Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 95

Văn bản gốc(Tây Tạng)

Trang 10 / 21 (50.000 ký tự/trang)
ིན་པའི་ཕྱིར་རང་ཡོངས་སུ་དག་པས་གཞན་ཡོངས་སུ་དག་པ་བསྐྱེད་པའི་ཕྱིར་དང་། འབྲས་བུ་ནི་རྒྱུ་དང་མཐུན་པ་ཡིན་པའི་ཕྱིར་རོ། །བསམ་གྱིས་མི་ཁྱབ་པའི་དབྱིངས་གང་ལགས་པ་དེ་

བདག་གི་དབྱིངས་ཏེ། ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་ངོ་བོ་སྟོན་པའི་བདག་གི་དབྱིངས་དང་རང་བཞིན་ཡིན་པས་བདག་གི་དབྱིངས་སོ། །དེས་ནི་མ་འདྲེས་པ་ཉིད་ནི་དེའི་རང་གི་ངོ་བོ་ཉིད་ཡིན་པར་བསྟན་ཏོ། །རྣམ་པ་དེ་ལྟ་བུའི་ངོ་བོ་ཉིད་ཁྱད་པར་
དུ་འཕགས་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དབྱིངས་སོ་ཞེས་བྱ་བ་ནི་སྐབས་ལ་སྦྱོར་བ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དབྱིངས་སོ་ཞེས་སྔ་མ་བཞིན་དུ་བསྡུའོ། །དེ་ལྟར་ན་ཞེས་བྱ་བ་ནི་དེ་བས་ན་ཞེས་བྱ་བའི་ཐ་ཚིག་གོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་
དབྱིངས་དང་། བདག་གི་དབྱིངས་ཏེ་དང་གི་སྒྲས་སྐྱེ་བ་མེད་པའི་དབྱིངས་དང་། ཀུན་དུ་འབྱུང་བ་མེད་པའི་དབྱིངས་ཀྱང་རིག་པར་བྱའོ། །དེ་དག་ཐམས་ཅད་གཉིས་སུ་མ་མཆིས་ཏེ། འདི་ལ་གཉིས་ཀྱི་དངོས་པོར་དབྱེ་བ་ཡོད་པ་མ་ཡིན་པས་གཉིས་སུ་མེད་པའོ། །འདི་ཉིད་ཀྱི་
རྣམ་པར་དབྱེ་བ་ནི་གཉིས་སུ་དབྱེར་མ་མཆིས་སོ་ཞེས་བྱ་བ་ཡིན་ཏེ། འདི་ལ་གཉིས་སུ་བྱ་བ་ལ་སོགས་པས་གཉིས་སུ་བྱར་ཡོད་པ་མ་ཡིན་པས་གཉིས་སུ་དབྱེར་མེད་པའོ། །ཡང་དོན་འདི་ཉིད་གཏན་ཚིགས་དང་། གཏན་ཚིགས་ཅན་གྱི་དངོས་པོས་གསལ་བར་བྱེད་པ་ནི་གཏན་ཚིགས་
གང་གི་སླད་དུ་འདི་གཉིས་སུ་མ་མཆིས་ཏེ་གཉིས་སུ་དབྱེར་མ་མཆིས་པའི་གཏན་ཚིགས་དེའི་སླད་དུ་འདི་ནི་བསམ་གྱིས་མི་ཁྱབ་པའི་དབྱིངས་ཏེ། གཉིས་མཆིས་ན་ནི་གཉིས་སུ་དབྱེར་མེད་པ་ཉིད་མི་འགྲུབ་པར་འགྱུར་རོ། །གང་གི་སླད་དུ་འདི་བསམ་གྱིས་མི་ཁྱབ་པའི་དབྱིངས་ལགས་པ་
