Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 95

Văn bản gốc(Tây Tạng)

Trang 3 / 21 (50.000 ký tự/trang)
ོན་འགྲུས་ཀྱང་གོ་ཆ་དང་། དགེ་བ་ལ་སྦྱོར་བ་དང་། སེམས་ཅན་གྱི་དོན་ལ་སྦྱོར་བའི་བྱེ་བྲག་གིས་རྣམ་པ་གསུམ་མོ། །བསམ་གཏན་ནི་ཞི་ཞིང་རབ་ཏུ་ཞི་སྟེ། རྣམ་པར་མི་རྟོག་ཅིང་
ཉོན་མོངས་པ་དང་སྡུག་བསྔལ་གྱི་གཉེན་པོར་གྱུར་པ་བདེ་བར་གནས་པའི་བསམ་གཏན་དང་། ཡོན་ཏན་མངོན་པར་སྒྲུབ་པའི་བསམ་གཏན་དང་། སེམས་ཅན་གྱི་དོན་མངོན་པར་སྒྲུབ་པའི་བསམ་གཏན་ནོ། །ཤེས་རབ་ནི་བདེན་པ་གཉིས་དང་། སེམས་ཅན་གྱི་དོན་ལ་

དམིགས་པའི་བྱེ་བྲག་གིས་རྣམ་པ་གསུམ་མོ། །དེ་སྐད་དུ། དྲུག་པོ་དེ་དག་བསླབ་པའི་དངོས། །རེ་རེ་ལ་ཡང་རྣམ་པ་གསུམ། །སྦྱིན་པ་ལ་སོགས་རྣམ་དག་ནི། །ལྔ་དང་བདུན་ཏེ་གཞན་དག་ཡིན། །ཞེས་འབྱུང་ངོ་། །དེ་བས་ན་ཀུན་ལ་ཡང་དངོས་པོ་མ་ཡིན་པར་གཟུང་བའི་ཕྱིར། དམ་
པའི་སྒྲ་སྦྱར་བར་བྱའོ། །མཚུངས་པ་མེད་པའི་ཤེས་རབ་ཅེས་བྱ་བ་ནི་དམིགས་པ་མེད་ཅེས་བྱ་བའི་ཐ་ཚིག་གོ། །ལྡན་པ་ཞེས་བྱ་བ་ནི་འབྲེལ་པའོ། །འགྱུར་རོ་ཞེས་བྱ་བ་ནི་གདོན་མི་ཟ་བར་འགྱུར་བ་སྟེ། བསྟོད་པ་འདི་ནི་སྤྲོ་བ་རྒྱས་པར་བྱེད་པའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་དག་ནི་རྣམ་པ་
ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཞེས་བྱ་བ་ལ་རྣམ་པ་ཐམས་ཅད་ནི་བྱང་ཆུབ་ཀྱི་ཕྱོགས་དང་། ཚད་མེད་པ་ལ་སོགས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ལ་ཐུག་པའི་བར་ཡིན་ནོ། །མཆོག་ཅེས་བྱ་བ་ནི་དེ་དག་ཤིན་ཏུ་རྣམ་པར་དག་པ་ཡིན་པའི་ཕྱིར་རོ། །རྣམ་པའི་མཆོག་དེ་དག་
ཐམས་ཅད་ལྡན་ཞིང་འབྲེལ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་ཞིང་འབྲེལ་པར་འགྱུར་རོ། །གླེགས་བམ་ཁ་ཅིག་ལས་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐོས་ནས་མོས་ཏེ། །མི་སྐྲག་མི་དངང་དངང་བར་མི་འགྱུར་བ་དེ་དང་། དེ་དག་ནི་སྐྲག་པ་མེད་པར་སེམས་
ཅན་རྣམས་ལ་རབ་ཏུ་སྟོན་པར་འགྱུར། འཆད་པར་འགྱུར་ཞེས་འབྱུང་སྟེ། དེས་ན་གཞན་གྱི་དོན་ལ་མོས་པ་གསལ་བ་ཡིན་ཏེ། དེ་དྲུག་ནི་བསྔགས་པ་ཡིན་ནོ། །བསྟོད་པ་དང་རབ་ཏུ་བསྟོད་པ་དང་། བསྔགས་པ་འདི་དག་གི་བྱེ་བྲག་ཇི་ལྟ་བུ་ཞེ་ན། ཡོན་ཏན་བརྗོད་པ་ནི་བསྟོད་པའོ། །
དོན་གྱི་གཟུགས་བརྙན་ལ་སོགས་པ་སྤངས་པའི་སྒོ་ནས་བསྔགས་པར་བྱེད་པའི་བསྔགས་པ་སྟེ། ཉི་ཁྲི་ལྔ་སྟོང་པ་ལ་སོགས་པ་ལས་བསྟན་ཏོ། །དམིགས་པ་མེད་པར་བསྟན་པའི་དམིགས་པ་གསལ་བར་བྱ་བའི་ཕྱིར། འཇམ་དཔལ་ཁྱོད་ཀྱིས་དོན་གྱི་དབང་ཅི་ཞིག་མཐོང་ནས་ཞེས་བྱ་བ་
ལ་སོགས་པས་དྲིས་སོ། །དྲིས་པའི་ལན་དུ། གལ་ཏེ་བདག་བྱང་ཆུབ་ཏུ་ཞུགས་ན་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་དང་ཡང་དག་པའི་བྱང་ཆུབ་དང་ཡང་དག་པར་ཞུགས་པ་དང་འདོད་པའི་རྣམ་པར་རྟོག་པ་རྣམས་མི་འབྱུང་བའི་ཕྱིར། འདྲེས་པའི་ཆོས་ལ་དམིགས་པ་ཞི་གནས་

དང་། ལྷག་མཐོང་རྣམ་པར་དག་པ་མཐར་ཕྱིན་པར་བསྟན་ཏོ། །འདིར་དོགས་པའི་ལན་དུ་འཇམ་དཔལ་གཞོན་ནུར་གྱུར་པ་གང་ལགས་པ་དེ་བྱང་ཆུབ་ཉིད་དོ་ཞེས་གསུངས་ཏེ། ཆོས་ཐམས་ཅད་བྱང་ཆུབ་ལས་ཐ་དད་པའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་རོ་ཞེས་དགོངས་པའོ། །
དེ་སྐད་དུ། དེ་བཞིན་ཉིད་དང་བྱང་ཆུབ་དང་། །མྱ་ངན་འདས་དང་གནས་གྱུར་ལ། །ཆོས་རྣམས་ཐམས་ཅད་རྟོགས་པ་ཡིས། །གཞོལ་དང་འབབ་དང་བབ་པར་གྱུར། །ཞི་གནས་དང་ནི་ལྷག་མཐོང་འདི། །འདྲེས་པའི་ཆོས་ལ་དམིགས་པ་ཡིན། །དང་པོ་དང་ནི་གསུམ་པ་དང་། །ཐ་མ་གཉིས་
ལ་གོ་རིམས་བཞིན། །འཇུག་དང་རབ་ཏུ་འཐོབ་པ་དང་། །དེ་ཡི་མཐར་ཕྱིན་རྒྱལ་བས་དགོངས། །ཞེས་བྱ་བ་འདིས་རེ་ཞིག་བདག་གི་རང་གི་ངོ་བོ་དང་ཆོས་ཐམས་ཅད་ཀྱང་བྱང་ཆུབ་ལས་ཐ་དད་མ་ཡིན་པར་བསྒོམ་པར་བྱའོ། །བྱང་ཆུབ་ཀྱི་རང་གི་ངོ་བོ་ནི་ཕྱིས་སྟོན་པར་འགྱུར་རོ། །འདིར་
དགྱེས་ནས་ལེགས་སོ་ལེགས་སོ་ཞེས་ལན་གཉིས་གསུངས་སོ། །དགྱེས་པའི་གཏན་ཚིགས་སུ་འཇམ་དཔལ་ཁྱོད་ཟབ་མོ་ཟབ་པའི་གནས་འདི་ལྟ་བུ་འདི་སྟོན་པ་ཞེས་གསུངས་སོ། །ཟབ་མོ་ཟབ་པ་ཞེས་བྱ་བ་ནི་སྒྲོ་འདོགས་པ་དང་། སྐུར་པ་འདེབས་པའི་མཐའ་དང་བྲལ་བ་རྣམ་པ་
གཉིས་སོ། །གནས་ཞེས་བྱ་བ་ནི་ཕྱོགས་ལ་བྱའོ། །འདི་ལྟ་བུ་ཞེས་བྱ་བ་ནི་བྱང་ཆུབ་དང་ཐ་དད་པ་མེད་པའི་ངོ་བོའོ། །འདི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་དམིགས་པར་གྱུར་པ་བསྟན་པ་གང་ཡིན་པའོ། །ངེས་པར་སྟོན་པ་ཞེས་བྱ་བ་ནི་ངེས་པའམ་ངེས་པ་ལས་སྟོན་
པའོ། །འདི་ལྟར་ཁྱོད་ནི་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ་སྟེ། མི་དམིགས་པར་ཚངས་པར་སྤྱོད་པ་ཡུན་རིང་དུ་སྤྱད་པ་ལྟ་ཞིག་ཅེས་བྱ་བ་ནི་ཐབས་སུ་གྱུར་པའི་རྣམ་པ་གང་གིས་ཇི་ལྟར་ཁྱོད་སྔོན་གྱི་རྒྱལ་བ་འབྲུག་གི་སྒྲ་དབྱངས་ལ་སོགས་པ་ལ་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉན་པ་
དང་ལེན་པ་དང་འཛིན་པ་དང་སྟོན་པ་ལ་སྦྱོར་བའི་རྣམ་པ་གཙོ་བོར་བྱས་ཏེ། དགེ་བའི་རྩ་བ་བསྐྱེད་པ་ལ་སོགས་པ་བསྒྲུབས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཆོས་ཐམས་ཅད་བདག་མེད་ཅིང་མི་དམིགས་པར་ཚངས་པ་བྱང་ཆུབ་སྟེ་གང་དང་ལྡན་པས་བཅོམ་ལྡན་འདས་ཚངས་པ་

ཞེས་བརྗོད་པ་དེའི་དོན་དུ་གང་གིས་སྤྱོད་པ་བསྒོམ་པ་ལ་སོགས་པའི་མཚན་ཉིད་དེ་ཡུན་རིང་པོ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་འབུམ་ཕྲག་གྲངས་མེད་པ་བདུན་སྙེད་དུ་འམ། དུས་རིང་པོར་སྤྱོད་པ་ལྟ་ཞིག་དེ་ལྟ་མ་ཡིན་ན། ཁྱོད་ཀྱིས་སྟོན་པར་མི་ནུས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་
བས་ན་དེ་ལྟ་བུར་འགྱུར་བའི་འདོད་པ་རྣམས་ཀྱིས་སངས་རྒྱས་རྣམས་ལ་བྱ་བ་སྒོམ་པ་ལ་སོགས་པ་བྱ་དགོས་སོ་ཞེས་བསྟན་པ་ཡིན་ནོ། །དེ་ལ་རློམ་སེམས་སྤོང་བར་བྱེད་པ་ནི། བཅོམ་ལྡན་འདས་གལ་ཏེ་བདག་མི་དམིགས་པ་སྤྱོད་པ་ལགས་ན་ནི་ཆོས་ཐོབ་པ་ཉིད་དུ་འགྱུར་བ་ལགས་སོ་ཞེས་བྱ་བ་
ཡིན་ནོ། །ཆོས་སྤྱོད་པར་བྱེད་པའི་མཚན་ཉིད་བདག་ལ་སོགས་པ་ཐོབ་པ་ཉིད་དུ་རྙེད་པ་ཉིད་དུ་འགྱུར་བ་ལགས་སོ་ཞེས་བྱ་བས་མི་དམིགས་པ་སེལ་བར་བྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་བདག་མི་དམིགས་པར་སྤྱོད་པ་ལགས་ན་ནི་ཞེས་གསུངས་ཏེ། མི་དམིགས་པར་སྤྱོད་པ་གང་ཡིན་
པ་དེ་ལ་དེ་སྐད་ཅེས་བསྟན་ཏེ། འདིས་ནི་དམིགས་པ་བསྟན་ཏོ། །དེས་ན་དམིགས་པ་དང་སྤྱོད་པ་གཉིས་ཕན་ཚུན་འགལ་བའི་ཕྱིར། སྤྱོད་པ་བྱེད་པའི་མཚན་ཉིད་ཀྱི་ཆོས་འདི་ལ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེ་དག་ནི་སོ་སོའི་སྐྱེ་བོའི་ཆོས་རྣམས་ལྷག་པར་དམིགས་པར་
མི་འགྱུར་བ་ལགས་སོ་ཞེས་བྱ་བ་ལ་སོགས་པ་སྔར་མདོར་བསྟན་པ་དེ་དག་རྒྱས་པར་བསྟན་ཅིང་ཆོས་ཅན་གྱི་རྣམ་པར་རྟོག་པ་ཤིན་ཏུ་བསལ་བའི་ཕྱིར་འཇམ་དཔལ་ཁྱོད་ཀྱིས་ངའི་ཉན་ཐོས་ཕུན་སུམ་ཚོགས་པ་འདི་དག་མཐོང་ངམ་ཞེས་དྲིས་ཏེ། གཞན་ལས་ཐོས་པའི་རྗེས་སུ་
འགྲོ་ཞིང་མཆོག་ཏུ་སེམས་རྣམ་པར་གྲོལ་བ་འབྱོར་པ་མཐོང་ངམ་ཞེས་དྲིས་པ་དང་། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ་ཞེས་གསུངས་སོ། །ཇི་ལྟར་ཅི་འདྲ་བར་མཐོང་ཞེས་བྱ་བ་ནི་མཐོང་བའི་རྣམ་པ་འདྲི་བ་སྟེ། མཐོང་བའི་རྣམ་པ་གང་ཡིན་ཅི་འདྲ་བ་ཞེས་དྲིས་པ་
དང་། བཅོམ་ལྡན་འདས་ཇི་ལྟར་སོ་སོའི་སྐྱེ་བོར་མི་མཐོང་བ་དང་ཞེས་རྒྱས་པར་གསུངས་སོ། །སོ་སོར་འགྲོ་བས་ན་སོ་སོའི་སྐྱེ་བོའོ། །སློབ་པ་ནི་རྒྱུན་ཏུ་ཞུགས་པ་ལ་སོགས་པ་ནས་དགྲ་བཅོམ་པ་ལ་འཇུག་པ་ལ་ཐུག་པའི་བར་དུ་བདུན་ཡིན་ཏེ། བསླབ་པར་བྱ་བ་ཡོད་པའི་ཕྱིར་རོ། །

མི་སློབ་པ་ནི་དགྲ་བཅོམ་པ་སྟེ། བསླབ་པ་རྫོགས་པའི་ཕྱིར་རོ། །སོ་སོའི་སྐྱེ་བོ་དང་སློབ་པ་དང་བསླབ་པ་ཡོངས་སུ་རྫོགས་པ་རྣམས་ལ་གཅིག་པུའི་ངོ་བོ་མི་དམིགས་པའི་ཕྱིར་དང་དེ་ལས་གཞན་པ་ཡང་མ་སྐྱེས་པའི་ཕྱིར་དེ་དག་མ་མཐོང་ངོ་སྙམ་དུ་
བསམས་པའོ། །མཐོང་བ་མ་མཆིས་མ་མཐོང་བ་ཡང་མ་མཆིས་པ་དེ་ལྟར་མཐོང་ངོ་ཞེས་བྱ་བ་ནི་མཐོང་བ་དང་མ་མཐོང་བར་རྣམ་པར་རྟོག་པ་མེད་པར་མཐོང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ཞེས་བྱ་བའི་སྒྲ་ནི་རེ་རེ་དང་སྦྱར་རོ། །གང་འགའ་ཡང་མཐོང་བ་མེད་པ་དང་
བདག་མི་དམིགས་པ་དེ་ལྟ་བུ་དེ་ནི་མཐོང་བ་ཡིན་ནོ། །དེ་ལྟར་རང་གི་ངོ་བོ་ལ་རྣམ་པར་རྟོག་པ་བསལ་ནས། འདི་ལྟར་མང་དུ་ཡང་མི་མཐོང་བ་དང་ཞེས་བྱ་བ་ལ་སོགས་པས་ཚད་ལ་རྣམ་པར་རྟོག་པ་དང་། བྱེ་བྲག་ལ་རྣམ་པར་རྟོག་པ་གཉིས་སེལ་བར་བྱེད་པ་ཡིན་ནོ། །འདི་
ལྟར་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཡིན་ནོ། །ཡི་གེ་ཁ་ཅིག་ལས་འདི་ལྟར་ཞེས་མི་འབྱུང་གི་བར་དུ་ཞེས་འབྱུང་བ་དེ་ནི་མཐོང་བའི་རྣམ་པར་སྟོན་པ་ཡིན་ནོ། །མང་དུ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོའོ། །ཉུང་ངུ་ཞེས་བྱ་བ་ནི་སློབ་པ་དང་མི་སློབ་པའོ། །དུལ་བ་ཡང་ཞེས་
བྱ་བ་ནི་མི་དགེ་བ་དང་བྲལ་བས་དུལ་བ་འམ་དགེ་བ་བྱེ་བྲག་ཏུ་གྱུར་པས་དུལ་བའོ། །དེ་ལས་གཞན་པ་ནི་མ་དུལ་བའོ། །མང་ཉུང་གི་ཚད་དང་། དུལ་བ་དང་མ་དུལ་བའི་བྱེ་བྲག་ཏུ་ཡང་མི་མཐོང་ངོ་ཞེས་བྱ་བའི་བར་དུ་ཡིན་ནོ། །སོ་སོའི་སྐྱེ་བོ་དང་ཉན་ཐོས་ཀྱི་འཁོར་
མཐོང་བ་བསྟན་ནས་བྱང་ཆུབ་སེམས་དཔའི་འཁོར་དྲིས་པ་དང་། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཆོས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲུབ་པ་ནི་རྣམ་པ་བཞི་
སྟེ། གོ་ཆ་དང་རབ་ཏུ་ཞུགས་པ་དང་ཚོགས་དང་ངེས་པར་ཞུགས་པའི་མཚན་ཉིད་དོ། །དེ་ལ་གོ་ཆ་ལྟ་བུ་སྒྲུབ་པའི་དབང་དུ་བྱས་ནས། འདི་ལ་བྱང་ཆུབ་སེམས་དཔའི་བསམ་པ་ཡོད་པས་བྱང་ཆུབ་སེམས་དཔའོ་ཞེས་བྱ་བ་ཇི་ལྟར་ཡང་རྣམ་པ་གང་གིས་ཀྱང་མི་

