Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 95

Văn bản gốc(Tây Tạng)

Trang 7 / 21 (50.000 ký tự/trang)
་དེ་བཞིན་གཤེགས་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་ནི་འགྲོ་བ་མ་ལུས་པའི་བསམ་པ་ཡོངས་སུ་རྫོགས་པར་མཛད་པ་ཡིན་ནོ། །དེ་བཞིན་ཉིད་འདི་ནི་འདི་ལྟར་ཀུན་ནས་ཉོན་མོངས་པའི་ཡང་ཡིན་ཏེ། ཡོད་པ་དང་མེད་པར་མངོན་པར་ཞེན་པ་གཉིས་དང་ལྡན་

པ་གང་ཡིན་པའོ། །འདི་ཉིད་འདི་ལྟར་རྣམ་པར་དག་པ་ཡང་ཡིན་ཏེ། དེ་ཁོ་ན་ཉིད་མཐོང་བའི་བདག་ཉིད་དང་བཅས་པའི་སེམས་གང་ལ་མངོན་པར་ཞེན་པ་མཐའ་དག་དང་བྲལ་བའོ། །དེ་རྣམ་པར་དག་པ་ཡང་རིམ་གྱིས་འགྱུར་རོ། །འདས་པ་ལ་སོགས་པར་རྣམ་པར་
བཞག་པ་ནི་དེ་བཞིན་ཉིད་རྣམ་པར་དག་པའི་བདག་ཉིད་དེ་བཞིན་གཤེགས་པ་གང་དུ་གནས་པ་དང་གཤེགས་པ་ལ་སོགས་པ་ཡང་དག་པ་མ་ཡིན་པ་ཁོ་ན་ཡིན་ནོ། །འོན་ཀྱང་འཇིག་རྟེན་པ་དག་དེའི་དབང་གིས་དེ་ལྟ་བུར་སྣང་བ་སྐྱེ་བ་གང་ཡིན་པའི་ངོར་བྱས་ནས་དེ་སྐད་དུ་བཤད་དོ། །སངས་རྒྱས་
བཅོམ་ལྡན་འདས་ནི་ཅིའི་ཕྱིར་མི་གནས་པའི་མྱ་ངན་ལས་འདས་པ་ཡིན་ཞེ་ན། དེ་རིགས་པ་དང་ལུང་གིས་ཡིན་ཏེ། གང་དག་གནས་པའི་རྒྱུ་ཚོགས་པ་དེ་དག་ནི་གནས་པ་དང་བྲལ་བར་མི་འགྱུར་ཏེ། དཔེར་ན་དུ་བ་ལ་སོགས་པ་གནས་པའི་རྒྱུ་མེ་དང་ཤིང་ལ་སོགས་པ་ཚང་བར་ཚོགས་པ་
བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ཀྱང་འཁོར་བ་ཇི་སྲིད་པར་བར་མ་ཆད་པར་གནས་པའི་རྒྱུ་ཅན་ཡིན་ནོ། །གནས་པ་རྣམ་པར་འཇིག་པ་ལ་ཁྱབ་པར་བྱེད་པ་ནི་གནས་པའི་རྒྱུ་ཉིད་ཚོགས་པ་མ་ཡིན་ནོ། །དེ་ནི་འདིར་འགལ་བར་བསྟན་པས་ཁྱབ་པར་བྱེད་པ་འགལ་བ་དམིགས་པ་
ཡིན་ནོ། །ཆོས་མི་མཐུན་པ་ནི་དུ་བ་ལ་སོགས་པ་རྒྱུན་ཆད་པའོ། །རྒྱུ་མ་ཚང་བ་མེད་པ་ནི་འབྲས་བུ་འབྱུང་བར་མི་རིགས་པ་འགལ་བར་བྱེད་པ་ཡིན་ནོ། །གཏན་ཚིགས་ཇི་ལྟར་འགྲུབ་ཅེ་ན། བཤད་པ། གནས་པའི་རྒྱུ་མ་ཚང་བ་ནི་སེམས་ཅན་གྱི་དོན་སྒྲུབ་པའི་ནུས་པ་མེད་པའི་ཕྱིར་དང་།
སྙིང་རྗེ་ཆེན་པོ་དང་བྲལ་བའི་ཕྱིར་དང་། ཚེའི་འདུ་བྱེད་བཞག་པའི་དབང་མེད་པའི་ཕྱིར་དང་། སྲོག་གི་དབང་པོ་རྣམ་པར་སྨིན་པའི་ལས་ཡོངས་སུ་ཟད་པའི་ཕྱིར་དང་། སངས་རྒྱས་ཀྱིས་གདུལ་བར་བྱ་བའི་སེམས་ཅན་མེད་པ་རྣམས་ཡིན་ནོ། །དེ་དག་ལས་བཟློག་པ་དེ་ནི་གནས་པའི་རྒྱུ་ཡིན་
ནོ། །དེ་ལ་སྟོན་པ་ནི་ཡེ་ཤེས་ཀྱི་ནུས་པ་ཐོགས་པ་མི་མངའ་བར་ཞལ་གྱིས་བཞེས་པས་རྣམ་པར་རྟོག་པ་དང་པོ་ལྟར་ཡང་མ་ཡིན་ཏེ། དེ་ལ་གཞན་དུ་ཡིན་ན་ནི་བསེ་རུ་ལྟ་བུ་ལ་སོགས་པ་དང་བྱེ་བྲག་ཅི་ཡོད། བྲམ་ཟེ་གཙང་སྦྲ་ཅན་གྱིས་མི་ཐོད་ཅན་ཡུན་རིང་དུ་བསྟེན་པས་སྐྱུག་མི་བྲོ་བ་བཞིན་

དུ་དེའི་བདག་ཉིད་དུ་གྱུར་པའི་ཕྱིར་ཐུགས་བརྩེ་བ་ནི་འབད་པ་མ་བྱས་པར་ཉམས་པ་མེད་དོ། །འབད་པ་ཡང་སྐྱོན་དུ་མ་མཐོང་བར་མི་འབྱུང་ངོ་། །དེ་ཡང་འདི་ནི་ཡོད་པ་མ་ཡིན་ཏེ། ཡོན་ཏན་གྱི་རང་གི་ངོ་བོ་ཡིན་པ་ཅིའི་ཕྱིར་དེ་ཉིད་ལ་བློ་ལྷག་པར་ཕྱོགས་པའི་ཕྱིར་ཡང་རྣམ་པར་རྟོག་པ་གཉིས་པ་
ལྟར་ཡང་མ་ཡིན་ནོ། །རྫུ་འཕྲུལ་གྱི་རྐང་པ་བསྒོམ་པ་མཐར་ཕྱིན་པར་སོང་བའི་ཕྱིར་རྣམ་པར་རྟོག་པ་གསུམ་པ་ཡང་རིགས་པ་དང་ལྡན་པ་མ་ཡིན་ནོ། །དེ་སྐད་དུ་ཀུན་དགའ་བོ་གང་ཡང་རུང་བས་རྫུ་འཕྲུལ་གྱི་རྐང་པ་བསྟན་ཅིང་བསྒོམས་ཏེ་ལན་མང་དུ་བྱས་ན་ནི་འདོད་ན་བསྐལ་པའམ་བསྐལ་པ་ལས་
ལྷག་པར་གནས་པར་འགྱུར་རོ་ཞེས་གསུངས་སོ། །འབྲས་བུ་སྲོག་གི་ལས་ཟད་པ་ཡང་བསྐལ་པ་མི་ཉུང་བར་སྲོག་གཅོད་པ་སྤངས་པ་བསགས་ཤིང་གོམས་པ་མཐའ་ཡས་པའི་ཐབས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་འགྲོ་བའི་བླ་མ་ལ་སྲིད་པ་མ་ཡིན་ནོ། །རྒྱུ་མཆོག་ཏུ་
གྱུར་པ་གང་ཡིན་པའི་འབྲས་བུ་མཆོག་ཏུ་གྱུར་པ་དང་། མཆོག་ཏུ་གྱུར་པ་མ་ཡིན་པ་ཡིན་ན་འབྲས་བུ་མཆོག་ཏུ་གྱུར་པ་མ་ཡིན་ནོ་ཞེས་བྱ་བ་འདི་ནི་རྒྱུ་དང་འབྲས་བུ་གཉིས་ཀྱི་ཆོས་ཡིན་ནོ། །དེ་ལྟ་མ་ཡིན་ཏེ། རྒྱུ་མཆོག་ཏུ་གྱུར་པ་དང་། མཆོག་ཏུ་གྱུར་པ་མ་ཡིན་པ་ལས་འབྲས་བུ་དེ་ལྟར་མི་འགྱུར་
ན་ནི་འབྲས་བུ་དང་དེ་བྱེད་པའི་དངོས་པོར་མ་གྱུར་པ་ཡིན་ཏེ། དེའི་བྱེ་བྲག་ལ་ལྟོས་པ་མེད་པའི་ཕྱིར་རོ། །སྟོན་པ་ལ་ཡང་སྲོག་དེའི་རྒྱུ་གཞན་གྱིས་སྲོག་གཅོད་པ་ལ་སོགས་པ་ཁ་ན་མ་ཐོ་བ་མེད་པ་དཔག་ཏུ་མེད་པ་ཡོད་པ་ཡང་མ་ཡིན་ན་དེས་ཇི་ལྟར་འདི་གནས་པ་མེད་པ་ཡིན། དེ་ཀུན་གྱི་འབྲས་བུ་
ནི་ཐམས་ཅད་མཁྱེན་པ་འདི་ཡིན་ནོ་ཞེ་ན་ཡང་མ་ཡིན་ཏེ། སྲོག་ཡུན་རིང་དུ་ཡོད་པར་དངོས་སུ་བསྟན་པའི་ཕྱིར་ཏེ། སྲོག་གཅོད་པ་སྤངས་པ་དང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གཉིས་ཀྱི་འབྲས་བུ་ཚེ་རབས་མི་ཉུང་བ་ཡིན་པར་བསྟན་ཏོ། །གང་ཡང་དངོས་སུ་གང་གི་རྒྱུ་ཡིན་པར་བསྟན་པ་དེ་ཡོངས་སུ་
རྒྱས་ཤིང་རྐྱེན་ཉེ་བར་གྱུར་པ་ན་དེ་སྐྱེད་པར་བྱེད་པ་དེ་བཞིན་དུ། གལ་ཏེ་གཞན་གྱི་རྒྱུ་ཉིད་དུ་ཡང་འགྱུར་ན་དེའི་ཚེ་ཉེས་པ་ཅི་ཡོད། གཞན་ཡང་ཆོས་དེ་ཁོ་ན་ཉིད་གོམས་པའི་དབང་གིས་ནི་རྣམ་པ་ཐམས་ཅད་མཁྱེན་པ་འགྲུབ་པར་འགྱུར་ལ། བསོད་ནམས་ཀྱི་ཚོགས་ནི་དེའི་གནས་ཁྱད་པར་དུ་གྱུར་

པས་ན་རྗེས་སུ་མཐུན་པར་འགྱུར་རོ། །འདི་སྙམ་དུ་དེ་བཞིན་གཤེགས་པས་གདུལ་བར་བྱ་བའི་སེམས་ཅན་མེད་པས་ཡོངས་སུ་མྱ་ངན་ལས་འདས་སོ་སྙམ་དུ་སེམས་ན། འདིར་བསམ་པར་བྱ་སྟེ། ཅི་སངས་རྒྱས་ཀྱི་གཟུགས་ཀྱིས་གདུལ་བར་བྱ་བའི་
སེམས་ཅན་མེད་པའམ། ཅི་གཞན་གྱི་གཟུགས་ཀྱིས་གདུལ་བར་བྱ་བ་ཡང་མེད་པ་ཡིན། གལ་ཏེ་ཕྱོགས་སྔ་མ་ཡིན་ན་ནི་དེའིཆེ་བརྒྱ་བྱིན་ལ་སོགས་པའི་གཟུགས་བསྟན་པས་གདུལ་བར་བྱ་བའི་སྐྱེ་བོ་ཡོད་པའི་ཕྱིར་དེའི་གཟུགས་ཀྱིས་ཅིའི་ཕྱིར་མི་བཞུགས། ཐུགས་རྗེ་དང་ལྡན་པ་རྣམས་ནི་
འགྲོ་བའི་ཕན་པ་བསྒྲུབ་པའི་ཕྱིར་ཁྱད་པར་གཞན་ལ་ཡང་བསྟན་པར་མཛད་དེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་འཁོར་ལོས་སྒྱུར་བའི་གཟུགས་བསྟན་པ་ལྟ་བུའོ། །གཞན་ཡང་འཇིག་རྟེན་གྱི་ཁམས་གཅིག་ཏུ་སངས་རྒྱས་ཀྱིས་གདུལ་བར་བྱ་བའི་སྐྱེ་བོ་མེད་དུ་ཟིན་ཀྱང་འཇིག་རྟེན་གྱི་
ཁམས་གཞན་དག་ན་དེ་དཔག་ཏུ་མེད་པ་ཡོད་པའི་ཕྱིར་ཅིའི་ཕྱིར་འདི་ཡོངས་སུ་མྱ་ངན་ལས་འདའ། །བཅོམ་ལྡན་འདས་ཉིད་ཀྱིས་ཀྱང་། སངས་རྒྱས་མྱ་ངན་མི་འདའ་སྟེ། །ཆོས་ཀྱང་ནུབ་པར་མི་འགྱུར་རོ། །སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར། །མྱ་ངན་འདའ་བར་བསྟན་པ་ཡིན། །ཞེས་
གསུངས་སོ། །ཤིན་ཏུ་སྤྲོས་པས་ཆོག་གིས་སྐབས་ཉིད་བརྩམ་པར་བྱའོ། །དེ་ལྟར་ན་དེ་བཞིན་གཤེགས་པ་མཐོང་བ་དང་། ཕྱག་བགྱིས་པ་དང་ཞེས་བྱ་བ་ལ་སོགས་པ་ནི་སྐབས་ཀྱི་དོན་མཇུག་སྡུད་པའོ། །ཇི་སྐད་དུ་བསྟན་པའི་རྣམ་པ་ལས་བཟློག་སྟེ་རྣམ་པ་གཞན་དུ་མངོན་པར་ཞེན་པས་དེ་བཞིན་
གཤེགས་པ་མཐོང་བ་དོན་ཡོད་དོ་སྙམ་དུ་ཁ་ཅིག་དོགས་པ་ལ་འཇམ་དཔལ་ཁྱོད་ཀྱིས་དེ་ལྟར་བལྟས་ན་ཅི་ཞིག་མཐོང་ཞེས་བྱ་བ་ལ་སོགས་པ་འདི་གསུངས་སོ། །དེ་ལྟར་བལྟས་ན་མཐོང་བ་ཅི་ཡང་མ་མཆིས་སོ་ཞེས་བྱ་བ་ནི་ལན་ཡིན་ཏེ། རང་ཁོང་དུ་ཆུད་པ་ཙམ་ལས་མ་གཏོགས་པར་ཞེས་དགོངས་པའོ། །
གཞན་དག་འདི་སྙམ་དུ་དོགས་ཏེ། འཇམ་པའི་དབྱངས་འདི་ནི་དོན་དཀའ་བའི་རྗེས་སུ་ཞུགས་པ་ཡིན་ཏེ། གང་ཡང་མཐོང་བ་མེད་པའི་ཚུལ་གྱིས་གནས་ལ། དེ་བཞིན་གཤེགས་པ་ཡང་མཐོང་བ་དང་། སེམས་ཅན་གྱི་ཁམས་མཐའ་དག་ལ་ཁྱབ་པར་བྱེད་པའི་བྱམས་པའི་དགོངས་པའི་རྩ་བ་ཅན་