དེའི་སླད་དུ་འདི་ནི་སྐྱེ་བ་མ་མཆིས་པའི་དབྱིངས་ཏེ། བརྟགས་པའི་ཆོས་རྣམས་སྐྱེ་བ་དང་ལྡན་པ་ཡོད་ན་ནི་བསམ་པའི་ཡུལ་ཉིད་ཡིན་པར་འགྱུར་རོ། །གང་གི་སླད་དུ་འདི་སྐྱེ་བ་མ་མཆིས་པའི་དབྱིངས་ལགས་པ་དེའི་སླད་དུ་འདི་ནི་ཆོས་ཀྱི་དབྱིངས་སོ། །དེ་ལྟ་མ་ཡིན་ན་ཤིན་ཏུ་དཀར་
བའི་ཆོས་རྣམས་ཀྱི་རིགས་ཡིན་པར་མི་འགྱུར་ལ། དེའི་སྒྲོ་འདོགས་པར་འཕྲོས་པ་ཐམས་ཅད་དང་བྲལ་བའི་སྐྱེ་བ་མེད་པའི་དབྱིངས་སུ་ཡང་མི་འགྱུར་རོ། །གང་གི་སླད་དུ་འདི་ཆོས་ཀྱི་དབྱིངས་ལགས་པ་དེའི་སླད་དུ་འདི་ནི་ཀུན་དུ་འབྱུང་བ་མ་མཆིས་པའི་དབྱིངས་སོ། །ཉོན་མོངས་

པ་ཅན་གྱི་ཆོས་ཀུན་དུ་འབྱུང་ན་ནི་ཤིན་ཏུ་རྣམ་པར་བྱང་བའི་ཆོས་རྣམས་ཀྱི་རིགས་ཡིན་པར་ཡང་མི་འགྱུར་ཏེ། རང་ཉིད་རྣམ་པར་མ་དག་པ་ཡིན་པའི་ཕྱིར་རོ། །གང་གི་སླད་དུ་འདི་ཀུན་དུ་འབྱུང་བ་མ་མཆིས་པའི་དབྱིངས་ལགས་པ་དེའི་སླད་དུ་འདི་ནི་བསམ་གྱིས་མི་ཁྱབ་པའི་དབྱིངས་
ཏེ། གལ་ཏེ་འདི་རྒྱུད་གཞན་ལ་ཡོད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་རྣམས་ཀྱི་རིགས་མ་ཡིན་པར་གྱུར་ན་ནི་དེའི་ཚེ་འདི་ཀུན་དུ་འབྱུང་བ་མེད་པའི་རིགས་སུ་ཡང་མི་འགྱུར་ཏེ། འདི་ལྟར་ཀུན་དུ་འབྱུང་བ་མེད་པ་ཉིད་ནི་ཤིན་ཏུ་རྣམ་པར་དག་པའི་དོན་ཉིད་ཡིད་བཞིན་གྱི་ནོར་བུ་ལྟ་བུའོ། །
གང་གི་སླད་དུ་འདི་བསམ་གྱིས་མི་ཁྱབ་པའི་དབྱིངས་ལགས་པ་དེའི་སླད་དུ་འདི་ནི་བདག་གི་དབྱིངས་ཏེ། གལ་ཏེ་ཤིན་ཏུ་རྣམ་པར་དག་པ་དེའི་བདག་ཉིད་མ་ཡིན་ན་ནི་དེའི་ཚེ་བྱིས་པའི་རྒྱུད་བཞིན་དུ་དེ་བཞིན་གཤེགས་པའི་རྒྱུད་ཀྱང་རྒྱུད་གཞན་གྱི་ཡོན་ཏན་གྱི་རྒྱུར་མི་འགྱུར་ཏེ། བྱེ་བྲག་
མེད་པའི་ཕྱིར་རོ། །གང་གི་སླད་དུ་འདི་བདག་གི་དབྱིངས་ལགས་པ་དེའི་སླད་དུ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དབྱིངས་ཏེ། གལ་ཏེ་དེ་ལྟ་མ་ཡིན་ན་ནི་ཤེས་རབ་ཀྱི་མཆོག་མཐར་ཕྱིན་པར་མི་འགྱུར་རོ། །དེའི་ཚེ་མ་འདྲེས་པ་ཡིན་པར་ཡང་མི་རིགས་ཏེ། ཐུན་མོང་མ་ཡིན་པའི་
