Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 95

Văn bản gốc(Tây Tạng)

Trang 2 / 21 (50.000 ký tự/trang)
་མ་ཡིན་ནོ། །འདིར་ནི་འཇིག་རྟེན་གྱི་ཁམས་ལ་སོགས་པས་སེམས་ཅན་གྱི་ཁམས་ཀྱི་ཚད་ཤེས་པར་འདོད་དོ། །ཚད་མེད་པ་བསྟན་ཟིན་ཏོ། །ཉི་ཁྲི་ལྔ་
སྟོང་པ་ལ་སོགས་པ་ལས་ནི་ཐོག་མར་ཚད་མེད་པ་དེའི་འོག་ཏུ་དཔག་ཏུ་མེད་པ་ཕྱིས་མཐའ་མེད་པ་འབྱུང་ལ། །འདིར་གོ་རིམས་བཟློག་པ་ནི་སྔ་ཕྱིར་མངོན་པར་ཞེན་པ་བསལ་བའི་དོན་དུ་རིག་པར་བྱའོ། །དེ་ལྟར་ཡང་ཉི་ཁྲི་ལྔ་སྟོང་པ་ལ་སོགས་པ་དང་། མངོན་པར་རྟོགས་པའི་
རྒྱན་ལས་ཀྱང་། བདེན་པའི་རྣམ་པ་གོ་རིམས་བཞིན་དུ་བསྟན་ཏེ། དེ་ནི་བརྒྱད་དང་བདུན་དང་ལྔ། །བཅུ་དྲུག་ཏུ་ནི་བསྟན་པ་སྟེ། །རྒྱུ་དང་ལམ་དང་སྡུག་བསྔལ་དང་། །འགོག་པ་དག་ལ་གོ་རིམས་བཞིན། །འདིར་ཡང་འོག་ནས་ཡུལ་གཅིག་ན། །སངས་རྒྱས་བཅོམ་
ལྡན་འདས་ཞེས་བྱ། །ཞེས་བྱ་བ་ལ་སོགས་པས་གོ་རིམས་མེད་པ་བཞིན་དུ་གསལ་བར་སྟོན་པར་འགྱུར་རོ། །ད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་སྟོན་པར་བྱེད་དེ། ཡང་ལ་ལ་ཞིག་འདི་སྐད་དུ་སེམས་ཅན་གྱི་ཁམས་གང་དུ་གཏོགས་ཞེས་འདྲི་ན་ཞེས་བྱ་
བ་ལ་སོགས་པ་ནི་རྣམ་པ་ཐམས་ཅད་དུ་དེའི་བདག་ཉིད་ཀྱི་ངོ་བོ་གང་ཡིན་པ་ཡིན་ནམ། གང་དུ་གཏོགས་ཤེ་ན། འདིར་ལན་ནི་སྐྱེ་བ་མེད་པ་བསམ་གྱིས་མི་ཁྱབ་པ་དག་ཏུ་གཏོགས་པར་གཏོགས་སོ་ཞེས་བྱ་བ་ཡིན་ཏེ། སྐྱེ་བ་མེད་པ་དངོས་པོ་མེད་པ་ཉིད་ཡིན་ནོ། །བསམ་

གྱིས་མི་ཁྱབ་པ་ནི་རྣམ་པར་རིག་པར་བྱ་བ་ཉིད་མ་ཡིན་པའོ། །ཚུལ་དེ་ལྟ་བུའི་སྐྱེ་བ་མེད་པ་དང་བསམ་གྱིས་མི་ཁྱབ་པ་ནི་གང་དུ་ཡང་གཏོགས་པ་མེད་དོ། །དེ་དང་ཐ་མི་དད་པའི་མཚན་ཉིད་སེམས་ཅན་གྱི་ཁམས་ཀྱང་གང་དུ་ཡང་གཏོགས་པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །
སེམས་ཅན་གྱི་ཁམས་ཅི་ལ་གནས་ཞེས་འདྲི་ན་ཞེས་བྱ་བ་ནི་གནས་གང་ལ་ཞེ་འམ། དམིགས་པ་གང་ལ་གནས་ཤིང་འདུག་ཅི་ལ་གནས་ཞེས་བྱ་བ་ཡིན་ནོ། །འདིར་ལན་ནི་སྐྱེ་བ་མེད་པའི་ཁམས་ཅི་ལ་གནས་པ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །སྐྱེ་བ་མེད་པའི་བདག་ཉིད་ཀྱི་
ཁམས་ནི་སྐྱེ་བ་མེད་པའི་ཁམས་སོ། །དེའི་མཚན་ཉིད་ནི་བསྟན་ཟིན་ཏོ། །དེ་དག་དངོས་པོ་མེད་པ་ཉིད་ཀྱིས་ན་གང་ལ་ཡང་གནས་པ་མེད་པའི་ཕྱིར། སེམས་ཅན་གྱི་ཁམས་དེ་ཡང་མཚན་ཉིད་གཅིག་སྟེ། གང་ལ་ཡང་གནས་པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འཇམ་དཔལ་
ཁྱོད་གང་གི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ཞེས་བྱ་བ་ལ། རྣམ་པ་ཐམས་ཅད་ཤེས་པའམ་ཤེས་པའི་མཆོག་ནི་ཤེས་རབ་བོ། །ཤེས་རབ་དེ་མཆོག་ཉིད་དང་། དམ་པའི་དངོས་པོ་དང་། ཕུལ་དུ་བྱུང་བ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ངེས་པའི་ཚིག་
འདི་ནི་རིགས་པ་ཉིད་ཡིན་ཏེ། སྐྱོན་མེད་པའི་ཕྱིར་དང་། བཅོམ་ལྡན་འདས་ཀྱིས་ཀྱང་བསྟན་པའི་ཕྱིར་རོ། །བརྒྱད་སྟོང་པ་ལས་ཀྱང་། བཅོམ་ལྡན་འདས་བསམ་གྱིས་མི་ཁྱབ་པ་དེ་ནི་ཤེས་རབ་བོ། །མཆོག་ཏུ་བསམ་གྱིས་མི་ཁྱབ་པ་དེ་ཤེས་རབ་ཡིན་ཏེ། དགེ་བའི་རྩ་བ་གང་
ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་བར་བྱེད་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་བས་ན་ཤེས་རབ་དེ་མཆོག་ཉིད་ཡིན་པའི་ཕྱིར། ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་ཤེས་རབ་འདི་
ནི་ཡང་དག་པ་མ་ཡིན་པ་ཀུན་བརྟགས་པར་སྒྲོ་འདོགས་པར་མི་བྱེད་ཅིང་ཆོས་ཐམས་ཅད་མ་སྐྱེས་པ་ལ་ཆགས་པ་དང་བྲལ་ཞིང་རྟོག་པའི་ངོ་བོ་ཐམས་ཅད་བཅོམ་པ་དོན་དམ་པ་ཡིན་ཏེ། དེ་ལས་གཞན་པ་ཡོད་པ་མ་ཡིན་པའི་དོན་ཅན་གྱི་ཤེས་རབ་ལས་ཕུལ་དུ་བྱུང་བ་ཡིན་པའི་ཕྱིར་

མཆོག་ཡིན་ནོ། །འདིས་ཡོངས་སུ་ཟིན་པའི་སྦྱིན་པ་ལ་སོགས་པ་ཡང་། དེས་ཡོངས་སུ་མ་ཟིན་པའི་སྦྱིན་པ་ལ་སོགས་པ་ལས་མཆོག་ཡིན་ནོ། །མཆོག་ཡིན་པའི་ཕྱིར་ཡང་ཕ་རོལ་ཏུ་ཕྱིན་པའི་མིང་འཐོབ་པ་ཡིན་ཏེ་ཀུན་མཆོག་ཡིན་ནོ། །དེའི་ཚེ་
ཅི་ལ་གནས་ཏེ་ཞེས་བྱ་བ་ནི་དམིགས་པ་གང་ལ་སེམས་འདུག་ཅེས་བྱ་བའོ། །བདག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་དེའི་ཚེ། མི་གནས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ལགས་སོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་གང་ལ་གནས་ཤིང་གང་གིས་
ཇི་ལྟར་དེ་བསྒོམ་པར་འགྱུར་བའི་གནས་པར་བྱ་བ་འགའ་ཡང་ཡོད་པ་མ་ཡིན་ཏེ། ཆོས་ཐམས་ཅད་ཤིན་ཏུ་མ་སྐྱེས་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ནི་ཆགས་པ་མེད་པ་ཡིན་པའི་ཕྱིར་རོ། །གལ་ཏེ་ཡང་འགའ་ཞིག་ལ་གནས་པ་ཡོད་ན་ནི། དེའི་ཚེ་ལོག་
པའི་ཤེས་པ་ཡིན་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་ག་ལ་འགྱུར། དོན་འདི་གསལ་བར་བྱ་བའི་ཕྱིར། འཇམ་དཔལ་མི་གནས་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་དུ་ཡང་ཅི་ཡོད་ཅེས་དྲིས་སོ། །འདིས་ནི་འཁོར་གྱི་ནང་དུ་འདི་སྐད་བསྟན་ཏེ། གལ་ཏེ་
དངོས་པོ་གོམས་པར་བྱ་བའམ། བསྒོམ་པར་བྱ་བ་དེ་ལ་སེམས་རྒྱུན་དུ་མ་བཞག་ན་ཇི་ལྟར་བསྒོམས་པ་ཡིན་ཞེས་བྱ་བ་ཡིན་ནོ།། །།བམ་པོ་གཉིས་པ། །འཇམ་དཔལ་གྱིས་ཀྱང་གང་ཅི་ལ་ཡང་མི་གནས་པ་དེ་ཉིད་ཅེས་བྱ་བ་ལ་སོགས་པས་འདི་སྐད་བསྟན་ཏེ།
གང་ཅི་ལ་ཡང་མི་གནས་པ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆགས་པ་མེད་པའི་མཚན་ཉིད་ཡིན་ཏེ། མི་གནས་པ་ལས་གཞན་དུ་བསྒོམ་པ་ཡོད་པ་མ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བསྟན་ཟིན་ཏེ། འདི་ཉིད་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་
སངས་རྒྱས་ཉིད་དུ་ངེས་པ་ཡིན་ནོ། །ལེན་པ་མེད་པ་དང་གཏོང་བ་མེད་པ་ལ་སོགས་པ་བརྗོད་པར་བྱའོ། །དེའི་ཚེ་ཁྱོད་གང་གི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་དེའི་ཚེ། ཁྱོད་ཀྱི་དགེ་བའི་རྩ་བ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་འཕེལ་ཞིང་རྒྱས་པར་འགྱུར་བ་དང་། ལམ་གྱི་

སྒྲས་དེ་ལས་གཞན་པ་དག་འབྲི་ཞིང་འགྲིབ་པར་འགྱུར་ཞེས་བྱ་བར་བལྟའོ། །ལན་ནི་དེའི་ཚེ་བདག་གི་དགེ་བའི་རྩ་བ་འཕེལ་བའམ། འབྲི་བར་འགྱུར་བ་ཅི་ཡང་མ་མཆིས་སོ་ཞེས་བྱ་བ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དགེ་བའི་རྩ་བ་འཕེལ་བ་དང་མི་དགེ་བ་ཟད་པ་ནི་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་བསྒོམ་པ་དང་འགལ་བ་མེད་ཀྱི། འདིར་ནི་ཡོངས་སུ་ལེན་པ་དང་གཏོང་བའི་བསམ་པ་ལ་དགོངས་པ་ཡིན་ཏེ། རློམ་པའི་བདག་ཉིད་པས་ན་བསྒོམ་པ་དང་འགལ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དོན་འདི་ཉིད་འོག་ནས། བཅོམ་ལྡན་འདས་གང་ལ་ཆོས་འགའ་ཞིག་
འཕེལ་བ་དང་འགྲིབ་པ་མཆིས་ན་ཞེས་བྱ་བ་ལ་སོགས་པས་སྟོན་པར་བྱེད་དོ། །སྦྱིན་པ་ལ་སོགས་པའི་ཆོས་འགའ་ཞིག་འཕེལ་བའམ། སེར་སྣ་ལ་སོགས་པ་བྲིའོ་ཞེས་གང་ལ་བསམ་པ་ཡོད་པ་དེ་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོམ་པ་ཡོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་
ཞེ་ན་དེའི་ཕྱིར། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་མ་ལགས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་ལ་ཆོས་འགའི་དངོས་པོ་འཕེལ་བའི་ཕྱིར་རམ། འབྲི་བའི་ཕྱིར་ཉེ་བར་གནས་ཤིང་འཇུག་པ་དེ་ནི་སྒོམ་པ་མ་ཡིན་པར་རིག་པར་བྱའོ། །དེ་ལྟར་འགལ་བའི་
ཆོས་དང་ལྡན་པ་སྒོམ་པ་ལས་ལོག་པར་བསྟན་ནས་སྒོམ་པ་དང་རྗེས་སུ་མཐུན་པ་རྗེས་སུ་འགྲོ་བ་བསྟན་པའི་ཕྱིར། བཅོམ་ལྡན་འདས་གང་སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱང་མི་སྤོང་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སོ་སོའི་སྐྱེ་བོའི་ཆོས་འདོད་ཆགས་ལ་སོགས་པ་མི་སྤོང་མི་
སེལ་ལ། སངས་རྒྱས་ཀྱི་ཆོས་སྟོབས་ལ་སོགས་པ་མི་ལེན་མི་འཛིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་ནི་དེ་ལྟར་ལེན་པ་མེད་པ་དང་གཏོང་བ་མེད་པའི་གཏན་ཚིགས་གང་ཡིན་སྙམ་པ་ལ། གཏན་ཚིགས་བསྟན་པའི་ཕྱིར།
བཅོམ་ལྡན་འདས་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཐམས་ཅད་མི་དམིགས་པའི་ངོ་བོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པས་ཆོས་གང་ལ་སྤང་བ་འམ་བླང་བར་བྱ། བླང་བ་ལ་སོགས་པར་འགྱུར་བ་ནི་སྐྱོན་

དང་ཡོན་ཏན་མཐོང་བ་ལས་འགྱུར་བ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་འདི་ནི་སྐྱོན་དང་ཡོན་ཏན་གཉིས་མི་དམིགས་པ་ཡིན་ཏེ། གཏང་བ་འམ་གཟུང་བ་གང་ཡང་ཡོད་པ་མ་ཡིན་ནོ། །དེ་ཉིད་ཀྱི་གཏན་ཚིགས་བསྡུ་
བར་བཅོམ་ལྡན་འདས་གང་འཁོར་བའི་སྐྱོན་དུ་ཡང་མི་མཆི་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་འཁོར་བའི་སྐྱོན་འདོད་ཆགས་ལ་སོགས་པས་བྱས་པ་སྐྱེ་བ་དང་རྒ་ཤི་ལ་སོགས་པ་དང་མྱ་ངན་ལས་འདས་པའི་ཡོན་ཏན་སྟོབས་དང་མི་འཇིགས་པ་ལ་སོགས་པ་བྱང་ཆུབ་
ཀྱི་ཕྱོགས་བསྒོམས་པས་བྱས་པ་རྣམས་སུ་མི་མཆི་ཞིང་མི་སེམས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ལགས་སོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་དེ་ནི་དེ་ཉིད་ཀྱང་ཅིའི་ཕྱིར་ཞེས་དོགས་པ་ལ་བཅོམ་ལྡན་འདས་འདི་ལྟར་འཁོར་བ་ཉིད་ཀྱང་རེ་ཞིག་མི་མཐོང་ན་ཞེས་བྱ་བ་ལ་སོགས་
པ་གསུངས་སོ། །འཁོར་བ་ཉིད་ཀྱང་རེ་ཞིག་ཅེས་བྱ་བ་ནི་སྐྱོན་ལ་ལྟོས་ཏེ། རེ་ཞིག་མི་མཐོང་བའོ། །མྱ་ངན་ལས་འདས་པ་ཉིད་ཀྱང་རེ་ཞིག་མི་དམིགས་ན་ཞེས་བྱ་བ་འདིར་ཡང་རེ་ཞིག་ཅེས་བྱ་བའི་རིམ་པ་ནི་ཡོན་ཏན་ལ་ལྟོས་པའོ། །དེ་དག་ནི་རང་གིས་མི་དམིགས་པའི་དོན་ལ་ཉེ་
བར་གཏོད་པ་ཡིན་ཏེ། དེའི་ཆེད་དུ་བྲིས་པའི་ཕྱིར་རོ། །བཅོམ་ལྡན་འདས་གང་ཆོས་གང་ལ་ཡང་བླང་བ་འམ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི་མཇུག་སྡུད་པའོ། །སངས་རྒྱས་ཀྱི་ཆོས་གང་ལ་ཡང་བླང་བ་འམ་གཟུང་བ་ཞེས་བྱ་བ་ལ་ཐ་དད་པ་འགའ་ཞིག་གིས་བླང་བ་
ནི་བླང་བའོ། །ཐ་དད་པ་མེད་པར་དེའི་བདག་ཉིད་དུ་གྱུར་པ་ནི་གཟུང་བ་སྟེ། བླང་བ་དང་གཟུང་བ་གཉིས་ལྷན་ཅིག་ཏུ་སྨོས་པའི་ཕྱིར་དོན་དེ་ལྟར་དབྱེའོ། །ལམ་གྱི་སྒྲ་ནི་ཐམས་ཅད་དུ་ཕན་ཚུན་ལྟོས་པའོ། །སོ་སོའི་སྐྱེ་བོའི་ཆོས་འདོར་ཞིང་ངེས་པར་འབྱུང་བ་སྟེ། མ་
མཆིས་ཞེས་བྱ་བ་ནི་ཐམས་ཅད་དུ་སྦྱར་རོ། །བླང་བ་མེད་པ་དང་དོར་བ་མེད་པ་ལ་སོགས་པ་བསྟན་ཟིན་ཏོ། །ད་ནི་བྱམས་པ་ལ་སོགས་པ་དང་སྟོང་པ་ཉིད་བརྗོད་པར་བྱའོ། །ཚད་མེད་པ་ལ་སོགས་པ་དང་སྟོང་པ་ཉིད་དེ་ཡང་ཇི་ལྟ་བ་བཞིན་དུ་མདོར་བསྟན་པའི་ཕྱིར། བཅོམ་