བྱང་ཆུབ་ཀྱི་སེམས་སྔོན་དུ་སོང་བའི་བརྩོན་འགྲུས་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་མཛད་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་སེམས་ཅན་ཡང་མི་དམིགས་པ་དང་། རྟོག་པ་དང་བཅས་པས་ཀྱང་མངོན་པར་ཞེན་པ་མེད་པར་དེ་ལ་འཇུག་པ་ནི་རེ་ཞིག་འདིས་ཀྱང་ཤིན་
ཏུ་དོན་དཀའ་བ་ཡིན་པར་སྲིད་ན། བདག་འདྲ་བས་ལྟ་སྨོས་ཀྱང་ཅི་དགོས་ཞེས་དེ་སྐད་དུ་དོགས་པ་འདི་བརྗོད་པ་ལ། འཕགས་པ་ཤཱ་རིའི་བུས་འཇམ་དཔལ་དེ་བཞིན་གཤེགས་པ་ལ་ཁྱོད་ཀྱིས་དེ་ལྟར་མཐོང་བ་དང་ཞེས་བྱ་བ་ལ་སོགས་པ་ནས། སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་གོ་ཆ་ཆེན་པོ་བགོས་
པ་དེ་ནི་ཁྱོད་དཀའ་བ་བྱེད་པའོ་ཞེས་བྱ་བའི་བར་དུ་གསུངས་སོ། །བྱམས་པ་ཆེན་པོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱིས་བསྐུལ་ཏེ་སེམས་ཅན་ཐམས་ཅད་ཁ་ན་མ་ཐོ་བ་མེད་པའི་བདེ་བ་སྐྱེད་འདོད་པའོ། །གཞན་དག་ན་རེ་དམིགས་པ་མེད་པའི་བྱམས་པ་ཡིན་ནོ་ཞེས་ཟེར་རོ། །སེམས་ཅན་ཐམས་ཅད་
ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་ཞུགས་ཀྱང་ཞེས་བྱ་བ་ནི་འགྲོ་ལ་ཕན་པའི་ཕྱིར་སངས་རྒྱས་འགྲུབ་པར་ཤོག་ཅེས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕྱིར་རོ། །གོ་ཆ་ཞེས་བྱ་བ་ནི་བརྩོན་འགྲུས་ཀྱི་བདག་ཉིད་འགྲོ་བ་གདོན་པར་སྤྲོ་བའོ། །གོ་ཆ་དེ་ཡང་དམིགས་པ་ལ་སོགས་པའི་ཚུལ་གྱིས་ཡིན་ནོ། །
ཇི་སྐད་སྨྲས་པ་དེ་དེ་བཞིན་ཏེ་ཞེས་བྱ་བ་ནི་དམན་པ་ལ་མོས་པའི་སྐྱེ་བོ་ལ་འཚམ་པ་མ་ཡིན་པའི་ཆོས་ལ་རྗེས་སུ་སྤྱོད་པའི་ཕྱིར་དཀའ་བ་མཛད་པ་ཉིད་ཡིན་པར་ཞལ་གྱིས་བཞེས་སོ། །སེམས་ཅན་མི་དམིགས་པ་ཡིན་ཡང་སེམས་ཅན་མྱ་ངན་ལས་འདའ་བའི་གོ་ཆ་མི་འགལ་བར་བསྟན་པ་ནི་སེམས་
ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་གོ་ཆ་འདི་ཡང་མོས་པས་སྤྱོད་པའི་སའི་གནས་སྐབས་སུ་བགོས་པ་ཡིན་ནོ། །བདག་ལ་སེམས་ཅན་དུ་དམིགས་པ་གང་ཡང་མེད་དོ་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པའི་མཚན་ཉིད་སྤངས་པའི་ཕྱིར་རོ། །དེ་ནི་ཡང་དག་པ་ཡིན་ནོ་ཞེ་ན་ཡང་
མ་ཡིན་ཏེ། དེ་མེད་དུ་ཟིན་ཀྱང་སེམས་ཅན་སྒྲོ་འདོགས་པས་འཁྲུལ་པ་ཉིད་ཡིན་ནོ། །ཅིའི་ཕྱིར་ཞེ་ན་དེའི་ཕྱིར། སེམས་ཅན་དུ་མངོན་པར་ཞེན་པ་བདག་ལ་གང་ཡང་མེད་པར་གྱུར་པ་ཡིན་ཏེ། སྒྱུ་མ་མཁན་བཞིན་དུ་གནས་པའི་ཕྱིར་རོ། །འདི་ལྟར་སྒྱུ་མ་མཁན་ནི་སྒྱུ་མའི་གླང་པོ་ཆེ་ལ་

སོགས་པ་ལ་མངོན་པར་ཞེན་པ་མེད་པ་དེ་བཞིན་དུ། བདག་གིས་སེམས་ཅན་དུ་དམིགས་པ་དེ་ཡང་དེ་བཞིན་ནོ་ཞེས་དགོངས་པའོ། །འདིར་བསྡུས་པའི་དོན་ནི་འདི་ཡིན་ཏེ། བྱམས་པ་ཆེན་པོས་བརྒྱན་ཅིང་བྱང་ཆུབ་ཆེན་པོའི་དགོངས་པ་ཅན་མངོན་པར་ཞེན་པ་ཐམས་
ཅད་སྤངས་པ་རྣམས་ཀྱིས་ཐོག་མ་ཉིད་དུ་དེ་བསྒོམ་པ་ནི་ཡིད་ཀྱི་ཆོས་ཡིན་པའི་ཕྱིར་ཀུན་ཏུ་རྒྱུ་མི་ཐོད་ཅན་སྐྱུག་བྲོ་བ་བཞིན་དུ། རྣམ་པར་རྟོག་པའི་རྒྱུ་མཐའ་དག་སྤངས་པ་ན་གསལ་བ་ཁོ་ནར་འགྱུར་བས་ལྷག་པའི་བསམ་པ་མི་གཡོ་བ་རྣམས་ལ་དཀའ་བ་ཅུང་ཟད་ཀྱང་མེད་དོ། །བསྒོམ་པའི་
སྦྱོར་བ་ལ་སྡར་བ་རྣམས་ལ་ནི་མཐའ་དག་ཤིན་ཏུ་དཀའ་བར་སྣང་ངོ་། །སྤྲོ་བ་འདི་ཡང་འཁོར་བ་དང་མྱ་ངན་ལས་འདས་པར་གཏོགས་པའི་སེམས་ཅན་གོ་རིམས་བཞིན་དུ་ཉུང་བ་ཉིད་དང་། ཡོངས་སུ་མང་བ་ཉིད་དུ་བྱ་བའི་ཕྱིར་བརྩམས་པ་མ་ཡིན་ནམ། ཇི་ལྟར་ན་སེམས་ཅན་དུ་དམིགས་པ་
དང་། མངོན་པར་ཞེན་པ་དེ་མེད་པ་ཡིན་ཞེ་ན། དེའི་ཕྱིར། དེ་ལྟར་མ་དགོངས་སོ་ཞེས་བྱ་བ་སྨྲས་སོ། །ཇི་ལྟར་ཡིན་ཞེ་ན། འདི་ལྟར་བདག་གིས་སེམས་ཅན་གྱི་ཁམས་བྲི་བའམ་གང་བར་བྱ་ཞེས་བྱ་བ་གསུངས་སོ། །གོ་ཆ་དེ་ལྟ་བུ་ཡིན་ན་ཉེས་པ་ཅི་ཡོད་ཅེ་ན། དེའི་ཕྱིར། བཙུན་
པ་ཤ་ར་དྭ་ཏིའི་བུ་ཡོངས་སུ་བརྟགས་པ་ཉེ་བར་བཟུང་སྟེ། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཏན་ཚིགས་བསྟན་པ་ནི་གསལ་བ་ཡིན་ནོ། །གལ་ཏེ་ཞེས་བྱ་བ་ནི་ཇི་སྟེ་ཞེས་བྱ་བའི་དོན་ཏོ། །གང་བར་མངོན་པ་མེད་དོ་ཞེས་བྱ་བ་ནི་མི་དམིགས་སོ་ཞེས་བྱ་བ་ཡིན་ནོ། །དེ་
ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་ཡོངས་སུ་འདྲི་བའི་དོན་གཏན་ཚིགས་གང་ཞེས་བྱ་བ་སྟེ། ཅི་མཐོང་བའི་རྒྱུ་དང་བྲལ་བའི་ཕྱིར་ཡོད་ཀྱང་མི་དམིགས་པ་ཡིན་ཏེ། མུན་རུམ་གྱི་ནང་ན་བུམ་པ་ལ་སོགས་པ་འདུག་པ་བཞིན་ནམ། མེད་པའི་ཕྱིར་རྟའི་རྭ་ལ་སོགས་པ་བཞིན་ནམ་ཞེ་ན། འདིར་ལན་
དུ་རྣམ་པར་རྟོག་པ་ནི་སེམས་ཅན་དབེན་པའི་ཕྱིར་དང་ཞེས་བྱ་བ་སྨྲས་སོ། །སེམས་ཅན་ཞེས་བྱ་བ་ནི་སྲོག་ཆགས་ཏེ། དེ་དག་གི་ཚོགས་རྒྱུན་གྱི་གནས་སྐབས་ཀྱི་བྱེ་བྲག་གཟུང་བར་བྱ་བ་ལ་སོགས་པའི་ངོ་བོར་བརྟགས་པའོ། །སེམས་ཅན་མེད་པ་ནི་མེད་པའོ། །སེམས་ཅན་དངོས་པོ་མེད་པ་

ཡིན་ན་བྱང་ཆུབ་པའི་གནས་སྐབས་ན་ཁྱོད་ཇི་ལྟར་ཆོས་འཆད་པ་འགྲུབ་པར་འགྱུར། མོ་གཤམ་གྱི་བུ་རྟོགས་པར་བྱ་བའི་ཕྱིར་ཆོས་འཆད་པ་སྨྲ་བར་ནུས་པའི་མཁས་པ་མེད་པར་སྟོན་ཏོ་ཞེས་བྱ་བ་འདི་ནི། འཇམ་དཔལ་གལ་ཏེ་སེམས་ཅན་དབེན་བ་དང་སེམས་ཅན་སེམས་ཅན་མ་ཡིན་
པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་རྒོལ་བ་ཡིན་ནོ། །དེ་སྐད་ཅེས་སྨྲས་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤ་ར་དྭ་ཏིའི་བུ་གང་གི་ཚེ་སེམས་ཅན་ཤིན་ཏུ་མི་དམིགས་པ་ཞེས་བྱ་བ་ལ་སོགས་པ་ནི་ལན་འདེབས་པ་
ཡིན་ཏེ། སེམས་ཅན་ཤིན་ཏུ་མི་དམིགས་པ་ནི་གཟུང་བ་ལ་སོགས་པ་མེད་པའི་ཕྱིར་རོ། །དེའི་ཚེ་འགྲོ་བ་སུ་ཞིག་མངོན་པར་རྫོགས་པར་འཚང་རྒྱ་སྟེ་འགའ་ཡང་མ་ཡིན་ནོ། །འཚང་རྒྱ་བ་པོ་དང་། འགའ་ཞིག་འཚང་རྒྱ་བར་བྱ་བ་དང་། འཚང་རྒྱ་བ་ཡོད་པ་མ་ཡིན་པའི་ཕྱིར་རོ་ཞེས་
བསམས་པའོ། །བསྟན་པར་བྱ་ཞེས་བྱ་བ་ནི་ཆོས་གང་ཞིག་བཤད་པར་བྱ་སྟེ། བཤད་པར་བྱ་བའི་ཆོས་སྤྱིའི་རྣམ་པ་དང་བཤད་པའི་སྒྲའི་སྤྱིའི་བདག་ཉིད་དང་དེ་འཛིན་པར་བྱེད་པ་ཡང་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་འདྲི་བའི་བསམ་པ་ནི་ཉན་པར་བྱེད་པའི་སེམས་ཅན་མི་
དམིགས་པའི་ཕྱིར་རོ་ཞེས་བྱ་བ་འདི་ཚིག་གི་དོན་ཡིན་ནོ། །ཇི་ལྟར་ཞེ་ན། ཆོས་ཐམས་ཅད་རང་དང་གཞན་གྱི་རྒྱུད་ལ་གཟུང་བ་ལ་སོགས་པ་ཤིན་ཏུ་མེད་པའི་ཕྱིར་རོ། །འདི་ལྟར་ཆོས་ཐམས་ཅད་ཤིན་ཏུ་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་འདིས་ནི་ཇི་ལྟར་བསྟན་པའི་ཚིག་གི་དོན་གསལ་བར་
བྱེད་པ་ཡིན་ནོ། །རང་ཉིད་ཀྱིས་དྲིས་པ་ནི་གཞན་གྱི་འདྲི་བ་ལ་སྡོད་ན། རྒྱུན་མི་འཆད་པར་ཆོས་འཆད་པར་བྱེད་པ་བར་ཆད་པ་ལ་མི་དགའ་བར་འགྱུར་བ་མེད་པར་བྱ་བའི་ཕྱིར་དང་། འདྲི་བ་པོ་ཡང་མི་ཤེས་པའམ་སྤོབས་པ་མེད་དེ་འདྲི་བར་མི་བྱེད་པ་ལ་ཕན་གདགས་པའི་ཕྱིར་རོ། །འཕགས་
པ་འཇམ་དཔལ་གྱི་ཚིག་དེ་དག་གིས་སྒྲོ་འདོགས་པའི་མཐའ་སྤང་བ་བྱས་པ་དེའི་དགོངས་པའི་དོན་ཁོང་དུ་མ་ཆུད་ནས་ཤིན་ཏུ་སེམས་ཅན་ལ་སོགས་པ་མེད་པར་ཁོང་དུ་ཆུད་ནས་སྐུར་པ་འདེབས་པའི་མཐར་ལྷུང་བ་མངོན་དུ་གྱུར་པ་དང་། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གང་གི་

ཚེ་ཆོས་ཐམས་ཅད་ཤིན་ཏུ་མི་དམིགས་པ་དེའི་ཚེ་ཅི་སེམས་ཅན་དུ་ཡང་འདོགས་སམ་ཞེས་བྱ་བ་འདི་གསུངས་ཏེ། ཅིའི་ཕྱིར་སྟོན་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ཞེས་བྱ་བའི་སྒྲས་སྔོན་གྱི་ཐུགས་རྗེ་དང་ཕ་རོལ་ཏུ་ཕྱིན་པའི་ཚོགས་རྣམས་ཀྱང་བསྡུ་བའི་ཕྱིར་རོ། །འདོགས་
པ་ཉིད་བྱེད་པ་མ་ལགས་སོ་ཞེ་ན། མི་རུང་སྟེ། དེ་གདགས་པ་ནི་གདོན་མི་ཟ་བར་བྱ་དགོས་པའི་ཕྱིར་རོ། །འདི་ལྟར་གལ་ཏེ་ཡང་འགའ་ཞིག་སེམས་ཅན་ཇི་སྙེད་ཡོད་ཅེས་དེ་སྐད་འདྲི་ན་ཞེས་བྱ་བ་ནི་མཐར་ལྷུང་བར་གྱུར་ཅིང་ཐེ་ཚོམ་ཟ་བའི་བློ་ཅན་དག་སེམས་ཅན་ཇི་སྙེད་ཡོད་ཅེས་དེ་སྐད་འདྲི་བའོ། །དེ་
སྐད་འདྲི་བ་ལ་ཇི་སྐད་བརྗོད་པར་བྱ་ཞེ་ན། སངས་རྒྱས་ཀྱི་ཆོས་ཇི་སྙེད་པ་དེ་སྙེད་དོ་ཞེས་ལན་གདབ་པར་བྱ་སྟེ། སེམས་ཅན་མཐའ་མེད་པ་དང་། གཉིས་སུ་མེད་པར་སྟོན་པ་ཡིན་ཏེ། སངས་རྒྱས་ཀྱི་ཆོས་ཇི་སྙེད་པ་རྟོག་པའི་དྲ་བ་ཐམས་ཅད་དང་བྲལ་བ་དེ་སྙེད་ཀྱི་སེམས་ཅན་གཉིས་སུ་མེད་པའི་བདག་
ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །སེམས་ཅན་གྱི་ཁམས་ཀྱི་ཚད་ཇི་ཙམ་ཞེས་བྱ་བ་ནི་འདིའི་ཚད་ཇི་ཙམ་ཞེས་བྱ་བ་ཡིན་ནོ། །སངས་རྒྱས་ཀྱི་ཡུལ་གྱི་ཚད་ཇི་ཙམ་ཞེས་བྱ་བ་ཡང་དེ་བཞིན་ནོ། །སངས་རྒྱས་ཀྱི་ཡུལ་ནི་ཆོས་ཀྱི་དབྱིངས་ཏེ། དེ་ནི་ཐམས་ཅད་དུ་སོང་བ་ཡིན་པའི་ཕྱིར་དཔག་ཏུ་
མེད་པ་ཡིན་ནོ། །དཔེ་རྣམ་པ་འདི་གཉིས་ཀྱིས་ཀྱང་དེ་ཁོ་ན་ཉིད་གཉིས་སུ་མེད་པ་རྗོད་པར་བྱེད་པ་ཡིན་ཏེ། ཡན་ལག་དང་ཡན་ལག་ཅན་ཙམ་བརྗོད་པར་འདོད་པའི་སྒོ་ནས་འདྲི་བ་སྔ་ཕྱི་གཉིས་ཀྱི་དོན་དབྱེ་བ་ཡིན་ནོ། །ཡན་ལག་དང་ཡན་ལག་ཅན་ཐ་དད་པ་མེད་དུ་ཟིན་ཡང་འོན་ཀྱང་འདྲི་བ་པོའི་
བསམ་པ་སྣ་ཚོགས་ཀྱི་སྒོ་ནས་དོན་གཅིག་པོ་གསལ་བར་བྱ་བའི་ཕྱིར་གཉིས་བསྟན་ཏོ། །དེ་ལྟར་ན་སེམས་ཅན་དཔག་ཏུ་མེད་པ་ཡོད་པའི་ཕྱིར་ཆད་པའི་མཐའ་རིགས་པ་མ་ཡིན་ནོ་ཞེས་བྱ་བ་བསྡུས་པའི་དོན་ཡིན་ནོ། །འཇམ་དཔལ་ཁྱོད་ལ་གལ་ཏེ་ཡང་འགའ་ཞིག་འདི་སྐད་དུ་སེམས་ཅན་
གྱི་ཁམས་གང་དུ་གཏོགས་ཞེས་འདྲི་ན་ཞེས་བྱ་བ་ནི་དེ་ལྟར་གལ་ཏེ་སེམས་ཅན་གྱི་ཁམས་གདོན་མི་ཟ་བར་ཡོད་པ་ཡིན་ན་རང་གི་ངོ་བོ་འགའ་ཞིག་དང་གཞི་ཡང་ཡོད་པར་བྱ་དགོས་པས་ན་བདག་ཉིད་གང་ཡིན། གནས་ཀྱང་གང་ཡིན། དེའི་བདག་གང་དུ་འདུ་ཞེས་བྱ་བའི་དོན་དེ་ནི་འདྲི་བའི་བསམ་