ཕྱིར་རོ། །གང་གི་སླད་དུ་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དབྱིངས་ལགས་པ་དེའི་སླད་དུ་འདི་ནི་བསམ་གྱིས་མི་ཁྱབ་པའི་དབྱིངས་ཏེ། གལ་ཏེ་བསམ་པར་ནུས་པ་ཡིན་ན་ནི་བློ་ཤིན་ཏུ་མཐར་ཕྱིན་པར་འགྱུར་རོ། །འདི་ཅིའི་ཕྱིར་ཡང་སྨྲ་བར་བྱེད། འདི་སྔར་ཡང་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པའི་དབྱིངས་གང་ཡིན་པ་དེ་ནི་བསམ་གྱིས་མི་ཁྱབ་པའི་དབྱིངས་ཡིན་ནོ་ཞེས་མ་སྨྲས་སམ་ཞེ་ན། ཉེས་པ་མེད་དེ་སྐབས་ལ་རྒོལ་བ་སེལ་བའི་མཇུག་བསྡུ་བའི་ཕྱིར། འདི་སྨྲས་པ་ཡིན་ནོ། །དེ་བས་ན་འདི་ཉིད་གནས་པ་དེས་ན་དེ་གནས་པ་ནི་བསམ་གྱིས་མི་ཁྱབ་པ་གནས་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གནས་པ་ཡིན་ནོ། །གང་གི་སླད་དུ་འདི་བསམ་གྱིས་མི་ཁྱབ་པའི་དབྱིངས་ལགས་པ་དེའི་སླད་དུ་འདི་ནི་ཡང་དག་པར་འགྲུབ་པ་མ་མཆིས་པའི་དབྱིངས་ཏེ། སྲིད་པར་གནས་པ་བཞིན་དུ་འཁོར་བར་སྐྱེ་བ་མེད་དོ། །ཡང་དག་པར་འགྲུབ་པ་མ་མཆིས་པ་གང་ལགས་པ་

དེ་ནི་མཆིས་པ་མ་ལགས་ཏེ། མ་སྐྱེས་པ་ནི་ཡོད་པར་མི་རིགས་པའི་ཕྱིར་རོ། །གང་མཆིས་པས་ལགས་པ་དེ་ནི་འཁོར་བའི་ཆོས་རྣམས་ཀྱིས་མི་གོས་ཏེ། ཤིན་ཏུ་ཐུགས་རྗེས་ཡོངས་སུ་བཟུང་བའི་ཕྱིར་བཞུགས་པའམ། འབའ་ཞིག་ཁོ་ན་ཡིན་
ནོ་ཞེས་བྱ་བའི་བར་དུ་ཡིན་ནོ། །དེ་ནི་འཇིག་པར་མི་འགྱུར་ཏེ། གཞན་ལ་ཕན་པ་བསྒྲུབ་པར་མཁས་པ་ནི་འཁོར་བ་ཇི་སྲིད་པར་གནས་པའི་ཕྱིར་རོ། །གང་འཇིག་པར་མི་འགྱུར་བ་དེ་ནི་བསམ་གྱིས་མི་ཁྱབ་པ་སྟེ། དངོས་པོ་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར་ཡ་མཚན་
དུ་བྱེད་པ་ཡིན་ནོ། །འདི་ཡང་རྣམ་པ་གཞན་གྱི་སྒོ་ནས་དེ་ལ་རྒོལ་བའི་ལན་གྱི་མཇུག་སྡུད་པ་ཡིན་ནོ། །གང་གི་ཚེ་དེ་ལྟར་བརྟགས་པའི་དྲ་བ་ཐམས་ཅད་ལས་དབེན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ། དེའི་བདག་ཉིད་ཀྱང་བཅོམ་ལྡན་འདས་ཡིན་ནོ་ཞེས་རྣམ་པར་
གནས་སོ། །དེ་བས་ན་དེ་ལྟར་ན་དེ་བཞིན་གཤེགས་པའི་དབྱིངས་དང་། བདག་གི་དབྱིངས་འདི་ནི་གཉིས་སུ་མ་མཆིས་ཏེ། གཉིས་སུ་དབྱེར་མ་མཆིས་སོ་ཞེས་གསུངས་ཏེ། ནང་གི་བྱེད་པའི་སྐྱེས་བུ་བདག་ཕ་རོལ་པོ་དག་གིས་བརྟགས་པར་དེའི་དབྱིངས་ནི་དོན་དམ་པའི་རང་