ལྡན་འདས་གང་ཆོས་གང་ལ་ཡང་འགྲིབ་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་གང་ལ་ཡང་ཞེས་བྱ་བ་ནི་རང་གི་མི་མཐུན་པའི་ཕྱོགས་ཞེ་སྡང་ལ་སོགས་པ་དང་ལྟ་བས་བྱས་པ་དག་འགྲིབ་ཅིང་ཟད་པ་དང་། ཚད་མེད་པ་ལ་སོགས་པ་དང་། སྟོང་པ་ཉིད་སྒོམ་པ་
རྣམས་འཕེལ་ཞིང་ལྷག་པར་རྒྱས་པར་གྱུར་པའི་དངོས་པོ་གང་མི་དམིགས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ལགས་སོ། །དེ་ཡང་ཅིའི་ཕྱིར་ཞེ་ན། དེའི་ཕྱིར་བཅོམ་ལྡན་འདས་སྐྱེ་བ་མ་མཆིས་པ་ལ་འགྲིབ་པ་དང་འཕེལ་བ་མ་མཆིས་པའི་སླད་དུའོ་ཞེས་གསུངས་ཏེ། སྐྱེ་
བ་མ་མཆིས་པ་ནི་དེ་བཞིན་ཉིད་དེ། དེ་ལ་ནི་འགྲིབ་པ་མེད་འཕེལ་བ་མེད་དེ། དུས་ཐམས་ཅད་དུ་དེ་བཞིན་དུ་འདུག་པའི་ཕྱིར་དང་འདུས་མ་བྱས་ཡིན་པའི་ཕྱིར་རོ། །དེ་བས་ན་མི་མཐུན་པའི་ཕྱོགས་འགྲིབ་པ་མེད་ལ་གཉེན་པོ་འཕེལ་བ་མེད་དོ། །འགོག་པ་ལ་ཡང་མི་རྟོག་པས་ན་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། བཅོམ་ལྡན་འདས་གང་ཆོས་གང་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་བྱང་བའི་ཆོས་སྐྱེ་བ་དང་། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ལ་སོགས་པ་འགག་པར་རློམ་པ་དེ་ལྟ་བུ་ཡང་སྒོམ་པ་གང་ལ་
ཡོད་པ་མ་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ལགས་སོ། །དེ་ལྟར་གང་གིས་དངོས་པོར་རྟོག་པ་བསལ་ནས་འབྲས་བུ་ལ་རྟོག་པ་བསལ་བའི་ཕྱིར། བཅོམ་ལྡན་འདས་གང་ཆོས་གང་ལ་ཡང་ཇི་ལྟར་རང་གི་གནས་ངན་ལེན་དང་། དེའི་ཀུན་ཏུ་རྨོངས་པ་རྣམས་འགྲིབ་
པའམ་རྣམ་པར་བྱང་བའི་ཡོན་ཏན་རྣམས་རྒྱས་པར་མི་བགྱིད་ཅིང་བཅོམ་ལྡན་འདས་གང་དེ་ལྟར་སྒོམ་ཞིང་སེམས་བསྐྱེད་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ལགས་སོ། །དེ་ལྟར་རྒྱུན་དུ་སེམས་བསྐྱེད་པ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ལགས་སོ། །ཚད་
མེད་པ་ལ་སོགས་པ་དང་སྟོང་པ་ཉིད་བསྟན་ཟིན་ཏོ། །ད་ནི་སངས་རྒྱས་ཉིད་འཐོབ་པ་བརྗོད་པ་ནི་བཅོམ་ལྡན་འདས་གཞན་ཡང་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་གང་ཡིན་པ་དེ་དག་ནི་བསམ་གྱིས་མི་ཁྱབ་པའི་ཆོས་ཡིན་ཏེ་

བསམ་པར་མི་ནུས་པའི་ཕྱིར་རོ། །ཉི་ཚེ་བའི་སོ་སོའི་སྐྱེ་བོ་དང་ཉན་ཐོས་ལ་སོགས་པའི་ཆོས་ཡིན་ཏེ་ཉི་ཚེར་ཞུགས་པའི་ཕྱིར་རོ། །མི་སྨོན་པ་ནི་འདོད་པ་མེད་པའོ། །ཉི་ཚེ་བ་སྨོས་པ་ནི་མི་སྨོན་པས་ཁྱད་པར་བསྟན་པའི་ཕྱིར་རོ། །དེ་ནི་གཉིས་ཀར་
རྟོག་པ་དང་བྲལ་བའི་དབུ་མའི་ལམ་བསྟན་པ་ཡིན་ནོ། །ཚིག་གི་ཟླ་བསྟན་པ་ཀུན་ལ་ཡང་དེ་བཞིན་དུ་རིག་པར་བྱའོ། །མི་སྨོན་པ་ཡང་རྣམ་པ་གསུམ་སྟེ། དགོས་པ་མེད་པའི་ཕྱིར་དང་ལེ་ལོ་ཡོད་པའི་ཕྱིར་དང་མི་ནུས་པའི་ཕྱིར་རོ། །འོན་ཀྱང་བཅོམ་ལྡན་འདས་གང་ལ་
སྨོན་པ་དང་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པ་ཐ་མ་ཉིད་བསྟན་ཏེ། དེ་ཡང་མཆོག་ཡིན་པ་ཉིད་ཀྱིས་སངས་རྒྱས་ཉིད་ནི་གཙོ་བོ་དམ་པ་བྱ་དཀའ་བ་མཐའ་ཡས་པ་ཤིན་ཏུ་འབད་པས་སྨོན་ཅིང་བཙལ་བར་བྱ་བ་ནི་ཡོད་པ་མ་ཡིན་ནོ། །ཀྱང་གི་སྒྲས་ནི་གང་གིས་དང་ཇི་ལྟར་གང་གི་
དོན་དུ་སྨོན་པ་ཡང་རིག་པར་བྱ་སྟེ། ཡོད་པ་མ་ཡིན་པའི་ཕྱིར་སྨོན་ཅིང་བཙལ་བྱར་ནུས་པ་མ་ཡིན་ནོ། །དེ་ལྟར་བསྒོམས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ལགས་སོ། །སངས་རྒྱས་ཉིད་ཐོབ་པ་བསྟན་ཟིན་ཏོ། །དེ་ནི་རྣམ་པར་བྱང་བའི་ཕྱོགས་ཐམས་ཅད་བསྡུ་བ་
བརྗོད་པར་བྱ་བ་ནི་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ནི་འདི་ལྟར་ཆོས་འདི་དག་ནི་མཆོག་གོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །ཉེ་བར་མི་གནས་ཤིང་ཞེས་བྱ་བ་ནི་མི་འཇུག་པའོ། །དེ་སྟོན་པ་ནི་ཕ་རོལ་ཏུ་ཕྱིན་པ་དང་སྟོང་པ་ཉིད་དང་བྱང་ཆུབ་
ཀྱི་ཕྱོགས་དང་ཚད་མེད་པ་ལ་སོགས་པའི་ཆོས་འདི་དག་ནི་མཆོག་གོ། །སེར་སྣ་དང་ཚུལ་ཁྲིམས་འཆལ་བ་དང་གནོད་སེམས་དང་ལེ་ལོ་ལ་སོགས་པའི་ཆོས་འདི་དག་ནི་ཐ་མའོ་ཞེས་དེ་ལྟར་མཆོག་དང་ཐ་མ་ཡིན་པར་རྟོག་པས་མི་གནས་པའོ། །དེ་ལྟར་ཅིའི་ཕྱིར་ཡིན་ཞེ་ན། དེའི་
ཕྱིར་ཆོས་གང་དག་མཆོག་དང་ཐ་མར་གྱུར་པའི་ཆོས་དེ་དག་ཀྱང་མི་དམིགས་ཏེ་ཞེས་གསུངས་ཏེ། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་མཆོག་གང་དག་བླ་ན་མེད་པའི་དོན་འདྲེན་པར་བྱེད་པས་ན་མཆོག་གོ། །ངན་སོང་ལ་སོགས་པ་འདྲེན་པར་བྱེད་པས་ན་སེར་སྣ་ལ་སོགས་པ་ནི་ཐ་

མའོ་ཞེས་ཆོས་དེ་ལ་ཡང་མི་དམིགས་སོ། །དེ་ལྟར་རྣམ་པར་བྱང་བ་དང་། ཀུན་ནས་ཉོན་མོངས་པའི་ཆོས་མི་དམིགས་པས་མཆོག་ཉིད་དང་། ཐ་མ་ཉིད་དུ་མི་རྟོག་པ་གང་ཡིན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པའི་རྣལ་འབྱོར་ཏིང་ངེ་འཛིན་ལ་རྗེས་སུ་གཏད་
དེ། བརྩོན་ཞིང་མ་བྲལ་བའི་རིགས་ཀྱི་བུ་ནི་ཆོས་ཐམས་ཅད་མི་དམིགས་སོ། །དེས་རྣམ་པར་བྱང་བའི་ཕྱོགས་ཐམས་ཅད་ཡོངས་སུ་ཟིན་པར་བསྟན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་ན་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་དང་ཚད་མེད་
པ་དང་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་ཡོངས་སུ་ཟིན་པ་ཡིན་ནོ་ཞེས་འབྱུང་བ་དང་མཐུན་པ་ཡིན་ནོ། །རྣམ་པར་བྱང་བའི་ཆོས་ཐམས་ཅད་ཡོངས་སུ་བཟུང་བ་བསྟན་ཟིན་ཏོ། །ད་ནི་མངོན་པར་ཞེན་པའི་ནད་ཐམས་ཅད་འཇོམས་པར་བྱེད་པ་བརྗོད་པའི་ཆེད་དུ་བཅོམ་ལྡན་འདས་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ནི་ཆོས་གང་ལ་གང་མཆོག་ཅེའམ་ཐ་མ་ཞེས་མི་རྟོག་གོ་ཞེས་གསུངས་སོ། །མངོན་པར་ཞེན་པའི་ནད་ཅེས་བྱ་བ་གང་ཞེ་ན། སྲིད་པ་དང་། ལོངས་སྤྱོད་ཀྱི་དངོས་པོ་ཕྱི་ནང་གི་ཆོས་ལ་ཐ་མ་དང་། མཆོག་ཏུ་ལྟ་བས་ཀུན་ཏུ་ཞེན་ཅིང་
ཆགས་པ་ནི་མངོན་པར་ཞེན་པའོ། །དེ་ཉིད་ཡུན་རིང་པོར་དབྱེན་དང་རྩོད་པ་དང་འགྱེད་པ་དང་མི་མཐུན་པ་ལ་སོགས་པའི་གནོད་པ་བསྐྱེད་པའི་ཕྱིར་དང་། སེར་སྣ་ལ་སོགས་པ་སྐྱེད་པར་བྱེད་པའི་ཕྱིར་ནད་དོ། །དེ་ཐམས་ཅད་འཇོམས་པར་བྱེད་ཅིང་གཏན་ནས་འབྱིན་པ་ནི་
མཆོག་ཉིད་དང་ཐ་མ་ཉིད་དུ་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་དང་གཞན་དག་ཀྱང་དེ་ལ་འགོད་པར་བྱེད་པ་ཡིན་ནོ། །དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་ནི་མི་རྟོག་པ་དེ་ཉིད་གཏན་ཚིགས་གང་གིས་ཞེས་བྱ་བའོ། །དེའི་ཕྱིར་བཅོམ་ལྡན་འདས་སྐྱེ་བ་མ་མཆིས་པ་ལ་ཞེས་བྱ་བ་ལ་
སོགས་པ་གསུངས་སོ། །དེ་བཞིན་ཉིད་དང་ཡང་དག་པའི་མཐའ་དང་། ཆོས་ཐམས་ཅད་ཀྱི་བར་ལ་ཡང་ཞེས་བྱ་བ་ལ། བར་ལ་ཞེས་བྱ་བའི་སྒྲས་འདུས་མ་བྱས་པའི་རྣམ་གྲངས་གཞན་དག་ཀྱང་གཟུང་ངོ་། །ཆོས་ཐམས་ཅད་ཅེས་བྱ་བ་ནི་ཕྱི་དང་ནང་མ་སྐྱེས་པའི་ངོ་བོ་སྟེ། དེ་ལ་

མཆོག་དང་ཐ་མ་མཆིས་སོ་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་དེ་ལྟར་བསྒོམས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ལགས་སོ་ཞེས་བྱ་བ་ནི་མཇུག་སྡུད་པའོ། །ད་ནི་མྱ་ངན་ལས་འདས་པ་ལ་མངོན་པར་ཞེན་པ་ཞི་བ་བརྗོད་པར་བྱ་སྟེ། དེ་སྐད་
ཅེས་གསོལ་པ་དང་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་བ་ནི་རྣམ་པ་སྔ་མ་དེ་ལྟ་བུ་ལ་བྱའོ། །གསོལ་པ་ཞེས་བྱ་བ་ནི་སྨྲས་པའོ། །འདི་སྐད་ཅེས་ཞེས་བྱ་བ་ནི་འོག་ནས་འབྱུང་བའོ། །བཀའ་སྩལ་ཏོ་ཞེས་བྱ་བ་ནི་གསུངས་
པའོ། །འཇམ་དཔལ་སངས་རྒྱས་ཀྱི་ཆོས་ཞེས་བྱ་བ་སངས་རྒྱས་ཀྱི་བདག་ཉིད་ཀྱི་ཆོས་སྟོབས་དང་། མི་འཇིགས་པ་ལ་སོགས་པ་རྣམ་པ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ཡིན་པའི་ཕྱིར། གཙོ་བོ་མཆོག་མ་ཡིན་ནམ་ཞེས་ཚིག་ཟུར་གྱིས་དྲིས་པ་དང་འདིར་ལན་ནི།
བཟུང་དུ་མ་མཆིས་པའི་སླད་དུ་སངས་རྒྱས་ཀྱི་ཆོས་རྣམས་ནི་མཆོག་ལགས་སོ་ཞེས་གསོལ་ཏོ། །འཇུག་པ་དང་ལྡོག་པའི་གནས་ལ་གཟུང་བར་རྣམ་པར་རྟོག་པ་མི་མངའ་བའི་ཕྱིར་དང་། དེ་མེད་ན་མེད་པ་ཡིན་པའི་ཕྱིར་འཛིན་པར་རྣམ་པར་རྟོག་པ་ཡང་མི་མངའོ། །
དེ་བས་ན་དེ་དག་ནི་ཀུན་རྫོབ་ཏུ་མཆོག་ཡིན་ནོ། །དོན་དམ་པར་ནི་མ་ཡིན་ཏེ། དེའི་ཕྱིར་བཅོམ་ལྡན་འདས་ཆོས་ཐམས་ཅད་སྟོང་པར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཐམས་ཅད་ཅེས་བྱ་བ་ནི་གཟུགས་ལ་སོགས་པའོ། །སྟོང་པར་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱིས་དབེན་པའོ། །
དེ་ལྟར་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་པ་ལགས་སམ་ཞེས་བྱ་བ་ལ་མངོན་སུམ་དུ་མཚན་ཉིད་གཅིག་ཉིད་དུ་མཉམ་ཞིང་ཐ་མི་དད་པར་མཁྱེན་ཏེ། མངོན་པར་རྫོགས་པར་སངས་རྒྱས་པ་ལགས་སམ། དེ་སྐད་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་དེ་དེ་
བཞིན་ཏེ་ཞེས་ཞལ་གྱིས་བཞེས་སོ། །འཕགས་པ་འཇམ་དཔལ་གྱིས་ཀྱང་བཅོམ་ལྡན་འདས་སྟོང་པ་ཉིད་ལ་མཆོག་གམ། ཐ་མ་ཞེས་བགྱི་བ་མཆིས་སམ་ཞེས་དྲི་བ་ཉིད་ལན་དུ་སྨྲས་པ་ཡིན་ཏེ། སྟོང་པ་ཉིད་ལ་མཆོག་དང་ཐ་མ་མཆིས་སམ་ཞེས་ཚིག་ཟུར་གྱིས་དྲིས་པ་ནི་དེ་གཉི་