པ་ཡིན་ནོ། །བདག་གིས་འདི་སྐད་དུ་སྐྱེ་བ་མེད་པ་བསམ་གྱིས་མི་ཁྱབ་པ་གང་དུ་གཏོགས་པར་གཏོགས་སོ་ཞེས་བགྱིའོ་ཞེས་བྱ་བ་ནི་སྐྱེ་བ་མེད་པ་ཉིད་དང་། བསམ་གྱིས་མི་ཁྱབ་པ་གང་དུ་གནས་པའི་ངོ་བོ་དེར་སེམས་ཅན་གྱི་ཁམས་གནས་པ་ཡིན་ནོ། །སྐྱེ་བ་མེད་པ་ནི་སྔར་བསྟན་པའི་
ཚུལ་གྱིས་སྟོང་པ་ཉིད་ལ་བྱའོ། །དེ་ཉིད་བསམ་གྱིས་མི་ཁྱབ་པ་ཡིན་ཏེ། བསམ་པ་ཐམས་ཅད་ཀྱི་གནས་མ་ཡིན་པའི་ཕྱིར་རོ། །གནས་པར་བྱེད་པའི་ངོ་བོ་གང་དུ་གནས་ཤེ་ན། འདི་སྐད་དུ་སྐྱེ་བ་མེད་པའི་ཁམས་ཅི་ལ་གནས་པ་དེ་ལ་སེམས་ཅན་གྱི་ཁམས་གནས་སོ་ཞེས་བགྱི་སྟེ། གང་
དུ་ཡང་གནས་པ་མཆིས་སོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟར་ཡང་དག་པ་མ་ཡིན་པར་ཀུན་ཏུ་རྟོག་པ་མ་གཏོགས་པར་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །ཀུན་བརྟགས་པ་སྐྱེ་བར་རྣམ་པར་རྟོག་པ་ཡང་དེ་ལས་ལོགས་ཤིག་ན་མེད་དོ། །དབེན་པ་ནི་རྣམ་པར་དབེན་པའི་རང་གི་ངོ་བོ་ཉིད་ཡིན་
པའི་ཕྱིར་རོ། །དེ་ལྟ་མ་ཡིན་ཏེ། དབེན་པ་ལས་དེ་ལོག་པའི་ངོ་བོར་ཡོད་པ་ཡིན་ན་ནི་སྟོང་པ་ཉིད་དང་འགལ་བར་འགྱུར་རོ། །ཐ་དད་པ་མེད་པ་ཉིད་ཡིན་ན་ཡང་གཞི་དང་གནས་པ་མེད་དེ་འདིའི་གནས་ནི་རང་གི་ངོ་བོ་ཐ་དད་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཡང་དག་པ་མ་ཡིན་པར་ཀུན་ཏུ་
རྟོག་པའི་བདག་ཉིད་ཀྱི་སེམས་ཅན་གྱི་ཁམས་ལ་ཡང་སྦྱར་བར་བྱའོ། །དེ་བས་ན་འདིའི་གནས་ནི་ཅི་ཡང་ཡོད་པ་མ་ཡིན་ནོ། །དེ་བས་ན་གནས་སྐབས་དེ་ལྟ་བུ་དེ་ལ་སེམས་ཅན་གྱི་ཁམས་གནས་པའི་ཚིག་གི་དོན་མ་རྟོགས་ནས་གནས་དང་གནས་ཤེས་པར་བྱེད་པའི་དངོས་པོ་ནི་ཡང་དག་པ་ཁོ་ན་
ཡིན་པར་བརྒྱ་ལ་འགའ་ཞིག་སེམས་ཤིང་སྨྲ་བ་གནས་དང་གནས་པར་བྱེད་པ་ནི་དངོས་སུ་ཡོད་པ་མ་ཡིན་ནམ། དེ་ལས་གཞན་ཅི་ཞིག་མེད་པ་ཡིན་ན་དམ་པ་གང་ཡིན་པ་བསྒོམ་བར་བྱ་བའི་ཕྱིར་སྟོང་པ་ཉིད་བསྒོམ་པ་སྟོན་ཞེ་ན། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་ཁྱོད་གང་གི་ཚེ་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེའི་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་གི་ཚེ་བདག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེའི་ཚེ་མི་གནས་པར་ཞེས་བྱ་བ་ལ་སོགས་པས་དོན་ཅི་བསྟན་ཞེ་ན། མི་གནས་པར་ཞེས་བྱ་བ་ནི་གནས་དང་གནས་ལ་སོགས་པ་མེད་པའི་ཕྱིར་གཟུང་བ་དང་

འཛིན་པ་ལ་སོགས་པར་མངོན་པར་ཞེན་པ་མེད་པར་བསྟན་ཏོ། །མངོན་པར་ཞེན་པ་མེད་ན་ཡང་བསྒོམ་པ་ཅི་ཞིག་ཡོད། འདི་ལྟར་བསྒོམ་པ་ནི་ཡང་ནས་ཡང་དུ་གོམས་པར་བྱེད་པ་ཡིན་ལ། དེ་ཡང་རྣམ་པར་རྟོག་པ་ཡིན། དེ་ཡང་མངོན་པར་ཞེན་པ་ཡིན་ནོ། །དེ་ལྟར་
རྣམ་པར་རྟོག་པའི་རང་གི་སྣང་བ་ལ་དོན་མེད་བཞིན་དུ་དོན་དུ་མངོན་པར་ཞེན་པ་འཇུག་པའི་ཕྱིར་རོ་སྙམ་པ་དེའི་ཕྱིར། འཇམ་དཔལ་མི་གནས་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་དུ་ཡང་ཅི་ཡོད་ཅེས་གསུངས་སོ། །གང་ཅི་ལ་ཡང་མི་གནས་པ་དེ་ཉིད་ཅེས་བྱ་བ་ལ་སོགས་པ་ནི་ལན་
ཡིན་ཏེ། གང་ཅི་ལ་ཡང་མི་གནས་པ་དེ་ཉིད་ཅེས་བྱ་བ་ནི་བསྒོམ་པ་གང་ཡིན་པ་ནི་ཅི་ལ་ཡང་མངོན་པར་ཞེན་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གཞུང་གཞན་ལས་གང་ཅི་ལ་ཡང་མི་གནས་ཏེ་ཞེས་འབྱུང་བ་དེར་ནི་གཟུང་བ་དང་གནས་པ་ལ་སོགས་པར་མངོན་པར་ཞེན་པ་མེད་ཅེས་
བྱ་བའི་ཐ་ཚིག་གོ། །ཐོག་མར་བསྒོམ་པའི་གནས་སྐབས་ན་ནི་རྣམ་པར་རྟོག་པ་འབྱུང་ངོ་། །ཡུན་རིང་དུ་གོམས་པར་བྱས་པས་གོང་ན་མེད་པར་སོང་ཞིང་མཆོག་ཏུ་གསལ་བའི་གནས་སྐབས་སུ་གྱུར་པ་ན་གཅིག་ཁོ་ནར་དེ་རྒྱུ་བ་མེད་དོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཡིན་ནོ། །འོ་ན་གལ་ཏེ་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི་མངོན་པར་ཞེན་པ་ཐམས་ཅད་དང་བྲལ་བ་ཡིན་ན་དེ་ཇི་ལྟར་སྒོམ་པ་པོས་དགེ་བའི་རྩ་བ་འཕེལ་བ་དང་། མི་དགེ་བའི་རྩ་བ་འབྲི་བར་བྱེད་ཅེས་འགའ་ཞིག་དོགས་པ་དེ་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་ཁྱོད་གང་གི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་
པ་དེའི་ཚེ་ཁྱོད་ཀྱི་དགེ་བའི་རྩ་བ་གང་འཕེལ་བའམ་འབྲི་བར་འགྱུར་ཞེས་དྲིས་སོ། །འམ་ཞེས་བྱ་བའི་སྒྲས་ནི་མི་དགེ་བའི་རྩ་བའི་ཕྱོགས་འདི་བསྡུས་པའི་ཕྱིར་རོ། །བཅོམ་ལྡན་འདས་དེའི་ཚེ་བདག་གི་དགེ་བའི་རྩ་བ་གང་འཕེལ་བའམ་ཞེས་བྱ་བ་ལ་སོགས་པ་ནི་ལན་ཡིན་ནོ། །ཅིའི་ཕྱིར་ཞེ་
ན། སྨྲས་པ། འདི་ལྟར་གང་ལས་ཞེས་བྱ་བ་འཛིན་པར་བྱེད་པ་བདག་ལ་སོགས་པའི་རང་གི་ངོ་བོ་བྱེད་པ་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པར་བྱེད་པས་གང་དང་འབྲེལ་པའི་ཆོས་དགེ་བ་འམ་མི་དགེ་བ་འགའ་ཞིག་འཕེལ་ཞིང་རྒྱས་པར་འགྱུར་བའམ། འབྲི་ཞིང་འགྲིབ་པར་འགྱུར་

བར་བྱེད་པ་མ་མཆིས་སོ། །འདི་སྐད་དུ་བསྟན་ཏེ། སེམས་ཅན་གང་དགེ་བའི་རྩ་བ་སྟོབས་དང་ལྡན་པས་བསྒོམས་པའི་སྟོབས་ཀྱིས་དགེ་བ་འཕེལ་བར་བྱེད་པ་དང་འགྲིབ་པར་བྱེད་པའི་སྒོམ་པ་པོ་ནི་དགེ་བའི་ཆོས་དེ་ལས་ལོགས་ཤིག་ན་འགའ་ཡང་མ་མཆིས་སོ། །འོན་ཀྱང་དེ་ཉིད་ལ་བརྟེན་
ནས་སྒྲོ་བཏགས་པ་དེ་བྱེད་པ་པོ་ཡིན་ནོ། །བྱེད་པ་པོའི་ཐ་སྙད་ཙམ་ཐམས་ཅད་ཀྱང་དེ་ལྟ་བུའི་རྣམ་པ་ཡིན་པའི་ཕྱིར་རོ། །བརྟགས་པའི་ངོ་བོ་རྗེས་སུ་འགྲོ་བ་ནི་དོན་བྱེད་པ་མ་ཡིན་ནོ། །དེ་ལྟ་མོད་ཀྱི་འདི་བསྒོམ་པ་ཡང་ཡིན་ཏེ། འདི་གཉིས་འཕེལ་བ་དང་རྒྱས་པར་བྱ་བའི་ཆེད་དུ་འཇུག་པའི་ཕྱིར་
རོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེ་བས་ན། གང་ཡང་ཆོས་འགའ་ཞིག་འཕེལ་བའི་སླད་དུའམ་འབྲི་བའི་སླད་དུ་ཉེ་བར་གནས་པ་དེ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གལ་ཏེ་མི་དགེ་བའམ་དགེ་བ་འབྲི་བའམ་རྒྱས་པར་བྱ་བའི་དོན་དུ་འདི་འཇུག་པ་མ་ཡིན་ན་དེ་ཇི་ལྟར་གོ་རིམས་བཞིན་དུ་
སོ་སོའི་སྐྱེ་བོའི་ཆོས་འདོད་ཆགས་ལ་སོགས་པ་སྤོང་བར་འགྱུར། སངས་རྒྱས་ཀྱི་ཆོས་སྟོབས་དང་མི་འཇིགས་པ་ལ་སོགས་པ་ལེན་པར་འགྱུར་ཞེ་ན། དེའི་ཕྱིར། བཅོམ་ལྡན་འདས་གང་སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱང་མི་སྤོང་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཅིའི་སླད་དུ་ཞེ་
ན་ཞེས་བྱ་བའི་དོན་ཅི་ཞེ་ན། ཅི་ཤིན་ཏུ་བསྒོམས་པའི་དབང་གིས་སོ་སོའི་སྐྱེ་བོའི་ཆོས་སྤོང་བ་དང་། སངས་རྒྱས་ཀྱི་ཆོས་བསྐྱེད་པ་མེད་པ་ཉིད་ཀྱིས་སྤོང་བ་མེད་པ་དང་། ལེན་པ་མེད་པ་ཞེས་བརྗོད་དམ། འོན་ཏེ་མི་དམིགས་པའི་ཚུལ་གྱིས་ཤིན་ཏུ་བསྒོམས་པ་ལས་བྱུང་བའི་འཕགས་པའི་
ཤེས་རབ་ཀྱི་དབང་པོས་གང་གི་ཚེ་རྩལ་གྱུར་པ་དེའི་ཚེ་རྩོལ་བ་མེད་པར་ཡང་སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱང་སྤོང་བར་འགྱུར་ལ། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་མངོན་སུམ་དུ་འགྱུར། དེ་དག་ནི་རང་ལས་མ་གཏོགས་པ་རྣམས་མི་དམིགས་པའི་ཕྱིར་སྤོང་བ་མེད་པ་དང་། ལེན་པ་
མེད་པ་ཞེས་བརྗོད་ཅེས་བྱ་བ་འདི་ནི་གཏན་ཚིགས་ཡོངས་སུ་འདྲི་བའི་དོན་ཡིན་ནོ། །དེ་ལ་འདིར་ཉོན་མོངས་པ་དང་རྣམ་པར་བྱང་བའི་གནས་སྐབས་མེད་པར་ཐལ་བར་འགྱུར་བའི་ཕྱིར་ཕྱོགས་དང་པོ་ལྟར་ནི་མ་ཡིན་ནོ། །འོན་ཀྱང་འོག་མ་ལྟར་ཡིན་པས། བཅོམ་ལྡན་འདས་འདི་ལྟར་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་གང་རྣམ་པར་བྱང་བའམ་ཀུན་ནས་ཉོན་མོངས་པ་དམིགས་པས་ཆོས་གང་ལ་ཡང་མི་གནས་པ་ནི་སོ་སོའི་སྐྱེ་བོ་དང་། སངས་རྒྱས་ཀྱི་ཆོས་གོ་རིམས་བཞིན་དུ་སྤང་པའམ་བླང་
བ་རྣམས་གཟུང་བའི་མཚན་ཉིད་དང་བྲལ་བའི་ཕྱིར་རོ། །གལ་ཏེ་དེ་དག་འགའ་ལ་ཡང་དམིགས་པས་མི་གནས་ན། འོ་ན་ཇི་ལྟར་སྲིད་པའི་ཉེས་པ་བརྒལ་བ་ལ་སོགས་པ་གང་ཡིན་པ་དང་། དེ་དང་བྲལ་བའི་མྱ་ངན་ལས་འདས་པའི་ཡོན་ཏན་དམིགས་ཤེ་ན། དེའི་ཕྱིར།
བཅོམ་ལྡན་འདས་གང་འཁོར་བའི་སྐྱོན་དུ་ཡང་མཆི་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁོར་བའི་སྐྱོན་དང་མྱ་ངན་ལས་འདས་པའི་ཡོན་ཏན་དུ་མཆི་བ་དང་། ཉེ་བར་དམིགས་པ་དང་། རྟོག་པའི་བར་དུ་མ་ལགས་པའོ། །དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་ནི་རིགས་པ་
གང་གིས་སྨྲས། ཅི་མེད་པའི་ཕྱིར་རམ། འོན་ཏེ་ཡོད་ཀྱང་དམིགས་པར་མི་རུང་བའི་ཕྱིར་ཡིན་ཞེ་ན། རྟོག་པ་དང་པོ་ལྟར་ན་ནི་ཉོན་མོངས་པ་དང་། རྣམ་པར་བྱང་བར་རྣམ་པར་གཞག་པ་དེ་ཉིད་མི་འཐད་པར་འགྱུར་རོ། །རྟོག་པ་གཉིས་པ་ལྟར་ན་ནི་རིགས་པ་མིན་པས་
དེའི་ཕྱིར། བཅོམ་ལྡན་འདས་འདི་ལྟར་འཁོར་བ་ཉིད་ཀྱང་མི་མཐོང་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དགོངས་པ་ནི་འདི་ཡིན་ཏེ། འདོད་ཆགས་ལ་སོགས་ཉོན་མོངས་བསྒོས། །སེམས་ཉིད་དག་ནི་འཁོར་བ་ཡིན། །དེ་ཉིད་དེ་དང་བྲལ་བ་ན། །སྲིད་པའི་མཐའ་
ཞེས་རབ་ཏུ་བཤད། །དེ་བས་ན་མི་དམིགས་པའི་ཏིང་ངེ་འཛིན་གོམས་པའི་རྒྱུ་དེས་འཁོར་བའི་བདག་ཉིད་འབད་པ་མེད་པར་རྣམ་པར་ལོག་སྟེ། དུ་མ་དང་གཅིག་ལ་སོགས་པར་སྤྲོས་པའི་ཚོགས་དང་བྲལ་ཏེ་རབ་ཏུ་ཞི་བར་ཞུགས་པའི་རྒྱུན་བར་མ་ཆད་པ་ཇི་སྲིད་འཁོར་བ་མ་ལུས་པའི་སྲིད་
པའི་རྒྱ་མཚོར་བྱིང་བའི་འགྲོ་བ་གདོན་པ་ལ་མཁས་པ་བྱུང་བ་ནི་མྱ་ངན་ལས་འདས་པ་ཞེས་བྱའོ། །དེ་བས་ན་སེམས་ལས་མ་གཏོགས་པར་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་དང་། དེའི་སྐྱོན་དང་ཡོན་ཏན་དམིགས་པ་མ་ཡིན་ནོ། །རང་རིག་པས་ཀྱང་མ་ཡིན་ཏེ། རང་རིག་པས་ཡིན་ན་