གི་ངོ་བོ་ཉིད་དུ་བརྟགས་པ་མཐའ་དག་ལས་འདས་པའི་ངོ་བོ་ཡིན་ཏེ། ཐམས་ཅད་དུ་ཡང་མེད་པ་ཡིན་པའི་ཕྱིར་རོ། །སྐྱོན་མེད་ཅིང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་དེ་བཞིན་གཤེགས་པ་ཡང་བརྟགས་པའི་ངོ་བོ་ཐམས་ཅད་ལས་དབེན་པར་གནས་པའི་ཕྱིར་དང་། ཐམས་
ཅད་དུ་ཤེས་པ་དང་བརྗོད་པའི་ཡུལ་ལས་འདས་པའི་ཕྱིར་རོ། །དེ་ལྟ་བུའི་ཚུལ་དུ་མཉམ་པས་ན་དེ་ནི་གཉིས་སུ་མེད་དོ་ཞེས་བཤད་དོ། །ཟླ་ལ་མདོ་སྡེ་གཞན་ལས་གསུངས་པའི་དོན་ཀྱང་སྟོན་པ་ནི་མདོ་སྡེ་གཞན་ལས། བཅོམ་ལྡན་འདས་ཀྱིས་གང་བདག་བསྒོམ་པ་ནི་ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ་ཞེས་བཀའ་སྩལ་པ། དེ་ཡང་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ་ཞེས་སྦྱར་ཏེ། བསྟན་མ་ཐག་པའི་ཚུལ་གྱིས་ན་བདག་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ངོ་བོ་མཐུན་པའི་ཕྱིར་རོ། །དེ་ཡང་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་ནི་དགོངས་པ་མ་

རྟོགས་ནས་དྲིས་པ་སྟེ། བདག་བསྒོམ་པ་ནི་ཕྱིན་ཅི་ལོག་ཡིན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི་ཕྱིན་ཅི་མ་ལོག་པ་ཡིན་ནོ། །ཕྱིན་ཅི་ལོག་དང་ཅིག་ཤོས་གཉིས་ནི་གཅིག་ཡིན་པར་མི་རིགས་ཏེ། འགལ་བའི་ཕྱིར་རོ་ཞེས་གསུངས་པའི་བཞེད་པ་སྟོན་པ་ནི།
བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བ་འདི་ནི་བདག་གི་དབྱིངས་ཀྱི་ཚིག་བླ་དགས་ལགས་པའི་སླད་དུའོ་ཞེས་བྱ་བ་ཡིན་ཏེ། རྣམ་པ་དེ་དག་ནི་བཤད་ཟིན་ཏོ། །འོན་ཀྱང་གསུང་གི་བཞེད་པ་ཕ་རོལ་པོས་མ་རྟོགས་ནས་དེ་ཅིའི་སླད་དུ་ཞེ་ན་ཞེས་དྲིས་ཏེ་ཇི་ལྟར་ན་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྟན་པ་རང་དབང་ཅན་ལ་སོགས་པ་ནི་དེ་དང་བྲལ་ཏེ། དེ་ལས་བཟློག་པ་བདག་གི་ངོ་བོ་ཡིན་པར་རྟོགས་པར་བྱེད་པར་བསམས་པའོ། །དེ་ནས་བཞེད་པ་གསལ་བར་བྱེད་པ་ནི། བཅོམ་ལྡན་འདས་གང་གིས་བདག་གི་དབྱིངས་བདག་གི་དོན་དམ་པའི་རང་གི་ངོ་བོ་