མཐོང་སྟེ། བྱང་ཆུབ་སེམས་དཔའ་གང་ཡིན་པ་དེའི་ཆོས་ཅན་ལ་རྣམ་པར་བལྟས་ན་མི་དམིགས་སོ་ཞེས་བྱ་བའི་བར་དུ་ཡིན་ནོ། །དེ་ལྟར་གང་བྱང་ཆུབ་ཀྱི་ཆེད་དུ་ཡང་དག་པར་རབ་ཏུ་ཞུགས་པ་དང་། དེ་བཞིན་དུ་གང་དེའི་ཚོགས་ལ་སྤྱོད་པ་དང་། གང་མངོན་པར་རྫོགས་
པར་བྱང་ཆུབ་ཅིང་ངེས་པར་འབྱིན་པ་ཞེས་བྱ་བའི་ཆོས་དངོས་པོ་ཇི་ལྟར་ཡང་ཡང་དག་པར་རྗེས་སུ་མི་མཐོང་བ་དེ་ལྟར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་པ་བདག་གིས་མཐོང་ངོ་ཞེས་སྦྱར་རོ། །དེ་བཞིན་གཤེགས་པ་ལ་རྣམ་པར་རྟོག་པ་འདི་ཡང་བསལ་བའི་ཕྱིར།
འཇམ་དཔལ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའམ་གཞན་ལ་ཇི་ལྟར་མཐོང་ཞེས་དྲིས་པ་དང་། བཙུན་པ་ཤ་ར་དྭ་ཏིའི་བུ་གླང་པོ་ཆེ་ཞོག་ཤིག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །གླང་པོ་ཆེ་ནི་ཀླུའི་རྒྱལ་པོ་རྒྱ་མཚོ་ལ་སོགས་པ་སྟེ། དེ་དག་ནི་ལོ་ཐོག་དང་
འབྲས་བུ་ཕུན་སུམ་ཚོགས་པའི་རྒྱུ་སྐོམ་པས་གདུངས་པ་རྣམ་པར་འཇོམས་པར་བྱེད་པ་བདུད་རྩིའི་རོ་འབེབས་པ་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་ནོ། །བཅོམ་ལྡན་འདས་ཀྱང་སྲིད་པ་དང་ལོངས་སྤྱོད་ལ་མངོན་པར་དགའ་བའི་སྲེད་པ་རྒྱུན་གཅོད་ཅིང་ལྷའི་དབང་ཕྱུག་ལ་སོགས་པའི་བདེ་
བའི་རྒྱུར་གྱུར་པ་དགེ་བའི་ལོ་ཏོག་ཕུན་སུམ་ཚོགས་པར་བྱེད་པའི་ཆོས་ཀྱི་བདུད་རྩིའི་རོ་འབེབས་པ་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་ཏེ། དེ་དང་ཆོས་མཐུན་པས་ཀླུ་ཆེན་པོ་ཞེས་བྱའོ། །དེ་ཞོག་ཤིག་ཅེས་བྱ་བ་ནི་མ་བསྐུལ་ཅིག་ཅེས་བྱ་བའོ། །དེ་བཞིན་གཤེགས་པ་ནི་གདུལ་བྱའི་སྐྱེ་བོའི་
བློ་ལ་དེ་བཞིན་གཤེགས་པའི་སྐུ་སྣང་བ་ཉིད་ལ་བྱ་སྟེ། དེ་ཉིད་དེ་བཞིན་ཉིད་གསུངས་པས་ན་སྟོན་པ་པོ་ཉིད་ཀྱི་མཚན་ཉིད་ཡིན་པར་ངེས་པའི་ཚིག་གི་དོན་སྲིད་པ་ཡིན་ཏེ། རྩོལ་ཞིང་སྒྲོལ་བ་ལ་སོགས་པའི་ལྷག་པའི་བསམ་པ་འབྱུང་བའི་ཕྱིར་དང་། དགའ་བ་ལ་ཡང་བརྩོན་པ་
མི་འཕྲོགས་པས་ན། གླང་པོ་ཆེ་ཆེན་པོ་དང་ཆོས་མཐུན་པའི་ཕྱིར། གླང་པོ་ཆེ་ཆེན་པོ་ནི་བཅོམ་ལྡན་འདས་སམ། ཅང་ཤེས་པ་ལ་བྱའོ། །དེ་བསྐུལ་བ་ནི་དཔྱོད་པའི་དཔྱང་ཐག་ལ་གདགས་པ་སྟེ། འདི་དགག་པ་ནི་འོག་ནས་འཆད་པའི་དོན་ལ་སྤྲོ་བ་བསྐྱེད་པ་དང་།

གུས་པ་དང་རྣ་བ་གཏོད་པ་ལ་སོགས་པ་བསྐྱེད་པའི་ཕྱིར་རོ། །དེ་བས་ན་དེ་ནི་སངས་རྒྱས་ཀྱི་དངོས་པོ་རྟོགས་པར་བྱ་བའི་ཕྱིར། དཔྱོད་པར་བྱེད་པ་ནི་འཇམ་དཔལ་སངས་རྒྱས་ཞེས་བྱ་བ་དེ་གང་གི་ཚིག་བླ་དགས་ཞེས་བྱ་བ་ཡིན་ཏེ། བརྗོད་པར་བྱ་བ་གང་
ཡིན་ཞེས་བྱ་བའི་ཐ་ཚིག་གོ། །དྲིས་པའི་ལན་དུ་བཙུན་པ་ཤ་ར་དྭ་ཏིའི་བུ་བདག་ཅེས་བྱ་བ་དེ་གང་གི་ཚིག་བླ་དགས་ཞེས་གསུངས་སོ། །དེ་ལ་བདག་ཅེས་བྱ་བ་དེ་ནི་སྐྱེ་བ་མེད་པའི་ཚིག་བླ་དགས་སོ་ཞེས་གསོལ་ཏོ། །བདག་ཅེས་བྱ་བའི་དངོས་པོ་ནི་ཡོད་པ་མ་ཡིན་ཏེ། འདི་ལྟར་
བདག་འདིའི་དངོས་པོ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ་མེད་ཀྱང་ཡོངས་སུ་བརྟགས་པའི་ཕྱིར་རོ། །བཙུན་པ་ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ཏེ་ཞེས་བྱ་བ་ལ་སོགས་པས་བདག་འདི་དང་མཚུངས་པར་བསྟན་ནས་ཁྱད་པར་གྱི་གཏན་ཚིགས་བསྟན་པའི་ཕྱིར། ཡང་འདི་ལྟ་སྟེ་སངས་རྒྱས་
ཞེས་བྱ་བ་དེ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལྟར་ཞེས་བྱ་བ་འདིས་ནི་སངས་རྒྱས་ཞེས་བྱ་བ་དངོས་པོ་མེད་པ་ཉིད་དུ་རྣམ་པ་གཞན་གྱིས་སྡུད་པར་བྱེད་དོ། །ཡང་ཞེས་བྱ་བའི་སྒྲ་ནི་རྣམ་པ་གཞན་ཡང་ཞེས་བྱ་བའི་སྒྲའི་དོན་ཡིན་པའི་ཕྱིར་རོ། །གཞི་ནི་དངོས་པོ་
ལ་བྱ་སྟེ། འདི་ལྟར་རྩོལ་བ་དང་། དངོས་པོ་དང་། མཚན་གཞི་དང་། གནས་དང་ཡོངས་སུ་སྐྱོབ་པ་རྣམས་ནི་གཞིའི་ཚིག་ཡིན་ནོ། །གཞི་མེད་པའི་ཚིག་བླ་དགས་སོ་ཞེས་བྱ་བ་ནི་དངོས་པོ་མེད་པའི་ཚིག་བླ་དགས་ལ་བྱ་སྟེ། འདི་ལྟར་སངས་རྒྱས་ཞེས་བརྗོད་པའི་ངག་འདི་ནི་དངོས་
པོ་ལ་བརྗོད་པར་གྲགས་པ་མ་ཡིན་ནོ། །འདིར་གཏན་ཚིགས་སུ་སངས་རྒྱས་ཞེས་བྱ་བ་དེ་ནི་ཚིག་གིས་ཤེས་པར་བྱ་དཀའ་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་དེ་ནི་ཚིག་གིས་སམ་ངག་གིས་ཤེས་པར་ཁོང་དུ་ཆུད་པར་བྱ་དཀའ་ཞིང་སླ་བ་མ་ཡིན་ཏེ། གཞན་ལ་
བསྟན་པར་མི་ནུས་སོ་ཞེས་བྱ་བའི་བར་དུ་ཡིན་ནོ། །འདིར་དགོངས་པ་ནི་འདི་ཡིན་ནོ། །ངག་ཀུན་ནས་སློང་བར་བྱེད་པའི་རྣམ་པར་རྟོག་པ་དང་། ངག་དང་དེ་སྣང་བའི་རྣ་བའི་རྣམ་པར་ཤེས་པ་དང་། དེ་ལས་ཕྱིས་རྣམ་པར་རྟོག་པ་དང་། བཞི་པོ་དེ་དག་ནི་རང་རིག་པ་ཙམ་དུ་

ཟད་པ་ཡིན་པའི་ཕྱིར། རང་ལས་གཞན་པ་དང་ནི་གང་དུ་ཡང་གང་གི་ཚེ་ཇི་ལྟར་ཡང་འབྲེལ་པ་ཉིད་ཡོད་པ་མ་ཡིན་ནོ། །དེ་བས་ན་ཚིག་གིས་ནི་འགལ་ལ་ཇི་ལྟར་ཡང་རྟོགས་པར་མི་བྱེད་ན། གང་གི་ཕྱིར་ཚིག་གིས་སངས་རྒྱས་སོ་ཞེས་ཤེས་པར་བྱ་སླ་བར་འགྱུར། སངས་
རྒྱས་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཡིན་ཏེ། ཆོས་ཐམས་ཅད་ཀྱང་ཚིག་གིས་ཤེས་པར་བྱ་སླ་བ་མ་ཡིན་ནོ། །དངོས་པོའི་ཡང་དག་པ་ཉིད་བསྟན་པ་ལ་རྒྱབ་ཀྱིས་ཕྱོགས་པའི་བློ་དང་ལྡན་པའི་བྱིས་པ་རྣམས་སྒྲ་དང་དོན་རྟོགས་པ་དང་། རྟོགས་པར་བྱེད་པའི་མཚན་ཉིད་ཡིན་པར་འདི་ལ་
ལོག་པའི་ང་རྒྱལ་བྱེད་པ་ཙམ་དུ་ཟད་དེ། རབ་རིབ་ཅན་རྣམས་ཀྱིས་ཟླ་བ་གཉིས་སུ་མཐོང་བ་ན། ཟླ་བ་གཉིས་རྟོགས་པ་དང་། རྟོགས་པར་བྱེད་པར་བྱས་པ་བཞིན་ནོ། །བདག་གིས་བརྗོད་དུ་མེད་པ་གྲུབ་པ་ལས། དོན་འདི་རྒྱས་པར་གཏན་ལ་ཕབ་ཟིན་པས་འདིར་གཞུང་མང་དུ་
དོགས་ནས་མ་སྤྲོས་སོ། །བཙུན་པ་ཤ་ར་དྭ་ཏིའི་བུ་ཚིག་ཀྱང་རྒྱུད་ཐམས་ཅད་ལ་ངེས་པ་མེད་པར་གསལ་ལ་རབ་ཏུ་སོ་སོར་སྣང་བའི་རང་གི་ངོ་བོ་ཡང་འདི་ནི་ཚིག་གོ་ཞེས་བརྟག་ཅིང་དཔྱད་དེ་གཏན་ལ་དབབ་པར་དཀའ་སྟེ། མི་ནུས་ཏེ། འདི་དང་ནི་རྣམ་པར་རྟོག་པའི་རང་གི་ངོ་བོར་
གཏོགས་པའི་ཚིག་དང་ལྷན་ཅིག་འབྲེལ་པ་མེད་པའི་ཕྱིར་དང་། སོ་སོར་སྣང་བ་རྟོག་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །སངས་རྒྱས་ཞེས་བྱ་བ་ལྟ་ཅི་སྨོས་ཏེ་ཞེས་བྱ་བ་འདིས་ནི་སངས་རྒྱས་ཞེས་བྱ་བ་འདི་ནི་ཚིག་ལས་ཤིན་ཏུ་རིང་ཞིང་ཐ་དད་པར་བསྟན་ཏེ། སོ་སོ་རང་གིས་རིག་པ་ཉིད་
ཡིན་པས་ན་གཞན་གྱི་ཡུལ་མ་ཡིན་པའི་ཕྱིར་རོ། །འདིར་གཏན་ཚིགས་གཞན་ཡང་བཙུན་པ་ཤ་ར་དྭ་ཏིའི་བུ་སངས་རྒྱས་ཞེས་བྱ་བ་དེ་གང་གི་ཚིག་བླ་དགས་ཞེས་དེ་སྐད་སྨྲ་བ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་ཡང་དག་པར་མ་གྲུབ་པ་ནི་རྒྱུ་དེ་མེད་ན་དེ་ལས་འོངས་པར་མི་
རིགས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མ་སྐྱེས་པ་སྟེ། གང་ནས་ཀྱང་མ་འོངས་པ་ནི་དྲི་ཟའི་གྲོང་ཁྱེར་བཞིན་དུ་སྐྱེ་བར་མི་རིགས་པའི་ཕྱིར་རོ། །མ་སྐྱེས་ན་ཇི་ལྟར་འགག་སྟེ་འགག་པའི་སྔོན་རོལ་དུ་སྐྱེ་བ་ཡིན་པའི་ཕྱིར་རོ། །གང་ཆོས་གང་དང་ཡང་མི་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི་སྐྱེ་བ་

དང་གནས་པ་དང་། འཕེལ་བ་དང་ཡོངས་སུ་འགྱུར་བ་དང་ཟད་པ་དང་འཇིག་པ་གང་ཡང་རུང་བ་རེ་རེ་འམ། འདུས་པ་དང་མི་ལྡན་ཞིང་མ་འབྲེལ་བ་དེའི་ཚིག་བླ་དགས་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །སྔར་ནི་ཚིག་ལ་དངོས་པོ་མེད་པར་བསྟན་ཏོ། །ད་ནི་དོན་
ལ་ངག་མེད་པར་བསྟན་པའི་ཕྱིར། འདི་ལ་ཚིག་དབྱེར་མེད་པ་ཅི་ཡང་མེད་ལ་ཚིག་མེད་པ་སྟེ་བཙུན་པ་ཞེས་གསུངས་སོ། །སངས་རྒྱས་བཅོམ་ལྡན་འདས་འདི་ལ་ཚིག་འདིས་རྟོགས་པར་བྱེད་པ་དོན་ཁོང་དུ་ཆུད་པར་བྱེད་པའི་ཚིག་རྗོད་པར་བྱེད་པའི་བྱེ་བྲག་ཅི་ཡང་མེད་དོ། །
ཚིག་དབྱེར་མེད་པ་ཚིག་གི་སྤྱིའི་མཚན་ཉིད་ཀྱང་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །དེ་བས་ན་ཚིག་མེད་པ་སྟེ་ཞེས་གསུངས་སོ། །འདི་ལ་ཚིག་གི་རང་དང་སྤྱིའི་མཚན་ཉིད་ཡོད་པ་མ་ཡིན་པས། བཅོམ་ལྡན་འདས་ལ་ཚིག་གིས་ཐོག་དུ་མི་ཕེབས་བརྗོད་དུ་མི་རུང་བ་དེ་ལ་སངས་
རྒྱས་ཞེས་བྱ་བའི་ཚིག་བླ་དགས་གློ་བུར་བ་མིང་རྗོད་པར་བྱེད་པ་སྒྲོ་བཏགས་པའོ་ཞེས་བྱ་བའི་བར་དུ་ཡིན་ནོ། །སྐབས་མཇུག་བསྡུ་བར་བྱ་སྟེ། སྐབས་ཀྱང་ཅི་ཞེ་ན། དེ་བཞིན་གཤེགས་པ་མཐོང་བའོ། །དེའི་ཕྱིར་བཙུན་པ་ཤ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པ་ཚོལ་བར་འདོད་
པས་ཞེས་གསུངས་ཏེ། མཐོང་བ་དང་དྲན་པ་དང་བརྗོད་པ་དག་གིས་ཚོལ་ཞིང་རྗེས་སུ་འབྲང་བར་འདོད་པས་བདག་བཙལ་བར་བྱའོ། །དོན་དེ་ཉིད་ཕྱིས་གསལ་བར་བྱེད་དོ། །འདི་གཉིས་འབྲེལ་པ་ཅི་ཞིག་ཡོད། གང་གི་དེ་སྐད་བྱ་ཞེ་ན། དེའི་ཕྱིར། བཙུན་པ་ཤ་ར་དྭ་ཏིའི་བུ་
བདག་ཅེས་བྱ་བ་དེ་ནི་སངས་རྒྱས་ཀྱི་ཚིག་བླ་དགས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བདག་ནི་ནམ་མཁའི་མེ་ཏོག་བཞིན་དུ་གཏན་མེད་པ་ཡིན་ལ་སངས་རྒྱས་བཅོམ་ལྡན་འདས་ནི་དེ་ལྟ་བུ་མ་ཡིན་པ་ཡིན་ན། དེ་ཇི་ལྟར་བདག་ཅེས་བྱ་བ་སངས་རྒྱས་ཀྱི་ཚིག་བླ་དགས་ཡིན་པར་འདོད་
ཅེ་ན། དེའི་ཕྱིར་ཇི་ལྟར་བདག་ཅེས་བྱ་བ་ཤིན་ཏུ་མེད་ཅིང་མི་དམིགས་པ་དེ་བཞིན་དུ་སངས་རྒྱས་ཀྱང་ཤིན་ཏུ་མེད་ཅིང་མི་དམིགས་སོ་ཞེས་གསུངས་པས་འདི་སྐད་བསྟན་ཏེ། བདག་ནི་ཡོད་པ་མ་ཡིན་པའི་ཕྱིར་ཤིན་ཏུ་མི་དམིགས་སོ། །སངས་རྒྱས་ཀྱང་མ་སྐྱེས་པའི་ཕྱིར་ཤིན་ཏུ་ཡོད་