ནི་གཟུང་བ་དང་འཛིན་པའི་དངོས་པོར་གྱུར་པ་ཡང་དག་པ་མ་ཡིན་པའི་ཕྱིར་ཞེས་གསུངས་སོ། །དེ་ལྟ་ན་གདུལ་བྱ་འཁོར་བའི་ནང་ནས་ཇི་ལྟ་ཇི་ལྟར་དོགས་པའི་ཡིད་སྐྱེ་བ་ནི་སྔར་བསྟན་པའི་ཚུལ་གྱིས་དངོས་སུ་ལན་གླན་ཟིན་ཀྱང་དེའི་དོགས་པ་སྐྱེ་བའི་རྒྱུན་རྣམས་ལ་དོགས་པ་སྐྱེད་ཅིང་
དོགས་པ་བསལ་བར་བྱའོ། །དེ་ལྟ་མ་ཡིན་ན་ཐོག་མ་ཉིད་དུ་གཞག་པ་ཁོ་ནས་དོགས་པའི་སྐབས་མ་ལུས་པ་མེད་པས་བཤད་པ་ཕྱི་མ་རྣམས་བརྩམ་མི་དགོས་པར་ཐལ་བར་འགྱུར་རོ། །སྲིད་པའི་སྐྱོན་དང་། མྱ་ངན་ལས་འདས་པའི་ཡོན་ཏན་མ་མཐོང་ན་བསྒོམ་པ་འདིས་
ཇི་ལྟར་མཐོང་བའི་ལམ་སྐྱེད་པར་བྱེད་ཅིང་། བསྒོམ་པའི་ལམ་འཛིན་པར་བྱེད། དེ་གཉིས་ཀྱིས་སྒྲིབ་པ་ཐམས་ཅད་ལ་ངེས་པར་འབྱིན་པ་སྒྲུབ་པར་ཡང་ཇི་ལྟར་འགྱུར་ཞེ་ན། འདིར་བཅོམ་ལྡན་འདས་ཆོས་གང་ལ་ཡང་བླང་བའམ། གཟུང་བའམ། དོར་བ་མ་མཆིས་པ་དེ་ཞེས་
བྱ་བ་ལ་སོགས་པ་གསུངས་སོ། །དོར་བ་ནི་སྤངས་པའི་ཕྱིར་ངེས་པར་འབྱིན་པ་ལ་བྱའོ། །ཆོས་གང་ལ་ཡང་ཞེས་བྱ་བ་ནི་གང་ལས་ཀྱང་ཞེས་བྱ་བས་རྣམ་པར་དབྱེ་བ་བསྒྱུར་བར་བྱའོ། །ལེན་པར་བྱེད་པའི་བྱེད་པ་པོ་དང་འཛིན་པར་བྱེད་པའི་བདག་ཉིད་མི་སྲིད་པའི་ཕྱིར་བླང་བའམ་
སྟེ། བླང་བར་བྱ་བའམ་གཞན་དུ་ཡང་རུང་མི་སྲིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བས་ན། མཐོང་བསྒོམ་ཆོས་ཀྱི་ངོ་བོ་ཡི། །ཤེས་རབ་ཕ་རོལ་ཕྱིན་པ་འདི། །གོམས་པ་འཕེལ་བར་གྱུར་ན་ནི། །སྒྲིབ་པ་ཐམས་ཅད་སྤངས་པ་ཡིན།། །།འཕགས་པ་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པ་རྒྱ་ཆེར་བཤད་པ། བམ་པོ་གཉིས་པ། འགའ་ཞིག་ཡང་སྲིད་པའི་སྐྱོན་བསལ་བ་དང་། རྣམ་པར་བྱང་བའི་ཆོས་བསྐྱེད་པར་གོ་རིམས་བཞིན་དུ་དེ་བཞིན་ཉིད་འགྲིབ་པ་དང་། འཕེལ་བ་མངོན་པར་ཞེན་ནས་འདི་སྙམ་དུ་སེམས་ཏེ། བླང་བ་
དང་གཟུང་བ་དང་དོར་བ་གལ་ཏེ་མེད་ན་སྲིད་པ་དང་མྱ་ངན་ལས་འདས་པར་གཏོགས་པའི་སེམས་ཅན་གྱི་ཁམས་དེ་འགྲིབ་པ་དང་འཕེལ་བར་ཇི་ལྟར་འགྱུར། སྒྲིབ་པ་དང་སྤངས་པ་ཡོད་ན་ནི་གདགས་སུ་རུང་ངོ་ཞེ་ན་དེའི་ཕྱིར། བཅོམ་ལྡན་འདས་གང་ཆོས་གང་ལ་ཡང་འགྲིབ་པ་དང་ཞེས་

བྱ་བ་ལ་སོགས་པ་གསུངས་སོ། །དེ་ཅིའི་སླད་དུ་ཞེ་ན་ཞེས་འདིས་ཁུངས་འདྲི་བའི་བསམ་པ་ཅི་ཞེ་ན། ཅི་རིག་པར་བྱ་བའི་མཚན་ཉིད་དང་མི་ལྡན་པའི་ཕྱིར་མི་དམིགས་པའམ། འོན་ཏེ་དེ་མེད་པའི་ཕྱིར་ཞེས་བྱ་བ་ཡིན་ནོ། །དེ་ལ་རྣམ་པར་རྟོག་པ་དང་པོ་
ནི་རང་རིག་པས་དེ་དམིགས་པ་ལ་འགལ་བ་ཅི་ཡོད་ཅེ་ན། རིག་པར་བྱ་བ་ལ་བརྟགས་ན་མེད་པའི་ཕྱིར་རོ། །དེ་བས་ན་འདིར་ནི་རྣམ་པར་རྟོག་པ་གཉིས་པ་ལྟར་འདོད་པ་ཡིན་པའི་རིགས་པ་ནི། བཅོམ་ལྡན་འདས་སྐྱེ་བ་མ་མཆིས་པ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྐྱེ་
བ་མེད་པ་ནི་སྟོང་པ་ཉིད་དོ། །སྐྱེ་བ་མེད་པ་དེའི་ཚུལ་གྱིས་ན་འགྲིབ་པ་དང་འཕེལ་བ་མ་མཆིས་ཏེ། དུས་ཐམས་ཅད་དུ་ངོ་བོ་གཅིག་པའི་ཕྱིར་རོ། །འགྲིབ་པ་དང་འཕེལ་བ་དེ་ནི་རྒྱས་པ་དང་འཕེལ་བར་བརྟགས་པའི་ངོ་བོ་ཡིན་ནོ། །བརྟགས་པ་ནི་ལན་འགའ་ཡང་ཡོད་པ་མ་
ཡིན་ནོ། །ཡོད་པ་གང་ཡིན་པ་སྔོན་དུ་སོང་བ་ཡིན་ན་ནི་བྲི་བ་ཡིན་ཏེ། དེ་ནི་གློ་བུར་གྱི་དྲི་མ་དང་བྲལ་བ་ཙམ་ཡིན་པར་བསྟན་ཏོ། །བཅོམ་ལྡན་འདས་གང་དེ་ལྟར་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ལགས་སོ་ཞེས་ཚིག་ལན་དུ་མར་སྨོས་པ་ཅིའི་ཕྱིར་ཞེ་ན། བསྒོམ་པ་
གཅེས་པར་བསྟན་པས་སྒྲུབ་པ་པོ་རྣམས་ཀྱི་བརྩོན་འགྲུས་འཕེལ་བར་བྱ་བའི་ཕྱིར་རོ། །བྱེད་པ་པོ་ལ་སོགས་པ་མེད་ན་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་ལ་སོགས་པའི་ཡོན་ཏན་སྐྱེ་བ་དང་། སྒྲིབ་པ་ཐམས་ཅད་སྤང་བ་འདི་ལ་ཇི་ལྟར་བརྩོན་པར་བྱེད་ཅེ་ན། དེའི་ཕྱིར། བཅོམ་ལྡན་
འདས་གང་ཆོས་གང་ཡང་སྐྱེ་བའམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱེད་པ་མེད་པའི་ཕྱིར་དང་། འཇིག་པ་ལ་རྒྱུ་མེད་པའི་ཕྱིར་ཏེ། གཞན་དུ་གྱུར་པའི་བྱེད་པས་སྟོང་ཞིང་རྐྱེན་འདི་པ་ཙམ་ཡིན་ནོ། །འགག་པ་དང་སྐྱེ་བའི་དངོས་པོ་མེད་ན་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཡན་
ལག་རྣམས་འབྲི་བ་དང་རྒྱས་པ་ཉིད་དུ་ཇི་ལྟར་བྱེད་ཅེ་ན། བྱེད་པ་མེད་པས་ན། བཅོམ་ལྡན་འདས་གང་ཆོས་གང་ལ་ཡང་འགྲིབ་པའམ་རྒྱས་པར་མི་བགྱིད་པ་དེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱེད་པ་མེད་པའི་ཕྱིར་དང་། འཇིག་པ་ལ་རྒྱུ་མེད་པའི་ཕྱིར་རོ་ཞེས་དགོངས་པའོ། །

གལ་ཏེ་དེ་ལྟར་སྤྲོས་པ་མེད་པ་ཡིན་ན་ཇི་ལྟར་སྟོབས་བཅུ་དང་། ས་གོང་ནས་གོང་དུ་གནས་པའི་བྱང་ཆུབ་སེམས་དཔའ་དང་འབྲེལ་པའི་ཡོན་ཏན་རྣམས་དེ་ཚོལ་བར་བྱེད་ཅེ་ན། དེའི་ཕྱིར། བཅོམ་ལྡན་འདས་གཞན་ཡང་བསམ་གྱིས་མི་ཁྱབ་པའི་ཆོས་ལ་ཡང་མི་སྨོན་ཅིང་ཞེས་བྱ་བ་
ལ་སོགས་པ་གསུངས་སོ། །བསམ་གྱིས་མི་ཁྱབ་པའི་ཆོས་ནི་དེ་བཞིན་གཤེགས་པའི་ཡོན་ཏན་རྣམ་པ་ཐམས་ཅད་དང་ལྡན་པ་དག་པར་གནས་པ་གང་ཡིན་པའོ། །ཉི་ཚེ་བ་ནི་བྱང་ཆུབ་སེམས་དཔའ་ཡིན་ཏེ། དྲི་མ་མེད་པའི་ཡེ་ཤེས་ཀྱི་རྒྱུན་གྱི་ཆ་ཉི་ཚེ་སྟེ། སྒྲིབ་པ་ཐམས་ཅད་སྤངས་
པ་དང་བྲལ་བའི་ཕྱིར་རོ། །ཅིའི་ཕྱིར་མི་སྨོན་ཞེ་ན། དེའི་ཕྱིར་འོན་ཀྱང་བཅོམ་ལྡན་འདས་གང་ལ་སྨོན་པ་དང་གང་གིས་སྨོན་པ་དེ་ཉིད་ཀྱང་མ་མཆིས་པ་དེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འོན་ཀྱང་ཞེས་བྱ་བ་འདི་ནི་འདི་ལྟར་ཞེས་བྱ་བའི་དོན་ཏེ། གཏན་ཚིགས་སྟོན་པའི་ཕྱིར་རོ། །དེ་ཡང་
ལས་དང་བྱེད་པ་པོར་གྱུར་པའི་དངོས་པོ་གོ་རིམས་བཞིན་དུ་སྨོན་པར་བྱ་བ་གང་ཡིན་པ་ཡོད་པ་མ་ཡིན་ནོ། །འདིར་གཏན་ཚིགས་ནི་བྱེད་པ་པོ་ལ་སོགས་པ་ཐམས་ཅད་ཕན་ཚུན་བྱེ་བྲག་བསྒྲུབས་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །གལ་ཏེ་བསམ་གྱིས་མི་ཁྱབ་པ་དང་། ཉི་ཚེ་
བའི་ཆོས་ཡོད་པ་མ་ཡིན་ན་དེ་ཇི་ལྟར་གོ་རིམས་བཞིན་དུ་མཆོག་ཉིད་དང་། ཐ་མ་ཉིད་དུ་མཐོང་ཞེ་ན། དེའི་ཕྱིར་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི་འདི་ལྟར་ཆོས་འདི་དག་ནི་མཆོག་གོ། །ཆོས་འདི་དག་ནི་ཐ་མའོ་ཞེས་བགྱི་བར་ཉེ་བར་མི་གནས་ཤིང་ཞེས་བྱ་བ་གསུངས་
ཏེ། སྦྱོར་བའི་དུས་ནའོ་ཞེས་དགོངས་པའོ། །གལ་ཏེ་ཕྱིས་འཇུག་པ་ན་དམིགས་པར་འགྱུར་རོ་ཞེ་ན་ཡང་། ཆོས་གང་དག་མཆོག་དང་ཐ་མར་འགྱུར་བའི་ཆོས་དེ་དག་ཀྱང་མི་དམིགས་ཏེ་ཞེས་བྱ་བ་གསུངས་ཏེ། རིག་པར་བྱ་བ་མི་རིགས་པའི་ཕྱིར་རོ་ཞེས་དགོངས་པའོ། །
ཀྱང་གི་སྒྲ་ནི་གཏན་ཚིགས་བསྟན་པའི་ཕྱིར་ཡང་ཡིན་ནོ། །འོ་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་རྣམས་ཕན་ཚུན་ལྟོས་ནས་གནས་དམན་པ་ཉིད་དུ་ཇི་ལྟར་མཐོང་ཞེ་ན། དམིགས་པ་ཅན་དེ་དག་གི་ལན་ནི། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པའི་རྣལ་འབྱོར་ལ་ཞེས་

བྱ་བ་ལ་སོགས་པ་ཡིན་ནོ། །དེ་ལྟར་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཆོས་བཞི་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ཉིད་ཀྱི་རྣལ་འབྱོར་ནི་ཏིང་ངེ་འཛིན་ཏོ། །དེ་ལ་བརྩོན་པ་ནི་གོམས་པར་བྱེད་པའོ། །རིགས་ཀྱི་བུའི་སྒྲ་ནི་
མཆོད་པའི་ཚིག་གོ། །ཆོས་ཐམས་ཅད་ཅེས་བྱ་བ་ནི་ཉན་ཐོས་ལ་སོགས་པ་དང་འབྲེལ་པའི་འོ། །མི་དམིགས་སོ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པས་ཀྱང་ཉམས་སུ་མ་མྱོང་བའོ། །དེ་བས་ན་དེ་ཉིད་ཀྱི་ཕྱིར་དེ་སྔོན་དུ་སོང་བ་ཅན་གྱི་རྟོག་པས་ཀྱང་མི་རྟོག་གོ། །དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་
བས་ཅི་བསྟན་ཞེ་ན། ཉམས་སུ་མྱོང་བ་མེད་དུ་ཟིན་ཀྱང་གཞན་གྱི་དབང་གི་རྟོག་པ་རང་དབང་ཅན་གོ་ཅི་སྟེ་མི་འབྱུང་། དེ་གང་དུ་འཇུག་པ་ན་དངོས་པོ་གང་ལ་ཡང་འཇུག་པར་མི་འགྱུར་བ་མ་ཡིན་ནམ་ཞེ་ན། ལན་ནི། བཅོམ་ལྡན་འདས་སྐྱེ་བ་མ་མཆིས་པ་ལ་ཞེས་བྱ་བ་ལ་སོགས་པ་ཡིན་
ནོ། །རྣམ་པར་རྟོག་པ་དང་འབྲེལ་པ་ཐམས་ཅད་དང་བྲལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལ་རྣམ་པར་རྟོག་པའི་ངོ་བོ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཚིག་ལྷག་མ་ཡིན་ནོ། །སྐྱེ་བ་མེད་པ་ལ་མེད་དུ་ཟིན་ཀྱང་ཆོས་ཐམས་ཅད་ལ་ཡོད་པ་མ་ཡིན་ནོ་ཞེ་ན། དེའི་ཕྱིར། དེ་བཞིན་
ཉིད་དེའི་བདག་ཉིད་དང་ཆོས་ཐམས་ཅད་ཀྱི་བར་དུ་སྟེ། དེའི་ངོ་བོ་ལ་ཡང་ཡོད་པ་མ་ཡིན་ཏེ། བར་ལ་ཞེས་སྨོས་པས་ནི་ཡང་དག་པའི་མཐའ་དང་། མཚན་མ་མེད་པ་དང་། དོན་དམ་པ་ལ་སོགས་པ་བསྡུའོ། །སྐྱེ་བ་མེད་པ་ལ་སོགས་པ་ཅིའི་ཕྱིར་སྨོས། སྐབས་ལ་མཁོ་བ་ཡིན་
པའི་ཕྱིར་ཆོས་ཐམས་ཅད་སྨོས་པ་ནི་རིགས་པ་ཡིན་ནོ་ཞེ་ན། འདི་སྙམ་དུ་དགོངས་ཏེ། དེ་ཁོ་ན་ཉིད་བསྒོམས་པ་ནི་སྐྱེ་བ་མེད་པ་ལ་སོགས་པ་འདི་སྔོན་དུ་བྱས་ཏེ་འཇུག་པ་ཡིན་པས་རྣམ་པར་རྟོག་པ་དང་མི་འཐད་པ་དེ་ནི་རྣམ་པར་རྟོག་པ་འདིའི་སྐབས་མེད་པའི་ཕྱིར་རོ། །སྐྱེ་བ་མེད་པ་ལ་སོགས་
པ་ཇི་ལྟ་བ་བཞིན་དུ་ཁོང་དུ་མ་ཆུད་པ་རྣམས་ནི་འཛིན་པ་ལ་སོགས་པའི་རྣམ་པར་བརྟེན་པ་ལ་འཆེལ་བ་འདི་དག་རང་དབང་དང་ལྡན་པར་འགྱུར་རོ། །ཡང་ན་འབྲི་བའི་བསམ་བ་ནི་འདི་ཡིན་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་མི་དམིགས་པ་དེ་ནི་རིགས་པ་ཡིན་ཏེ། དེ་