དེ་ཁོ་ན་ཉིད་སྒོམ་པ་ལ་བརྩོན་པས་འཚལ་བ་དེས་ཆགས་པ་མ་མཆིས་པའི་དབྱིངས་འཚལ་ཏེ། དེ་ནི་བདག་གི་རང་བཞིན་གྱི་ངོ་བོ་ཡིན་པའི་ཕྱིར་རོ། །འོན་ཀྱང་ཕ་རོལ་པོ་དག་དགོངས་པ་མ་རྟོགས་པ་ལ་གང་གི་ཆགས་པ་མ་མཆིས་པ་ཉིད་འཚལ་བ་དེས་ཆོས་གང་ཡང་འཚལ་བ་མ་
མཆིས་ཏེ་ཞེས་གསུངས་ཏེ། དེ་ལ་ནི་མཚན་མར་བྱ་བའི་ངོ་བོ་མེད་པའི་ཕྱིར་རོ། །དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བའི་བསམ་པ་ནི་འདི་ཡིན་ཏེ། འདི་ལྟར་དེ་བཞིན་གཤེགས་པས་ཆགས་པ་མེད་པ་མཁྱེན་པ་ནི་དེས་སྐད་ཅིག་མ་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་ཤེས་བྱ་ཐམས་ཅད་སྣང་བ་
ཡིན་ན་ཇི་ལྟར་དེ་ཅི་ཡང་མི་མཁྱེན་པ་ཡིན་ཞེས་བྱ་བ་ཡིན་ནོ། །དེའི་ཕྱིར། འདི་ལྟར་བསམ་གྱིས་མི་ཁྱབ་པ་བསམ་པར་མི་ནུས་པའི་ཡེ་ཤེས་ནི་སངས་རྒྱས་ཀྱི་ཡེ་ཤེས་ལགས་ཏེ་ཞེས་གསུངས་ཏེ། དེས་ནི་འཛིན་པར་བྱེད་པའི་ཤེས་པ་གཞན་དེ་ལ་ཡོད་པ་མ་ཡིན་པར་བསྟན་ཏོ། །འདིའི་
གཟུང་བ་མེད་དོ་ཞེས་བསྟན་པའི་ཕྱིར། ཆོས་གང་ལ་ཡང་ཤེས་པ་མ་མཆིས་པ་ནི་སངས་རྒྱས་ཀྱི་ཡེ་ཤེས་ལགས་པའི་སླད་དུའོ་ཞེས་གསུངས་ཏེ། གཟུང་བའི་མཚན་ཉིད་རྣམ་པར་བཤིག་པ་ནི་བསྟན་ཟིན་པའི་ཕྱིར་རོ། །དེས་ནི་འདི་སྐད་དུ་དེ་ནི་གཟུང་བ་མ་ཡིན་ལ་དེས་ཀྱང་འཛིན་

པ་མ་ཡིན་ནོ་ཞེས་བསྟན་ཏེ། ཤེས་པ་གཞན་དང་གཟུང་བ་ཡང་སྟོང་པ་ཡིན་ནོ། །འོན་ཀྱང་ཐམས་ཅད་མཁྱེན་པའི་ཕྲིན་ལས་མཛད་པ་ལ་ཁོང་བཟོ་བ་འགྲོ་བའི་བླ་མ་རྣམས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནི་སྣང་བ་ཡིན་ནོ། །དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བའི་
བསམ་པ་ནི་འདི་ལྟ་སྟེ། ཤེས་པ་པོའི་ཡེ་ཤེས་འདི་ནི་དངོས་པོ་ཡིན་ལ། དངོས་པོ་ཡང་བྱེད་པ་པོ་དང་ལས་ལ་ལྟོས་པ་ཡིན་ན། ལས་བྱེད་ནི་གཉི་ག་དང་འབྲེལ་པའི་ཕྱིར་རོ་ཞེ་ན། དེའི་ཕྱིར། ཡེ་ཤེས་དེ་ནི་དོན་དམ་པར་ན་མཆིས་པ་མ་ལགས་ཏེ་ཞེས་གསུངས་ཏེ། དེའི་
ཡེ་ཤེས་ཉིད་ནི་བརྟགས་པ་ཡིན་ཏེ། ཡང་དག་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་ཡེ་ཤེས་དེ་དོན་དམ་པར་མེད་པ་ཡིན་ན། འོ་ན་དེས་ཇི་ལྟར་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར། འདི་ལྟར་གསུང་དབྱངས་འབྱུང་བ་ནི་ཡེ་ཤེས་སྔོན་དུ་སོང་བ་མ་ཡིན་ནོ་ཞེ་ན། གང་དོན་