པ་མ་ཡིན་ཏེ། མི་དམིགས་ཤིང་བརྗོད་པར་བྱ་བ་མ་ཡིན་ཞེས་བྱ་བའི་བར་དུ་ཡིན་ནོ། །ཇི་ལྟར་བདག་ཅེས་བྱ་བ། ཚིག་གི་རྒྱུ་མཚན། ཆོས་གང་ལྟར་ཡང་ཚིག་གིས་བརྗོད་པར་བྱ་བ་མ་ཡིན་ཞིང་བརྗོད་དུ་མི་རུང་བ་དེ་བཞིན་དུ་སངས་རྒྱས་ཀྱང་། ཆོས་གང་ལྟར་ཡང་ཚིག་གིས་བརྗོད་
པར་བྱ་བ་མ་ཡིན་ནོ། །ཚིག་གི་ཡུལ་མ་ཡིན་པ་ཉིད་དང་། ཤེས་པའི་ཡུལ་མ་ཡིན་པ་ཉིད་མཇུག་བསྡུ་བའི་ཕྱིར། གང་ལ་ཅི་ཡང་བརྗོད་ཅིང་སྨྲ་བ་སྒྲོགས་པ་མེད་པ་དེ་སངས་རྒྱས་ཞེས་བྱའོ། །ཤེས་པའི་ཡུལ་མ་ཡིན་པ་ཉིད་བསྟན་པའི་ཆེད་དུ། བདག་ཅེས་བྱ་བའི་གཞིའི་
ཚིག་བླ་དགས་དེ་ནི་ཤེས་པར་སླ་བ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་གསལ་ལོ། །སངས་རྒྱས་ཀྱི་ཚིག་གི་དོན་གྱི་རྗེས་ལ་བྱང་ཆུབ་བསྟན་པའི་སྐབས་གཞན་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་
ཏོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་རྣམ་པ་གང་གིས་ལས་དང་པོ་པ་ཐེག་པ་ལ་གསར་དུ་ཞུགས་པ་རྣམས་ཀྱིས་འཚལ་བར་འགྱུར་བ། མ་ལུས་པ་ཁྱད་པར་རྟོགས་པར་འགྱུར་བའི་རྣམ་པ་དེ་ལྟ་བུ། དེ་འདྲ་བ་མི་སྟོན་ཏོ་ཞེ་ན་ལན་དུ། ཁོ་བོ་ནི་ཇི་ལྟར་དགྲ་བཅོམ་པ་བྱས་
པ་རྟོགས་པར་འགྱུར་བ་དག་གིས་ཀྱང་ཤེས་པར་འགྱུར་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་རྣམ་པ་གང་གིས་བྱས་པ་རྟོགས་པ་ཅན་ཡོངས་སུ་ཉམས་པ་མེད་པའི་ཆོས་ཅན་གཉི་གའི་ཆ་ལས་རྣམ་པར་གྲོལ་བའི་དགྲ་བཅོམ་པ་དག་གིས་ཀྱང་ཤེས་པར་འགྱུར་བ་དེ་ལྟ་བུ་རྣམ་པ་
དེ་འདྲ་བའི་ཆོས་མི་སྟོན་མི་འཆད་དོ། །ཐེག་པ་ཆེན་པོ་ལས་བྱང་ཆུབ་ནི་རྣམ་པ་མང་དུ་བརྗོད་ལ། འཕགས་པ་ཉི་ཁྲི་ལྔ་སྟོང་པ་ལས་ཀྱང་། སངས་རྒྱས་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་དང་། འདི་སངས་རྒྱས་རྣམས་ཀྱི་ཡིན་པ་དང་། བྱང་ཆུབ་ཅེས་བྱ་བ་ནི་འདི་
ལྟ་སྟེ། མིང་གི་ངོ་བོ་ཙམ་དུ་ཟད་དོ། །མིང་དང་མཚན་མ་རྟོགས་པའི་ཕྱིར་བྱང་ཆུབ་ཅེས་བྱའོ། །འདུས་མ་བྱས་ཡང་དག་པའི་དོན་ནི་བྱང་ཆུབ་ཅེས་བྱའོ་ཞེས་འབྱུང་ངོ་། །དེ་ལ་སངས་རྒྱས་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར་ཞེས་བྱ་བ་དེའི་མཚན་ཉིད་ཀྱི་དབང་དུ་

བྱས་ནས་ཁོ་བོ་ནི་ཇི་ལྟར་སུས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་འགའ་ཞིག་ཤིན་ཏུ་ཁྱད་པར་དུ་འཕགས་པ་དེས་ཀྱང་ཤེས་པར་འགྱུར། བྱེ་བྲག་ཤེས་པར་འགྱུར་བ་དེ་ལྟ་བུར་མི་སྟོན་ཏོ། །འདིར་གཏན་ཚིགས་ཅི་ཡིན་སྙམ་དུ་དོགས་པ་
ལ་དེ་བསལ་བར་བྱ་བའི་ཕྱིར་བྱང་ཆུབ་ནི་སུས་ཀྱང་མ་ཤེས་ཞེས་གསུངས་ཏེ་ཁྱད་པར་དུ་མ་ཤེས་པའོ། །སུས་ཀྱང་མངོན་པར་རྫོགས་པར་མ་རྟོགས་ཞེས་བྱ་བ་ནི་མཉམ་པ་ཉིད་ཁོང་དུ་ཆུད་པའི་ཕྱིར་རོ། །མ་མཐོང་བ་ནི་མིག་གིས་སོ། །མ་ཐོས་པ་ནི་རྣ་བས་སོ། །མ་དྲན་པ་ནི་ཡིད་
ཀྱིས་མ་མྱོང་བའི་ཕྱིར་རོ། །མ་སྐྱེས་པ་ནི་རྒྱུ་རྐྱེན་ཚོགས་པས་མ་བསྐྱེད་པའོ། །དེ་ཉིད་ཀྱི་ཕྱིར་དེ་དང་བྲལ་བས་ན་མ་བཀག་པ་ཡིན་ཏེ། གང་ཞིག་རྒྱུ་རྐྱེན་ཚོགས་པ་ལས་སྐྱེ་བ་དེ་ཉིད་དེ་དང་བྲལ་ན་འགག་པར་འགྱུར་ཏེ། རོལ་མོའི་རྒྱུད་ཀྱི་སྒྲ་ལ་སོགས་པ་བཞིན་ནོ། །མ་སྨྲས་
པ་ནི་གཞན་ལ་ཚིག་གིས་སོ། །མ་བསྟན་པ་ནི་དཔེ་ཉེ་བར་བྱ་བ་ལ་སོགས་པ་འདི་ལྟ་བུ་མ་བསྟན་ཏོ། །སྐྱེད་པར་བྱེད་པ་དང་དཔེ་ཤེས་པར་བྱེད་པ་བཀག་པ་དེ་དག་གིས་ནི་འདིས་སངས་རྒྱས་རྣམས་ཀྱི་ཡིན་ནོ་ཞེས་བྱ་བའི་བྱང་ཆུབ་ཀྱི་དོན་འདི་གསལ་བ་ཡིན་ནོ། །མིང་གི་ངོ་བོ་ཙམ་གྱི་དབང་
དུ་བྱས་ཏེ། བཙུན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་ནི་འདི་ལྟ་བུ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་ཀྱི་དངོས་པོ་ནི་དེ་ལྟ་བུ་སྟེ། འདི་ལྟ་སྟེ། བྱང་ཆུབ་དེ་ཡང་དངོས་པོ་མ་ཡིན་ནོ། །དེའི་ཕྱིར་མིང་ཙམ་ཡིན། འདི་ལྟར་མིང་དང་མཚན་མ་རྟོགས་པ་བྱང་ཆུབ་ཡིན་མོད་ཅེ་ན།
དེའི་ཕྱིར་བྱང་ཆུབ་ཀྱིས་མངོན་པར་རྫོགས་པར་འཚང་རྒྱ་བར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱེད་པར་གྱུར་པ་འམ། བྱེད་པ་པོར་གྱུར་པའི་བྱང་ཆུབ་ཀྱིས་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ། མིང་ངམ་མཚན་མ་གང་ཡང་མེད་དེ། དེ་ཡང་བྱང་ཆུབ་བཞིན་དུ་དངོས་པོ་མེད་
པའི་ཕྱིར་རོ། །མིང་དང་མཚན་མ་དེ་ཉིད་བསྟན་པའི་ཕྱིར་བྱང་ཆུབ་ཀྱང་བྱང་ཆུབ་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་པོ་མེད་པས་དངོས་པོ་མེད་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་ཡིན་ནོ་ཞེས་དགོངས་པའོ། །དངོས་པོ་མ་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། མིང་

དང་མཚན་མ་རྟོགས་པའི་དབང་དུ་བྱས་ནས། བྱང་ཆུབ་ཀྱིས་མངོན་པར་རྫོགས་པར་འཚང་རྒྱ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱེད་པར་གྱུར་པ་འམ། བྱེད་པར་གྱུར་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བ་མིང་ངམ་མཚན་མ་ཅི་ཡང་མེད་དེ། དེ་ཡང་བྱང་
ཆུབ་བཞིན་དུ་དངོས་པོ་མེད་པ་ཡིན་པའི་ཕྱིར་རོ། །དངོས་པོ་མེད་པས་དངོས་པོ་མེད་པ་མངོན་པར་རྫོགས་པར་བྱང་ཆུབ་པར་ནུས་པ་མ་ཡིན་ནོ། །དེ་ཉིད་བསྟན་པའི་ཕྱིར་བྱང་ཆུབ་ཀྱང་བྱང་ཆུབ་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་ངོ་བོ་ལ་ཡང་བྱང་ཆུབ་ཅིང་
མངོན་པར་རྟོགས་པ་མ་ཡིན་ནོ། །བསྟན་ཟིན་པའི་དོན་གསལ་བར་བྱ་བའི་ཕྱིར་འཇམ་དཔལ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་དབྱིངས་ཞེས་བྱ་བ་ལ་སོགས་པ་དྲིས་ཏེ། ལྷའི་བུ་ལ་སོགས་པའི་བདུད་གནོད་པར་བྱེད་པ་བཅོམ་པ་དང་ལྡན་པས་སྟོབས་དང་། མི་
འཇིགས་པ་ལ་སོགས་པའི་ཆོས་ཀྱི་རྒྱུ་དབྱིངས་དོན་དམ་པར་མངོན་པར་རྫོགས་པར་སངས་མ་རྒྱས་སམ། མངོན་དུ་མ་བྱས་སམ་ཞེས་ཚིག་ཟུར་གྱིས་དྲིས་སོ། །འདིར་ལན་ནི་བཙུན་པ་ཤ་ར་དྭ་ཏིའི་བུ་དེ་ནི་མ་ཡིན་ནོ། །གཏན་ཚིགས་སུ་འདི་ལྟར་ཆོས་ཀྱི་དབྱིངས་ཉིད་བཅོམ་ལྡན་
འདས་ཡིན་ཏེ། དེ་ལ་མ་གཏོགས་པའི་དངོས་པོ་འགའ་ཡང་ཡོད་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་དབྱིངས་ཞེས་བྱ་བ་ལ་སོགས་པས་ནི་ཞལ་གྱིས་བཞེས་ནས་འཆད་པར་བྱེད་པ་སྟེ། ཅི་སྟེ་ཆོས་ཀྱི་དབྱིངས་མངོན་པར་རྫོགས་པར་སངས་རྒྱས་
པ་ཡིན་པར་གྱུར་ན། འོ་ན་ནི་དེའི་ཚེའམ་དེ་བས་ན་གང་སྐྱེ་བ་མེད་པའི་དབྱིངས་འདུས་མ་བྱས་པ་ཉིད་དེ་དང་འགལ་བར་འགྱུར་ཏེ་གནོད་པར་འགྱུར་རོ། །འདུས་མ་བྱས་པའི་ཡང་དག་པའི་དོན་ཉིད་བརྟན་པོར་བྱ་བའི་ཕྱིར་ཆོས་ཀྱི་དབྱིངས་དེ་ཉིད་བྱང་ཆུབ་པོ་ཞེས་གསུངས་སོ། །ཆོས་
ཀྱི་དབྱིངས་དེ་ཉིད་བྱང་ཆུབ་ཅེས་བྱ་བར། ཆོས་ཀྱི་དབྱིངས་ནི་བསྒོམ་པར་བྱ་བ་ཡིན། བྱང་ཆུབ་ནི་ཐོབ་པར་བྱ་བ་ཡིན་ཏེ། དེའི་ཕྱིར་རྒྱུ་དང་འབྲས་བུར་གྱུར་པ་འདི་གཉིས་ཇི་ལྟར་དབྱེར་མེད་པ་ཡིན་ཞེས་དོགས་པ་ལ། ཆོས་ཀྱི་དབྱིངས་ནི་དངོས་པོ་མེད་པའི་ཕྱིར་རོ་ཞེས་

གསུངས་ཏེ། དངོས་པོ་ཞེས་བྱ་བ་ནི་ཡོད་པའི་དངོས་པོ་སྟེ། དེ་མ་བྱུང་བའམ་མེད་པ་གང་ཡིན་པ་དེ་དངོས་པོ་མེད་པའོ། །ཕྱིར་རོ་ཞེས་བྱ་བ་གང་གི་ཕྱིར་ཞེས་བྱ་བ་ཡིན་ཏེ། རེ་ཞིག་ཆོས་ཀྱི་དབྱིངས་ནི་དེ་ལྟ་བུ་ཡིན་ནོ། །ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ་ཞེས་
བྱ་བ་དེ་ནི་བྱང་ཆུབ་ཀྱི་ཚིག་བླ་དགས་ཏེ་ཞེས་བྱ་བ་དེས་ནི་བྱང་ཆུབ་ཀྱི་རང་གི་ངོ་བོ་བསྟན་ཏོ། །དེ་བས་ན་དངོས་པོ་མེད་པ་དང་། ཆོས་ཐམས་ཅད་མེད་པ་གཉིས་དབྱེར་མེད་པའི་ཕྱིར་ཆོས་ཀྱི་དབྱིངས་དང་། བྱང་ཆུབ་གཉིས་ཐ་དད་པ་མ་ཡིན་ནོ། །དེ་ཉིད་སྟོན་པར་བྱེད་པ་ནི་དེ་ནི་ཆོས་
ཀྱི་དབྱིངས་ཀྱི་གྲོངས་སུ་འགྲོ་བའོ་ཞེས་བྱ་བ་ཡིན་ཏེ། ཆོས་ཐམས་ཅད་མེད་པའི་ངོ་བོ་བྱང་ཆུབ་གང་ཡིན་པ་དེ་ཉིད་ཤེས་པའི་ངོ་བོའི་དངོས་པོ་ཡིན་པས་དེ་ནི་ཆོས་ཀྱི་དབྱིངས་ཞེས་བྱ་བའི་གྲངས་སུ་འགྲོ་ཞིང་བརྗོད་པ་ཐོབ་པར་འགྱུར་རོ། །འདིར་དོགས་པ་ལ་གཏན་ཚིགས་སུ་ཆོས་
ཐམས་ཅད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་ཐམས་ཅད་ཐ་དད་པ་མེད་ཅིང་མཚན་ཉིད་གཅིག་པ་ཡིན་ནོ། །གཏན་ཚིགས་མ་གྲུབ་པོ་སྙམ་པ་དང་། ལན་ནི་སངས་རྒྱས་ཀྱི་ཡུལ་དུ་ཞེས་བྱ་བ་ཡིན་ཏེ། མཐར་ཕྱིན་པ་ཕྱིན་ཅི་མ་ལོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུའོ། །
ཕྱིར་རོ་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའོ། །དེས་འདི་སྐད་དུ་གང་སྣ་ཚོགས་པ་ཉིད་དུ་ཡང་དག་པ་མ་ཡིན་པར་ཀུན་བརྟགས་པ་དེ་ནི་འཁྲུལ་པའི་ཤེས་པའི་སྤྱོད་ཡུལ་ཡིན་པར་བསྟན་ཏོ། །བཙུན་པ་ཤ་ར་དྭ་ཏིའི་བུ་ཐ་དད་པ་མེད་ཅེས་བྱ་བ་དེ་ནི་རྣམ་པར་རིག་པ་མེད་པའོ་ཞེས་གསུངས་
པ་ནི་ཐ་དད་པ་མེད་པར་སྟོན་པ་ཡིན་ཏེ། བྱེ་བྲག་ཏུ་ཤེས་པ་ནི་རྣམ་པར་རིག་པའོ། །དེ་གང་ལ་མེད་པ་དེ་ནི་རྣམ་པར་རིག་པ་མེད་པའོ། །འདིར་གཏན་ཚིགས་སུ་རྣམ་པར་རིག་པ་མེད་པ་ཞེས་བྱ་བ་དེ་ནི་རྣམ་པར་ཤེས་པར་མི་ནུས་པ་སྟེ་ཞེས་གསུངས་ཏེ། རང་དང་གཞན་ལ་ཤེས་
པར་མི་ནུས་པའོ། །རྒྱུས་བསྐྱེད་པའི་འདུས་བྱས་སུ་འམ་དེ་ལས་བཟློག་པ་འདུས་མ་བྱས་སུ་རྣམ་པར་རིག་པར་མི་ནུས་པའོ། །བར་དུ་ཞེས་བྱ་བའི་སྒྲས་རྟག་པ་དང་མི་རྟག་པ་ལ་སོགས་པ་ཡང་བཟུང་ངོ་། །འང་ཞེས་བྱ་བའི་སྒྲ་ནི་ཕན་ཚུན་གཉི་ག་ལ་ལྟོས་པའོ། །དེ་ལྟར་སངས་