དག་ནི་དམིགས་པའི་ཚོགས་མཐའ་དག་དང་མཐུན་པ་མ་ཡིན་ནོ། །ཉན་ཐོས་ལ་སོགས་པ་ནི་དེ་ལྟ་མ་ཡིན་པས་དེ་དག་གི་མི་དམིགས་པ་ཇི་ལྟར་ཡིན་ཞེ་ན། བཅོམ་ལྡན་འདས་སྐྱེ་བ་མ་མཆིས་པ་ལ་མཆོག་གམ། ཐ་མ་ཞེས་བགྱི་བ་གང་ཡང་མ་མཆིས་པའི་སླད་དུ་སྟེ།
དམིགས་པ་ཡོད་པ་ཞེས་བྱ་བའི་ཚིག་ལྷག་མའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །ཉན་ཐོས་ལ་སོགས་པའི་ཆོས་རྣམས་ནི་རྣམ་པར་རྟོག་པའི་ཚོགས་དང་མི་མཐུན་བ་མེད་པ་ཡིན་ན་དམིགས་པར་མངོན་པར་ཞེན་པ་འཇུག་པ་ཡོད་པ་ཡིན་མོད་ཅེ་ན། དམིགས་པར་བྱ་བ་ནི་ཡོད་པ་མ་
ཡིན་ཏེ། གཟུང་བའི་མཚན་ཉིད་མི་འགྲུབ་པའི་རིགས་པ་ནི་ཐམས་ཅད་དུ་མཐུན་པའི་ཕྱིར་རོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཡིན་ནོ། །ཚིག་ལྷག་མ་དང་བཅས་ཏེ་བཤད་པར་བྱ་བ་འདི་ནི་ངེས་པ་ཡིན་ནོ། །དེ་ལྟ་མ་ཡིན་ཏེ། མཆོག་དང་ཐ་མའི་རང་གི་མཚན་ཉིད་མེད་པ་ཡིན་ན་ནི་ཀུན་
ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཕྱོགས་ཉམས་པར་ཐལ་བར་འགྱུར་རོ། །དེ་ལྟར་དོགས་པ་ངན་པ་འཕྲོས་པ་རྣམས་རིམ་གྱིས་བསལ་དུ་ཟིན་ཀྱང་། ཁ་ཅིག་ཡང་བསྟན་པའི་དོགས་པ་སྐྱེས་པ། གལ་ཏེ་ཉན་ཐོས་ལ་སོགས་པའི་ཆོས་དམིགས་སུ་ཡོད་པ་མ་ཡིན་ན། ཇི་
ལྟར་དེ་ལ་ལྟོས་ནས་སངས་རྒྱས་ཀྱི་ཆོས་མཆོག་ཡིན་པར་རྣམ་པར་གཞག་པར་བྱ་ཞེ་ན། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས། འཇམ་དཔལ་སངས་རྒྱས་ཀྱི་ཆོས་རྣམས་མཆོག་མ་ཡིན་ནམ་ཞེས་གསུངས་ཏེ། ཟུར་གྱིས་སྟོན་ཏོ། །ལན་དུ་གཟུང་དུ་མ་མཆིས་པའི་སླད་དུ་སངས་རྒྱས་
ཀྱི་ཆོས་རྣམས་ནི་མཆོག་ལགས་སོ་ཞེས་གསུངས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཉིས་སུ་སྒྲོ་འདོགས་པ་དང་། སྒྲིབ་པ་ཐམས་ཅད་སྤངས་པའི་ཕྱིར་རོ་ཞེས་དགོངས་པའོ། །དེ་ལྟ་མ་ཡིན་ན་ཉན་ཐོས་ལ་སོགས་པའི་ཆོས་ལས་མཆོག་ཡིན་པར་བསྟན་དུ་ཅི་ཞིག་
ཡོད། གལ་ཏེ་གཏན་ཚིགས་ཡོད་པའི་ཕྱིར་གཟུང་དུ་མེད་པ་ཁོ་ན་ཡིན་ན་ནི། འོ་ན་སངས་རྒྱས་ཀྱི་ཆོས་རྣམས་མཆོག་ཡིན་པར་གང་གིས་གཞག་པར་བྱ། རེ་ཞིག་དེ་བཞིན་གཤེགས་པ་མ་ཡིན་པས་ནི་མ་ཡིན་ཏེ། ཡུལ་དེ་ལ་དྲི་མ་མེད་པའི་ཡེ་ཤེས་མི་སྲིད་པའི་ཕྱིར་རོ། །དེ་བཞིན་

གཤེགས་པས་ཀྱང་མ་ཡིན་ཏེ། དེའི་རང་རིག་པ་ཙམ་གྱིས་སྟོང་པ་ཉིད་རྟོགས་པ་ན་མཆོག་ལ་སོགས་པར་རྣམ་པར་རྟོག་པ་མི་སྲིད་པའི་ཕྱིར་རོ་ཞེས་དེ་ལྟར་འོག་ནས་འབྱུང་བའི་དོན་གྱི་དེ་ཁོ་ན་ཉིད་གསལ་བར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཆོས་ཐམས་ཅད་
སྟོང་པར་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་ལགས་སམ་ཞེས་ཞུས་སོ། །འདིར་མདོར་ན་འདི་ཡིན་ཏེ། སྟོང་པ་ཉིད་ཀྱི་བདག་ཉིད་ཀྱི་དེ་བཞིན་གཤེགས་པའི་དབང་གིས་ཆོས་ཐམས་ཅད་སྟོང་པའོ་ཞེས་བྱ་བ་ལ་སོགས་པའི་རྣམ་པར་རྟོག་པ་དེ་འདྲ་བ་ཡང་དག་
པ་ཉིད་ལ་འཇུག་པའི་རྒྱུར་གྱུར་པ་དག་བསོད་ནམས་དང་ལྡན་པས་རྙེད་པར་འགྱུར་རོ། །དེ་དག་ཀྱང་ཆོས་ཐམས་ཅད་སྟོང་པ་ཡིན་པར་སྟོན་པས་ཐུགས་སུ་ཆུད་དོ་ཞེས་ལྷག་པར་ཞེན་ཏོ། །དེ་བས་ན་དེ་དག་གི་ལྷག་པར་ཞེན་པའི་ངོར་བྱས་ཏེ། དང་པོ་སྦྱོར་བ་ན་མཉན་པ་ལ་སོགས་པས་
ཡིད་ལ་བྱེད་པ་དང་མཐུན་པར་དེ་སྐད་བསྟན་ཏོ། །སྟོང་པ་ཉིད་ནི་རང་རིག་པ་ཙམ་གྱི་བདག་ཉིད་རྣམ་པར་རྟོག་པས་མ་སྦགས་པ་ཉིད་མངོན་པར་བྱང་ཆུབ་པ་ཡིན་ནོ། །གལ་ཏེ་དེ་ལྟ་ཡིན་ན་དེའི་ཕྱིར་སྟོང་པ་ཉིད་ལ་སངས་རྒྱས་ཀྱི་ཆོས་ཀྱི་བདག་ཉིད་དང་ཉན་ཐོས་ལ་སོགས་པའི་ཆོས་ཀྱི་བདག་
ཉིད་དག་གདགས་ཤིང་དམིགས་ཏེ། རྟོག་པ་ཐམས་ཅད་མེད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་རྣམ་པ་ཐམས་ཅད་དུ་མཆོག་ཏུ་དགའ་བའི་དོན་བསྟན་པས་འཇམ་པའི་དབྱངས་ལ་གུས་པ་སྐྱེས་པ་རྣམས་ཀྱི་དང་བ་འཕེལ་བར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་
ལེགས་སོ་ལེགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཚིག་གི་དོན་འདི་ཐམས་ཅད་གསལ་བར་སྤྱོད་ཡུལ་མ་ཡིན་དུ་ཟིན་ཀྱང་སྨྲ་བར་བྱེད་པས་མངོན་སུམ་དུ་རྟོགས་པ་བཞིན་དུ་བརྗོད་པ་ལ་ངོ་མཚར་དུ་གྱུར་ནས་ཡང་ལེགས་སོ་ཞེས་སྨྲས་སོ། །ཡང་ན་རང་གིས་སྨྲ་བར་འདོད་པ་
གསལ་བར་བརྗོད་པའི་ཕྱིར་རབ་ཏུ་དགྱེས་ཆེས་ཏེ་ཡིན་ནོ། །ཡང་ན་འདི་དག་ལ་ལེགས་པར་སྨྲས་པ་ཡིན་ནོ་ཞེས་ངེས་པར་གཟུང་བའི་ཆེད་དུ་ཡང་ཡིན་ནོ། །དེ་ལྟར་གསལ་བར་བསྟན་དུ་ཟིན་ཀྱང་ཁ་ཅིག་གི་བློ་འཁྱོག་པའི་རྣམ་པར་རྟོག་པ་འདི་སྐྱེས་པ་ནི་མཆོག་ཉིད་ཡིན་པར་བཅོམ་ལྡན་

འདས་ཀྱིས་ཀྱང་མ་མཁྱེན་ན་ཇི་ལྟར་བླ་ན་མེད་པ་ཡིན། བླ་ན་ཡོད་པ་ཁོ་ནར་འགྱུར་ཏེ་མཆོག་ཉིད་དུ་མི་མངོན་པའི་ཕྱིར་ཉན་ཐོས་ལ་སོགས་པའི་ཆོས་བཞིན་ནོ་ཞེ་ན། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་སངས་རྒྱས་ཀྱི་ཆོས་རྣམས་བླ་ན་མེད་པ་ཡིན་ནམ་ཞེས་གསུངས་སོ། །
འཇམ་དཔལ་གྱིས་གསོལ་པ། དེ་དེ་ལྟར་ལགས་ཏེ་ཞེས་བྱ་བ་ལ་སོགས་པ་ནི་ལན་ཡིན་ནོ། །དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བའི་བརྗོད་པར་བཞེད་པ་གང་ཞེ་ན། གླེང་བའི་གནས་སྐབས་དེ་ཁོ་ན་བཞིན་ཏེ། ཅུང་ཟད་ཀྱང་ལན་མ་གླན་ནོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་
འདི་ལྟར་ཞེས་བྱ་བ་ལ་སོགས་པས་ནི་རང་གི་དགོངས་པ་སྟོན་ཏོ། །ཅུང་ཟད་ཙམ་ཡང་སྟེ་ཕྲ་མོ་ཙམ་ཡང་ཆོས་བླ་ན་མེད་པ་ལ་སོགས་པར་རྣམ་པར་བཞག་པའི་རྣམ་པར་རྟོག་པ་སངས་རྒྱས་ཀྱི་ཆོས་དེ་དག་ལ་མ་མཆིས་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་ཀྱང་མ་དམིགས་ཏེ། རྣམ་
པར་རྟོག་པའི་ས་བོན་ཐམས་ཅད་སྤངས་པའི་ཕྱིར་རོ། །ས་བོན་དང་མི་ལྡན་པའི་རྒྱུ་དེས་ན་དེ་དག་ནི་བླ་ན་མེད་པ་སངས་རྒྱས་ཀྱི་བདག་ཉིད་ཀྱི་ཆོས་ཞེས་བྱ་སྟེ། དེའི་གོང་ན་མཆོག་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །གཞན་དག་ཡང་རྣམ་པར་རྟོག་པ་བསྒོམ་པ་འདི་གལ་
ཏེ་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་ཡིན་ན་དེ་ཇི་ལྟར་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་གནས་སྐབས་མོས་པས་སྤྱོད་པའི་ས་ལ་སངས་རྒྱས་ཀྱི་ཆོས་རྣམས་བསྒྲུབ་པའི་ཆེད་དུ་འཇུག་པར་བགྱིད། སྤྱོད་པར་བགྱིད་ཅེས་བྱ་བའི་བར་དུའོ། །ཇི་ལྟར་ཡང་བྱང་ཆུབ་སེམས་དཔའི་
ས་བཅུ་ལ་མཐོང་བ་དང་བསྒོམ་པའི་ལམ་གཉིས་ཀྱིས་སོ་སོའི་སྐྱེ་བོའི་ཆོས་དག་རྩ་ནས་གདོན་པའི་ཕྱིར་དང་། སངས་རྒྱས་ཀྱི་ཆོས་ཉེ་བ་རྣམས་མངོན་དུ་བྱ་བའི་ཕྱིར་འཇུག་པ་ལགས། འདུལ་བ་ནི་ཉེ་བ་རྣམས་མངོན་དུ་བྱེད་པའོ། །ཇི་ལྟར་སངས་རྒྱས་ཀྱི་ས་ཀུན་ཏུ་འོད་ལ་
མངོན་དུ་གྱུར་པ་རྣམས་འཛིན་པར་བྱ་བའི་ཕྱིར་དང་། ཀུན་ཏུ་བསྲུང་བར་བྱ་བའི་ཕྱིར་འཇུག་པ་ལགས། འདི་སྐད་བསྟན་ཏེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་། སློབ་པ་དང་མི་སློབ་པའི་ལམ་རྣམས་སུ་ཉེ་བར་མ་གྱུར་པ་རྣམས་བསྐྱེད་པར་བྱ་བའི་ཕྱིར་དང་། ཉེ་བར་གྱུར་

པ་རྣམས་མངོན་དུ་བྱ་བའི་ཕྱིར་དང་། མངོན་དུ་བྱས་པ་རྣམས་འཛིན་ཅིང་བསྐྱང་བའི་ཕྱིར་མཆོག་ཏུ་བརྩོན་པ་འདི་ཡོད་པ་མ་ཡིན་ཏེ། རྣམ་པར་མི་རྟོག་པ་ཡིན་པའི་ཕྱིར་དེ་ལྟ་བུར་བྱུང་མ་ཐག་པ་ལ་སོགས་པའི་སེམས་ཀྱི་རྒྱུན་བཞིན་ནོ་ཞེ་ན་འདིའི་ལན་གོ་རིམས་
བཞིན་དུ་གདབ་པའི་ཕྱིར། བཅོམ་ལྡན་འདས་གཞན་ཡང་གང་སངས་རྒྱས་ཀྱི་ཆོས་རྣམས་སྒྲུབ་པར་ཡང་མི་བགྱིད་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཞན་ཡང་ཞེས་བྱ་བ་ནི་ཡང་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཏན་ཚིགས་ནི་བྱེད་པ་པོ་ལ་སོགས་པ་ཐམས་ཅད་
ཀྱི་བྱེ་བྲག་ནི་ཕན་ཚུན་ཉེ་བར་བསྒྲུབས་པ་ཡིན་ནོ་ཞེས་བསྟན་པ་ཡིན་པའོ། །འོན་ཏེ་འཕགས་པ་རང་ཉིད་ཀྱིས་ཅིའི་ཕྱིར་གཏན་ཚིགས་མ་གསུངས་ཤེ་ན། ཉེ་བ་ན་གནས་པའི་གདུལ་བྱའི་བྱེ་བྲག་ལ་ལྟོས་ནས་རྣམ་པར་རྟོག་པའི་ཆེད་དུ་འདི་བརྩམས་པ་ཡིན་ལ། གདུལ་བྱ་དེ་ཡང་
སྐྱོན་མེད་པའི་དངོས་པོ་བསྟན་པ་ལ་གཏན་ཚིགས་བསྟན་པ་མེད་པར་ཡང་ཐེ་ཚོམ་མེད་པར་ཕྱིན་ཅི་མ་ལོག་པའི་དོན་ཡང་དག་པར་རྟོགས་པར་འགྱུར་བར་དགོངས་ནས་རིགས་པ་བསྟན་པར་མ་བྱས་ཀྱི་གཞན་དུ་ནི་བསྟན་པ་ཁོ་ན་ཡིན་ནོ། །གཞན་དག་རྣམ་པར་རྟོག་པ་འདི་དག་ལ་གཟུང་
བ་དང་འཛིན་པའི་རྣམ་པ་དང་བྲལ་བ་ཡིན་ན་མཉན་པ་ལས་བྱུང་བའི་ཤེས་པའི་བདག་ཉིད་ཀྱིས་དོན་རྣམ་པར་ཤེས་པར་བྱེད་པ་དང་། བསམས་པ་ལས་བྱུང་བའི་ཤེས་པའི་བདག་ཉིད་ཀྱིས་དེ་ཉིད་སེམས་པར་བྱེད་པ་དང་། བསྒོམས་པ་ལས་བྱུང་བའི་ཤེས་པའི་བདག་ཉིད་ཀྱིས་དེ་
ཉིད་ཡང་ཡང་དུ་གོམས་པར་བྱེད་པ་དང་། ཡོད་མིང་གཉིས་དོན་ཡུལ་ཅན་ནི། །མཉམ་ལས་བྱུང་བའི་བློ་སོགས་ཡིན། །ཞེས་བྱ་བ་དེ་ཇི་ལྟར་རུང་། མཆོག་ཏུ་གྱུར་པ་ཡིན་པའི་ཕྱིར་སྣང་བྱེད་བཞིན་དུ་གཅིག་པུ་ཁོ་ན་སྨྲའོ་ཞེ་ན། འདིར་ལན་དུ། བཅོམ་ལྡན་འདས་གཞན་
ཡང་གང་ཆོས་གང་ལ་ཡང་མི་སེམས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཉན་པ་དང་བསམ་པའི་གནས་སྐབས་ན་ནི་མིང་ལ་སོགས་པ་ལ་མངོན་པར་མ་ཞེན་པའི་ཚུལ་གྱིས་གནས་སོ། །བསྒོམས་པས་ནི་ཉི་མ་རེ་རེ་ལུས་རྣམ་པར་བྱང་སྟེ། རྣམ་པར་རྟོག་པ་མཐའ་དག་