དམ་པར་མ་མཆིས་པ་དེ་ཆོས་ཀྱི་འཁོར་ལོ་བསྐོར་བར་ཡང་ཇི་ལྟར་འགྱུར། བདེན་ཏེ་བསྐོར་བ་ཉིད་མེད་པ་ཡིན་ནོ། །ཇི་སྐད་དུ་འཕགས་པ་དེ་བཞིན་གཤེགས་པ་གསང་བའི་མདོ་ལས། ཞི་བའི་བློ་གྲོས་གང་གི་ནུབ་མོ་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་
པ་ནས། གང་གི་ཚེ་མྱ་ངན་ལས་འདས་པའི་བར་དེར་དེ་བཞིན་གཤེགས་པས་ཡེ་ཤེས་གཅིག་ཀྱང་བརྗོད་པ་མ་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པ་ནི་རྟག་ཏུ་མཉམ་པར་གཞག་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡང་བླ་མ་དེའི་ཚོགས་
ཀྱི་ཤུགས་ཀྱིས་ཡིད་བཞིན་གྱི་ནོར་བུ་བཞིན་དུ་ཇི་ལྟར་འདོད་པར་རྩིག་པ་ལ་སོགས་པ་ལས་ཀྱང་ཆོས་འཆད་པ་འབྱུང་ངོ་ཞེས་གསུངས་སོ། །དེ་ལྟར་བྱས་ན་མདོ་སྡེ་གཞན་ལས་ཀྱང་ཆགས་པ་མེད་པ་དང་དངོས་པོ་མེད་པ་དང་། ཡུལ་མེད་པ་ལ་སོགས་པ་གསུངས་པའི་དོན་ལེགས་
པར་དྲངས་པ་ཡིན་ནོ་ཞེས་དགོངས་ནས་ཞར་ལ་གོ་རིམས་བཞིན་དུ་སྟོན་པ་ནི་གང་གི་ཚེ་ཡེ་ཤེས་དེ་དོན་དམ་པར་མ་མཆིས་པ་དེའི་ཚེ་ཡེ་ཤེས་དེ་ནི་ཆགས་པ་མ་མཆིས་པའོ་ཞེས་གསུངས་ཏེ། ཆགས་པ་མེད་པ་ནི་མཚོན་པ་ཡིན་ཏེ། གནོད་སེམས་མེད་པ་དང་རྨོངས་པ་མེད་པ་ལ་སོགས་པ་

ཡང་རིག་པར་བྱའོ། །འདིའི་ཆགས་པ་ཡུལ་ལ་ཞེན་པའི་འདོད་ཆགས་ཡོད་པ་མ་ཡིན་པས་ཆགས་པ་མེད་པའོ། །དངོས་པོ་ཡང་ལས་དང་འབྲེལ་པའི་ཕྱིར་དེ་ལ་ཆགས་པ་ཡིན་པར་སྲིད་པ་ཡིན་ནོ། །འདིའི་དངོས་པོ་ཡང་ཡོད་པ་མ་ཡིན་ཏེ། གཅད་པར་བྱ་བའི་
ལས་མི་འཐད་པའི་ཕྱིར་རོ་ཞེས་བསྟན་ཟིན་ཏོ། །འོ་ན་ཡུལ་མེད་པ་ཡིན་ན་སོ་སོའི་སྐྱེ་བོ་ལ་སོགས་པའི་ཤེས་པ་ཇི་ལྟར་ཆགས་པར་འགྱུར་ཞེ་ན། ཡུལ་ཡོད་པར་མངོན་པར་ཞེན་པའི་ཕྱིར་རོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །འཁྲུལ་པའི་ས་བོན་ཡང་སྤངས་པ་དེ་ལ་ནི་མངོན་པར་ཞེན་