ག་ཡང་མཆིས་པ་མ་ལགས་སོ་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་ཀྱང་རིགས་པ་སྨྲས་པས་དགྱེས་ནས་འཇམ་དཔལ་ལེགས་སོ་ལེགས་སོ་ཞེས་གསུངས་སོ། །འཇམ་དཔལ་དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་བཞིན་ནོ་ཞེས་བྱ་བ་ནི་ཞལ་གྱིས་བཞེས་པ་སྟེ། གཞན་
དུ་མ་ཡིན་ནོ་ཞེས་བྱ་བའི་བར་དུ་ཡིན་ནོ། །གཟུང་བ་དང་འཛིན་པ་ཡང་དག་པ་མ་ཡིན་པར་སྒྲོ་འདོགས་པའི་རྣམ་པར་རྟོག་པ་དང་བྲལ་བ་ནི་སངས་རྒྱས་ཀྱི་ཆོས་རྣམས་ཡིན་ནོ་ཞེས་བསྟན་ནས་དེའི་བག་ལ་ཉལ་དང་བྲལ་བ་བསྟན་པའི་ཕྱིར། འཇམ་དཔལ་སངས་རྒྱས་ཀྱི་ཆོས་
རྣམས་བླ་ན་མེད་པ་ཡིན་ནམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལས་གཞན་མཆོག་དམ་པ་ཁྱད་པར་དུ་འཕགས་པ་མེད་པས་བླ་ན་མེད་པའོ། །དྲིས་པ་དང་འཇམ་དཔལ་གྱིས་གསོལ་པ་དེ་དེ་ལྟ་ལགས་ཏེ་ཞེས་གསུངས་ཏེ། སངས་རྒྱས་ཀྱི་ཆོས་རྣམས་བླ་ན་མེད་པ་ཉིད་
ལགས་ཀྱི། དེ་ལས་གཞན་ནི་མ་ལགས་སོ་ཞེས་ཞལ་གྱིས་བཞེས་པ་གསུངས་སོ། །འདིར་གཏན་ཚིགས་སུ་བཅོམ་ལྡན་འདས་འདི་ལྟར་དེ་དག་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཀྱི་བདག་ཉིད་ཀྱི་ཆོས་དེ་དག་ལ་བག་ཆགས་ཀྱི་མཚན་ཉིད་ཀྱི་ཆོས་ཅུང་
ཟད་ཙམ་དང་ཕྲ་མོ་ཙམ་ཡང་མ་མཆིས་ཤིང་མཆིས་པ་མ་ལགས་སོ། །དེའི་ཕྱིར་མི་དམིགས་ཏེ། རིག་པར་བྱར་མེད་དོ། །རྣམ་པར་རྟོག་པ་རྒྱུ་བའི་གནས་སྐབས་ལྟ་རེ་ཞིག་རིང་དུ་ཞོག་གི །སངས་རྒྱས་ཀྱི་ཆོས་རྣམས་ལ་དེའི་བག་ཆགས་ཀྱང་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་
ཡང་གི་སྒྲའི་དོན་ཡིན་ནོ། །དེས་ན་སངས་རྒྱས་ཀྱི་ཆོས་བླ་ན་མེད་པ་དེ་དག་ཀུན་རྫོབ་ཏུ་མཆོག་ཉིད་དང་། བླ་ན་མེད་པ་ཉིད་ནི་མྱ་ངན་ལས་འདས་པ་ལ་མངོན་པར་ཞེན་པའི་གནས་ཡིན་ནོ། །ཡང་དག་པར་ནི་སྟོང་པ་ཉིད་ལ་མཆོག་དང་ཐ་མ་ཉིད་ཡོད་པ་མ་ཡིན་ལ། བླ་ན་མེད་པ་ཉིད་དང་།
གོང་མ་དང་བཅས་པ་ཉིད་ཀྱང་ཡོད་པ་མ་ཡིན་པས་མྱ་ངན་ལས་འདས་པ་ལ་མངོན་པར་ཞེན་པ་ཞི་བ་ཡིན་ནོ། །ད་ནི་སངས་རྒྱས་ཀྱིས་གསུངས་པ་ལ་སོགས་པ་བརྗོད་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ལ་བརྩོན་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་སྒྲུབ་པའི་

བྱང་ཆུབ་སེམས་དཔའ་ལ་སྲུང་བ་དང་སྐྱོབ་པ་དང་སྦ་བ་མཛད་དོ། །དེ་ལ་སྲུང་བ་ནི་སྒོམ་པ་འཕེལ་བ་དང་། ཡོངས་སུ་མི་ཉམས་པར་མཛད་པའོ། །སྐྱོབ་པ་ནི་ཕ་རོལ་གྱི་གནོད་པ་ལས་སྐྱོབ་པའོ། །སྦ་བ་ནི་ཐེག་པ་དམན་པར་འཕྲོ་ཞིང་གཡེང་བ་མེད་པར་
བྱེད་པའོ། །བྱང་ཆུབ་སེམས་དཔའ་གང་གིས་སོ་སོའི་སྐྱེ་བོའི་ཆོས་རྣམས་སྤངས་ནས་ཐེག་པ་དམན་པ་ལས་འདས་ཏེ། སངས་རྒྱས་ཀྱི་ཆོས་རྣམས་ཐོབ་པར་མཛད་ཅིང་། སངས་རྒྱས་ཀྱི་མཛད་པ་མཛད་དོ་ཞེས་གང་ལ་ཀུན་རྫོབ་ཀྱི་རྣམ་པར་རྟོག་པ་དེ་དག་མི་འབྱུང་བ་དེ་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་སྒོམ་པ་ཡིན་ནོ་ཞེས་སྟོན་པ་ནི་བཅོམ་ལྡན་འདས་གཞན་ཡང་གང་སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། སངས་རྒྱས་ཀྱི་ཆོས་བསྟན་ཟིན་པའི་ངོ་བོ་རྣམས་སྒྲུབ་པར་བྱེད་པས་སྒྲུབ་པ་སྟེ། བསྙེན་པར་བྱེད་ངེས་སུ་མཐུན་པར་བྱེད་པའོ། །དེའི་དངོས་པོ་ནི་
སྒྲུབ་པར་བྱེད་པ་ཉིད་དོ། །དེའི་དོན་དུ་འཇུག་པར་མི་བྱེད་འབྱུང་བར་མི་བྱེད་སྒྲུབ་པར་མི་བྱེད་པའི་བར་དུ་ཡིན་ནོ། །སོ་སོའི་སྐྱེ་བོའི་ཆོས་རྣམས་སྤོང་བ་དང་དོར་བར་མི་བགྱིད་དོ། །སངས་རྒྱས་ཀྱི་ཆོས་རྣམས་འཐོབ་པ་ཡང་མ་ལགས་ལ་ཞེས་བྱ་བ་ནི་འཐོབ་པར་བྱེད་པ་ཡང་མ་ལགས་
པའོ། །འཛིན་པ་ཡང་མ་ལགས་ཞེས་བྱ་བ་ནི་སྐྱེད་པར་བྱེད་པ་འམ་འཛིན་པར་བྱེད་པ་མ་ལགས་ཞེས་བྱ་བ་ཡིན་ནོ། །སངས་རྒྱས་རྣམས་ཀྱིས་གསུངས་པ་ལ་སོགས་པ་བསྟན་ཟིན་ཏེ། ཉི་ཁྲི་ལྔ་སྟོང་པ་ལ་སོགས་པ་ལས་ཀྱང་དེ་སྐད་དུ་བསྟན་པ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་
ཁམས་དག་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་ནས་ཡིད་ལ་བྱེད་པའི་བར་དུ་བྱེད་པ་དེའི་ཇི་ལྟར་དགེ་བའི་ཆོས་འཕེལ་བར་འགྱུར་བ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་དུ་མི་ཉམས་
པར་འགྱུར་བ་དང་། ང་རྒྱལ་ལ་སོགས་པས་ཟིལ་གྱིས་མི་ནོན་པར་འགྱུར་བར་བྱ་བའི་ཕྱིར། བསྲུང་བ་དང་བསྐྱབ་པ་དང་། སྦ་བར་མཛད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བུ་མང་པོས་མའི་ནད་བསལ་བའི་ཕྱིར་བརྩོན་པའི་དཔེས་སངས་རྒྱས་ཀྱིས་བསྲུངས་པ་ལ་སོགས་

པ་བསྟན་ཏེ། དེ་ལ་བུ་ལྟ་བུ་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །མ་ལྟ་བུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེའི་ནད་ལྟ་བུ་ནི་མཐོང་བ་དང་བསྒོམས་པས་སྤང་བར་བྱ་བའི་རྣམ་པར་རྟོག་པ་རང་རང་ལ་ཇི་ལྟར་ཡོད་པ་དང་དེའི་བག་ལ་ཉལ་ལོ། །དེ་བཞིན་གཤེགས་པ་འབྱུང་
བ་བསྟན་པའི་མདོ་ལས་ཀྱང་དོན་འདི་གསལ་བར་བསྟན་མོད་ཀྱི་ཡི་གེ་མངས་སུ་དོགས་པས་མ་བྲིས་སོ། །སྲོག་གཅོད་པ་མེད་པ་ནས་བརྩམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པའི་ཚུལ་ལ་རང་ཡང་གནས་ཤིང་སེམས་ཅན་རྣམས་དགོད་པ་བརྗོད་པར་བྱའོ། །དེ་ཡང་སྤང་བ་དང་བླང་
བའི་ཆོས་རྣམ་པ་གཉིས་བྱེ་བྲག་ཏུ་ཤེས་ཤིང་བསམས་པ་མེད་པར་སྤང་བར་བྱ་བ་མི་དགེ་བ་ལ་སོགས་པ་ལས་བསླང་སྟེ། བླང་བར་བྱ་བ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པའི་ཆོས་དགེ་བ་ལ་སོགས་པ་ལ་རང་གནས་ཤིང་གཞན་ཡང་དགོད་པར་མི་ནུས་པས་ཆོས་དེ་དག་ལ་
གདོན་མི་ཟ་བར་བསམ་པ་དང་རྣམ་པར་ཤེས་པར་བྱ་དགོས་སོ། །གང་ཞིག་དག་གིས་དབེན་པར་བསྒོམས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ཡིན་པར་བསྟན་པའི་ཕྱིར། གང་ཆོས་གང་ལ་ཡང་མི་སེམས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤང་བར་བྱ་བ་སོ་སོའི་སྐྱེ་བོ་
ལ་སོགས་པ་དང་འབྲེལ་བ་དང་བླང་བར་བྱ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་གང་ལ་ཡང་། དྲན་པའི་རྣམ་པར་རྟོག་པས་མི་སེམས་ལ་མྱོང་ཞིང་དམིགས་པས་རྣམ་པར་མི་རིག་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ལགས་སོ། །གཏན་ཚིགས་བསྟན་པས་གསལ་
བར་བྱ་བའི་ཕྱིར། འཇམ་དཔལ་ཁྱོད་སངས་རྒྱས་ཀྱི་ཆོས་རྣམས་ལ་མི་སེམས་སམ་ཞེས་བཅོམ་ལྡན་འདས་ཀྱིས་དྲིས་ཏེ། སངས་རྒྱས་ཀྱི་ཆོས་དེ་དག་ལ་མི་སེམས་སམ་ཞེས་ཚིག་ཟུར་གྱིས་བསྟན་ཏེ། དེ་རྗེས་སུ་དྲན་པ་ནི་ངེས་པར་བྱ་དགོས་པའི་ཕྱིར་རོ་ཞེས་དགོས་པའོ། །
གལ་ཏེ་བདག་གིས་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་གྲུབ་པར་མཐོང་ན་ནི་བདག་སངས་རྒྱས་ཀྱི་ཆོས་རྣམས་ལ་སེམས་ལགས་སོ་ཞེས་བྱ་བ་ལ། སངས་རྒྱས་ཀྱི་ཆོས་རྣམས་ནི་ཆོས་ཅན་སངས་རྒྱས་དང་། དེའི་ཆོས་རྣམས་ལ་བྱ་སྟེ། ཅི་སྟེ་ཡོངས་སུ་གྲུབ་ཅིང་རང་གི་ངོ་བོ་གྲུབ་པར་

མཐོང་ན་ནི་སེམས་ལགས་སོ། །ཡོངས་སུ་གྲུབ་པར་མ་མཐོང་བའི་ཕྱིར་སེམས་པར་མི་བགྱིད་དོ་ཞེས་བསྟན་ཏོ། །དེ་ལྟར་ཡོངས་སུ་མ་གྲུབ་པ་དངོས་པོར་སེམས་པར་བགྱིད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ནི་འདི་དག་ནི་ཞེས་བྱ་བ་ལ་སོགས་པ་ནས། ཆོས་གང་ལ་ཡང་རྣམ་པར་རྟོག་པས་ཉེ་བར་གནས་པ་མ་ལགས་སོ་ཞེས་བྱ་བའི་བར་དུ་གསུངས་ཏེ། སྤང་བར་བྱ་བ་དང་བླང་བར་བྱ་བའི་ཆོས་ཅན་དང་ཆོས་གང་ལ་ཡང་བྱེ་བྲག་ཏུ་རྟོག་ཅིང་། རྣམ་པར་རྟོག་
པས་ཉེ་བར་གནས་ཤིང་ཞུགས་པ་མ་ལགས་སོ། །འདི་དག་ནི་སོ་སོའི་སྐྱེ་བོའི་ཆོས་སོ་ཞེས་བྱ་བ་ལ་སོགས་པས་ནི་བྱེ་བྲག་ཏུ་རྟོག་པ་སྟོན་ཏེ། འགྲོ་བ་ལྔའམ་དྲུག་ཏུ་སོ་སོར་འགྲོ་བས་ན་སོ་སོའི་སྐྱེ་བོའོ། །དེ་དག་གི་ཆོས་ནི་སོ་སོའི་སྐྱེ་བོའི་ཆོས་ཏེ། འདོད་ཆགས་ལ་སོགས་
པའོ། །བདག་དུལ་བ་དང་ཞི་བ་དང་ཡོངས་སུ་མྱ་ངན་ལས་འདས་པ་ལ་སོགས་པ་འདི་དག་ནི་ཉན་ཐོས་ཀྱི་ཆོས་སོ། །འཛིན་པར་སྒྲོ་འདོགས་པ་ལ་སོགས་པ་འདི་དག་ནི་རང་སངས་རྒྱས་ཀྱི་ཆོས་སོ། །སྟོབས་ལ་སོགས་པ་འདི་དག་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་
སོ་ཞེས་ཆོས་གང་ལ་ཡང་རྣམ་པར་རྟོག་པས་ཉེ་བར་གནས་པ་མ་ལགས་སོ། །འདིར་གཏན་ཚིགས་ནི་རྣལ་འབྱོར་ལ་བརྩོན་པའི་རིགས་ཀྱི་བུས་ཆོས་དེ་ཉིད་ཀྱང་མི་དམིགས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐ་སྙད་གདགས་པར་འོས་པའི་ཆོས་བདག་ལ་སོགས་པ་དེ་ཉིད་
ཀྱང་མི་དམིགས་ཏེ་མི་མཐོང་ངོ་། །བདག་ལ་སོགས་པ་གང་ལ་བསྟན་ཟིན་པའི་ངོ་བོའི་ཆོས་སོ་སོའི་སྐྱེ་བོའི་ཆོས་ཞེས་བརྗོད་ཅིང་བསྟན་པ་བདག་དེ་མི་དམིགས་སོ། །སློབ་པ་ནི་རྒྱུན་དུ་ཞུགས་པ་ལ་སོགས་པ་གང་ཟག་བདུན་ནོ། །མི་སློབ་པ་ནི་དགྲ་བཅོམ་པའོ། །རང་སངས་རྒྱས་
ནི་རྣམ་པ་གཉིས་ཏེ། བསེ་རུ་ལྟ་བུ་དང་། ཚོགས་དང་སྤྱོད་པའོ། །དེ་ལ་བསེ་རུ་ལྟ་བུ་ནི་སྐྱེས་བུ་དམ་པ་ལ་བརྟེན་ནས་རྒྱུད་ཡོངས་སུ་སྨིན་པར་བྱེད་ཀྱི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཡང་མི་སྐྱེད་པའོ། །ཚེ་ཡོངས་སུ་བརྗེས་ནས་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་། འཕགས་

