Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 95
Văn bản gốc(Tây Tạng)
Trang 8 / 21 (50.000 ký tự/trang)
སོར་ཕྱེ་སྟེ། གཉིས་སུ་སྦྱོར་ཡང་གཅིག་ཏུ་བརྗོད་དེ། སངས་རྒྱས་ཀྱི་བདག་ཉིད་ཀྱི་ཆོས་སོ་ཞེས་ཤེས་པར་བྱ་བའི་ཕྱིར་རོ། །འདི་ལྟར་ཆོས་དང་ཆོས་ཅན་གྱི་ཚིག་གི་སྒྲ་གཉིས་ཡོད་དུ་ཟིན་ཀྱང་བརྗོད་པར་བྱ་བའི་དོན་ལ་ཅི་ཡང་ དབྱེ་བ་ཡོད་པ་མ་ཡིན་ནོ། །འོ་ན་དེ་ལྟར་ཆོས་དང་ཆོས་ཅན་ཐ་དད་པ་ཉིད་ཡོད་པ་མ་ཡིན་ན་ཇི་ལྟར་འཕགས་པ་འཇམ་པའི་དབྱངས་འདི་ཡང་དག་པར་ཞུགས་པ་ན་ཆགས་པ་མེད་པའི་ཆོས་རྙེད་པ་ཡིན་ཞེས་དེ་ལྟར་འདྲི་བ་ནི་འཇམ་དཔལ་ཁྱོད་ཀྱིས་ཆགས་པ་མེད་པ་ཉིད་རྙེད་དམ་ཞེས་བྱ་བ་ཡིན་ནོ། ། སྤོབས་པ་ཆགས་པ་མེད་པ་ནི་ཆགས་པ་མེད་པའོ་ཞེས་བར་གྱི་ཚིག་མི་མངོན་པར་བྱས་པ་ཡིན་ནོ། །ཆགས་ཤིང་ཐོགས་པ་འདི་ལ་ཡོད་པ་མ་ཡིན་པས་སྤོབས་པ་ཆགས་པ་མེད་པའོ། །དེའི་དངོས་པོ་ནི་ཆགས་པ་མེད་པ་ཉིད་དོ། །དེའི་བདག་ཉིད་དུ་སྐྱེས་པ་ལས་མ་གཏོགས་པར་བདག་གིས་ཆགས་པ་ མེད་པ་ཉིད་ཐོབ་པ་མ་མཆིས་ཏེ། འདི་ལྟར་བཅོམ་ལྡན་འདས་བདག་ཉིད་ཆགས་པ་མ་མཆིས་པ་ཉིད་ལགས་ཏེ། ཆོས་དང་ཆོས་ཅན་གྱི་དབྱེ་བ་མི་སྲིད་པའི་ཕྱིར་རོ། །བདག་གིས་ཡང་ཕྱིས་ཀྱང་ཆགས་པ་མ་མཆིས་པ་ཉིད་འཐོབ་པར་འགྱུར་རམ། འདི་ལྟར་དེའི་ངོ་བོར་སྐྱེས་པའི་དངོས་པོ་རྣམས་ནི་ ཡང་དེའི་བདག་ཉིད་དུ་སྐྱེ་བ་དང་འབྲེལ་པའི་རིགས་ལ་སོགས་པ་འཐོབ་པ་མ་ཡིན་ནོ། །ཡང་ནས་ཡང་ཐོབ་པ་མ་ཡིན་ཏེ། དེ་ལས་མ་གཏོགས་པ་བདག་མི་སྲིད་པའི་ཕྱིར་རོ། །གང་ཞིག་གི་བློ་ལ་འདི་སྙམ་དུ་འཇམ་པའི་དབྱངས་འདིའི་སྤོབས་པ་ནི་དེ་བཞིན་གཤེགས་པ་དང་ཁྱད་པར་མེད་པས་རྡོ་རྗེའི་ གདན་ལ་བཞུགས་པར་གསལ་བ་ཡིན་ནོ། །དེ་ལྟ་མ་ཡིན་ན་གཞན་ཇི་ལྟར་འདིར་ཐོགས་པ་མེད་ཅིང་མ་ནོར་བར་ཉན་ཐོས་ལ་སོགས་པ་ཀུན་དང་ཐུན་མོང་མ་ཡིན་པ་སྟོན་པར་འཐད། དེ་བས་ན་འདི་ནི་རྡོ་རྗེའི་གདན་ལ་བཞུགས་པ་ཡིན་ནོ་སྙམ་དུ་སེམས་པ་དེའི་ཕྱིར། འཇམ་ དཔལ་ཁྱོད་ཅི་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གམ་ཞེས་གསུངས་ཏེ། བྱང་ཆུབ་ཀྱི་སྙིང་པོ་ནི་རྡོ་རྗེའི་གདན་ཏེ། ཟད་པ་དང་མི་སྐྱེ་བ་ཤེས་པའི་བདག་ཉིད་ཀྱི་བྱང་ཆུབ་ནི་འདི་ལ་བཞུགས་ཏེ་སྐྱེད་པས་སྙིང་པོར་བྱས་པའི་ཕྱིར་རོ། །སྙིང་པོའི་སྒྲ་ནི་དམ་པའི་རྣམ་གྲངས་ཏེ། མར་གྱི་སྙིང་ཁུ་བཞིན་ནོ། ། དེ་ཉིད་ཀྱི་ཕྱིར་ཕྱོགས་གཞན་ཐམས་ཅད་པས་མཆོག་ཏུ་གྱུར་པ་ནི་མཐོང་བ་ལ་སོགས་པ་བསོད་ནམས་རྒྱ་ཆེན་པོ་ལ་སོགས་པའི་གནས་ཡིན་པའི་ཕྱིར་རོ་ཞེ་ན། ལན་དུ། བཅོམ་ལྡན་འདས་ཉིད་ཀྱང་སྟེ། བདུད་བཞི་བཅོམ་པར་རབ་ཏུ་གྲགས་པ་ཡང་དེར་མ་བཞུགས་ན། བདག་དེ་ལྟར་མ་གྲགས་ པ་ལྟ་མཆིས་པར་ཇི་ལྟར་འགྱུར། ཅི་ལས་དགོངས་ཏེ་དེ་སྐད་དུ་བསྟན་ཞེ་ན། དེའི་ཕྱིར། ཡང་དག་པའི་མཐའ་བརྩན་པར་བགྱིས་ན་ཞེས་གསོལ་ཏེ། ཀུན་རྫོབ་ཀྱི་བདེན་པར་ནི་མ་ཡིན་ནོ། །འོ་ན་ཡང་དག་པའི་མཐའ་ཡོད་དམ། དེ་ལ་བཅོམ་ལྡན་འདས་བཞུགས་ན་ནི་དེས་ན་སྐྱོན་དེ་ ཉིད་དུ་འགྱུར་རོ་ཞེས་ཡང་དག་པའི་མཐའ་ངོ་བོ་མ་རྟོགས་པ་རྣམས་ལ་ཕན་གདགས་པའི་ཕྱིར། འཇམ་དཔལ་ཡང་དག་པའི་མཐའ་ཞེས་བྱ་བ་དེ་གང་གི་ཚིག་བླ་དགས་ཞེས་གསུངས་ཏེ། འཇིག་ཚོགས་ཞེས་བྱ་བ་ལ། འཇིག་ཚོགས་ཀྱི་སྒྲ་ནི་འདིར་མ་མའི་ཚིག་མི་མངོན་པར་བྱས་པས་འཇིག་ ཚོགས་ལ་ལྟ་བ་ཞེས་བསྟན་པ་ཡིན་ཏེ། དེ་ལ་བློ་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར་རོ། །ཇི་ལྟར་ཡང་དག་པ་མཆོག་ཏུ་གྱུར་པ་ཡིན་ཞེ་ན། དེའི་ཕྱིར་འཇམ་དཔལ་ཁྱོད་ཅི་ལས་བསམས་ཏེ་དེ་སྐད་སྨྲ་ཞེས་གསུངས་ཏེ། ཁྱོད་ཀྱིས་ཅི་ལས་བསམས་ཏེ་དེ་སྐད་སྨྲས་ཞེས་བྱ་བ་ཡིན་ནོ། །རང་གི་ བསམ་པ་གསལ་བར་བྱ་བའི་ཕྱིར། བཅོམ་ལྡན་འདས་འཇིག་ཚོགས་དེ་ནི་མ་མཆིས་པ་ཞེས་གསུངས་སོ། །མ་མཆིས་པ་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པར་བརྟགས་པའི་བདག་ཉིད་མེད་པ་ལ་བྱའོ། །འཇིག་ཚོགས་མ་ལགས་པས་ཞེས་བྱ་བ་ནི་ཡོད་པ་མ་ཡིན་པའོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་བརྟགས་པའི་དྲ་བ་དང་བྲལ་བའི་ཕུང་པོ་རྣམས་འདིར་དེ་ནི་མི་འཕོ་སྟེ། རྡོ་རྗེའི་གདན་ལ་སོགས་པའི་ཡུལ་དུ་གཤེགས་པ་མ་ཡིན་ནོ། །འཕོ་བ་དང་བྲལ་བ་ཡང་མ་ལགས་ཏེ་ཞེས་བྱ་བ་ནི་དེར་བཞུགས་པ་མ་ལགས་སོ། །གཏན་ཚིགས་དེའི་སླད་དུ་འཇིག་ཚོགས་དེ་ནི་ འཇིག་ཚོགས་མ་ལགས་ཏེ། འདི་ཡོད་པ་པོ་ཡང་མ་ཡིན་ལ་འཇིག་ཚོགས་ཀྱང་མ་ཡིན་པའི་ཕྱིར་རོ། །དེ་བས་ན་ཡང་དག་པའི་མཐའ་ཡིན་པར་གསུངས་སོ། །ཇི་སྐད་དུ། གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན་ཏེ། སྟོང་པ་ཉིད་གཟུགས་སོ། །གཟུགས་ཉིད་སྟོང་པ་ཉིད་ཡིན་ཏེ། གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །རྣམ་པར་ཤེས་པའི་བར་དུ་ཡང་དེ་བཞིན་ནོ་ཞེས་གསུངས་སོ། །ད་ནི་ཆོས་ཀྱི་རྣམ་གྲངས་སྨན་གྱི་སྡོང་པོ་ལྟ་བུའི་མདོ་འདི་ལ་རབ་ཏུ་སྤྲོ་བ་འཕེལ་བའི་ཕྱིར་བློ་དང་ལྡན་པས་དེའི་འོག་ཏུ་བསྔགས་པ་རྗོད་པར་བྱེད་པ་ནི་དངང་བར་མི་འགྱུར་བ་དེ་དག་ནི་བྱང་ཆུབ་ཏུ་ ངེས་པར་འགྱུར་བ་ལགས་སོ་ཞེས་བྱ་བ་ཡིན་ཏེ། མོས་པས་སྤྱོད་པའི་ས་ལ་གནས་པ་ཉིད་བྱང་ཆུབ་ལ་གཅིག་ཏུ་གྱུར་པའི་ཕྱིར་རོ། །བྱང་ཆུབ་ནི་རྟོགས་པ་ལ་བྱ་སྟེ། བྱང་ཆུབ་ཏུ་ངེས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཤིན་ཏུ་མྱུར་བར་ཞེས་དགོངས་པ་སྟེ། མྱུར་བ་ནི་མི་དམིགས་པའི་ ཚུལ་གྱིས་མོས་པས་སྤྱོད་པའི་ས་ཡོངས་སུ་སྦྱོང་བའི་ཕྱིར་རོ། །དངང་བར་མི་འགྱུར་བ་དེ་དག་ནི་བྱང་ཆུབ་ལ་ཉེ་བར་གྱུར་པ་ལགས་སོ་ཞེས་བྱ་བ་ནི་ཕྱིར་མི་ལྡོག་པའི་ས་ཐོབ་པའི་ཕྱིར་རོ། །དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་ནི་བསྐལ་པ་མཐའ་མེད་པས་བསྒྲུབ་དགོས་པའི་ཕྱིར་མི་ལྡོག་པའི་ས་འདི་མྱུར་དུ་ འགྲུབ་པར་འགྱུར་རོ་ཞེས་བྱ་བ་འདི་ལ་གཏན་ཚིགས་ཅི་ཡོད་ཅེས་བྱ་བ་ཡིན་ནོ། །འདི་ལྟར་བཅོམ་ལྡན་འདས་གང་ཇི་སྐད་དུ་བསྟན་པའི་གཟུགས་ལ་སོགས་པའི་ཆོས་དེ་དག་རྗེས་སུ་རྟོགས་ཤིང་རབ་ཏུ་འབྱེད་པ་དེ་ཉིད་བྱང་ཆུབ་མཆོག་ལགས་པའི་སླད་དུ་སྟེ། དེ་དག་ནི་ཤིན་ཏུ་མཆོག་ཡིན་ནོ་ ཞེས་དགོངས་པའོ། །དངང་བར་མི་འགྱུར་བ་དེ་དག་ནི་སངས་རྒྱས་ཉིད་དུ་བལྟ་བར་བགྱིའོ་ཞེས་བྱ་བ་ནི་བཏགས་པ་ཡིན་པའི་ཕྱིར་ཏེ། མྱུར་དུ་འགྱུར་རོ་ཞེས་དགོངས་པའོ། །དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་ནི་བསྐལ་པ་དཔག་ཏུ་མེད་པས་ཐོབ་པར་བྱ་བའི་སངས་རྒྱས་ཉིད་ཇི་ལྟར་འགྲུབ་པར་ འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟར་སངས་རྒྱས་ཞེས་བགྱི་བ་དེ་ནི་དོན་དམ་པར་ན་སྐྱེ་བ་མ་མཆིས་པའི་ཚིག་བླ་དགས་ལགས་པའི་སླད་དུ་སྟེ། དེ་དག་ཀྱང་དེ་ལ་ཤིན་ཏུ་གཞོལ་བའི་ཕྱིར་རོ། །སྐྱེ་བ་མེད་པ་རྟོགས་པ་ཞེས་བྱ་བ་བརྗོད་པར་བྱ་བ་མ་ཡིན་ནམ་ཞེ་ན། སྐྱེ་བ་མེད་པ་ཞེས་གསུངས་པ་ནི་ཐ་མའི་ཚིག་མི་མངོན་པར་བྱས་པའི་ཕྱིར་དང་། ཉི་མ་བཞིན་དུ་ཁྱད་ཞུགས་པའི་ཕྱིར་དེ་སྐད་དུ་གསུངས་སོ། །འདི་སྐད་བསྟན་ཏེ་ཐབས་ལོག་པར་ཞུགས་པ་ནི་ཡུན་རིང་པོས་ཀྱང་འགྲུབ་པར་མི་འགྱུར་གྱི། དེ་དང་རྗེས་སུ་མཐུན་པའི་ཐབས་ལ་ཞུགས་པ་དེ་དག་ནི་ མྱུར་དུ་འགྲུབ་པར་འགྱུར་བས་ངོ་མཚར་ཅི་ཆེ། ཡང་ན་རབ་ཏུ་དགའ་བའི་ས་ལ་ནི་ངེས་པ་ཉིད་ཡིན་ཏེ། འདི་ལྟར་དེ་མངོན་པར་རྟོགས་པ་ཐོབ་པས་དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ཡིན་ནོ། །ཆོས་ཀྱི་སྤྲིན་གྱི་ཚེ་ནི་ཉེ་བར་གྱུར་པ་ཡིན་ཏེ། འདི་ལྟར་དེའི་ཚེ་ནི་བར་དུ་མ་ཆོད་པར་དེས་ སངས་རྒྱས་ཀྱི་ས་ཀུན་དུ་འོད་འཐོབ་པར་འགྱུར་རོ། །དེའི་ཚེ་ནི་སྒྲིབ་པ་ཐམས་ཅད་དང་བྲལ་བས་སངས་རྒྱས་ཡིན་ནོ། །ཡང་ན་ཉེ་བར་གྱུར་པ་ལ་བརྟེན་ཏེ་འདི་ཀུན་གྱི་ནང་དུ་ལྟ་བུ་ཞེས་བྱ་བ་ཁོང་ནས་འབྱུང་བར་གསུངས་ཏེ། ངེས་པ་ལྟ་བུ་དང་། ཉེ་བར་གྱུར་པ་ལྟ་བུ་དང་། སངས་རྒྱས་ལྟ་བུ་ ཞེས་བྱ་བའི་ཐ་ཚིག་གོ། །གཏན་ཚིགས་གཉིས་དྲིས་པའི་དོན་ནི་ཇི་ལྟར་ན་སོ་སོའི་སྐྱེ་བོའི་ས་ལ་གནས་པ་ཁོ་ན་དག་མོས་པ་ཙམ་བསྐྱེད་པའི་ཕྱིར་དེ་སྐད་དུ་བསྟན་ཞེས་བྱ་བ་ཡིན་ནོ། །དེ་ཉིད་བྱང་ཆུབ་མཆོག་ལགས་པའི་སླད་དུའོ་ཞེས་བྱ་བ་ནི་ཉེ་བར་གྱུར་པ་ཉིད་ཀྱི་མཆོག་ཡིན་པར་རང་གི་ ཚིག་གིས་སྟོན་པར་བྱེད་པའོ། །དྲིས་པ་སྔ་མའི་གཏན་ཚིགས་ཀྱང་འདི་ཉིད་ཡིན་ཏེ། གང་དག་གིས་ཆོས་གང་དག་རྗེས་སུ་རྟོགས་པ་ལྷག་པར་ཆེ་སྟེ། དོན་དམ་པར་སྐྱེ་བ་མེད་པ་ལ་གཞོལ་བ་དེ་ཉིད་གཏན་ཚིགས་སུ་བརྗོད་པར་བཞེད་པ་ཡིན་གྱི། ཁོང་དུ་ཆུད་པ་ནི་མ་ཡིན་ནོ། །དེ་བས་ ན་དེ་དག་ནི་འཁྲུལ་བ་ཡིན་ནོ།། །།འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པ་རྒྱ་ཆེར་བཤད་པ། བམ་པོ་གསུམ་པ། ཁ་ཅིག་ཆོས་དེ་དག་ཁོང་དུ་ཆུད་པར་བརྩོན་ཞིང་དོན་དམ་པར་སྐྱེ་བ་མེད་པ་ཁོང་དུ་ཆུད་པ་ལ་གཞར་ཡང་སྨྲ་བར་བཞེད་པ་དེ་དག་གི་གཏན་ ཚིགས་ཁོང་དུ་མ་ཆུད་པ་དེའི་ཕྱིར་དེ་དག་ནི་འཁྲུལ་ནས་ཆོས་གང་དག་ཁོང་དུ་ཆུད་པ་དེ་དག་ཉིད་བྱང་ཆུབ་ཡིན་པ་དང་། སངས་རྒྱས་ཀྱི་ཆོས་གང་དག་རྗེས་སུ་རྟོགས་པ་དེ་ཉིད་བྱང་ཆུབ་ཅེས་བྱ་བ་དང་། སངས་རྒྱས་ཞེས་བྱ་བ་ནི་སྐྱེ་བ་མེད་པའི་ཚིག་བླ་དགས་ཡིན་དུ་ཟིན་མོད་ཀྱི། འོན་ཀྱང་ ཅིའི་ཕྱིར་ཉེ་བར་གྱུར་པ་ཉིད་སངས་རྒྱས་ཡིན་པར་བལྟ་བར་བྱ་སྙམ་པ་ལ་དེ་ཉིད་གཏན་ཚིགས་ཀྱིས་གསལ་བར་བྱ་བའི་ཕྱིར། སྲིང་མོ་དམིགས་པ་མེད་པས་ཞེས་བྱ་བ་ནི་ཁྱད་པར་བློ་གྲོས་རྣམ་པར་འཕྲོ་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ཡིན་བཞིན་དུ་བུད་མེད་ཀྱི་གཟུགས་འཆང་བས་འདི་ སྐད་ཅེས་གསོལ་པ་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཅེས་བྱ་བ་ནས། དངང་བར་མི་འགྱུར་བ་དེ་ནི་སོ་སོའི་སྐྱེ་བོའི་ཆོས་ལ་སོགས་པ་ལ་ལྷག་པར་དམིགས་པར་མི་འགྱུར་བ་ལགས་སོ་ཞེས་བྱ་བ་ཡིན་ཏེ། ལྷག་པར་དམིགས་པ་ནི་དེ་དག་གིས་ འཛིན་པ་དང་། དེ་ལ་དམིགས་ཤིང་འདུག་ཅེས་བྱ་བའི་བར་དུ་ཡིན་ནོ། །དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བའི་བསམ་པ་ནི་འདི་ཡིན་ཏེ། འཁོར་བར་གཏོགས་པའི་རྣམ་པར་ཤེས་པ་ཡོད་བཞིན་དུ་ཇི་ལྟར་མི་དམིགས་པར་རུང་། འདི་ལྟར་རྣམ་པར་ཤེས་པ་ནི་དོན་གཉིས་བྱེད་པའི་རང་གི་ ངོ་བོ་ཡིན་ཏེ། འདི་ལྟར་རྣམ་པར་རིག་ཅིང་རྣམ་པར་རིག་པས་རྣམ་པར་ཤེས་པ་ཡིན་ནོ་ཞེས་རྣམ་པར་གཞག་གོ། །དམིགས་པར་བྱ་བ་མེད་ན་ནི་ཅི་ཞིག་ཤེས་ན་རྣམ་པར་ཤེས་པ་ཞེས་བྱ་སྙམ་པ་ལ། དེའི་ཕྱིར་འདིར་འདི་ལྟར་ཆོས་ཐམས་ཅད་ནི་མ་མཆིས་པའི་སླད་དུ་མི་དམིགས་པ་སྟེ་ཞེས་ གསུངས་ཏེ། ཆོས་ཐམས་ཅད་ཅེས་སྨོས་པ་ནི་འདིར་རྣམ་པར་ཤེས་པ་ཉིད་ལ་བྱ་བར་གསུངས་ཏེ། འདི་ལྟར་གཞན་དག་གིས་དེ་ཉིད་དམིགས་པ་དང་བཅས་པར་རྗོད་པར་བྱེད་དོ། །མ་མཆིས་པའི་སླད་དུ་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ངོ་བོ་ཡིན་པར་བསྟན་ཏེ། འདི་ལྟར་རྣམ་པར་རིག་ པ་འདི་ནི་གཟུང་བར་འདོད་པའི་དངོས་པོ་ལ་ལྟོས་ཏེ། རྣམ་པར་ཤེས་པ་ཉིད་ཡིན་པར་རྣམ་པར་གཞག་གོ། །དེ་མེད་པའི་ཕྱིར་གཞན་ཁོང་དུ་ཆུད་པའི་ངོ་བོ་འདི་ཡང་བཀག་པ་ཡིན་ནོ། །དེ་བས་ན་འདི་ནི་དྲི་ཟའི་གྲོང་ཁྱེར་ལ་སོགས་པའི་ཤེས་པ་བཞིན་དུ་གཞན་མེད་པའི་རྣམ་པར་ཤེས་པའི་བདག་ ཉིད་ཡིན་དུ་ཟིན་ཀྱང་ཤེས་པ་འཁྲུལ་ནས་རིག་པར་བྱ་བ་དང་རེག་པར་བྱེད་པའི་རྣམ་པར་སྟོན་པར་བྱེད་དེ། དེ་ཉིད་ལ་བརྟེན་ནས་རྣམ་པར་ཤེས་པ་ཉིད་དུ་བརྟགས་སོ། །ཡང་དག་པར་ན་དེ་རྣམ་པར་ཤེས་པ་ཡིན་ནོ་ཞེས་བྱ་བར་བརྗོད་པར་ནུས་པ་མ་ཡིན་ཏེ། རྣམ་པར་རིག་པར་བྱ་བ་མེད་ པའི་ཕྱིར་རོ། །དེ་ལྟར་རེ་ཞིག་ཀུན་ནས་ཉོན་མོངས་པ་ལ་སོགས་པ་རྒྱུ་མཚན་གང་ཡིན་པ་དེ་དག་ནི་མེད་པར་རིག་སྟེ། གང་དུ་ཡང་བསྟན་དུ་མེད་པ་ཡིན་ནོ། །དེའི་སླད་དུ་ཞེས་བྱ་བ་ནི་མ་མཆིས་པའི་སླད་དུ་སྟེ། ཆོས་དེ་དག་ལ་དམིགས་པ་མ་མཆིས་སོ། །ཁ་ཅིག་བཅོམ་ལྡན་འདས་ཀྱི་ བཀའ་མེད་པར་གླང་པོ་ཆེན་པོ་དག་གིས་གསུངས་སུ་ཟིན་ཀྱང་བསྔགས་པ་མྱུར་དུ་ཁོང་དུ་མི་ཆུད་དེ། དེ་བས་ན་བཅོམ་ལྡན་འདས་ལ་དང་བ་སྐྱེད་པ་ཁོ་ནའི་ཕྱིར་རྣམ་པ་གསུམ་གྱི་བསྔགས་པ་ཡང་ཞལ་གྱིས་བཞེས་པའི་ཕྱིར། དེ་དེ་བཞིན་ནོ་ཞེས་གསུངས་ཏེ། དང་པོའི་ཞལ་གྱིས་བཞེས་པ་ ནི་བྱང་ཆུབ་ཏུ་ངེས་པར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །གཉིས་པ་ནི་ཕྱིར་མི་ལྡོག་པའི་ས་ལ་གནས་པ་ཡིན་ཞེས་བྱ་བ་ཡིན་ཏེ། ཕྱིར་མི་ལྡོག་པའི་ས་ཡང་མི་གཡོ་བ་ཡིན་ནོ་ཞེས་བརྗོད་དོ། །སྤྱི་བོས་ལེན་པ་ནི་ཤིན་ཏུ་དད་པ་ཅན་དུ་སྟོན་ཏོ། །གལ་ཏེ་མོས་པའི་ཕྱིར་མི་ལྡོག་པ་ཉིད་ཡིན་ ན། འོ་ན་ནི་སྦྱིན་པ་ལ་སོགས་པ་མི་དགོས་པར་འགྱུར་རོ་ཞེ་ན། དེའི་ཕྱིར་དེ་དང་དེ་དག་ནི་སྦྱིན་བདག་དམ་པར་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའི་ལམ་བསྟན་པས་ནི་ཕྱིར་མི་ལྡོག་པའི་ས་ཉིད་གསལ་བར་བྱེད་པའོ། །རྣམ་པ་ཐམས་ཅད་ ཀྱི་མཆོག་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པའི་བར་དུ་འགྱུར་ཞེས་བྱ་བ་ནི་ཐ་མའི་ཞལ་གྱིས་བཞེས་པ་ཡིན་ནོ། །དེ་ལ་དེ་དང་དེ་དག་ཅེས་ལན་གཉིས་འབྱུང་བ་ནི་ཐུགས་དགྱེས་ནས་ངེས་པ་ཁོ་ནར་དེ་ཁོ་ན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། ཐབས་ཤེས་ཡང་དག་པར་ཞུགས་ པའི་ཕྱིར་རོ། །དེ་ལ་སྦྱིན་པ་ནི་ཟང་ཟིང་དང་མི་འཇིགས་པ་དང་། ཆོས་ཀྱི་སྦྱིན་པའི་བྱེ་བྲག་གིས་རྣམ་པ་གསུམ་སྟེ། དེའི་དབང་དུ་བྱས་ནས། སྦྱིན་བདག་དམ་པ་དང་། སྦྱིན་བདག་ཆེན་པོ་དང་། སྦྱིན་བདག་ཁྱད་པར་དུ་འཕགས་པར་འགྱུར་ཞེས་གསུངས་སོ། །ཚུལ་ཁྲིམས་ཀྱང་ སྡོམ་པའི་ཚུལ་ཁྲིམས་དང་། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་དང་གསུམ་མོ། །དེའི་དབང་དུ་བྱས་པ་ནི་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་འགྱུར་ཞེས་བྱ་བ་ལ་སོགས་པ་ཚིག་བཞི་ཡིན་ནོ། །དེ་ལ་དང་པོ་ནི་བསྟན་པའི་ཚིག་གོ། །ཡང་ ན་ཐ་མ་ནི་མཇུག་བསྡུས་པའི་ཚིག་གོ། །ཚུལ་ཁྲིམས་དང་ལྡན་པའི་མཆོག་ཏུ་འགྱུར་ཞེས་བྱ་བ་ལ། དེ་ཚུལ་ཁྲིམས་ཀྱང་ཡིན་མཆོག་ཀྱང་ཡིན་པ་དེ་གང་དག་ལ་ཡོད་པའོ། །ཚུལ་ཁྲིམས་དང་ལྡན་པ་ཁྱད་པར་དུ་འཕགས་པར་འགྱུར་ཞེས་བྱ་བ་ནི་ཚུལ་ཁྲིམས་དང་ལྡན་པ་ཁྱད་པར་དུ་ འཕགས་པ་མཆོག་གང་དག་ལ་ཡོད་པའོ། །ཡོན་ཏན་རྣམས་ཀྱི་ལམ་ནི་ཡོན་ཏན་གྱི་ལམ་སྟེ། ཚུལ་ཁྲིམས་ཉིད་ཡོན་ཏན་ལམ་སྟེ། དེ་རྙེད་པར་འགྱུར་རོ། །བསྟན་པ་འདི་ཐོས་ནས་མོས་ཏེ་ཞེས་བྱ་བ་ནི་དེ་བཞིན་ནོ་ཞེས་ངེས་པར་འཛིན་པའོ། །བཟོད་པའི་མཆོག་ཅེས་བྱ་བ་ནི་དམིགས་ པ་མེད་པ་དག་ལ་ཕྱ་སྟེ། བློ་གྲོས་མི་ཟད་པས་བསྟན་པ་ལ་སོགས་པ་ལས་ཇི་སྙེད་བརྗོད་པ་ཡིན་ནོ། །བར་དུ་ཞེས་བྱ་བའི་ཚིག་གིས་ནི་ཐབས་དང་སྨོན་ལམ་དང་། སྟོབས་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པར་གཟུང་ངོ་། །རྣམ་པ་ཐམས་ཅད་ཅེས་བྱ་བ་ནི་སོ་སོ་ཡང་དག་པར་ རིག་པ་དང་། ཐུགས་རྗེ་ཆེན་པོ་ལ་སོགས་པའི་ཡོན་ཏན་བརྗོད་པར་བྱ་བ་སྟེ། དེ་དང་ལྡན་ཞིང་འབྲེལ་པ་ནི་ཐམས་ཅད་མཁྱེན་པ་གང་ཡིན་པ་འགྲོ་བ་མཐའ་དག་ལ་ཕན་པར་མཛད་པའི་ཡེ་ཤེས་ཅན་ཡིན་ནོ། །དེ་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པའི་བར་དུ་འགྱུར་རོ་ཞེས་བྱ་ བ་ནི་མྱུར་བ་ལ་དགོངས་པའོ། །རྣམ་གྲངས་གཉིས་སུ་ན་ཤིན་ཏུ་ཉེ་བར་གྱུར་པ་ཉིད་ཀྱིས་ནི་ངེས་པ་ཉིད་ཁོ་ན་ཡིན་ཏེ། ཕྱིར་མི་ལྡོག་པའི་ས་ལ་གནས་པ་བྱེ་བྲག་ཏུ་བྱས་པའོ། །ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་བསྟན་པས་ནི་ཆོས་ཀྱི་སྤྲིན་ལ་གནས་པར་བསྟན་ཏེ། དེ་ལ་ནི་ཕ་རོལ་ཏུ་ཕྱིན་པ་ ཐམས་ཅད་རྣམ་པར་བྱང་བར་འགྱུར་རོ། །གལ་ཏེ་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པ་ཙམ་ཡང་བྱང་ཆུབ་མཆོག་འགྲུབ་པར་འགྱུར་ན། ཅིའི་ཕྱིར་འཕགས་པ་འཇམ་དཔལ་འདི་ཁོ་ནས་ཡུན་རིང་པོར་འདི་དག་སྟོན་པ་མཛད། དུས་རིང་པོར་རྗེས་སུ་བསྒྲུབས་བསྒོམས་ཀྱང་ད་དུང་བྱང་ཆུབ་ མཆོག་མ་ཐོབ་ཅེས་དོགས་པའི་ཐེ་ཚོམ་བསལ་བའི་ཕྱིར། འཇམ་དཔལ་ཁྱོད་ཀྱིས་དོན་གྱི་དབང་ཅི་ཞིག་མཐོང་ཞེ་ན་ཞེས་བྱ་བ་ལ་སོགས་པ་དྲིས་སོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འདོད་ཅེས་བྱ་བའི་ཚིག་འདིས་ འདི་སྐད་བསྟན་ཏེ། ཁྱོད་ལ་བརྟེན་པ་མཐའ་མེད་པ་དག་གིས་ཀྱང་འབད་པ་མ་བྱས་པར་འདི་ཐོབ་ན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མཐའ་དག་རྫོགས་པ་ཁྱོད་ཁོ་ན་ཅིའི་ཕྱིར་འདི་ལ་འབད་པ་ཆེན་པོས་སྒྲུབ་པར་བྱེད། དེ་བས་ན་གཞན་ལ་རག་ལས་པའི་དོན་ཅུང་ཟད་ཅིག་མཐོང་ནས་ ཐོབ་པར་མི་འདོད་དམ་ཞེ་ན། ལན་དུ། བཅོམ་ལྡན་འདས་གལ་ཏེ་བདག་བྱང་ཆུབ་ཏུ་ཞུགས་ན་ནི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཅི་སྟེ་བདག་བྱང་ཆུབ་ཀྱི་ཆེད་དུ་ཡང་དག་པར་ཞུགས་པར་གྱུར་ན་ནི་དེའི་ཚེ་དེ་མངོན་དུ་བགྱི་བར་བདག་འདོད་དེ། འབད་པ་ནི་འདོད་པ་ལ་མི་འཁྲུལ་བ་ཅན་ཡིན་པའི་ཕྱིར་རོ། ། ཇི་ཙམ་དུ། བཅོམ་ལྡན་འདས་བདག་ནི་བྱང་ཆུབ་ཏུ་སྨོན་པ་སྟེ། བྱང་ཆུབ་དོན་དུ་གཉེར་བ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་བྱང་ཆུབ་དོན་དུ་གཉེར་བར་མི་བྱེད་པ་ཇི་ལྟར་རིགས་ཞེས་བསམས་པའོ། །འདི་ལྟར་འཇམ་དཔལ་གཞོན་ནུར་གྱུར་པ་གང་ལགས་ པ་དེ་བྱང་ཆུབ་ཉིད་ཡིན་ནོ། །དགོངས་པ་ནི་འདི་ཡིན་ཏེ། བྱང་ཆུབ་ནི་གཟུང་བ་ལ་སོགས་པ་ཡང་དག་པ་མ་ཡིན་པ་ལ་མངོན་པར་ཞེན་པའི་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཀྱི་བདག་ཉིད་ཁོ་ན་ཡིན་གྱི། གཞན་གྱི་རང་བཞིན་ནི་མ་ཡིན་ནོ། །འཇམ་དཔལ་ཡང་དེ་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་ ལུས་ཅན་ཁོ་ན་ཡིན་ཏེ། དར་ལས་བསྒྲིབས་པ་ལ་སོགས་པ་དཔེར་བྱ་བ་ཙམ་ཡིན་ནོ། །ཡང་ན་སྒྲིབ་པ་མེད་པ་དོན་དུ་གཉེར་བར་རིགས་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ་འདི་ལྟར་གང་ཞིག་བྱང་ཆུབ་ཡང་དག་པར་དོན་དུ་གཉེར་བ་དེ་ནི་དེ་སྐྱེད་པའི་དབང་ཡོད་པ་མ་ཡིན་ནོ། །བདག་ནི་འདི་འདོད་པ་ ཙམ་ལ་རག་ལས་པ་ཡིན་ནོ། །དེ་བས་ན་དོན་དུ་གཉེར་བར་མི་བྱེད་དེ། ཡང་ན་དོན་དམ་པར་སྐྱེ་བ་མེད་པའི་རང་གི་ངོ་བོ་ཉིད་དུ་ནི་གཉིས་ཀ་ཡང་དབྱེར་མེད་པས་བྱང་ཆུབ་ཉིད་འཇམ་དཔལ་ཡིན་ཞེས་དགོངས་པའོ། །འཕགས་པ་འཇམ་དཔལ་འདི་ཅིའི་རྒྱུས་ཟབ་མོ་འཆད་པ་ལ་མཁས་སྙམ་ དུ་ཐེ་ཚོམ་ཟ་བའི་ཕྱིར། འཇམ་དཔལ་ཁྱོད་ཟབ་མོ་ཟབ་མོའི་གནས་འདི་ལྟ་བུ་སྟོན་པ་ལེགས་སོ་ལེགས་སོ་ཞེས་བྱ་བ་བཀའ་སྩལ་ཏོ། །ཟབ་མོ་ཟབ་པ་ཞེས་བྱ་བ་ནི་བསེ་རུ་ལྟ་བུ་ལ་སོགས་པའི་ཡུལ་མ་ཡིན་པའི་ཕྱིར་རོ། །གནས་ཞེས་བྱ་བ་ནི་ཕྱོགས་ལ་བྱའོ། །འདི་ལྟར་ཁྱོད་ནི་ཞེས་ བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །སྔོན་གྱི་རྒྱལ་བ་ལ་སྦྱིན་པ་ལ་སོགས་པའི་མཚན་ཉིད་ཀྱི་བྱ་བ་གང་གིས་བྱས་ཤིང་བསྒྲུབས་པ་དེ་ལ་དེ་སྐད་ཅེས་བྱའོ། །ཡང་ན་སྔོན་གྱི་རྒྱལ་བ་རྣམས་ཀྱིས་ཆོས་ཟབ་མོ་འཆད་པའི་བྱ་བ་བྱེད་པར་གང་ཞིག་བསྒོས་པ་བྱས་པའོ། །མི་དམིགས་ པར་ཚངས་པར་སྤྱོད་པ་ཡུན་རིང་དུ་ནི་དུས་རིང་པོར་གང་གིས་སྤྱད་ཅིང་གོམས་པར་བྱས་པ་དེ་ལ་དེ་སྐད་ཅེས་བྱའོ། །ཚངས་པ་ནི་མྱ་ངན་ལས་འདས་པ་སྟེ། དེའི་ཆེད་དུ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སྤྱོད་པའོ། །གང་གི་ཕྱིར་འཕགས་པ་འཇམ་དཔལ་འདི་དེ་ལྟ་བུར་གྱུར་པ་དེ་བས་ན་འདི་དེ་ ལྟ་བུ་སྟོན་ཏོ་ཞེས་བྱ་བ་ནི་མདོའི་དོན་ཡིན་ནོ། །འཕགས་པ་ཡང་བདག་ཉིད་དམིགས་སུ་མེད་པ་གོམས་པ་ཡིན་པར་ཟུར་གྱི་ཚུལ་གྱིས་དེ་སྟོན་པ་ནི་བཅོམ་ལྡན་འདས་གལ་ཏེ་བདག་མི་དམིགས་པར་སྤྱོད་པ་ལགས་ན་ནི་ཆོས་ཐོབ་པ་ཉིད་དུ་འགྱུར་བ་ལགས་སོ་ཞེས་གསོལ་ཏོ། །འདིས་ཅི་བསྟན་ཞེ་ ན། མི་དམིགས་པར་སྤྱོད་པར་བྱེད་པས་གལ་ཏེ་བདག་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྤྱོད་པ་ཡོད་ན་ནི་དེའི་ཚེ་ཆོས་དང་ཆོས་ཅན་དུ་སྒྲོ་བཏགས་ནས་འཛིན་པ་ལ་སོགས་པར་མངོན་པར་ཞེན་པའི་མཚན་ཉིད་ཀྱི་ཆོས་ཐོབ་པ་ཁོ་ནར་ཡང་འགྱུར་བ་ཞིག་ན་སྒྲོ་འདོགས་པ་ཐམས་ཅད་སྤངས་པའི་ཕྱིར་ འདི་བདག་གིས་ཐོབ་པ་ཡང་མ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དེ་དག་ལ་བདག་མི་དམིགས་པར་སྤྱོད་པ་ཡང་མ་ཡིན་ཏེ། རང་ཉིད་དམིགས་སུ་མེད་པའི་བདག་ཉིད་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཀྱང་འདི་བཀག་པ་མ་ ཡིན་ཏེ། གནང་བའི་ཕྱིར་རོ། །གལ་ཏེ་འཕགས་པ་འཇམ་དཔལ་འདི་དམིགས་སུ་མེད་པའི་བདག་ཉིད་ཡིན་ན། འོ་ན་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཕུན་སུམ་ཚོགས་པ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པ་དབྱེ་བས་ཐ་དད་དུ་གྱུར་པ་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ རྟོགས་པར་བྱ་བ་རྣམས་འདིས་དམིགས་པར་མི་འགྱུར་རོ་སྙམ་ན། དེའི་ཕྱིར་འཇམ་དཔལ་ཁྱོད་ཀྱིས་ངའི་ཉན་ཐོས་ཕུན་སུམ་ཚོགས་པ་འདི་དག་མཐོང་ངམ་ཞེས་དྲིས་སོ། །ཕུན་སུམ་ཚོགས་པ་ནི་མཆོག་ཏུ་གྱུར་པའི་དོན་གང་ཡིན་པའོ། །བདག་གིས་ཇི་ ལྟར་མཐོང་བ་དེ་ལྟར་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱིས་མ་ཡིན་ནོ་ཞེས་བྱ་བའི་ཕྱིར། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ་ཞེས་གསོལ་ཏོ། །མ་རྟོགས་པ་དེའི་བསམ་པ་ལ་ལྟོས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ལྟར་ཅི་འདྲ་བར་ མཐོང་ཞེས་བཀའ་སྩལ་ཏེ། ཇི་ལྟ་ཇི་ལྟ་བུ་ཞེས་བྱ་བའི་དོན་དང་དེ་མཐོང་ན་མི་དམིགས་པའི་བདག་ཉིད་ཡིན་ན་ཇི་ལྟར་མི་འགལ་ཞེས་བྱ་བའི་བར་དུ་ཡིན་ནོ། །སོ་སོའི་སྐྱེ་བོའི་དྲོ་བར་གྱུར་པ་ལ་སོགས་པ་ཐོབ་པའོ། །སློབ་པ་ནི་ཞུགས་པ་བཞི་དང་འབྲས་བུ་ལ་གནས་པ་གསུམ་མོ། །མི་ སློབ་པ་ནི་དགྲ་བཅོམ་པའོ། །ཐམས་ཅད་ཀྱང་དོན་དམ་པའི་ཚུལ་ལ་གནས་པའི་ཚེ་མཐོང་བ་ཡང་མ་མཆིས་སོ། །སྔར་ནི་རེ་རེ་ནས་ཚིག་རྫོགས་པར་བྱས་པ་ཡིན་ནོ། །འདི་ནི་སྤྱིར་བསྟན་པ་ཡིན་ཏེ། བྱེ་བྲག་ནི་དེ་ཡིན་ནོ། །ཀུན་རྫོབ་ཀྱི་ལམ་ལ་གནས་པ་ནི་མ་མཐོང་བ་ཡང་མ་མཆིས་ པ་ལགས་ཏེ། མཐོང་བ་ཁོ་ན་ལགས་སོ་ཞེས་བསྟན་ཏོ། །འཇིག་རྟེན་གྱི་བདེན་པའི་དབང་དུ་བྱས་ནས་མཐོང་བ་ཡང་བདག་གིས་མངོན་པར་ཞེན་པ་མེད་པར་མཐོང་བ་ཡིན་པ་དེ་ལྟར་མཐོང་ངོ་ཞེས་གསོལ་ཏོ། །ཇི་ལྟར་དེ་ལྟར་ཡིན་ཞེ་ན། འདིར་མང་དུ་ཡང་མི་མཐོང་ཞེས་བྱ་བ་ལ་སོགས་པ་ གསུངས་སོ། །མང་བ་ནི་སོ་སོའི་སྐྱེ་བོ་སྟེ། དེ་དག་ཕལ་ཆེ་བའི་ཕྱིར་རོ། །ཉུང་ངུ་ནི་སློབ་པ་དང་མི་སློབ་པ་སྟེ། དེ་དག་དཀོན་པ་ཉིད་ཀྱིས་ཉུང་བའི་ཕྱིར་རོ། །ཉུང་བ་ནི་སུ་ཡིན། མང་བ་ནི་སུ་ཡིན་ཞེས་དོགས་པ་ལ། དེའི་དབྱེ་བ་བསྟན་པའི་ཕྱིར། དུལ་བར་ཡང་མི་མཐོང་མ་དུལ་བར་ ཡང་མི་མཐོང་བ་དེ་ལྟར་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཞན་ཡང་མི་དམིགས་པ་ཉིད་ལ་ལྟོས་ནས་བརྒལ་བ་དང་། གལ་ཏེ་མི་དམིགས་པའི་རང་བཞིན་ཡིན་ན་བཅོམ་ལྡན་འདས་ཀྱི་འཁོར་ཕུན་སུམ་ཚོགས་པ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་ཇི་ལྟར་དམིགས་ པར་འགྱུར་སྙམ་ན། དེའི་ཕྱིར་འཇམ་དཔལ་ཁྱོད་ཀྱིས་ཉན་ཐོས་ཀྱི་ཐེག་པ་པ་རྣམས་དེ་ལྟར་མཐོང་ན་ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་ངོ་བོར་རང་བཞིན་མཉམ་པ་ཡིན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་དེ་ཁོ་ན་བཞིན་ནོ་ཞེས་ལན་གླན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ ཞེས་བྱ་བའི་ཆོས་ཀྱང་རྗེས་སུ་མི་མཐོང་ཞེས་གསུངས་ཏེ། ཐམས་ཅད་ཡོད་པར་དབྱེ་བ་ལ་སོགས་པའི་རྣམ་པར་རྟོག་པ་དང་བྲལ་བ་དང་། གནས་སྐབས་ཀྱང་བདག་དང་འཛིན་པ་ལ་སོགས་པའི་རང་གི་དངོས་པོ་ནི་རང་བཞིན་གྱིས་ཡོངས་སུ་ཞི་བ་ཡིན་པའི་ཕྱིར་རོ། །དེ་ལ་བྱང་ཆུབ་ཀྱི་ཕྱིར་ སེམས་དཔའ་སྟེ། བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཐོབ་པ་མོས་པས་སྤྱོད་པའི་ས་ཐོག་མའི་གནས་སྐབས་ཀྱི་བྱང་ཆུབ་སེམས་དཔའ་ཡིན་ནོ། །བྱང་ཆུབ་ཏུ་ཞུགས་པ་ཞེས་བྱ་བ་ནི་མོས་པས་སྤྱོད་པའི་ས་ལ་གནས་པའོ། །བྱང་ཆུབ་ཀྱི་ཕྱིར་སྤྱོད་དོ་ཞེས་བྱ་བ་ནི་རབ་ཏུ་དགའ་བ་ནས་བཟུང་སྟེ། སྐྱེ་བ་གཅིག་ གིས་ཐོགས་པའི་བར་ཡིན་ནོ། །མངོན་པར་རྫོགས་པར་སངས་རྒྱས་ཞེས་བྱ་བ་ནི་སྲིད་པ་ཐ་མ་པའོ། །ཡང་བརྒལ་བ་གལ་ཏེ་དེ་བཞིན་གཤེགས་པ་དམིགས་ན་ནི་དེའི་ཚེ་མི་དམིགས་པའི་རང་བཞིན་ཉིད་ཡིན་པ་འགལ་བར་འགྱུར་རོ། །འོན་ཏེ་མ་ཡིན་ན་ནི་དེའི་ཚེ་མཐོང་བ་ལ་བསྟན་པའི་དགེ་ བའི་ལོ་ཏོག་ཕུན་སུམ་ཚོགས་པ་དེ་དག་ཇི་ལྟར་བདག་དང་གཞན་གྱི་རྒྱུད་ལ་སོགས་པར་འགྱུར་སྙམ་དུ་དགོངས་ནས། འཇམ་དཔལ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཇི་ལྟར་མཐོང་ཞེས་གསུངས་སོ། །གླང་པོ་ཆེན་པོ་ཞོག་ཤིག་ཅེས་བྱ་བ་ནི་ལན་བཀའ་སྩལ་པ་ཡིན་ནོ། །གླང་པོ་ཆེན་པོ་ནི་དེ་བཞིན་ གཤེགས་པ་ལ་བྱ་སྟེ། དེ་བཞིན་གཤེགས་པ་གླང་ཆེན་ནི། །རྟག་ཏུ་མཉམ་གཞག་སྤྱོད་པ་ཡིན། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གླང་པོ་ཆེན་པོ་མ་བསྐྱོད་ཅིག །དེ་བསྐྱོད་ན་ནི་དེ་མཐོང་སྟེ་མངོན་པར་ཞེན་པས་བསྐྱོད་པའི་དགེ་བའི་ལོ་ཏོག་ཕུན་སུམ་ཚོགས་པ་མཐའ་དག་མེད་པར་ འགྱུར་ཏེ། ཡང་དག་པར་མོས་པ་དང་བྲལ་ནས་མེད་པའི་ལྟ་བར་ལྟུང་བའི་ཕྱིར་རོ། །དེ་བས་ན་མ་བརྟགས་ན་དགའ་བ་ཉིད་ཀྱིས་བཅོམ་ལྡན་འདས་ནི་གདུལ་བྱའི་བྱེ་བྲག་གི་ཕྱིར་བཞུགས་ན་ཆེས་ལེགས་པ་ཡིན་ནོ། །འདིར་འདུས་པ་དེ་ཁོ་ན་ཉིད་ཟབ་མོ་ཐོས་པ་རྣམས་ལ་ཡ་མཚན་བསྐྱེད་པའི་ཕྱིར་ དང་། བར་དུ་ཆོད་པའི་བྱ་བ་དག་བྱ་བའི་ཕྱིར་ཡང་གསུངས་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་དེ་མ་ཐག་ཏུ་གསུངས་པའི་དོགས་པར་ག་ལ་འགྱུར། གཞན་དག་བློ་མ་སྦྱངས་ཤིང་ཁྱད་པར་ཅན་གྱི་སྐལ་བ་ཐོབ་པ་དང་བྲལ་བ་འདུས་པ་དག་དེ་བཞིན་གཤེགས་པའི་དབང་གིས་ དེ་དག་མི་ཉན་ཏོ། །དེ་བས་ན་ལྷག་པར་ཡ་མཚན་དུ་གྱུར་པའི་ཆོས་འཁོར་ལ་གཟིགས་ནས་སྐབས་ལ་བབ་པ་དང་སྐྱེ་བོ་མང་པོ་ལ་ཕན་པར་བྱ་བའི་ཕྱིར་གླང་པོ་ཆེན་པོའི་རང་གི་ངོ་བོ་ཐོག་མ་ཉིད་དུ་འདྲི་བ་ནི། འཇམ་དཔལ་སངས་རྒྱས་ཞེས་བྱ་བ་དེ་གང་གི་ཚིག་བླ་དགས་ཞེས་གསུངས་སོ། །དེའི་ ངོ་བོ་མདོར་སྟོན་པ་ནི། བདག་ཅེས་བྱ་བ་དེ་གང་གི་ཚིག་བླ་དགས་ཞེས་བྱ་བ་ཡིན་ཏེ། བདག་ཅེས་བྱ་བ་ནི་མུ་སྟེགས་པས་ཡོངས་སུ་བརྟགས་པ་བདག་གོ་སྙམ་པའི་ཡུལ་ལོ། །སྐྱེ་བ་མེད་པ་ཞེས་བྱ་བ་ནི་མཚན་མར་བྱ་བ་དངོས་པོའི་ཆ་འགའ་ཡང་དེར་མ་སྐྱེས་པའི་ཕྱིར་རོ། །བདག་ཅེས་བྱ་ བ་དེ་གང་གི་ཚིག་བླ་དགས་ཡིན་པ་སངས་རྒྱས་ཞེས་བྱ་བ་དེ་ཡང་དེའི་ཚིག་བླ་དགས་སོ་ཞེས་བྱ་བ་ནི་དེའི་ངོ་བོ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ལ་ཡང་སྒྲ་འཇུག་པའི་རྒྱུར་གྱུར་པ་མཚན་མར་བྱ་བའི་དངོས་པོའི་བག་ཙམ་ཡང་ཡོངས་སུ་མ་གྲུབ་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འདི་ལྟ་སྟེ་སངས་རྒྱས་ཞེས་ བྱ་བ་ནི་གཞི་མེད་པའི་ཚིག་བླ་དགས་སོ་ཞེས་གསུངས་ཏེ། འདི་ལྟར་བསྟན་པ་ཡིན་ཏེ། འདི་འམ་འདི་ལ་གཞི་མེད་པས་གཞི་མེད་པ་སྟེ། དེའི་ཚིག་བླ་དགས་སོ། །འདིས་དོན་རྟོགས་པར་བྱེད་ཅིང་ཁོང་དུ་ཆུད་པར་བྱེད་པས་གཞི་སྟེ་ཚིག་ལ་བྱའོ། །གང་གིས་སྐྱེ་འགྲོ་མཐའ་དག་གི་ ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་མཛད་པ་ལ་མཁས་པའི་ཡོན་ཏན་གྱི་རང་བཞིན་བཅོམ་ལྡན་འདས་ཀྱི་སྐུ་ལ་རྗོད་པར་བྱེད་པ་དང་འབྲེལ་པའི་གནས་འགའ་ཡང་ཡོད་པ་མ་ཡིན་གྱི། དངོས་པོའི་དེ་ཁོ་ན་ཉིད་བརྟག་པ་ལ་རྒྱབ་ཀྱིས་ཕྱོགས་པའི་བློ་ཅན་བྱིས་པ་རྣམས་ཀྱི་སྤོབས་པ་རང་དབང་དུ་བྱུང་ ནས་མཚན་སངས་རྒྱས་ཞེས་བྱའོ་ཞེས་ཡང་དག་པར་མངོན་པར་ཞེན་ཏོ། །སངས་རྒྱས་ཞེས་བྱ་བར་བརྗོད་པ་འཇུག་པའི་རྒྱུ་མཚན་དེ་ལ་ཡང་ཡོད་པ་མ་ཡིན་ཏེ། སྟོན་པར་བྱེད་པའི་ཚིག་བླ་དགས་ཡིན་ཏེ་དེ་དག་གིས་སྒྲོ་བཏགས་པ་ཡིན་ནོ། །དོན་གཉིས་པ་འདི་ཡང་སྒྲུབ་པའི་ཚུལ་དང་མཐུན་ པར་འབྲེལ་བར་བསྟན་ཏོ། །དེ་ལ་དང་པོ་རབ་ཏུ་བསྒྲུབ་པའི་ཕྱིར། སངས་རྒྱས་ཞེས་བྱ་བ་ནི་ཚིག་གིས་ཤེས་པར་དཀའ་བའོ་ཞེས་གསུངས་ཏེ། ཅིའི་ཕྱིར་ཞེ་ན། འདི་ལྟར་རེ་ཞིག་ཚིག་ཀྱང་འདི་ནི་ཚིག་གོ་ཞེས་བརྟག་པར་དཀའ་སྟེ། ཤེས་པར་བྱ་ཞིང་གཏན་ལ་དབབ་པར་མི་ནུས་ཏེ་སླ་བ་མ་ ཡིན་ན། དེས་བཞག་ཅིང་བསྟན་པར་བྱ་བའི་དོན་སངས་རྒྱས་ཞེས་བྱ་བ་ལྟ་ཅི་སྨོས། དགོངས་པ་ནི་འདི་ལྟ་སྟེ། རྗོད་པར་བྱེད་པ་ཡང་སྒྲའི་ངོ་བོ་ལ་ཚིག་ཅེས་བརྗོད་ན། དེ་ཡང་སྒྲའི་མཚན་ཉིད་དམ། སྤྱིའམ་བློ་ལ་གཟུགས་བརྙན་དུ་འདུག་པ་ཞིག་ཡིན་གྲང་། ཀུན་ཀྱང་རིགས་པ་མ་ཡིན་ནོ། ། དེ་བས་ན་འདི་ནི་འཁྲུལ་པའི་དབང་གིས་སྒྲའི་ཐ་སྙད་འཇུག་པ་ཡིན་པས་དངོས་པོའི་དེ་བཞིན་ཉིད་དཔྱོད་པ་ལྷུར་ལེན་པ་ཁྱོད་ཀྱིས་བརྟག་པར་ནུས་པ་མ་ཡིན་ནོ། །རྗོད་པར་བྱེད་པའི་ངོ་བོ་བཀག་པ་ཉིད་ཀྱིས་དེ་ལ་ལྟོས་ཏེ་རབ་ཏུ་བརྟགས་པ་བརྗོད་པར་བྱ་བ་ཉིད་ཀྱང་རབ་ཏུ་བཀག་པ་ཁོ་ན་ཡིན་ནོ། །འོན་ ཀྱང་དེ་བཀར་ཏེ་ཡང་དགག་པར་བྱ་བའི་ཕྱིར་གཉིས་པའི་དོན་དུ། གང་ཡང་དག་པར་མ་གྲུབ་པ་དང་ཞེས་གསུངས་ཏེ། རྐྱེན་ཚོགས་པ་ལས་ཐོག་མར་བྱུང་བ་མ་ཡིན་ནོ། །མ་སྐྱེས་པ་དང་ཞེས་བྱ་བ་ནི་དེའི་འོག་ཏུ་རྒྱུན་དུ་འཇུག་ཅིང་གནས་པར་འདུ་ཤེས་པའི་མ་སྐྱེས་པའོ། །མི་འགག་པ་སྟེ་ ཞེས་བྱ་བ་ནི་རྒྱུན་ཆད་པར་འགགས་པ་མེད་པའོ། །བདག་ལ་སོགས་པ་མཚན་མར་བྱ་བའི་ཚིག་གི་གནས་སུ་གྱུར་པ་གང་ཆོས་གང་དང་ཡང་མི་ལྡན་པའི་བཅོམ་ལྡན་འདས་དེ་ལ་གཞི་ཚིག་གང་ཡང་མེད་དོ། །ཇི་ལྟ་བུ་ཞེ་ན་གཞི་དབྱེར་མེད་པ་འདི་ལ་དབྱེར་མེད་པས་དབྱེར་མེད་པ་སྟེ། ཀུན་དུ་འགྲོ་ བ་སྤྱི་ཞེས་བྱ་བའི་བར་དུ་ཡིན་ནོ། །དེའི་གཞི་ནི་འདིའི་གནས་དང་རྟེན་ཞེས་ཚིག་སྦྱར་ཏེ། དེའི་གཞི་མེད་པ་དང་། གནས་མེད་པ་དང་། ཚིག་གི་ཡུལ་མ་ཡིན་པ་ཞེས་བྱ་བའི་དོན་གང་ཡིན་པ་དེ་ཡིན་ནོ། །འདི་ལྟ་སྟེ། སངས་རྒྱས་ཞེས་བྱ་བ་དེ་ནི་དེའི་ཚིག་བླ་དགས་སོ་ཞེས་བྱ་བ་ནི་ཤེས་རབ་ ཀྱི་སྤྱོད་པ་ཡོངས་སུ་མ་དག་པས་སྒྲོ་བཏགས་པ་སྟེ། དེ་ཁོ་ན་ཉིད་ལ་འཇུག་པར་བྱ་བའི་ཕྱིར་རོ། །འདིར་མདོ་ནི་འདི་ལྟ་སྟེ། ཚིག་གིས་བརྗོད་པར་བྱ་བའི་དོན་རང་གི་མཚན་ཉིད་གཅིག་གམ། མཚན་མ་ལ་སོགས་པའམ། སྤྱི་འམ། བློ་ལ་གཟུགས་བརྙན་ཡོད་པ་ཞིག་ཡིན་གྲང་། དེ་ལ་ རང་གི་མཚན་ཉིད་ནི་སྐྱེས་མ་ཐག་ཏུ་མེད་པར་གྱུར་པས་ཞེས་པ་ལ་སོགས་པར་མ་ནུས་ཤིང་བརྗོད་པར་བྱ་བ་མེད་དོ། །མཚན་མ་ལ་སོགས་པ་ཡང་རྟོགས་པས་རང་དགར་བྱས་པ་ཉིད་ཀྱི་ཕྱིར་ཡང་དག་པར་མེད་དོ། །དངོས་པོ་ཉིད་ཡོད་ན་ནི་རང་གི་མཚན་ཉིད་ཀྱི་ བདག་ཉིད་ཡིན་ཏེ་དེ་ལ་ཡང་སྐྱོན་སྨྲས་ཟིན་ཏོ། །སྤྱི་ཡང་ལོགས་ཤིག་པ་ལ་སོགས་པའི་ངོ་བོར་ཡོད་པ་ནི་བློ་ལ་ཡོད་པ་མ་ཡིན་ཏེ། སྣ་ཚོགས་སྣང་བའི་བློ་ལས་ཉམས་སུ་མྱོང་བ་མེད་པའི་ཕྱིར་རོ། །གང་མིང་ཙམ་དང་རྗེས་སུ་འབྲེལ་ཞིང་རྣམ་པར་རྟོག་པ་ལ་གཟུགས་བརྙན་ཙམ་ཕྱི་རོལ་ན་ ཡོད་པ་འདྲ་བར་སྣང་བ་དེ་ལ་དོན་ཡིན་པར་གཏམ་དགོད་པར་འདོད་དེ་སྨྲ་བ་དེ་ནི་འཁྲུལ་པའི་དབང་གིས་འབྱུང་བ་ཡིན་ནོ། །འཁྲུལ་ཏེ་སྣང་བ་དེ་ཡང་ཇི་ལྟར་སྣང་བཞིན་དུ་འདོད་པའི་ཕྱིར་གང་ཡང་དག་པར་མ་གྲུབ་པ་ལ་སོགས་པར་གསུངས་པ་ཡིན་ནོ། །འདི་དོན་གྱི་ངོ་བོར་ཡང་རིགས་པ་མ་ ཡིན་ཏེ་མི་གསལ་བ་ལ་སོགས་པ་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱི་སྐུ་འདི་དག་གི་སྤྱོད་ཡུལ་ཐམས་ཅད་ལས་འདས་པ་ཡིན་ན་ཐབས་གང་གིས་རྟོགས་པར་བྱ་ཞེ་ན། དེའི་ཕྱིར་བཙུན་པ་ཤ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པ་ཚོལ་བར་འདོད་པས་ནི་བདག་བཙལ་བར་བྱའོ་ཞེས་ གསུངས་ཏེ། བརྟག་པར་བྱའོ། །དེ་གཉིས་འབྲེལ་པ་ཅི་ཞིག་ཡོད་ན་གང་གིས་དེ་རྟོགས་པར་བྱ་བའི་ཕྱིར་དེ་ལ་ཚོལ་བར་བྱེད་ཅེ་ན། བདག་ཅེས་བྱ་བ་དེ་ནི་སངས་རྒྱས་ཀྱི་ཚིག་བླ་དགས་ཏེ་ཞེས་གསུངས་ཏེ། ཆོས་ཉིད་དུ་མཚུངས་པའི་ཕྱིར་རོ་ཞེས་དགོངས་པའོ། །མཚུངས་པ་ཉིད་སྟོན་ པ་ནི་ཇི་ལྟར་བདག་ཅེས་བྱ་བ་མུ་སྟེགས་ཀྱིས་ཡོངས་སུ་བརྟགས་པ་དེ་ནི་ཤིན་ཏུ་མེད་ཅིང་ཡོད་པ་མ་ཡིན་པ་དེ་ཉིད་ཀྱི་ཕྱིར་མི་དམིགས་སོ། །དེ་བཞིན་དུ་སངས་རྒྱས་ཀྱང་ཤིན་ཏུ་མེད་ཅིང་མི་དམིགས་སོ་ཞེས་བྱ་བ་ཡིན་ནོ། །འདས་པ་ལ་སོགས་པའི་དངོས་པོ་མ་ལུས་པ་རྟོགས་པའི་ཕྱིར་སངས་ རྒྱས་ཞེས་བརྗོད་པ་མ་ཡིན་ནམ། ཇི་སྐད་དུ། སངས་རྒྱས་ཀྱིས་ནི་འདས་པ་གཟིགས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ་ཞེ་ན་དེ་ལྟ་མ་ཡིན་ཏེ། འདི་ལྟར་རྟོགས་པ་པོ་ཡང་མེད། རྟོགས་པ་ཡང་མེད། རྟོགས་པར་བྱ་བ་ཡང་མེད་དེ། གཟུང་བ་དང་འཛིན་པ་དང་བྲལ་བའི་ཕྱིར་རོ། །དེ་ བཞིན་གཤེགས་པའི་དབང་གིས་ནི་འདས་པ་ལ་མི་སླུ་བའི་མཁྱེན་པ་འབྱུང་སྟེ། དེའི་ངོ་བོ་ལ་མངོན་པར་ཞེན་པའི་དབང་གིས་དེ་སྐད་བརྗོད་དོ། །དེ་ཉིད་ཀྱི་ཕྱིར། ཇི་ལྟར་བདག་ཅེས་བྱ་བ་འདས་པ་ལ་སོགས་པ་ཡོངས་སུ་ཤེས་པའི་ཆོས་གང་གིས་ཀྱང་ཚིག་ཏུ་བརྗོད་པར་བྱ་བ་མ་ཡིན་པ་ལྟར་ སྟོན་པ་ཡང་དེ་བཞིན་ནོ། །དེ་ལྟར་སྟོན་པ་གང་ལ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པ་ལ་སོགས་པའི་ངོ་བོ་གྲངས་སུ་བགྲང་བ་གང་ཡང་ཡོད་པ་མ་ཡིན་ཡང་དེའི་དངོས་པོར་འཛིན་པའི་འཁྲུལ་པའི་དྲི་མ་ཐམས་ཅད་ཀྱིས་མ་སྦགས་པའི་མཁྱེན་པའི་བྱིན་རླབས་ཀྱིས་འགྲོ་བ་རྣམས་ ཀྱི་དང་བ་ཕུན་སུམ་ཚོགས་པ་སྒྲུབ་པར་མཛད་པ་ལ་སངས་རྒྱས་ཞེས་བྱའོ། །གལ་ཏེ་ཐབས་འདིས་བཅོམ་ལྡན་འདས་ལ་བལྟ་བར་བྱ་བ་ཡིན་ན་དེ་ནི་སླ་བ་ཁོ་ན་ཡིན་ན་དེའི་ཕྱིར་འདི་ལ་འབད་པ་ཆེན་པོ་བྱེད་ཅེ་ན། ཐོས་པ་དང་བསམས་པ་ལས་བྱུང་བའི་ཤེས་པ་ལ་སྙིང་པོར་བློ་སྐྱེད་ཅིང་རྟོག་པ་བསལ་ བའི་ཕྱིར། བདག་ཅེས་བྱ་བའི་གཞིའི་ཚིག་བླ་དགས་དེ་ནི་ཤེས་པར་སླ་བ་མ་ཡིན་ནོ་ཞེས་གསུངས་ཏེ། ངའོ་སྙམ་པ་ནི་ཐོག་མ་མེད་པ་ནས་གོམས་པ་ཡིན་པའི་ཕྱིར་བསྒོམས་པ་མཆོག་ཏུ་མཐར་ཕྱིན་པ་ལས་སྐྱེས་པའི་ཤེས་པ་མེད་པར་ཐོས་པ་ཙམ་སྙིང་པོར་བྱེད་པས་བསལ་བར་མི་ནུས་ཏེ། འདི་ ལྟར་བདག་ནི་ཡུལ་བྱེད་པ་ཉིད་རྣམ་པར་སུན་འབྱིན་པས་སེལ་བར་བྱེད་ལ། དེ་སུན་འབྱིན་པ་ཡང་མེད་པར་བསྒོམས་པ་མཐར་ཕྱིན་པ་ལས་འགྱུར་རོ། །ཇི་སྐད་དུ། གལ་ཏེ་ཆོས་ལ་བདག་མེད་སོ་སོར་རྟོག །སོ་སོར་བརྟགས་ཏེ་གལ་ཏེ་སྒོམ་བྱེད་ན། །རྒྱུ་དེས་འབྲས་བུ་མྱ་ངན་འདས་པ་ཐོབ། ། རྒྱུ་གཞན་གྱིས་ནི་ཞི་བར་འགྱུར་བ་མེད། །ཅེས་གསུངས་སོ། །བདག་ཅེས་བྱ་བའི་གཞིའི་ཚིག་བླ་དགས་དེ་ནི་གཞི་མེད་པ་ཉིད་ཀྱིས་ཡང་དག་པར་ཤེས་པར་སླ་བ་མ་ཡིན་ནོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཡིན་ནོ། །སངས་རྒྱས་ཞེས་བྱ་བའི་གཞིའི་ཚིག་བླ་དགས་ཀྱང་དེ་བཞིན་ནོ། །དངོས་ པོར་མངོན་པར་ཞེན་པ་ནི་ཐོག་མ་མེད་པ་ནས་བསགས་པའི་ཕྱིར་མི་དམིགས་པ་བསྒོམ་པ་མེད་པར་ནི་མི་འགྱུར་རོ། །དེ་བས་ན་འདིར་དོན་ནི་བསྒོམས་པ་ལས་བྱུང་བའི་ཤེས་པ་ཁོ་ན་མངོན་དུ་བྱ་དགོས་པ་ཡིན་པས་འདི་ཉིད་ལ་འབད་དེ་གནས་པར་བྱའོ། །འཕགས་པ་འཇམ་དཔལ་ ཉིད་ཀྱི་མཐུས་ཤེས་པར་བྱས་ཟིན་པ་རང་ཉིད་ལ་རྗེས་སུ་བརྩེ་བ་ཡོད་པ་དང་བཅས་པ་བཞིན་དུ་གསར་དུ་ཞུགས་པ་རྣམས་ལ་ཡིན་ལ། ཇི་ལྟར་ལས་དང་པོ་པས་འཚལ་བར་འགྱུར་བ་དེ་ལྟ་བུར་མི་སྟོན་ཏོ་ཞེས་བརྗོད། ཅིའི་ཕྱིར་གསལ་བར་མ་བསྟན་ཏེ། དོན་ གྱིས་ནི་ལས་དང་པོ་པ་རྣམས་ཀྱང་ཁོང་དུ་ཆུད་པར་འགྱུར་བ་དེ་ལྟར་བསྟན་ཏོ། །འཕགས་པ་ཡང་རྣམ་པར་རྟོག་པ་ལྷག་མ་བརྩམ་པར་བཞེད་ནས་བདག་ཉིད་ཀྱི་ཤེས་པ་འབྱུང་བ་འདི་གསལ་བར་བྱ་བར་བསྟན་པའི་ཕྱིར། བཙུན་པ་ཤ་ར་དྭ་ཏིའི་བུ་ཁོ་བོ་ནི་ཇི་ལྟར་དགྲ་བཅོམ་པ་བྱས་པ་སྲུང་ བ་ཅན་གྱིས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྟོགས་པ་ནི་བྱས་པ་སྟེ། མཐོང་བའི་ཆོས་ལ་བདེ་བར་གནས་པ་ལ་སོགས་པ་སེམས་ལས་བྱུང་བ་རྣམས་ཆེད་དུ་སྲུང་ཞིང་ཡོད་པར་བྱེད་པའི་ངང་ཚུལ་ཅན་གང་དག་ཡིན་པ་དེ་དག་ནི་བྱས་པ་སྲུང་བ་ཅན་ཡིན་ཏེ། དགྲ་བཅོམ་པ་ རྟོགས་པ་རྣམ་པར་གྲོལ་བ་དབང་པོ་རྣོན་པོ་ཞེས་བྱ་བའི་བར་དུ་ཡིན་ནོ། །ཁོ་བོ་ནི་ཇི་ལྟར་སུས་ཀྱང་ཞེས་བྱ་བའི་ཚིག་ནི་ཐམས་ཅད་ཀྱི་མཇུག་སྡུད་པའོ། །དེས་ན་བཅོམ་ལྡན་འདས་ཀྱི་བར་དུ་ཡང་གཟུང་བར་བྱའོ། །དེས་ན་འདི་སྐད་བསྟན་ཏེ། ཇི་ལྟར་ཤེས་པ་དང་བརྗོད་པ་མཐའ་དག་ ལས་ཡང་དག་པར་འདས་པར་བྱ་བའི་ཕྱིར་བྱང་ཆུབ་ཀྱི་ཆེད་དུ་དེ་ལྟར་བདག་སྟོན་ཏོ། །དེ་དག་གི་སྤྱོད་ཡུལ་ཡང་མ་ཡིན་ན་ལས་དང་པོ་པ་དངོས་པོའི་མཐའ་ལ་གནས་པ་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས། བྱང་ཆུབ་ནི་དེ་དག་ཉིད་ལ་ཤེས་པ་དང་བརྗོད་པ་ཐམས་ཅད་ཀྱི་ཡུལ་ལས་ཡང་ དག་པར་འདས་པ་ཡིན་ནོ། །དྲི་བ་བརྩམ་པའི་ཕྱིར་དེ་ཅིའི་ཕྱིར་ཞེ་ན་ཞེས་གསུངས་ཏེ། གལ་ཏེ་ཤེས་པ་དང་ཚིག་གི་ཡུལ་མ་ཡིན་ན་བཅོམ་ལྡན་འདས་ཀྱིས་འདི་ཇི་ལྟར་མངོན་དུ་བྱས་ནས་བསྟན་ཞེས་བྱ་བ་ནི་དྲིས་པའི་དོན་ཡིན་ནོ། །འདི་ལྟར་བྱང་ཆུབ་ནི་སུས་ཀྱང་རྣམ་པར་མ་ཤེས་ཞེས་ བྱ་བ་ནས་མ་བསྟན་པའི་ཕྱིར་རོ་ཞེས་བྱ་བའི་བར་གྱི་ཕྱིར་རོ། །རྣམ་པར་ཤེས་པ་དང་བསྟན་པའི་བར་དུ་སྔར་བསྟན་པའི་ཚུལ་གྱིས་འདི་ལ་མ་གཏོགས་པར་བྱེད་པ་པོ་འཛིན་པའི་བདག་ཉིད་ཀྱི་ངོ་བོ་མེད་པའི་ཕྱིར་རོ། །དེ་ལ་སུས་ཀྱང་རྣམ་པར་མ་ཤེས་པ་ནི་སྤྱིའི་རྣམ་པར་རོ། །སུས་ཀྱང་ མངོན་པར་རྫོགས་པར་མ་རྟོགས་པ་ནི་བྱེ་བྲག་གི་ངོ་བོར་རོ། །མ་མཐོང་བ་ནི་མིག་གི་རྣམ་པར་ཤེས་པས་སོ། །མ་ཐོས་པ་ནི་རྣ་བའི་རྣམ་པར་ཤེས་པས་སོ། །བྱེ་བྲག་མ་ཕྱེད་པ་དང་རྣམ་པར་མ་ཤེས་པ་གཉིས་ཀྱང་བརྗོད་པར་བྱ་བ་ཡིན་ཏེ། གཉིས་ནི་ཉེ་བར་མཚོན་པར་བྱ་བའི་ཕྱིར་རོ། ། ཡང་ན་ཡུལ་རིང་པོ་འདི་གཉིས་ཀྱང་རེ་ཞིག་གཟུང་བར་བྱ་བ་མ་ཡིན་ན་གཞན་ལྟ་སྨོས་ཀྱང་ཅི་དགོས་ཞེས་ཤེས་པར་བྱ་བའི་ཕྱིར་གཉིས་བསྟན་ཏོ། །ཡང་ན་ཚིག་སྔ་མ་གཉིས་ནི་བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པའི་དབང་དུ་བྱས་པ་ཡིན་ནོ། །མ་དྲན་པ་ནི་རྗེས་སུ་མྱོང་བ་སྔོན་དུ་སོང་བའི་དྲན་ པའི་ཤེས་པས་སོ། །ཅིའི་ཕྱིར་རྣམ་པར་མི་ཤེས་པ་ནས་མ་དྲན་པའི་བར་དུ་ཡིན་ཞེ་ན། འདི་ལྟར་མ་སྐྱེད་པ་སྟེ། བསྐྱེད་ན་ནི་དེ་མ་ཐག་ཏུ་འཛིན་པ་སྲིད་པའི་ཕྱིར་རོ། །ཇི་ལྟར་མ་དྲན་ཞེ་ན། གང་གིས་མ་བཀག་པ་སྟེ། དྲན་པའི་ཡུལ་ནི་འདས་པ་ཡིན་པའི་ཕྱིར་རོ། །མ་སྨྲས་པ་ནི་རང་ གིས་སོ། །མ་བསྟན་པ་ནི་དྲིས་པའི་ཚེའོ། །གལ་ཏེ་དེ་ལྟར་བྱང་ཆུབ་ནི་ནང་གི་ཡིན་ན་དེ་ཐོབ་པར་བྱ་བའི་ཕྱིར་འབད་པར་བྱེད་དེ་དགོས་པ་ཡང་ཅི་ཡོད་ཅེ་ན། ཇི་ཙམ་དུ་བྱང་ཆུབ་ཅེས་བྱ་བ་ནི་འདི་ལྟ་སྟེ་ཞེས་གསུངས་ཏེ། ཇི་ཙམ་དུ་བྱང་ཆུབ་ཅེས་བྱ་བ་ནི་འདི་ལྟ་སྟེ། བྱང་ཆུབ་ཅེས་བྱ་བའི་ཐ་ ཚིག་སྟེ། དེ་ནི་རང་དང་གཞན་གྱི་དོན་བྱེད་པ་འདི་ལྟ་བུ་གང་ཡིན་པ་ཡིན་ནོ། །འདིས་ནི་མཆོག་ཡིན་པར་བསྟན་ཏེ། ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ཐམས་ཅད་ཀྱི་བདག་ཉིད་ཡིན་པའི་ཕྱིར་བྱང་ཆུབ་དེ་ཡང་ཡོད་པ་ཡིན་ནོ། །དེ་ལྟར་ན་བྱང་ཆུབ་ནི་བྱེད་པའི་ངོ་བོ་ཡིན་པའི་ ཕྱིར་ལ། བྱེད་པ་པོ་ལ་ལྟོས་པའི་ཕྱིར་བྱེད་པ་པོ་ཡོད་པ་ཐོབ་པར་འགྱུར་རོ། །བྱེད་པ་པོ་ཡང་ལས་ལ་རྩོམ་པས་བྱང་ཆུབ་པར་བྱ་བའི་ལས་ཀྱང་ཡོད་པར་འགྱུར་རོ། །དེ་ལྟར་ན་བྱང་ཆུབ་ཀྱིས་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བ་ཅི་ཡང་མེད་ཅིང་ཞེས་བྱ་བ་རྗེས་བཞིན་དུ་སྟོན་པ་ཐམས་ཅད་ དང་འགལ་བར་འགྱུར་རོ་ཞེ་ན། བྱང་ཆུབ་དེ་ཡང་དངོས་པོ་མ་ཡིན་ནོ་ཞེས་གསུངས་ཏེ། བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་བྱེད་པ་མེད་ན་གོ་ཇི་ལྟར་བྱང་ཆུབ་ཅེས་བྱ། འདི་ལྟར་བྱང་ཆུབ་དང་རྟོགས་པ་དང་དངོས་པོ་ཉམས་སུ་མྱོང་བ་ཞེས་བྱ་བ་ནི་རྣམ་ གྲངས་ཡིན་ནོ་ཞེ་ན། འདི་ནི་ཀུན་བརྟགས་ཏེ་བརྗོད་པ་ཡིན་གྱི། དོན་དམ་པ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་བྱང་ཆུབ་ཀྱིས་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བ་ཅི་ཡང་མེད་ཅིང་ཞེས་གསུངས་ཏེ། གཞན་གྱི་ངོ་བོ་ལ་འཛིན་པ་མི་སྲིད་པའི་ཕྱིར་རོ། །འོ་ན་རང་ལ་ འཛིན་པ་ལ་ལྟོས་ནས་བྱེད་པ་རྣམ་པར་གཞག་པར་འགྱུར་རོ་ཞེ་ན་འདི་ཡང་མེད་དོ་ཞེས་བསྟན་པའི་ཕྱིར་བྱང་ཆུབ་ཀྱང་བྱང་ཆུབ་ཀྱིས་མངོན་པར་རྫོགས་པར་འཚང་རྒྱ་བ་མ་ཡིན་པའི་ཕྱིར་རོ་ཞེས་གསུངས་ཏེ། རང་རིག་པ་ལ་ཡང་བྱ་བ་དང་བྱེད་པ་དང་བྱེད་པ་པོའི་དངོས་པོ་གཞག་ཏུ་གཅིག་ལ་གསུམ་ གྱི་དངོས་པོ་མི་འཐད་པའི་ཕྱིར་རོ། །བྱང་ཆུབ་བྱེད་པའི་ངོ་བོ་ལ་རྒོལ་བ་པོས་བརྒལ་བ་མ་ཡིན་ནམ། བྱེད་པ་པོའི་ངོ་བོ་ལ་མ་རྒལ་བར་བྱང་ཆུབ་ཀྱིས་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བ་ཅི་ཡང་མེད་ཅིང་ཞེས་བྱ་བ་ལ་སོགས་པས་ཇི་ལྟར་དེ་སེལ་བར་བྱེད། བྱེད་པའི་ངོ་བོ་དེ་ནི་བྱང་ཆུབ་ལ་མེད་ ཅིང་གང་ལ་བྱང་ཆུབ་པ་དང་བདག་ཉིད་ལ་ཡང་ཡོད་པ་མ་ཡིན་ནོ་ཞེས་བསལ་བའི་རིགས་ཏེ། དེ་ལ་བརྒལ་བའི་ཕྱིར་རོ་ཞེ་ན། བདེན་ཏེ་འོན་ཀྱང་བྱེད་པ་པོའི་གནས་སྐབས་ཀྱི་བྱེ་བྲག་ཁོ་ན་ཉིད་བདག་ཉིད་དུ་གྱུར་པ་ནི་བྱེད་པ་ཞེས་བྱ་བ་ཡིན་གྱི། དེ་ལས་འདི་གཞན་པ་ཡང་མ་ཡིན་ཏེ། བྱེད་ པ་པོ་དེའི་ངོ་བོ་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །བྱེད་པ་པོ་དེའི་ངོ་བོ་ཡང་ལོགས་ཤིག་ན་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། བྱང་ཆུབ་ཀྱིས་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བ་ཅི་ཡང་མེད་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བས་ན་གཉིས་སུ་མེད་ པ་རང་རིག་པ་ཙམ་དྲི་མས་མ་སྦགས་པ་གཙོ་བོར་བྱས་ཏེ། བྱང་ཆུབ་ཅེས་བཏགས་ཏེ་གཞག་གོ། །འདིས་ནི་སྒྲོ་འདོགས་པའི་མཐའ་སྤངས་པ་ཡིན་ནོ། །བྱང་ཆུབ་ཀྱིས་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བ་ཅི་ཡང་མེད་ན། བྱང་ཆུབ་ནི་བདག་ཉིད་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་ དབྱིངས་དེ་ཇི་ལྟར་མངོན་པར་རྫོགས་པར་སངས་རྒྱས་ཤེ་ན། དེའི་ཕྱིར། འཇམ་དཔལ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་དབྱིངས་མངོན་པར་རྫོགས་པར་སངས་རྒྱས་སམ་ཞེས་ཚིག་ཟུར་གྱིས་དྲིས་ཏེ། མ་ཡིན་ནམ་ཅི་ཞེས་བྱ་བའི་དོན་ཏོ། །ལན་ནི་བཙུན་པ་ཤ་ར་དྭ་ཏིའི་བུ་དེ་ནི་མ་ཡིན་ནོ་ཞེས་ བྱ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་དེ་བཞིན་ཉིད་རྟོགས་པས་རབ་ཏུ་ཕྱེ་བའི་སྟོན་པའི་རྟོགས་པ་དེ་སེལ་བར་བྱེད་ན་གྲུབ་པའི་མཐའ་དང་ཇི་ལྟར་འགལ་བར་མི་འགྱུར་ཞེས་བསམས་པའོ། །འོག་མའི་དོན་ཁས་མི་ལེན་པ་མ་ཡིན་པའི་ཕྱིར་རོ་ཞེས་བསྟན་པའི་ཕྱིར། འདི་ལྟར་ཆོས་ཀྱི་ དབྱིངས་ཉིད་བཅོམ་ལྡན་འདས་ཡིན་པའི་ཕྱིར་རོ་ཞེས་གསུངས་ཏེ། དགོངས་པ་ནི་འདི་ཡིན་ཏེ། དྲི་མ་མེད་པའི་བདག་ཉིད་ཀྱི་མཁྱེན་པའི་ངོ་བོ་ནི་བྱང་ཆུབ་བོ། བཅོམ་ལྡན་འདས་ཀྱང་དེའི་བདག་ཉིད་དོ། །ཆོས་ཀྱི་དབྱིངས་ཀྱང་དེའི་བདག་ཉིད་ཁོ་ན་ཡིན་ཏེ། རྣམ་པར་དབེན་པ་ལས་དབེན་པ་ཐ་དད་ པ་མེད་པའི་ཕྱིར་རོ་ཞེས་རྟག་ཏུ་བཀའ་སྩལ་ཏོ། །དབེན་པ་མ་ཡིན་པའི་ངོ་བོ་འདི་ལ་ནི་བྱང་ཆུབ་པར་བྱ་བ་དང་། བྱང་ཆུབ་པ་པོ་དང་། བྱང་ཆུབ་པའི་ངོ་བོ་ཡོད་པར་ག་ལ་འགྱུར། ཡོད་ན་ནི་གཟུང་བ་དང་འཛིན་པ་ཡོད་པར་འགྱུར་བའི་ཕྱིར་རོ། །དབེན་པའི་མཚན་ཉིད་ནི་སྟོང་པ་ཉིད་དེ། སྟོང་པ་ ཉིད་མེད་པར་འགྱུར་རོ་སྙམ་ནས། བཙུན་པ་ཤ་ར་དྭ་ཏིའི་བུ་གལ་ཏེ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་དབྱིངས་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་ཆོས་ཀྱི་དབྱིངས་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ན། འོ་ན་ནི་གཉིས་སུ་མེད་པའི་ ཡེ་ཤེས་ཀྱི་བདག་ཉིད་གང་ཡིན་པ་དེ་སྐྱེ་བ་མེད་པའི་དབྱིངས་ཡིན་པར་སྔོན་རྣམ་པ་དུ་མར་བཞག་པ་དེ་དང་ཡང་འགལ་ཞིང་མི་མཐུན་པར་འགྱུར་ཏེ། དངོས་སུ་ན་རིག་པར་བྱ་བ་དང་རིག་པར་བྱེད་པ་པོ་ཡོད་པའི་ཕྱིར་རོ། །དེའི་བདག་ཉིད་སྟོན་པའི་ཕྱིར་དེ་མངོན་པར་རྫོགས་པར་སངས་རྒྱས་ཞེས་བསྟན་ ན། བྱང་ཆུབ་པའི་བདག་ཉིད་བཅོམ་ལྡན་འདས་མ་ཡིན་ནམ། དེ་ལྟར་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཅེས་བྱ་ཞེས་མི་ཤེས་པས་དྲིས་པ་དང་། དེའི་ཕྱིར་བཙུན་པ་ཤ་ར་དྭ་ཏིའི་བུ་ཆོས་ཀྱི་དབྱིངས་དེ་ཉིད་བྱང་ཆུབ་བོ་ཞེས་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་འདྲི་བའི་བསམ་པ་ནི་འདི་ཡིན་ཏེ། བྱང་ཆུབ་གང་ཡིན་པ་ནི་སྒྲིབ་པ་ཐམས་ཅད་དང་བྲལ་བའི་ངོ་བོ་ཡིན་པའི་ཕྱིར་དངོས་པོའི་ངོ་བོ་ཡིན་ནོ། །ཆོས་ཀྱི་དབྱིངས་ནི་གཉིས་སུ་མེད་པའི་མཚན་ཉིད་ཡིན་པས་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཡིན་ན་དེ་ཅིའི་ཕྱིར་བྱང་ཆུབ་ཀྱི་ངོ་བོ་ཉིད་དུ་དམ་འཆའ་སྟེ། དངོས་པོ་དང་དངོས་པོ་མེད་པ་ གཉིས་ནི་གཅིག་ཏུ་གནས་པ་མི་སྲིད་པའི་ཕྱིར་རོ་ཞེ་ན། དེ་ལ་འདིར་ལན་ནི་ཆོས་ཀྱི་དབྱིངས་ནི་སེམས་ཅན་མེད་པའི་ཕྱིར་རོ་ཞེས་གསུངས་ཏེ། འདི་ལྟར་ཆོས་ཀྱི་དབྱིངས་ནི་སེམས་ཅན་མེད་པ་ཞེས་བྱ་བ་དེ་ནི་བྱང་ཆུབ་ཀྱི་ཚིག་ཡིན་ནོ། །དེ་བཞིན་དུ་ཆོས་ཐམས་ ཅད་ངོ་བོ་ཉིད་མེད་པའོ་ཞེས་བྱ་བ་དེ་ནི་བྱང་ཆུབ་ཀྱི་ཚིག་བླ་དགས་ཏེ། དེ་ཅིའི་ཕྱིར་བྱང་ཆུབ་ཀྱི་ཚིག་ཡིན། ཅི་བརྟགས་པ་ལ་བྱའམ། དོན་རང་བཞིན་གྱིས་དངོས་པོ་མེད་པའི་ཕྱིར་ཆོས་ཀྱི་དབྱིངས་ནི་སེམས་ཅན་མེད་པའོ་ཞེས་བརྗོད་པར་རིགས་སོ། །འོན་ཀྱང་སྒྲིབ་པ་མེད་པའི་ཡེ་ཤེས་ ཀྱི་བདག་ཉིད་ཀྱི་བྱང་ཆུབ་ལ་བརྒལ་བའི་ལན་ཅི་ཡང་མ་བཏབ་པ་ཡིན་ནོ་ཞེ་ན། དེའི་ཕྱིར་བྱང་ཆུབ་པའི་བདག་ཉིད་བཅོམ་ལྡན་འདས་བསྟན་མ་ཐག་པ་དེ་ནི་ཆོས་ཀྱི་དབྱིངས་ཀྱི་རྣམ་གྲངས་སུ་འགྲོ་བའོ་ཞེས་གསུངས་ཏེ། དེའི་བདག་ཉིད་དེ་ནི་བྱང་ཆུབ་དེའི་ཚིག་བླ་དགས་ཡིན་གྱི། བརྟགས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ཡང་ཆོས་ཀྱི་དབྱིངས་ཉིད་བཅོམ་ལྡན་འདས་སོ་ཞེས་བྱ་བ་འདི་ཉིད་གསལ་བར་བྱེད་པའོ། །དེས་ན་དོན་ནི་འདི་ཡིན་ཏེ། རིག་པར་བྱ་བ་དང་རིག་པ་པོ་མེད་པའི་མཚན་ཉིད་ནི་ཆོས་ཀྱི་དབྱིངས་གང་ཡིན་པ་དེ་ཡིན་ནོ། །དེ་ཉིད་བྱང་ཆུབ་ ཅེས་བྱ་སྟེ། རྣམ་པར་དབེན་པ་དང་དབེན་པ་ཅན་ཐ་དད་པ་མེད་པར་བསྟན་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་ནི་ངོ་བོ་མེད་ཅིང་གཏན་མེད་པའི་ངོ་བོ་ཡང་མ་ཡིན་ནོ། །འོན་ཀྱང་དངོས་པོའི་རང་གི་ངོ་བོ་ཁོ་ན་སྟེ། བརྟགས་པའི་རྣམ་པ་མ་ལུས་པ་དང་བྲལ་བའི་རང་གི་ངོ་བོ་ལ་ཆོས་ཀྱི་དབྱིངས་དང་ བྱང་ཆུབ་ཅེས་བྱའོ། །ཐམས་ཅད་ཀྱང་ཆོས་ཉིད་འདི་ལས་མ་འདས་པ་ཡིན་ཏེ། དེ་བས་ན་མཉམ་པ་ཉིད་ལས་དགོངས་ཏེ། དེ་སྐད་དུ་ཆོས་ཐམས་ཅད་དངོས་པོ་མེད་པ་དེ་ནི་བྱང་ཆུབ་ཀྱི་ཚིག་གོ་ཞེས་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་ཇི་ལྟར་ཆོས་ཀྱི་དབྱིངས་སེམས་ཅན་མེད་པ་དང་། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་དེ་ནི་བྱང་ཆུབ་ཀྱི་ཚིག་ཡིན། ཇི་ཙམ་དུ་དངོས་པོ་དང་དངོས་པོ་མེད་པ་གཉིས་ནི་གཅིག་ལ་འགལ་བའི་ཕྱིར་རོ་ཞེ་ན། ལན་དུ་ཆོས་ཐམས་ཅད་ནི་ཐ་དད་པ་མེད་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། སངས་རྒྱས་ཀྱི་ཡུལ་དུ་སྟེ། སངས་རྒྱས་ཀྱི་ཡུལ་གྱི་ངོ་བོར་དང་། དེ་ བཞིན་ཉིད་ཀྱི་ངོ་བོར་ཞེས་བྱ་བའི་བར་དུ་ཡིན་ནོ། །འདི་ལྟར་གང་ལ་གཟུང་བ་དང་འཛིན་པ་ལ་སོགས་པར་རྣམ་པར་དབྱེ་བའི་ཐ་དད་པ་ཉིད་ཡོད་པ་མ་ཡིན་པ་དེ་ཐ་དད་པ་མེད་པ་ཡིན་ནོ། །ཁ་ཅིག་འཁྲུལ་ནས་ཐ་དད་པ་མེད་པ་ཉིད་ནི་གང་ལ་རང་གི་ངོ་བོ་དབྱེ་བ་མེད་པ་དེ་ལ་དེ་སྐད་ཅེས་བྱའོ་ཞེ་ན། དེའི་ ཕྱིར་འདི་སྐད་དུ། བཙུན་པ་ཤ་ར་དྭ་ཏིའི་བུ་ཐ་དད་པ་མེད་པ་ཞེས་བྱ་བ་དེ་ནི་རྣམ་པར་རིག་པ་མེད་པའོ་ཞེས་ལན་གསུངས་ཏེ། འདི་ལ་རྣམ་པར་རིག་པར་འཛིན་པ་ཡོད་པ་མ་ཡིན་པ་དེ་བས་ན་རྣམ་པར་རིག་པ་མེད་པའོ། །ཁ་ཅིག་འཁྲུལ་ནས་རྣམ་པར་རིག་པ་མེད་པ་ཞེས་བྱ་བ་འདི་ལ་སེམས་ ཅན་ཡང་མེད་པས་རྣམ་པར་རིག་པ་མེད་པ་ཡིན་ནོ་ཞེ་ན། དེའི་ཕྱིར་དེ་ཉིད་གསལ་བར་བྱེད་པ་ནི། བཙུན་པ་ཤ་ར་དྭ་ཏིའི་བུ་རྣམ་པར་རིག་པ་མེད་པ་ཞེས་བྱ་བ་དེ་ནི་རྣམ་པར་ཤེས་ཤིང་གཟུང་བར་མི་ནུས་པས་ན་རྣམ་པར་རིག་པ་མེད་པ་ཞེས་བྱའི། རྣམ་པར་ཤེས་པ་ཙམ་ཡང་མེད་པའི་ཕྱིར་ ནི་མ་ཡིན་ནོ། །གང་གི་ངོ་བོ་རྣམ་པར་ཤེས་པར་མི་ནུས། ཅི་རྡུལ་ཕྲ་རབ་ལ་སོགས་པའི་ངོ་བོར་རམ་ཞེ་ན། འདུས་བྱས་སུ་རྣམ་པར་རིག་པར་མི་ནུས་པ་ནས། འདུས་མ་བྱས་ཀྱི་བར་དུ་ཡང་རྣམ་པར་རིག་པར་མི་ནུས་པ་སྟེ། བར་དུ་ཞེས་བྱ་བའི་སྒྲས་འདུས་བྱས་ཀྱི་དབྱེ་བ་གཟུགས་དང་། ཚོར་བ་ལ་སོགས་པ་གཟུང་ངོ་། །རྣམ་པ་ཐམས་ཅད་དུ་དེ་དག་ལ་རྣམ་པར་རིག་པ་འཛིན་པ་གང་ཡང་མེད་དེ་ཆུང་ངུ་ན་རྣམ་པར་ཤེས་པ་ཙམ་ཡང་འདི་ལ་ཡོད་པ་མ་ཡིན་པའི་གཏན་ཚིགས་དེས་ན་དེ་རྣམ་པར་རིག་པ་མེད་པའོ་ཞེས་གསུངས་སོ། །རྡུལ་ཕྲ་རབ་ལ་སོགས་པའི་ངོ་བོར་རྣམ་ པར་རིག་པར་བྱེད་པ་ནི་རིགས་ཏེ། དེ་དག་མི་སྣང་བའི་ཕྱིར་རོ། །འོན་ཏེ་སེམས་དང་སེམས་ལས་བྱུང་བའི་ངོ་བོར་ཡིན་ན་ནི་གསལ་བར་རབ་ཏུ་སྣང་བའི་ངོ་བོ་ལ་ཇི་ལྟར་ན་རྣམ་པར་རིག་པར་བྱེད་པ་མ་ཡིན་ཞེ་ན། དེའི་ཕྱིར་བཙུན་པ་ཤ་ར་དྭ་ཏིའི་བུ་ཆོས་ཐམས་ཅད་ནི་ཞེས་བྱ་བ་ལ་སོགས་པ་ གསུངས་ཏེ། ཆོས་ཐམས་ཅད་དེ་སེམས་དང་སེམས་ལས་བྱུང་བ་ཡང་རྣམ་པར་རིག་པར་བྱེད་པ་མ་ཡིན་ཏེ། འཛིན་པ་མེད་པར་མཐུན་པའི་ཕྱིར་དང་། ཐམས་ཅད་དུ་དམིགས་པར་བྱ་བའི་མཚན་ཉིད་དང་བྲལ་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་ཚོར་བ་ལ་སོགས་པ་ འབྱུང་བ་གསལ་བར་སྣང་བཞིན་དུ་ཇི་ལྟར་གསལ་བར་ནུས་ཞེས་བསམས་པའོ། །ལན་དུ་འདི་ལྟར་ཚོར་བ་ལ་སོགས་པའི་ཆོས་ཐམས་ཅད་ནི་སྐྱེ་བ་རང་གི་ངོ་བོ་འཐོབ་པ་ཡོད་པ་མ་ཡིན་ནོ། །ཚོར་བ་ལ་སོགས་པ་རང་རང་གི་ངོ་བོ་འཐོབ་པ་ཡོད་པ་མ་ ཡིན་ནམ། དེ་མེད་དུ་ཟིན་ན་འཇིག་རྟེན་སྣང་བ་མེད་པར་ཐལ་བར་འགྱུར་བའི་ཕྱིར་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེ་ན། དེའི་ཕྱིར་གསུངས་པ་ཡང་བདེན་ཏེ། དེ་འབྱུང་བ་ཡང་གང་ལ་གནས་ཏེ་རྣམ་པར་རིག་པར་འགྱུར་བའི་འཛིན་ པར་འགྱུར་བའི་ཆོས་ནི་ཡོད་པ་མ་ཡིན་ཏེ། ཚོར་བ་ལ་སོགས་པ་རྣམས་ལྕགས་ཀྱི་ཐུར་མ་བཞིན་དུ་གཞན་ལ་རེག་པར་བྱེད་པ་ཅུང་ཟད་ཀྱང་མེད་ལ། རང་ལ་ཡང་ཡུལ་དང་ཡུལ་ཅན་གྱི་དངོས་པོར་མ་ཡིན་གྱི། རང་གི་རྒྱུ་ལས་གནང་བའི་བདག་ཉིད་དུ་འབྱུང་བ་ཁོ་ནར་ཟད་དོ་ཞེས་ཇི་ སྐད་དུ་སྔར་གསུངས་པ་ལྟ་བུའོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཡིན་ནོ། །ཆོས་སྣ་ཚོགས་ཡོད་པ་མ་ཡིན་ན་སེམས་ཅན་འདི་དག་ནི་མ་གསོད་པ་ལ་ཞུགས་པའི་དབྱེ་བ་འདི་ཇི་ལྟར་རུང་བར་འགྱུར་ཞེ་ན། དེ་དག་ནི་བསམ་གྱིས་མི་ཁྱབ་པ་ལ་ཞུགས་པ་སྟེ། སངས་རྒྱས་ཉིད་ལ་ཞུགས་པ་ཞེས་ བྱ་བའི་ཐ་ཚིག་གོ། །སངས་རྒྱས་ཉིད་ནི་བསམ་པ་ཐམས་ཅད་ཀྱི་ཡུལ་མ་ཡིན་པའི་ཕྱིར་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །སྣ་ཚོགས་པ་ཉིད་མེད་ན་རྣམ་པར་གཞག་པ་འདི་དག་མི་རིགས་སོ་ཞེས་བྱ་བ་ནི་རྒོལ་བའི་དོན་ཡིན་ནོ། །ལན་དུ་གང་དག་མཚམས་མེད་པ་ལ་ཞུགས་པ་དེ་དག་ནི་ བསམ་གྱིས་མི་ཁྱབ་པ་ལ་ཞུགས་པའོ་ཞེས་བྱ་བའི་གོ་རིམས་བསྣོར་ནས་ཀྱང་བསམ་གྱིས་མི་ཁྱབ་པ་ལ་ཞུགས་པ་ནི་བསམ་གྱིས་མི་ཁྱབ་པ་ལ་ཞུགས་པར་མ་མཛད་ཀྱི། མཚམས་མེད་པ་ལ་ཞུགས་པ་ཡང་ཡིན་ཏེ། འདི་ཡང་མཉམ་པ་ཉིད་ལ་དགོངས་པ་ཁོ་ནས་བསྟན་ཏོ། །དེ་ཉིད་ཀྱི་ ཕྱིར་གང་དག་བསམ་གྱིས་མི་ཁྱབ་པ་ལ་ཞུགས་པ་དེ་དག་ནི་ཡང་དག་པ་ལ་ཞུགས་པའོ་ཞེས་གསུངས་སོ། །ཡང་གི་སྒྲས་མཚམས་མེད་པ་ལ་ཞུགས་པར་རྟོགས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་འདིར་དགོངས་པ་ནི་འོ་ན་ཡང་དག་པ་ཞེས་བྱ་བ་འདི་ཅི་ཡིན་འདིར་ཅི་དེ་ཁོ་ན་ཡིད་ལ་བྱེད་ པ་ཕྱིན་ཅི་མ་ལོག་པའི་ཡེ་ཤེས་ལ་བརྗོད་ན་དེ་ནི་མི་རུང་སྟེ། དེ་ཐུན་མོང་བ་མེད་པའི་ཕྱིར་རོ། །མཉམ་པ་ཉིད་ལ་བརྗོད་ན་ནི་མཚམས་མེད་པ་ལ་ཞུགས་པ་ངན་སོང་ལ་གཞོལ་བ་རྣམས་ཇི་ལྟར་ན་བསམ་གྱིས་མི་ཁྱབ་པ་ལ་ཞུགས་པ་དང་། སངས་རྒྱས་ཉིད་ལ་གཞོལ་བ་ཡིན་ཞེ་ན། དེའི་ཕྱིར་བཙུན་པ་ཤ་ར་དྭ་ཏིའི་བུ་ཡང་དག་པ་ཞེས་བྱ་བ་དེ་ནི་དབྱེར་མེད་པའི་ཚིག་ཡིན་ནོ་ཞེས་གསུངས་ཏེ། འདི་ལ་དབྱེར་མེད་དེ་ཐམས་ཅད་དུ་ངོ་བོ་མཉམ་པའི་ཕྱིར་རོ། །དབྱེར་མེད་པའི་ཆོས་ཀྱི་དབྱིངས་ཀྱང་ཡོད་པ་མ་ཡིན་ཏེ། དེའི་ཚིག་ནི་ངག་ཡིན་ནོ། །དེ་བས་ན་སྟོང་པ་ཉིད་དུ་ན་དེ་ དག་ལ་བྱེ་བྲག་གང་ཡང་ཡོད་པ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ཇི་ལྟར་བྱེ་བྲག་མེད་པ་དེ་བསྟན་པའི་ཕྱིར་དང་པོ་རྒོལ་བར་བྱེད་པ་རྩོམ་པ་ནི་འོ་ན་གལ་ཏེ་ཐམས་ཅད་དེ་བཞིན་ཉིད་དང་ལྡན་པ་ཡིན་ན་མཚམས་མེད་པ་ལ་ཞུགས་པ་དེ་ཇི་ལྟར་ངན་སོང་དུ་འགྲོ་བར་འགྱུར། བྱང་ཆུབ་ཏུ་སྨོན་པ་བྱས་ པ་དང་། དེ་ལས་གཞན་པ་ཡོད་པ་དག་ཀྱང་ཅིའི་ཕྱིར་མྱ་ངན་ལས་འདས་པ་དང་མཐོ་རིས་སུ་འགྲོ་བར་འགྱུར། དེ་ལྟར་གྱུར་ན་ནི་མཚམས་མེད་པ་ལ་ཞུགས་པ་མཐོ་རིས་དང་མྱ་ངན་ལས་འདས་པར་གྱུར་ཏེ། དེ་བཞིན་ཉིད་དང་ལྡན་པའི་ཕྱིར་བྱང་ཆུབ་ལ་བརྩོན་པ་བཞིན་ནོ། །ཡང་ན་དེ་དག་ཀྱང་ དེ་བཞིན་དུ་དེ་ལྟར་མི་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ་ཞེ་ན། དེའི་ཕྱིར་གང་དག་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་དེ་དག་ནི་མཐོ་རིས་སུ་འགྲོ་བ་མ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསམ་གྱིས་མི་ཁྱབ་པ་ནི་འདིར་སྟོང་པ་ཉིད་ལ་དགོངས་པའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་ བསམ་པ་ནི་འདི་ལྟ་སྟེ། དགེ་བའི་ཆོས་ལ་འཇུག་པ་དང་། སྟོང་པ་ཉིད་བསྒོམ་པ་དོན་མེད་པར་འགྱུར་ཏེ། དེ་དང་ལྡན་པ་དང་མི་ལྡན་པར་ཡང་བྱེ་བྲག་མེད་པའི་ཕྱིར་རོ་ཞེ་ན། བསམ་གྱིས་མི་ཁྱབ་པ་ནི་འགྲོ་བ་དང་མི་འགྲོ་བར་ཉེ་བར་གནས་པ་མ་ཡིན་པ་ནས། མྱ་ངན་ལས་འདས་པའི་བར་ དུ་འགྲོ་བ་དང་མི་འགྲོ་བར་ཉེ་བར་གནས་པ་མ་ཡིན་ཏེ། མཐོ་རིས་དང་། ངན་སོང་དུ་ཞེས་དགོངས་པའོ། །དེ་གཉི་ག་ཡང་སྲིད་པ་ཐོག་མ་མེད་པ་ནས་གོམས་པ་ཡིན་པའི་ཕྱིར་འགྲོ་བ་དང་འོང་བའི་ཚིག་ནི་ལན་གྲངས་དུ་མར་གཏོང་བ་དང་ལེན་པ་སྲིད་པ་ཡིན་ནོ། །མྱ་ངན་ལས་འདས་པར་ འགྲོ་བ་ནི་ཡོངས་སུ་མི་ཉམས་པའི་ཆོས་ཅན་ཡིན་པས་འདིར་འོང་བར་བྱེད་པ་མེད་དོ། །བར་གྱི་སྒྲས་དེ་ཐོབ་པར་བྱེད་པའི་ས་ལ་སོགས་པ་ཡང་གཟུང་བར་བྱའོ། །འགྲོ་བ་དང་མི་འགྲོ་བ་ཞེས་བྱ་བ་ནི་འཐོབ་པ་དང་མི་འཐོབ་པའོ། །ཉེ་བར་གནས་པ་ནི་ འཇུག་པའམ་རབ་ཏུ་འབྱེད་པའོ། །དོན་ནི་འདི་ཡིན་ཏེ། སྟོང་པ་ཉིད་འདི་བསྒོམས་ན་གང་ཟག་སྟོང་པ་བཞིན་དུ་གཞན་ལ་ཕན་པའི་རྒྱུར་འགྱུར་རོ། །དེ་བས་ན་དེ་ཕྱིན་ཅི་མ་ལོག་པར་གོམས་པ་ལས་དགེ་བ་འཕེལ་བར་འགྱུར་ལ། བཟློག་ན་བསྒྲིབ་པར་འགྱུར་རོ། །དེ་མངོན་དུ་ གྱུར་པ་དང་མངོན་དུ་མ་གྱུར་པ་ཡང་ཕན་པ་དང་ཕན་པ་མ་ཡིན་པ་ཐོབ་པར་བྱེད་པ་ཡིན་གྱི། ཡོད་པ་ཙམ་གྱིས་ཕན་པ་དང་ཕན་པ་མ་ཡིན་པར་བྱེད་པ་མ་ཡིན་པས་སྔར་སྨྲས་པའི་ཐལ་བར་འགྱུར་བ་མེད་དེ། དེའི་འོག་ཏུ་ནི་འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་རྣམས་ཀྱི་དོགས་ པ་བསལ་བའི་ཕྱིར་བསྟན་པ་ཡིན་ནོ། །དེ་ལ་འདི་ནི་འདུལ་བའི་དོན་ལ་བརྩོན་པ་རྣམས་ཀྱི་དོགས་པ་ཡིན་ཏེ། སྣ་ཚོགས་པ་ཉིད་མེད་པ་ཡིན་ན་འདུལ་བ་ལས་ལྟུང་བར་འགྱུར་བ་ལ་གནས་པའི་དགེ་སློང་རྣམ་པ་བཞི་དང་ལྟུང་བ་མེད་པ་ཞེས་ཅིའི་ཕྱིར་གསུངས་ཤེ་ན། དེ་ལ་ འདིར་རེ་ཞིག་བཙུན་པ་ཤ་ར་དྭ་ཏིའི་བུ་གང་དག་ལྟུང་བའི་རྩ་བ་བཞི་ལ་གནས་པ་དེ་དག་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྟུང་བའི་རྩ་བ་སྨོས་པས་ནི་དགེ་འདུན་ལྷག་མ་ཡང་མཚོན་པར་བྱེད་པ་ཡིན་ནོ། །བཞི་ལ་གནས་པ་སྨོས་པས་ནི་མི་གནས་པ་ཡང་མཚོན་པར་བྱེད་ པ་ཡིན་ནོ། །དེ་དག་ཀྱང་རྩ་བ་མེད་པ་ལ་གནས་པའོ་ཞེས་བྱ་བ་ནི་དེ་དག་ཆོས་ཀྱི་དབྱིངས་ལ་གནས་པ་ཞེས་བྱ་བའི་ཐ་ཚིག་སྟེ། འདི་ལ་རྩ་བ་ཐོག་མ་ཡོད་པ་མ་ཡིན་པས་རྩ་བ་མེད་པ་ནི་ཆོས་ཀྱི་དབྱིངས་ཏེ། ཆོས་ཉིད་ནི་དུས་ཐམས་ཅད་དུ་གནས་པའི་ཕྱིར་རོ། །དེ་ལ་གནས་པ་ནི་ དེའི་བདག་ཉིད་དུ་གྱུར་པ་སྟེ། ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་བདག་ཉིད་ཡིན་པའི་ཕྱིར་རོ། །རྩ་བ་དང་རྩ་བ་མེད་པ་ལ་གནས་པ་མེད་པ་ཞེས་བྱ་བ་འདིའི་ཚིག་གི་དོན་སྒྲོ་བཏགས་ནས་ཕ་རོལ་པོ་དག་རྒོལ་བ་ནི་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ཡིན་ཏེ། དེ་ལྟ་ན་ནི་ཤིན་ཏུ་འདུལ་བ་དང་འགལ་ བར་ཇི་ལྟར་མི་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །དགོངས་པའི་ཚིག་གི་དོན་བརྗོད་པ་ནི་བཙུན་པ་ཤ་ར་དྭ་ཏིའི་བུ་སྐྱེ་བ་མེད་པ་ལ་རྩ་བའམ། རྩེ་མོ་ཞེས་བྱ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྟེ། སྐྱེ་བ་མེད་པ་ནི་ཆོས་ཀྱི་དབྱིངས་སོ། །རྩེ་མོ་མེད་པ་ནི་ཐ་མའོ། །དེ་ཅིའི་ཕྱིར་སྨོས། ཇི་ཙམ་དུ་རྩ་བ་མེད་པ་ཞེས་བྱ་བ་དེ་ཁོ་ནས་སྐབས་ཀྱི་དོན་གསལ་བར་གྱུར་པ་ཁོ་ན་ཡིན་མོད་ཅེ་ན། ཐ་མ་སྨོས་པས་ཐོག་མ་གསལ་བར་བྱ་བའི་ཕྱིར་རོ། །དེ་ལྟ་མ་ཡིན་པར་རྩ་བ་འབའ་ཞིག་སྨོས་ན་རྩ་བ་འབྱུང་བ་ཉི་ཚེ་གྲགས་པར་འགྱུར་གྱི་སྐབས་ལ་ཕན་པ་མེད་པར་འགྱུར་རོ། །ཐ་ མ་མེད་ཅེས་བྱ་བ་ནི་ཆོས་ཀྱི་དབྱིངས་རྣམ་གྲངས་གཞན་གྱིས་བསྟན་པའི་ཕྱིར་ཏེ། འདི་ལྟར་དེ་ལྟར་ན་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་ནི་དུས་ཐམས་ཅད་པ་ཡིན་ནོ། །དེ་བས་ན་རྩ་བ་མེད་པའི་དགེ་སློང་ཞེས་བྱ་བ་དེ་ནི་མི་གནས་པའི་དགེ་སློང་གི་ཚིག་བླ་དགས་སོ་ཞེས་གང་གསུངས་པ་ ཡིན་ནོ། །རྩ་བ་མེད་པ་ཞེས་བྱ་བ་ནི་རྩ་བ་བྱུང་བ་དང་བྲལ་བའོ། །མི་གནས་པ་ཞེས་བྱ་བ་ནི་བདག་ཏུ་འཛིན་པ་ལ་སོགས་པ་ལ་མི་གནས་པ་དང་། སྟོང་པ་ཉིད་ཀྱི་བདག་ཉིད་ཅེས་བྱ་བའི་བར་ཡིན་ནོ། །འདུལ་བ་འཛིན་པ་དང་རྒོལ་བ་ལྟུང་བ་ལ་རྩོད་པ་དང་འཐབ་པ་བྱུང་བ་ལ་ རྩོད་པའི་དགེ་སློང་དང་། དེ་དག་དང་བྲལ་ན་སེམས་དང་བར་བྱེད་ཅིང་འཇིག་རྟེན་ན་ཡོན་གནས་སུ་བྱ་བ་རྣམ་པ་སྣ་ཚོགས་མེད་ན་དེ་དག་རྣམ་པར་གཞག་པར་ཇི་ལྟར་འགྱུར་ཞེ་ན། དེའི་ཕྱིར་རྩོད་པ་བྱུང་བ་ཞེས་བྱ་བ་དེ་ནི་ལྷག་པར་སྒྲོ་འདོགས་པ་ཞེས་བྱ་བའི་ཚིག་བླ་དགས་སོ་ཞེས་ གསུངས་ཏེ། ལྷག་པར་སྒྲོ་འདོགས་པ་ནི་གང་ལ་གཟུང་བ་ལ་སོགས་པས་ལྷག་པར་སྒྲོ་འདོགས་པ་སྟེ། ལྷག་པར་སྒྲོ་འདོགས་པ་ནི་ཆོས་ཀྱི་དབྱིངས་ཁོ་ན་ལ་བྱའོ། །སྣ་ཚོགས་པར་སོ་སོར་སྣང་བ་འབྱུང་བ་དང་རྩོད་པ་ལ་སོགས་པར་གཞག་པ་ཡོད་དུ་ཟིན་ཀྱང་། འོན་ཀྱང་ ཐམས་ཅད་ཀྱང་སེམས་ཀྱི་ཆོས་ཉིད་གཉིས་སུ་མེད་པ་ལས་མི་ལྡོག་གོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཡིན་ནོ། །དེ་ལ་ལྷག་པར་སྒྲོ་འདོགས་པའི་ཆོས་ཀྱི་དབྱིངས་ཞེས་བྱ་བ་ལ་སྤྱོད་པ་ནི་འཇིག་རྟེན་ན་སྦྱིན་གནས་སུ་འགྱུར་ཏེ། དེ་ལ་སྤྱོད་པ་ནི་ཇི་ལྟ་བ་བཞིན་དུ་ཤེས་པའོ། །སྤྱོད་པ་ནི་ རྟོགས་པ་ཡིན་པའི་ཕྱིར་རོ། །དེ་བས་ན་བསོད་ནམས་མི་ཉུང་བ་བསགས་པའི་གནས་ཡིན་པའི་ཕྱིར་དེ་ཉིད་མཆོད་གནས་སུ་འོས་པ་ཡིན་ནོ། །ཡི་གེ་ཁ་ཅིག་ལས་ཉེས་པར་སྒྲོ་འདོགས་པ་ལ་སྤྱོད་པ་ཞེས་འབྱུང་སྟེ། དེ་ལ་ཉེས་པ་ཞེས་བྱ་བ་ནི་ལྟུང་ བ་ལ་སོགས་པ་ལ་བྱ་ལ། དེ་ཆོས་ཀྱི་དབྱིངས་གང་ལ་སྒྲོ་འདོགས་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་བ་འབྲུ་མང་པོར་བྱའོ། །བཙུན་པ་ཤ་ར་དྭ་ཏིའི་བུ་ལྷག་པར་སྒྲོ་འདོགས་པ་ལ་སྤྱོད་པ་ཞེས་བྱ་བ་འདིའི་སྒྲའི་དོན་བཟུང་ན་ལྷག་པར་སྒྲོ་འདོགས་པ་ལ་སྤྱོད་པའམ། རྩོད་པར་སྒྲོ་འདོགས་ པ་ལ་སྤྱོད་པ་ནི་ཡོན་གནས་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་རྒྱུད་རྣམ་པར་མ་དག་པ་ཇི་ལྟར་ཡོན་གནས་སུའོ་ཞེས་སེམས་པའོ། །རྣམ་པར་ཕྱེ་སྟེ་མདོར་སྟོན་པ་ནི་འདི་ལྟར་མཉམ་པ་ལ་དེ་ལྷག་པར་སྒྲོ་འདོགས་པའི་ཕྱིར་རོ་ཞེས་གསུངས་ཏེ། མཉམ་པ་འདྲ་བ་ཀུན་ལ་ཁྱབ་ པ་དེ་ལ་ལྷག་པར་སྒྲོ་འདོགས་པ་ནི་ཆོས་ཀྱི་དབྱིངས་ལ་བྱ་སྟེ། འདི་ལ་ལྷག་པར་སྒྲོ་འདོགས་པ་ཞེས་སྔ་མ་བཞིན་དུ་སྦྱར་རོ། །མ་མོའི་དོན་ལ་བརྩོན་པ་དག་སེམས་པ་སྣ་ཚོགས་པ་མེད་ན་དད་པ་དང་དད་པ་མེད་པ་དང་། ལྷག་པའི་སེམས་ལ་སྤྱོད་པ་ཞེས་བྱ་བའི་བར་དུ་འདི་དག་ཇི་ ལྟར་རྣམ་པར་དབྱེ། འདི་ལྟར་དད་པ་ཞེས་བྱ་བ་ནི་ལས་དང་འབྲས་བུ་དང་བདེན་པ་དང་། དཀོན་མཆོག་ལ་མངོན་པར་ཡིད་ཆེས་པ་གང་ཡིན་པའོ། །རུང་བ་འདི་ལ་ཡོད་པས་རུང་བ་ཅན་ཏེ། འདུལ་བ་ལས་གསུངས་པ་བཞིན་དུ་རུང་བ་ལ་རྗེས་སུ་གནས་པའོ། །ཚུལ་ཡང་དག་ པར་མ་བཅོམ་པ་ནི་སྲིད་པའི་མཚན་ཉིད་འཁོར་བ་ལ་མངོན་པར་དགའ་བ་དང་། གཟུགས་ལ་དགའ་བའི་ཚུལ་རྩ་བ་ནས་བཏོན་པའོ། །སྐྱེ་བ་ལ་སོགས་པའི་འཇིགས་པ་ལས་རྒལ་བ་ནི་གང་གིས་འཇིགས་པའི་རྒྱུ་ཉོན་མོངས་པའི་ཚོགས་སྤངས་པའི་ཕྱིར་ཏེ། དེ་ནི་འཇིགས་པ་ལས་ རྒལ་བའོ། །བཟོད་པ་སྐྱེས་པ་ཅན་ནི་གང་ཞིག་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་སྐྱེས་པའོ། །དུལ་བ་ནི་སྤྱོད་པ་བཟང་པོ་ཅན་ནོ། །ལྷག་པའི་སེམས་ལ་སྤྱོད་པ་ནི་ཟག་པ་མེད་པའི་ཏིང་ངེ་འཛིན་ཐོབ་པའོ། །བཟློག་པ་ནི་མ་དད་པ་ལ་སོགས་པ་ཡིན་ནོ་ཞེ་ན། རྣམ་པར་དབྱེ་ བ་དེ་དག་སྣང་བ་ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་རོ་གཅིག་པ་ལ་ཡང་འགལ་བ་མེད་དེ། རྣམ་པ་དུ་མ་སྣང་ཞིང་སྟོན་པའི་སེམས་དང་སེམས་ལས་བྱུང་བ་གཉིས་སུ་མེད་པ་ལ་ཡང་དེ་ལྟར་སྣང་བའི་ཕྱིར་རོ། །དེ་ལྟར་ན་རྣམ་པར་བྱང་བ་ཉིད་ལ་སོགས་པ་དང་ལྡན་པའི་སྒོ་ནས་མ་དད་པ་ ལ་སོགས་པ་རྣམ་པར་གཞག་གོ། །ལོག་པར་ལྟ་བ་ལ་སོགས་པ་དང་ལྡན་པའི་སྒོ་ནས་དད་པ་ལ་སོགས་པར་གཞག་གོ། །ཐ་སྙད་ནི་བརྗོད་པར་འདོད་པས་བཀོད་པའི་རྣམ་པའི་རྒྱུ་ཁོ་ན་ལས་ཡིན་གྱི། དངོས་སུ་ཡོད་པ་ལ་ལྟོས་པ་ནི་མ་ཡིན་པས་འདི་ལ་མངོན་པར་ཞེན་པར་མི་བྱའོ། །ཚིག་ དེ་དག་ཉིད་ཀྱི་རྒྱུ་མཚན་ནི་བརྗོད་པར་འདོད་པའི་རྣམ་པ་ཙམ་ཡིན་པར་སྟོན་པ་ནི་ཡོན་ཏན་དང་ལྡན་པ་ཐ་སྙད་དུ་མ་དད་པ་ལ་སོགས་པ་ཉིད་ཡིན་པར་བསྟན་པའི་ཕྱིར། བཙུན་པ་ཤ་ར་དྭ་ཏིའི་བུ་དགེ་སློང་དད་པ་ཅན་ནི་དད་པས་བྱིན་པ་སྤྱོད་པའི་འོས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། ། དེ་ལ་དད་པ་ནི་འདོད་པ་ཡིན་ཏེ། བདག་དང་བདག་གི་བ་ལ་སོགས་པ་ལ་མངོན་པར་ཆགས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་འདི་ལ་ཡོད་པས་དད་པ་ཅན་ནོ། །མ་དད་པ་ནི་བཟློག་པ་སྟེ། །སྲེད་པ་དང་བྲལ་བའོ། །དེ་ནི་དགྲ་བཅོམ་པ་སྟེ། རྒྱུད་ཡོངས་སུ་དག་པའི་ཕྱིར་རོ། །ཟླ་བ་སྒྲོན་མའི་ ཏིང་ངེ་འཛིན་ལས་འདི་སྐད་དུ་དེ་དག་ནི་ཟས་རོ་བརྒྱ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །རྟོག་པར་བྱེད་པ་ནི་རྟོག་པ་སྟེ། ཚུལ་བཞིན་མ་ཡིན་པར་རྣམ་པར་རྟོག་པའོ། །དེ་འདི་ལ་ཡོད་པས་བརྟགས་པ་ཅན་ནོ། །འདི་ཡང་འོས་མ་ཡིན་ཏེ། རྒྱུད་ཡོངས་སུ་མ་དག་ པའི་ཕྱིར་རོ། །བཟློག་པ་ནི་བརྟགས་པ་ཅན་མ་ཡིན་ཏེ། གང་དུས་ཐམས་ཅད་དུ་ཚུལ་བཞིན་ཡིད་ལ་བྱེད་པར་མངོན་པར་དགའ་བའོ། །སྲེད་པའམ་འཁོར་བའི་རྒྱུན་གྱི་ཚུལ་བརྩོན་པར་བྱས་ན་རྒྱུན་མ་ཟད་པར་ཚུལ་ཡང་དག་པར་བཅོམ་པ་ཞེས་བྱ་བར་མི་སྲིད་པས་ན། འཇམ་དཔལ་ ཅི་ལས་བསམས་ཏེ་དེ་སྐད་སྨྲ་ཞེས་དྲིས་སོ། །རང་གི་བསམ་པ་སྟོན་པ་ནི་མཉམ་པ་ཉིད་ཡང་དག་པར་འཇོམས་པར་མི་བྱེད་དེ། མཉམ་པ་ཉིད་དེ་ཉིད་ཚུལ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །མཉམ་པ་ཉིད་ཡང་དག་པར་འཇོམས་པར་མི་བྱེད་དེ་ཞེས་བྱ་བ་ནི་འདིས་མི་བྱེད་ཅེས་བྱ་བ་ཁོང་ནས་ དབྱུང་ངོ་། །མཉམ་པ་ཉིད་ནི་གང་ཟག་སྟོང་པ་ཉིད་དོ། །དེ་འདིས་ཐེ་ཚོམ་དང་ཕྱིན་ཅི་ལོག་གི་ཤེས་པ་གཉིས་ཀྱིས་ཡང་དག་པར་འཇོམས་པར་མི་བྱེད་དོ། །དེ་གཉིས་ཀྱིས་ཡུལ་དུ་བྱེད་པ་ཉིད་ནི་འཇོམས་པར་བྱེད་པ་ཡིན་ནོ། །གལ་ཏེ་དེས་མཉམ་པ་ཉིད་ ཡང་དག་པར་འཇོམས་པར་མི་བྱེད་ན་དེ་ལྟ་ན་མཉམ་པ་ཉིད་ཡང་དག་པར་འཇོམས་པར་མི་བྱེད་ཅེས་བྱ་བས་ཆོག་མོད། ཚུལ་ཡང་དག་པར་མ་བཅོམ་པ་ཞེས་ཅིའི་ཕྱིར་སྨོས་ཤེ་ན། མཉམ་པ་ཉིད་ཅེས་གསུངས་པ་སྟོང་པ་ཉིད་ཀྱི་བདག་ཉིད་མཉམ་པ་ཉིད་དེ་ཉིད་སྔར་བསྟན་པའི་ཚུལ་ཡིན་ཏེ་ དོན་ཐ་དད་པ་ཅུང་ཟད་ཀྱང་མེད་དོ། །དེ་བས་ན་གང་གིས་ཡང་དག་པར་མ་བཅོམ་པ་ཡང་དག་པར་མ་རྟོགས་པ་དེ་དེ་ལྟ་བུ་ཡིན་ནོ་ཞེས་བྱ་བའི་ཚིག་གི་དོན་དུ་གནས་སོ། །འཇིགས་པ་མཐའ་དག་དང་བྲལ་བའི་དགྲ་བཅོམ་པ་ནི་འཇིགས་པ་ཉིད་དང་མ་བྲལ་བར་མི་སྲིད་དོ་སྙོམ་ནས། འཇམ་ དཔལ་ཅི་ལས་བསམས་ཏེ་དེ་སྐད་སྨྲ་ཞེས་དྲིས་སོ། །འདིར་བརྗོད་པར་བཞེད་པ་ནི་དེའི་འཇིགས་པ་ཅུང་ཟད་ཙམ་ཡང་མེད་ན་ཅི་ཞིག་ལས་རྒལ་བར་འགྱུར་ཞེས་གསུངས་ཏེ། འདི་སྙམ་དུ་འཇིགས་པ་ཞིག་ཡོད་ན་ནི་ལས་རྒལ་ཏམ་མ་རྒལ་ཞེས་བརྟགས་གྲང་ན། དགྲ་བཅོམ་པའི་གནས་ སྐབས་ན་ནི་འཇིགས་པ་ཅུང་ཟད་ཙམ་ཡང་ཡོད་ན་དེ་གང་ལས་རྒལ་བ་ཞེས་བྱ་སྟེ། སྔོན་ཉིད་ནས་འཇིགས་པ་ལྔ་ལས་འདས་པའི་ཕྱིར་རོ། །གང་གིས་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཞེས་བྱ་བ་ལ་སོགས་པ་ཆོས་ཅུང་ཟད་ཙམ་ཡང་འཕགས་པའི་བདེན་པ་བཞི་བསྒོམས་པས་མ་སྐྱེད་ པ་དེ་མ་སྐྱེས་པའི་བཟོད་པ་ཅན་གྱི་འཕགས་པའི་གང་ཟག་ཅེས་བྱ་སྟེ། མ་སྐྱེས་པའི་བཟོད་པ་ཅན་གང་ཡིན་པ་ཞེས་ཚིག་རྣམ་པར་སྦྱར་ནས་སོ། །འདི་ལྟར་དེ་ནི་རང་བཞིན་ཁོ་ན་ཡིན་གྱི་དེ་ལ་མ་གཏོགས་པར་བཟོད་པར་བྱེད་པའི་བྱེད་པ་པོ་མ་ཡིན་ཏེ། མ་སྐྱེས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་ ཞེས་བྱ་བ་ནི་མ་དུལ་བ་ནི་ངན་པར་སྤྱོད་པ་ཡིན་ན་དེ་ལས་བཟློག་པ་ཉིད་དུ་ལུས་དང་ངག་ཞི་བར་མི་སྲིད་དོ་སྙམ་པ་ཡིན་ནོ། །རང་གི་དགོངས་པ་ནི་མ་དུལ་བ་ནི་དུལ་ལ། དུལ་བ་ནི་མ་དུལ་བ་ཞེས་གསུངས་ཏེ། གང་གིས་ཞེས་བྱ་བ་ལྷག་མ་ཡིན་ནོ། །མ་དུལ་བ་ནི་སྨད་པ་ཡིན་པའི་ཕྱིར། གང་ གིས་འདུལ་བར་བྱེད་ཅིང་སྐྲོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དུལ་བ་ནི་མ་དུལ་ཞེས་བྱ་བ་ཅིའི་ཕྱིར་སྨོས། དེ་ནི་ཤུགས་ཀྱིས་གོ་བར་འགྱུར་རོ་ཞེ་ན། དེ་ནི་བདེན་ཏེ། འོན་ཀྱང་འདུལ་བ་དང་བྲལ་བ་མ་ཡིན་ན་ནི་འདུལ་བ་ཡིན་ནོ་ཞེས་བྱ་བ་འདི་ལ་དགོངས་ནས་སྨོས་ཏེ། གསལ་བར་བྱ་བའི་ཕྱིར་ རོ། །ཟག་པ་མེད་པའི་ཏིང་ངེ་འཛིན་དང་བྲལ་བ་རྣམས་ཇི་ལྟར་ལྷག་པའི་སེམས་ལ་སྤྱོད་པ་ཉིད་ཡིན་ཞེས་བསམས་ནས་འཇམ་དཔལ་ཅི་ལས་བསམས་ཏེ་དེ་སྐད་སྨྲ་ཞེས་སྨྲས་སོ། །ལན་དུ་བཙུན་པ་ཤ་ར་དྭ་ཏིའི་བུས་སྨྲས་པ་འདི་ལྟར་དེ་ལྷག་པར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ཏེ། ལྷག་ པར་བྱེད་པ་ནི་སེམས་ཉིད་ལ་ལྷག་པར་བདག་ཏུ་མངོན་པར་ཞེན་ནས་ཐ་སྙད་དུ་བྱེད་དོ་ཞེས་བྱ་བའི་བར་དུ་ཡིན་ནོ། །གཞན་དག་ན་རེ་བྱ་བ་མ་ཡིན་པ་བྱེད་པ་བཟློག་པའི་ཕྱིར་འཕགས་པ་ནི་ལྷག་པའི་སེམས་ལ་སྤྱོད་པ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །སེམས་ཅན་དམན་པ་གཞན་དག་ འདི་སྙམ་དུ་ཉན་ཐོས་དགྲ་བཅོམ་པ་དང་། རང་སངས་རྒྱས་ཀྱི་ས་ལ་བཀོད་པ་ནི་བློ་མཆོག་དང་ལྡན་པ་ཡིན་ནོ་སྙམ་པའི་སེམས་འདི་སྐྱེས་ནས། འཕགས་པ་འཇམ་དཔལ་འདི་ཡང་དགྲ་བཅོམ་པ་ཟག་པ་ཟད་པ་ཡིན་པ་སྙམ། དེ་ལྟ་བུ་མ་ཡིན་ན་ཤིན་ཏུ་ཟབ་པའི་དེ་ཁོ་ན་ཉིད་སྟོན་པར་སུ་ ཞིག་ནུས་པ་ཡོད་ཅེ་ན། དེའི་དོགས་པ་ལ་ལྟོས་ནས། ཤེས་རབ་མཆོག་དང་ལྡན་པས་འཇམ་དཔལ་ཁྱོད་ཀྱིས་དགྲ་བཅོམ་པ་ཟག་པ་ཟད་པ་ཇི་ལྟ་བ་དེ་བཞིན་དུ་སྨྲས་པ་ལེགས་སོ་ལེགས་སོ་ཞེས་གསུངས་སོ། །ཟག་པ་ཟད་པ་ནི་དགྲ་བཅོམ་པ་ཉིད་ཀྱི་གཏན་ཚིགས་ཡིན་ནོ། །ཇི་ལྟར་དེ་ དག་འཆད་པ་དེ་བཞིན་དུ་ཁྱོད་ཀྱང་དེ་ཁོ་ན་ཉིད་སྟོན་ཏེ། དེའི་ངོ་བོ་མ་ཡིན་པ་ནི་འདི་ལྟ་བུ་བྱེད་པར་རིགས་པ་མ་ཡིན་ནོ། །དེ་བས་ན་ཁྱོད་ཀྱང་དགྲ་བཅོམ་པ་མ་ཡིན་ནོ་ཞེ་ན། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ཏེ་ཞེས་བྱ་བ་ལ་སོགས་པས་བདག་དགྲ་ བཅོམ་པ་ནི་མ་ཡིན་གྱི་ཟག་པ་ཟད་པ་ནི་ཡིན་པར་ཁས་བླངས་སོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་ཕན་ཚུན་འགལ་བའི་ཚིག་འདི་ཇི་ལྟར་རུང་། ཐམས་ཅད་ལ་ཡང་དགྲ་བཅོམ་པ་མ་ཡིན་པར་ཟག་པ་ཟད་པ་ཉིད་ཡིན་པར་མི་རུང་ན་ཁྱོད་གཞན་དུ་ཇི་ལྟར་གྱུར་ཞེས་བསམས་པའོ། །བཙུན་ པ་ཤ་ར་དྭ་ཏིའི་བུ་འདི་ལྟར་ཞེས་བྱ་བ་ལ་སོགས་པས་རང་གི་བསམ་པ་སྟོན་ཏོ། །འདི་སྐད་བསྟན་ཏེ། བྱང་ཆུབ་སེམས་དཔའ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ས་ལ་འདོད་པ་དག་ཟག་པའི་གནས་བཞིན་དུ་སྤངས་པའི་ཕྱིར་རོ། །དེ་ཡང་ངའི་ཟད་དོ་ཞེས་བྱ་ བ་ཡིན་ནོ། །དེ་ལྟར་རྣམ་གྲངས་འདིས་ན་ཁོ་བོ་ཟག་པ་ཟད་མོད་ཀྱི་ཞེས་གསུངས་ཏེ། ཉན་ཐོས་ཀྱི་ས་མི་གནས་སོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་དག་ཡིད་གཉིས་ཟ་བ་སྣ་ཚོགས་པ་མེད་ན། ཅིའི་ཕྱིར་སྲིད་པ་ཐ་མ་པ་ཁོ་ན་བྱང་ཆུབ་ཀྱི་སྙིང་པོར་འདུག་ནས་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་ལ། གཞན་ཉན་ཐོས་ལ་སོགས་པ་ནི་མ་ཡིན་ན། དེའི་ཕྱིར་དེའི་དོགས་པ་གནས་མེད་པ་ཉིད་དུ་བསྟན་པའི་ཕྱིར་འཇམ་དཔལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་སྙིང་པོར་འདུག་ལ་ཞེས་བྱ་བ་ལ་སོགས་པ་དྲིས་ཏེ། ཅི་ རྣམ་པ་འདི་ལྟ་བུ་སྲིད་དམ་ཞེས་བྱ་བའི་ཐ་ཚིག་གོ། །སྲིད་དོ་ཞེས་བྱ་བའི་ཕྱིར་འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་སྙིང་པོར་མཆིས་ལ་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་ནི་བསོད་ནམས་ དང་ཡེ་ཤེས་ཀྱི་ཚོགས་དོན་མེད་པར་ཇི་ལྟར་མི་འགྱུར་ཞེས་བྱ་བ་ཡིན་ནོ། །འདིའི་ལན་དུ། འདི་ལྟར་བྱང་ཆུབ་ལ་ཆོས་འཛིན་པར་རྣམ་པར་རྟོག་པ་ལ་སོགས་པ་ཅུང་ཟད་ཙམ་ཡང་མ་མཆིས་སོ། །དེ་ཉིད་ཀྱི་ཕྱིར་མི་དམིགས་སོ། །གཏན་ཚིགས་དེའི་སླད་དུ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ ཡེ་ཤེས་ཀྱི་བདག་ཉིད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བགྱིའོ་ཞེས་གསུངས་སོ། །འདིའི་ཕྱིར་ཡང་འདི་གཉིས་མེད་པ་ཁོ་ན་ཡིན་པའི་ཕྱིར་གང་གིས་བྱང་ཆུབ་པར་བྱེད་པ་བདག་ཉིད་དང་བྱང་ཆུབ་པའོ། །བྱེད་པ་པོ་བདག་ཉིད་མེད་དོ་ཞེས་སྔར་བསྟན་པའི་རིགས་པ་བསྟན་པའི་ཕྱིར། བྱང་ཆུབ་དེ་ཡང་མ་སྐྱེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱེད་པའི་ངོ་བོའི་བྱང་ཆུབ་དེ་ཡང་མ་སྐྱེས་པའོ། །དེ་ལ་གང་ཞིག་བྱེད་པ་པོར་འགྱུར་བའི་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་པའི་ངོ་བོ་འགའ་ཡང་མ་མཆིས་སོ། །སུ་ཞིག་བྱེད་པ་པོ་ཁོ་ནར་གྱུར་ཏེ། བྱང་ཆུབ་མངོན་པར་རྫོགས་ པར་འཚང་རྒྱ་བའམ། གཞན་འགའ་ཞིག་བྱེད་པར་གྱུར་པ་གང་གིས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའམ། ལས་སུ་གྱུར་པ་གང་ལ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་འགལ་བའམ། བྱེད་པ་པོར་གྱུར་པ་གང་གིས་མངོན་པར་བྱང་ཆུབ་ནས་བྱང་ཆུབ་ ཀྱི་སྙིང་པོ་ལས་ལྡང་བ་གང་ཡང་མ་མཆིས་ཤིང་མི་དམིགས་སོ། །གལ་ཏེ་དེ་ལྟ་ན་ཇི་ལྟར་བྱང་ཆུབ་ཀྱི་སྙིང་པོ་ཞེས་བྱ་ཞེ་ན། འགལ་བ་མེད་དེ། ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་དེ་བཞིན་བསྟན་པའི་ཕྱིར་རོ། །ཁ་ཅིག་གི་བློ་ལ་གལ་ཏེ་བྱང་ཆུབ་རྣམ་པ་དེ་ལྟ་བུ་ཡིན་ན། རེ་ཞིག་ འདི་ལ་བྱང་ཆུབ་སེམས་དཔའ་ཁོ་ན་ཞེས་ཅིའི་ཕྱིར་བྱ་སྟེ། མེད་པ་དེ་ལ་ནི་སེམས་དཔའ་ཡིན་པར་འགའ་ཡང་དམིགས་པ་མ་ཡིན་ནོ་སྙམ་ན། འདི་ནི་སྒྱུ་མ་ལྟ་བུའི་ཆོས་རྣམས་ལ་ཀུན་བརྟགས་ཏེ་བསྟན་པ་ཡིན་ནོ་ཞེས་དགོངས་ནས། འཇམ་དཔལ་བྱང་ཆུབ་ཅེས་བྱ་བ་དེ་གང་གི་ཚིག་ བླ་དགས་ཞེས་བཀའ་སྩལ་ཏོ། །དེའི་ཕྱིར་སྩལ་བར་བྱ་ཞིང་བཀས་སྨོས་པའི་དགོངས་པ་དང་རྗེས་སུ་མཐུན་པ་ཉིད་དུ་བཅོམ་ལྡན་འདས་བྱང་ཆུབ་ཅེས་བགྱི་བ་དེ་ནི་མཚམས་མ་མཆིས་པ་ལྔ་པོ་དག་གི་ཚིག་བླ་དགས་ལགས་སོ་ཞེས་འདི་ཉིད་མཉམ་པ་ལ་དགོངས་ཏེ་གསོལ་ཏོ། །དགོངས་པ་མ་ རྟོགས་ན་ཁ་ཅིག་སྐྲག་པར་འགྱུར་བས་དེ་ཅིའི་སླད་དུ་ཞེ་ན་ཞེས་དྲིས་ཏེ། ཇི་ལྟར་སྡིག་པའི་རང་བཞིན་གྱི་ཚོགས་དག་ཡོན་ཏན་གྱི་ཚོགས་ཀྱི་རང་གི་ངོ་བོར་ཁས་བླང་དུ་རུང་ཞེས་བྱ་བའི་ཐ་ཚིག་གོ། །དགོངས་པ་སྟོན་པ་ནི་བཅོམ་ལྡན་འདས་འདི་ལྟར་དངོས་པོ་མ་མཆིས་པས་མཚམས་མ་ མཆིས་པ་ལྔ་པོ་དེ་དག་ཉིད་བྱང་ཆུབ་ཀྱི་རང་བཞིན་ཏེ་ཞེས་བྱ་བ་ཡིན་ཏེ། བྱང་ཆུབ་ཉིད་ཀྱི་རང་བཞིན་གང་དག་ཡིན་པ་དེ་ལ་འདི་སྐད་ཅེས་བྱའོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་དངོས་པོ་མ་མཆིས་པ་སྟེ། ཆོས་ཐམས་ཅད་བྱེད་པ་དང་། བྱེད་པ་པོ་ལ་སོགས་པར་བརྟགས་པ་དང་བྲལ་བའི་ ཕྱིར་རོ། །དེ་དག་བྱང་ཆུབ་ཀྱི་རང་བཞིན་ཉིད་ལགས་པའི་གཏན་ཚིགས་དེའི་སླད་དུ་བྱང་ཆུབ་དེ་ནི་མཚམས་མ་མཆིས་པ་ལྔའི་རང་བཞིན་ཅན་ལགས་ཏེ། མཚམས་མེད་པ་དང་འདྲ་བར་འདི་ཡང་ལགས་པའི་ཕྱིར་རོ། །མཚམས་མེད་པ་རྣམས་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཇི་སྐད་བསྟན་པ་ ནི་རིགས་གྲང་ན། བྱང་ཆུབ་གོ་ཇི་ལྟར་ཡིན། དེ་ཡང་མཚམས་མེད་པ་རྣམས་དང་། ཆོས་གཞན་རྣམས་མངོན་པར་རྟོགས་པ་ཞེས་བྱ་བ་ནི་བྱེད་པའི་ངོ་བོ་ཡིན་ལ། བྱེད་པས་ནི་བྱེད་པ་པོ་འཕེན་པར་འགྱུར་རོ་ཞེ་ན། དེའི་ཕ