རྒྱས་ཀྱི་ཡུལ་ཐ་དད་པ་མེད་པ་དེ་ལ་འདུས་བྱས་ལ་སོགས་པའི་རྣམ་པའི་བྱེ་བྲག་རྣམ་པར་རིག་པ་གང་ཡང་མེད་པ་དེས་ན་དེ་རྣམ་པར་རིག་པ་མེད་པའོ། །དེ་ལྟར་ཡུལ་ཅན་གྱི་ཆོས་སྣ་ཚོགས་མེད་པར་བསྟན་ནས་ཡུལ་གྱི་ཆོས་ཀྱང་སྣ་ཚོགས་མེད་པར་བསྟན་པའི་ཕྱིར་ཆོས་ཐམས་
ཅད་ནི་རྣམ་པར་རིག་པ་མེད་པ་སྟེ་ཞེས་གསུངས་སོ། །འདིར་དོགས་པ་ལ་གཏན་ཚིགས་སུ་འདི་ལྟར་གང་གི་ཕྱིར་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ནི་དངོས་པོ་གང་ལ་གནས་ཏེ། རྣམ་པར་གནས་པ་བྱས་ཏེ། རྣམ་པར་རིག་པར་འགྱུར་བ་རྣམ་པར་ཤེས་པར་འགྱུར་
བ་བདག་དང་གཞན་ཁོང་དུ་ཆུད་པར་འགྱུར་བའི་སྐྱེ་བ་འབྱུང་བ་བདག་ཡོད་པར་ཐོབ་པར་འགྱུར་བ་མེད་པའི་ཕྱིར་རོ། །དེ་དག་ནི་དེ་ཁོ་ནའི་དོན་གྱི་ཚུལ་གྱི་རྣམ་པ་ཡིན་ནོ། །སོ་སོའི་སྐྱེ་བོ་ལ་སོགས་པ་བསྟན་ཟིན་ཏོ། །ད་ནི་དེའི་ཆོས་བརྗོད་པར་བྱ་སྟེ། དགོངས་པའི་ཚུལ་གྱི་རྣམ་པ་
ནི་དེ་ལ་སོ་སོའི་སྐྱེ་བོའི་ཆོས་འདི་ལྟ་སྟེ། མཚམས་མེད་པ་ཞེས་བྱ་བ་ནི་མི་བཟད་པའོ། །དེ་ལ་ཞུགས་པ་རྣམས་ནི་བསམ་གྱིས་མི་ཁྱབ་པ་ཉིད་ལ་ཞུགས་པ་ཉིད་དུ་བསྟན་པས། མཚམས་མེད་པ་རྣམས་བྱང་ཆུབ་ཀྱི་རང་བཞིན་ཡིན་པར་བསྟན་ཏོ། །དེ་དག་ཀྱང་ཞེས་བྱ་བ་ལ་ཀྱང་
གི་སྒྲས་ནི་དེ་ལས་གཞན་པའི་མི་དགེ་བ་རྣམས་དང་། ལུང་དུ་མ་བསྟན་པ་དང་། དགེ་བ་རྣམས་དང་། སོ་སོའི་སྐྱེ་བོ་དང་སློབ་པ་དང་མི་སློབ་པ་ལ་སོགས་པའི་ཆོས་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་རང་བཞིན་ཉིད་ཡིན་པར་བལྟ་བར་བྱའོ་ཞེས་འདིར་ཐུན་མོང་ཡིན་པར་བཤད་དེ།
འོག་ནས་མཇུག་སྡུད་པའི་ཚིག་གིས་སྟོན་པར་འགྱུར་རོ། །བྱེ་བྲག་ཏུ་འཆད་པ་ནི་སོ་སོའི་ཚིག་གིས་འཆད་པར་འགྱུར་ཏེ། དེ་བས་ན་གང་དག་མཚམས་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཚམས་མེད་པ་ལ་ཞུགས་པ་ནི་མཚམས་མེད་པ་ལ་གནས་པ་སྟེ། དེ་དག་ནི་
བསམ་གྱིས་མི་ཁྱབ་པ་ལ་ཞུགས་པའོ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་ནི་བསྟན་པ་ལ་མ་ཞུགས་པ་དང་། ཞུགས་པའི་བྱེ་བྲག་གིས་རྣམ་པ་གཉིས་སོ། །བསྟན་པ་ལ་ཞུགས་པ་ཡང་འདུལ་བ་ལས་འགལ་བར་བྱེད་པ་དང་། མི་འགལ་བར་བྱེད་པ་དང་རྣམ་པ་གཉིས་སོ། །དེ་

རིམ་གྱིས་བསྟན་པའི་ཕྱིར་མཚམས་མེད་པ་ལ་ཞུགས་པ་མ་གསོད་པ་ལ་སོགས་པ་བྱེད་པར་ཞུགས་པ་དེ་དག་ནི་བསམ་གྱིས་མི་ཁྱབ་པ་ལ་ཞུགས་པ་སྟེ། བསམ་གྱིས་མི་ཁྱབ་པའི་དོན་རྣམ་པར་སྒྲོགས་པའི་བྱེད་པ་ནི་གང་དག་བསམ་གྱིས་མི་ཁྱབ་པ་ལ་ཞུགས་
པ་དེ་དག་ནི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། བསམ་པར་མི་ནུས་པའམ། བསམ་པར་མི་འོས་པ་ནི་བསམ་གྱིས་མི་ཁྱབ་པའོ། །དེ་ལ་ཞུགས་པ་དེ་དག་ནི་ཡང་དག་པ་ལ་ཞུགས་པ་ཁོ་ན་ཡིན་ནོ། །ཡང་དག་པ་ནི་ཕྱིན་ཅི་མ་ལོག་པ་དང་། སྐྱེ་བ་མེད་པའི་བར་དུ་ཡིན་ཏེ་དེར་ཞུགས་
པའོ། །མཚམས་མེད་པ་ཡང་ཕྱིན་ཅི་མ་ལོག་པ་ཉིད་ཡིན་པའི་ཕྱིར་ཡང་དག་པ་ཡིན་པར་བལྟ་བར་བྱའོ་ཞེས་དགོངས་པའོ། །འདིར་དགོངས་ནས་ཡང་དག་པའི་དོན་དགྲོལ་བའི་གཏན་ཚིགས་སུ་བཙུན་པ་ཤ་ར་དྭ་ཏིའི་བུ་ཡང་དག་པ་ཞེས་བྱ་བ་ནི་དབྱེར་མེད་པའི་གཞི་ཡིན་པའི་ཕྱིར་རོ་ཞེས་
གསུངས་ཏེ། དབྱེར་མེད་པ་ནི་ཡང་དག་པར་དབྱེར་མེད་པ་སྟེ། གནས་མེད་པ་ལ་སོགས་པ་ནས་བྱུང་བ་མེད་པ་ལ་ཐུག་པའི་བར་རོ། །དེའི་གཞི་ནི་གནས་སམ་ངོ་བོ་སྟེ། དེ་བཞིན་ཉིད་ལ་སོགས་པ་མྱ་ངན་ལས་འདས་པ་ལ་ཐུག་པའི་བར་དུ་ཡིན་ཏེ། དེ་ནི་བྱང་ཆུབ་སེམས་དཔའི་སྡེ་
སྣོད་ལས་རིག་པར་བྱའོ། །དབྱེར་མེད་པའི་གཞི་དེ་དག་ཡང་དག་པ་ཡིན་པའི་ཕྱིར་བསམ་གྱིས་མི་ཁྱབ་པའི་སྒྲས་བརྗོད་པར་བྱ་བ་སྟེ། དེ་ལ་ཞུགས་པ་དེ་དག་ནི་གང་མཚམས་མེད་པ་ལ་ཞུགས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་དེ་ལྟ་ན་བསམ་གྱིས་མི་ཁྱབ་པ་ལ་ཞུགས་
པ་བཞིན་དུ་མཚམས་མེད་པ་བྱེད་པ་རྣམས་ཀྱང་མཐོ་རིས་དང་། བྱང་གྲོལ་ཐོབ་པར་ཅིའི་ཕྱིར་མི་འགྱུར། ཆོས་གཅིག་ལ་ཞུགས་པ་རྣམས་འབྲས་བུ་ཐ་དད་པར་ཅིའི་ཕྱིར་འགྱུར་ཞེ་ན། དེའི་ཕྱིར་གང་དག་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་
བསམ་གྱིས་མི་ཁྱབ་པ་དང་ལྡན་ཞིང་རྗེས་སུ་འབྲེལ་པ་དེ་དག་མཐོ་རིས་བརྒྱ་བྱིན་ལ་སོགས་པར་བསྟེན་ཅིང་། འགྲོ་བ་ཁོ་ན་མ་ཡིན་ནོ། །མཐོ་རིས་སྨོས་པས་འཁོར་ལོས་སྒྱུར་བ་དང་། ཚངས་པ་ལ་སོགས་པར་བསྟེན་པ་ཡང་མཚོན་པ་ཡིན་ནོ། །ངན་སོང་ནི་དམྱལ་བ་ལ་སོགས་

པའོ། མྱ་ངན་ལས་འདས་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དེ། དེ་དག་ཏུ་འགྲོ་བ་མ་ཡིན་ནོ། །མཐོ་རིས་དང་བྱང་གྲོལ་དང་ངན་སོང་ལ་སོགས་པར་འགྲོ་བའི་མཚན་ཉིད་དུ་སྣང་བ་དེ་དག་ནི་རྨོངས་པ་རྣམས་ཀྱི་འཁྲུལ་པ་ཡིན་གྱི་ཡང་དག་པ་ཉིད་མ་ཡིན་ནོ། །འདི་ལ་
གཏན་ཚིགས་ཅི་ཡོད། མཚམས་མེད་པ་བྱེད་པ་ནི་ངན་སོང་དུ་འགྲོ་ལ། བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ནི་མཐོ་རིས་དང་། བྱང་གྲོལ་ཐོབ་པར་བྱེད་པར་སྣང་ངོ་སྙམ་དུ་སེམས་པ་དེའི་ཕྱིར་བསམ་གྱིས་མི་ཁྱབ་པ་ནི་འགྲོ་བ་དང་མི་འགྲོ་བར་ཉེ་བར་གནས་པ་མ་ཡིན་ཞེས་
གསུངས་ཏེ། བསམ་གྱིས་མི་ཁྱབ་པ་ནི་འདུས་མ་བྱས་ཏེ། དེ་བཞིན་ཉིད་ལ་སོགས་པ་མྱ་ངན་ལས་འདས་པ་ལ་ཐུག་པ་རྣམས་ཏེ། དེ་དག་ནི་ལས་ཀྱིས་འགྲོ་བ་དང་དེ་ཟད་པས་མི་འགྲོ་བ་སྟེ། འགྲོ་བ་དང་མི་འགྲོ་བར་ཀུན་ཏུ་བརྟགས་པ་ཡོད་པ་མ་ཡིན་པ་དེ་བས་ན། ཉེ་བར་
གནས་པ་མ་ཡིན་འགྱུར་བ་མ་ཡིན་ཏེ། བསམ་གྱིས་མི་ཁྱབ་པ་ནི་སྐྱེ་བ་མེད་པའི་ངོ་བོ་ཡིན་པའི་ཕྱིར་ཇི་ལྟར་འབྲས་བུ་ཡོད་པ་མ་ཡིན་པ་ཀུན་བརྟགས་པ་ཡིན་པར་འགྱུར་ཞིང་། ཉེ་བར་གནས་པར་འགྱུར་མྱ་ངན་ལས་འདས་པའི་བར་དུ་ཞེས་ཐ་མར་སྨོས་པ་ལ་བར་དུ་ཞེས་
བྱ་བའི་སྒྲས་ནི་དེ་བཞིན་ཉིད་ཀྱི་རྣམ་གྲངས་སུ་གཏོགས་པ་ཐམས་ཅད་སྟོན་པར་བྱེད་དོ། །འདུལ་བའི་ཆོས་ལས་འགལ་བར་བྱེད་པའི་དབང་དུ་བྱས་ནས། བཙུན་པ་ཤ་ར་དྭ་ཏིའི་བུ་གང་དག་ལྟུང་བའི་རྩ་བ་བཞི་ལ་གནས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་གསོད་
པ་ལ་སོགས་ཏེ། ཕས་ཕམ་པའི་ལྟུང་བ་བཞི་ལ་གནས་པ་དེ་དག་ཀྱང་ཞེས་བྱ་བ་ལ། ཀྱང་གི་སྒྲས་དགེ་འདུན་གྱི་ལྷག་མ་ལ་སོགས་པ་ལ་ནན་ཏན་བྱེད་པས་འདུག་པར་བྱེད་ཅིང་གནས་པ་བསྡུའོ། །རྩ་བ་མེད་པ་ལ་གནས་པའོ་ཞེས་བྱ་བ་ལ་རྩ་བ་ནི་འཇིག་ཚོགས་དང་ཕམ་
པའི་ལྟུང་བ་བཞི་བྱུང་བའོ། །མི་གནས་པ་ཞེས་བྱ་བ་ལ་གནས་པ་ནི་ཡང་དག་པ་ཡིན་པར་ཀུན་ཏུ་རྟོག་པ་ལའོ། །དེ་གཉིས་མ་སྐྱེས་པའི་ཕྱིར་དེ་གཉིས་ནི་བྱང་ཆུབ་དང་མཉམ་པ་ཡིན་པར་ཤེས་སོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང་བྱང་ཆུབ་ཀྱི་རྩ་བ་མེད་

པ་དང་། གནས་པ་མེད་པར་གསུངས་སོ། །འདིར་རྩ་བ་མེད་པའི་ཚིག་གིས་ནི་གཉི་གའི་བྱེ་བྲག་ཡིན་པར་བསྟན་ཏོ། །འོག་ནས་ཀྱང་རྩ་བ་མེད་པའི་དགེ་སློང་ཞེས་བྱ་བ་དེ་ནི་གནས་པ་མེད་པའི་དགེ་སློང་གི་ཚིག་བླ་དགས་སོ་ཞེས་གསུངས་ཏེ། ཚིག་
གཉི་ག་སྨོས་པས་ནི་འདིར་རབ་ཏུ་ཕྱེ་བ་ཡིན་ནོ། །གང་ཡང་རུང་བ་ཅིག་སྨོས་ན་ནི་གཉི་ག་བསྟན་པ་ཡིན་ཏེ། བྱ་བ་དང་དངོས་པོའི་སྒྲ་བཞིན་ནོ། །དེ་བས་ན་དེ་དག་ཀྱང་རྩ་བ་མེད་པ་ལ་གནས་པའོ་ཞེས་བྱ་བ་ནི་བྱང་ཆུབ་ལ་གནས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །རྩ་བ་བྱུང་
བ་ལ་གནས་པ་དག་ཇི་ལྟར་བྱང་ཆུབ་ལ་གནས་པ་ཡིན་ཞེ་ན། དེའི་ཕྱིར་བཙུན་པ་ཤ་ར་དྭ་ཏིའི་བུ་སྐྱེ་བ་མེད་པ་ལ་རྩ་བའམ་རྩེ་མོ་ཞེས་བྱ་བར་འདོད་པ་མེད་པའི་ཕྱིར་རོ་ཞེས་གསུངས་ཏེ། འདི་ལྟར་སྐྱེ་བ་མེད་པ་འདུས་མ་བྱས་པ་ལ་ནི་རྩ་བ་ཞེས་བྱ་བ་བདག་གོ་སྙམ་པའི་བློ་དང་རྩེ་མོ་
ཆོས་ཀྱི་རྣམ་པར་རྟོག་པ་ཡོད་པར་འདོད་ཅིང་ཁས་ལེན་པ་མེད་པའི་ཕྱིར་ཏེ། ཡང་དག་པ་མ་ཡིན་པ་དེ་གཉིས་ཡོད་ན་ནི་སྐྱེ་བ་མེད་པ་ཉིད་མ་ཡིན་པར་འགྱུར་རོ། །དེས་ན་རྩ་བ་མེད་པའི་དགེ་སློང་ཞེས་བྱ་བ་དེ་ནི་ཡང་དག་པ་མ་ཡིན་པར་ཀུན་ཏུ་རྟོག་པ་ཁམས་གསུམ་པའི་སེམས་དང་
སེམས་ལས་བྱུང་བའི་བདག་ཉིད་ལ་མི་གནས་ཤིང་རློམ་སེམས་དང་བྲལ་བའི་དགེ་སློང་གི་ཚིག་བླ་དགས་ཏེ། རྗོད་པར་བྱེད་པ་ཡིན་ནོ། །འདིས་ནི་རྩ་བ་བྱུང་བ་དང་བྱང་ཆུབ་མཉམ་པ་ཉིད་ཡིན་པར་བལྟ་བར་བྱ་བ་ཡིན་ནོ་ཞེས་བསྟན་པར་རིག་པར་བྱའོ། །ད་ནི་རྟ་དང་རྒོད་མ་དང་། བ་
ལང་དང་གླང་ཞེས་བྱ་བའི་ཚུལ་ལྟར་དེ་ལས་གཞན་པའི་ལྟུང་བའི་དབང་དུ་བྱས་ནས་རྩོད་པ་བྱུང་བ་ཞེས་བྱ་བ་དེ་ནི་ལྷག་པར་སྒྲོ་འདོགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྩོད་པ་བྱུང་བ་ཞེས་བྱ་བ་ནི་རྩོད་པའི་གནས་སུ་གྱུར་པའི་ལྟུང་བ་བྱས་པ་བྱུང་བ་སྟེ། དག་པ་མ་ཡིན་པའི་
ཕྱིར། གནས་པར་བྱ་བ་མ་ཡིན་པས་ཇི་ལྟར་རང་རང་གི་ལས་རྣམས་ཀྱིས་རྣམ་པར་སྦྱང་དགོས་པ་ཡིན་ནོ། །རྩོད་པའི་གནས་པ་མ་སྐྱེས་པ་ཡིན་པའི་ཕྱིར། བྱང་ཆུབ་ཀྱི་རང་གི་ངོ་བོ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེ་ནི་ལྷག་པར་སྒྲོ་འདོགས་པ་ཞེས་བྱ་བའི་ཚིག་བླ་དགས་སོ་ཞེས་