པའི་ལམ་སྐྱེད་པར་བྱེད་ཅིང་དགེ་སྦྱོང་གི་འབྲས་བུ་དང་ཤིན་ཏུ་མཐར་ཐུག་པའི་རང་བྱང་ཆུབ་སྒྲུབ་པར་བྱེད་དོ། །ཚོགས་དང་སྤྱོད་པ་ཡང་རྣམ་པ་གཉིས་ཏེ། ཁ་ཅིག་ནི་སྐྱེས་བུ་དམ་པ་ལ་བསྟེན་ནས་རྒྱུད་ཡོངས་སུ་སྨིན་པར་བྱེད། ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཡང་སྐྱེད་པར་
བྱེད་ཀྱི། དགེ་སྦྱོང་གི་འབྲས་བུ་དང་འཕགས་པའི་ལམ་ནི་མི་སྐྱེད་དོ། །ཚེ་ཡོངས་སུ་བརྗེས་ན་ས་ནི་འཕགས་པའི་ལམ་བསྐྱེད་ནས་ཤིན་ཏུ་མཐར་ཕྱིན་པའི་རང་བྱང་ཆུབ་མངོན་སུམ་དུ་མི་བྱེད་དོ། །གཞན་དག་ནི་སྐྱེས་བུ་དམ་པ་ལ་བརྟེན་ནས་རྒྱུད་ཡོངས་སུ་སྨིན་པར་བྱེད་ངེས་པར་
འབྱེད་པའི་ཆ་དང་མཐུན་པ་ཡང་སྐྱེད། འཕགས་པའི་ལམ་ཡང་སྐྱེད་པར་བྱེད་ཀྱི་ཤིན་ཏུ་མཐར་ཕྱིན་པའི་མཚན་ཉིད་རང་བྱང་ཆུབ་ནི་མངོན་སུམ་དུ་མི་བྱེད་དོ། །ཚེ་ཡོངས་སུ་བརྗེས་ནས་ནི་རང་བྱང་ཆུབ་དེ་ཐོབ་པར་བྱེད་དོ། །རྣམ་པ་དེ་དག་གསུམ་ཆར་ཡང་ལུང་ལས་གཅིག་ཏུ་ང་རྒྱལ་
ལ་སྤྱོད་པ་ཡིན་པར་བཞག་སྟེ། ང་རྒྱལ་ཆེན་པོ་དང་འབྲིང་དང་ཆུང་ངུ་ཡིན་པའི་ཕྱིར། བསེ་རུ་ལྟ་བུ་ལ་སོགས་པར་དབྱེའོ། །དེ་དག་གི་ཆོས་ནི་རང་སངས་རྒྱས་ཀྱི་ཆོས་སོ་ཞེས་བྱ་བའི་སྒྲ་ནི་ཐམས་ཅད་དུ་ཡང་ཕན་ཚུན་ལྟོས་པ་ཡིན་ནོ། །ཡང་དག་པར་རྫོགས་པའི་སངས་རྒྱས་
ཞེས་བརྗོད་པའི་ཆོས་དེ་ཤིན་ཏུ་རབ་ཏུ་བདག་ལ་སོགས་པར་བརྗོད་པར་རུང་བའི་ཆོས་ཅན་དེ་མི་དམིགས་ཤིང་དམིགས་སུ་མེད་པ་ཡིན་ནོ། །དེ་ལྟར་གང་ཟག་ལ་བདག་མེད་པ་སྒོམ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ཡིན་ནོ། །ཆོས་ལ་བདག་མེད་པའི་དབང་དུ་བྱས་ནས།
བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པའི་རྣལ་འབྱོར་ལ་བརྩོན་པའི་རིགས་ཀྱི་བུ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིགས་ཀྱི་བུ་དེའི་རྣམ་པར་རྟོག་པ་འདི་སྙམ་དུ་དབང་སྒྱུར་བ་ལ་སོགས་པ་ནས། མནར་མེད་པ་ལ་ཐུག་པའི་བར་འདི་ནི་འདོད་པས་རབ་ཏུ་
ཕྱེ་བའི་ཁམས་ཡིན་པས་འདོད་པའི་ཁམས་སོ། །གནས་གཙང་མ་ལ་སོགས་པ་ནས་ཚངས་རིས་ལ་ཐུག་པའི་བར་འདི་ནི་གཟུགས་ཀྱིས་རབ་ཏུ་ཕྱེ་བའི་ཁམས་ཡིན་པས་གཟུགས་ཀྱི་ཁམས་སོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སོགས་པ་ནས། ནམ་མཁའ་

མཐའ་ཡས་སྐྱེ་མཆེད་ལ་ཐུག་པའི་བར་འདི་ནི་གཟུགས་མེད་པས་རབ་ཏུ་ཕྱེ་བ་ཡིན་པས་གཟུགས་མེད་པའི་ཁམས་སོ། །རབ་ཏུ་ཡང་ཞེས་བྱ་བའི་སྒྲས་བསྡུ་བ་ནི་འདོད་ཆགས་ཟད་པས་འདོད་ཆགས་དང་བྲལ་བའི་ཁམས་དང་། དེ་ལས་གཞན་པའི་
ཉོན་མོངས་པ་ཟད་པས་སྤངས་པའི་ཁམས་རྣམས་ཡོངས་སུ་བཟུང་ངོ་། །འགོག་པའི་དབྱིངས་སུ་ཞེས་བྱ་བ་ནི་དངོས་པོ་ཡོངས་སུ་ཟད་པ་ཞེས་བགྱི་བ་རྣམ་པར་རྟོག་པའི་ངོ་བོ་དེ་ལྟ་བུར་མི་སེམས་སོ། །འདིར་དོགས་ནས་གཏན་ཚིགས་སུ་བཅོམ་ལྡན་འདས་འདི་ལྟར་དེས་ཞེས་
བྱ་བ་ལ་སོགས་པ་གསུངས་ཏེ། དེས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་དང་ལྡན་པའི་རིགས་ཀྱི་བུས་སོ། །འདོད་ཆགས་ལ་སོགས་པ་འགོག་པའི་ཆོས་ཟད་པའི་རང་གི་ངོ་བོའི་ཆོས་དེ་གང་ཡང་མི་མཐོང་སྟེ། ཆོས་ཐམས་ཅད་མ་སྐྱེས་པའི་ཕྱིར་རོ། །དེ་ལྟར་
བདག་མེད་པ་གཉིས་ཀྱི་མཚན་ཉིད་སྒོམ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ནི་རྟོག་པ་མེད་པའི་བདག་ཉིད་ཡིན་པར་རིག་པར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པའི་ཚུལ་ལ་རང་གནས་ལ་སེམས་ཅན་རྣམས་འགོད་པ་བསྟན་ཟིན་ཏོ། །ད་ནི་སྦྱིན་པ་ལ་སོགས་པ་བྱང་ཆུབ་
ཏུ་ཡོངས་སུ་བསྔོ་བ་བརྗོད་པར་བྱ་སྟེ། རབ་ཏུ་འཇུག་པ་ཐམས་ཅད་ཀྱང་འདོད་པ་དང་མི་འདོད་པ་ཐོབ་པ་དང་ཡོངས་སུ་སྤང་པའི་ཆེད་ཡིན་ལ། སྦྱིན་པ་ལ་སོགས་པ་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་འདི་ཡང་སངས་རྒྱས་ཉིད་དང་སོ་སོ་སྐྱེ་བོ་གཉིས་གོ་རིམས་བཞིན་དུ་འཐོབ་
པ་དང་། ཡོངས་སུ་སྤང་བའི་ཆེད་ཡིན་ནོ་ཞེས་དེ་ལྟར་རྣམ་པར་རྟོག་པ་སྐྱེའོ། །དེ་ལ་འདིར་ཆོས་ཐམས་ཅད་མ་སྐྱེས་པ་ཡིན་པའི་ཕྱིར། དགོས་པ་དང་བྱེད་པ་པོ་དང་ལས་རྣམས་ལ་མི་རྟོག་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱའོ་ཞེས་གོ་རིམས་བཞིན་དུ་བསྟན་པའི་
ཕྱིར། བཅོམ་ལྡན་འདས་གཞན་ཡང་གང་ཆོས་གང་ལ་ཡང་ཕན་པ་འམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་པ་འམ་མི་འདོད་པ་མ་ཐོབ་པའམ་ཐོབ་པའི་ཆོས་ཀྱི་རང་གི་ངོ་བོ་གང་ལ་ཡང་གོ་རིམས་བཞིན་དུ་ཕན་པ་སྒྲུབ་པ་འམ། གནོད་པ་སེལ་བར་ཡང་མི་བགྱིད་ཅིང་མི་

སྒྲུབ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ལགས་སོ། །ཕན་པ་མ་ཐོབ་པ་སྒྲུབ་ཅིང་གནོད་པ་ཐོབ་པ་སེལ་བར་མི་བྱེད་པའོ། །འམ་ཞེས་བྱ་བའི་སྒྲ་ནི་ཕན་ཚུན་ལྟོས་པ་ཡིན་ནོ། །དོན་འདི་ལ་གཏན་ཚིགས་སུ་བཅོམ་ལྡན་འདས་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
སྒོམ་པ་ནི་སངས་རྒྱས་ཀྱི་ཆོས་རྣམས་སྦྱིན་པར་བགྱིད་པ་པོ་ཡང་མ་ལགས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལྟར་གང་གི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་བསྟན་ཟིན་པའི་ངོ་བོ་ནི་སངས་རྒྱས་ཀྱི་ཆོས་རྣམས་སྦྱིན་པར་བགྱིད་པ་པོ་ཡང་མ་ལགས་ཏེ། དེས་ན་
འབུལ་བར་བགྱིད་པ་པོ་མ་ལགས་ཞེས་བྱ་བའི་ཐ་ཚིག་གོ། །སོ་སོའི་སྐྱེ་བོའི་ཆོས་རྣམས་གཅོད་པར་བགྱིད་པ་པོ་ལགས་སོ་ཞེས་བྱ་བ་ནི་སེལ་བར་བྱེད་པ་པོ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བས་ན་བཅོམ་ལྡན་འདས་གང་སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱང་མི་འགོག་ལ་
ཞེས་བྱ་བ་ལ་སོགས་པས་ནི་དོན་དེ་ཉིད་ནི་གཞུང་འཛུགས་པར་བྱེད་པའོ། །གང་ཞེས་བྱ་བ་ནི་འདི་ལྟར་ཞེས་བྱ་སྟེ། སོ་སོའི་སྐྱེ་བོའི་ཆོས་དངོས་པོ་མ་སྐྱེས་པ་རྣམས་མི་འགོག་ཅིང་ཟད་པར་མི་བྱེད། སངས་རྒྱས་ཀྱི་ཆོས་དངོས་པོ་མ་སྐྱེས་པ་རྣམས་མི་འཐོབ་ཅིང་ཡོད་པར་མི་བྱེད་
དེ། ཐོབ་པར་བྱ་བ་དང་ཐོབ་པ་པོ་རྣམས་ཤིན་ཏུ་དངོས་པོ་མེད་པོའི་ཕྱིར་རོ་ཞེས་ལན་དུ་མར་བསྟན་ཟིན་ཏོ། །འདིར་ནི་ཡོངས་སུ་བསྔོ་བ་འཁོར་གསུམ་ཡོངས་སུ་དག་པ་ཡིན་པར་རིག་པར་བྱའོ། །སྦྱིན་པ་ལ་སོགས་པ་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་བསྟན་ཟིན་ཏོ། །དེ་ཡན་ཆད་
དུ་མཐོང་བའི་ལམ་སྐད་ཅིག་མ་བཅུ་དྲུག་བསྟན་ཟིན་ཏེ། དེ་ལ་བཅུ་དྲུག་ནི། དེ་བཞིན་ཉིད་དང་སངས་རྒྱས་དག །ཕན་ཚུན་བརྟེན་པ་མེད་པ་དང་། །རྣམ་གྲངས་ཀྱིས་ནི་ཞལ་མི་བཞེས། །ཆེན་པོ་ཉིད་དང་མཚན་མེད་བཅས། །དཔག་མེད་པ་དང་མཐའ་མེད་དང་། །དེར་གནས་
པ་ཡི་གཟུགས་ལ་སོགས། །སངས་རྒྱས་ཉིད་དུ་ངེས་འཛིན་དང་། །བླང་དོར་མེད་ལ་སོགས་པ་དང་། །བྱམས་ལ་སོགས་པ་སྟོང་ཉིད་དང་། །སངས་རྒྱས་ཉིད་ནི་འཐོབ་པ་དང་། །རྣམ་པར་བྱང་ཀུན་ཡོངས་བསྡུས་དང་། །མངོན་ཞེན་ནད་ཀུན་འཇོམས་པ་དང་། །མྱ་ངན་འདས་

འཛིན་ཞི་ཉིད་དང་། །སངས་རྒྱས་རྣམས་ཀྱིས་བསྲུངས་སོགས་དང་། །སྲོག་གཅོད་མེད་པ་ནས་བརྩམས་ནས། །རྣམ་པ་ཀུན་མཁྱེན་ཚུལ་ལ་ནི། །བདག་གནས་སེམས་ཅན་འགོད་པ་དང་། །སྦྱིན་པ་ལ་སོགས་བྱང་ཆུབ་ཏུ། །ཡོངས་སུ་སྔོ་བར་བྱེད་
པ་སྟེ། །ལམ་ཤེས་ཉིད་ཀྱི་སྐད་ཅིག་མ། །ཞེས་བྱ་སྟེ། དེ་དག་ནི་ཞི་གནས་དང་ལྷག་མཐོང་གི་དམིགས་པ་དངོས་པོའི་མཐའ་ཡིན་པར་རིག་པར་བྱའོ། །མཐོང་བའི་ལམ་དེ་སྐད་དུ་བསྟན་པ་དང་། །ཐུགས་དགྱེས་པ་འམ་ཞལ་གྱིས་བཞེས་ནས། ལེགས་སོ་ལེགས་སོ། །
ཞེས་ལན་གཉིས་སུ་གསུངས་སོ། །འཇམ་དཔལ་ཁྱོད་ཀྱིས་འདི་ལྟར་ཆོས་ཟབ་མོ་འདི་ལྟ་བུ་འདི་ཞེས་བྱ་བ་ལ། འདི་ལྟར་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱའོ། །འདི་ལྟ་བུ་ཞེས་བྱ་བ་ནི་དམིགས་པའི་མཚན་ཉིད་དངོས་པོའི་མཐའ་ལ་བྱའོ། །ཟབ་མོ་ནི་སྒྲོ་འདོགས་པ་དང་སྐུར་འདེབས་
ཀྱི་མཐའ་དང་བྲལ་བའི་ཕྱིར་ཏེ། དོན་དམ་པར་རང་གི་ངོ་བོའི་ཆོས་མཐོང་བའི་ལམ་འདི་སེམས་ཅན་རྣམས་ལ་བསྟན་ཅིང་བཤད་པ་ཞེས་བྱ་བར་རིག་པར་བྱ་སྟེ། དེའི་སྐབས་ཡིན་པའི་ཕྱིར་རོ། །ཕྱག་རྒྱ་འདི་གཞག་གོ་ཞེས་བྱ་བ་ནི་མཐོང་བའི་ལམ་གྱི་ཆོས་བཅུ་དྲུག་འདི་ཉིད་
ཡིད་ཆེས་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར། ཕྱག་རྒྱ་དང་རྟགས་ཡིན་ཏེ། ཐེག་པ་གསུམ་གྱི་ཚུལ་སོ་སོར་ངེས་པའི་སེམས་ཅན་གྱི་ངོ་བོ་དག་གི་ཆ་ཕྲ་མོ་ཁོང་དུ་མ་ཚུད་པ་ཚུ་རོལ་ཉི་ཚེ་མཐོང་བ། བྱང་ཆུབ་སེམས་དཔའ་དང་ཅིག་ཤོས་སུ་བྱེ་བྲག་མ་ཕྱེད་པ་རྣམས་ཀྱིས། བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ཡིན་པར། ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་པར་བྱ་བའི་ཕྱིར་ཁྱོད་ཀྱིས་ཕྱག་རྒྱ་བཞག་སྟེ། གང་དག་ཆོས་འདི་ལ་འདོད་པ་དང་སེང་གེ་སྒྲས་སེང་གེའི་ཕྲུ་གུ་བཞིན་དུ་ཆོས་ཐོས་པས་མི་སྐྲག་པ་ལ་སོགས་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་
ཡིན་ནོ་ཞེས་ཕྱག་རྒྱ་འདིས་ངེས་པར་བྱེད་དོ། །གང་དག་སེང་གེའི་སྒྲས་རི་དགས་གཞན་བཞིན་པ་དང་། །བ་ཚའི་ཆུའི་ནང་ནས་སྐྱེས་པས་ཆུ་ཞིམ་པོ་མི་འདོད་པ་བཞིན་འདི་ལ་མི་འདོད་ཅིང་སྐྲག་པར་བྱེད་པའི་ཉན་ཐོས་ཀྱི་ཐེག་པ་པ་མངོན་པའི་ང་རྒྱལ་ཅན་ནམ། བྱང་ཆུབ་