པ་ཡང་ཡོད་པ་མ་ཡིན་ནོ། །གང་གིས་གང་ལ་ཆགས་པ་དེ་ལ་ནི་གདོན་མི་ཟ་བར་དེ་ཡོད་ན་དངོས་པོ་ཡོད་པར་འགྱུར་ཏེ། ཆགས་པ་ནི་དེ་གཉིས་ལ་བརྟེན་པའི་ཕྱིར་རོ། །ཆགས་པ་མེད་པ་ལ་ནི་དངོས་པོ་གང་ལ་ཡང་དངོས་པོར་གྱུར་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གང་
གི་ཚེ་ཡེ་ཤེས་དེ་ཆགས་པ་མ་མཆིས་པ་དེའི་ཚེ་ཡེ་ཤེས་དེ་ནི་དངོས་པོ་མ་མཆིས་པའོ་ཞེས་གསུངས་ཏེ། གཞན་ལ་མ་ཡིན་ཏེ་དངོས་པོ་གང་ཡང་ཡོད་པ་མ་ཡིན་པས་དངོས་པོ་མ་མཆིས་པའོ། །གང་ཞིག་ཡོད་ན་དེའི་རྣམ་པའི་རྗེས་སུ་བྱེད་པ་དེ་ནི་དངོས་པོ་ཡིན་ལ། དེ་ནི་དེའི་ཡུལ་
ཡིན་ནོ་ཞེས་བྱ་བར་རིགས་ཏེ། རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པའི་བྱེ་བྲག་རྒྱུ་ཉིད་ཡུལ་ཡིན་པའི་ཕྱིར་རོ། །དངོས་པོ་མེད་ན་ནི་ཡུལ་ཡང་གང་གི་ཡིན་སྙམ་ནས་དེའི་ཕྱིར། གང་གི་ཚེ་ཡེ་ཤེས་དེ་དངོས་པོ་མ་མཆིས་པ་དེའི་ཚེ་ཡེ་ཤེས་དེ་ནི་ཡུལ་མ་མཆིས་པའོ་ཞེས་གསུངས་
སོ། །གང་ཞིག་ལ་ཡུལ་གཟུགས་ལ་སོགས་པ་ཡོད་པ་དེ་ལ་ནི་རྟེན་མིག་ལ་སོགས་པ་ཡིན་པར་རིགས་ཀྱི། ཡུལ་མེད་ན་ནི་རྟེན་ཡང་རིགས་པ་མ་ཡིན་ནོ་སྙམ་ནས་གང་གི་ཚེ་ཡེ་ཤེས་དེ་ལ་ཡུལ་མ་མཆིས་པ་དེའི་ཚེ་ཡེ་ཤེས་དེ་ནི་མི་གནས་པའོ་ཞེས་གསུངས་ཏེ། འདི་ལྟར་གཟུགས་
ལ་སོགས་པའི་ཡུལ་ཤེས་པར་བྱ་བའི་ཕྱིར་མིག་ལ་སོགས་པའི་དབང་པོ་སྐྱེས་པ་ཡིན་ནོ་ཞེས་དགོངས་པའོ།། །།འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པ་རྒྱ་ཆེར་བཤད་པ་བམ་པོ་ལྔ་པ། ཇི་སྐད་དུ་མིག་དང་གཟུགས་ལ་བརྟེན་ནས་མིག་གི་

རྣམ་པར་ཤེས་པ་སྐྱེས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གང་གི་ཚེ་ཡོང་ཡེ་དུས་ཐམས་ཅད་དུ་ཡུལ་མེད་ན་དེའི་ཚེ་གང་ལ་གཟུང་བར་བྱ་བའི་ཕྱིར་དབང་པོ་བྱུང་། ཡུལ་མེད་པར་ཡང་རྣམ་པར་ཤེས་པ་དབང་པོ་ལ་བརྟེན་པར་ཕ་རོལ་བོ་དག་འདོད་
པ་མ་ཡིན་ནམ། དཔེར་ན་རབ་རིབ་ཀྱིས་ཉམས་པའི་མིག་གིས་སྐྲ་ལ་སོགས་པ་ཤེས་པ་བཞིན་དུ་འདི་ཡང་དེ་བཞིན་ནོ་ཞེ་ན། ལན་དེ་ནི་སྣང་བ་ཙམ་ཡིན་གྱི་དེ་རྣམ་པར་ཤེས་པ་ནི་མ་ཡིན་ནོ། །དངོས་པོའི་རང་བཞིན་འདི་ཡང་རྟེན་ལ་སོགས་པས་བསྐྱེད་པ་ཡིན་པར་མི་འདོད་ན་དེ་ཅི་རྒྱུ་