སྤངས་ནས་འཁོར་བའི་མཐའ་ཇི་ཙམ་པར་བཞུགས་པའི་ཉི་ཚེ་ལ་མིང་ངམ། དོན་ནམ་རྣམ་པར་ཤེས་པའམ། སེམས་པ་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཡིན་ནོ། །གཞན་དག་ཀྱང་འདི་ལ་ཡང་དག་པ་མ་ཡིན་པའི་རྟོག་པ་སྐྱེས་པ་གལ་ཏེ་ཆོས་
འདི་སེམས་པར་མི་བྱེད་ན་འཕགས་པ་འཇམ་པའི་དབྱངས་འདི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་དུ་གྱུར་པ་རྫོགས་པའི་སངས་རྒྱས་ཀྱི་ཆོས་དེ་ཇི་ལྟར་སེམས་པར་བྱེད་ཅེ་ན། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་ཁྱོད་སངས་རྒྱས་ཀྱི་ཆོས་རྣམས་ལ་མི་སེམས་སམ་
ཞེས་གསུངས་སོ། །ལན་དུ་གལ་ཏེ་བདག་གིས་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་གྲུབ་པར་མཐོང་ན་ནི་བདག་སངས་རྒྱས་ཀྱི་ཆོས་རྣམས་ལ་སེམས་པ་ལགས་སོ་ཞེས་གསོལ་ཏེ། ཇི་ཙམ་དུ་མཐོང་བ་མ་མཆིས་ན་དེ་ཇི་ལྟར་བསམ་པར་བགྱི་ཞེས་དགོངས་པའོ། །ཡོངས་
སུ་གྲུབ་པ་ནི་ཡོད་པའོ། །དོན་ཡོངས་སུ་གྲུབ་པར་མ་མཐོང་བ་ནི་རྣམ་པ་གཉིས་ཏེ། བསྒོམ་པ་དང་དུས་ཕྱིས་དག་པ་འཇིག་རྟེན་པའི་གནས་སྐབས་ན་ཡང་ཡིན་ཏེ། ཆོས་དང་ཆོས་ཅན་དུ་དབྱེ་བ་མེད་པ་ཁོ་ན་ཡིན་པས་སངས་རྒྱས་ཀྱི་ཆོས་ནི་འདི་དག་གོ་ཞེས་དབྱེ་བར་མ་རྟོགས་
པའི་ཕྱིར་རོ། །རྣམ་པར་རྟོག་པའི་སྐྱོན་དང་བྲལ་བའི་གནས་སྐབས་ན་ཡང་གཞན་དམིགས་པ་མེད་པ་ཁོ་ན་ཡིན་ཏེ་འདི་འདྲ་བའི་རྣམ་པར་རྟོག་པའི་གནས་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི་འདི་དག་ནི་སོ་སོའི་སྐྱེ་བོའི་ཆོས་སོ་
ཞེས་བྱ་བ་ནས། ཆོས་གང་ལ་ཡང་རྣམ་པར་རྟོག་པས་ཉེ་བར་གནས་པ་མ་ལགས་སོ་ཞེས་བྱ་བའི་བར་དུ་གསུངས་སོ། །ཆོས་དང་ཆོས་ཅན་གྱི་དངོས་པོ་དང་། དེ་དང་འབྲེལ་པའམ་འདུ་བ་ལ་སོགས་པའི་ངོ་བོར་རྣམ་པར་རྟོག་པ་མི་འཇུག་པའི་ཕྱིར་རོ། །འདི་དག་ནི་སོ་སོའི་
སྐྱེ་བོའི་ཆོས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པ། སོ་སོའི་སྐྱེ་བོའི་ཆོས་ལ་སོགས་པ་སྨོས་པ་ནི་རྣམ་པར་རྟོག་པ་གཞན་སྤང་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཁོ་ན་ཞིག་བརྗོད་པར་བྱ་བ་ཡིན་པར་འགྱུར་ཏེ། འདི་ཉིད་ལ་ཐེ་ཚོམ་

ཟ་བ་ཞུགས་པའི་ཕྱིར་རོ། །དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བའི་དགོངས་པ་ཅི་ཞེ་ན། གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པ་ན་ཇི་སྐད་དུ་བསྟན་པའི་རྣམ་པར་རྟོག་པ་དག་ཉེ་བར་མི་གནས་པ་ཡིན་ན་བྱིས་པ་སོ་སོའི་སྐྱེ་བོ་དང་སློབ་པ་དང་མི་སློབ་པ་དང་
བསེ་རུ་ལྟ་བུ་དག་དང་འབྲེལ་པའི་ཆོས་དེ་མ་འདྲེས་པར་ཇི་ལྟར་སྟོན། དམིགས་པ་མེད་པར་ནི་ཚིག་འབྱུང་བ་མ་ཡིན་ནོ། །དེ་བས་ན་ཇི་ལྟ་བ་བཞིན་དུ་འཆད་པ་ནི་བཤད་པར་བཞེད་པ་མེད་ན་མེད་པ་ཡིན་ལ། བཤད་པར་བཞེད་པ་ཡང་རྗེས་སུ་མྱོང་བ་མི་འཁྲུལ་བ་ཅན་ཡིན་ནོ། །རྗེས་སུ་
མྱོང་བ་ཆོས་ཅན་དང་ཆོས་ལ་སོགས་པ་ལ་ཐུག་པ་ཡིན་པས་དོན་སྒྲུབ་པ་གྲུབ་པ་ཡིན་ནོ་ཞེ་ན། ལན་དུ་རྣལ་འབྱོར་ལ་བརྩོན་པའི་རིགས་ཀྱི་བུས་ཆོས་དེ་ཉིད་ཀྱང་མི་དམིགས་ཏེ་ཞེས་གསུངས་ཏེ། ཆོས་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་ལ་སོགས་པར་རྣམ་པར་གཞག་པའི་ཆོས་ཅན་གྱི་དོན་ལ་
བྱའོ། །མི་དམིགས་པ་ནི་ཆོས་ཅན་གང་ཡིན་པ་དང་འབྲེལ་བ་ཉིད་དུ་བརྟག་པ་དམིགས་པར་བྱ་བ་མེད་པའི་ཕྱིར་རོ། །ཆོས་དེ་ཉིད་ཀྱང་མི་དམིགས་ཏེ་ཞེས་བྱ་བ་ལ་སོགས་པ་ལ་དེ་ཉིད་ཅེས་བྱ་བ་བསྣན་པའི་དོན་གང་ཞེ་ན། རེ་ཞིག་ཆོས་ཅན་དེ་ཉིད་ཀྱང་མི་དམིགས་ན་གང་སྟོན་པར་བྱེད་
པ་དེའི་ཆོས་ལྟ་དམིགས་སུ་ག་ལ་ཡོད་ཅེས་བྱ་བའི་ཐ་ཚིག་གོ། །མཐའ་ལས་འདས་པའི་ཆོས་ཅན་ལགས་པས་ཆོས་དེ་མི་དམིགས་ཤིང་ཡང་དག་པར་རྗེས་སུ་མི་མཐོང་བའི་སླད་དུའོ་ཞེས་བྱ་བ་ཐ་མར་སྨོས་པ་ཅིའི་ཕྱིར་ཞེ་ན། སློབ་པ་ལ་སོགས་པའི་ཚིག་དང་པོ་ནས་རེ་རེ་དང་སྦྱར་བའི་དོན་
ཡིན་ཏེ། འདིས་ཅི་ཡང་བསྟན་པ་མེད་དོ་ཞེས་བསྟན་པ་ཡིན་ནོ། །དེ་ཡང་དམིགས་པ་མེད་པ་ལ་སྤྱོད་པའི་དབང་གིས་ཆོས་དང་གང་ཟག་ལ་བདག་མེད་པ་རྗོད་པར་བྱེད་པའི་ཚིག་སྣང་བའི་ཤེས་པ་བསོད་ནམས་དང་ལྡན་པ་རྣམས་ལ་སྐྱེ་བ་ཡིན་ནོ། །གཞན་དག་འདི་ལ་ཡང་དག་པ་མ་
ཡིན་པར་རྟོག་པ་དམིགས་པ་མེད་པ་ཡིན་དུ་ཟིན་ན། རིགས་ཀྱི་བུ་དག་འདི་ལ་བརྟེན་ནས་ཁམས་གསུམ་གྱི་ཉོན་མོངས་པ་སྤངས་པའི་ཕྱིར་དང་། འདོད་ཆགས་དང་བྲལ་བའི་དབྱིངས་དང་། སྤངས་པའི་དབྱིངས་དང་། འགོག་པའི་དབྱིངས་དག་ཇི་ལྟར་མངོན་སུམ་དུ་བྱེད་ཅེ་ན།

དེའི་ཕྱིར་འདིར་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་རྣལ་འབྱོར་ལ་བརྩོན་པའི་རིགས་ཀྱི་བུ་འདི་ནི་འདོད་པའི་ཁམས་སོ་ཞེས་བྱ་བ་ནས། འདི་ནི་འགོག་པའི་དབྱིངས་སོ་ཞེས་བགྱི་བའི་བར་དུ་ཡང་མི་ཤེས་སོ་ཞེས་བྱ་བའི་བར་དུ་གསུངས་སོ། །དེ་ལ་འདོད་
ཆགས་སྤངས་པ་ནི་འདོད་ཆགས་དང་བྲལ་བའི་དབྱིངས་སོ། །དེ་ལས་གཞན་པ་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་རྣམས་སྤངས་པ་ནི་སྤངས་པའི་དབྱིངས་སོ། །ཉོན་མོངས་པ་ལས་རྣམ་པར་གྲོལ་བའི་དངོས་པོ་སྤངས་པ་ནི་འགོག་པའི་དབྱིངས་སོ། །ཇི་སྐད་དུ། འདོད་ཆགས་
བྲལ་བ་འདོད་ཆགས་ཟད། །གཞན་དག་སྤངས་པས་སྤངས་པའི་དབྱིངས། །འགོག་པར་བརྗོད་པ་དངོས་པོ་སྤངས། །ཞེས་བཤད་དོ། །དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་ནི་ཅི་གལ་ཏེ་མེད་པའི་ཕྱིར་རམ། དེ་ལྟ་ཡིན་ན་ནི་འོ་ན་ནི་ངའི་སྐྱེ་བ་ཟད་དོ། །ཚངས་པར་སྤྱད་པ་བསྙེན་ཏོ། །བྱ་བ་བྱས་སོ་
ཞེས་བྱ་བ་ལ་སོགས་པ་དེ་དག་གི་ལྷག་པར་ཞེན་པར་བྱེད་པ་དེ་དག་ཇི་ལྟར་ལྷག་པར་ཞེན་པར་བྱེད་པ་འདི་རུང་ཞེ་ན། དེའི་ཕྱིར་བཅོམ་ལྡན་འདས་འདི་ལྟར་དེ་འགོག་པའི་ཆོས་གང་ལགས་པའི་ཆོས་དེ་གང་ཡང་མི་མཐོང་སྟེ་ཞེས་གསུངས་སོ། །འདིས་བསྟན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི་དྲི་མ་
མེད་པའི་ཡེ་ཤེས་ཀྱིས་རབ་ཏུ་ཕྱེ་བའི་བདག་ཉིད་ཡིན་ལ། དེ་ནི་རང་རིག་པ་ཙམ་གྱི་ངོ་བོར་འདུག་ལ་འདོད་པ་ལ་སོགས་པའི་ཁམས་གསུམ་ཡང་རེ་ཞིག་ཡོད་པ་མ་ཡིན་པའི་ཕྱིར་རང་རིག་པར་ཡོད་པ་མ་ཡིན་ན་དེ་ན་ཡོད་པའི་འདོད་ཆགས་ལ་སོགས་པ་ལྟ་དམིགས་པར་ག་ལ་འགྱུར།
གང་གིས་ན་དེ་དང་བྲལ་བའི་མཚན་ཉིད་འདོད་ཆགས་དང་བྲལ་བ་ལ་སོགས་པའི་ཁམས་དམིགས་པར་འགྱུར། གཞན་ཡང་སོ་སོར་བརྟགས་པས་འགོག་པའི་བདག་ཉིད་དམ། སྐྱེ་བ་མེད་པའི་བདག་ཉིད་རྟག་པ་ཞིག་འདོད་ཆགས་དང་བྲལ་བ་ལ་སོགས་པའི་དབྱིངས་ཡིན་ན་ཡང་མངོན་
སུམ་དུ་བྱར་མི་རུང་སྟེ། དངོས་པོ་རྟག་པ་ནི་ཁྱད་པར་གཞན་དུ་བྱར་མེད་པ་ཉིད་ཀྱིས་རིམ་དང་རིམ་མ་ཡིན་པའི་སྒོ་ནས་རང་གི་ཡུལ་ལ་ཤེས་པ་སྐྱེ་བ་ལ་མཁོ་བ་མ་ཡིན་པས་ཡུལ་དུ་མི་འདོད་པའི་ཕྱིར་རོ། །ཁྱད་པར་གཞག་ཏུ་ཡོད་ན་ཡང་དངོས་པོ་མི་རྟག་པར་ཐལ་བར་འགྱུར་རོ། །དེ་བས་

ན་འདོད་ཆགས་ལ་སོགས་པ་དང་མི་མཐུན་པའི་སྒོམ་པ་དེ་ཉིད་སྐྱེས་པ་ན་འདོད་ཆགས་དང་བྲལ་བ་ལ་སོགས་པའི་དབྱིངས་ཉིད་དུ་རྣམ་པར་གཞག་གོ། །དེ་ལྟར་ན་རང་ལས་ལོགས་ཤིག་ན་འདོད་ཆགས་དང་བྲལ་བ་ལ་སོགས་པའི་དབྱིངས་འདི་ལ་དམིགས་པར་
བྱེད་པ་མ་ཡིན་པ་ནི་ཐམས་ཅད་མ་འཁྲུགས་པ་ཡིན་ནོ། །གཞན་དག་སེམས་པ་འདོད་ཆགས་དང་བྲལ་བ་ལ་སོགས་པའི་དབྱིངས་ཡོད་པ་མ་ཡིན་ནོ། ཇི་ལྟར་བསྒོམ་པ་འདི་འགའ་ཞིག་ལ་ཕན་པར་བྱེད་པའམ། གཞན་དག་ལ་གནོད་པར་བྱེད་པ་ཡིན་ཞེ་ན། དེའི་ཕྱིར་བཅོམ་
ལྡན་འདས་གཞན་ཡང་གང་ཆོས་གང་ལ་ཡང་ཕན་པའམ་གནོད་པར་མི་བགྱིད་པ་དེ་ཞེས་གསུངས་སོ། །སངས་རྒྱས་རྣམས་ལ་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་རྣམས་འབུལ་བར་བགྱིད་པ་དེ་དག་ཕན་པར་བགྱིད་པ་དང་། སོ་སོའི་སྐྱེ་བོ་རྣམས་ཀྱི་སྲིད་པ་དང་ལོངས་སྤྱོད་ལ་ཀུན་དུ་
ཆགས་པ་ལ་སོགས་པ་རྒྱུན་གཅོད་པར་བྱེད་པ་དེ་གནོད་པར་བྱེད་པ་མ་ཡིན་ནམ་ཞེ་ན། དེའི་ཕྱིར་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི་སངས་རྒྱས་ཀྱི་ཆོས་རྣམས་སྦྱིན་པར་བགྱིད་པ་ཡང་མ་ལགས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གལ་ཏེ་འདི་བྱེད་པ་
ཅི་ཡང་མེད་ན་ཇི་ལྟར་དེ་བསྒོམ་པ་ཞེས་བྱ་ཞེ་ན། དེའི་ཕྱིར་བཅོམ་ལྡན་འདས་གང་སོ་སོའི་སྐྱེ་བོའི་ཆོས་ཀུན་ཏུ་ཆགས་པ་ལ་སོགས་པ་རྣམས་ཀྱང་མི་འགོག་མི་སེམས་ཏེ། འཇིག་པ་ལ་རྒྱུ་མེད་པའི་ཕྱིར་དང་། སོ་སོར་བརྟགས་པའི་འགོག་པ་ལ་སོགས་པ་ཡང་རིགས་པ་དང་
བྲལ་བའི་ཕྱིར་ནམ་མཁའི་ཨུཏྤ་ལ་ལ་སོགས་པ་བཞིན་དུ་ཡང་དག་པར་ཡོད་པ་མ་ཡིན་ནོ། །སངས་རྒྱས་ཀྱི་ཆོས་རྣམས་ཀྱང་མི་འཐོབ་པ་ཞེས་བྱ་བ་ནི་འཐོབ་པར་བྱེད་པ་གང་ཡིན་པ་དེ་མེད་པའི་ཕྱིར་རོ། །དེ་ལྟ་ཡིན་ན་ནི། དམིགས་སུ་ག་ལ་ཡོད། །འདིར་བྱང་གྲོལ་དང་ངེས་པར་
ལེགས་པ་འཐོབ་པར་བརྩོན་པ་ཁ་ཅིག་ལ་ཐེ་ཚོམ་འདི་སྐྱེས་ཏེ། ཅི་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ཐེམ་སྐས་འདིའི་རྒྱུ་ན་ཡོན་ཏན་བླ་ན་མེད་པ་མཐའ་དག་སྣང་བར་བྱེད་པ་དང་། ཉེས་པའི་ཚོགས་མ་ལུས་པ་ཐམས་ཅད་རྒྱུན་གཅོད་པར་བྱེད་བཞིན་དུ་དུས་ཐམས་ཅད་དུ་