སེམས་དཔའི་ཐེག་པ་པ་དམིགས་པ་ཅན་དག་ཡིན་པར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའི་རྟགས་སུ་གྱུར་པའི་ཕྱག་རྒྱ་དང་བྲལ་བའི་ཕྱིར་རོ། །མངོན་པའི་ང་རྒྱལ་ཅན་རྣམས་དང་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པའི་བྱེ་བྲག་ཡིན་ཏེ། ཉན་ཐོས་ཀྱི་བྱང་ཆུབ་ཙམ་
གྱིས་དགའ་ཞིང་ཞི་བ་ཕྱོགས་གཅིག་པ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་རང་སངས་རྒྱས་ཀྱི་ཐེག་པ་པར་བཟུང་སྟེ། དེ་དག་ནི་གཅིག་ཏུ་ང་རྒྱལ་ལ་སྤྱོད་པ་ཡིན་པར་གསུང་རབ་ལས་གཞག་གོ། །དེ་དག་ནི་སངས་རྒྱས་གཅིག་ལ་བསྙེན་བཀུར་བྱས་པ་མ་ཡིན་ཞེས་བྱ་བ་ལ་
སོགས་པ་ནི་འདི་དག་གིས་སངས་རྒྱས་གཅིག་བསྙེན་བཀུར་བྱས་པ་དེ་སངས་རྒྱས་གཅིག་ལ་བསྙེན་བཀུར་བྱས་པའོ། །ཡང་ན་སངས་རྒྱས་གཅིག་ལ་བསྙེན་བཀུར་བྱས་པ་གང་ཡིན་ཞེས་བྱ་བར་སྦྱར་ཏེ། དེ་ལྟ་བུ་མ་ཡིན་ནོ། །འདི་དག་གིས་སངས་རྒྱས་གཅིག་ལ་བསྙེན་
བཀུར་བསྐྱེད་པ་ཞེས་བྱ་བར་སྦྱར་ཏེ། དེ་ལྟར་མ་ཡིན་གྱི་འོན་ཀྱང་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་ཡིན། སངས་རྒྱས་མང་པོ་ལ་དགེ་བའི་རྩ་བ་བསྐུལ་བ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །སྐྲག་པ་ནི་སྔངས་ཤིང་སྐྲག་པ་སྟེ། ལན་འགའ་འབྱུང་བའོ། །དངང་བ་ནི་
རྒྱུན་དུ་སྐྲག་པའོ། །དངང་བར་འགྱུར་བ་ནི་བྲལ་ཡང་ཡང་བྱུང་ཡང་བྱུང་བྱེད་པ་སྟེ། རྒྱུན་དུ་འདུག་པའི་རིམས་དང་བར་བར་དུ་འབྱུང་བའི་རིམས་བཞིན་ནོ། །གཞན་དག་ན་རེ་ཆུང་ངུ་དང་འབྲིང་དང་ཆེན་པོའི་བྱེ་བྲག་ཡིན་ནོ་ཞེའོ། །དེ་དག་ལྟ་བུ་མ་ཡིན་པས་མི་སྐྲག་པ་ལ་སོགས་
པ་ཡིན་ནོ། །དེ་ལྟར་བསམ་པ་རྣམ་པར་དག་པས་བསྡུས་པའི་མཐོང་བའི་ལམ་གྱི་མཇུག་ཐོགས་སུ་བསླབ་པ་གསུམ་རྣམ་པར་དག་པས་བསྡུས་པའི་བསྒོམ་པའི་ལམ་བརྗོད་པར་བྱ་སྟེ། ཆུང་བའི་ཆུང་བ་ལ་སོགས་ལམ། །ས་དགུ་ལ་ནི་རྣམ་པར་དག །ཆེན་པོའི་ཆེན་
པོ་ལ་སོགས་པའི། །དྲི་མ་དག་གི་གཉེན་པོ་ཡིན། །ཞེས་གསུངས་པ་ཡིན་ནོ། །དེ་ལ་ལྷག་པའི་ཚུལ་ཁྲིམས་རྣམ་པར་དག་པས་ས་གཉིས་པ་དང་། ལྷག་པའི་བསམ་པ་རྣམ་པར་དག་པས་ས་གསུམ་པ་དང་། ལྷག་པའི་ཤེས་རབ་རྣམ་པར་དག་པའི་བྱེ་བྲག་གི་

ཕྱིར་འོད་འཕྲོ་བ་ལ་སོགས་པ་ས་བརྒྱད་གཞག་གོ། །དེ་ལ་དེ་བཞིན་གཤེགས་པའི་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀུན་འབྱུང་བའི་བདེན་པས་ཐོབ་པར་བྱ་བ་ཡིན་པས་འདིར་མ་བཤད་དོ། །དེ་ལས་གཞན་དགུ་ནི་རིམ་བཞིན་སྟོན་ཏེ། བཅོམ་
ལྡན་འདས་ཀྱིས་གནང་བ་བསྒྲུབ་པའི་ཕྱིར་བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱ་ཆེར་སྟོན་པར་སྤོབས་ལགས་སོ་ཞེས་གསུངས་ཏེ། རྒྱ་ཆེར་ཞེས་བྱ་བ་ནི་གོང་དུ་བསྟན་པ་ཙམ་པས་ལྷག་པར་སྤོབས་སོ་ཞེས་བྱ་བའི་ཐ་ཚིག་གོ། །འཇམ་དཔལ་སྤོབས་པར་གྱིས་
ཤིག་ཅེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བ་བསྟན་ཏོ། །དེ་ལ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ནི་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་གསུམ་མོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐམས་ཅད་དུ་འགྲོ་བའོ། །ལྷག་པའི་སེམས་ཀྱི་བསླབ་
པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ལྷག་པའི་ཤེས་རབ་ཀྱི་བསླབ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དྲུག་ཁོ་ནས་སེམས་ཅན་གྱི་དོན་དང་ཉོན་མོངས་པ་སྤངས་པ་འགྲུབ་པའི་ཕྱིར་རོ། །ཐབས་ལ་སོགས་པ་བཞི་ནི་འདི་དག་ཉིད་ཀྱི་གྲོགས་ཡིན་ཏེ།
འདི་ལྟར་སྦྱིན་པ་ལ་སོགས་པས་ཡོངས་སུ་ཟིན་པའི་སེམས་ཅན་གྱི་ཚོགས་རྣམས་ཐབས་ལ་མཁས་པས་དགེ་བ་ལ་སྦྱོར་བར་བྱེད་པས་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པའི་གྲོགས་ཡིན་ནོ། །མཐོང་བའི་ཆོས་ལ་ཉོན་མོངས་པ་ལྷག་པར་ཆེ་བའི་
ཕྱིར་སྒོམ་པ་རྒྱུན་དུ་མི་ནུས་ཤིང་ཁམས་དམན་པ་ལ་ལྷག་པར་མོས་པས་ལྷག་པའི་བསམ་པ་ཉམ་ཆུང་བས་དམིགས་པ་ཇི་ལྟ་བ་བཞིན་དུ་བསམ་གཏན་ཡོངས་སུ་བསྒོམ་པའི་ཕྱིར་ནང་དུ་སེམས་འཇོག་མི་ནུས་པ་དང་འཇིག་རྟེན་ལས་འདས་པའི་ཤེས་རབ་མངོན་པར་སྒྲུབ་མི་ནུས་
པ་རྣམས་བསོད་ནམས་ཅུང་ཟད་ཙམ་དག་བྱས་ཏེ་འདུག་པ་དེ་དག་ཚེ་ཕྱི་མར་ཉོན་མོངས་པ་ཆུང་བར་ཡིད་ཀྱིས་སྨོན་ལམ་བཏབ་བོ། །ཉོན་མོངས་པ་ཆུང་བ་དེས་ན་བརྩོན་འགྲུས་རྩོམ་ནུས་པར་འགྱུར་ཏེ། དེ་བས་ན་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ནི་བརྩོན་འགྲུས་ཀྱི་གྲོགས་

ཡིན་ནོ། །གང་གི་ཚེ་སྐྱེས་བུ་དམ་པ་ལ་བརྟེན་པ་དང་། དམ་པའི་ཆོས་ཉན་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་ལ་བརྟེན་ནས་ལྷག་པའི་བསམ་པ་ཉམ་ཆུང་བ་བཟློག་སྟེ། གཟུགས་ཀྱི་ཁམས་སུ་ལྷག་པའི་བསམ་པ་སྟོབས་དང་ལྡན་པ་ཉིད་ཐོབ་པའི་ཕྱིར། སྟོབས་
ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བསམ་གཏན་གྱི་གྲོགས་ཡིན་ནོ། །ཡེ་ཤེས་གང་གིས་འཇིག་རྟེན་ལས་འདས་པའི་ཤེས་རབ་སྒྲུབ་ནུས་པར་འགྱུར་བའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་གྲོགས་ཡིན་ནོ། །དེ་ལ་ས་གཉིས་པའི་དབང་དུ་བྱས་
ནས། བཅོམ་ལྡན་འདས་གང་ཆོས་གང་གི་གནས་པ་མི་དམིགས་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་རྣམ་པར་དག་པའི་མཚན་ཉིད་དེ་དེ་ལ་གང་ཆོས་གང་གི་ཞེས་བྱ་བ་ནི་གནས་
པ་པོའི་ཆོས་གཟུགས་ལ་སོགས་པ་གང་ཡིན་པ་དེ་དག་གིའོ། །གནས་པ་ཞེས་བྱ་བ་ནི་འདི་ལ་གནས་པས་གནས་པའོ། །བསླབ་པ་འདི་ཉིད་ལ་བྱ་སྟེ། རྗེས་སུ་བསྒྲུབ་པའི་བདག་ཉིད་རྣམས་ཀྱིས་སྒྲུབ་པ་ནི་དེ་ལ་འཇུག་པའི་ཕྱིར་རོ། །དེ་མི་དམིགས་པ་ནི་མི་མཐོང་བའོ། །
མི་གནས་པ་ཡང་རྣམ་པ་གཉིས་ཏེ། སེར་སྣ་དང་། ཚུལ་ཁྲིམས་འཆལ་པ་དང་། གནོད་སེམས་ལ་སོགས་པ་ལོག་པར་སྒྲུབ་པ་དང་མི་སྒྲུབ་པ་སྟེ། དེ་ཡང་མི་དམིགས་པ་སྟེ། གཉེན་པོ་དང་མི་མཐུན་པའི་ཕྱོགས་དང་གཉི་ག་མ་ཡིན་པ་རྣམས་མི་དམིགས་པ་གང་
ཡིན་པ་དེ་སྒོམ་པ་འདི་ཡིན་པར་བཞེད་དོ། །དེ་ནས་དེ་མི་དམིགས་པ་འདི་ཡང་ཅིའི་སླད་དུ་ཞེ་ན། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་མི་གནས་པའི་སླད་དུ་ཞེས་གསུངས་ཏེ། མ་སྐྱེས་པ་རྣམས་ནི་གནས་པར་མི་རིགས་སོ་ཞེས་བྱ་བའི་ཐ་ཚིག་གོ། །ས་གསུམ་
པའི་དབང་དུ་བྱས་ནས་བཅོམ་ལྡན་འདས་གང་ཆོས་གང་ལ་ཡང་ལྷག་པར་དམིགས་པའི་སླད་དུ་ཉེ་བར་མི་གནས་པ་དེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ནི་ལྷག་པའི་སེམས་ཀྱི་བསླབ་པ་རྣམ་པར་དག་པའི་མཚན་ཉིད་ཡིན་

ནོ། །དེ་ཡང་གང་ཞེ་ན། དངོས་པོའི་ཆོས་གང་ལ་ཡང་ལྷག་པར་དམིགས་པའི་སླད་དུ་ཡུལ་དུ་བྱ་བའི་ཕྱིར་ཉེ་བར་མི་གནས་འཇུག་པ་མ་ལགས་སོ། །འདིར་དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བས་དོགས་ཏེ། གཏན་ཚིགས་དྲིས་པ་དང་། བཅོམ་ལྡན་འདས་
འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་ཆོས་ཐམས་ཅད་ནི་དམིགས་པ་མ་མཆིས་ཤིང་། དམིགས་པ་སྟོང་པ་ཡིན་ཏེ། མ་སྐྱེས་པ་རྣམས་ལ་ཡུལ་དང་ཡུལ་ཅན་གྱི་དངོས་པོ་མི་འཐད་པའི་ཕྱིར་རོ། །བཅོམ་ལྡན་འདས་འདི་ལྟར་སྒོམ་པ་ནི་ཞེས་བྱ་བ་ལ་
སོགས་པ་མཇུག་སྡུད་པའོ། །དེ་ཉིད་སེམས་མི་དམིགས་པར་སྒོམ་པ་ཡིན་ཏེ། དམིགས་པའི་རྣམ་པ་མ་གཏོགས་པར་སེམས་མེད་པའི་ཕྱིར་རོ། །དེ་ཡང་དྲི་ཟའི་གྲོང་ཁྱེར་བཞིན་དུ་ཡོད་པ་མ་ཡིན་ཡང་སྣང་བའི་ཕྱིར་རོ། །དོན་དམ་པར་དེ་མི་དམིགས་པའི་བདག་ཉིད་སྒོམ་
པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ཡིན་པར་བཞེད་དོ། །ལྷག་པའི་སེམས་ཀྱི་བསླབ་པ་རྣམ་པར་དག་པ་ཞེས་བྱ་བ་ས་གསུམ་པའོ། །ལྷག་པའི་ཤེས་རབ་ཀྱི་བསླབ་པ་རྣམ་པར་དག་པའི་ཁྱད་པར་ནི་ས་ལྷག་མ་རྣམས་ཡིན་ནོ། །དེ་ལ་ས་བཞི་པའི་དབང་དུ་བྱས་ནས། བཅོམ་
ལྡན་འདས་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་ཡང་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པ་གཞན་ཡང་ཞེས་བྱ་བ་ཡིན་ནོ། །འོད་འཕྲོ་ཅན་གྱི་ས་འདི་ནི་ཆོས་ཀྱི་དབྱིངས་ལ་ཀུན་ཏུ་འཛིན་པ་ཉིད་མེད་པའི་དོན་རྟོགས་པས། སྙོམས་པར་འཇུག་པ་
ལ་སྲེད་པའི་རྨོངས་པ་དང་ཆོས་ལ་སྲེད་པའི་རྨོངས་པ་དང་། དེའི་གནས་ངན་ལེན་གྱི་གཉེན་པོ་ཡིན་ནོ། །དེ་ལྟར་ན་རེ་ཞིག་ཆོས་ལ་སྲེད་པ་མེད་པ་བསྟན་པའི་ཕྱིར་གང་ལ་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀྱང་གི་སྒྲས་ནི་དེ་དག་གི་ཆེད་དུ་འཇུག་
པས་སངས་རྒྱས་ཀྱི་ཆོས་རྣམས་འདོད་པར་བྱ་བ་ཉིད་དུ་བསྟན་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཆོས་རྣམས་ཀྱང་མངོན་དུ་མི་འགྱུར་ཞེས་བྱ་བ་ནི་མདུན་ན་འདུག་པ་མ་ཡིན་ཏེ། ཆོས་ཐམས་ཅད་དངོས་པོ་མ་ཡིན་པར་མཐོང་བའི་ཕྱིར་རོ། །འདོད་པར་བྱ་བ་མ་ཡིན་པ་རང་སངས་རྒྱས་ཀྱི་ཆོས་

