར་འགྱུར་རོ་ཞེས་ བྱ་བར་ཤེས་པར་བྱ་སྟེ། སྤྲུལ་པ་ཉིད་ཡིན་པར་ཁྱད་པར་མེད་དེ་ཞེས་བྱ་བར་དགོངས་སོ། །སྒྲ་རྣམས་ནི་བྲག་ཅ་དང་མཚུངས་སོ་ཞེས་བསྟན་པར་བྱ་བའི་ཕྱིར། ཆོས་རྣམས་སྟོན་པའི་སྒྲ་དང་ནི། །ཐོས་པའི་སྤྱོད་ཡུལ་གང་ཅིའང་རུང་། །མཉན་བྱ་ཐོས་པ་བྱུང་གྱུར་པ། །ཐམས་ཅད་བྲག་ ཅ་ལྟ་བུ་ཡིན། །ཞེས་བྱ་བ་སྨོས་ཏེ། ཆོས་རྣམས་སྟོན་པ་ཞེས་བྱ་བ་ནི་སྟོན་པ་པོའི་དབང་དུ་བྱས་པ་ལས་བྱུང་ཞིང་དེ་ལས་གྲག་པའི་སྒྲ་རྣམས་སོ། །ཐོས་པའི་སྤྱོད་ཡུལ་ནི་ཐོས་པའི་ཡུལ་དུ་གྱུར་པ་རྣམས་སོ། །གང་ཅིའང་རུང་ཞེས་བྱ་བ་ནི། གང་དེ་དང་རིགས་མཐུན་པ་རྣམས་ ཀྱང་ངོ་། །མཉན་བྱ་ཐོས་པ་བྱུང་གྱུར་པ། །ཞེས་པ་ནི། མཉན་པར་བྱ་བ་ཐོས་ཤིང་ཉེ་བར་དམིགས་པ་གང་ཅི་ཡང་རུང་བའི་སྒྲ་རྣམས་ཏེ། གང་ལས་ཐོས་པར་གྱུར་པ་ཡོད་པ་རྣམས་སོ། །དེ་བས་ན་ཁྱད་པར་མེད་པར་བསྟན་པར་བྱ་བའི་ཕྱིར། ཐམས་ཅད་ཅེས་བྱ་བ་སྨོས་ སོ། །བྲག་ཅ་ལྟ་བུ་ཡིན་ཞེས་བྱ་བ་ནི་གང་འདི་ཐམས་ཅད་ཀྱང་བྲག་ཅ་དང་མཚུངས་པར་འབྱུང་བ་ཡིན་པའི་ཕྱིར་རོ། །སྐྱེས་བུའི་རྨི་ལམ་དང་འདྲ་བར་བསྟན་པའི་ཕྱིར། ཡུལ་ལ་ཆགས་པས་སྣོམ་པ་དང་། །མྱང་དང་དེ་བཞིན་རེག་པ་རྣམས། །དམིགས་སུ་ཡོད་པ་མ་ ཡིན་ཏེ། །འདི་དག་ཐམས་ཅད་རྨི་ལམ་འདྲ། །ཞེས་བྱ་བ་སྨོས་ཏེ། ཡུལ་ལ་ཆགས་པས་ཞེས་བྱ་བ་ནི་གང་ཡུལ་འདོད་པ་དེ་རྣམས་ཀྱིས་ཞེས་རེ་རེ་ལའང་སྦྱར་བར་བྱའོ། །སྣོམ་པ་དང་ཞེས་བྱ་བ་ནི་སྣའི་རྣམ་པར་ཤེས་པས་ཡུལ་དུ་བྱས་པ་སྟེ། དྲིའི་རྫས་རྣམས་སོ། ། མྱང་ཞེས་བྱ་བ་ནི་རོ་ཞེས་བྱ་བ་རྣམས་སོ། །དེ་བཞིན་རེག་པ་རྣམས་ཞེས་བྱ་བ་ནི་རེག་བྱ་རྣམས་ཏེ། དེ་ལྟར་ཡུལ་ལ་ཆགས་པ་རྣམས་ཀྱིས་གང་ཞིག་སྤྱོད་པའི་དྲི་དང་རོ་དང་རེག་བྱ་ཞེས་བྱ་བར་གྲགས་པ་དེ་རྣམས་ནི་དམིགས་སུ་ཡོད་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། འདི་དག་ ཐམས་ཅད་རྨི་ལམ་འདྲ། །ཞེས་བྱ་བ་སྨོས་ཏེ། དེ་རྣམས་ནི་རྨི་ལམ་དང་མཚུངས་ཤིང་ཁྱད་པར་མེད་དོ་ཞེས་བྱ་བར་དགོངས་སོ། །ཅི་གལ་ཏེ། མིག་ལ་སོགས་པ་ནང་གི་སྐྱེ་མཆེད་རྣམས་དང་གཟུགས་ལ་སོགས་པ་ཕྱིའི་སྐྱེ་མཆེད་རྣམས་ཀྱང་མེད་པར་ གྱུར་ན་དེ་དང་ལྡན་པའི་བྱ་བ་དང་སྤྱོད་པ་ཇི་ལྟར་སྣང་ཞེས་རྟོག་པ་བསལ་བའི་ཕྱིར། ཇི་ལྟར་སྒྱུ་མའི་འཁྲུལ་འཁོར་མི། །བྱ་བ་ཐ་དད་བྱེད་པ་ལྟར། །ལུས་ཀྱི་འཁྲུལ་འཁོར་བདག་མེད་འདི། །དེ་བཞིན་བྱ་བ་བྱེད་པར་འགྱུར། །ཞེས་བྱ་བ་སྨོས་ཏེ། སྒྱུ་མ་ཉིད་ཀྱི་འཁྲུལ་འཁོར་ གྱི་གཟུགས་བརྙན་གྱི་མི་གང་ཡིན་པ་དེ་ནི་སྒྱུ་མའི་འཁྲུལ་འཁོར་གྱི་མིའོ། །བྱ་བ་ཐ་དད་བྱེད་པ་ལྟར། །ཞེས་བྱ་བ་ནི་ཇི་ལྟར་དེ་ལ་བྱ་བ་དང་སྤྱོད་པ་ཡོད་པ་མ་ཡིན་ཡང་དེ་ལ་ལུས་ཀྱི་སྤྱོད་པ་དང་བྱ་བ་འགྲོ་བ་ལ་སོགས་པའི་མཚན་ཉིད་ཅན་ཐ་དད་ཅིང་སྣ་ཚོགས་པ་རྣམས་བྱེད་པར་ འགྱུར་རོ། །དེ་བཞིན་དུ། ལུས་ཀྱི་འཁྲུལ་འཁོར་བདག་མེད་འདི། །ཞེས་བྱ་བ་སྟེ། ལུས་ཉིད་འཁྲུལ་འཁོར་ལྟ་བུ་ཡིན་པས་ན་ལུས་ཀྱི་འཁྲུལ་འཁོར་ཞེས་བྱའོ། །གང་གི་ཕྱིར་བདག་དང་བྲལ་བས་ན་བདག་མེད་པ་ཞེས་བྱ་སྟེ། དེ་ལྟར་བདག་མེད་པས་ན་འདི་ལ་ནི་དོན་ དམ་པར་བྱ་བ་དང་ལྡན་པ་འགའ་ཡང་མེད་དོ་ཞེས་བྱ་བའི་བར་དུའོ། །དེ་བཞིན་བྱ་བ་བྱེད་པར་འགྱུར། །ཞེས་བྱ་བ་ནི་དེ་ལྟར་བྱ་བ་དང་ལྡན་པའི་བདག་མེད་ཀྱང་སྒྱུ་མའི་འཁྲུལ་འཁོར་གྱི་མིའི་གཟུགས་བརྙན་བྱ་བ་སྣ་ཚོགས་བྱེད་པ་དེ་བཞིན་དུ་འདིར་ཡང་དེ་དང་ཁྱད་པར་ཤེས་པར་བྱའོ། ། སྨིག་རྒྱུ་དང་མཚུངས་པར་ཡང་བསྟན་པར་བྱ་བའི་ཕྱིར། དམིགས་པ་སྣ་ཚོགས་གང་དང་གང་། །སྐད་ཅིག་རེ་རེ་འབྱུང་འགྱུར་བ། །མཐོང་ན་འཇིག་ཅིང་མཚན་ཉིད་བྲལ། །འདི་ནི་སྨིག་རྒྱུ་དག་དང་མཚུངས། །ཞེས་བྱ་བ་སྨོས་ཏེ། དམིགས་པ་རྣམ་པ་སྣ་ཚོགས་གང་ཡིན་པ་དེ་ ནི་ཉེ་བར་དབྱེ་བས་ཡོངས་སུ་བརྟགས་པ་ཡིན་ལ། གང་དང་གང་ཞེས་བྱ་བ་ནི་སྐད་ཅིག་མའི་མཚན་ཉིད་ཅན་ནོ། །སྐད་ཅིག་རེ་རེ་འབྱུང་འགྱུར་བ། །ཞེས་བྱ་བ་ནི་སྐད་ཅིག་རེ་རེ་ཞིང་སྐྱེ་བར་འགྱུར་བའམ། མཚན་ཉིད་སོ་སོར་འབྱུང་བར་འགྱུར་བས་ན། སྐད་ཅིག་རེ་རེ་ འབྱུང་འགྱུར་བ། །ཞེས་བྱ་བ་སྟེ། སྐད་ཅིག་མ་ཉིད་དོ་ཞེས་བྱ་བའི་བར་དུའོ། །དེ་ཡང་དོན་དམ་པར་ངོ་བོ་ཉིད་ཇི་ལྟ་བུ་ཞེ་ན། མཐོང་ན་འཇིག་ཅིང་མཚན་ཉིད་བྲལ། །འདི་ནི་སྨིག་རྒྱུ་དག་དང་མཚུངས། །ཞེས་བྱ་བ་སྨོས་ཏེ། ཇི་ལྟར་སའི་འགྱུར་བ་དང་། ཉི་མའི་འོད་ཟེར་ ཕྲད་པ་ལས་སྨིག་རྒྱུའི་ཚོགས་སྣང་བ་དང་པོ་མཐོང་བ་ཡང་ཕྱིས་འཇིག་པར་འགྱུར་བ་དེ་བཞིན་དུ་ཉེ་བར་དམིགས་པའི་ཡུལ་རྣམས་ལ་རྣམ་པར་ཤེས་པ་འབྱུང་བ་ནི་དངོས་པོ་མེད་ཅིང་མཚན་ཉིད་དང་བྲལ་བས་སྔོན་དང་ཕྱི་མ་མི་འཕྲད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། མི་འདྲ་བའི་རང་ བཞིན་ཅན་ཡིན་པ་ལས་བྱིས་པར་གྱུར་པས་མཐའ་གཅིག་ཏུ་རྟོག་ཅིང་འདུག་ལ། ཀུན་རྫོབ་ཀྱི་བདེན་པར་རྟོགས་པའི་གཟུང་བ་དང་འཛིན་པའི་ཆ་གཉིས་སུ་སྣང་བ་དེ་ཡང་གང་སྟོང་ཞིང་རང་བཞིན་གྱིས་འོད་གསལ་བ་གཟོད་མ་ཉིད་ནས་མ་སྐྱེས་པའི་སེམས་ཀྱི་ཆོས་ཉིད་དུ་བསྟན་པ་ ཡིན་ནོ། །གཟུགས་བརྙན་དང་འདྲ་བ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། གཟུང་བྱ་གཟུགས་བརྙན་ལྟ་བུ་སྟེ། །ཐོག་མ་མེད་པའི་སེམས་ལས་བྱུང་། །རྣམ་པར་ཤེས་པའང་དེ་འདྲ་སྟེ། །ཕན་ཚུན་གཟུགས་བརྙན་དག་དང་མཚུངས། །ཞེས་བྱ་བ་སྨོས་ཏེ། གཟུང་བྱ་ཞེས་བྱ་བ་ནི་ ཁ་ཕྱིར་བལྟས་པ་གོམས་པའི་བག་ཆགས་ཀྱི་དབང་དུ་བྱས་པ་སྟེ། གཟུང་བ་ཉིད་དུ་མངོན་པར་ཞེན་པས། གཉིས་སུ་མེད་ན་ཡང་ངོ་བོ་ཉིད་གཉིས་སུ་སོ་སོར་སྣང་བར་གྱུར་པའོ། །གཟུགས་བརྙན་ལྟ་བུ་སྟེ་ཞེས་བྱ་བ་ནི་གཟུགས་བརྙན་དང་མཚུངས་པ་གང་ཡིན་པ་དེ་ལ་ནི་གཟུགས་ བརྙན་ལྟ་བུ་ཞེས་བྱ་བ་སྟེ། མེ་ལོང་གི་དཀྱིལ་འཁོར་གྱི་ནང་དུ་ཆུད་པའི་བཞིན་ལ་སོགས་པ་དང་འདྲ་བའོ། །ཐོག་མ་ཞེས་བྱ་བ་ནི་ཐོག་མ་མེད་པའི་དུས་ཀྱི་སེམས་ཀྱི་རྣམ་པར་འཕྲུལ་པ་ལས་བྱུང་བའོ། །དེ་གང་ཞེ་ན། སེམས་ལས་བྱུང་ཞེས་བྱ་བ་སྟེ། སེམས་ཉིད་ལས་བྱུང་བས་ན་ སེམས་ལས་བྱུང་བ་ཞེས་བྱ་བ་ཡིན་ཏེ། དེ་ཙམ་དུ་རྗེས་སུ་འབྲེལ་བའི་ཕྱིའི་དངོས་པོ་ལ་ལྟོས་པ་མེད་ལ་ཞེས་བྱ་བའི་བར་དུའོ། །དེ་བས་ན་དེ་ནི་གཟུགས་བརྙན་ལྟ་བུ་སྟེ། སྤྱི་དང་ཁྱད་པར་གྱི་དུས་ཉིད་ཀྱིས་རྣམ་པར་བརྟགས་ན་ཡོད་པ་མ་ཡིན་ནོ། །འབའ་ཞིག་ཏུ་མ་ཟད་ཀྱི་རྣམ་ པར་ཤེས་པའང་དེ་དང་འདྲ་སྟེ་ཞེས་བྱ་བ་ནི། རྣམ་པ་དེ་ཉིད་དང་ཆ་འདྲ་བའི་ཤེས་པ་གང་ཡིན་པ་དེ་ལ་རྣམ་པར་ཤེས་པའང་དེ་འདྲ་སྟེ་ཞེས་བྱའོ། །འང་ཞེས་བྱ་བ་ནི་བསྡུ་བ་སྟེ། འཛིན་པ་པོར་ཡོད་པའང་དེ་དང་འདྲ་སྟེ། གཟུང་བར་བྱ་བ་དང་བྲལ་ན་འཛིན་པ་ པོ་འང་ཡོད་པ་མ་ཡིན་ནོ་བྱ་བར་དགོངས་ཏེ། འབྲེལ་པའི་སྒྲས་ནི་ཕན་ཚུན་གཅིག་ལ་གཅིག་ལྟོས་པ་ཡིན་པའི་ཕྱིར། ཕན་ཚུན་གཟུགས་བརྙན་དག་དང་མཚུངས། །ཞེས་བྱ་བ་སྨོས་ཏེ། གཟུང་བར་བྱ་བ་དང་འཛིན་པོ་ནི་གཅིག་ལ་གཅིག་ལྟོས་པར་བྱ་བ་ཡིན་ཏེ། དེ་གཉིས་ཀར་ དམིགས་པའི་ཕན་ཚུན་རྗེས་སུ་འབྲེལ་པའི་ངོ་བོ་ཉིད་ནི་རང་བཞིན་གྱིས་འོད་གསལ་བའི་སེམས་ཀྱི་ཆོས་ཉིད་ཡིན་ནོ་ཞེས་བྱ་བར་དགོངས་སོ། །རང་བཞིན་གྱིས་འོད་གསལ་བའི་སེམས་དེ་ཉིད་ཀྱང་གཟུང་བ་དང་འཛིན་པ་དང་བྲལ་ཞིང་། འདོད་ཆགས་ལ་སོགས་པ་དང་མ་རིག་པའི་ དྲི་མ་སྤངས་ཏེ། རྣམ་པར་དག་པར་གྱུར་པ་ནི་ཡོད་དོ་ཞེས་མངོན་པར་ཞེན་པ་སྤངས་པར་བྱ་བའི་དོན་དུ་ཆུ་ཟླ་དང་མཚུངས་པར་བསྟན་པར་བྱ་བའི་ཕྱིར། །བསྒོམ་པ་དང་བའི་རྒྱུད་ལ་ནི། །ཡེ་ཤེས་ཟླ་བ་གང་བྱུང་བ། །མངོན་སུམ་ཡོད་པ་མ་ཡིན་ཏེ། །དེ་ནི་ཆུ་ཟླ་དག་དང་མཚུངས། ། ཞེས་བྱ་བ་སྨོས་ཏེ། བསྒོམ་པ་ནི་སེམས་རྩེ་གཅིག་པའི་མཚན་ཉིད་ཅན་ཏེ། དེ་གང་ལ་ཡོད་པ་དེ་ནི་བསྒོམ་པའོ། །དང་བ་ནི་བག་ཆགས་ཀྱི་རྙོག་པ་དང་བྲལ་བའོ། །རྒྱུད་ལ་ཞེས་བྱ་བ་ནི་ལུས་དང་ངག་དང་ཡིད་ཀྱི་རྒྱུད་དེ། རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་ལས་བཟློག་ཅིང་། ཡང་དག་པའི་ཡེ་ཤེས་སྐྱེས་པའི་བདག་ཉིད་ཅན་ལའོ། །ཡེ་ཤེས་ཟླ་བ་གང་བྱུང་བ། །ཞེས་བྱ་བ་ནི་ཡང་དག་པའི་ཡེ་ཤེས་ནི་མ་རིག་པའི་མུན་པ་སེལ་ཅིང་ཉོན་མོངས་པའི་གདུང་བ་ཞི་བར་བྱེད་ལ། བག་ཆགས་ཀྱི་དྲི་མས་མ་གོས་པས་ཟླ་བ་དང་ཆོས་མཐུན་པའི་ཕྱིར། ཡེ་ཤེས་ ཟླ་བ་ཞེས་བྱ་ལ། དེ་རྒྱུད་དག་པ་གང་ལས་བྱུང་ཞིང་ཤར་བ་དེ་ཡང་དངོས་པོར་གཟུང་དུ་མེད་པའི་ཕྱིར། མངོན་སུམ་ཡོད་པ་མ་ཡིན་ཏེ། །ཞེས་བྱ་སྟེ། དེ་ལྟར་སྣང་དུ་ཟིན་ཀྱང་གང་གི་ཕྱིར་མངོན་སུམ་དུ་དམིགས་ཤིང་གཟུང་དུ་མེད་དོ། །ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ཀྱི་ཆོས་རྣམས་ ལས་སྟོང་པ་ཉིད་ཀྱི་ཆོས་རྣམས་ཁོ་ན་འབྱུང་བའི་ཕྱིར་རོ། །དེ་བས་ན་གཟོད་མ་ཉིད་ནས་མ་སྐྱེས་པའི་ཕྱིར། དེ་ནི་ཆུ་ཟླ་དག་དང་མཚུངས། །ཞེས་བྱ་བ་སྟེ། འདི་ལྟར་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཡིན་པས་ན་དངོས་པོ་ལ་མངོན་པར་ཞེན་པ་མངོན་སུམ་དུ་དམིགས་སུ་ཡོད་པ་མ་ཡིན་ ནོ། །དེ་ལྟར་དེ་ཁོ་ན་ཉིད་ཡིན་པའི་ཕྱིར་ཆོས་ཐམས་ཅད་དམིགས་སུ་མེད་པས་མངོན་སུམ་དུ་བྱ་བར་མི་ནུས་ཤེ་ན། མངོན་སུམ་དུ་བྱ་བའི་ཐབས་ཆོས་ཐམས་ཅད་ནམ་མཁའ་དང་མཉམ་པར་བསྟན་པར་བྱ་བའི་ཕྱིར། རྣལ་འབྱོར་པ་ཡི་ཡེ་ཤེས་གང་། །དེ་ཡང་ནམ་མཁའི་ མཚན་ཉིད་དེ། །དེ་བས་ཤེས་དང་ཤེས་བྱ་དག །ཐམས་ཅད་ནམ་མཁའི་མཚན་ཉིད་དོ། །ཞེས་བྱ་བ་སྨོས་ཏེ། འདི་ལྟར་ཞི་གནས་ཏེ། སེམས་རྩེ་གཅིག་པའི་མཚན་ཉིད་དང་། ལྷག་མཐོང་སྟེ། ཡང་དག་པའི་ཤེས་རབ་ཀྱི་མཚན་ཉིད་ཟུང་དུ་འབྲེལ་པར་འཇུག་པ་ལ་ནི་རྣལ་འབྱོར་ཅེས་བྱ་ལ་དེ་གང་ ལ་ཡོད་པ་དེ་ལ་ནི་རྣལ་འབྱོར་པ་ཞེས་བྱ་སྟེ། དེ་རྣམས་ཀྱི་ཡེ་ཤེས་གང་ཡིན་པ་དེ་དག་ཀྱང་ཆོས་ཐམས་ཅད་ནམ་མཁའི་མཚན་ཉིད་ཡིན་པའི་ཕྱིར། འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པའི་ངོ་བོ་ཉིད་ཐབས་དང་ཤེས་རབ་གཉིས་སུ་མེད་པར་གྱུར་པའི་དེ་བཞིན་ཉིད་ཀྱི་ཡེ་ཤེས་དེ་ནི་དེ་བཞིན་གཤེགས་ པའི་བདག་ཉིད་ཅན་ཏེ། དེ་ཡང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་སྤྲོས་པའི་བདག་ཉིད་ཅན་མ་ཡིན་ཏེ། གང་དེ་བཞིན་ཉིད་ཀྱི་བདག་ཉིད་ཅན་ཆོས་ཀྱི་དབྱིངས་མི་གཡོ་བའི་ངོ་བོ་ཉིད་ཀྱིས་གཟོད་མ་ཉིད་ནས་མ་སྐྱེས་པའི་རང་བཞིན་ཏེ། འགྲོ་བ་དང་འོང་བ་ལ་སོགས་པའི་ ངོ་བོ་ཉིད་དང་བྲལ་བའི་ཕྱིར་དངོས་པོ་མེད་པའོ་ཞེས་ཀྱང་བརྗོད་པར་ནུས་པ་མ་ཡིན་ཏེ། དགག་པར་བྱེད་པ་མེད་པའི་ཕྱིར་རོ། །མ་སྐྱེས་པའི་ངོ་བོ་ཉིད་དུ་ཡང་ཡོད་པ་མ་ཡིན་ཏེ། དེ་བས་ན། དེ་ཡང་ནམ་མཁའི་མཚན་ཉིད་དེ། །ཞེས་བྱ་བ་སྨོས་ཏེ། སྤྲོས་པ་ཐམས་ཅད་དང་བྲལ་བའི་ ཕྱིར། ནམ་མཁའ་དང་འདྲ་བས་ན་ནམ་མཁའ་སྟེ། དེ་ཉིད་ཀྱི་མཚན་ཉིད་ཅན་གྱི་མཚན་མ་གང་ཡིན་པ་དེ་ནམ་མཁའི་མཚན་ཉིད་དེ། གང་གི་ཕྱིར་རྒྱུ་དེས་ན་ཆོས་ཐམས་ཅད་སྒྲིབ་པ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །གཏན་ཚིགས་དེ་བས་ན་ཤེས་པ་སྟེ། ཁམས་གསུམ་ པར་ཞུགས་པའི་སེམས་དང་། སེམས་ལས་བྱུང་བ་རྣམས་ཀྱང་ནམ་མཁའི་མཚན་ཉིད་ཡིན་ལ། ཤེས་བྱ་དག་སྟེ། དེས་མཐོང་བའི་ཡུལ་མ་རིག་པའི་རྗེས་སུ་ཞུགས་པས་སྣོད་དང་བཅུད་ཀྱི་འཇིག་རྟེན་གྱི་མཚན་ཉིད་ཅན་སེམས་ཅན་རྣམས་ཀྱི་ཕུང་པོ་ཁམས་ དང་སྐྱེ་མཆེད་ལ་སོགས་པའི་ངོ་བོ་ཉིད་ནི་ཤེས་བྱ་སྟེ། ཤེས་པས་ཡུལ་དུ་བྱས་པས་ཤེས་བྱ་ཉིད་ཙམ་དུ་རྗེས་སུ་འབྲེལ་ཅིང་ཁོང་དུ་ཆུད་པར་བྱ་བའི་ཤེས་བྱ་གང་ཡིན་པ་དེ་ནི་ཡུལ་ཉིད་དུ་ཡོངས་སུ་བརྟགས་པས་ཤེས་བྱ་ཞེས་བྱ་ལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ནི། དེ་གཉི་ག་ ཡང་ནམ་མཁའ་དང་མཉམ་མོ། །དེ་བས་ན་དེའི་ཁྱབ་པ་ཉིད་བསྟན་པ་ནི་ཐམས་ཅད་ཅེས་བྱ་བ་སྟེ། ཕྱོགས་གཅིག་ཙམ་མ་ཡིན་ཏེ་ལྷག་མ་མེད་པར་རོ། །གང་འདི་ལྟར་ཉན་ཐོས་རྣམས་ཀྱིས་གང་ཟག་ཙམ་ལ་བདག་མེད་ཀྱི་ཕུང་པོ་ལ་སོགས་པ་ཡོད་པ་དང་། དེ་རྣམས་ཀྱི་ཐར་ པའི་མཚན་ཉིད་དུ་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པར་འདོད་པ་དང་། གཞན་དུ་ན་ལྷག་མ་མེད་པའི་མྱ་ངན་ལས་འདས་པར་འདོད་ཅིང་སྨྲ་ལ། བཅོམ་ལྡན་འདས་ཀྱིས་ནི་དེ་དག་ཐམས་ཅད་ནས་ཐམས་ཅད་དུ་དངོས་པོ་ཐམས་ཅད་སྟོང་པ་ཉིད་དུ་གསུངས་ཀྱི། མུ་སྟེགས་ པ་ལྟ་བུའི་ཕྱོགས་གཅིག་པའི་སྟོང་པ་ཉིད་ནི་མ་ཡིན་ནོ། །དེ་བས་ན་དེའི་དོན་ནི་འདི་ཡིན་ཏེ། འགྲོ་བ་གང་ཅིའང་རུང་ནམ་མཁའི་མཚན་ཉིད་དུ་མ་གྱུར་པ་ནི་འགའ་ཡང་མེད་དེ། དེ་བས་ན། ཐམས་ཅད་ནམ་མཁའི་མཚན་ཉིད་དོ། །ཞེས་བཤད་དོ། །དེ་ལྟར་ཚིགས་སུ་ བཅད་པ་དགུས་དེ་ཁོ་ན་ཉིད་བསྟན་ནས། འདིར་དངོས་པོ་མེད་པས་ཐོབ་པའི་འབྲས་བུ་མེད་པར་དོགས་པ་བསལ་ཅིང་བྱང་ཆུབ་སེམས་དཔའི་རིགས་ཅན་རྣམས་ཀྱི་འབྲས་བུ་ཉེ་བར་བསྟན་པའི་ཕྱིར། དེ་ལྟར་དེ་བཞིན་ཉིད་སེམས་པ། །དངོས་པོ་ཀུན་ལ་མི་གནས་ཏེ། །བྱང་ཆུབ་ སྨོན་པའི་སེམས་ཀྱིས་ནི། །ཡེ་ཤེས་དེ་ལྟར་འབྱུང་བར་འགྱུར། །ཞེས་བྱ་བ་སྨོས་པ་ཡིན་ནོ། །བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྡུས་པ་ཚིགས་སུ་བཅད་པ་དགུ་པའི་རྒྱ་ཆེར་བཤད་པ་སློབ་དཔོན་ཆེན་པོ་ཀམ་པ་ལའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུཔྟ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་སཔྟ་ཤ་ཏ་ཀཱ་པྲཛྙཱ་པཱ་ར་མི་ཏ་ཊཱི་ཀ །བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་བདུན་བརྒྱ་པའི་རྒྱ་ཆེར་འགྲེལ་པ། བམ་པོ་དང་པོ། ངག་གི་དབང་ཕྱུག་ཟབ་ཅིང་གཏིང་རྟོགས་བློ་མངའ་བ། །ཐུགས་རྗེ་ཆེ་ལྡན་སྐྱབས་ཀྱི་ངང་ལ་ཕྱག་འཚལ་ཏེ། ཀུན་རྨོངས་གནས་ངན་ལེན་གྱི་ནགས་ཆེན་སྲེག་པའི་མེ། །བདུན་བརྒྱ་པ་ནི་མདོར་བསྡུས་ཀུན་ནས་ བཤད་པར་བྱ། །སངས་རྒྱས་སྐྱེད་མ་ཐམས་ཅད་ལ་ཡང་ལྷག་མཐོང་དང་། །ཞི་གནས་དང་ནི་གཉིས་པོ་མཉམ་པའི་དམིགས་པ་འབྱུང་། །བདུན་བརྒྱ་པ་ལའང་བཞི་པོ་གང་དག་བསྟན་མོད་ཀྱི། །འཆད་བྱེད་རྣམས་ཀྱིས་མ་བསྟན་དེ་དག་བརྗོད་པར་བྱ། །གླེང་བསླང་བ་ནི་ མདོར་བསྡུས་དང་། །དེ་ཡི་སྐབས་འབྱེད་པ་དང་བཅས། །འཁོར་དང་གླེང་གཞི་རྒྱུ་དང་དོན། །མཐོང་བ་དང་ནི་བསྒོམ་པའི་ལམ། །རྒྱུ་ནི་མོས་སྤྱོད་རྣམ་པ་གསུམ། །བསྟོད་དང་རབ་བསྟོད་བསྔགས་པ་དང་། །དམིགས་དང་དེ་ཡི་རྣམ་པ་ཡི། །ཚུལ་གྱི་རྗེས་མཐུན་ རྣམ་དྲུག་སྟེ། །དེ་ཉིད་དོན་དམ་དགོངས་པ་དང་། །འཐོབ་དང་མཐའ་གཉིས་སྤངས་པ་དང་། །བསམ་གྱིས་མི་ཁྱབ་པ་དང་འཆད། །དེ་འབྲས་འཐོབ་པའི་མཚན་ཉིད་དང་། །དེ་ཡི་རྗེས་མྱོང་རྣམ་པར་སྒྲོགས། །རང་གི་ངོ་བོའི་ཐོགས་མེད་བློ། །རིགས་དང་བཞུགས་དང་ སྤྱོད་པ་དང་། །ཡོན་ཏན་བཅས་དང་བཟོད་པ་གསུམ། །རྗེས་སུ་གཟུང་དང་སྨོན་པ་དང་། །རྗེས་སུ་བསྟན་པ་དཔེ་དང་བཅས། །མི་རྟོག་པ་ཡི་གཟུགས་བརྙན་གསུངས། །དམ་ཆོས་ཡུན་རིང་གནས་ཆེད་དུ། །ལྷ་རྣམས་ཀྱིས་ནི་རྗེས་སུ་བསྒྲུབས། །སངས་རྒྱས་རྣམས་ཀྱིས་བྱིན་ བརླབས་འདི། །རྣམ་བཤད་མཚན་ཉིད་མདོ་དོན་གྱིས། །བདུན་བརྒྱ་པ་ཡི་དོན་བསྡུས་ཡིན། །དེ་ལ་ཚིག་དང་པོ་གསུམ་ནི་གླེང་བསླང་བའོ། །གླེང་བསླངས་ནས་སྐབས་འབྱེད་པར་རྩོམ་པ་ནི་དུས་གཅིག་ན་ཞེས་བྱ་བ་ལ་སོགས་པ་ནས། ཀུན་དགའ་ར་བ་ན་ཞེས་བྱ་བའི་ བར་ཡིན་ནོ། །བཤད་པར་གཏོགས་པའི་འཁོར་གྱི་དབང་དུ་བྱས་ནས་དགེ་སློང་སྟོང་ཐམ་པའི་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའ་ས་ཡ་དང་ཐབས་ཅིག་གོ་ཞེས་བྱ་བའི་བར་དེས་ནི་འཁོར་བསྟན་ཏོ། །དེ་ཕན་ཆད་ནས་དེ་བཞིན་གཤེགས་པའི་ཕོ་བྲང་ ག་ལ་བ་དེར་མཆིས་ནས། ཕྱོགས་གཅིག་ཏུ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བའི་བར་དུ་ནི་གླེང་གཞིའོ། །དེ་དག་ནི་དེ་བཞིན་གཤེགས་པ་ལ་བལྟ་བ་དང་། ཕྱག་བགྱི་བ་དང་ཞེས་བྱ་བ་ལ་སོགས་པ་ནི་རྒྱུའོ། །དེའི་འབྲས་བུ་ནི་སེམས་ཅན་གྱི་དོན་ཏོ། །མི་ དམིགས་པའི་ཚུལ་གྱིས་དེ་བཞིན་ཉིད་ཀྱི་རྣམ་པ་དང་། རྣམ་པར་མི་རྟོག་པའི་རྣམ་པར་དེ་བཞིན་གཤེགས་པ་ལ་བལྟ་བར་བྱའོ་ཞེས་བྱ་བའི་ས་ནས་བརྩམས་ཏེ། བྱང་ཆུབ་སེམས་དཔའི་ཐེག་པ་པ་དམིགས་པ་ཅན་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱ་བའི་ ཕྱིར་ཕྱག་རྒྱ་འདི་གཞག་གོ་ཞེས་བྱ་བའི་བར་ནི་མཐོང་བའི་ལམ་མོ། །བཅོམ་ལྡན་འདས་བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱ་ཆེར་སྟོན་པར་སྤོབས་ལགས་སོ་ཞེས་བྱ་བ་ནས་བརྩམས་ཏེ། བཅོམ་ལྡན་འདས་འཇིག་ཚོགས་དེ་ནི་མ་མཆིས་པ་སྟེ། འཇིག་ཚོགས་མ་ ལགས་པས་དེ་ནི་མི་འཕོ་ལ་འཕོ་བ་དང་བྲལ་བ་ཡང་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། འཇིག་ཚོགས་དེ་ནི་འཇིག་ཚོགས་མ་ལགས་སོ་ཞེས་བྱ་བའི་བར་ནི་བསྒོམ་པའི་ལམ་མོ། །འདི་ལྟར་མཐོང་བའི་ལམ་གྱི་རྗེས་ལ་བསྒོམ་པའི་ལམ་ཡིན་ལ། མཐོང་བའི་ལམ་དེའི་རྒྱུ་གང་ཞེ་ན། དེའི་ རྒྱུར་གྱུར་པའི་མོས་པ་རྣམ་གསུམ་ཡིན་པར་བསྟན་ཏེ། དེ་ལ་དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས། བྱང་ཆུབ་ཏུ་ངེས་པར་འགྱུར་བ་ལགས་སོ་ཞེས་བྱ་བའི་བར་ཤཱ་རིའི་བུས་སྨྲས་པ་རྣམས་ནི་རང་གི་དོན་དུ་མོས་ པའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས། བྱང་ཆུབ་ལ་ཉེ་བར་གྱུར་པ་ལགས་སོ་ཞེས་བྱ་བའི་བར་བྱམས་པའི་ཚིག་རྣམས་ནི་རང་དང་གཞན་གྱི་དོན་དུ་མོས་པའོ། །དེ་ནས་བཅོམ་ ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས། དེ་དག་ནི་སངས་རྒྱས་ཉིད་དུ་བལྟ་བར་བགྱིའོ་ཞེས་བྱ་བའི་བར་འཇམ་དཔལ་གྱི་ཚིག་ནི་གཞན་གྱི་དོན་དུ་མོས་པའོ། །དེ་ནས་བཅོམ་ལྡན་འདས་ལ་སྲིང་མོ་དམིགས་པ་མེད་པས་འདི་ སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ལ་སོགས་པ་སྲིང་མོ་དམིགས་པ་མེད་པའི་ཚིག་ནི་ཐར་པ་དང་ངེས་པར་འབྱེད་པའི་ཆའི་མཚན་ཉིད་མོས་པས་སྤྱོད་པའི་སས་བསྡུས་པ་རྣམས་ཀྱི་དམིགས་པ་དང་མཐོང་བ་དང་བསྒོམ་པའི་ལམ་གྱི་དམིགས་པ་ནི་ཇི་སྙེད་ཡོད་པ་དང་། ཇི་ལྟ་བ་བཞིན་དུ་ཡོད་པ་ འཐད་པ་སྒྲུབ་པའི་རིགས་པ་དང་བཅས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་བཀའ་སྩལ་པ། དེ་དེ་བཞིན་ནོ་ཞེས་བྱ་བ་ནས་བརྩམས་ཏེ། དེ་དག་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པའི་བར་ དུ་འགྱུར་རོ་ཞེས་བྱ་བའི་བར་ནི་མོས་པ་རྣམ་པ་གསུམ་མོ། །དེ་ལ་ཡང་བཅོམ་ལྡན་འདས་ཀྱིས་བསྟོད་པ་དང་རབ་ཏུ་བསྟོད་པ་དང་བསྔགས་པའོ། །དམིགས་པ་མདོར་བསྟན་པའོ། །རྒྱས་པར་བསྟན་པ་ནི་འཇམ་དཔལ་ཁྱོད་ཀྱིས་དོན་གྱི་དབང་ཅི་ཞིག་མཐོང་ན་ཞེས་བྱ་བ་ནས། དེ་ཅིའི་ ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ནི། གང་ལ་གནས་ཏེ་རྣམ་པར་རིག་པར་འགྱུར་བའི་སྐྱེ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ་ཐུག་པའི་བར་ཡིན་ནོ། །གང་དག་མཚམས་མེད་པ་ལ་ཞུགས་པ་དེ་དག་ནི་ཞེས་བྱ་བ་ལ་སོགས་པ་ནས། ཀུན་དགའ་བོ་འཇིག་རྟེན་དུ་ས་གཡོས་པ་བྱུང་བ་ འདིའི་རྒྱུ་ནི་དེ་ཡིན་ནོ། །རྐྱེན་ནི་དེ་ཡིན་ནོ་ཞེས་བྱ་བ་ལ་ཐུག་པ་ནི་དམིགས་པའི་རྣམ་པ་གཏན་ལ་འབེབས་པ་སྟེ། ཚུལ་རྣམ་པ་དྲུག་བསྟན་ཏོ། །བཅོམ་ལྡན་འདས་འཇམ་དཔལ་འདི་ནི་བསམ་གྱིས་མི་ཁྱབ་པའི་དཔལ་ལོ་ཞེས་བྱ་བ་ནས་བསམ་གྱིས་མི་ཁྱབ་པ་ཉིད་ནི་སྒྲ་མ་ལགས་ སོ། །སྒྲ་མ་ལགས་པ་ཡང་བསྟན་པར་མི་ནུས་སོ་ཞེས་བྱ་བའི་བར་ནི་དེའི་འབྲས་བུ་ཐོབ་པའི་མཚན་ཉིད་བསྟན་ཏོ། །འཇམ་དཔལ་ཁྱོད་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གམ་ཞེས་བྱ་བ་ནས། འདི་ལྟར་འཇམ་དཔལ་ཁྱོད་ནི་སྔོན་གྱི་རྒྱལ་བ་ལ་བྱ་བ་ བྱས་པ་སྟེ། མི་དམིགས་པར་ཚངས་པར་སྤྱོད་པ་ཡུན་རིང་དུ་སྤྱད་པའོ་ཞེས་བྱ་བ་ལ་ཐུག་པའི་བར་ནི་རྗེས་སུ་མྱོང་བ་བསྟན་པ་སྨྲས་པ་ཡིན་ནོ། །ཅི་འཇམ་དཔལ་ཁྱོད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། དེ་སྐད་སྨྲའོ་སྙམ་དུ་སེམས་སམ་ཞེས་བྱ་ བ་ནས་བརྩམས་ཏེ། དེ་ལྟར་ན་དེ་བཞིན་གཤེགས་པའི་དབྱིངས་དང་། བདག་གི་དབྱིངས་འདི་ནི་གཉིས་སུ་མ་མཆིས་ཏེ། གཉིས་སུ་དབྱེར་མ་མཆིས་སོ་ཞེས་བྱ་བའི་བར་འདི་ནི་རང་གི་ངོ་བོ་བསྟན་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་གང་བདག་བསྒོམ་པ་དེ་ནི་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ་ཞེས་བཀའ་སྩལ་པ་དེ་ཡང་ཞེས་བྱ་བ་ནས། བཅོམ་ལྡན་འདས་དེ་བཞིན་དུ་ཡེ་ཤེས་འདི་ཡང་མ་བགྱིས་པ་མ་བསྒྲུབས་པ་མ་བསྐྱེད་པ་མ་འགགས་པ་སྟེ། དེའི་སླད་དུ་མི་བསྒྱུར་བ་ལགས་སོ་ཞེས་བྱ་བ་ལ་ཐུག་པས་ནི་ཡེ་ཤེས་ཐོགས་པ་མེད་པར་ བསྟན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའི་རིགས་ཅན་གྱི་གང་ཟག་སྟོན་ཏེ། དེ་ཡང་རིགས་ལ་གནས་པ་དང་། ཞུགས་པ་དང་། སྤྱོད་པ་ལ་ཞུགས་པ་དང་། སྤྱོད་པའི་ཡོན་ཏན་ནོ། །འཇམ་དཔལ་དེ་བཞིན་གཤེགས་པའི་ཡེ་ཤེས་བསྟན་པ་འདི་ལ་འདི་ ལྟར་བསྟན་པར་སུ་དག་མོས་ཞེས་བྱ་བ་ལ་སོགས་པ་ནས། འཇམ་དཔལ་ལེགས་སོ་ལེགས་སོ། །ཁྱོད་ཀྱི་ཚིག་འདི་ལེགས་པར་སྨྲས་སོ་ཞེས་བྱ་བ་ལ་ཐུག་པའི་བར་དུ་ནི་རིགས་ལ་གནས་པའི་གང་ཟག་བསྟན་ཏོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་ སྲུངས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས་བརྩམས་ཏེ། འཇམ་དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ཤིན་ཏུ་མ་སྐྱེས་པ་དང་། དངོས་པོ་མེད་པའི་བར་འདི་བསྟན་པ་ན་གང་དག་མོས་པ་ནས། ཀུན་ཆུབ་པར་བྱེད་པའི་བར་དུ་བྱེད་པ་དེ་དག་ཉིད་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་གི་རྣམ་པ་དང་། རྟགས་དང་མཚན་མ་དེ་ཡིན་ནོ། །ཞེས་བྱ་བའི་བར་ནི་བྱང་ཆུབ་སེམས་དཔའི་རིགས་ཅན་ཉིད་ཀྱི་ཞུགས་པ་བསྟན་ཏོ། །འཇམ་དཔལ་གང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་དེར་སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྟན་པར་ བལྟའོ་ཞེས་བྱ་བ་ནས་བརྩམས་ཏེ། བཀོད་པ་གཅིག་པའི་ཏིང་ངེ་འཛིན་བསྒྲུབས་པ་དེའི་ཚེའི་ཚད་ཇི་ཙམ་པ་དེ་ཙམ་དུ་གནས་ཤིང་གླེང་གཞི་དང་བཅས་པའི་ཆོས་སྟོན་པར་འགྱུར་རོ་ཞེས་བྱ་བ་ལ་ཐུག་པའི་བར་གྱིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་ཏིང་ངེ་འཛིན་ལ་ སྤྱོད་པ་བསྟན་ཏོ། །འཇམ་དཔལ་དེ་ལ་བྱང་ཆུབ་སེམས་དཔའི་ཐེག་པ་པ་ཁ་ཅིག་འདི་སྙམ་དུ་བཀོད་པ་གཅིག་པའི་ཏིང་ངེ་འཛིན་འདི་ཞེས་བྱ་བ་ནས། འཇམ་དཔལ་གཞན་ཡང་ཏིང་ངེ་འཛིན་འདི་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བྱང་ཆུབ་ཀྱི་ ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་ནས་མྱུར་བ་ཉིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བའི་བར་ནི་སྤྱོད་པའི་ཡོན་ཏན་ནོ། །འཇམ་དཔལ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ གང་གི་ཚེ་བདག་གི་དབྱིངས་ནས། ཆོས་ཀྱི་དབྱིངས་ཀྱི་བར་དུ་ཞེས་བྱ་བ་ལ་སོགས་པ་ནས། འཇམ་དཔལ་དེ་ལྟ་བས་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་བསྟན་པ་འདི་ཐོས་ནས་ཞུམ་པར་མི་འགྱུར་བ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ ལྡོག་པར་ངས་བཤད་དོ་ཞེས་བྱ་བ་ལ་ཐུག་པའི་བར་དུ་ནི་སྒྲའི་རྗེས་སུ་འབྲང་བ་དང་བསམ་པ་ལས་བྱུང་བ་དང་བསྒོམ་པ་དང་རྗེས་སུ་མཐུན་པའི་བཟོད་པ་རྣམ་པ་གསུམ་བསྟན་ཏོ། །འཇམ་དཔལ་དེ་ལྟ་བས་ན་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ་དགེ་བསྙེན་མ་གང་ དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཞུམ་པར་མི་འགྱུར་བ་ནས། ནུར་བའི་བར་དུ་མི་འགྱུར་བ་དེ་དག་ནི་ང་ལ་སྐྱབས་སུ་སོང་བའོ་ཞེས་བྱ་བ་ནས་བརྩམས་ཏེ། བློ་འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སླུ་ བར་མི་བྱེད་དོ་ཞེས་པའི་བར་དུ་དེ་བཞིན་གཤེགས་པས་རྗེས་སུ་གཟུང་བ་བསྟན་ཏོ། །འདིའི་འབྲས་བུ་རྣམ་པར་ཕྱེ་སྟེ་འཆད་པ་ནི་ཕྱིས་སྟོན་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ་ཞེས་ བྱ་བ་ནས་བརྩམས་ཏེ། འཇམ་དཔལ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ཏེ། ཐོས་ནས་ཀྱང་དགའ་བ་དང་མགུ་བ་ཡངས་པ་ཐོབ་པ་དེ་དག་ནི་དགེ་བའི་རྩ་བ་ཆུང་བར་ང་མི་འཆད་དོ་ཞེས་བྱ་བའི་བར་གྱིས་ནི་སྨོན་པ་བསྟན་ནོ། །དབང་པོ་རྣོན་ པོ་མངོན་དུ་ཞུགས་པ་གང་དག་ཆོས་བཏགས་པ་རྣམ་པར་གཞག་པ་ལ་བརྟེན་ནས་ཇི་སྙེད་ཡོད་པ་དང་། ཇི་ལྟ་བ་བཞིན་དུ་ཡོད་པ་རྟོགས་པར་ནུས་པ་དེ་དག་གི་ཆེད་དུ་བྱ་བ་རྣམས་རྫོགས་སོ། །ད་ནི་འཇམ་དཔལ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ལ་ཉན་ འདོད་པར་གྱུར་ན་ཞེས་བྱ་བ་ནས་བརྩམས་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་འགྲོ་བའམ་འཇུག་པའི་སྐལ་བ་ཅན་མ་ཡིན་ནོ་ཞེས་བྱ་བའི་བར་དུ་ནི་དེ་ལས་གཞན་པ་གདམས་ངག་རྗེས་སུ་བསྟན་པ་ཙམ་གྱིས་བསྒྲུབ་པར་བྱ་བའི་གདུལ་བྱ་རྣམས་ཀྱི་ཆེད་དུ་བྱས་ཏེ། དཔེ་དང་ བཅས་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་རྣམ་པར་མི་རྟོག་པའི་གཟུགས་བརྙན་བསྟན་ཏོ། །དེ་ནས་དེའི་ཚེ་ལྷའི་དབང་པོ་བརྒྱ་བྱིན་དང་སུམ་ཅུ་རྩ་གསུམ་པའི་ལྷའི་བུ་རྣམས་ཀྱིས་ལྷའི་ཙན་དན་གྱི་ཕྱེ་མ་དང་ཞེས་བྱ་བ་ནས། འཆང་བའི་བར་དུ་བགྱིད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ གིས། བདག་ཅག་གི་འདི་ནི་ལྷས་བསྒྲུབས་པའོ་ཞེས་ཐེ་ཚོམ་མ་མཆིས་པར་འཚལ་བར་བགྱིའོ་ཞེས་བྱ་བའི་བར་དུ་ནི་ལུང་དང་རྟོགས་པའི་ཆོས་ཀྱི་མཚན་ཉིད་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར། ལྷ་རྣམས་ཀྱིས་བསྒྲུབས་པ་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་ གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ལ་སོགས་པས་ནི་དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར། སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པ་བསྟན་ཏེ། དེ་དག་ནི་བསྡུས་པའི་དོན་ཏོ། །ད་ནི་རྒྱས་པར་བཤད་པ་བརྩམས་ཏེ། དེ་ལ་ཆོས་སྡུད་པ་པོ་ལ་འཁོར་ རྣམས་ཀྱིས་གསོལ་བ་དང་སྡུད་པ་པོས་གླེང་བསླང་བ་ནི་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ཡིན་ནོ། །འདིར་ཡང་བདག་གིས་ཐོས་པ་ཞེས་བྱ་བ་ཡང་རྗེས་སུ་བཟླས་པ་སྟེ། སྡུད་པ་པོ་ནི་ཆོས་ཉན་པ་དང་། ཀུན་ཏུ་འཛིན་པ་དང་འཆང་བ་དང་འཆད་པར་བྱེད་པ་ཡིན་པར་འཁོར་རྣམས་ཀྱིས་ རྣམ་པ་གཞན་གྱི་སྒོ་ནས་ཁོང་དུ་ཆུད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་གསོལ་བ་འདེབས་པ་མི་རིགས་པའི་ཕྱིར་རོ། །འདི་སྐད་ཅེས་བྱ་བ་ནི་སྒྲུབ་པར་བྱེད་པ་སྟེ། དེ་ཇི་ལྟ་བུ་ཡིན་པ་མི་ཤེས་ནས། དེ་བས་ན་ཤེས་པར་འདོད་པའི་ཕྱིར་དོན་འདི་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་འདི་སྐད་ ཅེས་བྱ་བས་སྒྲུབ་པར་བྱེད་དེ། གང་བདག་གིས་ཐོས་པ་དེ་ནི་འདི་སྐད་ཡིན་གྱི་གཞན་དུ་མ་ཡིན་ཏེ། ལྷག་ཆད་སྤངས་ནས། ཇི་སྐད་ཐོས་པ་འོག་ནས་འབྱུང་བ་མཐའ་དག་རྫོགས་པར་གླེང་བསླང་བ་ཡིན་ནོ། །ཅིག་ཅར་ཐོས་པ་དང་། ཀུན་འཛིན་པ་དང་། འཆང་བ་དང་། འཆད་ པར་བསྟན་པས་ནི་བདག་ཉིད་སངས་རྒྱས་རྣམས་ལ་དགེ་བའི་རྩ་བ་བསྐྱེད་པ་ཉིད་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྗེས་སུ་གཟུང་བ་ཡིན་པར་བསྟན་ཏེ། དེ་ལྟ་མ་ཡིན་ན་དེ་ལྟ་བུར་ནུས་པ་མི་སྲིད་པའི་ཕྱིར་རོ། །དེ་ནི་བཅོམ་ལྡན་འདས་མགོན་པོ་བྱམས་པས་ཀྱང་བསྟན་ ཏེ། སངས་རྒྱས་རྣམས་ལ་བྱ་བ་བྱས་པ་དང་། །དེ་དག་རྣམས་ལ་དགེ་བའི་རྩ་བ་བསྐྲུན། །དགེ་བའི་བཤེས་གཉེན་དག་གི་མགོན་བཅས་ནི། །འདི་དག་ཉན་པའི་སྣོད་དུ་འགྱུར་བ་ཡིན། །སངས་རྒྱས་རྣམས་ལ་བསྙེན་བཀུར་ཀུན་ཏུ་འདྲི། །སྦྱིན་དང་ཚུལ་ཁྲིམས་ལ་སོགས་སྤྱོད་པ་ནི། ། ཀུན་ཏུ་འཛིན་དང་འཆང་བ་ལ་སོགས་པའི། །སྣོད་ཉིད་དམ་པ་དེ་དག་ཡིན་པར་དགོངས། །དེ་ཉིད་ཀྱི་ཕྱིར་བདག་གིས་ཞེས་བྱ་བ་གསུངས་ཏེ། གདུལ་བྱ་རྣམས་ཐེ་ཚོམ་དང་བྲལ་ནས། རབ་ཏུ་དང་བ་དང་རྣ་བ་བླགས་ཏེ་ཉན་པ་དང་། གུས་པ་ལ་སོགས་པ་བསྐྱེད་པའི་ཕྱིར་རོ། ། འཕགས་པ་དཀོན་མཆོག་སྤྲིན་ལས་ཀྱང་སྨན་པ་སྙིང་རྗེ་ཅན་བཞིན་ནོ་ཞེས་བསྟན་ཏོ། །ཐོས་པའི་ཚིག་གིས་ནི་ཡི་གེ་ལ་བརྟེན་པའི་སྒྲ་ཇི་ལྟ་བ་བཞིན་ཞལ་ནས་གསུངས་པ་ཉིད་ཡིན་པར་བལྟའོ། །དུས་གཅིག་ན་ཞེས་བྱ་བ་ལ་སོགས་པས་ནི་སྐབས་འབྱེད་པར་བྱེད་པ་རྩོམ་པ་ཡིན་ནོ། ། དུས་ནི་སྟོན་པ་ལ་སོགས་པའི་དུས་སོ། །བདུད་བཞི་བཅོམ་པས་ན་བཅོམ་ལྡན་འདས་ཏེ། ཡོན་ཏན་རིན་པོ་ཆེའི་ཕུང་པོ་མཐའ་མེད་པ་ཅན་འགྲོ་བའི་བླ་མ་ལ་བྱའོ། །བཅོམ་ལྡན་འདས་ཞེས་བྱ་བའི་ཚིག་གིས་བརྗོད་པ་ནི་རང་དང་གཞན་གྱི་དོན་དུ་ཞུགས་པའི་འཁོར་གཉི་གའི་ཡང་ ཅིག་ཆར་སྐྱབས་སུ་འོས་པ་ཉིད་ཡིན་པར་བསྟན་པའི་ཕྱིར་རོ། །རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཅོམ་ལྡན་འདས་བཞུགས་པས་ནི་གནས་དེ་མཆོད་རྟེན་དུ་གྱུར་པ་དང་མེས་འཇིག་པ་ལ་སོགས་པས་མི་ཤིགས་པར་ཡང་ བསྟན་ཏེ། ས་ཕྱོགས་དེ་ནི་སྐྱོན་ཐམས་ཅད་ལས་གྲོལ་བའི་དེ་བཞིན་གཤེགས་པའི་དབང་གིས་བྱུང་བའི་ཕྱིར་རོ། །དེ་བཞིན་གཤེགས་པའི་སྤྱོད་ལམ་བཞི་པོ་གང་ཡང་རུང་བས་བཞུགས་པའི་ས་ཕྱོགས་དེ་ནི་མེ་ལ་སོགས་པའི་འཇིག་པ་རྣམས་ཀྱིས་ཤིགས་པར་མི་འགྱུར་རོ། ། ཞེས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་བཅོམ་ལྡན་འདས་ཀྱིས་དངོས་སུ་བསྟན་པའི་ཕྱིར་རོ། །དེ་ལྟར་བྱས་ན་ཟླ་བ་སྒྲོན་མའི་མདོ་ལས། རྒྱལ་པོའི་ཁབ་ཀྱི་ཤར་ཕྱོགས་འདི་ཉིད་དུ། །སངས་རྒྱས་བྱེ་བ་སྟོང་ཕྲག་མཐོང་བ་དང་། །རྒྱལ་བ་དེ་དག་ཀུན་གྱི་དྲུང་དུ་ནི། །ཏིང་ འཛིན་ཞི་བ་མཆོག་འདི་ཞུ་བ་བགྱིས། །ཞེས་བྱ་བ་དང་། བློ་གྲོས་ཤིན་ཏུ་བརྟན་པས་ཞུས་པ་ལས་ཀྱང་། བྱམས་པ་ཆོས་ཀྱི་རྣམ་གྲངས་འདི་ནི་སངས་རྒྱས་བྱེ་བ་ཁྲག་ཁྲིག་སྟོང་ཕྲག་བདུན་ཅུ་རྩ་བཞིས་ས་ཕྱོགས་འདི་ཉིད་དུ་གསུངས་སོ། །ཞེས་བྱ་བ་དག་དང་རྗེས་སུ་མཐུན་པར་ འགྱུར་རོ། །བཞུགས་སོ་ཞེས་བྱ་བ་ནི་སྤྱོད་པ་ཁྱད་པར་ཅན་དང་ལྡན་ཞིང་ཞེས་བྱ་བའི་ཐ་ཚིག་གོ། །བཞུགས་པའི་ཚིག་གིས་ནི་ལྷ་དང་འཕགས་པ་ཚངས་པའི་གནས་པ་བསྟན་ཏེ། རྒྱལ་བྱེད་ཀྱི་ཚལ་ལ་སོགས་པ་ན་སེམས་ཅན་གྱི་དོན་མཆོག་ཏུ་མཛད་ཅིང་བཅོམ་ལྡན་འདས་དེ་ལྗོངས་ རྒྱུ་བ་བཞིན་དུ་བཞུགས་པ་ཡིན་གྱི། དུས་བཟླ་བའི་མཚན་ཉིད་ཀྱི་ཕྱིར་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་དུས་གཅིག་ན་ཞེས་གསུངས་ཏེ། གཞན་ན་ནི་ཡུལ་གཞན་དག་ན་བཞུགས་པར་བསྟན་པའི་ཕྱིར་རོ། །འདིས་ནི་བཅོམ་ལྡན་འདས་ཀྱི་རྗེས་སུ་སློབ་པ་གདུལ་ བྱ་རྣམས་ཀྱིས་ཀྱང་གནས་པ་མཆོག་གསུམ་གྱིས་གནས་པར་བྱ་བ་ཡིན་གྱི་འཇིམ་གོང་བཞིན་དུ་འདུག་པར་མི་བྱའོ་ཞེས་བསྟན་ཏོ། །གཞན་དག་ན་རེ་དུས་གཅིག་ན་ཞེས་བྱ་བ་ནི་སྔ་མ་དང་སྦྱར་བ་ཡིན་ཏེ། བདག་རང་ལ་སྐད་ཅིག་མ་གཅིག་ལ་སྣང་བ་ཡིན་ནོ་ཞེས་ཟེར་ཏེ། དེ་ནི་གཅིག་ཏུ་ངེས་ པར་དགོངས་པ་ཡོད་པ་མ་ཡིན་ཏེ། དེའི་བདག་རང་ལ་སྣང་བ་ནི་འཁོར་རྣམས་འདྲི་བར་མི་འདོད། དཔལ་གྱི་མགུར་ནས་གསུངས་པ་འདྲི་བར་བསམས་པའི་ཕྱིར་རོ། །གང་ཡང་རང་ཚད་མར་གྲུབ་པར་བྱ་བའི་ཕྱིར། ཡུལ་དང་དུས་ནི་གཏན་ཚིགས། འཁོར་ནི་དཔང་པོ་ཡིན་ ཏེ། རྩོད་པའི་དཔང་རྒྱ་དང་ཚུལ་འདྲའོ་ཞེས་སྨྲ་ན། དེ་ནི་བདག་གིས་རྟོགས་པ་མ་ཡིན་ཏེ། འདི་ལྟར་ཡུལ་ཐོག་ཐག་ཏུ་སོང་ཞིང་དཔང་ལ་དྲི་བར་བྱ་ན་ནི་དེར་འགྲོ་མི་ནུས་པ་རྣམས་ཀྱིས་མདོ་སྡེའི་དོན་གཏན་ལ་དབབ་པ་རིང་དུ་ཐོགས་པར་འགྱུར་རོ། །གང་དུ་འཁོར་གྱི་མིང་མ་བསྟན་ པ་དེར་ཡང་སུ་ལ་དྲི་བར་བྱ། ད་ནི་བསྟན་པའི་ནང་དུ་གཏོགས་པའི་འཁོར་གང་ཡིན་པའི་དབང་དུ་བྱས་ནས་དེ་ནི། དགེ་སློང་སྟོང་ཐམ་པའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདིར་ཡང་དགེ་སློང་གི་འཁོར་སྔར་བསྟན་པ་ནི་ཆུང་བ་ཡིན་ པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་འཁོར་ཕྱིས་བསྟན་པ་ནི་ཆེ་བའི་ཕྱིར་རོ། །དཔེར་ན་འགྲོ་བ་ཀུན་དང་སློབ་པ་དང་མི་སློབ་པ་དང་རང་རྒྱལ་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་པ་བཞིན་ནོ། །གཞན་དག་ན་རེ་འཁོར་རྟག་པ་ཡིན་པའི་ཕྱིར་དགེ་སློང་གི་འཁོར་སྔར་སྨོས་སོ་ ཞེས་ཟེར་རོ། །ཉོན་མོངས་པ་བཅོམ་པའི་ཕྱིར་དགེ་སློང་ངོ་། །ཉོན་མོངས་པ་ཙམ་ཟད་པར་བྱ་བའི་ཕྱིར་ཞུགས་པ་གང་ཡིན་པ་དེ་དག་ཉན་ཐོས་ཀྱི་ཐེག་པའི་ནང་དུ་གཏོགས་པ་ཡིན་གྱི། ཐེག་པ་ཆེན་པོའི་ནང་དུ་མ་གཏོགས་པ་ཡིན་ནམ། བདུན་བརྒྱ་པ་འདི་ནི་ཐེག་པ་ཆེན་པོ་ཤིན་ཏུ་ བསྡུས་པ་གཅིག་ཏུ་ངེས་པའི་དོན་མཆོག་ཏུ་ཟད་པ་འདི་ལ་བྱང་ཆུབ་སེམས་དཔའི་རིགས་ཅན་དག་ལས་གཞན་པ་ཉན་ཐོས་ལ་སོགས་པ་དག་འདིར་ཇི་ལྟར་གཏོགས། གང་གིས་ན་ཉན་ཐོས་ཀྱི་འཁོར་བསྟན་ཅེ་ན་དེ་ནི་ཉེས་པ་མེད་དེ། དོན་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉི་ཁྲི་ལྔ་ སྟོང་པ་ལས་བྱམས་པས་ཞུས་ནས་དེ་བཞིན་གཤེགས་པས་བཀའ་སྩལ་པ། སེམས་ཅན་རྣམས་ཀྱི་རིགས་ནི་གསུམ་མོ། །དེ་ལ་སེམས་ཅན་གྱི་རིགས་ཁ་ཅིག་ནི་ཐོག་མར་རྒྱ་ཆེ་བ་དམ་པ་ཚོལ་བར་བྱེད་ལ་རྒྱ་ཆེ་བ་ཉིད་ཁོང་དུ་ཆུད་པར་འགྱུར་རོ། །ཁ་ཅིག་ནི་ཐོག་མར་དམན་པ་ཚོལ་ ལ་དམན་པ་ཉིད་ཁོང་དུ་ཆུད་པའོ། །དེ་ཙམ་གྱིས་མགུ་བ་ཡང་མ་ཡིན་ཏེ། ཡང་མཆོག་རྒྱ་ཆེ་བ་ཚོལ་ཞིང་དེ་ཡང་ཁོང་དུ་ཆུད་དོ། །ཁ་ཅིག་ནི་དམན་པ་ཁོ་ན་ཚོལ་ཞིང་དམན་པ་ཁོང་དུ་ཆུད་དེ། དེ་ཙམ་གྱིས་མགུ་ནས་གང་མ་མཆོག་རྒྱ་ཆེན་པོ་ཚོལ་བར་མི་ བྱེད་པ་དེ་ནི་ཞི་བ་ཕྱོགས་གཅིག་ལ་ཞུགས་པར་བསྟན་ཏོ། །གང་དག་ཉན་ཐོས་ཀྱི་བྱང་ཆུབ་ཐོབ་ཀྱང་དེ་ཙམ་གྱིས་མགུ་བ་མ་ཡིན་གྱི་བླ་ན་མེད་པ་ཡང་དག་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་ཅིང་། ལས་དང་ཉོན་མོངས་པའི་དབང་དུ་མ་གྱུར་པར་བྱང་ཆུབ་ཏུ་ཡོངས་སུ་སྒྱུར་བར་བྱེད་ ལ། སྨོན་ལམ་གྱི་དབང་གིས་སྐྱེ་བ་གཞན་དང་གཞན་བསྒྲུབས་ཏེ། བྱང་ཆུབ་ཏུ་ཚོགས་རྫོགས་པར་བྱེད་དོ། །དེ་ཉན་ཐོས་ཀྱི་རིགས་ཅན་དུ་བསྟན་པ་ནི་ཐོག་མར་དེའི་བྱང་ཆུབ་ཚོལ་བའི་ཕྱིར་རོ། །དགོངས་པ་ངེས་པར་འགྲེལ་པ་ལས་ཀྱང་ང་ནི་རྣམ་གྲངས་ཀྱིས་དེ་དག་ བྱང་ཆུབ་སེམས་དཔའི་རིགས་ཅན་དུ་སྨྲའོ་ཞེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་ལ་སོགས་པ་ཡང་དེ་ལྟ་བུ་ཡིན་པར་བལྟའོ། །དེས་ན་དེ་དག་འདི་ཉན་པ་ལ་སོགས་པའི་སྣོད་ཉིད་ཡིན་ནོ། །བྱང་ཆུབ་ལའམ་བྱང་ཆུབ་ཉིད་སེམས་པ་ཡིན་པ་དེ་དག་ནི་བྱང་ཆུབ་སེམས་དཔའོ། ། སེམས་ཆེ་བ་ཉིད་དང་སྤོང་བ་ཆེ་བ་ཉིད་དང་རྟོགས་པ་ཆེ་བ་ཉིད་དང་ལྡན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཆེན་པོའོ། །ཕན་ཚུན་དུ་འབྲེལ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱ་བའི་ཆེད་དུ་བརྩོན་འགྲུས་ཁྱད་པར་ཅན་དང་ལྡན་པའི་ཕྱིར་གོ་ཆ་ཆེན་པོ་བགོས་པའོ། །འདི་སྐད་ བསྟན་ཏེ། སྦྱིན་པ་ལ་སོགས་པ་དྲུག་པོ་རེ་རེ་ལ་ཡང་རྣམ་པ་དྲུག་པོ་འདུས་པ་ལ་གོ་ཆའི་བརྩོན་འགྲུས་གང་ཡིན་པ་སྟེ། དེ་ནི་རྣམ་པ་དྲུག་དང་ལྡན་པ་ཇི་སྐད་དུ་བསྟན་པའོ། །ཕྱིར་མི་ལྡོག་པ་ཉིད་ཀྱིས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་བསྟན་ཏེ། གོ་ཆ་ཆེན་པོ་ཉིད་ཀྱིས་བྱེ་ བྲག་ཏུ་བྱས་པའི་ཕྱིར་རོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་མེད་པར་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཆེན་པོ་ཉིད་དུ་མི་རུང་ངོ་། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པའི་གནས་སྐབས་ཀྱི་ཕྱིར་མི་ལྡོག་པ་ལ་ནི་བྱ་བར་འོས་པ་མ་ཡིན་ནོ། །དེ་སྐད་དུ། དྲོད་དང་སྤྱི་བོ་བཟོད་པ་དང་། །ཆོས་ ཀྱི་མཆོག་ལ་གནས་པ་དག །རྟགས་ནི་རྣམ་པ་ཉི་ཤུ་འདིས། །བྱང་ཆུབ་དག་ལས་མི་ལྡོག་ཡིན། །མི་ལྡོག་པ་ཡི་རྟགས་དག་ནི། །མཐོང་བའི་ལམ་གནས་ཡིན་པར་འདོད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །སྐྱ་རེངས་ནི་མང་སྟེ་མཐོན་ཀ་དང་། སེར་པོ་དང་། དམར་ པོ་དང་ཉི་མའི་མདོག་འདྲ་ཟེར་བའོ། །འདིར་དུས་ལ་མ་བབས་པར་འོངས་པས་ན་རིངས་པ་ཡིན་པར་བརྗོད་པར་བཞེད་པའི་ཕྱིར། སྐྱ་རེངས་མཐོན་ཀ་ཡིན་པར་བལྟ་བར་བྱ་སྟེ། དེ་ནི་ཐམས་ཅད་པས་སྔར་འཆར་བའི་ཕྱིར་དང་། ཁྱད་པར་མེད་པས་ན་ཐམས་ཅད་བསྡུ་བ་བྱས་པའི་ ཕྱིར་རོ། །འདི་སྐད་བསྟན་ཏེ། ཐོག་མར་སྐར་མའི་འོད་ཉམས་ཤིང་། །ནམ་མཁའ་དག་ནི་སྔོ་སེར་མདོག །ཤར་ཕྱོགས་སུ་ནི་མདོག་སྔོའི་འོད། །མཐོན་ཀའི་སྐྱ་རེངས་ཤར་བ་ཡིན། །དེ་ཤར་བ་ནི་དེ་བྱུང་བའོ། །དེས་མཚོན་པའི་དུས་ལ་བབ་པ་ནི་ཚེ་སྟེ། དུས་དེ་ལ་བབ་པ་ན་ དེའི་ཚེ་མཚན་མོ་ཐོག་མ་རྔ་བརྡུང་བའི་དུས་སོ། །དེའི་ཕྱིར་དུས་ལས་འདས་སོ། །གནས་ནི་ནང་དུ་ཡང་དག་འཇོག་པའི་ཁང་པ་ལ་བྱ་སྟེ། དེ་ནས་བྱུང་བའོ། །ག་ལ་བ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཕོ་བྲང་མཚོན་པའོ། །དེར་ཞེས་བྱ་བ་འདིས་ཀྱང་སོང་བ་མཚོན་པར་བྱེད་དོ། ། བཅོམ་ལྡན་འདས་ཀྱི་གདན་བཤམས་པའི་ཕྱོགས་ཀྱི་ཉེ་འཁོར་དུ་འདུག་པར་འོས་པའི་གནས་ལས་ཕྱི་རོལ་ན་འདུག་པའི་ཕྱིར་ཡུལ་ལས་འདས་པའོ། །ཡུལ་དང་དུས་ལས་འདས་པ་འདི་གཉིས་ཀྱིས་བསམ་པའི་ཁྱད་པར་སྟོན་པའི་ཕྱིར་འཆད་པའི་གླེང་གཞི་ཡིན་ནོ། །དེ་བཞིན་ གཤེགས་པ་ལ་ལྟ་བ་ལ་སོགས་པ་ནི་ཇི་སྐད་དུ། རིན་པོ་ཆེའི་ཟ་མ་ཏོག་ལས་བཅོམ་ལྡན་འདས་འོད་ཀྱི་ཏོག་གིས། འཕགས་པ་འཇམ་དཔལ་ལ་བཀའ་སྩལ་པ་དང་། གང་བཅོམ་ལྡན་འདས་ཆོས་ལ་ལྟ་བ་ཤིན་ཏུ་རྣམ་པར་དག་པར་གྱུར་པ་ནི་དེ་བཞིན་གཤེགས་པ་ལ་ལྟ་བ་ ཤིན་ཏུ་རྣམ་པར་དག་པ་ཡིན་ནོ། །གང་གི་ཚེ་ལུས་ཀྱིས་མ་ཡིན་སེམས་ཀྱིས་མ་ཡིན། མི་འདུད་རབ་ཏུ་མི་འདུད་ཁེངས་པར་མ་ཡིན་གུས་པར་མ་ཡིན་པར་མི་གནས་པར་འདུག་སྟེ། བཏང་སྙོམས་ཐོབ་ཅིང་རྣམ་པར་དབེན་པའི་རིགས་ཀྱིས་སེམས་གནས་ཏེ། དྲན་པ་དང་ ལྡན་ཞིང་ཤེས་བཞིན་དུ་འདུག་པ་དེ་ནི་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་བ་ཡིན་ནོ། །གང་གི་ཚེ་བདག་ཏུ་སྒྲོ་འདོགས་པར་མི་བྱེད། སངས་རྒྱས་སུ་སྒྲོ་འདོགས་པར་མི་བྱེད། མཉམ་པ་ཉིད་ཡིན་པར་མཉམ་པར་མི་བྱེད། མི་མཉམ་པ་ཉིད་ ཡིན་པར་མི་མཉམ་པར་མི་བྱེད། རྣམ་པར་མི་བྱེད་ཀྱི། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ལྷན་ཅིག་ཏུ་ཤིན་ཏུ་གཅིག་པར་བྱེད། སངས་རྒྱས་ཀྱི་སྐུ་ཡང་ཆོས་ཀྱི་སྐུ་ཡིན་པར་རྟོགས། རང་གི་ལུས་ཀྱང་ཆོས་ཀྱི་དབྱིངས་ཀྱི་ནང་དུ་གཏོགས་པར་མཐོང་། མཐོང་བ་ རྣམས་ཀྱང་མ་ཡིན་པར་མ་མཐོང་། རྣམ་པར་མ་མཐོང་། རིང་བར་མ་ཡིན། ཉེ་བར་མ་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བྱེད་པ་ཡིན་ནོ་ཞེས་གསོལ་ཏོ། །དེ་ལྟར་ན་ལྟ་བ་ལ་སོགས་པ་དེ་དག་ནི་རྒྱུ་ཡིན་ནོ། །སེམས་ཅན་གྱི་དོན་ནི་འབྲས་བུ་སྟེ། དེ་དག་ནི་ ཕྱིས་བསྟན་པར་བྱའོ། །ཉོན་མོངས་པ་མེད་ཅིང་ཁ་ན་མ་ཐོ་བ་མེད་པའི་སྐུ་ཚེ་བསྟོད་པ་ཡིན་པའི་ཕྱིར། ཚེ་དང་ལྡན་པ་ཞེས་བྱའོ། །ཤཱ་རིའི་བུ་ལ་སོགས་པའི་ལྟ་བ་ལ་སོགས་པ་ཀུན་ལ་ཡང་སྦྱར་བར་བྱའོ། །མངོན་དུ་ཞུགས་ཏེ་མངོན་དུ་ཞུགས་ཏེ་ཞེས་རྣམ་པ་གཉིས་འབྱུང་ བ་ནི་གསལ་བ་གསལ་བ་བཞིན་པའམ། འཇམ་པོ་འཇམ་པོ་ཞེས་བྱ་བ་བཞིན་ཏེ། དེ་བཞིན་གཤེགས་པ་ལ་མངོན་དུ་ཕྱོགས་པ་འམ་བཤད་པའི་དོན་ལ་མངོན་དུ་ཕྱོགས་ཏེ་ཞུགས་པ་ནི་གནས་པའི་ཆེད་དམ་སྤྱོད་པའི་ཆེད་དུ་ཞུགས་པ་དང་གནས་སོ་ཞེས་བྱ་བའི་བར་དུ་སྟེ། ལྟ་བ་ལ་ སོགས་པ་བསྟན་ཟིན་པའི་ངོ་བོ་དེ་དག་ལ་ཇི་ལྟ་བ་བཞིན་དུ་བརྩོན་པའི་ཕྱིར་རོ། །གླེགས་བམ་ཁ་ཅིག་ལས་འདས་ཤིང་ཐལ་ཏེ་འདུས་པར་མཁྱེན་ནས་ཞེས་འབྱུང་བ་ཞེས་བྱ་བ་དེར་ཡང་ཡུལ་དང་དུས་ལས་འདས་ཏེ་ཞེས་བྱ་བར་རིག་པར་བྱའོ། །ཉན་ཐོས་ཤཱ་རིའི་བུ་ལ་སོགས་པ་དག་ ཤེས་རབ་དང་རྫུ་འཕྲུལ་ལ་སོགས་པས་ཆེན་པོ་ཡིན་ནོ། །ཡང་ན་ཉན་པས་ན་ཉན་ཐོས་ཏེ། གདུལ་བྱ་ཐམས་ཅད་དོ། །དེ་དག་ནི་མང་བའི་ཕྱིར་ཆེན་པོ་ཉིད་དོ། །འདུས་པ་ཚོགས་པར་མཁྱེན་ནས་སོ། །ཀྱང་ཞེས་བྱ་བ་ནི་གོང་དུ་བསྟན་པའི་བཅོམ་ལྡན་འདས་ཀྱི་མཛད་པ་ གསུམ་ཁོ་ནར་ཟད་པར་འདིར་ངེས་པར་གཟུང་བའི་དོན་ཡིན་གྱི། ཉི་ཁྲི་ལྔ་སྟོང་པ་ལ་སོགས་པ་ལས་ཏིང་ངེ་འཛིན་དང་རྫུ་འཕྲུལ་དང་ཆོ་འཕྲུལ་ལ་སོགས་པས་གདུལ་བྱ་རྣམས་གཟུང་བ་ལྟ་བུར་བྱས་པ་ནི་འདིར་མ་ཡིན་ཏེ། གདུལ་བྱའི་སེམས་ཀྱི་རྒྱུད་ཡོངས་སུ་སྨིན་པ་ཆུང་ངུ་དང་འབྲིང་ དང་ཆེན་པོའི་མཚན་ཉིད་ཀྱི་རྣམ་པར་ཞུགས་ཟིན་པའི་ཕྱིར་རོ། །ཡོངས་སུ་སྨིན་པའི་རྣམ་པར་ཞུགས་ཟིན་པ་དེ་ཡང་མངོན་དུ་ཞུགས་པ་མངོན་དུ་ཞུགས་པ་ཞེས་བྱ་བའི་ཚིག་གིས་བསྟན་ཏོ། །ཁ་ཅིག་གིས་ཕྱི་དང་ནང་གི་གནས་ཕྱེ་ནས། བགྲོད་པར་བྱ་བ་གཉིས་སུ་བརྟགས་ ཏེ་མངོན་དུ་ཞུགས་པ་མངོན་དུ་ཞུགས་པ་ཞེས་བྱ་བ་བྱེད་པའི་ཚིག་གཉིས་སྦྱོར་བར་བྱེད་པ་མི་རིགས་པར་མཐོང་སྟེ། སྒྲ་དང་དོན་གཉིས་མི་རིགས་པའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ་ཁྱོད་ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི་ཤཱ་རིའི་བུ་དུས་དང་ཡུལ་ལས་འདས་ཏེ། འོངས་པའི་ དགོངས་པ་བཅོམ་ལྡན་འདས་ཀྱིས་དྲིས་པ་ནི་ཐམས་ཅད་པས་ཐོག་མར་འཕགས་པ་འཇམ་དཔལ་ལ་འོངས་པ་ནི་ཤིན་ཏུ་དགོངས་པ་མཆོག་དང་ལྡན་པ་ཡོད་པར་འཁོར་རྣམས་ལ་བསྟན་པའི་ཕྱིར་རོ། །ཐམས་ཅད་ཀྱི་ཐོག་མ་ཉིད་དུ་འཇམ་དཔལ་ཞེས་བྱ་བ་ལ་སོགས་པས་ནི་འཇམ་ དཔལ་ནི་ཇི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པ་བལྟ་བ་ལ་སོགས་པ་སྟོན་པར་མཁས་པའི་ཕྱིར་དང་། ཐོག་མར་འོངས་པ་ཡང་ཡིན་པའི་ཕྱིར། ཤཱ་རིའི་བུས་ཀྱང་དེ་འཇམ་དཔལ་ལགས་སོ་ཞེས་སྨྲའོ། །མཁྱེན་བཞིན་དུ་ཞེས་བྱ་བ་ནི་རྟག་ཏུ་མཉམ་པར་གཞག་པའི་ཕྱིར་རོ། ། ཆོས་ཀྱི་སྐུ་ཐོབ་པ་དང་སངས་རྒྱས་ཉིད་དུ་ཞུགས་པའི་འཕགས་པ་འཇམ་དཔལ་ཡང་དེ་ལྟར་བརྩོན་པར་འཇུག་པ་དང་སྦྱར་ན་ངེས་པར་དགོས་པ་ཆེན་པོ་ཞིག་ཡོད་དོ་སྙམ་ནས། དེ་བཞིན་གཤེགས་པ་བལྟ་བ་ལ་སོགས་པ་ལ་འཁོར་རྣམས་ཀྱི་གུས་པ་བསྐྱེད་པའི་ཕྱིར། འཇམ་དཔལ་ ཁྱོད་དེ་བཞིན་གཤེགས་པ་ལ་བལྟ་བ་ལ་སོགས་པ་བྱ་བའི་ཕྱིར། ཐམས་ཅད་ཀྱི་ཐོག་མ་ཉིད་དུ་ཕོ་བྲང་གི་སྒོར་འདུག་ཅེས་གྲག་ན་བདེན་ནམ་ཞེས་བཀའ་སྩལ་ཏེ། དེ་ཉིད་ཀྱི་ཕྱིར་མི་སྲིད་པ་ལ་གྲག་ན་ཞེས་བྱ་བའི་སྒྲ་སྦྱོར་བར་མཛད་དོ། །ཅིའི་ཕྱིར་ཁྱོད་ཁོ་ན་ལྷག་པར་བརྩོན་པར་བྱེད་ ཅེ་ན། མ་ངོམས་པའི་སླད་དུའོ་ཞེས་བྱ་བ་ལ་སོགས་པའོ། །འདིས་ནི་ཤིན་ཏུ་དད་པ་ལ་སོགས་པ་དང་ལྡན་པ་ཉིད་བསྟན་ཏེ། འདི་ལྟར་བལྟ་བ་དང་ཕྱག་འཚལ་བ་དང་། བསྙེན་བཀུར་བྱ་བ་འང་འདོད་པ་མི་ངོམས་ཏེ་འོངས་པ་ཇི་སྐད་དུ་བསྟན་པའི་ མཚན་ཉིད་རྣམས་ཀྱིས་ནི་དད་པ་དང་བརྩོན་འགྲུས་ཤིན་ཏུ་ཆེ་བ་ཉིད་དང་ལྟ་བས་ཤེས་རབ་ཆེ་བ་ཉིད་དང་ཕྱག་འཚལ་བས་ནི་དྲན་པ་དང་ཏིང་ངེ་འཛིན་ཆེ་བ་ཉིད་དང་བསྙེན་བཀུར་བྱེད་པས་ནི་ཐམས་ཅད་ཀྱང་ཆེ་བ་ཉིད་ཡིན་པར་བསྟན་ཏོ། །བལྟ་བ་ལ་སོགས་པ་ལ་ཡང་ཅིའི་ཕྱིར་ཁྱོད་ བརྩོན་པ་ཉིད་དུ་བྱེད་ཅེ་ན། འདི་ལྟར་བདག་དེ་བཞིན་གཤེགས་པ་ལ་བལྟ་བ་ནས་བསྙེན་བཀུར་བྱ་བའི་སླད་དུ་མཆི་བ་དེ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་སླད་དུ་སྟེ་ཞེས་བྱ་བ་གསུངས་ཏེ། འདིས་ནི་བལྟ་བ་ལ་སོགས་པ་ནི་རྒྱུ་ཉིད་ཡིན་ལ། སེམས་ཅན་གྱི་དོན་དེ་ནི་དེའི་ འབྲས་བུ་ཉིད་ཡིན་པར་བསྟན་ཏེ། འདི་ལྟར་དེ་བཞིན་གཤེགས་པ་ལ་བལྟ་བ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་མ་བྱས་པར་འགའ་ཡང་སེམས་ཅན་གྱི་དོན་བྱེད་ནུས་པ་མ་ཡིན་ནོ། །དེ་དག་གིས་རིམ་གྱིས་མངོན་པར་ཤེས་པ་བསྐྱེད་པས་སེམས་ཅན་རྣམས་ཀྱི་སེམས་འཛུད་པ་ དང་དགེ་བའི་རྩ་བ་བསྐྱེད་པ་དང་ཡོངས་སུ་སྨིན་པ་ལ་སོགས་པར་བྱེད་ན། ཕན་པ་དང་བདེ་བའི་མཚན་ཉིད་ཀྱི་སེམས་ཅན་གྱི་དོན་བྱེད་ནུས་པར་འགྱུར་རོ། །དེ་ལ་ཕན་པ་ནི་ཐེག་པ་གསུམ་གྱིས་མྱ་ངན་ལས་འདས་པ་ལ་བཀོད་པའོ། །བདེ་བ་ནི་ལྷ་དང་མིའི་བདེ་བ་ལ་བཀོད་པ་ སྟེ། སྔར་ལྷ་དང་མི་ལ་བཀོད་ནས་ཕྱིས་ཐེག་པ་གསུམ་གྱིས་མྱ་ངན་ལས་འདས་པ་ལ་སྦྱོར་བར་མཛད་དོ། །དེ་ལྟར་མ་བྱས་ན་འདུ་བྱེད་ཀྱི་སྡུག་བསྔལ་དང་བྲལ་བར་མ་བྱས་པས་ཐུགས་རྗེ་མེད་ཅིང་སྦྱོར་བ་ལ་མ་ལྕོགས་པར་འགྱུར་ཏེ། འདིར་ནི་དེ་ཡོངས་སུ་སྤང་བར་བཞེད་དོ། ། དེ་ལྟར་ན་བདག་ནི་བལྟ་བས་མི་ངོམས་སོ་ཞེས་བྱ་བ་འདིས་ནི་ཆོག་པར་འཛིན་པ་དང་རྒྱུན་ཏུ་མི་སྦྱོར་བར་བྱེད་པ་ཡོངས་སུ་སྤངས་སོ། །སེམས་ཅན་རྣམས་ཀྱི་དོན་གྱི་ཆེད་དུ་དེ་བཞིན་གཤེགས་པའི་ཐད་དུ་འོངས་པས་ནི་མ་གུས་པར་བྱེད་པ་དང་ལེ་ལོ་དང་སྙིང་རྗེ་མེད་པའི་སྦྱོར་བ་ཡོངས་སུ་ སྤངས་སོ། །དེ་དག་གིས་ནི་ཀུན་རྫོབ་ཀྱི་མཚན་ཉིད་དེ་དག་ཡིན་པར་བསྟན་ཏེ། གང་ཟག་གིས་སེམས་པ་དང་། སྤྱོད་པ་ལ་སོགས་པ་ཀུན་ཏུ་བརྟགས་པ་ཡིན་པར་བསྟན་པའི་ཕྱིར་རོ། །ད་ནི་བཅོམ་ལྡན་འདས་གལ་ཏེ་དེ་བཞིན་གཤེགས་པ་ལ་བལྟ་བ་དང་ཕྱག་བགྱི་བ་དང་ ཞེས་བྱ་བ་ལ་སོགས་པས་ནི་མཐོང་བའི་ལམ་བསྟན་ཏོ། །དེ་ཡང་སྐད་ཅིག་མ་བཅུ་དྲུག་གི་བདག་ཉིད་ཡིན་ཏེ། སྐད་ཅིག་མ་དེ་དག་རིམ་གྱིས་སྟོན་པར་བྱེད་དོ། །གལ་ཏེ་ཞེས་བྱ་བ་ནི་ཇི་ལྟ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་བདག་གིས་མཐོང་བ་དང་ཞེས་བྱ་བ་ནི་རྣམ་པ་གང་གིས་ ཞེས་བྱ་སྟེ། རྣམ་པ་དེ་ཡང་ཇི་ལྟ་བུ་ཞེ་ན། དེ་བཞིན་ཉིད་ཀྱི་རྣམ་པར་ཞེས་གསུངས་ཏེ། དུས་ཐམས་ཅད་དུ་དེ་བཞིན་དུ་འདུག་པས་ན། དེ་བཞིན་ཉིད་དེ་མ་སྐྱེས་པའི་གནས་སྐབས་བཞིན་དུ་སྐྱེ་བའི་གནས་སྐབས་ཀྱང་སྨིག་རྒྱུའི་ཆུ་བཞིན་དུ་ཡོད་པ་མ་ཡིན་པའི་ཕྱིར་རོ། ། འཕགས་པ་དཀོན་མཆོག་ཟ་མ་ཏོག་ལས་ཀྱང་སྐྱེ་བ་དང་མི་སྐྱེ་བ་གཉིས་མཉམ་པ་ཉིད་ནི་དེ་བཞིན་ཉིད་དོ་ཞེས་གསུངས་ཏེ། དེ་བཞིན་ཉིད་ཀྱི་རྣམ་པ་དེའི་སྒོ་ནས། དེ་བཞིན་གཤེགས་པ་བལྟ་བར་བྱའོ། །འདིས་ནི་དེ་བཞིན་ཉིད་དང་སངས་རྒྱས་གཉིས་དང་གཞི་དང་གནས་ པ་བསྟན་ཏེ། རྣམ་པ་ནི་བལྟ་བར་བྱ་བ་ལས་གཞན་མ་ཡིན་པའི་ཕྱིར་རོ། །གཞན་ཡིན་ན་ཡང་རྣམ་པ་ཉིད་དུ་མི་རིགས་པར་འགྱུར་རོ། །གལ་ཏེ་དེ་བཞིན་གཤེགས་པ་ནི་བལྟ་བར་བྱ་བ་ཡིན་ལ། ཁྱོད་ནི་ལྟ་བར་བྱེད་པ་ཡིན་ན། གཟུང་བ་དང་འཛིན་པ་དང་ལྡན་པའི་ཕྱིར་ དེ་བཞིན་ཉིད་ཀྱི་རྣམ་པར་མཐོང་བ་མ་ཡིན་པར་འགྱུར་རོ་ཞེ་ན། དེའི་ཕྱིར་མི་དམིགས་པའི་ཚུལ་གྱིས་ཞེས་གསུངས་ཏེ། ཆོས་ཐམས་ཅད་དང་དེ་བཞིན་གཤེགས་པ་དང་བདག་ཀྱང་མི་དམིགས་པ་སྟེ། དེ་ལ་སྦྱོར་ཞིང་མཉམ་པར་འཇོག་པ་དེའི་སྒོ་ནས་སོ། །ཅི་སྟེ་ཞེ་ན། དེ་བཞིན་ གཤེགས་པའི་སྒྲ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྟོགས་པས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་དང་། དེ་བཞིན་གཤེགས་པ་ཡང་དེ་བཞིན་ཉིད་ཀྱི་རྣམ་པ་ཡིན་པའི་ཕྱིར་ལ། འཇམ་དཔལ་གྱིས་ཀྱང་དེ་ལྟར་མཐོང་བ་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་ན་ནི་མི་དམིགས་པར་སྦྱོར་ བ་འགྲུབ་པར་འགྱུར་གྱི། གཞན་དུ་དམིགས་པ་ཡོད་ན་ནི་མ་ཡིན་ནོ། །འདི་ལྟར་དེ་བཞིན་གཤེགས་པ་མཐོང་བ་ཡིན། ཅིའི་ཕྱིར་གཞན་དུ་མཐོང་བ་ཡིན་ཞེ་ན། དེ་རྗེས་སུ་དྲན་པའི་དབང་གིས་དེ་བཞིན་གཤེགས་པ་མཐོང་བ་ཡིན་ནོ། །དེ་ ཉིད་ཀྱི་ཕྱིར་དྲན་པ་ནི་མཐོང་བའི་བྱང་ཆུབ་ཀྱི་གནས་ཀྱི་ཡན་ལག་ཏུ་གསུངས་སོ། །མ་མཐོང་བ་ཡང་མ་ཡིན་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཡོད་པའི་ཕྱིར་རོ། །གཟུགས་ཀྱི་སྐུར་ཅིའི་ཕྱིར་དེ་བཞིན་གཤེགས་པ་བལྟ་བར་མི་བྱ་སྟེ། དེ་ནི་འདི་ལྟར་ཡུམ་གྱི་ལྷུམས་སུ་ བལྟམས་པ་དང་། ཚལ་ལུམ་བིར་སྐྱེས་པ་དང་། བྱང་ཆུབ་ཆེན་པོར་དེ་བཞིན་གཤེགས་པར་གྱུར་པ་ཡིན་ཏེ། དེར་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར་རོ་ཞེ་ན། སྤྲོས་པའི་དྲ་བ་འདི་ཐམས་ཅད་དྲི་ཟའི་གྲོང་ཁྱེར་བཞིན་དུ་བརྫུན་པ་ཡིན་པའི་ཕྱིར་རྣམ་པ་དེ་དག་གིས། དེ་ བཞིན་གཤེགས་པ་མཐོང་བ་ནི་ཡང་དག་པ་མཐོང་བ་མ་ཡིན་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པ་ལ་མི་སྐྱེ་བའི་རྣམ་པར་བལྟ་བ་ནས། དངོས་པོ་མ་མཆིས་པའི་རྣམ་པའི་བར་དུ་ཞེས་གསུངས་སོ། །བར་དུ་ཞེས་བྱ་བའི་སྒྲ་ནི་སྐྱེ་བ་མ་མཆིས་པའི་རྣམ་པ་དང་། དངོས་པོ་ མ་མཆིས་པའི་རྣམ་པར་དེ་བཞིན་གཤེགས་པ་ལ་བལྟ་བར་བགྱིའོ་ཞེས་སྦྱར་རོ། །རྣམ་པ་དེ་དག་གིས་བལྟས་ན། ཇི་ལྟར་དེ་བཞིན་གཤེགས་པ་ཇི་ལྟ་བ་བཞིན་དུ་མཐོང་བ་ཡིན་ཞེ་ན། འདིར་བཤད་པ་འབྲས་བུ་སྐྱེ་ན། རྒྱུ་དང་དུས་མཉམ་པར་སྐྱེའམ་དུས་ཐ་དད་པ་ཡིན། དུས་མཉམ་པ་ཡིན་ན་ནི་ཀུན་ཅིག་ཅར་དམིགས་པར་འགྱུར་བ་དང་རྒྱུ་དང་འབྲས་བུ་དབྱེར་མེད་པ་དང་། བསྐལ་པ་ཡང་སྐད་ཅིག་གཅིག་ཏུ་འགྱུར་རོ། །དུས་ཐ་དད་ན་ཡང་ནུས་པ་མེད་པའི་ཕྱིར་རྒྱུ་མེད་པ་ཉིད་དུ་འགྱུར་རོ། །རྒྱུ་མེད་པ་ཡིན་ན་ནི་ལྟོས་པ་མེད་པའི་ཕྱིར། རྟག་ཏུ་ ཡོད་པ་འམ་མེད་པར་ཐལ་བར་འགྱུར་རོ། །དེ་བས་ན་དོན་དམ་པར་སྐྱེ་བ་ཞེས་བྱ་བ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །དེ་ལྟར་གཟུགས་སུ་དེ་བཞིན་གཤེགས་པ་བལྟ་བར་བྱ་བ་མ་ཡིན་པར་བསྟན་ནས། མཚན་དུ་བལྟ་བར་བྱ་བ་མ་ཡིན། དཔེ་བྱད་དུ་ཡང་མ་ཡིན་ནོ་ཞེས་ བསྟན་པའི་ཕྱིར། དེ་བཞིན་ཉིད་ལ་ཀུན་ནས་འབྱུང་བ་མ་མཆིས་ཏེ། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཟུགས་ཀྱི་སྐུར་དེ་བཞིན་གཤེགས་པ་བལྟ་བ་མ་ཡིན་ན། འོ་ན་ལོངས་སྤྱོད་རྫོགས་པའི་སྐུ་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ ལྡན་པ་ཕ་རོལ་ཏུ་ཕྱིན་པ་དང་ཚད་མེད་པ་ལ་སོགས་པ་ཐེག་པ་ཆེན་པོའི་འབྲས་བུ་ལ་ལོངས་སྤྱོད་པའི་མཚན་ཉིད་ཐུན་མོང་མ་ཡིན་པ་ཐམས་ཅད་དུ་ཁྱད་པར་དུ་གྱུར་པས་བསགས་པའི་གནས་སྐབས་དེ་བཞིན་གཤེགས་པ་ཡིན་པར་ལྟ་མོད། དེ་སྐད་དུ་མགོན་པོ་བྱམས་པས་ཀྱང་། ཐུབ་པའི་སུམ་ཅུ་རྩ་གཉིས་མཚན། །དཔེ་བྱད་བཟང་པོ་བརྒྱད་ཅུའི་བདག །ཐེག་ཆེན་ལོངས་སྤྱོད་རྫོགས་པས་ན། །འདི་ནི་ལོངས་སྤྱོད་རྫོགས་སྐུར་བཞེད། །གང་དང་གང་གི་འདིར་རྒྱུ་གང་། །མཚན་ཉིད་དག་ནི་སྒྲུབ་བྱེད་པ། །དེ་དང་དེ་ནི་རབ་རྒྱས་པ། །ཀུན་ནས་ འབྱུང་བའི་མཚན་ཉིད་ཡིན། །ཞེས་གསུངས་སོ་ཞེ་ན། དེ་ཡང་ཡོད་པ་ཡིན་ཏེ། འདི་ལྟར་སྐྱེ་བོ་བླ་མའི་དྲུང་དུ་འགྲོ་བ་དང་སྡོམ་པ་བླང་བ་དང་། དངོས་པོ་བཟང་པོ་སྦྱིན་པ་དང་། །བསད་པ་ལས་ཐར་བར་བྱེད་པ་དང་། ཡིད་དམ་ལེན་པ་དང་། དགེ་བ་སྤེལ་བ་ལ་སོགས་པ་རང་ ཇི་ལྟ་བ་བཞིན་དུ་ཕྱག་དང་ཞབས་འཁོར་ལོ་ལ་སོགས་པའི་མཚན་དང་། སེན་མོའི་མདོག་སྣུམ་པ་ལ་སོགས་པ་དཔེ་བྱད་བཟང་པོ་སྒྲུབ་པར་བྱེད་པའི་ལས་རྣམས་ཀུན་ནས་འབྱུང་བ་མ་ཡིན་ནོ། །དེ་མེད་པའི་ཕྱིར་དེའི་འབྲས་བུ་མཚན་དང་དཔེ་བྱད་རྣམས་ཀྱང་འབྱུང་བ་མ་ཡིན་ནོ། །དེས་ ན་དེ་དག་གི་སྐུ་ཡང་དེ་དག་གིས་ཁྱད་པར་དུ་གྱུར་པའི་ངོ་བོར་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་དེ་བཞིན་ཉིད་ལ་ཀུན་ནས་འབྱུང་བ་མ་མཆིས་ཏེ་ཞེས་གསུངས་ཏེ། འདིས་ནི་འབྱུང་བའི་རྒྱུ་བཀག་གོ། །དེ་བཞིན་ཉིད་ནི་འབྱུང་བའང་མ་ལགས་ཞེས་བྱ་བ་འདིས་ནི་མཚན་དང་དཔེ་བྱད་འབྱུང་ བ་བཀག་གོ། །ཁྱད་པར་ཡང་མ་ལགས་ཏེ་ཞེས་བྱ་བ་འདིས་ནི་མཚན་དང་དཔེ་བྱད་མེད་པའི་ཕྱིར་དེས་ཁྱད་པར་ཅན་དུ་གྱུར་པ་ལོངས་སྤྱོད་རྫོགས་པའི་སྐུ་བཀག་གོ། །འོ་ན་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་ཐུན་མོང་མ་ཡིན་པའི་ཆོས་རྣམས་སུ་དེ་བཞིན་གཤེགས་པ་ལ་བལྟ་བར་བྱ་ མོད་ཅེ་ན། དེ་ཡང་མི་རུང་བར་ཡུལ་ན་མི་གནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡུལ་ནི་ཚུལ་ཁྲིམས་ལ་སོགས་པའི་ཕུང་པོའི་སྤྱི་ལ་བྱའོ། །ཕྱོགས་ནི་དེའི་ཆ་ཤས་ཏེ། བག་ཆགས་ཀྱིས་མཚམས་སྦྱོར་བ་སྤངས་པའི་མཚན་ཉིད་ཤིན་ཏུ་རྣམ་ པར་དག་པ་མཐར་ཕྱིན་པའི་བདག་ཉིད་ལ་བྱའོ། །གནས་པ་ནི་དེ་ཉིད་ལ་སློབ་པ་སྟེ། ཐ་དད་པ་དེ་དག་དེ་བཞིན་ཉིད་ལ་མེད་པས་ན། ཡུལ་ན་མི་གནས་ཕྱོགས་ན་མི་གནས་པ་ཡིན་ནོ། །འདས་པ་ལ་སོགས་པ་བཀག་པས་སྔོན་གྱི་མཐའ་དང་། མ་འོངས་པའི་མཐའ་དང་། ད་ལྟར་ བྱུང་བའི་སྤྱོད་པ་རྣམ་པར་དག་པ་རྣམས་བརྩལ་ཏོ། །གཉིས་ཀྱིས་རབ་ཏུ་ཕྱེ་བ་ཞེས་བྱ་བ་ལ་གཉིས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་མཚན་ཉིད་དོ། །དེས་རབ་ཏུ་ཕྱེ་བ་ནི་དེ་ལས་སྐྱེས་པ་དང་། དེ་ལས་བྱུང་བ་ཞེས་བྱ་བའི་བར་དུ་ཡིན་ན་དེ་བཞིན་ཉིད་ནི་དེ་ལྟ་བུ་མ་ཡིན་ནོ། ། གཉིས་སུ་མ་མཆིས་པ་ནི་འདུས་མ་བྱས་སྟོང་པ་ཉིད་ལ་སོགས་པ་ཡིན་ན་དེས་རབ་ཏུ་ཕྱེ་བ་ཡང་མ་ཡིན་ནོ། །གང་གི་ཕྱིར་གཉིས་སུ་མེད་པས་རབ་ཏུ་ཕྱེ་བ་མ་ཡིན་པ་དེ་ཉིད་ཀྱི་ཕྱིར། དེ་བཞིན་ཉིད་ལ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་དག་པ་ལ་སོགས་པ་མེད་པས་ན་དེ་བཞིན་ཉིད་ ནི་ཀུན་ནས་ཉོན་མོངས་པར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་བྱང་བའི་ཆོས་རྣམས་མི་སྐྱེ་བ་དང་ཀུན་ནས་ཉོན་མོངས་པ་རྣམས་མི་འགག་པ་དེའི་ཕྱིར། དེ་བཞིན་ཉིད་ནི་མི་སྐྱེ་མི་འགག་པ་སྟེ་ཞེས་གསུངས་སོ། །དེ་ལྟར་ལྟ་བ་ནི་སྤྲོས་པའི་ཚོགས་འདི་ཐམས་ ཅད་དེ་བཞིན་ཉིད་ལ་མེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་བྱས་ན་ཉི་ཁྲི་ལྔ་སྟོང་པ་དང་། རྡོ་རྗེ་གཅོད་པ་དང་། སྒོ་མཐའ་ཡས་པ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་བལྟ་བ་དང་། རྗེས་སུ་དྲན་པ་བསྟན་པ་དང་རྗེས་སུ་མཐུན་པར་འགྱུར་རོ། །ཟླ་བ་སྒྲོན་མ་ ལས་ཀྱང་། གཟུགས་སུ་མ་ཡིན་མཚན་ཉིད་ཆོས་མིན་པར། །རྒྱལ་བའི་སྲས་འདི་སངས་རྒྱས་རྗེས་སུ་དྲན། །གང་དུ་སེམས་མེད་འགྲོ་ཞིང་རྒྱུ་བ་མེད། །དེ་ལྟར་དེ་ནི་སངས་རྒྱས་རྗེས་སུ་དྲན། །ཞེས་གསུངས་སོ། །བཅོམ་ལྡན་འདས་ཀྱིས་མདོ་སྡེ་ནི་མདོ་སྡེ་གཞན་གྱི་རྗེས་སུ་ འབྲངས་ཏེ། ཁོང་དུ་ཆུད་པར་བྱའོ་ཞེས་གསུངས་སོ། །དེ་ལྟ་ན་དེ་བཞིན་གཤེགས་པ་མཐོང་བ་དང་ཞེས་བྱ་བ་ནི་བསྟན་པའི་རྣམ་པ་བཞིན་དུ་དེ་བཞིན་གཤེགས་པ་ལྟ་ན་ཡིན་གྱི། དེ་ལས་གཞན་དུ་ལྟ་ན་མ་ཡིན་ནོ་ཞེས་ངེས་པར་གཟུང་བར་བྱའོ། །འདི་དག་གིས་ནི་རང་གི་འདོད་ པ་དམ་བཅས་པ་བསྒྲུབས་པ་ཡིན་ནོ། །འདི་ཙམ་གྱིས་ཁ་ཅིག་ལ་གསལ་བར་མི་འགྱུར་བས་ན་དེ་བས་ན་མ་ལུས་པར་ཁོང་དུ་ཆུད་པར་བྱ་བའི་ཆེད་དུ་འཇམ་དཔལ་ཁྱོད་ཀྱིས་དེ་ལྟར་བལྟས་ན་ཇི་ཞིག་མཐོང་ཞེས་དྲིས་སོ། །དྲིས་པ་རྟོགས་པར་བྱ་བའི་ཆེད་དུ། བཅོམ་ལྡན་འདས་བདག་ གིས་དེ་ལྟར་བལྟས་ན་ཅི་ཡང་མཐོང་བ་མ་མཆིས་སོ་ཞེས་གསུངས་སོ། །དེ་ཉིད་ཇི་ལྟ་བུ་ཡིན་ཞེ་ན་དེའི་ཕྱིར། བདག་གིས་ཆོས་གང་ལ་ཡང་སྐྱེ་བ་ཡང་མ་མཐོང་ཞེས་གསུངས་ཏེ། མ་སྐྱེས་པ་མཐོང་བར་མི་རིགས་པའི་ཕྱིར་རོ། །མ་མཐོང་བ་ནི་དེ་བཞིན་གཤེགས་པའི་མཐོང་ བ་ཡིན་ནོ་ཞེས་བྱ་བར་གནས་སོ། །ད་ནི་རྣམ་གྲངས་ཀྱིས་ཞལ་གྱིས་བཞེས་པ་སྟོན་ཏེ། དེ་ལྟར་བལྟ་བ་དང་བསྙེན་བཀུར་བྱེད་པའི་ངང་ཚུལ་ཅན་དག་སེམས་ཅན་དུ་དམིགས་པ་དང་། མངོན་པར་ཞེན་པ་དང་བྲལ་བ་ཡིན་ན་བྱམས་པ་ཆེན་པོ་ཉེ་བར་གནས་ཏེ། སེམས་ཅན་ ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བའི་གོ་ཆ་དག་འགལ་བའི་ཕྱིར་མི་འཐད་པར་སྟོན་པ་ནི་འཇམ་དཔལ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལ། དེ་ལྟར་མཐོང་བ་དང་དེ་ལྟར་བསྙེན་བཀུར་བྱས་པ་ཞེས་བྱ་བ་ནས། གོ་ཆ་ཆེན་པོ་བགོས་པ་དེ་ནི་ཁྱོད་དཀའ་བ་བྱེད་པའོ་ཞེས་བྱ་བའི་བར་ དུ་གསུངས་ཏེ། ཕན་ཚུན་འགལ་ཞིང་མི་རིགས་པའི་དོན་ལ་རྗེས་སུ་བརྩོན་པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །སེམས་ཅན་ཐམས་ཅད་ལ་ཞེས་བྱ་བ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་མཚན་ཉིད་ལའོ། །བྱམས་པ་ཆེན་པོ་ཞེས་བྱ་བ་ནི་མི་དམིགས་པ་ཉིད་ཡིན་གྱི་སེམས་ཅན་ དང་ཆོས་ལ་དམིགས་པ་གཉིས་ནི་ཆེན་པོ་ཉིད་དུ་མི་འཐད་པའི་ཕྱིར་ཏེ། མཚན་མ་མ་སྤངས་པའི་ཕྱིར་དང་རྩོལ་བ་ཡོད་པའི་ཕྱིར་དང་དབང་རྣམས་མ་ཐོབ་པའི་ཕྱིར་རོ། །ས་བརྒྱད་པ་ལ་སོགས་པ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ལ་ནི་བྱམས་པ་ཆེན་པོ་ལྷུན་གྱིས་གྲུབ་པར་འབྱུང་བ་ རྣམ་པར་སྨིན་པ་ལས་སྐྱེས་པ་གནས་པ་འབྱུང་བར་འགྱུར་རོ། །ཅི་ཡང་མེད་ཅིང་ཞེས་བྱ་བ་ནི་སེམས་ཅན་ལ་དམིགས་པ་དང་ཆོས་ལ་དམིགས་པ་དག་གིས་སེམས་ཅན་དུ་དམིགས་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །སེམས་ཅན་དུ་མངོན་པར་ཞེན་ པ་ཅི་ཡང་མེད་ཅིང་ཞེས་བྱ་བ་ནི་མི་དམིགས་པ་དང་མངོན་པར་ཞེན་པ་མེད་པ་གཉིས་ཀྱིས་མཐོང་བས་སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བར་ཇི་ལྟར་རང་གི་རྣམ་པར་རྟོག་པ་སྤངས་པར་བསྟན་ཏོ། །བྱམས་པ་བསྒྲུབ་པའི་ཕྱིར་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་ བའི་ཕྱིར་ཞུགས་ཀྱང་ཞེས་གསུངས་ཏེ། ཐེག་པ་གསུམ་གྱི་མྱ་ངན་ལས་འདས་པ་ནི་གཏན་དུ་ཞི་བ་བདེ་བ་ཡིན་ཏེ། དེ་ཉིད་བསྒྲུབ་པའི་ཆེད་དུ་ལྷ་དང་མིའི་བདེ་བ་ལ་དགོད་པར་མཛད་དོ། །སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་དོན་དུ་ཞེས་བྱ་བའི་ཐ་ཚིག་ གོ། །གོ་ཆ་ནི་སྔར་བསྟན་ཟིན་ཏོ། །ཁྱོད་མི་དམིགས་པའི་ཚུལ་དང་ཞེས་བྱ་བ་ལ་སོགས་པས་ནི་མི་འཐད་པ་ཉིད་སྨོས་པར་བྱེད་དོ། །དེ་ཉིད་ཀྱི་ཕྱིར་འགལ་བ་བསྟན་པའི་ཕྱིར་ཐམས་ཅད་དུ་ཀྱང་གི་སྒྲ་སྨོས་སོ། །འཕགས་པ་འཇམ་དཔལ་གྱིས་ཀྱང་རྣམ་གྲངས་ཀྱིས་མི་འགལ་བ་འཐད་པ་ ཞལ་གྱིས་བཞེས་པའི་ཕྱིར། ཇི་སྐད་སྨྲས་པ་དེ་དེ་བཞིན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་རྟོག་པ་ཡོད་ན་ནི་གལ་ཏེ་སེམས་ཅན་མི་དམིགས་ན། ཇི་ལྟར་དེ་དག་ལ་བདེ་བ་ཉེ་བར་བསྒྲུབ་པའི་མཚན་ཉིད་བྱམས་པ་ལ་ཉེ་བར་གནས་པར་བྱེད་ཅེས་བྱ་བའི་སྐྱོན་འདིར་ འགྱུར་གྱི། གང་གི་ཚེ་ལྷུན་གྱིས་གྲུབ་པར་འབྱུང་བ་དམིགས་པ་མེད་པའི་ཞི་གནས་དང་། ལྷག་མཐོང་སྐྱེས་པ་དེའི་ཚེ་ཇི་ལྟར་གོམས་པ་བཞིན་དུ་ལྷུན་གྱིས་གྲུབ་པ་ཟག་པ་མེད་པའི་ཆོས་ཐམས་ཅད་འབྱུང་བར་འགྱུར་རོ། །དེ་བས་ན་བྱམས་པ་ཆེན་པོ་དང་སེམས་ཅན་མྱ་ངན་ལས་ འདའ་བའི་གོ་ཆ་དང་སེམས་ཅན་མི་དམིགས་པ་དང་མངོན་པར་ཞེན་པ་མེད་པ་རྣམས་ཅུང་ཟད་ཀྱང་འགལ་བ་འམ་མི་འཐད་པ་མེད་དོ། །དེ་ལྟར་ན་ཆོས་ཀྱི་དབྱིངས་རྟོགས་པའི་བདག་ཉིད་མཐོང་བའི་ལམ་ལ་ཡང་ཅུང་ཟད་ཀྱང་སྐྱོན་མེད་དོ་ཞེས་རྣམ་གྲངས་ཀྱིས་ཁས་བླངས་པ་བསྟན་ཏོ། ། ད་ནི་ཆེན་པོ་ཉིད་བསྟན་པའི་ཕྱིར། གོ་ཆ་དེ་ནི་ཇི་ལྟར་བདག་གིས་སེམས་ཅན་གྱི་ཁམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་གོ་ཆ་བགོས་ཏེ། སེམས་ཅན་གྱི་ཁམས་སེམས་ཅན་གྱི་རིགས་འཁོར་བར་གཏོགས་པ་རྣམས། བྲི་བ་འམ་མྱ་ངན་ལས་འདས་པ་གནས་པ་ རྣམས་གང་བར་བྱ་ཞེས་བྱ་བའི་སེམས་ཅན་གྱི་ཁམས་ཉིད་དམིགས་སུ་མེད་པའི་ཕྱིར། བྲི་བ་ཉིད་དང་གང་བ་ཉིད་ཡོད་པ་མ་ཡིན་ནོ། །ཡོངས་སུ་བརྟག་པ་བཟུང་སྟེ། གལ་ཏེ་ཞེས་བྱ་བ་ལ་སོགས་པས་ནི་དེ་ཉིད་སྟོན་པར་བྱེད་དེ། དེ་ནི་གསལ་བ་ཡིན་ནོ། །རྣམ་པ་འདི་དག་ཙམ་ གྱིས་ཅིའི་ཕྱིར་བྲི་བ་མེད་པ་ཉིད་དང་གང་བ་ཉིད་དུ་མི་མངོན་ཞེ་ན། འདིར་གཏན་ཚིགས་ནི་སེམས་ཅན་དབེན་པ་དང་ཞེས་གསུངས་ཏེ། སེམས་ཅན་སྟོང་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་བཞིན་ཉིད་ལ་སེམས་ཅན་འགའ་ཡང་དམིགས་སུ་མེད་དོ། །དེ་ཉིད་ཀྱང་ཅིའི་ཕྱིར་ ཞེ་ན། སེམས་ཅན་སེམས་ཅན་མ་ཡིན་པའི་ཕྱིར་ཏེ་ཞེས་གསུངས་ཏེ། སེམས་ཅན་གྱི་མཚན་ཉིད་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་དང་བདག་ལ་སོགས་པ་གཞན་ཡང་རུང་བ་མེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ནམ་མཁའ་བཞིན་དུ་ཆེ་བ་ཉིད་བསྟན་ཟིན་ཏོ། །ད་ནི་འོ་ ན་ནི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཞེས་བྱ་བ་ལ་སོགས་པས་མཐའ་མེད་པ་ཉིད་འདྲི་བར་བྱེད་དོ། །དེ་ནི་ཞེས་བྱ་བ་ནི་སེམས་ཅན་མེད་ན་ཞེས་བྱ་བ་ཡིན་ཏེ། ཆོས་ཉན་པ་མེད་པས་ཆོས་སྟོན་པ་མི་འཐད་ན། སངས་རྒྱས་ཀྱི་མཛད་པ་ཡོད་པ་མ་ཡིན་པས་བླ་ན་མེད་ པ་ཡང་དག་པར་རྫོགས་པར་བྱང་ཆུབ་པ་དོན་མེད་པར་འགྱུར་རོ་ཞེ་ན། ལན་ནི་གང་གི་ཚེ་སེམས་ཅན་ཤིན་ཏུ་མི་དམིགས་པ་དེའི་ཚེ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། གང་གི་ཚེ་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་ད་ལྟར་གྱི་དངོས་པོ་མེད་པས་སེམས་ཅན་མི་དམིགས་པ་དེའི་ཚེ། འདིར་སུ་ཞིག་མངོན་པར་རྫོགས་པར་འཚང་རྒྱ་སུ་ལ་ཆོས་བསྟན་པར་བྱ་སྟེ། མངོན་པར་རྫོགས་པར་འཚང་རྒྱ་བ་དང་། ཆོས་འཆད་པ་དང་ཉན་པ་གང་ཡང་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་ཅིའི་ཕྱིར་ན། སེམས་ཅན་དེ་དག་ཤིན་ཏུ་དམིགས་སུ་མེད་ པ་ཡིན། གང་གིས་ན་མངོན་པར་རྫོགས་པར་འཚང་རྒྱ་བ་ལ་སོགས་པ་འགའ་ཡང་མེད་ཅེ་ན། དེའི་ཕྱིར་འདི་ལྟར་ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །འདིས་ནི་གཏན་ཚིགས་བསྟན་ཏེ། གཟུགས་ལ་སོགས་པའི་ཆོས་དེ་དག་ ཐམས་ཅད་སྔོན་གྱི་མཐའ་ལ་སོགས་པ་མེད་པའི་ཕྱིར། ཤིན་ཏུ་མི་དམིགས་པ་ཡིན་ནོ། །མཐའ་མེད་པ་བསྟན་ཟིན་ཏོ། །ད་ནི་འཇམ་དཔལ་གང་གི་ཚེ་ཆོས་ཐམས་ཅད་ཤིན་ཏུ་མི་དམིགས་པ་ཞེས་བྱ་བ་ལ་སོགས་པས་དཔག་ཏུ་མེད་པ་ཉིད་འདྲིའོ། །དེའི་ཚེ་ཞེས་བྱ་བས་ནི་ འདས་མ་ཐག་པར་ཆོས་ཐམས་ཅད་མི་དམིགས་པ་དེའི་ཚེ་ཞེས་སྟོན་ཏོ། །ཅི་ཞེས་བྱ་བ་ནི་གཏན་ཚིགས་ཅི་ཞེ་འམ། ཅི་ཞེས་འདྲི་བ་ཙམ་ཡིན་ནོ། །ད་ནི་ཞེས་བྱ་བ་ནི་སེམས་ཅན་དཔག་ཏུ་ཡོད་པ་འདྲི་བའི་ཚེའོ། །སེམས་ཅན་དུ་ཡང་འདོགས་སམ་ཞེས་བྱ་བ་ནི་རྣམ་པར་འཇོག་ གམ་ཞེས་འདིར་ཚིག་ཟུར་དུ་འདོད་དོ། །ཡང་གལ་ཏེ་ཞེས་བྱ་བ་ནི་ཅི་སྟེ་ཞེས་བྱ་བའི་དོན་ཏོ། །འགའ་ཞིག་ཅེས་བྱ་བ་ནི་སེམས་ཅན་དཔག་ཏུ་མེད་པ་ཤེས་པར་འདོད་པའོ། །གང་དག་ཡིན་ཞེས་བྱ་བ་ནི་སེམས་ཅན་དུ་དཔག་ཏུ་ཡོད་པ་གང་ཞེས་བྱ་བའོ། །དེ་སྐད་འདྲི་ན་དེ་ ལ་ཁྱོད་ཀྱིས་ཇི་སྐད་བྱ་ཞེས་བྱ་བ་ནི་གལ་ཏེ་ཕུང་པོ་ལ་སོགས་པའི་ཆོས་ཙམ་དུ་ཟད་དོ། །སེམས་ཅན་གདགས་སུ་མེད་ན་ཞེས་དགོངས་སོ། །ལན་དུ་དེ་སྐད་འདྲི་བ་དེ་ལ་བདག་གིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སངས་རྒྱས་ཀྱི་ཆོས་གང་དག་ཡིན་ཞེས་བྱ་བ་འདིས་ ནི་ནམ་མཁའ་བཞིན་དུ་སེམས་ཅན་དཔག་ཏུ་མེད་པར་བསྟན་ཏེ། ནམ་མཁའ་བཞིན་དུ་སངས་རྒྱས་ཀྱི་ཆོས་རྣམས་དཔག་ཏུ་མེད་པའི་ཕྱིར་རོ། །དེ་སྐད་དུ་ཡང་ཉི་ཁྲི་ལྔ་སྟོང་པ་ལ་སོགས་པ་ལས་དཔག་ཏུ་མེད་པ་ཉིད་དུ་བསྟན་ཏེ། ནམ་མཁའ་དཔག་ཏུ་མེད་པས་ན་གཟུགས་ དཔག་ཏུ་མེད་དོ། །གཟུགས་དཔག་ཏུ་མེད་པས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དཔག་ཏུ་མེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལས་གཞན་པར་དཔག་པ་ཡང་བཀག་པའི་ཕྱིར་རོ། །ཇི་སྐད་དུ་དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་པ་གསང་བའི་མདོ་ལས། མི་རྣམས་གང་ཞིག་སངས་རྒྱས་ཆོས། །ནམ་མཁའ་འདྲ་བའི་བདག་ཉིད་ལ། ཕ་མཐའ་རྟོགས་པར་འདོད་པ་ནི། །དེ་ནི་འགྲུབ་པར་མི་འགྱུར་རོ། །སངས་རྒྱས་དང་ནི་ཆོས་རྣམས་ཀྱི། །དཔེར་ནི་ཇི་ཙམ་འགའ་བྱེད་པ། །སངས་རྒྱས་དག་དང་དེ་མི་མཐུན། །དེ་དག་ རྒྱལ་བ་སྨོས་པར་བྱེད། །སངས་རྒྱས་ཆོས་དང་མཉམ་པ་གང་། །དཔེ་ནི་དེ་ལ་གཅིག་ཡོད་པ། །ནམ་མཁའི་ཁམས་སུ་བསྟན་པ་སྟེ། །དེ་ཡི་ཚད་ནི་གང་ནའང་མེད། །ནམ་མཁའི་ཁམས་ནི་ཇི་ཙམ་པར། །རྒྱལ་བའི་ཚུལ་ཁྲིམས་དེ་ཙམ་ཡིན། །བསམ་གཏན་ཤེས་རབ་ ཡེ་ཤེས་དང་། །རྣམ་གྲོལ་ཡེ་ཤེས་མཐོང་བ་དང་། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གལ་ཏེ་དེ་ལྟ་ན་ཉི་ཁྲི་ལྔ་སྟོང་པ་ལ་སོགས་པ་བཞིན་དུ་འདིར་ཡང་ནམ་མཁའ་བཞིན་དུ་སེམས་ཅན་དཔག་ཏུ་མེད་པ་ཡིན་ཞེས་ཅིའི་ཕྱིར་མ་གསུངས། གཞན་དུ་ཅི་དགོས་ཤེ་ན། འདི་ཡང་གསལ་བ་ཁོ་ན་ཡིན་ཏེ། ཉི་ཁྲི་ལྔ་སྟོང་པར་ནི་རྒྱས་པར་བསྟན་ལ། འདིར་ནི་མདོར་བསྟན་ཏེ། ཚིག་ཉུང་ཡང་དོན་མང་བ་ཡིན་ནོ། །དེ་ལྟར་བསྟན་པའི་དགོངས་པ་ནི་འདི་ཡིན་ཏེ། སེམས་ཅན་དཔག་ཏུ་མེད་པ་ལ་དམིགས་པའི་བྱང་ཆུབ་ཀྱི་སེམས་དང་། ཚད་མེད་ པ་ལ་སོགས་པ་རྒྱུ་ནམ་མཁའ་བཞིན་པ་ལས་སངས་རྒྱས་ཀྱི་ཆོས་འབྲས་བུར་གྱུར་པ་རྣམས་དེ་ཙམ་ཁོ་ནར་མངོན་པར་གྲུབ་པ་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཕྱིར་རོ། །དཔག་ཏུ་མེད་པ་བསྟན་ཟིན་ཏོ། །ད་ནི་ཚད་མེད་པ་བརྗོད་པར་བྱ་བ་ནི་སེམས་ཅན་གྱི་ཁམས་ཀྱི་ཚད་ཇི་ཙམ་ ཞེས་འདྲི་ན་ཞེས་བྱ་བ་ཡིན་ནོ། །སངས་རྒྱས་ཀྱི་ཡུལ་གྱི་ཚད་ཇི་ཙམ་པ་དེ་ཙམ་མོ་ཞེས་བགྱིའོ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཡུལ་ནི་རྣམ་པ་ལྔའི་བདག་ཉིད་དེ། དེ་ཡང་སོ་སོར་ཡོངས་སུ་མ་ཆད་ཅིང་ཚད་མེད་པ་ཡིན་ནོ། །དེ་བས་ན་སེམས་ཅན་གྱི་ཁམས་ཚད་མེད་པ་ཡིན་ནོ་ཞེས་ གསུངས་སོ། །ཁམས་ལྔ་གང་ཞེ་ན། སེམས་ཅན་གྱི་ཁམས་རྣམ་པ་ཐམས་ཅད་དང་། འཇིག་རྟེན་གྱི་ཁམས་དང་ཆོས་ཀྱི་ཁམས་དང་། གདུལ་བྱའི་ཁམས་དང་། གདུལ་བྱའི་ཐབས་ཀྱི་ཁམས་སོ། །གལ་ཏེ་དཔག་ཏུ་མེད་པ་ཉིད་དང་། ཚད་མེད་པ་ཉིད་ལ་ཐ་དད་ དུ་བྱར་ཅི་ཡོད། གང་གིས་ན་གཉིས་བསྟན་ཞེ་ན། དེ་བཞིན་ཉིད་ལ་ནི་ཅི་ཡང་མེད་དོ། །གཞན་དུ་ནི་ཐ་དད་པ་ཉིད་ཡོད་དེ་འདི་ལྟར། སེམས་ཅན་ཇི་སྙེད་ཡོད་ཅེས་བྱ་བ་ནི་རྫས་འདི་ཇི་སྙེད་ཅིག་ལ་སེམས་ཅན་ཞེས་ཐ་སྙད་འདོགས། ཅིག་ཅིག་ལ་འམ། འོན་ཏེ་གཉིས་ལ་འམ། འོན་ཏེ་མང་པོ་ལ་གང་གི་ཚེ་ཕུང་པོ་ལྔ་ལ་འཇིག་རྟེན་ཞེས་བརྗོད་ན་འཇིག་རྟེན་དང་སེམས་ཅན་དོན་ཐ་དད་པ་མེད་པར་བརྗོད་པ་ཡིན་ནོ། །སེམས་ཅན་ཞེས་བརྗོད་པར་བྱ་བ་ཕུང་པོ་ལྔར་དཔག་ཏུ་ཡོད་པའི་ཚད་ཇི་ཙམ་ཞེ་ན། དཔེར་ན་འཛམ་བུའི་གླིང་གི་མི་རྣམས་ ཀྱི་ཚད་ནི་ཁྲུ་ཕྱེད་དང་ཁྲུ་བཞིའོ་ཞེས་བྱ་བ་ལ་སོགས་པ་ལྟ་བུ་སྟེ། ཡུལ་འདི་ལྟ་བུ་ལ་ནི་དཔག་པའི་སྒྲ་སྦྱར་བར་འོས་པ