གནས་སམ། ཅི་དེ་མ་ཐག་ཏུ་མེད་པར་འགྱུར་ཞེ་ན། དེ་བས་ན་དེ་ཡོངས་སུ་མགུ་བར་བྱ་བའི་ཆེད་དུ། འཇམ་དཔལ་ཁྱོད་ཀྱིས་ཆོས་ཟབ་མོ་འདི་ལྟ་བུ་འདི་བསྟན་པ་ལེགས་སོ་ལེགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཟབ་མོ་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པའི་སྤྱོད་
ཡུལ་མ་ཡིན་པའི་ཕྱིར་རོ། །ཁྱོད་ཀྱིས་ཕྱག་རྟགས་བཞག་པ་ནི་འཁོར་བའི་མཐའ་སྲིད་དུ་བཞག་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་ཞེས་བྱ་བ་ནི་དམིགས་པ་མེད་པ་ལ་སྤྱོད་པ་རྣམས་སོ། །ཉན་ཐོས་ཀྱི་ཐེག་པ་མངོན་པའི་ང་རྒྱལ་ཅན་རྣམས་དང་
ཞེས་བྱ་བ་ནི་བྱ་བ་བྱས་པ་མ་ཡིན་པར་བདག་ནི་བྱ་བ་བྱས་སོ་སྙམ་པའི་བསམ་པ་ཅན་རྣམས་ཏེ། མངོན་པའི་ང་རྒྱལ་གྱིས་སྤྱོད་ཅིང་ཐ་སྙད་སྤྱོད་པ་ནི་མངོན་པའི་ང་རྒྱལ་ཅན་ནོ། །དེ་དག་གིས་ནི་ཐེག་པ་གཅིག་ཏུ་བྱས་པའམ་གསལ་བར་བསྟན་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཐེག་པ་ཆེན་
པོ་གཅིག་ཏུ་མཆོག་ཏུ་གྱུར་པའི་ཆོས་ཀྱི་རྣམ་གྲངས་འདི་དག་གིས་ཡོངས་སུ་རྟོགས་པར་བྱ་བའི་ཆེད་དུ་ཡིན་པར་མི་འགྱུར་རོ། །ཉན་ཐོས་ཀྱི་ཐེག་པ་པ་སྨོས་པས་ནི་རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱང་མཚོན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་ཐེག་པ་པ་དམིགས་པ་ཅན་རྣམས་
ཞེས་བྱ་བ་ནི་སངས་རྒྱས་ཉིད་དུ་སྨོན་ལམ་བཏབ་ལ་ཐེག་པ་ཆེན་པོའི་དེ་ཁོ་ན་ཉིད་མ་མཐོང་བ་རྣམས་ལ་བྱའོ། །ཐམས་ཅད་ལ་ཕན་པར་བྱེད་པ་ཉིད་དུ་བསྟན་པ་དེ་དག་གིས་ནི་ཆོས་ཀྱི་རྣམ་གྲངས་ཉི་ཚེ་བ་ལ་ཕན་པར་བྱེད་པ་ཉིད་མ་ཡིན་པར་འགྱུར་རོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་ནི་ཆོས་
ཐམས་ཅད་དངོས་པོ་མེད་པར་ཁོང་དུ་ཆད་པའོ། །མངོན་པའི་ང་རྒྱལ་ཅན་དང་། དམིགས་པ་ཅན་དག་ལ་ཡང་འདི་ཇི་ལྟར་ཕན་པར་བྱེད་པ་ཡིན་ཞེ་ན། གང་དག་སངས་རྒྱས་གཅིག་ལ་བསྙེན་བཀུར་བྱས་པ་མ་ཡིན་པ་དང་། སངས་རྒྱས་གཅིག་ལ་དགེ་བའི་རྩ་བ་བསྐྱེད་པ་མ་ཡིན་པ་
གང་ཡིན་པ་དེ་དག་ལ་དེ་སྐད་ཅེས་བསྟན་ཏོ། །གལ་ཏེ་གསུངས་པ་ལ་སོགས་པ་ཡང་དག་པའི་ངོ་བོར་ཡོད་པ་མ་ཡིན་ན་དེས་བདག་བསད་དོ་ཞེས་དེ་ལྟར་སྐྲག་པར་བརྗོད་དོ། །དེ་ནི་ཆུང་ངུ་ལ་སོགས་པའི་དབྱེ་བས་གོ་རིམས་བཞིན་དུ་སྐྲག་པ་དང་། དངང་བ་དང་། དངང་བར་འགྱུར་བའི་

སྒྲས་བཤད་དེ། དེས་ན་དོན་ནི་འདི་ཡིན་ཏེ། ཆུང་ངུ་དང་། འབྲིང་དང་། ཆེན་པོའི་འཇིགས་པ་སྐྱེ་བར་མི་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་ཡང་དག་པ་ཉིད་ཤིན་ཏུ་བསྟན་དུ་ཟིན་ཀྱང་འདིར་ཁ་ཅིག་རྣམ་པར་རྟོག་པ་འཕགས་པ་འདི་ནི་ཐམས་ཅད་དུ་
གང་ཟག་དང་ཆོས་ལ་བདག་མེད་པའི་ཆེད་དུ་བསྒོམ་པ་སྟོན་པ་ཡིན་ན་དེ་ཁོང་དུ་ཆུད་པར་བྱེད་པའི་རིགས་པ་ནི་འགའ་ཡང་མེད་དོ་ཞེ་ན། དེའི་ཕྱིར་འདི་སྐད་དུ། བཅོམ་ལྡན་འདས་བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱ་ཆེར་སྟོན་པར་སྤོབས་པ་ལགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་
ཏེ། སྤོབས་པ་ནི་མངོན་དུ་གྱུར་པ་དང་། འདོད་པ་ཞེས་བྱ་བའི་བར་དུའོ། །རྒྱ་ཆེར་ཞེས་བྱ་བ་ནི་དེ་སྟོན་པར་བྱེད་པའི་ཚུལ་ཕུལ་དུ་བྱུང་བའི་རྣམ་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཀྱང་སེམས་ཅན་གྱི་དོན་ཆེན་པོ་གཟིགས་ནས། འཇམ་དཔལ་སྤོབས་པར་གྱིས་
ཤིག་ཅེས་གནང་བ་མཛད་དོ། །དེ་ལ་རེ་ཞིག་རགས་པ་ཡིན་པའི་ཕྱིར་གང་ཟག་ལ་བདག་མེད་པ་བསྒྲུབ་པའི་ཆེད་དུ། བཅོམ་ལྡན་འདས་གང་ཆོས་གང་གི་གནས་པ་མི་དམིགས་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་གི་ཞེས་བྱ་བ་ནི་བདག་དང་སྲོག་ལ་སོགས་པར་འདུ་ཤེས་
པའོ། །གནས་པ་ཞེས་བྱ་བ་ནི་འདུག་པ་སྟེ། རྟག་པ་ཞེས་བྱ་བའི་ཐ་ཚིག་གོ། །མི་གནས་པ་ནི་ཡོངས་སུ་འགྱུར་བའི་མཚན་ཉིད་གཞན་དུ་གྱུར་པ་ཉིད་དོ། །དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བའི་དགོངས་པ་ཅི་ཞེ་ན། ཅི་མཐོང་བར་བྱེད་པའི་མཐུ་མེད་པའི་ཕྱིར་མི་དམིགས་སམ། འོན་ཏེ་
གནས་པ་དང་མི་གནས་པའི་དངོས་པོ་མེད་པའི་ཕྱིར་ཡིན། གལ་ཏེ་ཕྱོགས་དང་པོ་ལྟར་ཡིན་ན་ནི་དེ་ལྟ་ན་གང་ཟག་ལ་བདག་མེད་པ་མི་འགྲུབ་སྟེ། མི་དམིགས་པ་དེ་ལྟ་བུ་ནི་དངོས་པོ་མེད་པ་སྒྲུབ་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །དངོས་པོ་མང་པོ་ལ་དམིགས་པར་ནུས་པའི་མཐུ་དང་བྲལ་
བའི་ཕྱིར་མི་དམིགས་པ་ཡོད་དེ། དཔེར་ན་སོ་སོའི་སྐྱེ་བོ་རྣམས་ཀྱིས་སངས་རྒྱས་དང་ཆོས་ལ་སོགས་པ་ལྟ་བུའོ། །དེ་ཙམ་གྱིས་ནི་མེད་པ་ཡང་མ་ཡིན་ནོ། །ཕྱོགས་གཉིས་པ་ལྟར་ན་ཡང་ཚིག་ཙམ་སྙིང་པོ་ཡིན་ཏེ། རིགས་པ་དང་བྲལ་བའི་ཕྱིར་རོ། །དེ་བས་ན་རིགས་པ་བརྗོད་

དགོས་སོ་ཞེ་ན། ཆོས་ཐམས་ཅད་མི་གནས་པའི་སླད་དུ་གནས་པ་དང་མི་གནས་པ་མི་དམིགས་པའོ་ཞེས་བྱ་བར་སྦྱར་རོ། །མི་གནས་པ་ཉིད་ནི་སྐད་ཅིག་མ་ཉིད་ཡིན་ཏེ། འདི་ནི་ཁྱབ་པར་བྱེད་པའི་ཆོས་ཅན་བསྟན་ཏོ། །ཆོས་ནི་རང་གི་མཚན་ཉིད་འཛིན་པ་ལ་བྱའོ། །རང་གི་མཚན་ཉིད་
ཀྱང་བྱ་བ་བྱེད་ནུས་པའི་ངོ་བོ་ཡིན་ནོ། །ཐམས་ཅད་ཅེས་སྨོས་པ་ནི་ཐམས་ཅད་མ་ལུས་པར་ཁྱབ་པར་བསྟན་པའི་ཕྱིར་གསུངས་སོ། །ཕྱོགས་ཀྱི་ཆོས་དང་དཔེ་གཉིས་ནི་མ་གསུངས་ཏེ། ཕྱོགས་ཀྱི་ཆོས་དང་དཔེ་གཉིས་མ་གསུངས་པ་ནི་གདུལ་བྱའི་བྱེ་བྲག་ལ་ལྟོས་པའི་ཕྱིར་རོ། །དེ་ལྟར་
སྦྱོར་བ་ནི་གསལ་བ་ཡིན་ཏེ། གང་དོན་བྱེད་ནུས་པའི་ངོ་བོ་འཛིན་པ་དེ་ནི་སྐད་ཅིག་གཅིག་གནས་པའི་ཆོས་ཁོ་ན་ཡིན་ཏེ། དཔེར་ན་མར་མེ་ལ་སོགས་པ་བཞིན་ནོ། །དོན་བྱེད་ནུས་པའི་ངོ་བོ་འཛིན་པའི་དོན་ཀྱང་ཕ་རོལ་པོ་དག་འདོད་པ་ཡིན་པས་ངོ་བོ་ཉིད་ཀྱི་གཏན་ཚིགས་སོ། །ཕྱོགས་དང་མི་
མཐུན་པ་ནི་ནམ་མཁའི་ཨུཏྤ་ལ་ལ་སོགས་པ་ཡིན་ཏེ། སྐད་ཅིག་མ་ཉིད་མེད་ན་ནི་དོན་བྱེད་ནུས་པའི་ངོ་བོ་ཡང་མེད་པའི་ཕྱིར་རོ། །དེ་ལྟར་ན་སྐད་ཅིག་མ་ཉིད་གྲུབ་པས་གང་ཟག་ལ་བདག་མེད་པ་གྲུབ་པ་ཡིན་ནོ། །གྲུབ་པར་བྱེད་པ་ནི་སྲོག་དང་བཅས་པའི་ལུས་ལ་སོགས་པ་ནི་བདག་ཀྱང་
མ་ཡིན། བདག་གི་བ་ཡང་མ་ཡིན་ཏེ། རིམ་གྱིས་འཇུག་པའི་ཕྱིར་མར་མེ་ལ་སོགས་པ་བཞིན་ནོ། །རྟག་པ་དང་འབྲེལ་པ་ཡིན་ན་རིམ་གྱིས་འཇུག་པ་མི་འཐད་པ་ནི་གནོད་པར་བྱེད་པའི་ཚད་མ་ཡིན་ནོ། །དེ་ལྟར་ན་གང་ཟག་ལ་བདག་མེད་པ་བསྟན་ནས། ཆོས་ལ་བདག་མེད་པ་བསྟན་
པའི་ཕྱིར། བཅོམ་ལྡན་འདས་གང་ཆོས་གང་ལ་ཡང་ལྷག་པར་དམིགས་པའི་སླད་དུ་ཉེ་བར་མི་གནས་པ་དེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམིགས་པའི་སླད་དུ་ཞེས་བྱ་བ་ནི་འཛིན་པའི་སླད་དུའོ། །དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་ནི་ཁ་ཅིག་འདི་སྙམ་དུ་སེམས་ཏེ། ཅི་འཛིན་པར་
ནུས་པ་དང་བྲལ་བའི་ཕྱིར་རམ། འོན་ཏེ་གཟུང་བའི་མཚན་ཉིད་དང་བྲལ་བའི་ཕྱིར་ཡིན། རྣམ་པར་རྟོག་པ་དང་པོ་ལྟར་ན་ནི་ཇི་ལྟར་ཆོས་བདག་མེད་པ་ཡིན། ཕྱོགས་གཉིས་པ་ལྟར་ན་ནི་རིགས་པ་ཅི་ཡོད་ཅེ་ན། དེའི་ཕྱིར་རིགས་པ་ནི། བཅོམ་ལྡན་འདས་འདི་ལྟར་ཆོས་

ཐམས་ཅད་ནི་དམིགས་པ་མ་མཆིས་པའི་སླད་དུ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་མཚན་ཉིད་འཛིན་པ་ནི་ཡུལ་དང་བཅས་པའི་ཤེས་པ་ཡིན་པར་འདོད་པ་ཡིན་ལ། རང་གི་མཚན་ཉིད་འཛིན་པ་གང་ཡིན་པ་དེ་དག་ནི་དམིགས་པ་མེད་པ་ཡིན་ཏེ།
དཔེར་ན་རྨི་ལམ་དང་རབ་རིབ་ཅན་ལ་སོགས་པའི་ཤེས་པ་བཞིན་ནོ། །འདི་ལྟར་ཤེས་པ་ནི་རང་གི་རྒྱུ་ལས་གསལ་བའི་ངོ་བོར་སྐྱེ་བ་ཡིན་ལ། དེ་རྟོགས་པའི་ངོ་བོ་ཡིན་པ་ཉིད་ཀྱིས་ན་རང་གི་ངོ་བོ་མྱོང་བ་ཡིན་ནོ་ཞེས་འདོད་པ་ནི་ཐ་སྙད་ཙམ་དུ་འདོད་ལ་རག་གོ། །དེ་རང་རིག་པ་ཡང་མ་ཡིན་
ཏེ། གཅིག་གི་ངོ་བོ་དེ་ལ་རིག་པར་བྱ་བ་དང་། རིག་པ་པོ་དང་། རིག་པའི་མཚན་ཉིད་ཐ་དད་པ་གསུམ་མི་འཐད་པའི་ཕྱིར་རོ། །གཞན་དག་ནི་བདག་གི་ནང་དུ་མ་གཏོགས་པའི་ཕྱིར་ཇི་ལྟར་རིག་པར་འགྱུར། བདག་གི་ངོ་བོ་དེ་ནི་གཞན་གྱི་ངོ་བོ་མ་ཡིན་པའི་ཕྱིར་གང་གིས་དེ་རིག་པ་ན་
གཞན་ཡང་རིག་པར་འགྱུར། རྟོགས་པའི་ངོ་བོ་ཉིད་དེ་ནི་དེའི་རྒྱུ་ལས་སྐྱེས་པ་དང་། དེའི་ཕྱིར་ཡུལ་འཛིན་ཏོ་ཞེས་བརྗོད་ན་ཡང་རྟོགས་པ་དང་། ཁོང་དུ་ཆུད་པ་དང་འཛིན་པ་ལ་སོགས་པ་ནི་རྣམ་པར་ཤེས་པའི་རང་གི་ངོ་བོ་མ་ཡིན་ནམ། རྣམ་པར་ཤེས་པར་བྱ་བ་ནི་རྟོགས་པ་དེའི་བདག་
ཉིད་ཀྱང་མ་ཡིན་ན། ཇི་ལྟར་དེའི་ངོ་བོ་དང་བྲལ་བ་ལྕགས་ཀྱི་ཐུར་མ་ལྟ་བུ་དེ་རྣམ་པར་ཤེས་པ་དེའི་ངོ་བོར་འགྱུར། རེ་ཞིག་འཕྲོས་པ་བཞག་སྟེ་སྐབས་ཉིད་བརྩམ་པར་བྱའོ། །བཅོམ་ལྡན་འདས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་བདག་ཉིད་དུ་གྱུར་པ་མ་ཡིན་ནམ། གལ་
ཏེ་གཟུང་བའི་མཚན་ཉིད་དུ་གྱུར་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ན། ཇི་ལྟར་རྫོགས་པའི་སངས་རྒྱས་དང་རང་རྒྱལ་བ་ལ་སོགས་པའི་ཆོས་སྣང་བར་འགྱུར། འོན་ཏེ་དེ་དག་ལ་མི་སྣང་ན་དེ་ལྟ་ན་ནི་དེ་ཉན་ཐོས་ལ་སོགས་པ་དང་བྱེ་བྲག་ཅི་ཡོད། གང་གིས་ན་ཐམས་ཅད་མཁྱེན་པར་
གཞག་པར་བྱ། དེ་བས་ན་ཇི་ལྟར་དེའི་ཤེས་པ་གཟུང་བ་དང་འཛིན་པ་ཅན་ཡིན་པ་དེ་བཞིན་དུ་ཉན་ཐོས་ལ་སོགས་པའི་ཡང་ཡིན་ཏེ། རྒྱང་རིང་པོ་ནས་ཕྲ་བ་ལ་སོགས་པ་རྟོགས་པ་དེའི་བྱེ་བྲག་ལྟ་བུ་ཡིན་ནོ་ཞེས་ཁ་ཅིག་དེ་སྙམ་དུ་སེམས་ན། དེའི་ཕྱིར་འདི་སྐད་དུ། བཅོམ་ལྡན་འདས་