རྣམས་མངོན་དུ་ལྟ་ག་ལ་འགྱུར་ཞེས་སྦྱར་རོ། །ཉན་ཐོས་ཀྱི་ཆོས་རྣམས་ཀྱང་མངོན་དུ་མི་འགྱུར་ན་ཞེས་བྱ་བ་ལ་སོགས་པ་ནི་སྒོམ་པ་གང་ལ་ཞེས་བྱ་བ་ལ་ལྟོས་པ་ཡིན་ནོ། །སོ་སོའི་སྐྱེ་བོའི་ཆོས་རྣམས་ལྟ་སྨོས་ཀྱང་ཅི་འཚལ་ཞེས་བྱ་བ་ནི་སྤོང་བ་སྟེ། སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱི་དངོས་པོ་
མངོན་དུ་འགྱུར་བ་ལྟ་རེ་ཞིག་ཞོག་གི །སྨོས་སུ་ཡང་མེད་དོ་ཞེས་བྱ་བ་ནི་ཀྱང་གི་སྒྲའི་དོན་ཡིན་ནོ། །ཆོས་ལ་སྲེད་པ་མེད་པ་བསྟན་ནས། བཅོམ་ལྡན་འདས་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་སྒོམ་པ་ནི་ཞེས་བྱ་བ་ལ་སོགས་པས་ནི་སྙོམས་པར་འཇུག་པ་ལ་སྲེད་པ་མེད་པར་སྟོན་ཏོ། །ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་སྒོམ་པ་ནི་ཞེས་བྱ་བ་ནི་སྙོམས་པར་འཇུག་པ་ལ་སྲེད་པའི་གཉེན་པོའི་མཚན་ཉིད་དོ། །སྒོམ་པ་གང་ལ་བརྟེན་ནས་ཞེས་བྱ་བ་ནི་གནས་ནས་ཏེ། རེ་ཞིག་ཉི་ཚེ་བའི་ཆོས་མངོན་དུ་བྱེད་པ་ལྟ་ཞོག་གི །སངས་རྒྱས་ཀྱི་ཆོས་རྣམས་བསམ་གྱིས་མི་ཁྱབ་པ་ལ་ཡང་མངོན་དུ་མི་བྱེད་དོ། །ཡང་
གི་སྒྲས་སངས་རྒྱས་ཀྱི་ཆོས་རྣམས་བསམ་གྱིས་མ་ཁྱབ་པའོ། །ཞེས་རྣམ་པར་རྟོག་པ་ཡང་མངོན་དུ་མི་བྱེད་དོ་ཞེས་བྱ་བར་བལྟ་བར་བྱའོ། །མངོན་དུ་མི་བྱེད་པ་ནི་སྙོམས་པར་འཇུག་པས་ཡུལ་དུ་མི་བྱེད་པ་སྟེ། སྙོམས་པར་འཇུག་པ་ལ་སྲེད་པ་ཆད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་སྒོམ་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་པའི་སླད་དུ་ལགས་པར་རིག་པར་བགྱིའོ་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སོགས་པའི་ཆོས་རྣམས་ལ་རྣམ་པར་མི་རྟོག་པར་བྱ་བའི་ཕྱིར་
ཡིན་ནོ་ཞེས་བལྟ་བར་བྱ་སྟེ། ཆོས་དང་སྙོམས་པར་འཇུག་པ་ལ་སྲེད་པ་སྤངས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་གཞན་ཡང་སྒོམ་པ་གང་ལ་བརྟེན་ནས་ཞེས་བྱ་བ་ལ་སོགས་པས་ནི་ས་ལྔ་པ་སྟོན་ཏོ། །སྒོམ་པ་གང་ལ་བརྟེན་ནས་ཞེས་བྱ་བ་ནི་ཐོབ་ནས་སོ། །
མཐོང་བ་མ་མཆིས་པའི་ཚུལ་དུ་ཞེས་བྱ་བ་ནི་ཆོས་ཐམས་ཅད་མི་དམིགས་པའི་ཚུལ་གྱིས་ཞེས་བྱ་བའི་དོན་ཏོ། །སོ་སོའི་སྐྱེ་བོ་ལ་སོགས་པ་དང་འབྲེལ་པའི་ཆོས་ཐམས་ཅད་ནི་སངས་རྒྱས་ཀྱི་ཆོས་སུ་མཐོང་ཞིང་ཤེས་སོ། །ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་ཆོས་ཐུན་

མོང་མ་ཡིན་པ་རྨད་དུ་བྱུང་བའི་ཆོས་ཡིན་པར་མཐོང་བ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ལགས་སོ་ཞེས་བྱ་བ་ནི་ཉོན་མོངས་པ་དང་རྣམ་པར་བྱང་བའི་རྒྱུད་ཐ་དད་པ་མེད་པར་རྟོགས་པའི་མཚན་ཉིད་དོ། །གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་
ཐོས་ནས་མི་སྐྲག་ཅེས་བྱ་བ་ལ་སོགས་པ་ལ་སངས་རྒྱས་བརྒྱ་སྟོང་མང་པོ་ལ་བསྙེན་བཀུར་བགྱིས་པ་ལགས་ཏེ། མཉེས་པར་བགྱིས་པ་དང་ལྡན་པ་ནི་སངས་རྒྱས་ལ་བསྙེན་བཀུར་བགྱིས་པའོ། །དེ་གང་ཞེ་ན། གང་དག་བསྒོམ་པའི་ལམ་གྱིས་བསྡུས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་བསྟན་པ་འདི་ཐོས་ནས་མི་སྐྲག་པ་ལ་སོགས་པ་ཡིན་ནོ། །མི་སྐྲག་པ་ལ་སོགས་པ་བཤད་ཟིན་ཏོ། །ཐོས་པ་ལ་སྐྲག་པ་མེད་པ་ལ་སོགས་པ་སངས་རྒྱས་བརྒྱ་སྟོང་མང་པོ་ལ་བསྙེན་བཀུར་བྱས་པས་ལྷག་པར་མོས་པ་ནི་ཤིན་ཏུ་ཡང་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་ཡིན་
ཏེ། དེ་དག་གི་ཐུགས་མཉེས་པར་མཛད་པ་ཡིན་གྱི། གཞན་དག་ནི་ཉན་པ་ལ་སོགས་པ་མི་རིགས་པའི་ཕྱིར་རོ། །ཇི་སྐད་དུ་སྔར་སངས་རྒྱས་རྣམས་ལ་ལྷག་པར་བྱ་བ་བྱས་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གལ་ཏེ་བསྒོམས་པའི་བརྩམས་པ་ཡོངས་སུ་རྫོགས་པར་
ཐོས་པ་ལ་སྐྲག་པ་མེད་པ་ལ་སོགས་པའི་བསྔགས་པ་སྟོན་པ་སྐབས་སུ་ཅི་བབ་ཅེ་ན། དེ་ལ་བཤད་པ། བྱང་ཆུབ་སེམས་དཔའི་ས་ལ་ནི་ཉོན་མོངས་པའི་ཕྲ་རྒྱས་ཀྱི་གྲོགས་དང་ཉམ་ཆུང་བ་དང་ཕྲ་བ་དང་རྣམ་པ་གསུམ་ཡང་དག་པར་བཅོམ་མོ། །དེ་ལ་དང་པོ་ནས་ལྔ་པའི་བར་དུ་ནི་མཐུན་
པར་ཉོན་མོངས་པའི་ཕྲ་རྒྱས་ཀྱི་གྲོགས་ཡང་དག་པར་བཅོམ་པའི་གནས་སྐབས་ཡིན་ནོ། །དྲུག་པ་དང་། བདུན་པ་གཉིས་ཀྱི་གནས་སྐབས་སུ་ནི་མཐུན་པར་ཉམ་ཆུང་བ་བཅོམ་པ་ཡིན་ནོ། །བརྒྱད་པ་ལ་སོགས་པ་གསུམ་གྱི་གནས་སྐབས་སུ་ནི་མཐུན་པར་ཕྲ་བ་བཅོམ་པ་ཡིན་
ནོ་ཞེས་བསྟན་པའི་ཕྱིར། ས་ལྔ་པ་བསྟན་ནས་སངས་རྒྱས་མང་པོ་ལ་ཞེས་བྱ་བ་ལ་སོགས་པ་གནས་སྐབས་གཞན་བསྟན་ཏོ། །དེ་བཞིན་དུ་ས་བདུན་པ་བསྟན་ནས་དེ་ནས་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ས་བཅུ་པ་བསྟན་པ་ལ་ནི་སྐབས་རྫོགས་པ་ཡིན་ནོ་ཞེས་དགོངས་

པའོ། །དེ་སྐད་དུ་ས་ལ་འཇུག་པ་ལས་ཀྱང་། ས་ལྔ་གཉིས་དང་གསུམ་དག་ལ། །ཉོན་མོངས་གྲོགས་དང་ཉམ་ཆུང་དང་། །ཕྲ་བ་ཟད་པའི་འདོད་པ་ཡིན། །དེ་བཞིན་གཤེགས་པ་དེ་དག་ཟད། །ཅེས་གསུངས་སོ། །བཅོམ་ལྡན་འདས་གཞན་ཡང་གང་ཀུན་ནས་ཉོན་མོངས་
པ་འམ་ཞེས་བྱ་བ་ལ་སོགས་པས་ས་དྲུག་པ་སྟོན་ཏོ། །འདིར་ལུགས་དང་མི་ཐུན་པ་དང་། ལུགས་དང་མི་མཐུན་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་རྟོགས་པའི་ཕྱིར། གང་ཀུན་ནས་ཉོན་མོངས་པར་འགྱུར་བ་འམ་རྣམ་པར་བྱང་བར་འགྱུར་བའི་ཆོས་གང་ཡང་ཡོད་པ་མ་ཡིན་པར་
མཐོང་། དེ་དག་ནི་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་རྟེན་ཅིང་། ཀུན་ནས་ཉོན་མོངས་པར་གྱུར་པའི་ཆོས་ཀྱི་དངོས་པོ་དང་བདག་ལ་སོགས་པ་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ཞིང་། རྣམ་པར་བྱང་བ་ཡང་སྐྱེད་དོ། །གང་ཟག་དང་། ཆོས་ལ་མངོན་པར་ཞེན་པ་ངན་སོང་
བའི་ཀུན་ནས་ཉོན་མོངས་པའི་རྨོངས་པ་དང་གནས་ངན་ལེན་ལ་སོགས་པའི་དྲི་མ་དང་བྲལ་བ་ཡང་དག་པར་རྗེས་སུ་མི་མཐོང་ཞིང་། མི་དམིགས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ལགས་ཏེ་ཞེས་བྱ་བས་སྟོན་ཏོ། །བཅོམ་ལྡན་འདས་དེ་ལྟར་བསྒོམས་ན་ཞེས་བྱ་བ་ལ་
སོགས་པས་ནི་མཇུག་སྡུད་པ་ཡིན་ནོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་དེ་ནི་སོ་སོའི་སྐྱེ་བོ་དང་ཞེས་བྱ་བ་ལ་སོགས་པས་ས་བདུན་པ་སྟོན་ཏེ། འདི་ནི་རྩོལ་བ་དང་བཅས་ཤིང་མཚན་མ་མེད་པར་གནས་པ་ཡིན་ལ་ཐ་དད་པ་ཉིད་མེད་པའི་དོན་རྟོགས་པ་ཡིན་ཏེ།
ཐ་དད་པ་ཉིད་ཀྱི་རྒྱུ་དང་མཚན་མ་མི་དམིགས་པའི་ཕྱིར་རོ། །དེ་ཉིད་སྟོན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་དེ་ནི་ཐ་དད་པ་མེད་པ་ཉིད་ཀྱི་དོན་རྟོགས་པའི་མཚན་ཉིད་གང་ཡིན་པ་སྟེ། སོ་སོའི་སྐྱེ་བོ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་དུ་ཡང་ཕན་ཚུན་ཐ་དད་
དུ་མི་བགྱིད་ཅིང་བྱེ་བྲག་ཏུ་མི་བྱེད་དེ། །ཡང་ན་འདིར་ཐ་དད་དུ་བྱེད་དེ་མཚན་མའོ། །དེ་མི་བྱེད་པ་གང་ཡིན་པ་འདི་ནི་རིང་དུ་སོང་བའི་བདག་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཞེས་བྱ་བ་ལ་

སོགས་པས་ས་བརྒྱད་པ་མི་གཡོ་བ་སྟོན་ཏེ། འདིར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་དམའ་བ་མེད་པ་དང་མ་ཐོབ་པ་མེད་པའི་དོན་རྟོགས་ཤིང་མཚན་མ་མེད་པ་ཡིད་ལ་བྱེད་པ་ལྷུན་གྱིས་གྲུབ་པ་འབྱུང་བ་དང་མཚན་མ་ལ་ཡང་དབང་ཉིད་ཐོབ་པའོ། །དེ་དག་
ཐམས་ཅད་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས། འཇམ་དཔལ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཇི་སྙེད་ཅིག་ལ་བསྙེན་བཀུར་བྱས་ཞེས་དྲིས་ཏེ། གང་ཁྱོད་ཀྱིས་བསྙེན་བཀུར་བྱས་པའི་དེ་བཞིན་གཤེགས་པ་དེ་དག་གི་ཚད་ཇི་ཙམ་ཞེས་བྱ་བའོ། །འཕགས་པ་འཇམ་དཔལ་
གྱིས་ཀྱང་སྒྱུ་མའི་སྐྱེས་བུའི་སེམས་དང་སེམས་ལས་བྱུང་བ་ཇི་སྙེད་ཅེས་བྱ་བ་ལ་སོགས་པས་དེ་དག་མ་སྐྱེས་པ་ཉིད་དུ་སྟོན་པར་བྱེད་དོ། །སྒྱུ་མའི་རང་བཞིན་གྱི་སྐྱེས་བུ་ནི་སྒྱུ་མའི་སྐྱེས་བུའོ། །དེ་ནི་རེ་ཞིག་གཏན་མ་སྐྱེས་པ་ཡིན་ན། དེའི་སེམས་དང་སེམས་ལས་བྱུང་བ་ལྟ་ཤིན་ཏུ་ཡང་མ་
སྐྱེས་ན་འགག་པ་ལྟ་ཅི་ཞིག་ཡོད། །བསྙེན་བཀུར་བྱ་བའི་སངས་རྒྱས་ཀྱང་དེ་བཞིན་དུ་མ་སྐྱེས་པ་ཡིན་ནོ། །བསྙེན་བཀུར་བྱེད་པ་ཡང་མ་སྐྱེས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། འཇམ་དཔལ་ཁྱོད་སངས་རྒྱས་ཀྱི་ཆོས་ལ་ཡང་དག་པར་མ་ཞུགས་སམ་ཞེས་དྲིས་སོ། །སངས་རྒྱས་རྣམས་
ཀྱི་ཆོས་ནི་སངས་རྒྱས་ཀྱི་ཆོས་ཏེ། སྟོབས་དང་མི་འཇིགས་པ་ལ་སོགས་པའོ། །དེ་འམ་དེ་དག་ལ་ལྷུན་གྱིས་གྲུབ་པར་འཇུག་པ་མ་ཡིན་པའི་ཕྱིར། རྒྱུན་གྱིས་སམ་ཡང་དག་པར་མ་ཞུགས་པ་ནི་སངས་རྒྱས་ཀྱི་ཆོས་ལ་ཡང་དག་པར་མ་ཞུགས་སམ་ཞེས་བྱ་སྟེ། འདི་ལྟར་བསྙེན་བཀུར་
མ་སྐྱེས་པར་སྨྲའོ། །སངས་རྒྱས་ཀྱི་ཆོས་ལ་ཡང་དག་པར་ཞུགས་པ་ནི་སངས་རྒྱས་ལ་བསྙེན་བཀུར་བྱེད་པ་དང་། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་སྦྱོང་བ་ལ་སོགས་པ་ཡིན་ན་བྱ་བ་དེ་དག་
མི་བྱེད་ན། ཇི་ལྟར་སངས་རྒྱས་ཀྱི་ཆོས་ལ་ཡང་དག་པར་ཞུགས་པ་ཡིན་ཞེས་དགོངས་པའོ། །བཅོམ་ལྡན་འདས་གང་སངས་རྒྱས་ཀྱི་ཆོས་ལ་ཡང་དག་པར་ཞུགས་པའི་ཆོས་དེ་གང་ཡང་དམིགས་སུ་མ་མཆིས་སམ་ཞེས་བྱ་བ་ནི་ཡང་དག་པར་ཞུགས་པ་པོ་བསྙེན་བཀུར་བྱེད་པ་ལ་སོགས་