གསུངས་ཏེ། གང་ལ་ལྟ་བས་བྱས་པའི་རྟོག་པ་སྒྲོ་འདོགས་པ་དེ་ལྷག་པ་ཁོངས་སུ་མ་གཏོགས་པ་རྣམ་པར་མི་གནས་པ་དེ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་ཡིན་ཏེ། དེའི་ཚིག་བླ་དགས་ཡིན་ནོ། །བསྟན་མ་ཐག་པའི་མཚན་ཉིད་
ལྷག་པར་སྒྲོ་འདོགས་པ་ལ་ལྷག་པར་མོས་པ་ལ་སོགས་པས་བྱང་ཆུབ་ཀྱི་སྤྱོད་པའི་གནས་སྐབས་ན། སྤྱོད་ཅིང་བྱེད་པ་ནི་སྦྱིན་གནས་སུ་འགྱུར་ཏེ། འཁོར་གསུམ་ཡོངས་སུ་དག་པ་དང་ལྡན་པའི་ཕྱིར་དང་དག་པ་ཡིན་པའི་ཕྱིར་རོ། །དེ་ལས་གཞན་པ་ནི་སྦྱིན་པ་དང་
སྦྱིན་པ་པོ་དང་ལེན་པ་རྣམས་དམིགས་པ་དང་དྲི་མ་ཅན་ཡིན་པའི་ཕྱིར་མ་དག་པ་ཡིན་ཏེ། སྦྱིན་གནས་དམ་པ་དག་པར་འགྱུར་བར་ནུས་པ་མ་ཡིན་ནོ། །དེ་ལྟར་ན་འདི་ནི་དགོངས་པ་སྟོན་པའི་གཞི་བློ་གྲོས་ཤིན་ཏུ་གནས་པས་ཡོངས་སུ་ཞུས་པ་དང་རྗེས་སུ་མཐུན་པར་གྱུར་པ་
ཡིན་ནོ། །འདི་ཡང་འཁོར་གསུམ་ཡོངས་སུ་དག་པ་ཞེས་བྱ་བ་གང་ཡིན་པ་དེ་ལྟར་དག་པ་དེ་ནི་ཕྱིས་རྣམ་པར་སྦྱང་དུ་མེད་དོ། །ལྷའི་བུ་འདི་ལས་དགོངས་ནས་འདི་སྐད་དུ་སྟོན་ཏེ། གང་ཞིག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་དད་པས་བྱིན་པ་ཡོངས་སུ་
སྤྱོད་པ་དེ་ནི་འཇིག་རྟེན་ནི་སྦྱིན་གནས་སུ་གྱུར་པ་དང་དེ་ཤིན་ཏུ་རབ་ཏུ་བྱུང་བ་ཡིན་པས་དེ་སྦྱང་དགོས་པ་མ་ཡིན་ནོ་ཞེས་འབྱུང་སྟེ། དེ་ནི་ཁྱད་པར་དུ་བསྟན་པ་ཡིན་ཏེ། ཉི་མ་བཞིན་ནོ་ཞེས་དགོངས་པའོ། །འདིར་དགོས་པ་ལ་གཏན་ཚིགས་སུ་འདི་ལྟར་ལྷག་པར་སྒྲོ་འདོགས་
པ་དེ་ནི་མཉམ་པ་ཡིན་པའི་ཕྱིར་རོ་ཞེས་གསུངས་ཏེ། མཉམ་པ་ནི་རྣམ་པར་ཐར་པ་གསུམ་གྱི་མཉམ་པ་ཉིད་ཀྱིས་མཉམ་པ་ཉིད་ཡིན་པ་དེ་ཉིད་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་རྒྱས་པར་རིག་པར་བྱའོ། །ལྷག་པར་སྒྲོ་འདོགས་པ་དེ་ནི་སྔར་བསྟན་ཟིན་ཏོ། །ད་ནི་ཡོངས་
སུ་སྨིན་པར་བྱེད་པ་ལ་ཞུགས་པ་ཉིད་ཀྱི་ཆོས་ཀྱི་དབང་དུ་བྱས་ནས། བཙུན་པ་ཤ་ར་དྭ་ཏིའི་བུ་དགེ་སློང་དད་པ་དང་ལྡན་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལས་དང་འབྲས་བུ་དང་བདེན་པ་དང་དཀོན་མཆོག་ལ་སོགས་པ་ལ་མངོན་པར་ཡིད་ཆེས་པ་དང་ལྡན་པའི་དད་པ་ཅན་དེ་ནི་

དད་པས་བྱིན་པ་སྤྱད་པའི་འོས་མ་ཡིན་ཏེ། ལས་དང་འབྲས་བུ་ལ་སོགས་པ་རྣམ་པར་རྟོག་པའི་དྲི་མས་སེམས་ཀྱི་རྒྱུད་དྲི་མ་ཅན་དུ་བྱས་པའི་ཕྱིར་རོ། །དེ་ལས་བཟློག་པ་ནི་དགེ་སློང་མ་དད་པ་ཡིན་ཏེ། དེ་ནི་དད་པས་བྱིན་པ་སྤྱད་པའི་འོས་ཡིན་ཏེ། སེམས་
ཀྱི་རྒྱུད་རྣམ་པར་དག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །བཙུན་པ་ཤ་ར་དྭ་ཏིའི་བུ་རུང་བ་ཅན་གྱི་དགེ་སློང་ནི་ཞེས་བྱ་བ་ལ་རུང་བ་ནི་འདུལ་བ་ལས་བསླབ་པ་བཅས་པ་གསུངས་པ་བཞིན་བྱེད་པ་དང་བཅས་པ་དེ་ལས་མི་འདའ་བ་གང་ཡིན་པའོ། །འདི་ཡང་དད་པ་དང་ལྡན་པ་བཞིན་རིག་
པར་བྱའོ། །ད་ནི་རྒྱུ་དང་འབྲས་བུར་ཕྱེ་སྟེ། མི་སློབ་པའི་ཆོས་ཀྱི་དབང་དུ་བྱས་ནས་ཁྲིད་པ་ཡང་དག་པར་མ་བཅོམ་པའི་དགེ་སློང་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྲིད་པར་ཁྲིད་པར་བྱེད་པ་ནི་སྲེད་པའོ། །དེ་ནི་ཡུལ་ཐོབ་པ་དང་མ་ཐོབ་པ་ཉིད་པས་རྣམ་པ་གཉིས་སོ། །དེ་ལ་
ཐོབ་པའི་ཡུལ་ལ་བརྟེན་པ་དེས་མི་སྐྱོ་ཞིང་མ་ཐོབ་པ་ཡང་ཚོལ་བར་བྱེད་དོ། །ཡུལ་ལ་ཡིད་བྱུང་བ་མེད་པའི་ངོ་བོ་དང་། ཡུལ་ཚོལ་བར་བྱེད་པ་དེ་ཡང་འགྲོ་བ་དང་། སྐྱེ་གནས་དེ་དང་དེ་དག་ཏུ་ཕུང་པོའི་རྒྱུན་ཁྲིད་པར་བྱེད་པས་ཁྲིད་པར་ཞེས་སྦྱར་ཏེ། སྡུག་པ་དང་མི་སྡུག་པ་ཐོབ་
པ་དང་སྤངས་པར་བྱ་བའི་ཕྱིར་རྒྱུག་པར་བྱེད་པའི་ཐ་ཚིག་གོ། །ཡིད་འབྱུང་བའི་གགས་སུ་གྱུར་པ་དང་། ཡུལ་ཚོལ་བར་བྱེད་པའི་དགྲ་དེ་དག་བཅོམ་པས། དགྲ་བཅོམ་པའོ། །ཕུང་པོའི་རྒྱུན་ཟག་པ་ཟད་པས། ཟག་པ་ཟད་པ་ཞེས་བྱའོ། །ཉོན་མོངས་པ་བཅོམ་པས་དགེ་
སློང་ངོ་། །དེ་དག་ཡང་དག་པར་བཅོམ་པ་དེ་ཉིད་ཁྲིད་པར་བྱེད་པ་ཡང་དག་པར་མ་བཅོམ་པ་ཞེས་བྱ་བ་འདིས་བསྟན་ཏོ། །དགོངས་པ་གསལ་བར་བྱ་བའི་ཕྱིར། འཇམ་དཔལ་ཅི་ལས་བསམས་ཏེ་དེ་སྐད་སྨྲ་ཞེས་དྲིས་སོ། །འདི་སྙམ་བསམས་ཏེ། སྲིད་པར་ཁྲིད་པར་བྱེད་པ་མ་
བཅོམ་ན། ཇི་ལྟར་ཟག་པ་ཟད་པ། དགྲ་བཅོམ་པའི་དགེ་སློང་ཉིད་ཡིན། ཡང་དག་པར་བཅོམ་ན་ཡང་། ཇི་ལྟར་སྲིད་པར་ཁྲིད་པ་ཡང་དག་པར་མ་བཅོམ་པ་ཉིད་ཡིན་ཞེས་བསམས་པའོ། །ཇི་ལྟ་བ་བཞིན་བཅོམ་པ་བསྟན་པའི་ཕྱིར། མཉམ་པ་ཉིད་ལ་ཡང་དག་པར་བཅོམ་

པ་མེད། ཁྲིད་པར་བྱེད་པ་དེ་ཉིད་ཀྱང་མཉམ་པ་ཉིད་ཡིན་ནོ་ཞེས་གསུངས་སོ། །མཉམ་པ་ཉིད་ཆོས་ཀྱི་དབྱིངས་དེ་ལ། ཡང་དག་པར་བཅོམ་པ་མེད་པ་ནི་གང་གིས་ཇི་ལྟར་ཡང་དག་པར་རྒྱུན་བཅད་པ་མེད་པའོ། །འདི་ལྟར་སྣ་ཚོགས་ཉིད་ཀྱིས་ནི་བཅོམ་པ་དང་། འཇོམས་
པར་བྱེད་པ་ལ་ཁྱབ་པར་བྱེད་པ་ཡིན་ལ། སྣ་ཚོགས་ཉིད་དང་མི་མཐུན་པ་ཡང་མཉམ་པ་ཉིད་ཡིན་ནོ། །དེ་ལྟར་སྣ་ཚོགས་ཉིད་ལོག་པར་གྱུར་ན། ཁྱད་པར་བྱ་བ་བཅོམ་པ་རང་ཡང་ལྡོག་པར་འགྱུར་བས། ཡང་དག་པར་བཅོམ་པ་མེད་པ་མཉམ་པ་ཉིད་ཡིན་ནོ། །གཞན་
ཡང་འདས་པ་ནི་འགགས་པའི་ཕྱིར་དང་། མ་འོངས་པ་ནི་མ་ཐོབ་པའི་ཕྱིར་དང་། ད་ལྟར་བྱུང་བ་ནི་སྟོབས་མཚུངས་པའི་ཕྱིར་འཇོམས་པ་མ་ཡིན་ནོ། །དེ་བས་ན་དོན་དམ་པར་གང་གཞོམ་པར་བྱ་བ་དང་། འཇོམས་པར་བྱེད་པ་གང་ཡང་མཉམ་པ་ཉིད་ལ་བསམ་དུ་མེད་དོ། །འཇོམས་
པ་དེ་ལ་ཁྱབ་པར་བྱེད་པའི་སྣ་ཚོགས་ཉིད་དང་། མི་མཐུན་པ་མཉམ་པ་ཉིད་ནི་ཁྲིད་པར་བྱེད་པ་ལ་ཡོད་པར་མཇུག་བསྡུ་ཞིང་མ་གྲུབ་པ་ཡོངས་སུ་སྤང་བའི་ཕྱིར། ཁྲིད་པར་བྱེད་པ་དེ་ཉིད་ཀྱང་མཉམ་པ་ཉིད་ཡིན་ནོ་ཞེས་གསུངས་ཏེ། འདིར་ནི་ཁྲིད་པར་བརྗོད་པ་མཉམ་པ་ཉིད་བསྟེན་པས་ནི་
ཁྲིད་པའི་མི་མཉམ་པའི་ངོ་བོ་སེལ་བར་བྱེད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་མཉམ་པ་ཉིད་ཡིན་ནོ་ཞེས་བསྟན་ཏོ། །ཀྱང་ཞེས་བྱ་བ་ནི་སྔ་ཕྱི་སྡུད་པར་བྱེད་པའོ། །དེ་ཉིད་ཅེས་བྱ་བ་འདིས་ནི་ཁྲིད་པར་བྱེད་པ་བརྗོད་མ་ཐག་པ་མཚོན་པར་སྟོན་པར་བྱེད་དོ། །དེས་ན་འདི་སྐད་དུ། སྐྱེ་བ་མེད་པར་མཉམ་པ་
ཉིད་མཐོང་བ་ཁོ་ན་ཡང་དག་པར་དགྲ་བཅོམ་པ་ཉིད་ཡིན་ནོ་ཞེས་བསྟན་ཏོ། །སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀྱང་། གནས་དང་བཅས་པའི་སེམས་ཡོད་ལ། །ཉོན་མོངས་དུག་ཆེན་ཅིས་མི་འབྱུང་། །ཐ་མལ་འདུག་པའམ་ཉོན་མོངས་པའི། །སྦྲུལ་གདུག་རྣམས་ཀྱིས་ཟིན་པར་འགྱུར། །
སྡུག་ཅེས་པ་ལས་ཆགས་པ་འབྱུང་། །དེ་ལས་བཟློག་པས་འདོད་ཆགས་བྲལ། །སྒྱུ་མའི་སྐྱེས་བུ་ལྟར་དབེན་པར། །མཐོང་ན་མྱ་ངན་འདས་པར་འགྱུར། །ཞེས་བཤད་དོ། །ཕུང་པོ་ལ་སོགས་པ་ཡང་དག་པར་མ་སྐྱེས་པ་རྣམས་ལ། མི་རྟོག་པ་ལ་སོགས་པའི་རྣམ་པར་བསྒོམས་

པས། འདོད་ཆགས་ལ་སོགས་པ་ཞི་བར་འགྱུར་བ་དེ་ནི་ཡང་དག་པ་མ་ཡིན་ཏེ། ཉན་ཐོས་རྣམས་ཐེག་པ་ཆེན་པོ་ལ་འཛུད་པར་དགོངས་ནས། དགོངས་པའི་ཚུལ་ལ་དགོངས་ཏེ། དེ་སྐད་བཤད་པ་ཡིན་ནོ། །འབྲས་བུར་གྱུར་པའི་མི་སློབ་པའི་ཆོས་ཀྱི་དབང་དུ་བྱས་
ནས། བཙུན་པ་ཤ་ར་དྭ་ཏིའི་བུ་འཇིགས་པ་ལས་མ་རྒལ་བ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཉན་ཐོས་རྣམས་ནི་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་གྱིས་ཁམས་གསུམ་ལ་སྐྲག་ནས། རང་གི་ལམ་བསྒོམས་པས་འཁོར་བའི་འཇིགས་པ་ལས་བརྒལ་ཏེ་འབྲས་བུ་ཐོབ་པ་དེ་ལ། འཇམ་
དཔལ་ཅི་ལས་བསམས་ཏེ་དེ་སྐད་སྨྲ་ཞེས་དགོངས་པ་དྲིས་པ་དང་ལན་དུ། དེའི་འཇིགས་པ་ཅུང་ཟད་ཙམ་ཡང་མེད་ན། ཅི་ཞིག་ལས་བརྒལ་བར་འགྱུར་ཞེས་གསུངས་སོ། །རེ་ཞིག་འཇིགས་པ་ཆེན་པོ་འམ། འབྲིང་ལྟ་ཞོག་གི །འཇིགས་པ་ཅུང་ཟད་ཙམ་ཡང་ཕྲ་མོ་ཙམ་ཡང་མེད་དེ།
དེའི་སྐྱེ་བ་ལ་སོགས་པ་ནི་མ་སྐྱེས་པའི་ཕྱིར་རོ། །དེ་བས་ན་ཅི་ཞིག་ལས་བརྒལ་བར་འགྱུར་གང་ཞིག་གང་དུ་ཇི་ལྟར་ཡང་ཞེས་བྱ་བར་ཡང་བསྟན་པར་བྱ་བ་ཡིན་ནོ། །འདིས་ནི་མི་རྟག་པ་ལ་སོགས་པའི་རྣམ་པར་འཕགས་པའི་བདེན་པ་བསྒོམས་པས། དགྲ་བཅོམ་པའི་གང་ཟག་འདི་ཁམས་
གསུམ་ལས་འདས་ཏེ། མྱ་ངན་ལས་འདས་པ་ལ་གནས་སོ་ཞེས་བྱ་བ་འདི་ཐམས་ཅད་ནི་ཡང་དག་པ་མ་ཡིན་པར་སྒྲོ་བཏགས་པ་ཙམ་དུ་ཟད་དོ་ཞེས་བསྟན་པ་ཡིན་ནོ།། །།བམ་པོ་བཞི་པ། ད་ནི་བྱང་ཆུབ་སེམས་དཔའི་ཆོས་བཤད་པ་སྐབས་དབྱེ་བའི་ཕྱིར་འཇམ་དཔལ་མ་སྐྱེས་
པའི་བཟོད་པ་ཅན་ཞེས་བྱ་བ་དེ་གང་གི་ཚིག་བླ་དགས་ཞེས་ཤཱ་རིའི་བུས་དྲིས་སོ། །མ་སྐྱེས་པ་ལ་འམ་མ་སྐྱེས་པ་རྟོགས་པ་ལ་བཟོད་པ་ནི་བཟོད་པ་དང་དུ་ལེན་པ་དང་། འདོད་པ་འདི་ལས་ཡོད་པས་མ་སྐྱེས་པའི་བཟོད་པ་ཅན་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་གང་གིས་མིག་དང་གཟུགས་དང་།
དེའི་རྣམ་པར་ཤེས་པ་ལ་སོགས་པའི་ཆོས་ཅུང་ཟད་ཙམ་ཡང་ཕྲ་རབ་ཙམ་ཡང་མ་བསྐྱེད་དེ། སྐྱེ་བར་བློས་མ་མཐོང་མ་བརྟགས་པ་སྟེ། མ་སྐྱེས་པའི་བཟོད་པ་ཅན་ཞེས་བྱའོ། །འདི་མན་ཆད་ནི་བསླབ་པ་གསུམ་གྱི་མཚན་ཉིད་ལམ་གྱི་དབང་དུ་བྱས་ནས། འཇམ་དཔལ་དགེ་སློང་མ་དུལ་བ་ཞེས་