གཞན་ཡང་གང་ལ་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་རང་རིག་པ་མ་གཏོགས་པར་རིག་པར་བྱ་བ་ཉིད་དུ་མངོན་དུ་མི་འགྱུར་ན་ཞེས་དགོངས་པའོ། །བསམ་པ་ནི་འདི་ཡིན་ཏེ། གནས་མེད་སྣང་བ་ཡོད་མ་ཡིན། །མཚན་མ་མེད་ཅིང་ཡི་གེ་མེད། །རྣམ་རྟོག་ཐམས་ཅད་རྣམ་པར་བྲལ། །
འཁོར་བ་ཇི་སྲིད་བར་དུ་བཞུགས། །འཇིག་རྟེན་ཕུན་སུམ་ཚོགས་པ་ཀུན། །ཡོན་ཏན་རྫོགས་མཛད་མཐུ་དང་ལྡན། །དེ་བཞིན་གཤེགས་པའི་ཡེ་ཤེས་ནི། །ཀུན་བློ་ཚིག་གི་གནས་མ་ཡིན། །དཔག་བསམ་དག་གི་ཤིང་བཞིན་དུ། །རྣམ་རྟོག་རླུང་གིས་ཐུབ་མི་བསྐྱོད། །འཇིག་
རྟེན་ཕུན་སུམ་དོན་རྣམས་མཛད། །དེ་ཕྱིར་མཐོང་མེད་ཅེས་ཀྱང་གསུངས། །ལྷུན་གྱིས་གྲུབ་པར་མ་ལུས་པའི། །བྱ་བ་ཐམས་ཅད་བསྒྲུབ་པའི་ཕྱིར། །ཀུན་དུ་རྒྱལ་བ་ཐམས་ཅད་རིག །ཅེས་བྱ་བའོ། །བཅོམ་ལྡན་འདས་གཞན་ཡང་བསྒོམ་པ་གང་ལ་བརྟེན་ནས་སངས་རྒྱས་
ཀྱི་ཆོས་རྣམས་བསམ་གྱིས་མི་ཁྱབ་པ་ལ་ཡང་ཞེས་བྱ་བ་ལ་སོགས་པ་ལ་བསམ་གྱིས་མི་ཁྱབ་པ་ནི་དེ་བཞིན་ཉིད་ལ་བྱ་སྟེ། དེ་ལ་ཡང་རྣམ་པར་རྟོག་པ་སེལ་བར་བྱེད་པ་ཡིན་ནོ། །སངས་རྒྱས་ཀྱི་ཆོས་རྣམས་བསམ་གྱིས་མི་ཁྱབ་པའོ་ཞེས་རྣམ་པར་རྟོག་པ་མི་འབྱུང་བ་ཞེས་བྱ་བ་ནི་
དོན་ཇི་ལྟ་བ་བཞིན་དུ་ཞེས་དགོངས་པའོ། །རྣམ་པར་རྟོག་པ་མི་འབྱུང་བ་ནི་ཐོབ་པ་སྟེ། དོན་ཇི་ལྟ་བ་བཞིན་དུ་བྱ་བའི་ཕྱིར་མངོན་པར་ཞེན་པ་སྤངས་པ་ཞེས་བྱ་བའི་ཐ་ཚིག་གོ། །འདིའི་དོན་ནི་འདི་ཡིན་ཏེ། རེ་ཞིག་རྣམ་པར་རྟོག་པ་འདི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་
མི་མངའ་སྟེ། མ་རིག་པའི་ས་བོན་ཐམས་ཅད་སྤངས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་གང་དག་ལ་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་མཐའ་དག་མ་བསལ་བ་ཡོད་པ་དེ་ག་ལ་འདི་འབྱུང་བར་འགྱུར་རོ། །རྣམ་པར་རྟོག་པ་ནི་རང་བཞིན་གྱི་འཁྲུལ་པ་ཉིད་ཀྱིས་
ཡུལ་མེད་པའི་ཕྱིར་དེ་དག་ལ་ཡང་འདིའི་དོན་ཇི་ལྟ་བ་བཞིན་ནི་མ་ཡིན་ནོ། །དེ་དག་ལ་དངོས་པོ་ཡང་དག་པར་འཛིན་པ་ཉིད་དུ་མངོན་པར་ཞེན་པ་འདི་མེད་དེ། སྒྱུ་མ་མཁན་དང་ཆོས་མཐུན་པར་གནས་པའི་ཕྱིར་རོ། །དེ་དག་གི་འདིའི་འཁྲུལ་པ་ཡིན་དུ་ཟིན་ཀྱང་དོན་དང་འབྲེལ་པའི་ཕྱིར་མི་

རྟག་པ་ལ་སོགས་པའི་རྗེས་སུ་དཔག་པའི་རྣམ་པར་རྟོག་པ་བཞིན་དུ། དངོས་པོའི་དེ་ཁོ་ན་ཉིད་ཐོབ་པར་བྱེད་པར་འདོད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
རྣམས་ཀྱི་ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་པར་བལྟ་བར་བགྱིའོ་ཞེས་གསུངས་ཏེ། ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་པ་ནི་ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་པ་སྟེ། རྣམ་པར་རྟོག་པ་ཐམས་ཅད་ཀྱི་ས་བོན་དང་བྲལ་བ་བཅོམ་ལྡན་འདས་ཀྱི་ཏིང་ངེ་འཛིན་དམིགས་པ་མི་མངའ་བ་ཐུན་
མོང་མ་ཡིན་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། དེའི་ཆེད་དུ་བསྒྲུབ་པོ་ཞེས་བལྟ་བར་བྱའོ། །དེ་ལྟ་བུའི་ཏིང་ངེ་འཛིན་རྣམ་པར་རྟོག་པ་དང་མ་འབྲེལ་བ་འདི་ཇི་ལྟར་ཐོབ་པར་འགྱུར་ཞེ་ན། དེའི་ཕྱིར་བཅོམ་ལྡན་འདས་གཞན་ཡང་བསྒོམ་པ་གང་ལ་བརྟེན་ནས་མཐོང་བ་མ་མཆིས་པར་ཞེས་
བྱ་བ་ལ་སོགས་པ་གསུངས་སོ། །ཆོས་ཐམས་ཅད་སངས་རྒྱས་ཀྱི་ཆོས་སུ་མཐོང་བ་འདིའི་དོན་ཇི་ལྟ་བུ་ཞེ་ན། དེའི་ཕྱིར། ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་ཆོས་སུ་མཐོང་བ་ཞེས་གསུངས་ཏེ། སངས་རྒྱས་ཀྱི་ཆོས་ནི་དེ་དག་ཉིད་ཀྱིས་དེ་བཞིན་དུ་ཐུགས་སུ་ཆུད་པའི་ཕྱིར་དང་།
བསྟན་པའི་ཕྱིར་རོ། །ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་ནི་བསམ་པར་མི་ནུས་པའི་ཕྱིར་ཏེ། དེ་བཞིན་ཉིད་ཀྱི་ངོ་བོར་ཞེས་བྱ་བའི་བར་དུ་ཡིན་ནོ། །འོ་ན་གལ་ཏེ་དེ་ལྟར་མཐོང་བ་ཡིན་ན་རིག་པར་བྱ་བའི་མཚན་ཉིད་དུ་གྲུབ་མོད་དེ་ལྟ་མ་ཡིན་ན་ཕྱིན་ཅི་ལོག་ལ་མངོན་པར་དགའ་བ་དག་ཇི་ལྟར་
དེ་ཁོ་ན་ཉིད་མངོན་སུམ་དུ་བྱེད་ཅེ་ན། དེའི་ཕྱིར། མཐོང་བ་མ་མཆིས་པར་ཞེས་གསུངས་ཏེ། མངོན་པར་ཞེན་པ་མེད་པའི་ཚུལ་དུ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་འཁོར་བ་དང་འདྲིས་པ་མ་ཡིན་པ་བསམ་གྱིས་མི་ཁྱབ་པ་དེ་ཉིད་ལ་ཇི་ལྟར་མོས་པར་འགྱུར་ཞེ་ན། དེའི་ཕྱིར། རིགས་
ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ཐོས་ནས་མི་སྐྲག་མི་དངང་། དངང་བར་མི་འགྱུར་བ་དེ་དག་སངས་རྒྱས་བརྒྱ་སྟོང་མང་པོ་ལ་བསྙེན་བཀུར་བགྱི་བར་འགྱུར་རོ་ཞེས་གསུངས་པས་འདི་སྐད་བསྟན་ཏེ། འགའ་ཞིག་གི་བསོད་ནམས་ཀྱིས་ལས་དང་

པོ་པའི་ས་ལ་གནས་པ་རྣམས་ཀྱི་ལྷག་པར་མོས་པ་བཅོས་མ་མ་ཡིན་པ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རྒྱུ་མཐུན་པ་ཐོས་པའི་བག་ཆགས་ལས་བྱུང་བ་གང་ཡིན་པ་དེ་ཉིད་བསྒོམས་ན་ཏིང་ངེ་འཛིན་དེ་མངོན་དུ་འགྱུར་བ་ཡིན་ནོ། །ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་པའི་ཕྱིར་
བསྒོམ་པ་ཡིན་ན། ཀུན་ནས་ཉོན་མོངས་པར་འགྱུར་བ་འཕགས་པ་མ་ཡིན་པ་དང་། དེ་ལས་གཞན་པ་རྣམ་པར་བྱང་བ་ཡིན་པར་བསྒོམ་པ་ལ་མངོན་པར་དགའ་བ་རྣམས་ཀྱིས་ཇི་ལྟར་མཐོང་། སོ་སོའི་སྐྱེ་བོ་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ལ་
ལ་སོགས་པ་དང་། ཉན་ཐོས་འཕགས་པའི་གང་ཟག་བརྒྱད་དང་། ཚོགས་སྤྱོད་པ་དང་། བསེ་རུ་ལྟ་བུའི་རང་སངས་རྒྱས་རྣམས་དང་། བཅོམ་ལྡན་འདས་གསེར་ཐུབ་དང་། འོད་སྲུངས་ལ་སོགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་སོ་སོའི་སྐྱེ་བོ་ལ་སོགས་པར་ཡུལ་
དབྱེ་བ་ཇི་ལྟར་བྱ་ཞེས་གཞན་དག་སེམས་ཤིང་དོགས་པ་ལ་དེའི་ཕྱིར་དངོས་སུ་སྔར་བསྟན་ཟིན་ཀྱང་ཡང་དེ་ལ་ཕན་གདགས་ཤིང་གསལ་བར་བྱ་བའི་ཕྱིར་ལན་དུ། བཅོམ་ལྡན་འདས་གཞན་ཡང་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བའི་ཆོས་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་
ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི་རྟོགས་པར་སླའོ། །སངས་རྒྱས་མཐའ་ཡས་པ་ལ་བསྙེན་བཀུར་མ་བྱས་པར་ནི་འཁོར་བ་ན་གནས་པའི་སེམས་ཅན་བཞིན་དུ་སྤོབས་པ་དེ་ལྟ་བུ་འབྱུང་བར་མི་འགྱུར་རོ། །དེ་བས་ན་སངས་རྒྱས་མཐའ་ཡས་པ་ལ་བསྙེན་བཀུར་བྱས་པའི་འཕགས་པ་འཇམ་
དཔལ་བློ་རྒྱ་ཆེ་བ་དང་ལྡན་པ་འདི་ནི་དེ་ལྟ་བུར་རྟོགས་པར་དཀའ་ཞིང་ཡིད་དུ་འོང་བའི་ཆོས་སྟོན་པར་མཛད་པ་ཡིན་ནོ། །བསྙེན་བཀུར་བྱེད་པ་ཡང་གཡོག་འཁོར་འབུམ་པ་དང་། དེས་བསྟན་པ་ཉན་ཞིང་མཆོད་པ་ལ་སོགས་པ་བྱེད་པ་ཡིན་ལ། དེ་ཡང་དམིགས་པ་མི་འཁྲུགས་པ་ཅན་ཡིན་
ནོ། །དེ་བས་ན་འཕགས་པ་གང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་རང་བཞིན་ཡང་རྡུལ་ཕྲ་རབ་ཀྱིས་བསྐྱེད་པའི་དམིགས་པ་ལ་སྤྱོད་པ་ཡིན་ན་དེ་ལ་གཞན་དག་ལྟ་སྨོས་ཀྱང་ཅི་དགོས་སྙམ་དུ་དོགས་པ་བསལ་བའི་ཕྱིར། འཇམ་དཔལ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཇི་སྙེད་ཅིག་ལ་

བསྙེན་བཀུར་བྱས་ཞེས་རྒྱས་པར་གསུངས་སོ། །བཅོམ་ལྡན་འདས་ལ་ཀུན་རྫོབ་ཏུ་བསྙེན་བཀུར་བྱས་པ་ཡིན་གྱི་དོན་དམ་པར་ནི་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར། བཅོམ་ལྡན་འདས་སྒྱུ་མའི་སྐྱེས་བུའི་སེམས་དང་སེམས་ལས་བྱུང་བ་ཇི་སྙེད་འགགས་པ་དེ་སྙེད་ལ་ཞེས་
གསུངས་ཏེ། སྒྱུ་མས་སྤྲུལ་པའི་སྐྱེས་བུ་ནི་སྒྱུ་མའི་སྐྱེས་བུའོ། །དེ་ལ་ནི་སེམས་དང་སེམས་ལས་བྱུང་བ་ཡོད་པ་མ་ཡིན་ཏེ། སྔོན་མེད་པའི་སེམས་ཅན་འབྱུང་བར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་དག་གི་འགག་པ་ལྟ་ག་ལ་ཡོད་དེ། དེ་ནི་སྐྱེ་བ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །དེ་
བཞིན་དུ་གཟུགས་ཀྱི་སྐུ་སྟོན་པ་པོ་མཛད་པར་སྣང་བའི་དེ་བཞིན་གཤེགས་པ་བལྟ་བར་བྱ་བ་ཡོད་པ་མ་ཡིན་ན་དེ་དག་ལ་བསྙེན་བཀུར་བྱ་བ་ལྟ་ག་ལ་ཡོད་དེ། དེ་ནི་དམིགས་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །བསྙེན་བཀུར་བྱས་པ་ཡོད་པ་མ་ཡིན་ན་ཁྱོད་སངས་རྒྱས་ཀྱི་ཆོས་ལ་ཡང་དག་
པར་ཞུགས་པ་ལྟ་ག་ལ་ཡོད་དེ། མུ་སྟེགས་བཞིན་ནོ་ཞེས་དགོངས་ནས། འཇམ་དཔལ་ཁྱོད་སངས་རྒྱས་ཀྱི་ཆོས་ལ་ཡང་དག་པར་མ་ཞུགས་སམ་ཞེས་བྱ་བ་འདི་གསུངས་ཏེ། སངས་རྒྱས་ཀྱི་ཆོས་ཀྱི་རྒྱུ་མཚན་དང་དེ་སྐྱེད་པའི་དོན་དུ་ཡིད་བརྩོན་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །འདིར་ལན་དུ་
བཅོམ་ལྡན་འདས་གང་སངས་རྒྱས་ཀྱི་ཆོས་ལ་ཡང་དག་པར་ཞུགས་པའི་ཆོས་དེ་གང་ཡང་དམིགས་སུ་མཆིས་སམ་ཞེས་གསོལ་ཏེ། བདག་ལ་སོགས་པ་རྟག་པ་མེད་པའི་ཕྱིར་བདག་ལ་སོགས་པ་གང་ཡང་ཡོད་པ་མ་ཡིན་ནོ། །ཕུང་པོའི་ཚོགས་མི་རྟག་པ་ཡང་སྐྱེས་མ་ཐག་ཏུ་འཇིག་པ་འཇུག་པ་མི་
རིགས་པའི་ཕྱིར་རོ། །དེ་བས་ན་དེའི་ངོ་བོ་རྒྱུན་མི་ཆད་པར་སྐྱེ་བ་འདུས་བྱས་སྐད་ཅིག་མའི་རྒྱུན་ལ་བརྟེན་ཏེ་གཅིག་པ་ཉིད་དུ་བརྟགས་ནས་ཡང་དག་པར་ཞུགས་པར་བརྟགས་པ་ཡིན་ཏེ། ཡང་དག་པར་ཞུགས་པ་ནི་བརྟགས་པ་ཁོ་ན་ཡིན་ན་ཅི་འགའ་ཞིག་ཡོད་དམ་ཞེས་ཡང་དག་པ་མ་ཡིན་པར་ཚིག་ཟུར་གྱིས་
བསྟན་ཏོ། །གལ་ཏེ་ཡང་དག་པར་ཞུགས་པ་འགའ་ཡང་ཡོད་པ་མ་ཡིན་ན་སུ་ཞིག་གིས་བསྒོམས་པ་དེ་གྲུབ་ན་སངས་རྒྱས་ཀྱི་ཆོས་འགྲུབ་པར་འགྱུར། ཕན་ཚུན་རྟོག་པ་ལ་བརྟེན་པ་ནི་རྣམ་པར་དབྱེ་བ་མེད་པར་ཐ་དད་པའི་དངོས་པོར་མི་འཐད་དེ། ཆོས་རྣམས་ཀྱི་ཆོས་ཞེས་བྱ་བ་བཞིན་ནོ། །དེ་བས་

ན་གང་གིས་འབྲེལ་པའི་རྗེས་སུ་མྱོང་བའི་གང་ཟག་ལ་སོགས་པར་ཡང་དག་པར་ཞུགས་པ་དེ་དག་ན་ཡོད་པ་ཡིན་ནོ་ཞེས་འདྲི་བ་ནི་འཇམ་དཔལ་འོ་ན་སངས་རྒྱས་ཀྱི་ཆོས་དེ་དག་སུ་ཡོད་ཅེས་བྱ་བ་ཡིན་ནོ། །ལན་དུ། བཅོམ་ལྡན་འདས་ཉིད་ལ་ཡང་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དབང་ཕྱུག་དམ་
པ་སྐྱོན་མ་ལུས་པ་དང་བྲལ་བའི་ཡེ་ཤེས་ཐོགས་པ་མེད་པའི་བདག་ཉིད་དག་ལ་ཡང་དེ་དང་འབྲེལ་པ་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་མ་མཆིས་ཏེ། དེ་ཉིད་ཀྱི་ཕྱིར་མི་དམིགས་ཏེ། དེའི་ངོ་བོ་ལ་མ་གཏོགས་པ་མེད་པའི་ཕྱིར་རོ། །བདག་དང་སྲོག་ལ་སོགས་པ་གཞན་རྣམས་ལ་མཆིས་པར་འགྱུར་བ་
ལྟ་ཅི་སྨོས། འདི་ནི་སངས་རྒྱས་དེ་རྣམས་ཀྱི་ཆོས་སོ་ཞེས་སོ་