པའི་བདག་ཉིད་རྟག་པ་དང་ཕུང་པོ་ལ་སོགས་པའི་མཚན་ཉིད་མི་རྟག་པ་མི་དམིགས་པས་མི་འཐད་པ་ཁོ་ན་ཡིན་པར་སྟོན་ཏོ། །འདིས་ནི་མཚན་མ་མེད་པ་ཡིད་ལ་བྱེད་པ་ན་རྩོལ་བའི་རྨོངས་པ་སྤངས་པ་དང་མཚན་མ་ལ་དབང་བའི་རྨོངས་པ་སྤངས་པ་ཡང་བསྟན་ཏོ། །གལ་ཏེ་བསྙེན་བཀུར་
བྱ་བ་ལ་བསྙེན་བཀུར་བྱེད་པ་རྣམས་ཡང་དག་པར་ཞུགས་པ་མེད་ན། འཇམ་དཔལ་འོ་ན་སངས་རྒྱས་ཀྱི་ཆོས་དེ་དག་སུ་ལ་ཡོད་ཅེས་དྲིས་པ་དང་། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་ཉིད་ལ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཀྱི་ཆོས་ཞེས་བགྱི་
བ་དེ་དག་ཅེས་བྱ་བ་འདིས་བསྟན་པའི་མངོན་སུམ་དུ་མཛད་པ་དེ་དག་གི་མིང་ཡང་ཇི་ལྟར་ཡང་མ་མཆིས་ཏེ། དེ་བས་ན་མི་དམིགས་པ་ནི་རིག་པར་མི་ནུས་པའི་ཕྱིར་རོ། །འདིས་ནི་ཆོས་དང་ཆོས་ཅན་མ་སྐྱེས་པར་བསྟན་ཏོ། །ས་དགུ་པ་ལ་ནི་སྟོན་པར་མཛད་པའི་གནས་སྐབས་ཡིན་པའི་
ཕྱིར་ཆགས་པ་མེད་པའི་སོ་སོ་ཡང་དག་པར་རིག་པ་ཐོབ་བོ། །དེ་ལྟ་མ་ཡིན་ན། ཇི་ལྟ་བ་བཞིན་དུ་ཐོགས་པ་མེད་པར་སྟོན་པ་མི་འཐད་པའི་ཕྱིར་རོ། །དེ་ཉིད་འདིར་སྟོན་པ་ནི་འཇམ་དཔལ་ཁྱོད་ཀྱིས་ཆགས་པ་མེད་པ་ཉིད་རྙེད་དམ་ཞེས་ཚིག་ཟུར་གྱིས་དྲིས་པ་དང་། དེའི་ལན་དུ་བཅོམ་
ལྡན་འདས་བདག་ཉིད་ཆགས་པ་མ་མཆིས་པ་ཉིད་ལགས་ན་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། བདག་ཉིད་ཆགས་པ་མ་མཆིས་པ་ཉིད་ལགས་ན་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཆགས་པ་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་ཡང་ལན་ཅིག་ཆགས་པ་མ་མཆིས་པ་ཐོབ་པར་
བགྱིར་ཅི་མཆིས། དེ་ནི་ཤེས་བྱ་ལ་ཆགས་པའི་དྲི་མ་མེད་པའི་ཡེ་ཤེས་ཡིན་པའི་ཕྱིར་རོ། །ས་བཅུ་པའི་སྐབས་དབྱེ་བའི་ཕྱིར་འཇམ་དཔལ་ཁྱོད་ཅི་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གམ་ཞེས་དྲིས་ཏེ་གལ་ཏེ་བདག་ཉིད་ཆགས་པ་མེད་པ་ཡིན་པར་ཁས་ལེན་ན་ཞེས་དགོངས་པའོ། །དེ་སྐད་
དྲིས་པ་དང་། ཡང་དག་པའི་མཐའ་བརྩོན་པར་བགྱིས་ན་བཅོམ་ལྡན་འདས་ཉིད་ཀྱང་ཞེས་བྱ་བ་ལ་སོགས་པས་ས་དེ་ཉིད་སྟོན་ཏོ། །དེ་ཡང་དགོས་པ་ཡོངས་སུ་གྲུབ་པའི་དམིགས་པ་ཅན་ཞི་གནས་དང་ལྷག་མཐོང་ཐོབ་ཅིང་མངོན་པར་ཤེས་པ་ཆེན་པོ་ལ་ཀུན་ཏུ་རྨོངས་པ་དང་། གསང་བ་

ཕྲ་མོ་ལ་འཇུག་པའི་ཀུན་ཏུ་རྨོངས་པ་སྤངས་པ་ཡིན་ཏེ་གང་གིས་ཕྱིན་ཅི་ལོག་ཐམས་ཅད་ཀྱི་མཚན་ཉིད་ཀྱི་གནས་ངན་ལེན་གྱི་ཚོགས་སྤངས་པའི་ཕྱིར། འདི་ཆོས་ཀྱི་སྐུ་ཡོངས་སུ་ཐོབ་བོ་ཞེས་བརྗོད་པ་སྟེ། བག་ལ་ཉལ་ལྷག་མ་ཙམ་ལུས་པ་ནི་གང་སྤངས་པས་
ཤིན་ཏུ་རྣམ་པར་དག་པ་དེ་བཞིན་གཤེགས་པ་ཉིད་དུ་འགྱུར་བའོ། །བྱང་ཆུབ་ཀྱི་སྙིང་པོ་ཞེས་བྱ་བ་འདི་ནི་བྱང་ཆུབ་ཀྱང་ཡིན་སྙིང་པོ་ཡང་ཡིན་པས་བྱང་ཆུབ་ཀྱི་སྙིང་པོའོ། །གནས་ངན་ལེན་རྣམ་གསུམ་སྤངས་པ་ནི་བྱང་ཆུབ་བོ། །དེ་ཡང་པགས་པ་ལ་ཡོད་པ་ལྟ་བུ་དང་། ཤ་ལ་ཡོད་པ་
ལྟ་བུ་དང་། རུས་པ་ལ་ཡོད་པ་ལྟ་བུར་དབྱེའོ། །དེ་ལ་ཆོས་དང་གང་ཟག་ལ་མངོན་པར་ཞེན་པའི་ཀུན་ཏུ་རྨོངས་པ་དང་། ངན་སོང་བའི་ཀུན་ནས་ཉོན་མོངས་པའི་ཀུན་ཏུ་རྨོངས་པ་དང་། དེའི་གནས་ངན་ལེན་ལ་སོགས་པ་རབ་ཏུ་དགའ་བ་ལ་སོགས་པའི་མི་མཐུན་པའི་ཕྱོགས་རྣམས་
སྒྲོ་བཏགས་པའི་ངོ་བོ་ཉིད་ཀྱིས་ཕྱི་རོལ་དུ་གྱུར་པའི་ཕྱིར་པགས་པ་ལ་ཡོད་པ་ལྟ་བུ་ཉིད་ཡིན་ནོ། །མཚན་མ་ལ་དབང་བའི་ཀུན་ཏུ་རྨོངས་པ་དང་དེའི་གནས་ངན་ལེན་ལ་སོགས་པ་ས་བརྒྱད་པ་ལ་སོགས་པ་གསུམ་གྱི་མི་མཐུན་པའི་ཕྱོགས་རྣམས་ནི་ཡིད་ཀྱི་རྣམ་པར་ཤེས་པའི་བདག་ཉིད་
ཀྱིས་མི་བསྟན་པར་གྱུར་པའི་ཕྱིར་ཤ་ལ་ཡོད་པ་ལྟ་བུ་ཡིན་ནོ། །བག་ཆགས་ནི་ས་བོན་དུ་གྱུར་པ་ཉིད་ཀྱིས་ཀུན་གཞི་ལ་གནས་པའི་ཕྱིར་རུས་པ་ལ་ཡོད་པ་ལྟ་བུ་ཡིན་ནོ། །པགས་པ་ལ་ཡོད་པ་ལྟ་བུའི་གནས་ངན་ལེན་སྤངས་པས་ནི་རབ་ཏུ་དགའ་བ་ལ་སོགས་པ་ས་བདུན་ཡིན་ནོ། །
བརྒྱད་པ་ལ་སོགས་པ་གསུམ་ནི་ཤ་ལ་ཡོད་པ་ལྟ་བུའི་གནས་ངན་ལེན་སྤངས་པའོ། །དེ་བཞིན་གཤེགས་པ་ནི་རུས་པ་ལ་ཡོད་པ་ལྟ་བུའི་གནས་ངན་ལེན་སྤངས་པ་སྟེ། དེས་ན་བྱང་ཆུབ་འདི་མཆོག་ཡིན་པའི་ཕྱིར་སྙིང་པོ་ཞེས་བྱའོ། །དེ་ཐོབ་པར་བྱེད་པའི་ས་གཞི་ཡང་དེའི་སྒྲ་ཡིན་
པར་གདུལ་བྱ་རྣམས་དེ་ལྟར་མངོན་པར་ཞེན་པའི་ཕྱིར་རོ། །དེ་ལ་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་ཏེ། བདུད་བཅོམ་པ་དང་ལྡན་པར་གྲགས་པ་དག་བཞུགས་པ་མི་མངའ་ན་ཅི་བདག་ཀྱང་མཆིས་པར་བགྱིད་དམ། ཡང་དག་པའི་མཐའ་བརྩོན་པར་བགྱིས་ན་ཞེས་བྱ་བ་འདིས་ནི་རྡོ་རྗེའི་

གདན་ལ་འདུག་པ་ལ་སོགས་པ་ཕྱིན་ཅི་ལོག་ཡིན་པར་བསྟན་ཏེ། དོན་དམ་པར་ནི་གདན་དང་འགྲོ་བ་དང་འོང་བ་ལ་སོགས་པ་ཡོད་པ་མ་ཡིན་ནོ། །དེས་ན་ཕྱིན་ཅི་ལོག་ཐམས་ཅད་སྤངས་པའི་མཚན་ཉིད་ཆོས་ཀྱི་སྐུ་ནི་གང་དུ་ཡང་བཞུགས་པ་ལ་སོགས་པ་ཡོད་པ་མ་ཡིན་ནོ་ཞེས་བསྟན་ཏོ། །
དེ་ཉིད་བསྟན་པའི་ཕྱིར་ཡང་དག་པའི་མཐའ་ཞེས་བྱ་བ་དེ་དག་གི་ཚིག་བླ་དགས་ཞེས་ཡང་དག་པའི་མཐའི་སྒྲའི་དོན་དྲིས་པ་དང་ལན་དུ། བཅོམ་ལྡན་འདས་ཡང་དག་པའི་མཐའ་ཞེས་བགྱི་བ་དེ་ནི་འཇིག་ཚོགས་ཀྱི་ཚིག་བླ་དགས་ལགས་སོ་ཞེས་གསོལ་ཏོ། །འཇིག་ཚོགས་དང་ཡང་
དག་པའི་མཐའ་གཉིས་ནི་ཕྱིན་ཅི་ལོག་དང་ཕྱིན་ཅི་མ་ལོག་པའི་མཚན་ཉིད་ཡིན་པའི་ཕྱིར་འགལ་བས་ཤིན་ཏུ་ཐ་དད་པའི་ཕྱིར་གཅིག་པ་ཉིད་དུ་མི་རིགས་སོ། །དེ་བས་ན་དེ་བསྟན་པའི་ཕྱིར། འཇམ་དཔལ་ཅི་ལས་བསམས་ཏེ་དེ་སྐད་སྨྲ་ཞེས་དྲིས་སོ། །ལན་དུ། བཅོམ་ལྡན་འདས་
འཇིག་ཚོགས་དེ་ནི་མ་མཆིས་པ་སྟེ་ཞེས་གསོལ་ཏོ། །སྒྲོ་འདོགས་ཤིང་ཡོངས་སུ་བརྟགས་པ་ཡིན་པའི་ཕྱིར་རོ། །མེད་པ་ནི་མུ་སྟེགས་ཅན་དང་ཉན་ཐོས་ཀྱིས་ཡོངས་སུ་བརྟགས་པའི་བདག་གོ་སྙམ་པའི་ཡུལ་རང་དབང་ཅན་གྱི་བདག་དང་ཕུང་པོ་ལ་སོགས་པའི་མཚན་ཉིད་ཡིན་ནོ། །
རང་དབང་ཅན་གྱི་བདག་ལ་སོགས་པ་ནི་མི་དམིགས་པའི་ཕྱིར་མུ་སྟེགས་ཅན་གྱིས་ཡོངས་སུ་བརྟགས་པ་ནི་མེད་པ་ཉིད་དུ་རིགས་ན་ཕུང་པོ་ལ་སོགས་པའི་མཚན་ཉིད་ཁོ་ན་ཇི་ལྟར་མེད་པ་ཉིད་ཡིན་ཞེ་ན། དེའི་ཕྱིར་འཇིག་ཚོགས་མ་ལགས་པས་ཞེས་གསུངས་ཏེ། ད་ལྟར་བྱུང་བའི་
རང་གི་ངོ་བོ་ཡོད་པ་ཉིད་དུ་བདག་དང་གཞན་གྱིས་ངེས་པར་མ་བྱས་པའི་ཕྱིར་རོ། །རྒྱུ་གང་ནས་ཀྱང་དེ་ནི་མི་འཕོ་ལ་འབྲས་བུ་གང་དུ་ཡང་རྣམ་པར་འཕོ་བ་ཡང་མ་ལགས་སོ། །དེས་ན་དུས་གསུམ་མི་དམིགས་པས་དེ་ལྟར་ཡོངས་སུ་བརྟགས་པའི་ལུས་ཆོས་ཅན་ནི་འཇིག་ཚོགས་མ་ཡིན་
པར་གྲུབ་བོ། །དེ་ལྟ་བུའི་རྣམ་པ་གང་ཡིན་པ་ཡོད་པ་མ་ཡིན་པ་འཇིག་ཚོགས་དམིགས་པ་དང་མི་དམིགས་པ་མཉམ་པ་ཉིད་དེ་ནི་ཡང་དག་པའི་མཐའ་ཡིན་ཏེ། ཕྱིན་ཅི་མ་ལོག་པའི་ངོ་བོ་ཡིན་པའི་ཕྱིར་རོ། །འདི་ཉིད་ཆོས་ཀྱི་སྐུ་ཡིན་ནོ། །བསྒོམ་པའི་ལམ་བསྟན་ཟིན་ཏེ། དེའི་དམིགས་