བྱ་བ་དེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཅིའི་ཕྱིར་དགྲ་བཅོམ་པ་ལ་དེ་སྐད་ཅེས་བྱ་ཞེ་ན། དེའི་ཕྱིར་མ་དུལ་བ་ནི་འདུལ་ལ། དུལ་བ་ནི་མི་འདུལ་བ་ཡིན་ཏེ། བཙུན་པ་ཤ་ར་དྭ་ཏིའི་བུ་འདི་ལ་བསམས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་དུལ་བ་ཞེས་བྱ་བ་ནི་འདུལ་བ་དང་
འབྲལ་བའམ། ལོག་པར་དུལ་བ་རྣམས་བསླབ་པ་དང་གདམས་ངག་རྗེས་སུ་སྦྱིན་པ་རྣམས་ཀྱིས་འདུལ་བར་བྱེད་པའོ། །དུལ་བ་ནི་མི་འདུལ་བ་ཞེས་བྱ་བ་ནི་རྣམ་པར་དག་པའི་ཚུལ་ཅན་སྒྲོ་འདོགས་པ་དང་། སྐུར་འདེབས་ཀྱི་མཐའ་དང་བྲལ་བ་གང་ཡིན་པ་དེ་དག་འདུལ་བར་མི་བྱེད་པ་སྟེ། །
ལུས་དང་ངག་དང་། ཡིད་སྡོམ་པའི་བདག་ཉིད་ཀྱི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་མི་དམིགས་པ་ལ་དགོངས་ཏེ་དེ་སྐད་སྨྲའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་བྱས་ན་འདིའི་བློ་གྲོས་ཤིན་ཏུ་གནས་པས་ཞུས་པ་ལས། ལྷག་པའི་ཚུལ་ཁྲིམས་ལ་སོགས་པའི་བསླབ་པ་གསུམ་མི་དམིགས་
པས། ལྷག་པའི་ཚུལ་ཁྲིམས་ལ་སོགས་པ་བསླབ་པ་གསུམ་ཡིན་ནོ་ཞེས་འབྱུང་བ་དང་རྗེས་སུ་མཐུན་པར་བྱས་པ་ཡིན་ནོ། །བཙུན་པ་ཤ་ར་དྭ་ཏིའི་བུ་ལྷག་པའི་སེམས་ལ་སྤྱོད་དོ་ཞེས་བྱ་བ་དེ་ནི་སོ་སོའི་སྐྱེ་བོའི་ཚིག་བླ་དགས་སོ་ཞེས་བྱ་བ་ནི་ལྷག་པའི་སེམས་ཀྱི་བསླབ་པ་དང་། སྤྱོད་པ་རྣམས་
དམིགས་པའི་ཕྱིར་རོ། །འདིར་གཏན་ཚིགས་སུ་འདི་ལྟར་དེ་ལྷག་པར་བྱེད་པའི་ཕྱིར་རོ་ཞེས་གསུངས་ཏེ། འདི་ལྟར་གང་གི་ཕྱིར་ལྷག་པའི་སེམས་ཀྱི་བསླབ་པ་སངས་རྒྱས་ཐམས་ཅད་ཀྱིས་མ་བརྙེས་པ་ལ། སོ་སོའི་སྐྱེ་བོ་དེ་དག་ལྷག་པར་བྱེད་ཅིང་གནས་པར་བྱེད་དེ། མཉམ་པ་ཉིད་བོར་ན་སེམས་
དང་གཞན་ལ་ཡང་རྟོགས་པར་བྱེད་པ་ཡིན་ནོ། །དོན་གྱིས་ན་སེམས་དང་སྤྱོད་པ་མི་དམིགས་པའི་ལྷག་པའི་སེམས་ཀྱི་བསླབ་པ་ཡིན་པར་གསུངས་སོ། །ཡང་དག་པར་བཤད་པས་རངས་ན། འཇམ་དཔལ་ཁྱོད་ཀྱིས་དགྲ་བཅོམ་པ་ཟག་པ་ཟད་པ་ཇི་ལྟ་བ་དེ་བཞིན་དུ་སྨྲས་པ་དེ་ལེགས་སོ་ལེགས་
སོ་ཞེས་བྱ་བས། ལྷག་པའི་ཤེས་རབ་ཀྱི་བསླབ་པ་གླེང་སློང་བར་བྱེད་པ་ཡིན་ཏེ། ཡང་དག་པའི་ངག་ནི་ཤེས་རབ་ཀྱི་འབྲས་བུ་ཡིན་པའི་ཕྱིར་རོ། །དགྲ་བཅོམ་པ་ཟག་པ་ཟད་པ་ཞེས་བྱ་བ་ནི་རྣམ་པར་གྲོལ་བའི་ཕུང་པོའོ། །ཇི་ལྟར་དེ་བཞིན་དུ་སྨྲས་པ་ཞེས་བྱ་བ་ནི་རྣམ་པར་གྲོལ་བའི་ཡེ་

ཤེས་མཐོང་བས་སོ། །འདིས་ནི་ཤེས་རབ་འབྲས་བུ་དང་དགོངས་པ་དང་བཅས་པ་བསྟན་པ་ཡིན་ནོ། །འཕགས་པ་འཇམ་དཔལ་གྱིས་ཀྱང་ཐེག་པ་ཆེན་པོ་ལ་གཟུད་པར་དགོངས་ནས། ཉན་ཐོས་ཀྱི་ཐེག་པ་སྤང་བར་བསྟན་པའི་ཕྱིར། ཤཱ་རིའི་བུ་དེ་དེ་བཞིན་ཏེ། ཇི་
སྐད་སྨྲས་པ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པ་གཞན་ལ་དགོངས་ནས་ཟག་པ་ཟད་པ་ཉིད་ཡིན་པར་ཞལ་གྱིས་བཞེས་པའི་ཕྱིར་དང་། དགྲ་བཅོམ་པ་ཉིད་ཡིན་པར་དངོས་སུ་བཀག་པའི་ཕྱིར། གཉི་ག་ཡང་མ་ཡིན་པར་བསྟན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེས་
དོགས་པ་ལ་གཏན་ཚིགས་སུ། བཙུན་པ་ཤ་ར་དྭ་ཏིའི་བུ་འདི་ལྟར་ཉན་ཐོས་ཀྱི་ས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉན་ཐོས་དགྲ་བཅོམ་པ་དང་། རང་སངས་རྒྱས་ཀྱི་སར་ཁོ་བོའི་བདག་གི་བསམ་པ་སྲེད་པ་ཟད་པའི་ཕྱིར་དང་མེད་པའི་ཕྱིར་ཏེ། ཉན་ཐོས་ཀྱི་ས་ལ་འདོད་པ་མེད་པའི་
རྣམ་གྲངས་ཚུལ་འདིས་ན་ཁོ་བོ་ཟག་པ་ཟད་པ་ཡིན་མོད་ཀྱི། དགྲ་བཅོམ་པ་ནི་ཇི་ལྟར་ཡང་མ་ཡིན་ནོ་ཞེས་བྱ་བའི་སྒྲ་ནི་ངེས་པར་བཟུང་བའི་དོན་ཏེ། མ་ཡིན་པ་ཁོ་ནའོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་བསྟན་ཏེ། གང་ཞིག་ཉན་ཐོས་ཀྱི་ཐེག་པ་འདོད་པ་དེ་ལ་ནི་བདག་ཏུ་ལྟ་བ་ལ་སོགས་
པ་ཡོད་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་བདག་ཞི་བར་བྱ་བ་དང་། ཡོངས་སུ་མྱ་ངན་ལས་འདས་པར་བྱ་བའི་ཕྱིར། མི་སྦྱོར་བ་ཁོ་ན་ཡིན་ནོ། །མངོན་པར་བཞེད་པའི་ཤེས་རབ་བསྟན་པའི་ཕྱིར། འཇམ་དཔལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བྱང་ཆུབ་ཀྱི་སྙིང་པོར་འདུག་
ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཞེས་བྱ་བ་ནི་གང་གིས་སོ། །བྱང་ཆུབ་ཀྱི་སྙིང་པོ་ནི་མཚན་ཉིད་བསྟན་ཟིན་ཏོ། །འདུག་ལ་གནས་ཏེ་བླ་ན་མེད་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་སྐལ་བ་མེད་པར་འགྱུར་བ། སྣོད་དུ་མི་འགྱུར་བའི་རྣམ་གྲངས་ཡོད་དམ་ཞེས་དྲིས་
སོ། །རྣམ་གྲངས་ཞེས་བྱ་བ་ནི། བཤད་པའི་རིམ་པ་ལ་བྱ་བ་ཡིན་གྱི། དངོས་སུ་ནི་དུས་ཐམས་ཅད་དུ་དེ་བཞིན་དུ་གནས་པ་ཡིན་པའི་ཕྱིར་རྣམ་གྲངས་མེད་པ་ཡིན་ནོ། །ལན་དུ་འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། སྐལ་བ་མ་མཆིས་པར་འགྱུར་བའི་རྣམ་

གྲངས་མཆིས་སོ་ཞེས་བྱ་བའི་བར་དུ་གསོལ་ཏོ། །དེ་གཏན་ཚིགས་ཅི་ཡོད་ཅེ་ན་དེའི་ཕྱིར། འདི་ལྟར་བྱང་ཆུབ་ལ་ཅུང་ཟད་ཙམ་གྱི་ཆོས་ཀྱང་མ་མཆིས་ཤིང་ཞེས་བྱ་བ་ལ་སོགས་པ་གསོལ་ཏེ། འདི་ལྟར་བྱང་ཆུབ་ལ་ཅུང་ཟད་ཙམ་གྱི་ཆོས་ཀྱང་མ་མཆིས་སོ་ཞེས་ལན་གྲངས་དུ་མར་བཤད་
དོ། །འདི་ལས་གོང་ན་ལྷག་པ་མེད་པའི་ཕྱིར་བླ་ན་མེད་པའོ། །ཡང་དག་པ་ནི་ཕྱིན་ཅི་མ་ལོག་པའོ། །རྫོགས་པ་ནི་ཐ་དད་པ་མེད་པ་སྟེ། ཆོས་ཐམས་ཅད་མཚན་ཉིད་གཅིག་པ་ཡིན་ནོ། །བྱང་ཆུབ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། དེ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །སྐྱེས་
པའི་ཆོས་གང་ཡང་མེད་དུ་ཟིན་ཀྱང་། འོན་ཀྱང་བྱང་ཆུབ་དེ་ནི་སྐྱེས་ཏེ་ཡོད་པ་ཡིན་ནོ་ཞེ་ན། དེའི་ཕྱིར་བྱང་ཆུབ་དེ་ཡང་མ་སྐྱེས་པ་སྟེ་ཞེས་གསུངས་སོ། །ངེས་པའི་ཚིག་གི་དོན་གསལ་བར་བྱ་བའི་ཕྱིར། དེ་ལ་གང་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་པ་འམ་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །
གང་དང་གང་གིས་དང་། བྱང་ཆུབ་གང་ལ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞེས་བྱ་བ་ནི་གོ་རིམས་བཞིན་དུ། བྱེད་པ་པོ་བྱང་ཆུབ་སེམས་དཔའ་དང་། བྱེད་པ་ལམ་དང་། ལས་བྱང་ཆུབ་རྣམས་ལ་བྱ་སྟེ། དེ་དག་གང་ཡང་མ་མཆིས་ཤིང་ཞེས་བྱ་བ་ནི་མ་སྐྱེས་པའི་ཕྱིར་རོ། །མི་དམིགས་
ཏེ་ཞེས་བྱ་བ་ནི་རྨི་ལམ་ལ་སོགས་པ་བཞིན་དུ་ཡང་དག་པ་མ་ཡིན་པའི་ཕྱིར་ཏེ། མ་སྐྱེས་པའི་ཕྱིར་དངོས་པོ་མེད་པར་བསྟན་པ་ཡིན་གྱི། སྐད་ཅིག་མ་ཉིད་ཡིན་པའི་ཕྱིར་ནི་མ་ཡིན་ཏེ། འདི་ལྟར་དེ་ནི་གཟུགས་བརྙན་ཡིན་ཏེ། འགོག་པར་བྱེད་དོ། །སོ་སོའི་སྐྱེ་བོ་ལ་སོགས་པའི་ཆོས་
བསྟན་ཟིན་པའི་རྣམས་བྱང་ཆུབ་དང་མཉམ་པར་བསྟན་པའི་ཆེད་དུ་བྱང་ཆུབ་ཀྱི་རང་གི་ངོ་བོ་དྲིས་པ་དང་། བཅོམ་ལྡན་འདས་བྱང་ཆུབ་ཅེས་བགྱི་བ་དེ་ནི་མཚམས་མ་མཆིས་པ་ལྔ་པོ་དག་གི་ཚིག་བླ་དགས་སོ་ཞེས་གསོལ་ཏོ། །བྱང་ཆུབ་བཤད་མ་ཟིན་ནམ་དེ་ལ་གཞན་ཅི་ཞིག་བཤད་དུ་ཡོད་ཅེ་ན། དེ་
བདེན་ཏེ་འོན་ཀྱང་བྱང་ཆུབ་མ་བསྟན་པར་སོ་སོའི་སྐྱེ་བོ་ལ་སོགས་པའི་ཆོས་རྣམས་དེའི་རང་བཞིན་ཡིན་པར་བསྟན་པར་མི་ནུས་པས་ཡང་དེ་བསྟན་པ་ལ་ཉེས་པ་མེད་དོ། །ཅིའི་ཕྱིར་དེའི་ཚིག་བླ་དགས་ཡིན་ཞེ་ན། བཅོམ་ལྡན་འདས་འདི་ལྟར་མཚམས་མ་མཆིས་པ་ལྔ་པོ་དེ་དག་ཉིད་དངོས་པོ་མ་

