Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 95
Văn bản gốc(Tây Tạng)
Trang 9 / 21 (50.000 ký tự/trang)
ྱིར་མཚམས་མ་མཆིས་པ་རྣམས་མངོན་ པར་རྫོགས་པར་རྟོགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་ནི་མ་ལ་སོགས་པ་གསལ་བར་མངོན་སུམ་དུ་རིག་པ་རྣམས་ཇི་ལྟར་བསད་པར་ནུས། དེ་ལྟ་བུར་གྱུར་པ་རྣམས་ཀྱང་མེད་པ་ཡིན་ན་ནི་སེམས་ཀྱང་ཡོད་པ་ཉིད་ཀྱི་ཚད་མ་ཅི་ཞིག་ཡོད་ཅེས་པས་ བསམས་པའོ། །ལན་དུ་སྐྱེད་པར་བྱེད་པ་ལ་སོགས་པའི་ཆོས་ཐམས་ཅད་ནི་ཤིན་ཏུ་གཅིག་ཁོ་ནར་མངོན་སུམ་མ་ལགས་སོ། །དེ་བས་ན་ཆོས་དེ་དག་ནི་སངས་རྒྱས་དང་སོ་སོའི་སྐྱེ་བོའི་བར་དུ་གང་གིས་ཀྱང་བསྒོམས་པ་ལས་བྱུང་བའི་ཤེས་པས་མངོན་པར་རྫོགས་པར་མ་རྟོགས་པར་ མིག་གི་རྣམ་པར་ཤེས་པས་མ་མཐོང་། རྣ་བའི་རྣམ་པར་ཤེས་པས་མ་ཐོས། བསམས་པ་ལས་བྱུང་བའི་ཤེས་པས་མ་འཚལ། དེ་ལས་གཞན་པའི་ཡིད་ཀྱི་རྣམ་པར་ཤེས་པས་མ་རྟོགས། བར་གྱི་ཚིག་གིས་ཐོས་པ་དང་། མྱོང་བ་དང་། རེག་པ་རྣམས་གཟུང་ངོ་། ། དགོངས་པ་ནི་འདི་ཡིན་ཏེ། མ་ལ་སོགས་པ་མངོན་སུམ་གྱིས་རིག་པ་རྣམས་རྡུལ་ཕྲ་མོའི་ངོ་བོ་ཡིན་ནམ། ཆ་ཤས་ཅན་གྱི་ངོ་བོ་ཞིག་གྲང་། དེ་གཉི་ག་ཡང་རིགས་པ་དང་ལྡན་པ་མ་ཡིན་ཏེ། འདི་ལྟར་ཡུལ་ཐག་རིང་པོ་ན་བར་མེད་པར་གནས་པ་རྣམས་རྡུལ་ཕྲན་ཡིན་པར་མི་རིགས་ཏེ། དུས་ཐམས་ཅད་དུ་ཆ་ཤས་དང་བཅས་པར་འདུག་པ་ཡིན་ནོ། །དེ་ལྟར་ན་རྡུལ་ཕྲ་མོ་གཅིག་པུ་ནི་ཇི་ལྟར་ཡང་འཐད་པ་མ་ཡིན་ནོ། །གཅིག་མ་གྲུབ་ན་དུ་མའི་ངོ་བོ་ཡང་རིགས་པ་མ་ཡིན་ཏེ། དེ་བས་ན་རྡུལ་ཕྲ་རབ་ཕྱི་རོལ་ན་གནས་པ་ནི་འགའ་ཡང་ཡོད་པ་མ་ཡིན་ཏེ། གཅིག་དང་ དུ་མའི་ངོ་བོ་དང་བྲལ་བའི་མིའི་རྭ་བཞིན་ནོ། །རྡུལ་ཕྲ་རབ་མ་གྲུབ་པའི་ཕྱིར་ཆ་ཤས་ཅན་ཡང་ཡོད་པ་མ་ཡིན་ཏེ། དེ་ལྟར་རྡུལ་ཕྲ་རབ་རྣམས་ཀྱིས་དེ་བརྩམས་པ་ཡིན་པར་ཡོངས་སུ་བརྟགས་པ་ཡིན་ནོ། །རྒྱ་ཆེར་དཔྱད་པའི་གཏམ་འཕྲོས་པ་འདི་རེ་ཞིག་གཞག་གོ། །དེ་ལྟ་བུ་ནི་ བྱང་ཆུབ་བོ་ཞེས་བྱ་བ་ནི་མཇུག་སྡུད་པ་སྟེ་རྣམ་པ་དེ་ལྟ་བུའི་བྱང་ཆུབ་ནི་ཆོས་ཐམས་ཅད་དམིགས་སུ་མེད་པའི་བདག་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འོ་ན་ཇི་ལྟར་གཟུགས་དང་སྒྲ་ལ་སོགས་པ་དམིགས་པ་རྣམས་བཅོམ་ལྡན་འདས་ཉིད་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་ ཤིང་མངོན་སུམ་གྱི་བར་དུ་བྱས་པ་ཡིན་པར་བསྟན་ཅེ་ན། དེ་ལྟ་ལགས་ཀྱིས་ཀྱང་བཅོམ་ལྡན་འདས་མངོན་པའི་ང་རྒྱལ་ཅན་དག་གིས་མངོན་པར་རྫོགས་པར་སངས་རྒྱས་པ་ནས་མངོན་སུམ་དུ་བགྱིས་པའི་བར་དུ་དེ་དག་གཞག་གོ། །ཉེ་བར་གཞག་གོ། །བར་གྱི་སྒྲས་མཐོང་བ་དང་། ཐོས་ པ་ལ་སོགས་པའི་རྣམ་གྲངས་གཟུང་ངོ་། །ཁྱོད་ཀྱང་མངོན་པའི་ང་རྒྱལ་ཅན་ཡིན་ནམ་ཞེ་ན། དེ་བཞིན་གཤེགས་པ་ནི་བདག་གི་དེ་བཞིན་གཤེགས་པའོ་ཞེས་དེ་ལྟར་ཐ་སྙད་དུ་བྱེད་ཅེས་དོགས་པ་བསལ་བའི་ཕྱིར། འཇམ་དཔལ་ཅི་ཁྱོད་ང་ལ་འདི་སྙམ་དུ་དེ་བཞིན་གཤེགས་པ་ནི་བདག་ གི་དེ་བཞིན་གཤེགས་པའོ་སྙམ་སེམས་སམ་ཞེས་བཀའ་སྩལ་ཏེ། སེམས་ལ་ཞེས་བྱ་བ་ནི་ཚིག་ལྷག་མའོ། །ཚིག་གཉིས་ཀྱིས་མངོན་པར་ཞེན་པ་སྟོན་ཏེ། འདི་ལྟར་ཐ་སྙད་ཙམ་ལན་དུ་མར་བརྗོད་པ་ལས་མངོན་ནོ། །བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་བྱ་བ་ནི་མངོན་པར་ཞེན་ པ་དེ་ལ་རྩོད་པའོ། །དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྲས་ཉིད་དུ་ཤིན་ཏུ་གྲགས་པ་ཁྱོད་ཇི་ལྟར་ཡབ་ལ་མངོན་པར་ཞེན་པར་མི་བྱེད་ཅེས་དགོངས་པའོ། །བཅོམ་ལྡན་འདས་འདི་ལྟར་དེ་བཞིན་གཤེགས་པ་ནི་བདག་གི་དེ་བཞིན་གཤེགས་པའོ་སྙམ་དུ་མི་སེམས་པའི་ སླད་དུའོ་ཞེས་བྱ་བ་ནི་ལན་ནོ། །བརྒལ་བ་གང་ཡིན་པ་དེ་ཉིད་ལན་དུ་བྱས་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ་བྱེ་བྲག་ཡོད་པའི་ཕྱིར་རོ། །གང་གིས་བདག་དེ་སྙམ་དུ་མི་སེམས་པ་ནི་རང་གི་ངོ་བོ་དམིགས་པ་སྔོན་དུ་སོང་བའི་ཉེས་པ་རྒྱུན་མི་འཆད་པར་རབ་ཏུ་འཇུག་པ་ཡིན་ནོ། །དེ་བཞིན་ གཤེགས་པ་ནི་བདག་གི་དེ་བཞིན་གཤེགས་པ་ཡིན་ནོ་ཞེས་བྱ་བ་ནི་ཐ་སྙད་ཡིན་ནོ། །དེ་བས་ན་འདིའི་རྗེས་སུ་འབྲང་སྟེ། བདག་གི་མངོན་པར་ཞེན་པ་འཇུག་པ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་ནི་ཡོན་ཏན་ཕུན་སུམ་ཚོགས་པ་མཆོག་གི་གནས་ཡབ་ལ་ རེ་ཞིག་ཇི་ལྟར་མི་དམིགས་ཞེས་དགོངས་པའོ། །ལན་ནི་བཅོམ་ལྡན་འདས་འདི་ལྟར་དེ་བཞིན་ཉིད་ནི་དེ་བཞིན་གཤེགས་པ་ཉིད་དོ་ཞེས་བྱ་བ་ཡིན་ནོ། །ནི་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་བཞིན་ཉིད་དེ་བཞིན་དུ་རྣམ་པར་གནས་པ་ནི་སྟོན་པ་ཡིན་ ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པ་མེད་པའི་ངོ་བོར་རོ། །ཁ་ཅིག་ལ་གཏན་ཚིགས་འདྲི་བ་ནི་མི་སྨོས་པར་དེའི་དེ་ཉིད་ཀྱང་དེ་བཞིན་ཉིད་དེ་ཞེས་དེ་སྐད་དུ་འབྱུང་བ་དེའི་དོན་ཡང་འདི་ལྟ་སྟེ། བཅོམ་ལྡན་འདས་དེ་ཉིད་ཀྱང་དེ་ཉིད་ཀྱི་དངོས་པོ་དེ་ཉིད་དེ་བཞིན་ཉིད་ ཡིན་ཏེ། གཟུང་བ་དང་འཛིན་པའི་རྣམ་པ་དང་བྲལ་བ་ཉིད་དེ་བཞིན་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་དེ་ཉིད་ཀྱི་དངོས་པོ་ཉིད་དེ་བཞིན་ཉིད་ཡིན་ནོ་ཞེས་བརྗོད་པར་བྱ་བ་ལས་དངོས་པོ་དེ་ཉིད་དེ་བཞིན་ཉིད་ཡིན་ནོ་ཞེས་གསུངས་པ་ནི་ཆོས་ཅན་གྱི་ངོ་བོ་དེ་ལས་དོན་གཞན་དུ་འགྱུར་བ་ཉིད་འགག་ པའི་ཕྱིར་རོ། །གཟུང་བ་དང་འཛིན་པའི་རྣམ་པ་དང་བྲལ་བ་ཉིད་སྟོན་པ་ཡིན་པར་ཤེས་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཉིད་ཀྱིས་དེ་བཞིན་གཤེགས་པ་རྣམ་པར་རིག་པར་མི་བགྱིད་ཅིང་། དེ་བཞིན་གཤེགས་པས་ཀྱང་དེ་བཞིན་ཉིད་རྣམ་པར་རིག་པར་མི་བགྱིད་དོ་ཞེས་གསུངས་ ཏེ། འདི་ནི་གང་གིས་གཟུང་བར་བྱ་བ་ཡང་མ་ཡིན་ལ། དེ་བཞིན་ཉིད་ཀྱི་བདག་ཉིད་དེ་ནི་བསྟན་པར་བྱ་བའི་ཕྱིར་རྣམ་པར་རིག་པར་མི་བགྱིད་དོ། །དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་ནི་བྱང་ཆུབ་པ་དང་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པ་སངས་རྒྱས་ཀྱི་སྤྱན་གྱིས་རྣམ་པར་གཟིགས་པ་ རྣམས་གཟུང་བ་དང་འཛིན་པ་དང་བྲལ་བར་ཇི་ལྟར་ཁས་བླངས་ཞེས་དགོངས་པའོ། །ལན་ནི། བཅོམ་ལྡན་འདས་འདི་ལྟར་དོན་དམ་པར་ན་དེ་བཞིན་ཉིད་ནི་དངོས་པོ་མ་མཆིས་ཤིང་། དེ་བཞིན་གཤེགས་པ་ཡང་དངོས་པོ་མ་མཆིས་པའི་སླད་དུའོ་ཞེས་བྱ་བ་ཡིན་ཏེ། དེ་བཞིན་ཉིད་ཅེས་ བྱ་བ་ནི་འཛིན་པ་དང་གཟུང་བ་ཡིན་པར་འཇིག་རྟེན་པའི་བདག་ཉིད་འདོད་ལ། དེ་ལ་ངོ་བོ་དེའི་དངོས་པོ་མེད་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཡང་དེ་ལྟར་ཀུན་བརྟགས་པའི་དངོས་པོ་མེད་པ་ཁོ་ན་ཡིན་ཏེ། དེ་ཡང་དེ་བཞིན་ཉིད་ཀྱི་ངོ་བོ་ལས་མི་འདའ་བའི་ཕྱིར་རོ། །དེ་ལྟར་ན་གཟུང་བ་དང་ འཛིན་པ་རྣམ་པར་གཞིག་པ་དང་། རྡུལ་ཕྲ་མོ་ལ་སོགས་པ་བཀག་པ་བསྟན་པས་འདི་བསྒྲུབས་ཟིན་ཏེ་ཡང་བསྟན་མི་དགོས་ཀྱི། ཚིག་གི་མཚམས་སྦྱར་བ་དང་། དོགས་པའི་གནས་སྤང་བའི་ཕྱིར་རོ། །དོན་དམ་པར་ཞེས་བྱ་བའི་ཚིག་ནི་རྣམ་པར་རྟོག་པ་མ་སྤངས་ཤིང་མངོན་པར་ ཞེན་པའི་དབང་གིས་གཟུང་བ་དང་འཛིན་པའི་དངོས་པོ་ནི་ཀུན་རྫོབ་ཡིན་པར་ཞལ་གྱིས་བཞེས་པ་ཡིན་པའི་ཕྱིར་རོ། །ཡང་དེ་ཉིད་གསལ་བར་བྱ་བའི་ཆེད་དུ་འོག་ནས་ཀྱང་གཏན་ཚིགས་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བགྱི་བའི་ཚིག་གིས་བསྟན་པ་འདི་ལྟ་སྟེ། དོན་གྱི་ངོ་བོ་དེ་ནི་མིང་ ཙམ་དུ་བས་ཏེ་མིང་ཙམ་སྙིང་པོ་ཡིན་གྱི། དོན་གྱིས་སྟོང་ཞེས་བྱ་བའི་བར་དུ་ཡིན་ཏེ། དོན་དམ་པར་ཆོས་ཐམས་ཅད་བརྗོད་དུ་མི་རུང་བའི་ཕྱིར་དང་། མ་སྐྱེས་པའི་ཕྱིར་རོ། །ཡང་ན་དེ་བཞིན་གཤེགས་པ་ཞེས་བྱ་བའི་ཚིག་དེ་ནི་འདི་ལྟ་སྟེ། མིང་བརྗོད་པ་ཙམ་དུ་ཟད་ཀྱི་བརྗོད་པར་བྱ་ བར་འོས་པ་མ་ཡིན་ཏེ། འདི་སྐད་དུ། མིང་གིས་མིང་ནི་སྟོང་པ་སྟེ། །མིང་ལ་མིང་ནི་ཡོད་མ་ཡིན། །ཆོས་རྣམས་ཐམས་ཅད་མིང་མེད་པ། །མིང་ནི་ཀུན་དུ་བརྟགས་པ་ཡིན། །ཞེས་གསུངས་སོ། །གལ་ཏེ་དེ་ལྟ་ན་དོན་དམ་པར་ཡོད་ཅིང་བརྗོད་པའི་གནས་སུ་གྱུར་པ་གང་ལ་དེ་བཞིན་ གཤེགས་པ་ནི་བདག་གི་དེ་བཞིན་གཤེགས་པའོ་ཞེས་བརྗོད་པ་དང་། མངོན་པར་ཞེན་པར་བྱེད་པའི་དེ་བཞིན་གཤེགས་པ་དེ་གང་ཡིན་ཞེ་ན། གང་ཡང་མེད་དོ་ཞེས་སྤོང་བར་བྱེད་པ་ནི་གང་ལ་བདག་འདི་སྙམ་དུ་དེ་བཞིན་གཤེགས་པ་ནི་བདག་གི་དེ་བཞིན་གཤེགས་པའོ་སྙམ་དུ་ཞེས་བྱ་བ་ལ་ སོགས་པ་འདི་ཡིན་ནོ། །ཐེ་ཚོམ་གྱིས་བློ་དཀྲུགས་པ་དག་གིས་ར་ཆོད་དུ་ཡོངས་སུ་དྲིས་སུ་ཟིན་ཀྱང་ཁ་ཅིག་ཚིག་འདི་སྙམ་དུ་དོགས་པ་སྤང་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་ཁྱོད་དེ་བཞིན་གཤེགས་པ་ལ་ཐེ་ཚོམ་ཟའམ་ཞེས་དྲིས་སོ། །བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ ཞེས་བྱ་བ་ནི་དྲིས་མ་ཐག་པ་གང་ཡིན་པའོ། །འདི་ལྟར་གལ་ཏེ་རྒྱུན་ལ་སོགས་པའི་མཚན་ཉིད་ཀྱིས་དེ་བཞིན་གཤེགས་པ་འབྱུང་བའམ། རྒྱུན་གཞན་དུ་གྱུར་པའི་ངོ་བོར་ཡོངས་སུ་གྲུབ་པའམ། རྒྱུན་རྒྱུན་ཆད་པའི་བདག་ཉིད་དུ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཡང་ རུང་སྟེ། དེ་བཞིན་གཤེགས་པར་ཡོངས་སུ་གྲུབ་པ་འགའ་ཞིག་མཆིས་ན་ནི་དེ་བཞིན་གཤེགས་པ་ཡུལ་དེ་ལ་བདག་ཐེ་ཚོམ་འཚལ་ལོ་ཞེས་གསུངས་ཏེ་ཚིག་དེ་གསུམ་གྱིས་འདུས་བྱས་ཀྱི་མཚན་ཉིད་བསྟན་པ་ཡིན་ཏེ། སྐྱེ་བ་དང་རྒ་བ་དང་མྱ་ངན་ལས་འདས་པར་ གྱུར་པ་གང་ཡིན་པའི་དེ་བཞིན་གཤེགས་པར་ཐ་སྙད་གདགས་སུ་རུང་བའི་དོན་གྱིས་དངོས་པོ་འདི་ནི་འགའ་ཡང་ཡོད་པ་མ་ཡིན་ཏེ། འདི་ལྟར་དེ་བཞིན་གཤེགས་པ་ཞེས་བྱ་བ་འདི་ནི་བྱེད་པའི་རྒྱུ་མཚན་དུ་བསྟན་པ་ཡིན་ཏེ། དངོས་པོ་ཇི་ལྟར་གནས་པ་དེ་བཞིན་དུ་གཤེགས་པའམ། རྟོགས་པ་ལ་བྱ་ན། བྱེད་པ་རྣམ་པ་དེ་གཉིས་ཀ་ཡང་རྒྱས་པར་བསལ་ཟིན་ཏོ།། །།འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པ་རྒྱ་ཆེར་བཤད་པ། བམ་པོ་བཞི་པ། ཁ་ཅིག་གི་བློ་ལ་འདི་སྙམ་དུ་གལ་ཏེ་འདུས་བྱས་ཀྱི་མཚན་ཉིད་གསུམ་གྱི་དབྱེ་བ་ཡོད་ པ་མ་ཡིན་ནམ། ཤཱཀྱའི་རིགས་སམ་གཞན་དུ་དེ་བཞིན་གཤེགས་པ་འབྱུང་བ་དང་། དེ་བཞིན་དུ་མྱ་ངན་ལས་འདས་པར་མ་བསྟན་ཏེ་བཞུགས་པ་དང་། གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཡོངས་སུ་མྱ་ངན་ལས་འདས་པ་དེ་ཇི་ལྟ་བུ་དེ་བས་ནི་ འདིར་འཇམ་དཔལ་ཁྱོད་དེ་བཞིན་གཤེགས་པ་འབྱུང་ངོ་སྙམ་དུ་མི་སེམས་སམ་ཞེས་དྲིས་སོ། །འབྱུང་བ་སྨོས་པས་གནས་པ་ཡང་རིག་པར་བྱའོ། །དང་པོ་དང་རྒྱུན་གྱིས་འབྱུང་བ་ཞེས་བྱའོ། །ལན་བཅོམ་ལྡན་འདས་གལ་ཏེ་ཆོས་ཀྱི་དབྱིངས་ལ་འབྱུང་བ་མཆིས་ན་ནི་བདག་དེ་བཞིན་ གཤེགས་པ་འབྱུང་ངོ་སྙམ་དུ་སེམས་པར་འགྱུར་རོ་ཞེས་བྱ་བ་ཡིན་ཏེ། སེམས་ཞེས་བྱ་བ་ནི་ལྷག་མའོ། །ཆོས་ཀྱི་དབྱིངས་ལ་ནི་སྔོན་མེད་པའི་སྐྱེ་བ་ཡོད་པ་མ་ཡིན་ནོ། །དེ་བས་ན་གཉིས་ལ་དབེན་པའི་བདག་ཉིད་དེ་བཞིན་གཤེགས་པ་ལ་ཡང་སྔོན་མེད་པའི་སྐྱེ་བ་ཡོད་པ་མ་ཡིན་ནོ། ། དེ་བས་ན་བདག་དེ་སྙམ་དུ་མི་སེམས་སོ་ཞེས་དགོངས་པའོ། །འཇམ་དཔལ་ཁྱོད་སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཡོངས་སུ་མྱ་ངན་ལས་འདས་པར་མི་སྨོས་སམ་ཞེས་བྱ་བས་ནི་དྲི་བ་རྣམ་པ་གཉིས་པ་བསྟན་ཏོ། །བཅོམ་ལྡན་འདས་ཉིད་ཀྱིས་དེའི་ལན་གདབ་པར་བཞེད་ ནས་བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འདི་ལྟར་བསམ་གྱིས་མི་ཁྱབ་པའི་ཡུལ་དུ་ཡུལ་གཅིག་པ་མ་ལགས་སམ་ཞེས་གསོལ་ཏོ། །ཡུལ་གཅིག་པ་ཞེས་བྱ་བ་ནི་རྟེན་གཅིག་པ་སྟེ། དཔེར་ན་ཉ་རྣམས་ཀྱི་ཡུལ་ཆུ་ལྟ་བུའོ། །ཡུལ་གཅིག་པའི་དབང་དུ་བྱས་ཏེ་ ཡུལ་གཅིག་པ་དྲིས་པ་གང་ཞེ་ན། འདི་ལྟར་བསམ་གྱིས་མི་ཁྱབ་པའི་ཡུལ་དུ་ཞེས་གསུངས་སོ། །འདི་ལྟར་ཞེས་བྱ་བ་ནི་ཚིག་གི་ཕྲད་ཡིན་ཏེ། འདི་ལྟ་སྟེ་ཞེས་བྱ་བའི་ཐ་ཚིག་གོ། །གང་དག་གི་ཡུལ་བསམ་གྱིས་མི་ཁྱབ་པ་ཡིན་པ་དེ་ལ་དེ་སྐད་ཅེས་གསུངས་སོ། །བསམ་གྱིས་མི་ ཁྱབ་པ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་ལ་དགོངས་པ་ཡིན་ཏེ། ཐམས་ཅད་དུ་བསམ་པར་མི་ནུས་པའི་ཕྱིར་རོ། །དེས་ན་འདི་སྐད་བསྟན་ཏེ། ཅི་རྣམ་པར་བྱང་བ་སྐྱེས་ཤིང་ཐུགས་རྗེའི་སྙིང་པོ་དང་ཤིན་ཏུ་ལྡན་པའི་བཅོམ་ལྡན་འདས་རྣམས་ཆོས་ཀྱི་དབྱིངས་ལ་དེའི་བདག་ ཉིད་དུ་རྟེན་ཏམ། ཅི་རྟེན་པ་མ་ལགས་སམ་ཞེས་བྱ་བ་ཡིན་ནོ། །འཇམ་དཔལ་དེ་དེ་བཞིན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་དེ་དེ་ལྟར་ངེས་པ་ཡིན་ན་རེ་ཞིག་གཞག་སྟེ། འདི་ཡང་དྲིས་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ད་ལྟར་བཞུགས་སམ་ཞེ་ན། འཇམ་དཔལ་དེ་དེ་ བཞིན་ནོ་ཞེས་བཀའ་སྩལ་ཏོ། །གལ་ཏེ་དེ་ལྟར་ན་དེ་བཞིན་གཤེགས་པ་རྣམས་མྱ་ངན་ལས་འདས་པ་ལ་མི་གནས་པ་ཉིད་གྲུབ་པ་ཡིན་ནོ་ཞེས་དགོངས་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བཞུགས་པ་དེའི་སླད་དུ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་བཅོམ་ལྡན་འདས་འོད་སྲུངས་ལ་ སོགས་པ་མྱ་ངན་ལས་འདས་ནས་ཡུན་རིང་པོར་བཞེད་པ་དེ་དག་ཡོངས་སུ་མྱ་ངན་ལས་འདས་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་ནི་འདིར་འབྲེལ་པ་ཅི་ཡོད་ན། གང་གཅིག་བཞུགས་ན་ཐམས་ཅད་ཀྱང་བཞུགས་པ་ཡིན། འདི་ལྟར་གཅིག་གི་བདག་ཉིད་དུ་ཐམས་ཅད་ རྗེས་སུ་འདུག་པ་ནི་མ་ཡིན་ལ། ཚོགས་ཐ་དད་པ་ཁོ་ནས་བྱང་ཆུབ་སོ་སོར་ཐོབ་བོ་ཞེ་ན། ལན་ནི་བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འདི་ལྟར་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དགོངས་པ་ནི་འདི་ལྟ་སྟེ། ཇི་ལྟར་བཅོམ་ལྡན་འདས་ཤཱཀྱའི་ཏོག་དག་པ་ཆེན་ པོའི་མཐུ་དང་། ཐུགས་རྗེའི་སྙིང་པོའི་དབྱིངས་དང་ད་ལྟར་ལྡན་ཞིང་རྒྱུན་ཆད་པའི་མཚན་ཉིད་ཡོངས་སུ་མྱ་ངན་ལས་འདས་པ་མ་ཡིན་ནོ། །དེ་བཞིན་དུ་དེ་དག་ཀྱང་དེའི་ངོ་བོ་ཉིད་ཡིན་པས་དེ་ནི་རིགས་པ་མ་ཡིན་ནོ། །འདི་ལྟར་བྱང་ཆུབ་སེམས་དཔའ་ ཤིན་ཏུ་རྣམ་པར་དག་པའི་ནུས་པ་དང་། ཐུགས་རྗེ་ཞན་པའི་གནས་སྐབས་ན་ཡང་རེ་ཞིག་སེམས་ཅན་ཡོངས་སུ་སྨིན་པའི་དུས་ལ་གཟིགས་ཤིང་དུས་དཔག་ཏུ་མེད་པར་བཞུགས་སོ། །བྱང་ཆུབ་བརྙེས་ནས་ཀྱང་ཤིན་ཏུ་དག་པའི་མཐུ་དང་། ཐུགས་རྗེ་ཆེན་པོ་བརྙེས་ནས་དཔག་ཏུ་མེད་ པའི་སེམས་ཅན་གྱི་ཚོགས་ལ་མྱུར་དུ་ཕན་གདགས་པར་བྱ་བའི་ཕྱིར་བཞུགས་པའི་དེ་བཞིན་གཤེགས་པ་ལ་དད་པ་ཅན་སུ་ཞིག་ཡིད་ཆེས་པར་མི་བྱེད། དེ་བས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཁོ་ན་ཡིན་ནོ། །ལས་བྱེད་པས་རབ་ཏུ་ཕྱེ་བའི་ བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྐྱེ་བ་མེད་པ་ཡིན་དུ་ཟིན་ཀྱང་གང་དག་མ་འོངས་པའི་དུས་ན་འབྱུང་བ་འཕགས་པ་བྱམས་པ་ལ་སོགས་པ་དེ་དག་ཀྱང་དེ་ལྟར་འགྱུར་དུ་དོགས་སོ་ཞེ་ན་དེའི་ཕྱིར། བཅོམ་ལྡན་འདས་དེ་བས་ན་བཅོམ་ལྡན་འདས་ཉིད་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་ན་ ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་རྟག་པ་ལ་སོགས་པའི་ངོ་བོ་བཞིན་དུ་ལས་བྱེད་པས་རབ་ཏུ་ཕྱེ་བ་རྣམས་ཚད་མ་དང་འགལ་བས་དུས་ཐམས་ཅད་དུ་སྐྱེ་བ་མེད་པ་ཡིན་པས་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཤིན་ཏུ་རྣམ་པར་དག་པའི་ངོ་བོར་བྱུང་སྟེ་མངོན་པར་རྫོགས་པར་སངས་ རྒྱས་ན། གང་དག་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་འབྱུང་བ་མི་ཕམ་པ་ལ་སོགས་པ་ཡང་མངོན་པར་རྫོགས་པར་སངས་རྒྱས་པ་ཁོ་ནར་བལྟ་བར་བྱ་སྟེ། དེ་ཉིད་ཀྱི་ངོ་བོ་ཡིན་པར་གཏན་ཚིགས་མཐུན་པའི་ཕྱིར་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་མཉམ་པ་ཉིད་མངོན་ པར་རྫོགས་པར་བྱང་ཆུབ་པ་ཡིན་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་དུ་གཏན་ཚིགས་འདྲ་བ་ཡིན་ལ་འབྲས་བུ་མི་འདྲ་བ་ནི་རིགས་པ་མ་ཡིན་ནོ། །མཉམ་པ་ཉིད་འདི་ལ་དགོངས་ནས་བཤད་པ་ཡིན་པར་ཁོང་དུ་མ་ཆུད་པ་དག་དེ་ཅིའི་སླད་དུ་ཞེ་ན་ཞེས་སྨྲས་ཏེ། ངོ་བོ་ཐ་དད་པ་ཡིན་བཞིན་དུ་ གཅིག་མངོན་པར་རྫོགས་པར་སངས་རྒྱས་ན་ཇི་ལྟར་དེ་ལས་གཞན་པ་དག་ཀྱང་མངོན་པར་རྫོགས་པར་སངས་རྒྱས་ཞེས་བྱ། དེ་ལྟ་ན་ནི་ཤིན་ཏུ་ཐལ་བར་འགྱུར་རོ་ཞེས་བསམས་པའོ། །རང་བརྗོད་པར་བཞེད་པ་སྟོན་པ་ནི་བསམ་གྱིས་མི་ཁྱབ་པ་ལ་འདས་པའམ་ཞེས་བྱ་བ་ལ་ སོགས་པ་ཡིན་ཏེ། སྔོན་མེད་པའི་ངོ་བོ་སྐྱེས་ནས་ཞིག་པ་ནི་འདས་པའོ། །སྔོན་མེད་པའི་ངོ་བོ་སྐྱེས་ནས་མ་འགགས་པ་ནི་ད་ལྟར་རོ། །སྔོན་མེད་པའི་ངོ་བོ་ཕྱིས་འབྱུང་བ་ནི་མ་འོངས་པའོ། །ཐམས་ཅད་ཀྱང་ངེས་པར་ལས་བྱེད་པ་དང་བྲལ་བའི་ངོ་བོ་ཁོ་ན་ཡིན་ནོ། །དེས་ན་དུས་གསུམ་ གྱི་དེ་བཞིན་གཤེགས་པ་ཡང་ཆོས་ཉིད་འདི་ལས་མི་འདའ་བ་ཁོ་ན་ཡིན་ནོ། །དེ་ལྟ་མ་ཡིན་ན་དེ་དག་སངས་རྒྱས་ཁོ་ན་ཡིན་པར་མི་འགྱུར་ཏེ། ཚད་མ་དང་འགལ་བ་རྟོགས་ན་ཕྱིན་ཅི་ལོག་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟར་ལས་བྱེད་པས་རབ་ཏུ་ཕྱེ་བའི་དེ་བཞིན་གཤེགས་པ་འབྱུང་ བ་ལ་སོགས་པ་ཡང་དག་པ་མ་ཡིན་ནོ། །བཅོམ་ལྡན་འདས་དེ་བས་ན་སུ་དག་འདི་སྐད་དུ་དེ་བཞིན་གཤེགས་པ་སྐྱེས་སོ་ཞེས་བགྱི་བ་ནས། ཡོངས་སུ་མྱ་ངན་ལས་འདས་པའི་བར་དུ་སེམས་པ་དེ་དག་གི་འཇིག་རྟེན་གནས་པ་ནི་འཁྲུལ་པ་སྟེ་ནོར་པས་དེ་དག་ལུང་དང་རིགས་པའི་དོན་མ་ རྟོགས་པ་ཡིན་ནོ། །ཡི་གེ་ཁ་ཅིག་ལས་འཇིག་རྟེན་གནས་པ་ནི་འཁྲུལ་པ་སྟེ་ཞེས་འབྱུང་བ་དེའི་དོན་ཡང་སྣང་བ་མེད་པའི་ཕྱིར་དང་། ཇི་ལྟ་བ་བཞིན་གྱི་ཤེས་རབ་ཀྱི་སྣང་བ་མེད་པའི་ཕྱིར་རོ། །བཅོམ་ལྡན་འདས་དེ་དག་ནི་འཇིག་རྟེན་གནས་པ་ཞེས་བྱ་བ་ལ་འཇིག་རྟེན་གནས་པ་ནི་ ཤེས་པ་དང་ཤེས་བྱ་དང་། རྗོད་པར་བྱེད་པ་དང་བརྗོད་པར་བྱ་བའི་མཚན་ཉིད་འཇིག་རྟེན་གྱི་ཐ་སྙད་ལ་བྱ་སྟེ། འཇིག་རྟེན་པ་རྣམས་ཤིན་ཏུ་དེ་ལ་མངོན་པར་ཞེན་པའི་ཕྱིར་རོ། །འཕྲོས་པར་བགྱིད་པ་ལགས་སོ་ཞེས་བྱ་བ་ནི་གཞན་དུ་འཛིན་པའམ། སྟོན་པའོ། །དེ་དག་ཀྱང་གང་ཞེ་ ན། སུ་དག་འདི་སྙམ་དུ་དེ་བཞིན་གཤེགས་པ་སྐྱེས་སོ་ཞེས་བགྱི་བ་ནས། ཡོངས་སུ་མྱ་ངན་ལས་འདས་པའི་བར་དུ་མངོན་པར་ཞེན་པ་ཡིན་ནོ། །བར་ཚིག་གིས་སྐྱེའོ། །སྐྱེ་བར་འགྱུར་རོ། །གནས་ཟིན་ཏོ། །གནས་སོ། །གནས་པར་འགྱུར་རོ། །ཡོངས་སུ་མྱ་ངན་ལས་ འདས་སོ། །ཡོངས་སུ་མྱ་ངན་ལས་འདའོ། །ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་བྱ་བ་དེ་ལ་སོགས་པ་གསུངས་སོ། །གང་དག་ལ་དེ་ལྟར་མངོན་པར་ཞེན་པ་མེད་དུ་ཟིན་ཀྱང་དེ་དག་ལ་ཡང་འཁྲུལ་པ་དང་འཇིག་རྟེན་གནས་པ་ནི་ཡོད་པ་ཡང་ མ་ཡིན་ནམ། བྱིས་པ་དང་མཁས་པ་གཉིས་ཀྱི་ཐ་སྙད་ནི་འདྲ་བ་ཡིན་པའི་ཕྱིར་རོ་ཞེ་ན། དེ་དག་གིས་ནི་འགྲོ་བ་སྒྱུ་མ་ལྟ་བུར་འདུག་པ་ཁོང་དུ་མ་ཆུད་པའི་ཕྱིར་དང་། མངོན་པར་ཞེན་པ་མེད་པས་མ་བརླན་པའི་ཕྱིར་རོ། །ད་ནི་མངོན་སུམ་དུ་གྱུར་ཅིང་དགེ་བར་གྱུར་པ་རྣམས་འདི་ལ་གུས་ པ་སྐྱེད་པའི་ཆེད་དུ་བསམ་གྱིས་མི་ཁྱབ་པ་བསྟན་པ་འདི་ཟབ་པར་བརྗོད་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་དེའི་ཕྱིར་ཁྱོད་ཀྱིས་དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤིན་ཏུ་རབ་ཏུ་ཟབ་པ་འདི་གང་གིས་བཤད་པ་ལ་གཞན་འདི་དང་ འདྲ་བ་ཉན་པ་ཡོད་པ་ཡིན་ཏེ། དེ་བས་ན་ཁྱོད་ཀྱིས་དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་པ་འདི་དེ་བཞིན་གཤེགས་པའི་སྤྱན་སྔར་རམ། བྱང་ཆུབ་སེམས་དཔའ་འམ། དགྲ་བཅོམ་པའི་མདུན་དུ་བརྗོད་པ་རྗོད་ཅིག་དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་པ་ནི་དེ་བཞིན་གཤེགས་ པ་བསམ་གྱིས་མི་ཁྱབ་པ་སྟེ། ཇི་སྐད་དུ་གསུངས་པའི་རང་གི་ངོ་བོ་ལ་བྱའོ། །དེ་ཅིའི་ཕྱིར་བསམ་གྱིས་མི་ཁྱབ་ཅེ་ན། གང་གི་ཕྱིར་བསམ་དུ་མེད་པ་སྟེ། བསམ་པ་མེད་པའོ། །དེ་ཉིད་ཀྱང་ཇི་ལྟར་ཞེ་ན། གང་གིས་བསམ་པ་ལས་འདས་པ་སྟེ། བསམ་པར་བྱ་བར་ནུས་པའི་ངོ་བོ་ལས་ གང་གི་ཕྱིར་འདས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བས་ན་བསམ་གྱིས་མི་ལང་བ་ཞེས་གསུངས་སོ། །དེ་ལྟར་ན་ཚིག་དང་པོ་ནི་བསྟན་པ་ཡིན་ནོ། །བཞི་པ་ནི་ཚིག་མཇུག་སྡུད་པ་ཡིན་ནོ། །ཡང་ན་སྐྱེས་ནས་ཐོབ་པ་དང་། ཐོས་པ་ལས་བྱུང་བ་དང་། བསམས་པ་ལས་བྱུང་བ་དང་། ། བསྒོམས་པ་ལས་བྱུང་བ་ཤེས་རབ་རྣམ་པ་བཞིའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་ཚིག་རྣམ་པ་བཞི་དང་གོ་རིམས་བཞིན་དུ་སྦྱར་རོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་ཆོས་ལ་སློབ་དཔོན་འཆབ་པ་དང་བྲལ་བའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་མན་ངག་འདི་འབོགས་པར་ཇི་ལྟར་རིགས་ཤེ་ན། དགོངས་པ་ནི་གཞན་དེ་བཤད་ན་དོན་མེད་པར་འགྱུར་བའི་ཕྱིར། འདི་ལྟར་དེ་དག་ནི་ཐོས་ནས་བསྔགས་པར་ཡང་མི་འགྱུར་ཞེས་བྱ་བ་ལ་སོགས་པ་ལན་ཡིན་ཏེ། འདི་ནི་ཕྱིན་ཅི་མ་ལོག་པར་བསྟན་པ་ཁོ་ན་ཡིན་ནོ་ཞེས་བསྔགས་པར་ཡང་མི་འགྱུར་ཏེ། དངོས་པོའི་དེ་ཁོ་ན་ཉིད་ལ་ རེག་པར་བསྟན་པ་མ་ཡིན་ནོ་ཞེས་ཁོང་དུ་ཆུད་པའི་ཕྱིར་རོ། །སྤོང་བར་ཡང་མི་འགྱུར་ཞེས་བྱ་བ་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པའི་ཕྱིར་དང་། བརྒྱུད་པའི་སྒོ་ནས་རང་གི་མཚན་ཉིད་ཀྱི་ཕྱིར་མཐར་ཐུག་པ་ཡིན་ནོ་ཞེས་ཤེས་པའི་ཕྱིར་རོ། །བསམ་པ་ནི་འདི་ལྟ་ སྟེ། ཆོས་རྣམས་ལ་སློབ་དཔོན་འཆབ་པའི་ཕྱིར་ནི་མ་ཡིན་ནོ། །འདི་སྐད་བསྟན་ཏེ། ཆོས་འཆད་པར་བྱེད་ན་ཐོས་པ་ལ་དགའ་བར་བྱ་བའི་ཕྱིར་བྱེད་དམ། མ་འོངས་པ་ན་ཕན་པ་དང་བདེ་བར་བྱ་བའི་ཕྱིར་བྱེད་གྲང་ན། དེ་ལ་ཆོས་ཟབ་མོའི་བཟོད་པ་དང་བྲལ་བ་དེ་ལ་བྱས་ན་མགུ་བ་ཉི་ ཚེར་མ་ཟད་ཀྱི། ལེན་པར་ཡང་མི་བྱེད། ཕན་པ་ཡང་མི་སྒྲུབ་ཀྱི། སླར་ཕྱིན་ཅི་ལོག་ཉིད་དུ་བྱེད་པར་འགྱུར་ཏེ། འདི་ལྟར་དེ་ཐོས་པས་དངོས་པོ་འམ་དངོས་པོ་མེད་པར་ལྟ་བར་ལྷུང་བར་འགྱུར་ཏེ། འཆད་པ་དང་དོན་གཉིས་ལ་དངོས་པོ་དང་དངོས་པོ་མེད་པར་ལྷག་པར་མོས་པའི་ཕྱིར་རོ། ། དེ་བས་ན་སྤོང་བར་བྱེད་པ་ཡང་ཡིན་ནོ། །གང་གིས་དོན་མེད་པ་ལ་གཞོལ་བར་འགྱུར་བ་དེ་བས་ན་སྣོད་མ་ཡིན་པ་ལ་ལྷག་པའི་བསམ་པས་འདི་བརྩམས་པ་ནི་འཇུ་སྟོབས་ཆུང་ངུས་ཟས་ལྕི་བ་ཟ་བ་བཞིན་དུ་དོན་མ་ཡིན་པ་གཅིག་ནས་གཅིག་དུ་འཕེལ་བར་འགྱུར་བས་འདི་དག་ལ་མ་བྱས་ན་ ལེགས་པ་ཁོ་ན་ཡིན་ནོ། །དེ་བས་ན་དེ་ཁོ་ན་ཉིད་མངོན་སུམ་དུ་བྱས་པ་ཆོས་ཀྱི་དེ་ཁོ་ན་ཉིད་ཀྱི་གཏམ་རྣམ་པར་ངེས་པའི་བདུད་རྩིའི་རོ་མྱང་བས་བསྐྱེད་པའི་སྲེད་པ་ཅན་ཁོ་ནའི་མདུན་དུ་ཡོངས་སུ་མགུ་བར་བྱ་བའི་ཕྱིར་བཤད་ན་མཛེས་པ་ཡིན་ནོ། །དེ་བས་ན་འཕགས་པ་དཀོན་མཆོག་ བརྩེགས་པ་ལས་དམན་པ་ལ་ལྷག་པར་མོས་པ་རྣམས་ལ་ཆོས་ཟབ་མོ་འཆད་པ་ནི་བྱང་ཆུབ་སེམས་དཔའི་ལྟུང་བ་ཡིན་པར་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་རྣམས་ལ་འདི་ལྟར་དེ་དག་ཤིན་དུ་བསྔགས་པར་ཡང་མི་འགྱུར། སྤོང་བར་ཡང་མི་འགྱུར་བ་ག་ ལ་ཡོད་ཅེ་ན། སོ་སོའི་སྐྱེ་བོ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། འདི་ལྟར་འདི་བསམ་གྱིས་མི་ཁྱབ་པ། བསམ་དུ་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཡང་སྔ་མ་བཞིན་དུ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བའི་ཚིག་དང་པོ་ནི་བསྟན་པར་འགྱུར་ བའོ། །ལྷག་མ་ཚིག་གཉིས་ནི་འཆད་པ་ཡིན་ནོ། །ཡི་གེ་ཁ་ཅིག་ལས་འདི་ལྟར་བསམས་པ་ནི་བསམ་གྱིས་མི་ཁྱབ་པ་བསམ་དུ་མེད་པ་ཞེས་འབྱུང་སྟེ་དེར་ནི་བདག་གིས་རྟོགས་པ་ཞེས་བྱ་བ་ཁོང་ནས་བྱུང་ངོ་། །བསམ་དུ་མེད་པ་བསམ་གྱིས་མི་ལང་བ་ནི་སྔ་མ་བཞིན་ནོ། །དེ་དག་ ཐམས་ཅད་ཀྱིས་ནི་སོ་སོའི་སྐྱེ་བོ་རྣམས་ལས་ཁྱད་པར་དུ་བསྟན་པ་ཡིན་ཏེ། འདི་ལྟ་སྟེ་བསམ་གྱིས་མི་ཁྱབ་པ་ཡོངས་སུ་ཤེས་པ་ཡིན་ནོ། །དེ་སྐད་དུ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དང་། འཕགས་པ་ཡང་བསམ་གྱིས་མི་ཁྱབ་པ་འཆད་པར་བཞེད་ནས། བཅོམ་ལྡན་འདས་ཆོས་ ཐམས་ཅད་བསམ་གྱིས་མི་ཁྱབ་ཅིང་བསམ་དུ་མ་མཆིས་པ་འདི་ལྟ་བུ་འདི་ལ་བྱིས་པའམ་མཁས་པ་སུ་ཞིག་བསྔགས་པའམ། སྤོང་བར་འགྱུར་ཏེ། དེ་དག་རྗེས་སུ་བསྔགས་ཤིང་སྤོང་བར་བྱེད་ན་ནི་སྟོང་པ་ཉིད་དེའི་ནང་དུ་འདུས་པའི་ཕྱིར་ཆོས་འདི་ཐམས་ཅད་དོན་དམ་པ་ཡིན་པར་ཞེན་པར་ འགྱུར་རོ། །དེ་བས་ན་གང་ཡང་དག་པར་བསྔགས་པའམ། སྤོང་བར་འགྱུར་བ་མེད་དེ། དེའི་ངོ་བོ་ཉིད་ཀྱི་སྒྲ་དང་དོན་གཉིས་མི་རིགས་པའི་ཕྱིར་དང་། སྒྲུབ་པ་དང་སེལ་བ་ཡང་མི་འཐད་པའི་ཕྱིར་རོ། །གཞན་ཡང་བྱེད་པ་པོ་ལ་སོགས་པའི་བྱེ་བྲག་བསྔགས་པ་ལ་སོགས་པ་ ཐམས་ཅད་བརྟགས་པ་ཡིན་ལ། དེ་ཡང་དོན་དུ་ཡོད་པ་མ་ཡིན་པ་དེས་ན་ཐམས་ཅད་ཡང་དག་པ་མ་ཡིན་ནོ་ཞེས་བསྟན་ཏོ། །དེ་བས་ན་བྱིས་པ་རྣམས་ཀྱི་བསྔགས་པ་སྒྲུབ་པ་དང་འགོག་པ་ལ་སོགས་པ་དེ་དག་ནི་ལོག་པའི་མངོན་པའི་ང་རྒྱལ་ཙམ་བྱེད་པར་ཟད་ཀྱི། གང་གིས་ཅི་ཡང་ བསྔགས་པར་བྱས་པ་དང་། བཀག་པ་མེད་དོ་ཞེས་དགོངས་པའོ། །ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པར་བསྟན་ན་ནི་སོ་སོའི་སྐྱེ་བོ་རྣམས་ཀྱང་དེ་བཞིན་གཤེགས་པ་བཞིན་དུ་བསམ་གྱིས་མི་ཁྱབ་པ་ཡིན་པར་སྨྲས་པར་འགྱུར་རོ། །དེ་ཡང་འཐད་པ་མ་ཡིན་ཏེ། དེ་ལྟར་མེད་ པ་ཡིན་ན་ནི་དེ་དག་ཕན་ཚུན་དུ་བྱེ་བྲག་འགའ་ཡང་ཡོད་པར་མི་འགྱུར་རོ་ཞེས་ཁ་ཅིག་དོགས་པ་བསལ་བའི་ཕྱིར། འཇམ་དཔལ་ཇི་ལྟར་དེ་བཞིན་གཤེགས་པ་བསམ་གྱིས་མི་ལང་བ་དེ་ལྟར་སོ་སོའི་སྐྱེ་བོ་རྣམས་ཀྱང་བསམ་གྱིས་མི་ལང་བ་ཡིན་ནམ་ཞེས་དྲིས་ཏེ། ཅི་ཡིན་ནམ་ཞེས་ བྱ་བ་ལྷག་མའོ། །ཡང་ན་ཚིག་ཟུར་གྱིས་སྨྲས་པའོ། །འདི་ལ་དོགས་པ་མི་བྱ་བར་བསྟན་པའི་ཕྱིར། བཅོམ་ལྡན་འདས་སོ་སོའི་སྐྱེ་བོ་རྣམས་ཀྱང་དེ་བཞིན་དུ་བསམ་གྱིས་མི་ལང་བ་ལགས་སོ་ཞེས་གསུངས་སོ། །བློ་བཟང་པོས་སྨྲ་བར་འདོད་པ་ཐུགས་སུ་ཆུད་ནས་འཇམ་དཔལ་དེ་ དེ་བཞིན་ནོ་ཞེས་ཞལ་གྱིས་བཞེས་སོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་རྒོལ་བ་སྟེ། རྒོལ་བ་སུ་ཡང་མེད་པར་གཉིས་ཀྱིས་ལན་འདེབས་པ་གཉིས་སྨྲས་ཞེས་བྱ་བའི་ཐ་ཚིག་གོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་བློ་བཟང་པོའི་བརྗོད་པར་འདོད་པ་སྟོན་པ་ནི་འདི་ལྟར་བསམ་པ་ ཐམས་ཅད་ནི་བསམ་གྱིས་མི་ལང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །དགོངས་པ་ནི་འདི་ཡིན་ཏེ། ཇི་ཙམ་ཇི་ཙམ་དུ་རྣམ་པར་ཤེས་པ་སེམས་པའི་ངོ་བོའམ། གཞན་ཡང་རུང་འགའ་ཞིག་ལ་འབྱུང་བ་དེ་ཙམ་དེ་ཙམ་དུ་དེ་དོན་གཞན་ཡིན་པར་མངོན་པར་ཞེན་ཏེ་འབྱུང་བ་ཡིན་ཡང་རྟོག་ པའི་རང་གི་ངོ་བོ་ཙམ་ལ་འཆེལ་བ་ཁོ་ན་ཡིན་གྱི། དོན་གཞན་གྱི་ངོ་བོ་ལ་རེག་སྟེ་འབྱུང་བ་ནི་མ་ཡིན་ནོ། །འདི་ལྟར་དོན་གཞན་གྱི་ངོ་བོ་ནི་དེའི་མ་ཡིན་ན་ཇི་ལྟར་དེས་མ་མྱོང་བའི་ངོ་བོ་ལ་དོན་རྗེས་སུ་མྱོང་བ་ཞེས་བྱ། དེ་བས་ན་སོ་སོའི་སྐྱེ་བོ་ལ་སོགས་པ་ཐམས་ཅད་ནི་བསམ་པ་ལས་ འདས་པ་ཡིན་ནོ། །ཁྱད་པར་དུ་བཞག་པ་ནི་དེ་ཁོ་ན་ཉིད་ཁོང་དུ་མ་ཆུད་པ་ཞེས་བསྟན་པ་ཡིན་ནོ། །བསམ་པ་ཞེས་བྱ་བ་ནི་གཞན་གྱི་མངོན་པར་ཞེན་པའི་རྗེས་སུ་འབྲངས་ནས་བསྟན་པ་ཡིན་གྱི། དངོས་པོ་གནས་པའི་ཕྱིར་ནི་མ་ཡིན་ཏེ། མ་བཀག་པར་ཐལ་བར་འགྱུར་བའི་ཕྱིར་རོ། ། བདག་གིས་བརྗོད་པར་འདོད་པ་ནི་འདི་ཁོ་ན་ཡིན་ནོ་ཞེས་རང་གི་བརྗོད་པར་འདོད་པ་ཚིག་ཟུར་གྱིས་བསྟན་པའི་ཕྱིར་གསུངས་པ་ནི་གལ་ཏེ་དངོས་པོའི་ཆོས་ཀྱི་རང་གི་ངོ་བོ་དང་། སོ་སོའི་སྐྱེ་བོ་ཡང་བསམ་གྱིས་མི་ཁྱབ་པ་ཡིན་ན། འོ་ན་དང་པོ་འདྲི་བའི་ཚེ་ཇི་ལྟར་དེ་བཞིན་གཤེགས་པ་བསམ་ གྱིས་མི་ལང་བ་དེ་བཞིན་དུ་སོ་སོའི་སྐྱེ་བོ་རྣམས་ཀྱང་བསམ་གྱིས་མི་ལང་བ་ཡིན་ནམ་ཞེས་བཅོམ་ལྡན་འདས་ཀྱིས་གཏན་ཚིགས་ཅིའི་སླད་དུ་དེ་སྐད་བཀའ་སྩལ། ཅིའི་ཕྱིར་དེ་སྐད་དྲི་བར་མི་བྱ་ཞེ་ན། ལན་དུ་བཅོམ་ལྡན་འདས་སོ་སོའི་སྐྱེ་བོ་ཉིད་ཀྱང་ཞེས་བྱ་ བ་ལ་སོགས་པ་གསུངས་ཏེ། སོ་སོའི་སྐྱེ་བོ་ཉིད་ཅེས་བྱ་བ་སྐལ་བ་མཉམ་པ་ཞེས་བྱ་བར་བརྟགས་པ་ཡང་བསམ་གྱིས་མི་ལང་བ་ལགས་སམ། ཀྱང་གི་སྒྲས་སོ་སོའི་སྐྱེ་བོར་མ་བས་ཀྱི་ཞེས་བྱ་བ་ཡིན་ནོ། །ཡང་ན་སོ་སོའི་སྐྱེ་བོ་ཉིད་ཀྱང་ཞེས་བྱ་བ་སོ་སོའི་སྐྱེ་བོ་ཁོ་ནའི་བྱེ་བྲག་རྣམས་ དགག་པའི་ཕྱིར་སྟོན་པ་ཡིན་ན་ནི་ཀྱང་གི་སྒྲས་དེ་བཞིན་གཤེགས་པ་ཡང་བསྡུས་པ་མ་ཡིན་ནོ། །དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་ནི་གཞན་གྱི་དོགས་པའི་དབང་དུ་བྱས་ནས་དྲི་བ་འདི་བྱས་ཀྱི། རང་གི་བསམ་པའི་རྗེས་སུ་འབྲངས་ནས་བྱས་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་ ལན་ནི་བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་བསམ་གྱིས་མི་ལང་བའི་སླད་དུའོ་ཞེས་བྱ་བ་ཡིན་ཏེ། ནི་ཞེས་བྱ་བའི་སྒྲས་ནི་ཤིན་ཏུ་གསལ་བར་བྱེད་པའི་ངོ་བོ་ཉིད་སྟོན་པར་བྱེད་པ་ཡིན་པའི་ཕྱིར་ཏེ། འདི་ནི་དོན་ཤིན་ཏུ་གསལ་བ་ཡིན་པས་གཞན་གྱི་དོགས་པ་ཡང་ཡོད་པ་མ་ཡིན་ནོ་ཞེས་བསྟན་པ་ ཡིན་ནོ། །དེ་བས་ན་བསམ་གྱིས་མི་ཁྱབ་པ་དངོས་པོ་མཐའ་དག་ལ་ཁྱབ་པ་འདི་རྟོགས་པར་བྱས་ནས་གཟུང་བ་དང་འཛིན་པ་དང་བདག་དང་བདག་གི་ལ་སོགས་པར་རྣམ་པར་རྟོག་པ་ཐམས་ཅད་སྤང་བའི་ཕྱིར་དམིགས་སུ་མེད་པའི་ཏིང་ངེ་འཛིན་གོམས་པས་མྱ་ངན་ལས་འདས་པ་འཐོབ་པར་འདོད་ པ་རྣམས་ཀྱིས་འདི་ལ་བརྩོན་པར་བྱ་བ་ཡིན་ཏེ། འདི་ནི་ཐར་པའི་གྲོང་ཁྱེར་དུ་ཕྱིན་པ་དང་རྗེས་སུ་མཐུན་པའི་ལམ་ཡིན་ལ། རྣམ་པར་རྟོག་པ་ཐམས་ཅད་ཟད་པའི་རང་བཞིན་ཁོ་ན་ནི་འདི་ལྟར་མྱ་ངན་ལས་འདས་པ་ཁོ་ན་ཡིན་ནོ། །གང་ལ་ལ་དག་ཁ་ཅིག་གིས་སོ་སོར་བརྟགས་པའི་འགོག་པ་ ལ་སོགས་པ་གུད་ན་ཡོད་པ་ཁོ་ན་མྱ་ངན་ལས་འདས་པ་ཡིན་པར་བརྟགས་ནས་དེ་འཐོབ་པར་བྱ་བའི་ཆེད་དུ་བརྩོན་པར་བྱེད་པ་དེ་དག་ནི་དོན་མེད་པའི་གནས་སུ་གྱུར་པ་ཡིན་ནོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་གང་བསམ་གྱིས་མི་ལང་བ་དེ་ཉིད་རྣམ་པར་རྟོག་པ་ཐམས་ཅད་སྤང་བའི་ཕྱིར། མྱ་ ངན་ལས་འདས་པ་ལགས་ཏེ་དངོས་པོ་གཞན་དུ་གྱུར་པ་མ་ཡིན་ནོ། །དེ་ལྟར་བྱས་ན། རྣམ་པར་རྟོག་པ་མ་གཏོགས་པར། །འཁོར་བ་ནམ་ཡང་ཡོད་པ་མིན། །ཞེས་བྱ་བ་ལ་སོགས་པ་དང་ཤིན་ཏུ་མཐུན་པ་ཡིན་ནོ། །དེ་བས་ན་ཐབས་མ་ཡིན་པ་ལ་ཞུགས་པ་དེ་དག་ནི་ཉམ་ཐག་པར་འགྱུར་ ཏེ། ཐབས་མ་ཡིན་པ་ལ་ཞུགས་པ་དེ་དག་ནི་འཇིགས་པར་བཅས་པ་དང་ཉེ་བའི་ལམ་དུ་འགྲོ་བ་བཞིན་དུ་དཀའ་བ་དང་། ཡུན་རིང་པོར་འཇིགས་པ་མེད་པ་དང་། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་ཕྱིན་པར་མི་འགྱུར་རོ། །གང་གི་ཕྱིར་དེ་ལྟར་ཁྱབ་པར་བྱ་བ་བསམ་གྱིས་མི་ཁྱབ་པ་ སྟེ། དེའི་སླད་དུ་བསམ་གྱིས་མི་ལང་བ་སྟོང་པ་ཉིད་ལ་ཐ་དད་པ་སོ་སོའི་སྐྱེ་བོ་དང་། རྫོགས་པའི་སངས་རྒྱས་ལ་སོགས་པར་དབྱེ་བ་མ་མཆིས་སོ། །མྱ་ངན་ལས་འདས་པར་ཞུགས་པ་ཡིན་པར་བརྟག་པར་བྱ་བ་ཡང་ཡིན་ནོ་ཞེས་བྱ་བ་ལྷག་མའོ། །བདེ་བར་གཤེགས་པར་ཁས་ལེན་ པ་དག་ཡིན་ན་གང་དག་འདི་སྐད་དུ་འདི་དག་ནི་སོ་སོའི་སྐྱེ་བོའི་ཆོས་འདོད་ཆགས་ལ་སོགས་པ་དང་དེ་དག་ལ་སོགས་པ་འདི་དག་ནི་འཕགས་པའི་ཆོས་རྣམས་སོ་ཞེས་ཁ་ཅིག་ཇི་ལྟར་ཡང་དག་པ་ཉིད་ཡིན་པར་རྟོགས་པར་བྱེད་པར་འགྱུར། དེ་བས་ན་བཅོམ་ལྡན་འདས་གང་དག་འདི་སྐད་དུ་ འདི་དག་ནི་སོ་སོའི་སྐྱེ་བོའི་ཆོས་རྣམས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནི་འདི་སྐད་བསྟན་ཏེ། དེ་དག་ནི་ལོག་པར་རྣམ་པར་རྟོག་པ་ཁོ་ན་ཡིན་ཏེ་དངོས་པོ་ཐམས་ཅད་ལ་ཁྱབ་པར་བྱེད་པ་ནི་གསལ་བར་རྟོགས་པ་དང་། ལུང་གིས་ཤེས་པར་བྱ་བ་ཡིན་དུ་ཟིན་གྱིས་ཀྱང་ཕྱིན་ཅི་ལོག་ ཏུ་མངོན་པར་ཞེན་པ་ཡིན་པའི་ཕྱིར་རོ། །དེ་དག་ལ་འདི་སྐད་བརྗོད་པར་བྱ་སྟེ། ཡང་དག་པའི་ཡེ་ཤེས་ལ་སོགས་པ་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་ལ་རག་ལས་པ་ཡིན་པས་དགེ་བའི་བཤེས་གཉེན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་ ལ་བསྙེན་བཀུར་གྱིས་ཤིག་དང་། དེ་ནས་ཕྱིས་འདི་དག་ནི་སོ་སོའི་སྐྱེ་བོའི་ཆོས་རྣམས་སོ། །འདི་དག་ནི་འཕགས་པའི་ཆོས་རྣམས་སོ་ཞེས་ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི་བདེན་པ་ཡུལ་རྣམ་པར་དབྱེ་བ་ཤེས་པར་འགྱུར་རོ། །གལ་ཏེ་དགེ་བའི་བཤེས་གཉེན་ལ་བརྟེན་པས་ རྣམ་པར་རྟོག་པ་འདི་དག་སྤོང་བ་ཡིན་ན་དགེ་བའི་བཤེས་གཉེན་ནི་དཔག་ཏུ་མེད་པ་གྲངས་མེད་པ་ལ་བསྙེན་བཀུར་བྱས་པ་ཁྱོད་ཀྱིས་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ཀྱི་མཆོག་དེ་བཞིན་གཤེགས་པ་ཡིན་པ་དང་། དེ་བཞིན་དུ་བསམ་གྱིས་མི་ཁྱབ་པའི་ ཆོས་དང་ལྡན་པ་དང་། ཉན་ཐོས་རྣམས་རྣམ་པར་འདུལ་བར་མཛད་པ་དང་། བསོད་ནམས་ཀྱི་ཞིང་དམ་པ་ཡིན་པར་རྣམ་པར་རྟོག་པ་གང་ཡིན་པ་འདི་དག་ཅིའི་ཕྱིར་སྣང་སྙམ་དུ་ཁ་ཅིག་དོགས་པ་ལ། དེའི་ལན་གོ་རིམས་བཞིན་དུ་གདབ་པའི་ཕྱིར། འཇམ་དཔལ་ཁྱོད་དེ་བཞིན་གཤེགས་ པ་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་འདོད་དམ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཇི་ཙམ་དུ་འབྲས་བུ་ཐོབ་པར་སྟོན་པ་ལ་བདག་གི་རྣམ་པར་རྟོག་པ་འདི་ནི་ཀུན་རྫོབ་ཀྱི་ལམ་གྱི་རྗེས་སུ་འབྲངས་པ་ཡིན་གྱི་ཡང་དག་པ་ཉིད་དུ་མངོན་པར་ཞེན་པ་ཉིད་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གལ་ ཏེ་འདི་ལ་སེམས་ཅན་དུ་ཡོངས་སུ་གྲུབ་པ་འགའ་ཞིག་མཆིས་ན་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་ཉིད་ནི་དོན་དམ་པར་ཡོངས་སུ་མ་གྲུབ་སྟེ། ཆོས་དང་གང་ཟག་ལ་བདག་མེད་པ་ཡིན་པའི་ཕྱིར་རོ། །དེ་ལ་ལྟོས་ནས་དེ་བཞིན་གཤེགས་པ་མཆོག་ཡིན་པར་ལྟ་ག་ལ་འགྱུར་ ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་བསམ་པའི་ཆོས་དང་ལྡན་པ་འགའ་ཞིག་མཆིས་ན་ནི་ཞེས་བྱ་བ་འདི་ལ་ཡང་ཆོས་དང་གང་ཟག་ལ་བདག་མེད་པ་ཁོ་ནའི་ཆོས་དང་ཆོས་ཅན་དེ་དང་ལྡན་པའམ། འཐོབ་པའི་ངོ་བོའམ། འབྲེལ་པའི་ངོ་བོ་མེད་པའི་ཕྱིར་བསམ་པའི་ཆོས་དང་ལྡན་པ་ འགའ་ཡང་ཡོད་པ་མ་ཡིན་ན་དེ་ལ་ལྟོས་ནས་དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་པའི་ཆོས་དང་ལྡན་པ་ཉིད་དུ་ལྟ་ག་ལ་འགྱུར་ཞེས་དགོངས་པའོ། །བཅོམ་ལྡན་འདས་གལ་ཏེ་ལ་ལ་ཞིག་བསམ་གྱིས་མི་ཁྱབ་པའི་དབྱིངས་འདུལ་བར་འགྱུར་ན་ནི་ཞེས་བྱ་བ་ནི་འདི་ལྟར་འདུལ་བ་ནི་ སྐྱོན་རྣམས་དང་བྲལ་བ་དང་། ཡོན་ཏན་རྣམས་འབྱུང་བར་བྱེད་པའོ། །ཉན་ཐོས་ཞེས་བྱ་བ་དེ་དག་འདུལ་བར་བྱེད་པ་དེ་ལས་མ་གཏོགས་པ་གཞན་བསམ་གྱིས་མི་ཁྱབ་པ་ཡོད་པ་མ་ཡིན་ཏེ། འདི་ལྟར་འདོད་ཆགས་ལ་སོགས་པའི་སྐྱོན་གང་དག་ཡིན་པ་དེ་དག་རང་གི་ངང་གིས་རྣམ་པར་ ཞིག་པ་ནི་བཏུལ་བ་མ་ཡིན་ནོ། །ཡོན་ཏན་གང་དག་ཡིན་པ་གཉེན་པོ་གོམས་པ་ཡང་རང་བཞིན་གྱིས་རྣམ་པར་དག་པར་འགྱུར་བ་སྟེ། དེ་དག་ཀྱང་སྔོན་མ་དུལ་བ་མ་ཡིན་ན་ཇི་ལྟར་བཏུལ་བ་ཞེས་བྱ། དེ་བས་ན་སྔོན་སྨ་མ་ཕབ་པའི་འདུ་བྱེད་རྣམས་ལ་གཅིག་པོར་མངོན་པར་ཞེན་ནས་ བྱིས་པ་ཡང་དག་པ་མ་ཡིན་པ་མཐོང་བ་རྣམས་ཀྱི་མི་བདེན་པའི་བློས་བཏུལ་ལོ་སྙམ་པའི་ཐ་སྙད་འཇུག་པ་ཡིན་པས་བདག་ལ་ནི་ཉན་ཐོས་རྣམས་དེ་བཞིན་གཤེགས་པས་བཏུལ་ལོ་སྙམ་དུ་རྣམ་པར་རྟོག་པ་མཆིས་པ་མ་ལགས་སོ། །གཞན་ཡང་སྐྱོབ་པའི་རྣམ་པར་མི་རྟོག་པའི་དབང་ཙམ་ ཁོ་ནས་བཏུལ་བ་གྲུབ་པར་འགྱུར་ཏེ། དེ་བས་ན་བཏུལ་ལོ་སྙམ་པའི་ཐ་སྙད་འཇུག་པ་ཡིན་གྱི། བཅོམ་ལྡན་འདས་ནི་དེ་དག་འདུལ་བར་ལན་འགའ་ཡང་མཛད་པ་མ་ཡིན་ནོ། །དེ་བས་ཀྱང་བདག་ནི་དེ་བཞིན་གཤེགས་པས་བཏུལ་ལོ་སྙམ་དུ་མི་སེམས་སོ། །བཅོམ་ལྡན་འདས་ སངས་རྒྱས་འབྱུང་བ་ནི་གང་ལ་ཡང་ཕན་པའམ། གནོད་པར་ཡང་ཉེ་བར་གནས་པ་མ་ལགས་སོ་ཞེས་བྱ་བ་ལ་ཕན་པ་ནི་ཡོན་ཏན་གྱི་ཚོགས་སོ། །གནོད་པ་ནི་སྐྱོན་གྱི་ཚོགས་སོ། །ཉེ་བར་གནས་པ་ནི་འཇུག་པ་དང་བློ་སྔོན་དུ་བཏང་སྟེ་བྱེད་ཅེས་བྱ་བའི་བར་དུ་ཡིན་ནོ། །དེ་ཅིའི་ སླད་དུ་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་འགའ་ལ་ཡང་ཕན་པ་དང་གནོད་པ་གཉིས་བྱེད་པར་ཉེ་བར་གནས་པ་མ་ཡིན་ན། དེ་ཇི་ལྟར་སོ་སོའི་སྐྱེ་བོ་ལ་བསམ་པའི་ཆོས་དང་ལྡན་པ་རྣམས་བསལ་ནས་ཉན་ཐོས་ལ་སོགས་པ་ལ་བསམ་གྱིས་མི་ཁྱབ་པའི་ཆོས་དང་ལྡན་པར་སྒྲུབ་པར་མཛད་ཅེས་བྱ་བའི་ ཐ་ཚིག་གོ། །དེ་ཉིད་བརྫུན་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། འདི་ལྟར་དབྱིངས་འདི་ནི་གནས་པ་ཉིད་དང་ཞེས་གསུངས་ཏེ། སོ་སོའི་སྐྱེ་བོའི་གནས་སྐབས་ན་ཡང་གནས་པ་ཉིད་དོ་ཞེས་དགོངས་པའོ། །དབྱིངས་འདི་ནི་མ་འདྲེས་པ་ཉིད་དེ་ཞེས་བྱ་བ་ནི་བསམ་པར་བྱ་བའི་ཆོས་དང་ལྡན་ པ་དང་མ་འདྲེས་པར་གྱུར་པ་སྟེ་དུས་ཐམས་ཅད་དུ་དབྱིངས་དེ་ལྟ་བུ་ཡིན་པའོ། །དབྱིངས་དེ་གང་ཡིན་ཞེ་ན། འདི་ལྟ་སྟེ་བསམ་གྱིས་མི་ཁྱབ་པའི་དབྱིངས་ལགས་པའི་སླད་དུའོ་ཞེས་གསུངས་ཏེ། སྟོང་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ཀྱི་ཕྱིར། དབྱིངས་དེ་ལ་ནི་ཉན་ཐོས་ཐ་དད་པ་ ནས་སོ་སོའི་སྐྱེ་བོ་ཐ་དད་པའི་བར་དུ་མི་དམིགས་ཏེ་ཀུན་ཀྱང་ངོ་བོ་ཉིད་དེ་ཙམ་དུ་མཉམ་པའི་ཕྱིར་རོ། །དབྱེ་བ་རྣམ་པར་གཞག་པ་ནི་དྲི་མ་སྤངས་པ་དང་། མ་སྤངས་པའོ། །བར་དུ་ཞེས་སྨོས་པས་ནི་བྱང་ཆུབ་སེམས་དཔའ་དང་། རང་རྒྱལ་བ་དང་། རྫོགས་པའི་ སངས་རྒྱས་རྣམས་གཟུང་ངོ་། །བཅོམ་ལྡན་འདས་དངོས་པོ་མ་མཆིས་པ་ཉིད་ཀྱི་སླད་དུ་ཞེས་བྱ་བ་འདི་ལ་གཟུང་བ་ལ་སོགས་པའི་རྣམ་པར་རྟོག་པའི་དངོས་པོ་ཡོད་པ་མ་ཡིན་པས་དེ་བཞིན་གཤེགས་པ་ནི་དངོས་པོ་མེད་པའོ། །དེའི་དངོས་པོ་ནི་དངོས་པོ་མེད་པ་ཉིད་དོ། །དེ་བས་ན་དངོས་པོ་མེད་པ་ ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་ནི་རང་ལ་ཡོད་པའི་བསོད་ནམས་ཀྱི་ཞིང་དང་གཞན་ཡིན་ཏེ། དེ་ནི་དེའི་ངོ་བོ་ཡིན་པའི་ཕྱིར་རོ། །གཏན་ཚིགས་དེའི་སླད་དུ་དེ་ནི་ཐམས་ཅད་པས་ལྷག་པར་བསོད་ནམས་ཀྱི་ཞིང་བླ་ན་མ་མཆིས་པའོ། །འདིའི་ཕྱིར་ཡང་བླ་ན་མེད་པ་ཡིན་ཏེ། ཤིན་ཏུ་སྦྱངས་པ་ཡིན་ པའི་ཕྱིར་དང་། ཡུན་རིང་པོར་གནས་པའི་ཕྱིར་དང་། འབྲས་བུ་མི་ཉུང་བ་རབ་ཏུ་སྦྱིན་པའི་ཕྱིར་རོ། །དེ་དག་ཉིད་གོ་རིམས་བཞིན་དུ་བསྟན་པའི་ཕྱིར་དེ་ནི་ཞིང་གང་བ་མ་ལགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐྱོན་རྣམས་ཀྱིས་གང་བ་མ་ལགས། ཡོན་ཏན་རྣམས་ཀྱིས་མ་གང་བ་ཡང་མ་ལགས་པའོ། ། བཅོམ་ལྡན་འདས་ཡང་དེ་ལ་ཆོས་གང་ཡང་དག་པར་འགྲུབ་པར་མི་འགྱུར་ཞེས་བྱ་བ་ནི་ཉོན་མོངས་པའི་བག་ཆགས་ཀྱང་ངོ་། །བས་པར་མི་འགྱུར་ཞེས་བྱ་བ་ནི་འཇིག་རྟེན་སའི་ཡོན་ཏན་དང་མྱ་ངན་ལས་འདས་པ་ཡང་ངོ་། །དེ་ལ་ས་བོན་བཏབ་པ་ནི་རྣམ་པར་མི་འཕེལ་ཞིང་ཡོངས་སུ་མི་འགྲིབ་བོ་ཞེས་བྱ་ བ་ལ། དེ་ལ་ཞེས་བྱ་བ་ནི་ཡུལ་དེ་ལའོ། །ས་བོན་ནི་དེ་ལ་དམིགས་པའི་དགེ་བ་སྟེ། རང་གི་རྒྱུད་ལ་དགེ་བའི་ས་བོན་བཞག་ཅིང་ཡོད་པའི་ཐ་ཚིག་གོ། །གལ་ཏེ་འགྲིབ་པ་མེད་ཅིང་འཕེལ་བ་མེད་ན་འོ་ན་ནི་འབྲས་བུ་མཉམ་པར་འགྱུར་རོ། །དེ་ལྟ་ན་ཡང་ཁྱད་པར་དུ་འཕགས་པ་མེད་པའི་ ཕྱིར་བླ་ན་མེད་པ་ཉིད་མ་ཡིན་པར་འགྱུར་རོ་ཞེས་དོགས་ནས། འཇམ་དཔལ་ཁྱོད་ཀྱིས་ཅི་ལས་བསམས་ཏེ། ཞིང་དེ་ལ་ས་བོན་བཏབ་པ་ཞེས་བྱ་བ་ལ་སོགས་པ་བཀའ་སྩལ་ཏོ། །བཅོམ་ལྡན་འདས་འདི་ལྟར་ཞིང་དེ་ནི་ཞེས་བྱ་བ་ལ་སོགས་པ་ནི་བརྗོད་པར་བཞེད་པ་སྟོན་པ་ཡིན་ནོ། །བསམ་ གྱིས་མི་ཁྱབ་པ་ཞེས་བྱ་བ་ནི་ལྷག་མ་མེད་པའོ། །འདི་སྐད་བསྟན་ཏེ། ཡུལ་བསམ་གྱིས་མི་ཁྱབ་པ་ལ་ས་བོན་བཏབ་པ་ནི་འབྲས་བུ་བསམ་གྱིས་མི་ཁྱབ་པ་ཉིད་དུ་འགྱུར་ཏེ། འབྲས་བུ་ནི་རྒྱུ་དང་འབྲས་བུ་མཐུན་པའི་ཕྱིར་རོ། །དེ་ལ་འབྲས་བུ་བསམ་གྱིས་མི་ཁྱབ་པ་ཡང་སངས་རྒྱས་ ཉིད་ཡིན་ལ། དེ་ཡང་འགྲིབ་པ་མེད་ཅིང་འཕེལ་བ་མེད་དེ། བླ་ན་མེད་པ་ཡིན་པའི་ཕྱིར་རོ། །དེ་བས་ན་ས་བོན་ཡང་འབྲས་བུའི་སྒོ་ནས་འགྲིབ་པ་མེད་པ་དང་འཕེལ་བ་མེད་པ་ཞེས་བཤད་དོ། །དེས་ན་དེའི་ཚེ་སངས་རྒྱས་ཀྱི་མཐུས་ཞེས་བྱ་བ་ལ་སོགས་པ་ནི་སྒྲོ་འདོགས་པ་དང་སྐུར་པ་འདེབས་ པ་དང་བྲལ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ཆེ་བའི་བདག་ཉིད་སྟོན་པར་བྱེད་པ་ཡིན་ནོ། །ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས་པར་གྱུར་ཏོ་ཞེས་བྱ་བ་ནི་ལས་བྱེད་པའི་བྱེ་བྲག་ཡིན་ཏེ། རྣམ་པ་དྲུག་ནི་རབ་ཏུ་གཡོ་བ་དང་། མཐོ་བ་དང་། དམའ་བ་དང་། སྒྲ་འབྱིན་པ་དང་། འགུལ་བ་དང་། འཁྲུག་པའོ། །ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ་ཞེས་བྱ་བ་ནི་ཕྲ་རྒྱས་ཡོད་པ་མ་ཡིན་པས་ཀུན་ནས་དཀྲིས་པ་ལས་རྣམ་པར་གྲོལ་བ་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་ཀྱི་མིག་སྐྱེས་པ་ནི་བདེན་པ་རྟོགས་པ་སྐྱེས་པ་སྟེ། ཤེས་རབ་གང་གིས་གང་ཟག་ ལ་བདག་མེད་པ་ལ་སོགས་པའི་ཆོས་རྣམས་མཐོང་བ་ནི་ཆོས་ཀྱི་མིག་ཅེས་བྱའོ། །ཆོས་སྨོས་པ་ནི་ཤའི་མིག་རྣམ་པར་གཅད་པའི་དོན་ཏེ། དེ་ནི་ལུང་དུ་མ་བསྟན་པ་ཡིན་ནོ། །འདིར་ནི་ཆོས་ཀྱི་བདག་ཉིད་དགེ་བ་ཞེས་བྱ་བའི་ཐ་ཚིག་གོ། །མིག་དང་གསལ་བ་དང་སྣང་བ་དང་ ཤེས་རབ་དང་། ཡེ་ཤེས་བྱ་བ་རྣམས་ཐ་དད་པ་མ་ཡིན་ནོ། །ཆོས་ལ་ཞེས་བྱ་བ་ནི་སྡུག་བསྔལ་ལ་སོགས་པ་འཕགས་པའི་བདེན་པ་ལ་བྱའོ། །མིག་དེ་ཡང་རྡུལ་དང་བྲལ་བ་ཡིན་ཏེ། འདོད་ཆགས་ལ་སོགས་པའི་རྡུལ་མེད་པའོ། །དེ་ཉིད་ཀྱི་ཕྱིར་དྲི་མ་མེད་པ་ཡིན་ཏེ། འདོད་ཆགས་ ལ་སོགས་པའི་དྲི་མ་དང་བྲལ་བའི་ཕྱིར་རོ། །འདི་ཡང་ཚིག་སྔ་མ་ཉིད་རྣམ་པར་འབྱེད་པའོ། །ཡང་ལྟ་བའི་ངོ་བོའི་རྡུལ་དང་བྲལ་བའི་དབང་དུ་བྱས་པ་ནི་ཚིག་སྔ་མ་ཡིན་ནོ། །ལྟ་བ་མ་ཡིན་པའི་ངོ་བོའི་དྲི་མ་མེད་པ་ལ་དགོངས་པ་ནི་ཕྱི་མ་ཡིན་ནོ། །ཆོས་གོས་ཕྲག་པ་གཅིག་ལ་ གཟར་ནས་ཞེས་བྱ་བ་ནི་ཆོས་གོས་ཟླུམ་པོར་གྱོན་པ་བཏང་ནས་ཕྲག་པ་གཡོན་པ་ལ་གཟར་ཞེས་བྱ་བའི་ཐ་ཚིག་གོ། །འདི་ཕྲག་པ་གཅིག་ཏུ་ཞེས་ཚིག་རྣམ་པར་སྦྱར་རོ། །འདིའི་རྒྱུ་གང་ལགས་རྐྱེན་གང་ལགས་ཞེས་བྱ་བ་ནི་རྣམ་གྲངས་ཡིན་ཏེ། ཇི་ལྟར་གཞན་ དག་ནས། ཡང་དག་པའི་ལྟ་བ་སྐྱེད་པའི་རྒྱུ་གཉིས། རྐྱེན་གཉིས་ཏེ། གཞན་གྱི་སྒྲ་དང་། ནང་གི་ཚུལ་བཞིན་ཡིད་ལ་བྱེད་པའོ་ཞེས་གསུངས་པ་ལྟ་བུའོ། །ལྷ་ལ་སོགས་པའི་མཐུ་ཡོངས་སུ་སྤང་བའི་ཕྱིར་རྒྱུ་གང་ལགས་ཞེས་གསུངས་སོ། །འདི་སྔོན་གྱི་སངས་རྒྱས་བཅོམ་ལྡན་འདས་ རྣམས་ཀྱིས་ཀྱང་ཞེས་བྱ་བ་ནི་བཅོམ་ལྡན་འདས་འོད་སྲུངས་ལ་སོགས་པས་སོ། །གཞན་དག་ན་རེ་འདིས་ཆོས་ཀྱི་རྣམ་གྲངས་སངས་རྒྱས་ཀྱི་ལམ་སྟོན་པར་བྱེད་པའི་ཕྱིར་དེ་བཞིན་དུ་ཐོག་མ་མེད་པའི་དུས་ཅན་ནོ་ཞེས་འཆད་པ་དེ་ནི་རིགས་པ་མ་ཡིན་ཏེ། ཡུལ་དེ་ནི་ཀུན་རྫོབ་ཏུ་ཡང་ཐོག་མ་མེད་པ་ ཉིད་མེད་པའི་ཕྱིར་ཏེ། འཆགས་པའི་སྔ་རོལ་ན་མེད་པའི་ཕྱིར་རོ། །དེ་བས་ན་འཕགས་པ་ཤཱ་རིའི་བུས་ཆོས་ཀྱི་རྣམ་གྲངས་ཀྱི་ཆོ་འཕྲུལ་དང་། བསམ་གྱིས་མི་ཁྱབ་ཅིང་དཔེ་མེད་པའི་འབྲས་བུ་ཚེ་འདི་ལ་འཐོབ་པ་དམིགས་ནས་འཕགས་པ་འཇམ་པའི་གསུང་ལ་གུས་པ་སྐྱེས་ཏེ་ཤིན་ཏུ་ བསྟོད་པའི་ཆེད་དུ་བཅོམ་ལྡན་འདས་འཇམ་དཔལ་འདི་ནི་བསམ་གྱིས་མི་ཁྱབ་པའི་དཔལ་ལོ་ཞེས་དེ་སྐད་གསོལ་ཏེ། བསམ་གྱིས་མི་ཁྱབ་པ་ན་ལྷག་པ་མེད་པའོ། །དཔལ་ནི་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཤེས་རབ་ལ་སོགས་པའི་འབྱོར་པ་སྟེ། དེ་འདི་ལ་ཡོད་པའི་ཕྱིར་རོ། ། དེ་ཅིའི་སླད་དུ་ཞེ་ན་ཞེས་རྒོལ་བའི་བསམ་པ་ནི་འདི་ཡིན་ཏེ། རྒྱུད་གཞན་ལ་ཡོད་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དེ་ཇི་ལྟར་ཁྱོད་ཀྱིས་རྟོགས་པར་ནུས། འདི་ལྟར་རེ་ཞིག་ཁྱོད་ཀྱིས་སེམས་ཀྱི་རྣམ་གྲངས་ཤེས་པའི་མངོན་པར་ཤེས་པ་ནི་འདི་ལ་མངོན་སུམ་དུ་འཇུག་པར་ནུས་པ་མ་ཡིན་ བདག་མེད་པ་གཉིས་ཁོང་དུ་ཆུད་པས་ཤིན་ཏུ་ཤེས་རབ་ཀྱི་དབང་པོ་རྣོ་བ་ཡིན་པའི་ཕྱིར་དང་། བདེ་བར་གཤེགས་པའི་གོ་འཕང་དང་ཉེ་བ་ཡིན་པའི་ཕྱིར་རོ། །ས་དང་དབང་པོ་གང་ཟག་གང་འདས་དང་། །ཞིག་དང་མ་སྐྱེས་དེ་དག་རྟོག་པ་མེད། །ཅེས་གསུངས་པ་ཡིན་ནོ། །ཡུལ་འདི་ལྟ་ བུ་ལ་རྗེས་སུ་དཔག་པ་འཇུག་པ་ཡང་མེད་དེ། འདི་ལྟར་གཞན་གྱི་སྐྱོན་དང་ཡོན་ཏན་རྟོགས་པ་ངེས་པར་བྱ་བ་ལ་རྟགས་ཡོད་པ་མ་ཡིན་ཏེ། དེ་ནི་སེམས་ཀྱི་ཆོས་ཡིན་པ་ཉིད་ཀྱིས་དབང་པོའི་ཡུལ་ལས་འདས་པའི་ཕྱིར་རོ། །རང་གི་ལུས་དང་ངག་གི་ཐ་སྙད་ལ་རྗེས་སུ་དཔོག་ན་ཡང་ཐ་ སྙད་ནི་སྐྱེས་བུའི་འདོད་པ་ཙམ་ལ་བརྟེན་ཏེ་འཇུག་པ་ཡིན་པས་དེ་གཞན་དུ་བྱ་བར་ཡང་ནུས་པ་མ་ཡིན་ནོ། །སེམས་ལ་ཤིན་ཏུ་རྣམ་པར་མ་ངེས་པ་འདོད་པ་དང་བྲལ་བ་ཁྱོད་འདྲ་བས་ནི་གཞན་གྱིས་བརྗོད་པར་ཤིན་ཏུ་ནུས་པ་མ་ཡིན་ནོ་ཞེ་ན། འདིའི་ལན་དུ། འདི་ལྟར་འདིའི་སྤོབས་པ་གང་ དང་གང་ལགས་པའི་སྤོབས་པ་དེ་དང་དེ་ཉིད་བསམ་གྱིས་མི་ཁྱབ་པ་ཉིད་ལགས་སོ་ཞེས་བྱ་བས་འདི་སྐད་བསྟན་ཏེ། ཚིག་ཁྱད་པར་ཅན་གྱི་རྒྱུ་ནི་རྒྱུད་གཞན་ལ་ཡོད་པའི་ཡོན་ཏན་གྱི་བྱེ་བྲག་རྟོགས་པ་ཡིན་ལ། ཚིག་ཁྱད་པར་ཅན་དེ་ཡང་ཚད་མ་དང་ལྡན་པའི་དོན་སྟོན་པར་བྱེད་པ་ཉིད་ཀྱིས་ སྨྲ་བ་པོས་ཡང་དག་པར་རྟོགས་པ་དང་། ཕྱིན་ཅི་མ་ལོག་པར་མཐོང་བའི་མཆོག་དང་། གཞན་གྱི་དོན་གྱི་རྗེས་སུ་འབྲང་བའི་བསམ་པ་རྟོགས་པར་བྱེད་པ་ཡིན་ན། ཚིག་ལ་འདིར་ཤིན་ཏུ་མི་འཐད་པ་ཅི་ཡོད། བཅོམ་ལྡན་འདས་ཀྱིས་ཀྱང་བརྗོད་པར་བྱ་བའི་ལྷག་མ་ལུས་པར་གཟིགས་ ནས་གདམས་ངག་གི་གཏམ་གྱི་རྒྱུད་མི་གཅད་པའི་ཕྱིར་གླེང་སློང་བ་མཛད་པ་ནི། དགེ་སློང་ཤ་ར་དྭ་ཏིའི་བུས་ཚིག་ཇི་སྐད་སྨྲས་པ་དེ་དེ་བཞིན་ཏེ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །འཕགས་པས་ཀྱང་དེ་ཁོ་ན་ཉིད་བརྗོད་པའི་ཕྱིར་བཙུན་པས་སྨྲས་པ་སེལ་བར་མཛད་པ་ནི། བཅོམ་ལྡན་འདས་བསམ་ གྱིས་མི་ཁྱབ་ན་སྤོབས་པར་མི་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དགོངས་པ་ནི་འདི་ལྟ་སྟེ་སྤོབས་པ་དེ་དག་ཐམས་ཅད་ནི་བསམ་གྱིས་མི་ཁྱབ་པ་ཉིད་དོ་ཞེས་བྱ་བས་ཅི་བསྟན་པར་འགྱུར་ཞེ་ན། ཅི་བསམ་གྱིས་མི་ཁྱབ་པའི་བདག་ཉིད་གཟུང་བའི་རྣམ་པར་སྣང་ངམ། འོན་ཏེ་ཅི་གཉིས་སུ་ མེད་པ་ཉིད་བསམ་གྱིས་མི་ཁྱབ་པའི་བདག་ཉིད་དུ་སྐྱེའམ། ཅི་ནང་དུ་བརྗོད་པའི་ངོ་བོ་དང་ལྡན་པའི་ཕྱིར་འདི་བསམ་གྱིས་མི་ཁྱབ་པ་ཡིན་ནོ་ཞེས་གཉིས་སུ་འབྱུང་བ་ཡིན། བཙུན་པས་བདག་ལ་སྨྲས་པར་གྱུར་པ་དེ་གཞན་དག་ལས་བྱེ་བྲག་ཅི་ཡོད་ཅེས་དགོངས་པའོ། །འདི་སྙམ་དུ་ དགོངས་ཏེ། སྒྲ་དང་དེའི་དོན་མཐའ་དག་ནི་བསམ་པར་བྱ་བར་འགྱུར་ཏེ། དེ་གཉིས་རྣམ་པར་རྟོག་པའི་ཤེས་པའི་ཡུལ་ཡིན་པའི་ཕྱིར་རོ། །དེ་དག་ནི་མི་རིགས་པར་སྨྲས་པ་མ་ཡིན་ནམ། གང་བསམ་གྱིས་མི་ཁྱབ་པ་མ་ལགས་པ་ནི་ཅི་ཡང་མ་མཆིས་ སོ། །དེ་ཉིད་ཀྱི་ཕྱིར། བཅོམ་ལྡན་འདས་སྒྲ་ཐམས་ཅད་ནི་བསམ་གྱིས་མི་ཁྱབ་པ་སྟེ་ཞེས་གསུངས་ཏེ། སྒྲ་སྨོས་པས་དེའི་དོན་ཡང་མཚོན་པར་བྱེད་པ་ཡིན་ནོ། །འདི་སྙམ་དུ་དགོངས་ཏེ། སྒྲ་དང་དོན་དེ་གཉིས་ནི་ཕྱིའི་གཟུགས་ཀྱི་ངོ་བོ་གསལ་བའི་བདག་ཉིད་དམ། སྤྱིའི་ ངོ་བོའམ། བློ་ལ་སྣང་བའི་མཚན་ཉིད་ཅིག་ཡིན་གྲང་ན། དེ་དག་ནི་དོན་དམ་པར་རྣམ་པར་རྟོག་པའི་ཤེས་པའི་ཡུལ་དུ་མི་འགྱུར་ཏེ། ཐམས་ཅད་ལས་ཀྱང་། གསལ་བ་གཉིས་སུ་མི་འགྱུར་ཏེ། །གཞན་དུ་འགྲོ་བར་སྣང་བ་ཡིན། །ཤེས་པ་དག་ལ་མ་གཏོགས་པར། ། ཇི་ལྟར་དོན་གཞན་འགྲུབ་པར་འགྱུར། །དེ་བས་ལོག་པར་རྣམ་རྟོག་པའི། །སྒྲ་དོན་འདི་ཀུན་རྣམ་པར་ངེས། །བག་ཆགས་ལས་བྱུང་ཐོག་མ་མེད། །རང་གི་བསམ་ལས་རྣམ་པར་ལོག །ཅེས་འབྱུང་ངོ་། །ཕྱོགས་གསུམ་པ་སེལ་བ་ནི་བསམ་གྱིས་མི་ཁྱབ་པ་ཉིད་ཀྱི་ སྒྲ་ནི་བསྟན་པར་མི་ནུས་སོ་ཞེས་བྱ་བ་ཡིན་ཏེ། བསམ་གྱིས་མི་ཁྱབ་པ་ཉིད་ཅེས་བྱ་བ་ནི་བསམ་གྱིས་མི་ཁྱབ་པའི་ངོ་བོའོ། །སྒྲ་ཞེས་བྱ་བ་ནི་སྒྲའི་དོན་ལ་བྱ་སྟེ། སྒྲའི་རྣམ་པའི་རྗེས་སུ་འབྲང་བའི་ཕྱིར་སྒྲའི་དོན་ལ་སྒྲ་ཞེས་གསུངས་སོ། །སྒྲའི་དོན་མེད་དུ་ཟིན་ཀྱང་རང་བཞིན་ལ་གོ་ འགལ་བ་ཅི་ཡོད་ཅེ་ན། སྒྲ་མ་ལགས་པ་ཡང་ཞེས་གསུངས་ཏེ། སྒྲའི་དོན་མ་ལགས་པ་ཡང་བསྟན་པར་མི་ནུས་སོ། །བརྗོད་པར་མི་ནུས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དོན་ནི་འདི་ཡིན་ཏེ་ནང་དུ་བརྗོད་པ་ཡང་ཇི་ལྟར་དེའི་སྤྱིའི་རྣམ་པའི་སྒྲའི་དོན་ཉིད་དུ་རང་གི་རྣམ་པ་ལ་མངོན་པར་ ཞེན་པ་དེ་བཞིན་དུ་འདི་ཡང་ཡོད་པ་མ་ཡིན་ཏེ། ཇི་ལྟ་བ་བཞིན་དུ་མངོན་པར་ཞེན་པ་དང་ལྡན་པའི་ཕྱིར་དང་། དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་མངོན་པར་མ་རྟོགས་པའི་ཕྱིར་རོ། །དེ་ནས་ཡང་བཙུན་པའི་དགོངས་པ་ནི་འདི་ལྟ་སྟེ། གང་གི་ཕྱིར་འདི་ནི་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་ འཛིན་ལ་སྙོམས་པར་འཇུག་གོ། །སོ་སོའི་སྐྱེ་བོ་ལ་སོགས་པ་ནི་མ་ཡིན་ནོ། །དེ་བས་ན་འདི་ཉིད་རེ་ཞིག་དེ་ཙམ་གྱིས་བསམ་གྱིས་མི་ཁྱབ་པ་སྤོབས་པ་ལགས་སོ་ཞེས་བཤད་དོ་ཞེ་ན། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཁྱོད་བསམ་གྱིས་མི་ ཁྱབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གམ་ཞེས་གསུངས་སོ། །དེ་ཉིད་ཀྱང་སྤོང་བར་བྱེད་པ་ནི་བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ་ཞེས་བྱ་བ་ཡིན་ནོ། །འདི་ཉིད་རྣམ་པར་འབྱེད་པ་ནི་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ལ་བདག་སྙོམས་པར་མི་འཇུག་གོ་ཞེས་བྱ་བ་ཡིན་ནོ། ། དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་ནི་དེས་རབ་ཏུ་ཕྱེ་བ་ཡིན་ན་ཇི་ལྟར་དེ་ལ་སྙོམས་པར་མི་འཇུག་ཅེས་བསམས་པའོ། །ལན་དུ་བཅོམ་ལྡན་འདས་འདི་ལྟར་བདག་ཉིད་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ལགས་པའི་སླད་དུའོ་ཞེས་བྱ་བ་ཡིན་ནོ། །གོང་དུ་ཏིང་ངེ་འཛིན་གྱི་སྒྲ་སྨོས་པ་ དེར་ཡང་འདིའི་དོན་གྱིས་ཁོང་ནས་དབྱུང་བར་བྱའོ། །འདི་ལྟར་འགྱུར་ཏེ། བཅོམ་ལྡན་འདས་གལ་ཏེ་བདག་བསམ་དུ་རུང་བ་ལགས་ན་ནི་བདག་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ། །བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ལས་ལོགས་ཤིག་ན་ཡོད་ན་ ཞེས་བྱ་བའི་ཐ་ཚིག་གོ། །དོན་འདི་ཡང་ཡོད་པ་མ་ཡིན་ཏེ། འདི་ལྟར་བཅོམ་ལྡན་འདས་བསམ་དུ་མ་མཆིས་པའི་ཏིང་ངེ་འཛིན་ཞེས་བགྱི་བ་དེ་ནི་བསམ་དུ་མ་མཆིས་པ། བསམ་གྱིས་མི་ཁྱབ་པ་བསམ་གྱིས་མི་ལང་བ་ལགས་ཏེ་གང་གི་ཕྱིར་བསམ་དུ་མ་མཆིས་ཏེ་བསམ་པ་ལས་ འདས་པ་དེ་བས་ན་དོན་བསམ་གྱིས་མི་ལང་བ་ལགས་སོ། །བརྗོད་པ་ཙམ་དུ་ཏིང་ངེ་འཛིན་སྨོས་སོ། །དེ་བས་ན་ཇི་ལྟར་བདག་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བགྱི་སྟེ། ལོགས་ཤིག་ན་མི་སྲིད་པའི་ཕྱིར་མི་བགྱིད་དོ། །གང་གི་ཚེ་རྣམ་པར་ ཤེས་པ་ཉིད་ཀྱི་སྐད་ཅིག་མ་གཅིག་ལ་གཉིས་སུ་མེད་པ་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་གྱི་ངོ་བོ་དང་ལྡན་པ་སྐྱེ་བ་དེ་ལ་ཡང་དག་པར་སྙོམས་པར་འཇུག་པ་པོ་དང་། སྙོམས་པར་འཇུག་པ་དང་། སྙོམས་པར་འཇུག་པར་བྱ་བ་དག་མེད་པ་ཡིན་ན། དེའི་ཚེ་ཇི་ལྟར་བདག་བསམ་ གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའམ། སྙོམས་པར་ཞུགས་པའམ། སྙོམས་པར་འཇུག་པར་འགྱུར་བ་ཡིན། ཁ་ཅིག་ལས་བསམ་པ་ལས་འདས་པ། བསམ་བྱ་མེད་པ། བསམ་གྱིས་མི་ཁྱབ་པ་ཞེས་འབྱུང་སྟེ། དེའི་དོན་ཡང་འདི་ཡིན་ཏེ། བསམ་པར་བྱ་བའི་ངོ་བོ་འདི་ལས་འདས་པས་བསམ་པ་ལས་འདས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བསམ་བྱ་མེད་པ་ཡིན་ཏེ། བསམ་བྱར་འོས་པ་མ་ཡིན་པའོ། །གསུམ་པ་ནི་མཇུག་སྡུད་པའི་ཚིག་ཡིན་ནོ། །གལ་ཏེ་དེ་ལྟར་ན་བདག་ནི་བསམ་ གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ་སྙམ་པ་འདི་ཇི་ལྟར་འབྱུང་བར་འགྱུར་ཞེ་ན། དེའི་ཕྱིར་གསུངས་པ། དེ་ལྟ་ལགས་ཀྱིས་ཀྱང་བཅོམ་ལྡན་འདས་བདག་བསྒོམ་པ་ཁྱད་ཞུགས་པ་ཐོབ་པའི་སྔོན་རོལ་ལས་དང་པོ་པ་ཐོག་མ་བརྩོན་པའི་ཚེ་ན་འདི་སྙམ་དུ་ཞེས་ བྱ་བ་ལྷག་མའོ། །དེ་ཇི་ལྟ་བུ་ཞེ་ན། བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ་སྙམ་དུ་དེ་ལྟར་བསམས་པར་གྱུར་ཏོ། །བདེ་བར་གཤེགས་པའི་གོ་འཕང་འདོད་པས་མངོན་དུ་བྱའོ་སྙམ་མོ། །དེ་བསམ་པ་དེ་ཅི་མེད་དམ་ཞེ་ན། གསུངས་པ། བཅོམ་ ལྡན་འདས་ད་ལྟར་ནི་བདག་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་འདི་ལ་སྙོམས་པར་འཇུག་གོ་སྙམ་དུ་ཡང་ཕྱིར་ཡང་དེ་ལ་སེམས་པ་ཀུན་ཏུ་འབྱུང་བ་མ་མཆིས་སོ། །འདིར་སྔར་དཔེ་བསྟན་པས་ལན་གདབ་པའི་ཕྱིར་རོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་ སོགས་པ་གསུངས་སོ། །འཕོང་གི་སློབ་དཔོན་ནི་འཕེན་མཁས་པར་གྱུར་པའོ། །དེ་སྔོན་ལས་དང་པོ་པའི་ས་ནི་སློབ་པའི་ཚེ་བསམ་པ་འདི་སྙམ་དུ་བདག་གིས་འབེན་སྦོམ་པོར་གྱུར་པ་བ་ལང་གི་ཕུར་པ་དག་ལ་ཕོག་པར་བྱའོ་སྙམ་དུ་སེམས་སོ། །བ་ལང་གི་ཕུར་པ་ཞེས་བྱ་བ་ནི་ཕུར་པ་ གང་ལ་བ་ལང་དག་འདོགས་པའོ། །འཕོང་གི་སློབ་དཔོན་དེ་གང་གི་ཚེ་སྐྲའི་ཉག་མ་ཕྲ་མོ་ལ་ཕོག་པར་གྱུར་པ་དེའི་ཚེ་འཕོང་གི་སློབ་དཔོན་དེ་ཡང་བསམ་པ་འདི་སྙམ་དུ་བདག་གིས་བ་ལང་གི་ཕུར་པ་དག་ལ་ཕོག་པར་བྱའོ་སྙམ་དུ་སེམས་པ་མི་འབྱུང་ངོ་། །ཅིའི་ཕྱིར་མི་འབྱུང་ཞེ་ན། འདི་ལྟར་དེ་སྐྲ་ལ་ཕོག་པར་ལེགས་པར་ལོབས་པའི་སླད་དུའོ། །སྐྲ་ཉག་མ་ཕྲ་མོ་ལ་ཕོག་པར་མཁས་ན་བ་ལང་གི་ཕུར་པ་ལ་ཕོག་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་ཐ་ཚིག་གོ། །ཅི་སྟེ་གོམས་པ་མཆོག་ཏུ་གྱུར་མ་ཐག་ཏུ་གང་གི་ཚེ་འཕོང་གི་སློབ་དཔོན་དེ་སྐྲ་ལ་ཕོག་ པར་འཚལ་ཞིང་འདོད་པ་དེའི་ཚེ་བསྒྲིམ་མི་འཚལ་བར་འབད་པ་མེད་པར་སྐྲ་ལ་ཕོག་པར་འགྱུར་ཏེ། སྐྲ་ལ་ཕོག་པར་གོམས་པའི་ཕྱིར་རོ། །བཅོམ་ལྡན་འདས་དེ་བཞིན་དུ་བདག་སྔོན་ནི་ཞེས་བྱ་བ་ལ་སོགས་པས་ནི་དོན་ལ་དཔེའི་དོན་སྦྱོར་བར་བྱེད་པ་ཡིན་ནོ། །གང་གི་ཚེ་བདག་ གིས་རིམ་གྱིས་རྣམ་པར་རྟོག་པ་འཕྲོས་པ་མཐའ་དག་བསལ་ཏེ་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པར་གྱུར་ནས་ཏིང་ངེ་འཛིན་འདིས་ཏིང་ངེ་འཛིན་འདིའི་ངོ་བོས་གནས་པ་དེའི་ཚེ་བདག་སླར་ཡང་ཏིང་ངེ་འཛིན་འདི་ལ་བསམ་པ་འདི་སྙམ་དུ་ཏིང་ངེ་འཛིན་འདིས་གནས་པར་བགྱིའོ་ སྙམ་དུ་མི་སེམས་སོ། །སླར་ཡང་ཞེས་བྱ་བ་ཡང་ཅི་སྟེ་ཤིན་ཏུ་བསྒོམས་པར་མ་གྱུར་བའི་ཚེ་སྔོན་ནི་བྱུང་ལ། ད་ནི་མངོན་པར་ཞེན་པ་མི་འབྱུང་བ་དེ་ཅིའི་སླད་དུ་ཞེ་ན། འདི་ལ་དེའི་བསམ་པ་ཞུགས་ནས་དེ་འཕེལ་ན་གོ་དེའི་བསམ་པ་ཡང་འཕེལ་བའི་རིགས་སོ་ཞེས་བསམས་ པའོ། །འདིའི་ལན་ནི་གང་དང་གང་གི་ཚེ་ཏིང་ངེ་འཛིན་འདིས་གནས་པ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཏིང་ངེ་འཛིན་འདིས་གདགས་སུ་མ་མཆིས་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཕྱིར་ཏེ། གནས་པར་བྱའོ་ཞེས་བྱ་བ་ལ་སོགས་པར་འདོགས་པའི་རྣམ་པར་རྟོག་པ་མེད་པས་ ན་གདགས་སུ་མ་མཆིས་པའོ། །རྣམ་པར་རྟོག་པ་དེ་མེད་པ་ཡང་ཏིང་ངེ་འཛིན་གྱི་ངོ་བོ་ཡིན་པའི་ཕྱིར་རོ། །བཙུན་པས་ཟིན་པ་ནི་ཤིན་ཏུ་ཞི་བའི་ཏིང་ངེ་འཛིན་གཞན་ཡོད་པའི་ཕྱིར་འདི་ལ་ཡིད་རྟོན་པ་མེད་པས་རྣམ་པར་རྟོག་པ་མི་འཇུག་གོ་སྙམ་པ་དེའི་ཕྱིར། བཅོམ་ལྡན་འདས་འཇམ་ དཔལ་གཞོན་ནུར་གྱུར་པ་ནི་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་འདིས་གནས་པའི་ཚེ་འདི་ལ་ཡིད་མི་རྟོན་ན་ཞེས་གསུངས་ཏེ། འདི་ལྟར་གདགས་སུ་མ་མཆིས་པ་ཞེས་གསུངས་ན། འདི་ཉིད་ཤིན་ཏུ་ཞི་བ་ཡིན་པར་མ་རྟོགས་པའི་ཕྱིར། འདི་བས་ཆེས་ཞི་བའི་དངོས་པོ་ གཞན་ཞིག་ཡོད་པར་མངོན་ནོ་ཞེས་སེམས་ཅན་གཞན་ཞིག་སེམས་པའི་ངོར་བྱས་ཏེ། བཅོམ་ལྡན་འདས་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་འདི་བས་ཆེས་ཞི་བའི་ཏིང་ངེ་འཛིན་གཞན་ལྟ་མ་མཆིས་སམ་ཞེས་དྲིས་སོ། །རེ་ཞིག་ཚིག་གི་སྐྱོན་བཟུངས་ བ་ནི་བཙུན་པ་ཤ་ར་དྭ་ཏིའི་བུ་ཁྱོད་ཀྱིས་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་འདི་ཞི་བ་ཡིན་པར་ཇི་ལྟར་ཤེས་ཞེས་བྱ་བ་ཡིན་ནོ། །བཙུན་པ་ནི་ཤིན་ཏུ་ཞི་བའི་ཏིང་ངེ་འཛིན་གཞན་དྲིས་པ་མ་ཡིན་ནམ། འདི་ཞི་བ་ཉིད་དུ་ཁས་བླངས་པ་ནི་མ་ཡིན་ན་ཅིའི་ཕྱིར་དེ་སྐད་དུ་བརྒལ་ཞེ་ན། འདི་ སྙམ་དུ་སེམས་ཏེ། འདི་ཞི་བ་ཉིད་ཡིན་པར་རྟོགས་ན་ནི་གཞན་ཤིན་ཏུ་ཞི་བ་ཉིད་ཡིན་པར་དྲི་བའི་རིགས་ཏེ། འདི་ལྟར་འདི་ཡང་ཞི་བའོ། །འདི་ཡང་ཞི་བའོ། །ཞི་བ་འདི་གཉིས་ཀྱི་ནང་ན་ཤིན་ཏུ་ཞི་བར་འདུག་པ་ཡིན་ནོ་ཞེས་བྱ་བས་ནི་འདི་ཞི་བ་ཉིད་དུ་ངེས་པ་དང་། གཞན་ཤིན་ ཏུ་ཞི་བ་ཡིན་པར་འདྲི་བར་རིགས་སོ། །འདི་ནི་ཞི་བ་ཉིད་ཡིན་པར་ངེས་པར་རིགས་པ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་ནི་ཉན་ཐོས་དག་གིས་མངོན་དུ་བྱེད་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ཚིག་གི་སྐྱོན་བརྗོད་ནས། ད་ནི་ཏིང་ངེ་འཛིན་གདགས་སུ་མེད་ པ་འདིའི་དོན་གསལ་བར་བྱེད་པ་ནི་བཙུན་པ་ཤ་ར་དྭ་ཏིའི་བུ་འདི་སྐད་དུ་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་འདི་བས་ཆེས་ཞི་བའི་ཏིང་ངེ་འཛིན་གཞན་ལྟ་མཆིས་སམ་ཞེས་འདྲི་ན་ཞེས་བྱ་བ་ཡིན་ནོ། །དེ་ལ་གསུངས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་གལ་ཏེ་བསམ་གྱིས་མི་ཁྱབ་པའི་ཏིང་ ངེ་འཛིན་འདི་ཡོད་ཅིང་དེ་བཞིན་དུ་དམིགས་ན་ནི་དེའི་ཚེ་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་འདི་བས་གཞན་ཆེས་ཞི་བའི་ཏིང་ངེ་འཛིན་གཞན་ཡོད་པར་གྱུར་ན་ཇི་ཙམ་དུ་འདི་ཉིད་རེ་ཞིག་ཐོག་མར་ཡོད་པ་མ་ཡིན་ཏེ། མེད་པ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མི་དམིགས་པ་ནི་འདི་ཇི་ ལྟར་ཞི་བ་ཉིད་དུ་ཡོད་པར་འགྱུར། གང་གིས་ན་འདི་བས་གཞན་ཆེས་ཞི་བ་བཙལ་བར་བྱ། འདི་ཡོད་པ་ཁོ་ན་མ་ཡིན་ནམ། དེ་ལྟ་མ་ཡིན་ཏེ། མེད་པ་ཡིན་ན་ཆོས་ལ་བདག་མེད་པ་མངོན་པར་རྟོགས་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་དང་། བྱང་ཆུབ་སེམས་དཔའ་རྣམས་ གཞན་ལས་ཤིན་ཏུ་ཁྱད་པར་དུ་རྣམ་པར་གཞག་པའི་རྒྱུ་མཚན་མེད་པར་ཐལ་བར་འགྱུར་བའི་ཡང་ཕྱིར་རོ། །དེ་བས་ན་དམིགས་པ་ཁོ་ན་ཡིན་ཏེ། དེ་ལྟ་མ་ཡིན་ན་ཡོད་པ་ཡང་མེད་པ་དང་བྱེ་བྲག་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ་སྙམ་དུ་སེམས་པ་ལ། འཇམ་དཔལ་ བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་འདི་མེད་ཅིང་མི་དམིགས་པ་ཡིན་པར་བརྗོད་དམ་ཅི་ཞེས་བྱ་བ་དགོངས་པ་ཡིན་ནོ། །ལན་ནི་བཙུན་པ་ཤ་ར་དྭ་ཏིའི་བུ་འདི་ལྟར་དེ་ནི་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ཏེ་ཞེས་བྱ་བ་ཡིན་ཏེ། འདི་ལ་བསམ་པར་བྱ་བ་གཟུང་བ་ཡོད་པ་མ་ཡིན་ལ། སེམས་གཞན་གྱིས་བསམ་པར་ཡང་ནུས་པ་མ་ཡིན་ནོ། །རང་ལ་སེམས་ཤིང་འཛིན་པར་ཡང་འོས་པ་མ་ཡིན་ཏེ། དེ་བས་ན་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །གཏན་ཚིགས་གང་གིས་དེ་ལྟར་ཡིན་པ་དེ་བས་ན་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་འདི་ནི་མེད་དེ་མི་དམིགས་པའོ་ཞེས་ ཀྱང་སྟོན་ཏོ། །འདིར་བསྡུས་པའི་དོན་ནི་འདི་ཡིན་ཏེ། ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པ་ལ་བྱ་ན། དོན་དམ་པར་སེམས་ཀྱི་རྩེ་མོ་དམིགས་པར་གདགས་པ་གཞན་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ན། གང་གིས་འདི་རྩེ་གཅིག་པའི་ཏིང་ངེ་འཛིན་དུ་འགྲུབ་པར་འགྱུར། དེ་ བས་ན་བརྗོད་པ་ཙམ་ཁོ་ནར་ཟད་དེ། སྤྲོས་པའི་ཚོགས་དང་བྲལ་བ་གློ་བུར་དུ་གཡེང་བའི་དྲི་མས་མ་གོས་པ་རྣམ་པར་མི་རྟོག་པ། འགྱུར་བ་མེད་པ་དྲི་མའི་རྣམ་པས་དབེན་པ་གང་ལ་ཏིང་ངེ་འཛིན་གྱི་མིང་དུ་གཞག་པ་ནི་ཀུན་རྫོབ་ཏུ་ཡོད་པ་ཡིན་ནོ། །འོ་ན་སོ་སོའི་སྐྱེ་བོ་རྣམས་ ལ་ཡང་ཚུལ་དེ་ལྟ་བུར་བརྗོད་པའི་དངོས་པོ་གནས་པ་ཡིན་ཏེ། དུས་ཐམས་ཅད་དུ་ཆོས་ཀྱི་དབྱིངས་ནི་འགྱུར་བ་མེད་པར་ཡོངས་སུ་གྲུབ་པའི་ཕྱིར་རོ། །དེ་བས་ན་དེ་དག་ཀྱང་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་དང་ལྡན་པར་ཐལ་བར་འགྱུར་རོ་ཞེ་ན། དེ་ལ་འདིར་རེ་ཞིག་དེ་ཙམ་དུ་ བརྗོད་པར་འདོད་ནས་བྱིས་པ་རྣམས་ལ་ཡང་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ཡོད་པར་འགྱུར་ན་དེའི་ཕྱིར་ཅུང་ཟད་ཀྱང་མི་འདོད་པར་འགྱུར་བ་མ་ཡིན་པར་དགོངས་ནས། དེ་ལྟ་མོད་ཀྱི་བཙུན་པ་ཤ་ར་དྭ་ཏིའི་བུ་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ཞེས་བྱ་བ་ལ་སོགས་པ་ གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་ཤེས་པ་གཉིས་ལས་དབེན་པ་ཡིན་ཞིང་སྐབས་ཀྱི་དངོས་པོ་ཡོད་དུ་ཟིན་ཀྱང་། སེམས་ཅན་འགའ་ཡང་ཏིང་ངེ་འཛིན་དང་ལྡན་པར་ཐལ་བར་མི་འགྱུར་བ་མ་ཡིན་ནམ། འདི་ལྟར་ཐལ་མ་ཐག་པའི་དོན་ གྱི་ཡོན་ཏན་ཡོད་པ་མ་ཡིན་ནོ་སྙམ་པ་འདི་སེམས་ལ་བཞག་ནས་ཡང་དེའི་ཕྱིར་རོ། །བསམ་པ་ཐམས་ཅད་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསམ་པར་འོས་པ་བསམ་པར་བྱ་བ་ཐམས་ཅད་ནི་བསམ་གྱིས་མི་ཁྱབ་པ་སྟེ་གཟུང་བ་མ་ཡིན་པའོ། །དེས་ན་ཅིར་འགྱུར་ཞེ་ན། གང་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ནི་བསམ་པར་བྱ་བའི་དོན་དང་བྲལ་བའི་ཕྱིར་གཟུང་བས་དབེན་པ་ཉིད་ཡིན་ལ། དེ་ནི་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ཏེ་དངོས་པོ་གནས་པ་ཞེས་བྱའོ། །དེ་བས་ན་དེ་དག་གི་ཆ་ལས་སེམས་ཅན་ཐམས་ཅད་ཀྱང་བསམ་གྱིས་མི་ཁྱབ་པའི་ ཏིང་ངེ་འཛིན་ཐོབ་པར་རྣམ་པར་གཞག་པ་འགལ་བར་མི་འགྱུར་རོ། །ཡང་འཇམ་པའི་གསུང་ལ་དད་པ་ལྷག་པར་སྐྱེས་པ་རྣམས་ཀྱི་དང་བ་བསྐྱེད་པའི་ཕྱིར། འཇམ་དཔལ་ཁྱོད་ཀྱིས་ཟབ་མོ་ཟབ་པའི་གནས་འདི་ལྟ་བུ་འདི་དག་ཐམས་ཅད་བསྟན་པ་ལེགས་སོ་ལེགས་སོ་ཞེས་བྱ་བ་ ལ་སོགས་པ་གསུངས་ཏེ། ཟབ་མོ་ཟབ་པའི་གནས་ཞེས་བྱ་བ་ནི་དོན་ཟབ་པ་ཡིན་ཏེ། སྐུར་པ་འདེབས་པ་དང་། སྒྲོ་འདོགས་པ་དང་བྲལ་བའི་ཕྱིར་རོ། །སྐུར་པ་འདེབས་པ་དང་། སྒྲོ་འདོགས་པར་མི་བྱེད་པ་འདིའི་རྒྱུ་འདི་ཡང་གོ་རིམས་བཞིན་དུ་སྟོན་པར་བྱེད་པ་ནི་འདི་ལྟར་ འཇམ་དཔལ་ཁྱོད་ནི་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དེ་དག་གི་དོན་ནི་བསྟན་ཟིན་ཏོ། །དེ་ལ་ཁ་ཅིག་གི་བློ་ལ་འདི་སྙམ་དུ་འདི་ནི་ཤེས་རབ་ཅན་ཡིན་པའི་ཕྱིར་དེ་ལ་གནས་ཏེ་སྨྲ་བ་ཡིན་གྱི། དངོས་པོའི་དབང་གིས་ནི་མ་ཡིན་ནོ་སྙམ་མོ། །དེ་བས་ ན་བརྙས་པ་ཡོངས་སུ་སྤང་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཅི་འཇམ་དཔལ་ཁྱོད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཁ་ཅིག་འཆད་པ་ནི་དེ་ཅིའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ་འདི་སྐད་སྨྲའོ་སྙམ་དུ་སེམས་ཤིང་བློ་དེ་སྙམ་ བྱེད་དམ་ཞེས་བྱ་བའི་ཐ་ཚིག་གོ། །མ་ལགས་སོ་ཞེས་བསྟན་པའི་ཕྱིར། བཅོམ་ལྡན་འདས་གལ་ཏེ་བདག་གི་བློ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས་འདི་སྐད་མཆིའོ་སྙམ་བགྱིད་ན་ནི་དེ་ལྟ་ན་ཡང་དེ་དམིགས་པ་ལ་གནས་ཏེ། དེ་སྐད་མཆི་བར་འགྱུར་ཏེ། དམིགས་པ་ནི་བདག་ལ་སོགས་པར་དམིགས་པའོ། །དེ་ལྟ་ན་ཡང་བདག་ཏུ་འདུ་ཤེས་པ་ལ་གནས་པ་ནས་དེ་སྐད་མཆི་བར་འགྱུར་ཏེ། རང་གི་ངོ་བོ་ཙམ་ལ་དམིགས་པ་སྔོན་དུ་བཏང་བ་ཅན་གྱི་མངོན་པར་ཞེན་པ་ཅན་གྱི་འདུ་ཤེས་པའོ། །དངོས་པོའི་འདུ་ཤེས་ནི་གཟུང་བ་དང་ འཛིན་པ་ཡོད་པར་མངོན་པར་ཞེན་པའོ། །བར་གྱི་སྒྲས་སྲོག་དང་། སྐྱེ་བ་པོ་དང་། སྐྱེས་བུ་དང་། གསོ་བ་དང་། གང་ཟག་ལ་སོགས་པའི་འདུ་ཤེས་ཡོངས་སུ་གཟུང་ངོ་སྙམ་དུ་མི་བགྱིད་དོ། །དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ་དེ་སྐད་མི་མཆིའོ་སྙམ་ བདག་མི་བགྱིད་དོ་ཞེས་ཁོང་ནས་དབྱུང་ངོ་། །དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ་མཆིའོ་སྙམ་བགྱིད་ཀྱང་དེ་ཙམ་གྱིས་བདག་ལ་སོགས་པའི་འདུ་ཤེས་པ་ལ་ཡང་གནས་ཏེ། དེ་སྐད་མཆིའོ་སྙམ་དུ་བགྱིད་ཅེས་བྱ་བར་འབྲེལ་པ་ཅི་ཡོད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་བདག་ལ་སོགས་པའི་འདུ་ཤེས་མ་ཡིན་ནོ་ཞེས་བྱ་བ་ནི་རྒོལ་བ་པོའི་བསམ་པ་ཡིན་ནོ། །འདིའི་ལན་དུ། བཅོམ་ལྡན་འདས་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་སུ་གྱུར་ཏམ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །འདི་སྐད་བསྟན་ཏེ། སྒྲོ་ འདོགས་པ་དང་སྐུར་པ་འདེབས་པའི་མཐའ་དང་བྲལ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་བྱེད་པ་པོ་འགའ་ཞིག་གནས་སོ། །འདུག་གོ་ཞེས་བདག་རྣམ་པར་རྟོག་པར་གྱུར་ན། དེའི་ཚེ་སྒྲོ་འདོགས་པའི་མཐར་ ལྟུང་བར་འགྱུར་རོ་ཞེས་ཀྱི་སྒྲ་ནི་འདིར་ཁོང་ནས་དབྱུང་བར་བསྟན་ཏེ། གནས་སོ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་སྟེ་གནས་པ་མ་ལགས་ཏེ། གནས་པ་མེད་པ་ཞིག་ཏུ་གྱུར་ན་ཞེས་བྱ་བ་ནི་སྐྱོན་མེད་པ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཀྱང་དེའི་བདག་ཉིད་དུ་གྱུར་ན་ཞེས་སྦྱར་རོ། ། འདིར་ཡང་ཞེས་ཀྱི་སྒྲ་ཁོང་ནས་དབྱུང་བར་བསྟན་ཏེ། དེའི་ཚེ་ཡང་སྐུར་པ་འདེབས་པའི་མཐར་ལྟུང་བར་འགྱུར་རོ། །དེ་ལྟར་གྱུར་ན་མཐའ་གཉིས་དང་བྲལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ལགས་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་གནས་པ་མེད་ན་ཡང་བདག་ལ་སོགས་པའི་ལྟ་བ་རྣམས་སྤོང་བར་མི་འགྱུར་ཏེ། དེའི་དབང་གིས་བྱང་ཆུབ་སེམས་དཔའ་རྣམས་དེ་དག་སྤོང་བར་བྱེད་དོ། །དེ་ལྟར་ན་བདག་ལ་སོགས་པའི་འདུ་ཤེས་ལ་གནས་ནས་དེ་དེ་སྐད་མཆིའོ་ཞེས་བྱ་བ་རུང་བ་ཡིན་ནོ། གནས་ མ་ལགས་པ་ཞེས་བྱ་བ་ཅིའི་ཕྱིར་སྨོས། འདི་དྲིས་པ་ནི་མེད་དོ་ཞེ་ན། ཉེས་པ་མེད་དེ། སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་དང་བྲལ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པར་དེ་ལྟར་བཞེད་པའི་ཕྱིར་ཏེ། དེ་བཞིན་དུ་བསྟན་པ་ཡིན་ནོ། །བསྟན་མ་ཐག་ པའི་དེ་ཁོ་ན་ཉིད་ཀྱི་དོན་གསལ་བར་བྱེད་པའི་དོན་དུ། བཅོམ་ལྡན་འདས་བདག་གི་གནས་མ་ལགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་ཏེ་ཞེས་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་གནས་ཡིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་སོ། ། དྲི་མ་མེད་པ་གཉིས་སུ་མེད་པའི་ཡོན་ཏན་གྱི་རྟེན་ཡིན་པའི་ཕྱིར་ཏེ། དེ་ནི་བདག་གི་གནས་མ་ལགས་ཏེ། བདག་གི་རྟེན་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །བདག་སྨོས་པས་གང་ཟག་ལ་སོགས་པ་ཡང་མཚོན་པ་ཡིན་ནོ། །དེས་ནི་གང་ཟག་ལ་བདག་མེད་པ་བསྟན་ ཏོ། །འོ་ན་གཟུང་བ་དང་འཛིན་པ་གཉིས་ཀྱི་གནས་ཡོད་མོད་ཅེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་ནི་གནས་མ་མཆིས་པ་ཞེས་གསུངས་ཏེ། གཟུང་བ་དང་འཛིན་པ་གཉིས་ཀྱི་ཞེས་བྱ་བ་ལྷག་མའོ། །དེས་ནི་ཆོས་ལ་བདག་མེད་པ་བསྟན་ཏོ། །དེ་གཉིས་ཡང་དམ་བཅས་ པ་ཙམ་གྱི་སྙིང་པོར་བསྟན་ཏོ་ཞེས་དོགས་པ་ལ། གཏན་ཚིགས་གོ་རིམས་བཞིན་དུ་བསྟན་པ་ནི་ཀུན་ནས་འབྱུང་བ་མ་མཆིས་པ་ལགས་སོ་ཞེས་བྱ་བ་ཡིན་ཏེ་བདག་ལ་སོགས་པ་ནི་འདི་ལས་ཤིན་ཏུ་ཡང་ཀུན་ནས་འབྱུང་བ་མ་མཆིས་པས་ཀུན་ནས་འབྱུང་བ་མ་མཆིས་པའི་དགོངས་པ་ནི་འདི་ ཡིན་ཏེ་གནས་དང་གནས་མ་ཡིན་པའི་དངོས་པོ་ནི་ཉེ་བར་སྐྱེད་པར་བྱེད་པ་དང་ཉེ་བར་བསྐྱེད་པར་བྱ་བ་མེད་པར་མི་འགྲུབ་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གནས་ཡོད་དུ་ཟིན་ཀྱང་བདག་ལ་སོགས་པ་འགའ་ཡང་ཤིན་ཏུ་སྐྱེ་བ་མ་ཡིན་ཏེ། རྟག་པའི་ཕྱིར་རོ། །འབྱུང་བ་མ་ མཆིས་པ་ལགས་སོ་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པའི་མཚན་ཉིད་དག་བསྟན་ཟིན་པའི་ཚུལ་གྱིས་མེད་པ་ཡིན་ནོ་ཞེས་བྱ་བ་ལྷག་མ་ཡིན་ནོ། །ཁ་ཅིག་ལས་གོ་སྐབས་མ་མཆིས་པ། འབྱུང་བ་མ་མཆིས་པ་ལགས་སོ་ཞེས་འབྱུང་བ་དེ་ལ་འདི་ལ་གཟུང་བ་དང་འཛིན་པའི་སྐབས་ ཡོད་པ་མ་ཡིན་ནོ་ཞེས་བཤད་པར་བྱ་བ་ཡིན་ནོ། །འབྱུང་བ་མ་མཆིས་པ་ལགས་སོ་ཞེས་བྱ་བ་ནི་འདི་ཉིད་ཀྱི་རྣམ་པར་འབྱེད་པ་ཡིན་ཏེ། འདིའི་དོན་ཡང་སྔ་མ་བཞིན་ནོ། །ཡང་ན་དགག་པ་མེད་པར་བྱ་སྟེ། བཅོམ་ལྡན་འདས་བདག་གི་གནས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པའི་གནས་ཏེ་ཞེས་བྱ་བ་དེས་ནི་ཆོས་ལ་བདག་མེད་པ་བསྟན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་གང་ཡིན་པ་དེ་དག་ནི་བདག་གི་གནས་ཡིན་ནོ་ཞེས་འདི་ནི་དཔེར་བཤད་པ་ཡིན་ཏེ། གནས་བདག་ལྟ་བུའོ་ཞེས་བྱ་བའི་ཐ་ཚིག་གོ། །དཔེར་ན་ནམ་མཁའ་ལ་ མེ་ཏོག་དང་འདྲ་བར་བདག་ལ་བདེ་བ་ལ་སོགས་པ་གནས་པར་ཕ་རོལ་པོས་བརྟགས་པ་ནི་ཡང་དག་པ་མ་ཡིན་ནོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་གང་ཡང་གནས་པ་མེད་དེ། བདག་དང་འཛིན་པ་ལ་སོགས་པའི་གནས་མེད་པའི་ཕྱིར་རོ། །དོན་དེ་ཉིད་རྣམ་ གྲངས་ཀྱིས་གསལ་བར་བྱེད་པ་ནི་གནས་མ་མཆིས་པ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གནས་པ་འདིའི་གནས་དང་། གཞི་ཡོད་པ་མ་ཡིན་པས་གནས་མེད་པའོ། །དེ་བཞིན་དུ་གནས་ལ་ཡང་ཇི་ལྟར་རིགས་པར་སྦྱར་རོ། །མཇུག་སྡུད་པ་ ནི་དེ་ལྟར་ན་ཇི་སྐད་དུ་བསྟན་པའི་ཚུལ་གྱིས་གནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་ཡོན་ཏན་གྱི་ཚོགས་མ་ལུས་པའི་གཞིར་གྱུར་པ་དེ་ནི་བདག་དང་འཛིན་པ་ལ་སོགས་པ་ཆོས་གང་གི་གནས་དང་གཞི་ཡང་མ་ལགས་སོ། །གཏན་ཚིགས་དེའི་སླད་དུ་གནས་དེ་ནི་བསམ་ གྱིས་མི་ཁྱབ་པའི་གནས་ཞེས་བསྟན་ཏོ་ཞེས་བྱ་བ་ནི་ལྷག་མའོ། །བསམ་གྱིས་མི་ཁྱབ་པ་ནི་བསམ་པ་ཐམས་ཅད་ལས་འདས་པའི་ཕྱིར་རོ། །གནས་དེ་གང་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་ལགས་སོ་ཞེས་གསུངས་སོ། །སྔར་ ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་སོ་ཞེས་བཤད་དུ་ཟིན་ཀྱང་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་གནས་ཡིན་ནོ་ཞེས་བྱེ་བྲག་གི་ཚིག་བསྡུ་བ་ཡིན་ཏེ། སྔར་བསྟན་པ་དང་མཚམས་སྦྱར་བའི་ཕྱིར་སྒྲ་ཙམ་ནི་འདྲ་བ་ཡིན་ནོ། ། བསམ་གྱིས་མི་ཁྱབ་པ་དང་མཚན་མ་མེད་པ་དང་། སྟོང་པ་ཞེས་བྱ་བ་རྒྱུན་དུ་བསྟན་པ་མ་ཡིན་ནམ། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཉིད་བསམ་གྱིས་མི་ཁྱབ་པའི་གནས་ཞེས་བཤད་ཅེ་ན། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བ་ནི་ཞེས་གསུངས་ཏེ། བཤད་པ་ཞེས་བྱ་བ་ནི་ལྷག་མའོ། །གང་ཞེ་ན། ཆོས་ཐམས་ཅད་ཀྱི་སྐྱེ་བ་མ་མཆིས་པ་གང་ལགས་པ་ཞེས་གསུངས་སོ། །དགོངས་པ་ནི་འདི་ལྟ་སྟེ། སྐྱེ་བ་མེད་པ་ནི་དེ་བཞིན་ཉིད་དང་། སྟོང་པ་ཞེས་ལན་དུ་མར་བསྟན་ཏོ། །སྐྱེ་བ་མེད་པ་དེ་ཡང་ཐམས་ཅད་དུ་སོང་བ་མ་ཡིན་པའི་ ཕྱིར་བྱིས་པ་ལ་སོགས་པའི་སེམས་ལ་ཡང་ཡོད་དུ་ཟིན་ཀྱང་། འོན་ཀྱང་དེ་དག་གིས་མི་རྟོགས་ཏེ་གཉིས་སུ་སྒྲོ་འདོགས་པ་སྟོབས་ཅན་དུ་གནས་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྒྲོ་འདོགས་པར་འཕྲོས་པ་མཐའ་དག་དང་མི་མཐུན་པ་ཡིན་ཏེ། རང་རིག་པས་རྟོགས་ པ་ཡིན་ནོ། །དེ་བས་ན་སྐྱེ་བ་མེད་པས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར། ཆོས་ཐམས་ཅད་ཀྱི་སྐྱེ་བ་མ་མཆིས་པ་གང་ལགས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས་སོ་ཞེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར་རྗེས་སུ་སོང་བའི་དོན་ཉིད་བསྟན་པའི་ཕྱིར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ཞེས་བྱ་བ་འདི་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་མཐར་ཕྱིན་ཅིང་གཤེགས་པ་ཞེས་བྱ་བའི་ཐ་ཚིག་གོ། །སྐབས་ལ་རྒོལ་བ་ཡོངས་སུ་སྤང་བའི་ཕྱིར། གང་གི་ཕྱིར་ཆོས་ཐམས་ཅད་སྐྱེ་བ་མེད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བཤད་པ་དེ་བས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བ་དེ་ནི་འདི་ལྟ་སྟེ་བསམ་གྱིས་མི་ཁྱབ་པའི་དབྱིངས་ཀྱི་ཚིག་བླ་དགས་སོ་ཞེས་གསུངས་སོ། །བསམ་གྱིས་མི་ཁྱབ་པ་དེ་ཉིད་དབྱིངས་ཡིན་པས་བསམ་གྱིས་མི་ཁྱབ་པའི་དབྱིངས་ཏེ་སྟོང་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་བསམ་གྱིས་ མི་ཁྱབ་པ་ནི་བསམ་པའི་བློ་ཐམས་ཅད་ཀྱི་ཡུལ་དུ་བྱ་བར་མི་ནུས་པའི་ཕྱིར་རོ། །དབྱིངས་ནི་དཀར་པོའི་ཆོས་ཐམས་ཅད་ཀྱི་རིགས་སམ་རྒྱུ་ཡིན་པའི་ཕྱིར་རོ། །དེ་བས་ན་བསམ་གྱིས་མི་ཁྱབ་པ་དང་། སྐྱེ་བ་མེད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནི་དོན་ཐ་དད་ པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྣམ་གྲངས་ཀྱི་ཚུལ་དེ་ལྟ་བུ་ཡིན་པ་ལ་ཐེ་ཚོམ་མི་བྱའོ། །རྣམ་གྲངས་དེ་ཉིད་རྒྱས་པར་བརྗོད་པར་བཞེད་པའི་ཕྱིར། བསམ་གྱིས་མི་ཁྱབ་པའི་དབྱིངས་གང་ལགས་པ་དེ་སྐྱེ་བ་མ་མཆིས་པའི་དབྱིངས་སོ་ཞེས་གསུངས་ཏེ། དོན་དེ་ནི་བསྟན་མ་ཐག་ པ་ཡིན་ནོ། །སྐྱེ་བ་མེད་པ་ཉིད་དབྱིངས་ཡིན་པས་སྐྱེ་བ་མེད་པའི་དབྱིངས་སོ། །དབྱིངས་ཀྱི་སྒྲ་ནི་འདིར་འོག་ནས་འབྱུང་བའི་ཚིག་རྣམས་ལ་ཡང་ཕལ་ཆེར་སྔར་བཞིན་དུ་རིགས་ཀྱི་དོན་ཡིན་ནོ། །སྐྱེ་བ་མ་མཆིས་པའི་དབྱིངས་གང་ལགས་པ་དེ་ནི་ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་ཆོས་ ཀྱི་དབྱིངས་སོ། །འདི་ལྟར་དེའི་ཚེ་ལྷུན་གྱིས་གྲུབ་པ་ཉིད་དུ་སྐྱེ་བོ་གདུལ་བྱ་མཐའ་དག་ལ་ཡོད་པ། བཅོམ་ལྡན་འདས་ཀྱི་སྟོབས་བཅུ་ལ་སོགས་པ་ནི་གང་ལས་ཅིག་ཅར་དུ་སྐྱེ་བ་ཡིན་ནོ། །ཆོས་ཀྱི་དབྱིངས་གང་ལགས་པ་དེ་ནི་སྒྲིབ་པར་འགྱུར་བའི་མཐའ་དག་གི་ཆོས་ཀུན་དུ་འབྱུང་བ་ དང་བྲལ་བའི་ཕྱིར་ཀུན་དུ་འབྱུང་བ་མ་མཆིས་པའི་དབྱིངས་ཏེ། འདི་ལས་སྒྲིབ་པ་ཀུན་དུ་འབྱུང་བ་དང་བྲལ་བས་ཀུན་དུ་འབྱུང་བ་མེད་པའོ། །དེ་ཉིད་ཁམས་ཀྱང་དེ་ཡིན་ཏེ། དེ་སྐད་དུ་བསྟན་ཟིན་ཏོ། །ཀུན་དུ་འབྱུང་བ་མ་མཆིས་པའི་དབྱིངས་གང་ལགས་པ་དེ་བསམ་གྱིས་མི་ཁྱབ་ པའི་དབྱིངས་ཏེ་རྒྱུད་གཞན་གྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་རྣམས་ཀྱི་དབྱིངས་ཏེ། རིགས་ཡ