པ་ནི་དངོས་པོའི་མཐའ་དང་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་དང་རྣམ་པར་མི་རྟོག་པའི་གཟུགས་བརྙན་རྣམས་ཡིན་ནོ། །ས་བཅུ་པ་དང་དེ་བཞིན་གཤེགས་པའི་དམིགས་པ་ནི་མཐར་ཕྱིན་པར་གནས་པ་ཡིན་པའི་ཕྱིར་དགོས་པ་ཡོངས་སུ་གྲུབ་པ་ཡིན་
ནོ། །དེ་ནས་ཡང་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ལ་སོགས་པ་ནི་མཐོང་བ་དང་བསྒོམ་པའི་ལམ་འབྲས་བུར་གྱུར་པ་གཉིས་ཀྱི་འོག་ཏུ། དེའི་རྒྱུར་གྱུར་པ་མོས་པ་གསུམ་བསྟན་པའི་སྐབས་ལ་བབ་སྟེ། རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་བརྗོད་པའི་རྗེས་ལ་ལམ་མཁྱེན་པ་ལ་སོགས་པ་སྟོན་པ་བཞིན་ནོ། །གང་ཡང་མངོན་པར་རྟོགས་པའི་རྒྱན་དང་། དེ་དང་རྗེས་སུ་མཐུན་པར་བརྒྱད་སྟོང་པ་རྒྱ་ཆེར་འགྲེལ་པ་ལས་ཀྱང་མོས་པ་ནི་བསྒོམ་པའི་ལམ་ཡིན་པར་བསྟན་ཏོ། །དེ་ནི་རིགས་པ་མ་ཡིན་ཏེ་འདི་
ལྟར་དགོངས་པ་ངེས་པར་འགྲེལ་པ་ལས། མོས་པ་སྤྱོད་པའི་ས་ལ་ནི་ཕ་རོལ་ཏུ་ཕྱིན་པའོ། །རབ་ཏུ་དགའ་བ་ལ་སོགས་པ་བདུན་ལ་ནི་ཕ་རོལ་ཏུ་ཕྱིན་པ་འཕེལ་བའོ། །བརྒྱད་པ་ལ་སོགས་པ་ནི་ཕ་རོལ་ཏུ་ཕྱིན་པ་ཆེན་པོའོ། །དེ་བཞིན་དུ་འཕགས་པ་བློ་གྲོས་མི་ཟད་པས་བསྟན་
པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་དེ་བཞིན་གཤེགས་པ་བདུན་སྐྱེ་བ་འབྱུང་བ་བསྟན་པ་ལ་སོགས་པའི་མདོ་ལས་རིག་པར་བྱའོ། །དབུས་དང་མཐའ་རྣམ་པར་འབྱེད་པ་ལས་ཀྱང་། དབང་པོ་དང་ནི་སྟོབས་རྣམས་ལ། །ངེས་འབྱེད་ཆ་མཐུན་གཉིས་གཉིས་སོ། །ཞེས་
འབྱུང་བ་དང་། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ས་དང་། ཐེག་པ་ཆེན་པོ་བསྡུས་པ་དང་། ཐེག་པ་ཆེན་པོའི་ཆོས་མངོན་པ་ལ་འཇུག་པ་དང་། ས་ལ་འཇུག་པ་དང་། བསྟན་པ་རྒྱས་པ་ལ་སོགས་པ་ལས་ཀྱང་རིག་པར་བྱ་སྟེ། འཕྲོས་པ་གཏང་ངོ་། །མོས་པ་དེ་ཡང་རྣམ་
པ་གསུམ་སྟེ། རང་གི་དོན་དང་། རང་དང་གཞན་གྱི་དོན་དང་སྟེ་གཞན་གྱི་དོན་ཏོ། །དེ་ལ་རང་གི་དོན་གྱི་དབང་དུ་བྱས་ནས་དེ་དག་ནི་བྱང་ཆུབ་ཏུ་ངེས་པར་འགྱུར་བ་ལགས་སོ་ཞེས་གསུངས་ཏེ། བླ་ན་མེད་པའི་བྱང་ཆུབ་ཏུ་ཞེས་བྱ་བར་རིག་པར་བྱའོ། །གཏན་ཚིགས་སུ། ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ཐོས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལམ་གཉིས་ཀྱི་མཚན་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་གོང་དུ་གསུངས་པ་འདི་ཐོས་པ་ནི་ཐོས་པ་ལས་བྱུང་བའི་ཤེས་པས་མངོན་དུ་བྱེད་པའོ། །མོས་པ་ནི་འདི་ནི་དེ་ཁོ་ན་ཡིན་གྱི་
གཞན་དུ་མ་ཡིན་ནོ་ཞེས་ངེས་པར་འཛིན་ཅིང་ཁོང་དུ་ཆུད་ནས་རང་གི་དོན་གྱི་ཆེད་དུ་སྒྲུབ་པར་བྱེད་དོ། །མི་སྐྲག་པ་ལ་སོགས་པ་ནི་བཤད་ཟིན་ཏོ། །ངེས་པ་ནི་གདོན་མི་ཟ་བར་བྱང་ཆུབ་ཀྱི་སྣོད་དུ་གྱུར་པའོ། །ཇི་ལྟ་ཞེ་ན། འདིར་ནི་བྱང་ཆུབ་ཐོབ་པར་བྱེད་པའི་ཐབས་ཀྱི་རང་གི་ངོ་
བོ་ཇི་ལྟ་བ་བཞིན་དུ་ཤིན་ཏུ་བསྟན་ལ། དེ་ཐོས་ནས་ཡང་དག་པར་ཁོང་དུ་ཆུད་པའི་སྦྱོར་བ་དང་། དངོས་གཞི་དང་། རྗེས་ཀྱི་གནས་སྐབས་དང་། གོ་རིམས་བཞིན་དུ་སྐྲག་པ་དང་། དངང་བ་དང་དངང་བར་འགྱུར་བ་མེད་པས་ན་མོས་པ་ཡིད་ལ་བྱེད་པ་སྟོབས་དང་ལྡན་པ་ཡིན་ནོ། །
དེ་ནི་གདོན་མི་ཟ་བར་རྒྱུ་མཐུན་པ་དང་། རྣམ་པར་སྨིན་པའི་བག་ཆགས་འཇོག་པར་བྱེད་པ་ལ་དེ་ལས་གོང་ནས་གོང་དུ་ཡོངས་སུ་གྱུར་པའི་བྱེ་བྲག་ལས་རིམ་གྱིས་གོམས་པ་ཡོད་ན་ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་ཐོབ་པར་འགྱུར་རོ། །དེ་བས་ན་དེ་ནི་ངེས་པ་ཡིན་ནོ་ཞེས་བྱ་བ་
ནི་རིགས་པ་ཡིན་ནོ། །རང་དང་གཞན་གྱི་དོན་གྱི་དབང་དུ་བྱས་ནས། དེ་དག་ནི་བྱང་ཆུབ་ལ་ཉེ་བར་གྱུར་པ་ལགས་སོ་ཞེས་གསུངས་སོ།། །།བམ་པོ་གསུམ་པ། འདིས་ནི་རང་གི་དོན་ལ་མོས་པའི་འབྲས་བུ་ངེས་པར་གྱུར་པ་ཡིན་པས་འདི་ཁྱད་པར་དུ་གསུངས་
ཏེ། །འདི་ལྟར་འདི་ལ་ནི་གཞན་གྱི་དོན་ཡོད་པའི་ཕྱིར་དང་། བྱམས་པ་ལ་སོགས་པ་ལྷག་པར་ཆེ་བ་དང་ལྡན་ཞིང་བདག་ཏུ་འཛིན་པ་ཡང་སྔ་མ་བས་ཆུང་བ་ཉིད་ཡིན་ཏེ། དེས་ན་དེ་བྱང་ཆུབ་ལ་ཉེ་བར་གྱུར་པ་ཡིན་ནོ། །གཏན་ཚིགས་གང་གིས་ཤེ་ན། བཅོམ་ལྡན་འདས་
གང་ཆོས་དེ་དག་རྗེས་སུ་རྟོགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་ནི་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་སོ། །མཆོག་ནི་དམ་པའོ། །འདི་སྐད་གསུངས་ཏེ། དྲི་མ་རྣམས་ནི་ཟད་པ་དང་། །མི་སྐྱེ་ཤེས་པ་བྱང་ཆུབ་བསྟན། །ཟད་པ་མེད་དང་མི་སྐྱེའི་ཕྱིར། །གོ་

རིམས་བཞིན་དུ་དེ་རྟོགས་བྱ། །གང་ཆོས་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་སོ་སོར་སྣང་བ་རྣམས་སོ། །དེ་དག་རྗེས་སུ་རྟོགས་པ་ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་སྟེ། རྗེས་སུ་ཞེས་བྱ་བའི་སྒྲ་ནི་མཐུན་པའི་དོན་ཡིན་པའི་ཕྱིར་རོ། །
བྱང་ཆུབ་དེ་ཉིད་མོས་པ་ཡིད་ལ་བྱེད་པའི་དམིགས་པ་ཉིད་དུ་ཡོད་པས་ན་ཉེ་བར་གྱུར་པ་ཡིན་ནོ། །གཞན་གྱི་དོན་གྱི་དབང་དུ་བྱས་ནས། དེ་དག་ནི་སངས་རྒྱས་ཉིད་དུ་བལྟ་བར་བགྱིའོ་ཞེས་གསུངས་ཏེ། བྱམས་པ་ལ་སོགས་པ་འཕེལ་བས་གཞན་གྱི་དོན་ལ་མོས་པ་གཅིག་ཏུ་
ཡིད་ལ་བྱེད་པ་ཆེ་བ་དང་ཆེས་ཆེ་བར་གྱུར་པའི་ཕྱིར་དང་། རང་གི་དོན་ཡིད་ལ་བྱེད་པ་ཀུན་ཏུ་མི་འབྱུང་བའི་ཕྱིར་རོ། །སངས་རྒྱས་ཉིད་དུ་བལྟ་བར་བགྱིའོ་ཞེས་བྱ་བ་ནི་རྒྱུ་དང་། ཕྲིན་ལས་ལས་ཞེས་བྱ་བར་རིག་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མོས་པ་ཡིད་ལ་བྱེད་
པ་རྒྱུ་དང་གཞན་གྱི་དོན་བྱེད་པ་ཉིད་ཀྱི་མཚན་ཉིད་འབྲས་བུ་དང་གཉིས་ཡོད་དུ་ཟིན་ཀྱང་འོན་ཀྱང་དངོས་པོ་མ་ཡིན་ཏེ། མོས་པར་བྱེད་པ་དག་ལ་སངས་རྒྱས་སུ་བལྟ་བ་མི་རིགས་སོ་ཞེས་དོགས་པ་ལ། འདིར་གཏན་ཚིགས་སུ་སངས་རྒྱས་ཞེས་བགྱི་བ་དེ་ནི་དོན་དམ་པར་ན་སྐྱེ་བ་མ་
མཆིས་པའི་ཚིག་བླ་དགས་སོ་ཞེས་གསུངས་ཏེ། དངོས་སུ་སྐྱེ་བ་མེད་པ་དང་སྐྱེ་བ་མེད་པར་ཤེས་པ་མེད་པའི་ཚིག་བླ་དགས་ཡིན་ཏེ། དེ་ནི་རྣམ་པར་རྟོག་པ་དང་བཅས་པ་དེ་དག་གིས་འདི་ལ་ཡོད་པ་ཡིན་ནོ། །རྣམ་པར་རྟོག་པའི་གཟུགས་བརྙན་ལ་དམིགས་པ་ནི་ལྷག་མཐོང་
ཡིན་ནོ། །ཞི་གནས་ལ་ལྟོས་ནས་ནི་རྣམ་པར་མི་རྟོག་པ་ཡང་ཡིན་ཏེ། དེའི་དམིགས་པ་ནི་རྣམ་པར་མི་རྟོག་པའི་གཟུགས་བརྙན་ཡིན་པའི་ཕྱིར་རོ། །དེ་བས་ན་དེ་དག་ནི་སངས་རྒྱས་ཉིད་དུ་བལྟ་བར་བྱའོ། །བྱང་ཆུབ་ཀྱི་ཕྱོགས་བཤད་ཟིན་ཏོ། །དེ་དག་གི་དམིགས་པ་
བརྗོད་པ་བརྩོན་པ་ནི་དེ་ནས་ཡང་བཅོམ་ལྡན་འདས་ལ་སྲིང་མོ་དམིགས་པ་མེད་པས་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་འདས་མ་ཐག་པ་ནས་སོ། །ཡང་གི་སྒྲ་ནི་ཚིག་གི་རྒྱན་ནོ། །དམིགས་པ་མེད་པ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ལ་བརྗོད་དོ། །འོག་ནས་

འཆད་པ་འདི་སྐད་ཅེས་གསོལ་ཏོ། །དེ་དག་ནི་སོ་སོའི་སྐྱེ་བོ་ལ་སོགས་པའི་ཆོས་དགེ་བ་དང་མི་དགེ་བ་ལ་སོགས་པ་རྣམས་ལ་ལྷག་པར་དམིགས་པར་མི་འགྱུར་ཏེ། དམིགས་པར་མི་བགྱིད་དོ། །དེ་སྟོན་པ་ནི་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐོས་ནས་མོས་ཏེ་
ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དེ་ནི་བཤད་ཟིན་ཏོ། །འདིར་དོགས་པ་ལ་གཏན་ཚིགས་སུ་བཅོམ་ལྡན་འདས་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མི་དམིགས་པ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ཆོས་སོ། །ཆོས་ཐམས་ཅད་ཅེས་བྱ་བ་ནི་དོན་ལ་སོགས་
པའི་ངོ་བོར་སྣང་བའི་ཆོས་ཅན་ནོ། །མ་མཆིས་པའི་སླད་དུ་ཞེས་བྱ་བ་ནི་གཏན་ཚིགས་སོ། །འདི་གྲུབ་པ་ནི་སྔར་བཤད་ཟིན་ཏོ། །ཕྱིས་ཀྱང་རྒྱས་པར་སྟོན་པར་འགྱུར་རོ། །ད་ནི་མོས་པ་རྣམ་པ་གསུམ་ལ་ཡང་བསྟོད་པ་དང་རབ་ཏུ་བསྟོད་པ་དང་བསྔགས་པར་བྱ་བའི་ཕྱིར་ཚེ་དང་
ལྡན་པ་ཤ་ར་དྭ་ཏིའི་བུ་ལ་བཀའ་སྩལ་པ་དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིར་ཤཱ་ར་དྭ་ཏིའི་བུ་ལ་བཀའ་སྩལ་པ་ནི་འདིར་སྔར་སྨོས་པ་ཉིད་ཀྱིས་ན་སྔར་ཞལ་གྱིས་བཞེས་པའི་ཕྱིར་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མོས་པ་ཡོངས་སུ་གྱུར་པའི་
འབྲས་བུའི་བྱེ་བྲག་མངོན་དུ་མ་བྱས་པའི་ཕྱིར་རོ། །དེ་དག་ནི་བྱང་ཆུབ་ཏུ་ངེས་པར་འགྱུར་རོ་ཞེས་བྱ་བ་ནི་གདོན་མི་ཟ་བར་འགྱུར་བའོ། །མོས་པའི་སེམས་བསྐྱེད་པ་ཁོ་ན་དག་ཕྱིར་མི་ལྡོག་པའི་ས་ལ་གནས་པ་ཡིན་པར་ཁྱོད་ཀྱིས་ཤེས་པར་གྱིས་ཤིག་ཅེས་བྱ་བ་ནི་བཟང་པོའི་
དཔལ་གཞོན་ནུར་གྱུར་པ་དང་། ཞི་བའི་ཤུགས་དང་། འཇམ་དཔལ་ལ་སོགས་པ་བཞིན་དུ་དེ་དག་གི་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་ཉིད་དུ་སྟོན་ཏོ། །སྤྱི་བོས་ལེན་པ་ཞེས་བྱ་བ་ནི་དད་པ་ལ་སོགས་པ་ཤིན་ཏུ་ཡོངས་སུ་སྨིན་པའི་བྱེ་བྲག་དང་ལྡན་པའི་ཕྱིར་རོ། །དེ་ལ་
འདིར་བསྟོད་པ་ནི་དེ་དང་དེ་དག་ནི་སྦྱིན་བདག་དམ་པར་འགྱུར་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དེ་དང་དེ་དག་ནི་ཞེས་བྱ་བ་ནི་སྦྱོར་བ་གཞན་རྣམ་པར་བཅད་པའི་ཚུལ་གྱིས་བསྟོད་པའོ། །དེ་ལ་སྦྱིན་པ་ནི་ཟང་ཟིང་དང་མི་འཇིགས་པ་དང་། ཆོས་ཀྱི་བྱེ་བྲག་གིས་རྣམ་པ་གསུམ་མོ། །

དེའི་ཕྱིར་ཚིག་གསུམ་དང་གོ་རིམས་བཞིན་སྦྱར་རོ། །ཡང་ན་ཕ་རོལ་ཏུ་ཕྱིན་པ་དང་། ཉེ་བའི་ཕ་རོལ་ཏུ་ཕྱིན་པ་དང་། ཕ་རོལ་ཏུ་ཕྱིན་པ་ཆེན་པོ་བཤད་པ་བཞིན་དུ་གནས་སྐབས་ཀྱི་བྱེ་བྲག་ཏུ་གཞག་སྟེ། དེ་ལ་སྦྱིན་བདག་དམ་པར་འགྱུར་ཞེས་བྱ་བ་ནི་
མོས་པས་སྤྱོད་པའི་ས་ལ་ནི་ཕ་རོལ་ཏུ་ཕྱིན་པ་བཞིན་ནོ། །སྦྱིན་བདག་ཁྱད་པར་དུ་འཕགས་པར་འགྱུར་ཞེས་བྱ་བ་ནི་རབ་ཏུ་དགའ་བ་ལ་སོགས་པ་ས་བདུན་ལ་ཡིན་ཏེ། ཉེ་བའི་ཕ་རོལ་ཏུ་ཕྱིན་པ་བཞིན་ནོ། །སྦྱིན་བདག་ཆེན་པོར་འགྱུར་བ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་ཕྱིར།
ས་བརྒྱད་པ་ལ་སོགས་པ་གོང་མ་བཞིའི་ཚེ་ཡིན་ཏེ། སྐད་ཅིག་མ་གཅིག་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་མེད་པ་འབྱམ་ཀླས་པ་དག་ཏུ་ཕ་རོལ་ཏུ་ཕྱིན་པ་དང་ཚད་མེད་པ་ལ་སོགས་པ་ཐམས་ཅད་བསྒྲུབ་པའི་ཕྱིར་ཏེ། ཕ་རོལ་ཏུ་ཕྱིན་པ་ཆེན་པོ་བཞིན་ནོ། །ཤཱ་རིའི་
བུ་དེ་དང་དེ་དག་ནི་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་འགྱུར་ཞེས་བྱ་བ་ལ་སོགས་པ་ལ། ཚུལ་ཁྲིམས་ནི་སྡོམ་པ་དང་། དགེ་བའི་ཆོས་སྡུད་པ་དང་། སེམས་ཅན་གྱི་དོན་བྱ་བའི་བྱེ་བྲག་གིས་རྣམ་པ་གསུམ་མོ། །དེ་བས་ན་ཚིག་གསུམ་དང་སྦྱར་རོ། །ཡང་ན་གནས་སྐབས་ཀྱི་བྱེ་
བྲག་ཡིན་ཏེ། སྔ་མ་བཞིན་ནོ། །ངེས་པར་འབྱིན་པའི་འབྲས་བུ་ལ་ལྟོས་ནས་དེ་དང་མཐུན་པའི་ཚུལ་ཁྲིམས་ཀྱི་ཡོན་ཏན་གྱི་ལམ་རྙེད་པར་འགྱུར་རོ་ཞེས་བྱའོ། །དེ་དང་དེ་དག་ནི་བཟོད་པའི་མཆོག་དང་ཞེས་རྒྱས་པར་འབྱུང་བ་ལས། བཟོད་པ་ཡང་སྡུག་བསྔལ་དང་དུ་ལེན་པ་དང་།
གནོད་པ་ལ་ཇི་མི་སྙམ་པ་དང་། ཆོས་ལ་ངེས་པར་སེམས་པའི་བྱེ་བྲག་གིས་རྣམ་པ་གསུམ་མོ། །བརྩ