མཆིས་པས་བྱང་ཆུབ་ཀྱི་རང་བཞིན་ཅན་ཏེ་ཞེས་གསུངས་ཏེ། འདི་ལྟར་ཞེས་བྱ་བ་ནི་གང་གི་ཕྱིར་ཏེ། བྱང་ཆུབ་ཀྱི་རང་བཞིན་དེ་དག་གི་ངོ་བོ་ཉིད་ཡིན་པས་བྱང་ཆུབ་ཀྱི་རང་བཞིན་ཅན་ནོ། །རང་བཞིན་དེ་ཡང་གང་ཞེ་ན། དངོས་པོ་མ་མཆིས་པ་ཉིད་པས་ཞེས་གསུངས་ཏེ།
དངོས་པོ་ནི་འབྱུང་བ་ལ་བྱའོ། །དེ་ལྟ་བུ་མ་ཡིན་པས་དངོས་པོ་མ་མཆིས་པ་སྟེ། མ་སྐྱེས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ངོ་བོ་ནི་དེ་ཉིད་དོ། །དེ་བས་ན་མི་གསོད་པ་ལ་སོགས་པ་དེ་དག་གི་རང་གི་ངོ་བོ་ནི་དངོས་པོ་མེད་པ་ཉིད་ཡིན་པའི་ཕྱིར་མ་སྐྱེས་པ་ཁོ་ན་ཡིན་ནོ། །ཆོས་ཐམས་ཅད་
དངོས་པོ་མེད་པ་ཉིད་ཀྱི་རང་བཞིན་དུ་གྱུར་པ་དེའི་སླད་དུ་བྱང་ཆུབ་དེ་ནི་མཚམས་མ་མཆིས་པ་ལྔའི་རང་བཞིན་ཅན་ལགས་སོ། །དེས་ན་མཚམས་མ་མཆིས་པ་རྣམས་དངོས་པོ་མེད་པ་ཉིད་དུ་མངོན་པར་རྫོགས་པར་རྟོགས་པ་མཚན་ཉིད་བསྟན་ཟིན་པ་ནི་བྱང་ཆུབ་ལགས་སོ། །མཚམས་མེད་པ་རྣམས་
ནི་མཚོན་པར་ཟད་ཀྱི། ཆོས་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་ཡང་བྱང་ཆུབ་ཡིན་ཏེ། རང་བཞིན་གཅིག་པའི་ཕྱིར་རོ་ཞེས་བྱ་བར་རིག་པར་བྱའོ། །གླེགས་བམ་ཁ་ཅིག་ལས་མཚམས་མ་མཆིས་པ་རྣམས་མངོན་པར་རྫོགས་པར་རྟོགས་པ་བྱང་ཆུབ་མ་ལགས་སོ་ཞེས་བྱུང་
བ་དེའི་དོན་ཡང་འདི་ལྟ་སྟེ། དངོས་པོ་མེད་པ་ནི་མངོན་པར་རྫོགས་པར་རྟོགས་པར་མི་ནུས་པའི་ཕྱིར། མཚམས་མེད་པ་རྣམས་མངོན་པར་རྫོགས་པར་རྟོགས་པ་མ་ཡིན་པ་གང་ཡིན་པ་དེ་བྱང་ཆུབ་ཡིན་ལ། མཚམས་མེད་པ་རྣམས་མ་མཐོང་བའི་མཚམས་ཡིན་ཏེ། ཆོས་ཐམས་
ཅད་མཐོང་བ་མེད་པའི་མཚན་ཉིད་ཡིན་པར་ནི་ཆོས་རྣམས་མ་མཐོང་བ་ཉིད་དེ་ཁོ་ན་མཐོང་བ་ཡིན་ནོ་ཞེས་ལན་མང་དུ་བསྟན་ཏོ། །འདོད་པ་བསྟན་ཟིན་ནས། མི་འདོད་པ་དགག་པའི་ཕྱིར། ཆོས་ཐམས་ཅད་མངོན་དུ་གྱུར་པ་ཡང་བྱང་ཆུབ་མ་ལགས་སོ་ཞེས་གསུངས་ཏེ། མངོན་སུམ་དུ་
མ་གྱུར་པ་རྣམས་མངོན་སུམ་དུ་བྱ་བར་སྦྱོར་བ་ནི་མངོན་སུམ་དུ་གྱུར་པ་སྟེ། དེའི་རྣམ་པ་མངོན་སུམ་དུ་བྱེད་པའི་ཚུལ་གྱིས་ཆོས་ཐམས་ཅད་མངོན་སུམ་དུ་བྱེད་པ་དེ་ནི་བྱང་ཆུབ་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ལྟར་ན་ཆོས་ཐམས་ཅད་ཀྱི་རྣམ་པ་མངོན་སུམ་དུ་བྱེད་པ་མེད་ཅིང་། མངོན་སུམ་

དུ་མི་བྱེད་པ་བྱང་ཆུབ་ཡིན་ནོ། །ཡང་གཏན་ཚིགས་གང་གིས་ཡིན་ཞེ་ན་དེའི་ཕྱིར། ཆོས་ཐམས་ཅད་ནི་ཤིན་ཏུ་མངོན་སུམ་མ་ལགས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་ཤིན་ཏུ་མངོན་སུམ་མ་ལགས་པའི་ཆོས་དེ་དག་ནི་སངས་རྒྱས་སམ། གཞན་གང་གིས་ཀྱང་མངོན་པར་རྫོགས་
པར་རྟོགས་པའི་མཚན་ཉིད་བསྟན་ཟིན་པ་དང་། སྟོན་པར་གྱུར་པ་ལྟ་བུར་མངོན་པར་རྫོགས་པར་རྟོགས་སོ། །མ་མཐོང་བ་ནི་ལྟ་བས་སོ། །མ་ཐོས་པ་ནི་ཉན་པས་སོ། །མ་འཚལ་བ་ནི་ཤེས་པས་སོ། །ཡང་ན་མཐོང་བ་དང་བསྒོམ་པའི་ལམ་ལ་ལྟོས་ནས་སོ། །བར་གྱི་སྒྲས་དྲན་པ་གཟུང་ངོ་། །
མ་རྟོགས་པ་ནི་ཀུན་གྱིས་སོ། །དེ་ལྟ་བུའི་ཤེས་པ་གང་ཡིན་པ་སྒྲོ་འདོགས་དང་སྐུར་འདེབས་ཀྱི་མཐའ་ཐམས་ཅད་དང་བྲལ་བ་དེ་ལྟ་བུ་དེ་ནི་བྱང་ཆུབ་པོ། །འཐད་པ་གཞན་ཡང་དེ་ལྟ་ལགས་ཀྱིས་ཀྱང་། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷག་པར་ཞེན་པའམ་ལྷག་
པའི་ང་རྒྱལ་ནི་མངོན་པའི་ང་རྒྱལ་ལོ། །དེ་སྤྱོད་པ་ནི་མངོན་པའི་ང་རྒྱལ་ཅན་ཏེ། ལོག་པའི་སྒྲོ་འདོགས་ཤིང་སྤྱོད་པའོ། །དེ་དག་གི་རྣམ་པར་རྟོག་པས་གཞན་ན་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་མངོན་སུམ་དུ་བྱས་ཤིང་། མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་པར་གཞག་གོ །
བར་དུ་ཞེས་བྱ་བའི་སྒྲས་མཐོང་བ་དང་། ཤེས་པ་ལ་སོགས་པ་གཟུང་ངོ་། །དེ་དག་གི་རྣམ་པ་དེ་དང་དེའི་རང་གི་ངོ་བོ་སྟོང་ཡང་རྣམ་པར་ཤེས་པ་ལ་སྣང་བའི་རང་གི་ངོ་བོ་མ་ཤེས་པ་དེ་དག་ནི་སྟོང་པ་ཉིད་མ་རྟོགས་ཏེ། རྣམ་པ་དེ་དག་ཕྱི་རོལ་ན་ཡོད་པ་ཉིད་དུ་ཡང་དག་པར་མངོན་པར་ཞེན་ཏེ། མཚན་
མར་འཛིན་པས་དེ་དང་དེ་ལ་རྟོགས་པར་བྱེད་པ་ཡིན་གྱི་དེ་དག་ཡང་དག་པ་ནི་མ་ཡིན་ནོ། །དགོངས་པ་བཤད་ཟིན་ཏོ། །ད་ནི་འཐོབ་པ་བརྗོད་པར་བྱ་སྟེ། སོ་སོའི་སྐྱེ་བོ་རྣམས་དང་འཕགས་པའི་ཆོས་རྣམས་དེ་ལྟར་བྱང་ཆུབ་ཀྱི་རང་བཞིན་ཉིད་དུ་བསྟན་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་
ཆོས་བསྟན་པའི་ཕྱིར། འཇམ་དཔལ་ཅི་ཁྱོད་ང་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ང་ལ་ཞེས་བྱ་བ་ནི་བདག་ལའོ། །འདི་སྙམ་དུ་ཞེས་བྱ་བ་ནི་འོག་ནས་འབྱུང་བ། དེ་བཞིན་གཤེགས་པ་ནི་བདག་གི་དེ་བཞིན་གཤེགས་པའོ་སྙམ་དུ་རྣམ་པར་རྟོག་པའི་ངོ་བོ་སེམས་པ་དང་ཐ་སྙད་དུ་བྱེད་

པ་འབྱུང་ངམ་ཞེས་བྱ་བ་ཡིན་ནོ། །འདི་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དང་། དེའི་ཕྲིན་ལས་སྟོན་པ་པོ་ཉིད་ལ་དགོངས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ནི་ཞེས་བྱ་བ་ནི་ཇི་ལྟར་བགྲོད་པར་བྱ་བ་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པའོ། །བདག་
གི་དེ་བཞིན་གཤེགས་པའོ་ཞེས་པ་ནི་བདག་ལ་དེ་བཞིན་དུ་གསུངས་པའི་ཕྱིར་དང་། ཕྱིན་ཅི་མ་ལོག་པར་སྟོན་པས་དེ་བཞིན་གཤེགས་པ་སྟེ། སྟོན་པར་མཛད་པ་ཡིན་ནོ། །དེ་ལྟར་ན་དེ་བཞིན་གཤེགས་པའི་སྒྲ་གཉིས་འབྱུང་བ་ལ་སྔ་མ་ནི་ཇི་ལྟ་བ་བཞིན་དུ་རྟོགས་པའོ། །གཅིག་ནི་རྗེས་སུ་སྟོན་
པར་མཛད་པའོ། །སྟོན་པ་པོ་ལ་ལྟོས་ནས་བདག་གིས་ཞེས་དྲུག་པ་ཡིན་ནོ། །དེ་སྐད་དྲིས་པ་དང་བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་གསོལ་ཏེ། དེ་བཞིན་གཤེགས་པ་ལ་བདག་གི་ལགས་སོ་ཞེས་པའི་རྣམ་པར་རྟོག་པ་དང་ཐ་སྙད་མ་མཆིས་ཏེ། སྒྲུབ་པར་བྱེད་པའི་གཏན་ཚིགས་མེད་དོ་
ཞེས་དགོངས་པའོ། །དེ་ཅིའི་སླད་དུ་ཞེ་ན་ཞེས་དྲིས་པ་དང་། བཅོམ་ལྡན་འདས་འདི་ལྟར་དེ་བཞིན་གཤེགས་པ་ནི་ཞེས་བྱ་བ་ལ་སོགས་པས་གཏན་ཚིགས་མེད་པར་གསུངས་ཏེ། འདི་ལྟར་གཏན་ཚིགས་ཀྱིས་བརྟགས་ན་ཇི་སྐད་བསྟན་པའི་རྣམ་པ་ཅན་གྱི་ཤེས་པ་ཡོད་པ་མ་ཡིན་པར་བལྟ་བར་
བྱ་སྟེ། དེ་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར་རྟོག་པ་དང་ཐ་སྙད་ཀྱང་མེད་པར་རིག་པར་བྱའོ། །ཅིའི་ཕྱིར་དེ་ལྟར་ཁྱོད་ཤེས་པ་མེད་པར་གྱུར་ཞེ་ན་འདིར་གསོད་པར་བྱེད་པ་ནི་བཅོམ་ལྡན་འདས་འདི་ལྟར་དེ་བཞིན་ཉིད་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་ཉིད་ཡུལ་དུ་གྱུར་པའི་དེ་བཞིན་
གཤེགས་པ་ལ་དེ་བཞིན་ཉིད་ཀྱིས་རྣམ་པར་རིག་པར་མི་བགྱིད་པ་ནི་དེ་བཞིན་ཉིད་ཀྱིས་རང་གི་བདག་ཉིད་དེ་བཞིན་གཤེགས་པ་ལ་ཁོང་དུ་ཆུད་པར་མི་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །འདིས་ནི་རྟོག་པའི་དེ་བཞིན་གཤེགས་པ་བསལ་ཏེ། དེ་བཞིན་གཤེགས་པས་ཀྱང་སྐལ་བ་དང་ལྡན་པ་རྣམས་
ལ། དེ་བཞིན་ཉིད་རྣམ་པར་རིག་པར་མི་བགྱིད་ཁོང་དུ་ཆུད་པར་མི་བགྱིད་དེ་མི་ནུས་པའི་ཕྱིར་རོ། །འདིས་ནི་རྗེས་སུ་སྟོན་པ་ཉིད་ཀྱི་དེ་བཞིན་གཤེགས་པ་བསལ་ཏོ། །དེ་ཅིའི་ཕྱིར་རིག་པར་མི་བྱེད་ཅེ་ན་དེའི་ཕྱིར། བཅོམ་ལྡན་འདས་འདི་ལྟར་དོན་དམ་པར་ན་ཞེས་བྱ་བ་ལ་སོགས་པ་གསུངས་

ཏེ། ཡང་དག་པར་དེ་བཞིན་ཉིད་ཀྱང་མེད། དེ་བཞིན་གཤེགས་པ་ཡང་མེད་ན་དེ་ཇི་ལྟར་རྣམ་པར་རིག་པར་བྱེད་པ་ཡིན། བཅོམ་ལྡན་འདས་དེ་བས་ན་ཞེས་བྱ་བ་ལ་སོགས་པ་ནི་མཇུག་སྡུད་པའོ། །འདིར་གཏན་ཚིགས་ཀྱི་སྣོད་དུ་དེ་བཞིན་གཤེགས་པ་ཞེས་བགྱི་བ་དེ་མིང་ཙམ་དུ་
བས་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་མིང་ཙམ་དུ་ཟད་དེ། དེ་ནི་དངོས་པོ་སྟོང་པ་ཡིན་ན། ཤེས་པ་དང་ཐ་སྙད་ཀྱི་ཡུལ་དག་ལ་བདག་འདི་སྙམ་དུ་དེ་བཞིན་གཤེགས་པ་ནི་བདག་གི་དེ་བཞིན་གཤེགས་པའི་སྙམ་དུ་ཤེས་པ་དང་། ཐ་སྙད་འབྱུང་
བར་འགྱུར་ཞེས་བྱ་བ་ནི་མཇུག་སྡུད་པ་ཡིན་ནོ། །དེ་ཉིད་གཏན་ལ་དབབ་པའི་ཕྱིར། འཇམ་དཔལ་ཁྱོད་དེ་བཞིན་གཤེགས་པ་ལ་ཐེ་ཚོམ་ཟ་འམ་ཞེས་ཟུར་གྱིས་དྲིས་སོ། །ཐེ་ཚོམ་སྤང་བའི་ཕྱིར་བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་དེ་བཞིན་
གཤེགས་པ་བྱུང་བ་འམ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་ཉིད་སྤངས་ནས་འཕགས་པའི་སར་ཞུགས་ཏེ། སངས་རྒྱས་ཀྱི་རིགས་སུ་སྐྱེས་པ་སྟེ། དཔེར་ན་སོ་སོའི་སྐྱེ་བོའི་རིས་མཐུན་པའི་སྐྱེ་བོའི་ལུས་སྔ་མ་བོར་ནས་མའི་མངལ་དུ་ཞུགས་པའི་མཚན་ཉིད་སྐྱེས་པ་དང་དེ་ནས་རིམ་གྱིས་ཡན་ལག་དང་།
ཉིང་ལག་ཚང་བར་ཡོངས་སུ་གྲུབ་པ་བཞིན་དུ་གྱུར་པ་འམ་ལྷག་མ་མེད་པའི་ཡོངས་སུ་མྱ་ངན་ལས་འདས་པ་འམ། གལ་ཏེ་དེ་བཞིན་གཤེགས་པར་ཡོངས་སུ་གྲུབ་པ་སྟེ། དགོངས་པ་ཡོངས་སུ་གྲུབ་པ་ལ་དམིགས་པའི་ཚུལ་གྱིས། ཤིན་ཏུ་རྣམ་པར་དག་པའི་མཚན་ཉིད་ཆོས་ཀྱི་སྐུ་ཡོངས་སུ་
རྫོགས་པ་ཐོབ་པའི་དེ་བཞིན་གཤེགས་པ་འགའ་ཞིག་མཆིས་ན་ནི་དེ་ལ་བདག་ཐེ་ཚོམ་འཚལ་ལོ། །དེ་སུམ་ཆར་ཡང་མ་མཆིས་པས་དེ་བས་ན་བདག་དེ་བཞིན་གཤེགས་པ་ལ་ཐེ་ཚོམ་མ་མཆིས་ཏེ། མངོན་སུམ་དུ་ངེས་པར་གྱུར་པ་ཁོ་ན་ལགས་སོ། །གལ་ཏེ་དེ་ལྟ་བུ་ཡིན་ན་འཇམ་དཔལ་ཁྱོད་དེ་
བཞིན་གཤེགས་པ་བྱུང་ངོ་སྙམ་དུ་མི་སེམས་སམ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལས་བྱུང་ངོ་སྙམ་པའི་བློ་མེད་དམ། འདིར་ལན་དུ་བཅོམ་ལྡན་འདས་གལ་ཏེ་ཆོས་ཀྱི་དབྱིངས་ལ་བྱུང་བ་མ་མཆིས་ན་ནི་ཞེས་གསོལ་ཏེ། དེ་དང་ཐ་མི་དད་པའི་དེ་བཞིན་གཤེགས་པ་ཡང་བྱུང་ངོ་སྙམ་དུ་སེམས་

པར་འགྱུར་ན། གང་གི་ཚེ་ཆོས་ཐམས་ཅད་ལ་ཁྱབ་པར་བྱེད་པའི་ཆོས་ཀྱི་དབྱིངས་མ་བྱུང་བ་དེའི་ཚེ། དེ་བཞིན་གཤེགས་པ་བྱུང་བ་ག་ལ་མཆིས། འོ་ན་དེ་ལྟར་འབྱུང་བ་མ་མཐོང་ན། འཇམ་དཔལ་ཁྱོད་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་
མ་སྙེད་ཡོངས་སུ་མྱ་ངན་ལས་འདས་པར་མི་མོས་སམ། ཡིད་མི་ཆེས་སམ་ཞེས་དགོངས་པའོ། །བསམ་གྱིས་མི་ཁྱབ་པ་བརྗོད་པར་བཞེད་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འདི་ལྟར་བསམ་གྱིས་མི་ཁྱབ་པའི་ཡུལ་དུ་ཡུལ་གཅིག་པ་མ་ལགས་སམ་ཞེས་དྲིས་སོ། །ཡུལ་
གཅིག་པ་ཞེས་བྱ་བ་ལ་ཡུལ་ནི་སྤྱོད་ཡུལ་ལོ། །གཅིག་པ་ནི་དབྱེར་མེད་པ་སྟེ། ཤིན་ཏུ་མཆོག་ཏུ་ཕུལ་དུ་བྱུང་བའི་བློ་ཅན། སངས་རྒྱས་དེ་དག་གི་ཡུལ་དེ་ནི་གཅིག་པ་ཡིན་ནོ། །འདིས་ནི་ཐུགས་སུ་ཆུད་པ་སྣ་ཚོགས་པ་ཉིད་སེལ་བར་བྱེད་པ་ཡིན་ནོ། །ཡུལ་དེ་ལ་གཞན་དང་གཞན་
རྟོགས་པ་དང་མ་རྟོགས་པ་ཡོད་ན་ནི་མི་ཤེས་པ་ཡིན་ཏེ། སྔར་བསྟན་པ་ལྟ་བུ་སངས་རྒྱས་མ་ཡིན་པར་འགྱུར་རོ། །བཅོམ་ལྡན་འདས་ནི་གྲགས་པ་དང་ལྡན་པ་རབ་ཏུ་གྲགས་པ་ཡིན་ཏེ། ཇི་སྐད་དུ་སའི་སྟེང་གི་ལྷ་རྣམས་ནས་བཟུང་སྟེ། འོག་མིན་གྱི་ལྷའི་བར་དུ་ཀྱེ་མའོ་འདི་ནི་ཡང་
དག་པར་རྫོགས་པའི་སངས་རྒྱས་ཡིན་ནོ་ཞེས་སྒྲ་སྒྲོགས་ཤིང་སྒྲས་གོ་བར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བས་ན་གདོན་མི་ཟ་བར་ཡུལ་དེ་ཁོ་ན་ཉིད་དམ་པ་གཅིག་ཡིན་པར་འགྱུར་རོ། །ཡུལ་དེ་ཁོ་ན་ཉིད་མ་ཡིན་ཞིང་། དུ་མ་ཡོད་ན་ནི་འགྲོན་པོའི་མི་བཞིན་དུ་མངོན་པར་
འདོད་པའི་གྲགས་པ་དང་ལྡན་པར་མི་འགྱུར་རོ། །དེ་ཁོ་ན་ཉིད་དམ་པ་དེ་ཡང་བསམ་གྱིས་མི་ཁྱབ་པ་ལས་གཞན་མ་ཡིན་པས་འདི་ལྟར་བསམ་གྱིས་མི་ཁྱབ་པའི་ཡུལ་དུ་ཞེས་གསུངས་ཏེ། འདི་ལྟ་སྟེ། བསམ་གྱིས་མི་ཁྱབ་པའི་ཡུལ་ཞེས་བྱ་བ་ནི་བསམ་པར་འོས་པ་ནི་བསམ་
པའོ། །དེ་ལྟ་བུ་མ་ཡིན་པས་བསམ་གྱིས་མི་ཁྱབ་པའོ། །དེ་ཉིད་ཡུལ་ཡིན་ཏེ་དེ་ནི་བསམ་གྱིས་མི་ཁྱབ་པའི་ཡུལ་ལོ། །འདི་དང་དེ་རྣམ་པར་རྟོག་པ་དང་བྲལ་བ་ནི་ཡེ་ཤེས་ཀྱི་བདག་ཉིད་ཡིན་ནོ། །དེ་ལྟར་ན་འདི་ནི་བསམ་གྱིས་མི་ཁྱབ་པ་ཡིན་ནོ་ཞེས་དེ་སྙམ་དུ་ཤེས་པས། དམིགས་

ན་ཡང་བསམ་གྱིས་མི་ཁྱབ་པ་སེམས་པའི་ཕྱིར་འདོད་པ་མི་འགྲུབ་སྟེ། དོན་མེད་པ་ཁོ་ན་ཡིན་ནོ། །དེ་སྐད་དུ་དེ་བཞིན་གཤེགས་པའི་གསང་བ་བསམ་གྱིས་མི་ཁྱབ་པ་བསྟན་པ་ལས། ཆོས་རྣམས་ལ་མངོན་པར་མ་ཞེན་པ་ནི་དོན་ཡོད་པའོ། །གང་ཞིག་དོན་ལ་རློམ་སེམས་
བྱེད་པ་དེ་ནི་འདིའི་དོན་མེད་པ་ཆེན་པོ་ཡིན་ནོ་ཞེས་གསུངས་སོ། །དེའི་དགོངས་པ་འདི་ལྟ་སྟེ། །སངས་རྒྱས་ཡུལ་ནི་བསམ་མི་ཁྱབ། །དེ་མཆོག་རྟག་པ་དེ་ཁོ་ན། །ཟད་དང་སྐྱེ་དང་རིང་ཐུང་སོགས། །དེ་ལྟར་རྟོག་པ་ལོག་པ་ཡིན། །བརྫུན་པ་དག་ལ་མཐུ་མེད་ཕྱིར། །འགའ་
ཡང་ཡང་དག་སེལ་མི་བྱེད། །སྨིག་རྒྱུའི་ཆུ་ཡི་ཚོགས་རྣམས་ནི། །དཔྱིད་དུས་ཚ་བས་སེལ་མི་བྱེད། །ཅེས་བྱ་བ་བཞིན་ནོ། །འཇམ་དཔལ་དེ་དེ་བཞིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་དགོངས་པ་དང་མཐུན་པའོ། །ཅི་ནི་བཅོམ་ལྡན་འདས་ད་ལྟར་བཞུགས་སམ་ཞེས་བྱ་བ་ནི་
བཅོམ་ལྡན་འདས་བསམ་གྱིས་མི་ཁྱབ་པའི་ཡུལ་ཅན་ད་ལྟར་བཞུགས་སམ་ཞེས་འདྲི་བའོ། །འཇམ་དཔལ་དེ་དེ་བཞིན་ནོ་ཞེས་འདིར་ཡང་ཞལ་གྱིས་བཞེས་སོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་དེའི་སླད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་
གཤེགས་པ་ནི་བསམ་གྱིས་མི་ཁྱབ་པའི་ཡུལ་ཉི་ཚེ་བ་མ་ཡིན་པ། ཕྱིན་ཅི་མ་ལོག་པའི་བདག་ཉིད་ཀྱི་ཡེ་ཤེས་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བཞེད་པ་དེ་དག་བཞུགས་པ་དེའི་སླད་དུ། ཡོངས་སུ་མྱ་ངན་ལས་མ་འདས་ཏེ། ཇི་
སྐད་དུ་བསྟན་པའི་མཚན་ཉིད་ཀྱི་ཡེ་ཤེས་ཀྱིས་མྱ་ངན་ལས་འདས་པ་དེ་དག་ལ་མི་དམིགས་སོ། །དམིགས་ན་ནི་ཡུལ་བསམ་གྱིས་མི་ཁྱབ་པ་ཉམས་པར་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་ནི། བསམ་གྱིས་མི་ཁྱབ་པ་ཡིན་དུ་ཟིན་ཀྱང་། ཅིའི་ཕྱིར་ཡོངས་སུ་མྱ་ངན་ལས་
མི་འདའ་ཞེས་བྱ་བ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འདི་ལྟར་བསམ་གྱིས་མི་ཁྱབ་པའི་ཡུལ་དུ་ཡུལ་གཅིག་པའི་སླད་དུ་སྟེ་ཞེས་གསུངས་པ་ནི། དེ་གཉིས་འགལ་བར་སྟོན་པར་བྱེད་དོ། །བསམ་གྱིས་མི་ཁྱབ་པ་དེ་ཉིད་ནི་སྐྱེ་བ་མ་ལགས་ཞེས་བྱ་བ་ལ། དེ་ཉིད་ཞེས་བྱ་བ་ནི་

ངེས་པར་གཟུང་བ་སྟེ། བསམ་གྱིས་མི་ཁྱབ་པ་ཉིད་ནི་སྐྱེ་བ་མ་ལགས་འགག་པ་མ་ལགས་སོ། །གལ་ཏེ་འདི་སྐད་དུ་གསུངས་པའི་མཚན་ཉིད་ཀྱི་ཡེ་ཤེས་གཅིག་པ་ཡིན་ན། སོ་སོའི་སྐྱེ་བོ་ལ་སོགས་པ་དེ་ལྟ་བུ་ཐམས་ཅད་མི་སྲིད་པར་འགྱུར་རོ་ཞེ་ན། དེ་བཞིན་
ནོ་ཞེས་བརྗོད་པར་བྱའོ། །དེ་ཉིད་ཀྱི་ཕྱིར། བཅོམ་ལྡན་འདས་ཉིད་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་དག་མ་འོངས་པའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པར་འགྱུར་བ་དེ་དག་མངོན་པར་རྫོགས་པར་སངས་རྒྱས་ཟིན་པར་
འགྱུར་གྱི། ཕྱིས་འཚང་རྒྱ་བར་མི་འགྱུར་རོ། །གཏན་ཚིགས་སུ་བསམ་གྱིས་མི་ཁྱབ་པ་ལ་འདས་པའམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདས་པ་ལ་སོགས་པའི་ངོ་བོ་ཡོད་པ་མ་ཡིན་ནོ། །རིང་བ་དང་ཉེ་བ་དང་། རགས་པ་དང་། ཕྲ་བ་དང་། སོ་སོའི་སྐྱེ་བོ་དང་། འཕགས་
པ་དང་། ངན་པ་དང་། གྱ་ནོམ་པ་ལ་སོགས་པར་དབྱེ་བ་རྣམས་ནི་ལོག་པར་རྣམ་པར་རྟོག་པས་བྱས་པའོ། །དེ་ཉིད་ཀྱི་ཕྱིར། བཅོམ་ལྡན་འདས་དེ་བས་ན་སུ་དག་འདི་སྙམ་དུ་དེ་བཞིན་གཤེགས་པ་སྐྱེས་སོ་ཞེས་བགྱི་བ་ནས། ཡོངས་སུ་མྱ་ངན་ལས་འདའ་བའི་བར་དུ་སེམས་པ་
དེ་དག་གི་འཇིག་རྟེན་གནས་པ་ནི་འཁྲུལ་པར་བགྱིད་པ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཁྲུལ་པར་བྱེད་པས་འཁྲུལ་པ་སྟེ། ཀུན་ཏུ་རྨོངས་པར་བྱེད་པའོ། །འཇིག་རྟེན་གནས་པ་ཞེས་བྱ་བ་ནི་སེམས་ཅན་དང་། སྣོད་རྣམས་གནས་པའོ། །ཡང་ན་འཇིག་རྟེན་ནི་
གཟུགས་ལ་སོགས་པའི་ཕུང་པོ་དང་། དེ་དག་གནས་པ་ནི་ཞེན་པའི་སེམས་ལ་ཡོད་པའོ། །དེ་ནི་དེ་དག་ལ་འཁྲུལ་པར་བྱེད་འཁྲུལ་པ་སྐྱེད་པར་བྱེད་དོ། །བཅོམ་ལྡན་འདས་དེ་དག་འཇིག་རྟེན་གནས་པ་འཕྲོས་པར་བགྱིད་པ་ལགས་སོ་ཞེས་བགྱི་བ་ལ། དེ་དག་གིས་འཁྲུལ་པར་བྱས་
པ། དེ་དག་ནི་འཇིག་རྟེན་གནས་པ་འཁྲུལ་པར་བྱེད་པ་རྣམས་འཕྲོས་པར་བགྱིད་བྱེ་བྲག་དེ་དང་དེ་དག་གིས་རྒྱས་པར་བགྱིས་པའོ། །དེ་གང་ཞེ་ན་སུ་དག་འདི་སྙམ་དུ་དེ་བཞིན་གཤེགས་པ་སྐྱེས་པ་དང་། སེམས་ཅན་ལ་གཟིགས་པ་དང་། འདྲེན་པ་དང་། སྨིན་པར་མཛད་ཟིན་ཏོ། །

མཛད་དོ་མཛད་པར་འགྱུར་རོ་ཞེས་བྱ་བ་ནས་དེ་ནས་འདི་མྱ་ངན་ལས་འདའོ་ཞེས་བྱ་བའི་བར་དུ་ཀུན་ཏུ་རྟོག་པ་ཡིན་ནོ། །འཇམ་དཔལ་དེའི་ཕྱིར་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་བསམ་གྱིས་མི་ཁྱབ་པ་བསམ་དུ་མེད་པ་བསམ་པ་ལས་འདས་པ་བསམ་གྱིས་མི་ལང་བ་ཞེས་བྱ་བ་
ལ་སོགས་པས་ནི་ཤིན་ཏུ་ཟབ་པ་བསམ་གྱིས་མི་ཁྱབ་པའི་ཚུལ་དེ་ལ་སྒྲོ་འདོགས་པ་དང་སྐུར་པ་འདེབས་པ་འགོག་པར་བྱེད་དོ། །དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ནི་བསྟན་མ་ཐག་པའི་དེ་བཞིན་གཤེགས་པའི་བསམ་གྱིས་མི་ཁྱབ་པ་དེ་ཡིན་ཏེ། དེ་ནི་འདིར་
བྱེ་བྲག་ཅན་གྱི་ཚིག་ཡིན་ནོ། །ལྷག་མ་གསུམ་ནི་འདིའི་བྱེ་བྲག་ཡིན་ནོ། །བསམ་དུ་མེད་པ་ཞེས་བྱ་བ་གཉིས་པ་ནི་བསམ་པར་མི་ནུས་པའི་ཕྱིར་རོ། །དེ་ཡང་ཅིའི་ཕྱིར་མི་ནུས་ཤེ་ན། བསམ་པ་ལས་འདས་པ་ཡིན་ཏེ། བསམ་པར་བྱ་བའི་ཆོས་འགའ་ཡང་མེད་པའི་ཕྱིར་རོ། །
ངེས་ཚིག་ནི་བསམ་པ་ལས་འདས་པའམ། བསམ་པ་འདི་ལས་འདས་པས་བསམ་པ་ལས་འདས་པའོ། །དེ་བས་ན་དེ་ནི་བསམ་པའི་འོས་མ་ཡིན་པས་བསམ་གྱིས་མི་ལང་བ་ཡིན་ནོ། །དེ་ལྟར་ན་སེམས་པར་བྱེད་པའི་ངང་ཚུལ་ཅན་སྐལ་བ་མེད་པ་སོ་སོའི་སྐྱེ་བོ་རྣམས་ལ་བསྟན་པར་བྱ་བ་མ་
ཡིན་གྱི། སེམས་པའི་དྲ་བ་སྤངས་པ་དེ་བཞིན་གཤེགས་པའི་སྤྱན་སྔ་དང་། ཕྱིར་མི་ལྡོག་པ་ཞེས་བྱ་བ་ནི་མོས་པ་ཡང་དག་པ་དང་ལྡན་པའི་སོ་སོའི་སྐྱེ་བོ་ཡང་གཟུང་བར་བྱ་སྟེ། ཉི་ཁྲི་ལྔ་སྟོང་པ་ལ་སོགས་པ་ལས། ངེས་པར་འབྱེད་པའི་ཡན་ལག་ལ་གནས་པ་ཡང་། ཕྱིར་མི་ལྡོག་
པའི་མཚན་ཉིད་ཡིན་པར་བསྟན་པའི་ཕྱིར་རོ། །མགོན་པོ་བྱམས་པས་ཀྱང་འདི་སྐད་དུ། །དྲོད་དང་སྤྱི་བོ་བཟོད་པ་དང་། །འཇིག་རྟེན་ཆོས་ལ་དེ་གནས་པ། །རྟགས་ནི་ཉི་ཤུ་འདི་དག་གིས། །བྱང་ཆུབ་ལས་ནི་ཕྱིར་མི་ལྡོག །ཅེས་གསུངས་སོ། །དགྲ་བཅོམ་པ་ཟག་པ་ཟད་པ་
ཞེས་བྱ་བ་ནི་བླ་ན་མེད་པ་རྫོགས་པའི་བྱང་ཆུབ་ཀྱི་སེམས་ཡོད་པ་ལ་བྱ་བ་ཡིན་གྱི། དགྲ་བཅོམ་པ་གཞན་ཞི་བ་ཕྱོགས་གཅིག་པ་ལ་ཡང་བྱ་བ་ནི་མ་ཡིན་ཏེ། དེ་ལ་མོས་པ་མེད་པའི་ཕྱིར་རོ། །དེ་ལྟ་ཅིའི་ཕྱིར་ཡིན་ཞེ་ན། འདི་ལྟར་དེ་དག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་ནི་

ཞེས་བྱ་བ་ནི་བསྟན་མ་ཐག་པའོ། །ཐོས་ནས་བསྔགས་པར་ཡང་མི་འགྱུར་ཞེས་བྱ་བ་ནི་སྒྲོ་འདོགས་པའི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །སྤོང་བར་ཡང་མི་འགྱུར་ཞེས་བྱ་བ་ནི་འདོད་པར་མི་འགྱུར་བ་སྟེ། སྐུར་པ་འདེབས་པའི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །
དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་དག་དེ་ལྟ་བུ་ཡིན་པར་རུང་གྲང་ན། དགྲ་བཅོམ་པ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་སྐྱེ་བ་དང་། འགག་པར་ལྟ་བ་ཅན་དེ་དག་གོ། །ཇི་ལྟ་བུ་ཞེ་ན། ཉེས་པ་མེད་དེ། འདི་ལྟར་གང་ཟག་ལ་བདག་མེད་པ་མངོན་དུ་བྱས་ཤིང་། ཆོས་ཐམས་
ཅད་ལ་བདག་མེད་པར་རྟོགས་པར་འདོད་པས་ཡང་དག་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་པ་ཡིན་པས། བསམ་གྱིས་མི་ཁྱབ་པའི་ཚུལ་ལ་སྒྲོ་འདོགས་པ་དང་། སྐུར་པ་འདེབས་པ་མི་བྱེད་པར་བསྒོམ་པའི་ཕྱིར་རོ། །དེ་ལྟར་ཡིན་པ་ཅིའི་ཕྱིར་ཞེ་ན། དེའི་ཕྱིར་འདི་ལྟར་འདི་བསམ་གྱིས་
མི་ཁྱབ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །འདི་ཞེས་བྱ་བ་ནི་འདིར་དེ་བཞིན་གཤེགས་པའི་བསམ་གྱིས་མི་ཁྱབ་པ་ལ་བྱའོ། །བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ལ་སོགས་པ་ནི་བྱེ་བྲག་གསུམ་པོ་སྔ་མ་རྣམས་འདིར་གཏན་
ཚ