མེད་པ་ཅན་ཡིན་ནམ། སྐལ་ལྡན་རྣམས་ཀྱི་སྣང་བ་ཙམ་ཡིན་དུ་ཟིན་ཀྱང་རྒྱུ་མེད་པ་ཅན་མ་ཡིན་ཏེ། དབང་པོ་དང་ཡུལ་མེད་པར་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མཚུངས་པ་མེད་པ་ཐུགས་ཀྱི་རྒྱུད་ལ་གནས་པའི་མཐུ་ཙམ་རྒྱུ་ཡིན་པའི་ཕྱིར་རོ། །གང་ཞིག་གནས་པ་ཡིན་
པ་དེ་ནི་འདོད་པ་ལ་སོགས་པའི་ཁམས་ལ་བརྟེན་པ་ཡིན་ནོ། །གནས་མིག་ལ་སོགས་པ་ཡང་དེར་གཏོགས་པའི་ཕྱིར་རོ། །གནས་པ་ཡོད་པ་མ་ཡིན་ན་ནི་ནམ་མཁའ་ལ་སོགས་པ་བཞིན་དུ་རྟེན་ཀྱང་ཡོད་པ་མ་ཡིན་ནོ་སྙམ་ནས། གང་གི་ཚེ་ཡེ་ཤེས་དེ་མི་གནས་པ་དེའི་ཚེ་ཡེ་ཤེས་
དེ་ནི་རྟེན་མ་མཆིས་པའོ་ཞེས་གསུངས་སོ། །གང་ཞིག་འདོད་པ་ལ་སོགས་པ་ལ་བརྟེན་པ་དེ་ནི་གདོན་མི་ཟ་བར་དེར་ལས་དགེ་བ་དང་མི་དགེ་བ་གཞན་དག་གིས་བསྐྱེད་པ་འཐོབ་པའམ། སྐྱེ་བར་འགྱུར་བ་ཡིན་ནོ། །དེ་གང་ལ་ཡང་བརྟེན་པ་མེད་ན་ཅིའི་ཕྱིར་རྣམ་པ་འདི་དག་མི་འཐད་སྙམ་
ནས་གང་གི་ཚེ་ཡེ་ཤེས་དེ་བརྟེན་པ་མ་མཆིས་པ་དེའི་ཚེ་ཡེ་ཤེས་དེ་ནི་མ་བསྐྱེད་པའོ། །མ་ཐོབ་པའོ། །སྐྱེ་བར་མི་འགྱུར་བའོ་ཞེས་གསུངས་ཏེ། འདི་ཡང་བསྟན་པ་ཙམ་ཡིན་གྱི་ཐོབ་པར་མི་འགྱུར་བ་ཡང་ཁོང་དུ་ཆུད་པར་བྱའོ། །བརྗོད་པར་བཞེད་པ་མ་རྟོགས་ནས་དེ་ཅིའི་སླད་དུ་ཞེ་ན་
ཞེས་དྲིས་པ་ནི། གལ་ཏེ་ཁ་ན་མ་ཐོ་བ་མེད་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་ཤུགས་ཀྱི་ལམ་གྱིས་འཁོར་བ་ཇི་སྲིད་དུ་ཡེ་ཤེས་དེ་འཇུག་པ་ཡིན་ན་དེ་ཅིའི་ཕྱིར་མ་བསྐྱེད་པ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །བརྗོད་པར་བཞེད་པ་སྟོན་པ་ན་ཡེ་ཤེས་དེ་ནི་ཡོན་ཏན་གྱིས་འདུས་བགྱིས་

པའམ། ཡོན་ཏན་མ་ལགས་པས་འདུས་བགྱིས་པ་མ་ལགས་པའི་སླད་དུའོ་ཞེས་བྱ་བ་ཡིན་ཏེ། ཡོན་ཏན་ནི་འདིར་དགེ་བ་ཟག་པ་དང་བཅས་པའི་ཆོས་རྣམས་ཡིན་པར་བཞེད་རོ། །ཡོན་ཏན་མ་ཡིན་པ་ནི་མི་དགེ་བ་སྟེ། དེ་དག་གིས་འདུས་མ་བྱས་པ་ནི་ཟག་པ་མེད་པའི་ཆོས་ཀྱི་
རྒྱུ་མཐུན་པ་ཡིན་པའི་ཕྱིར་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའི་གནས་སྐབས་ན་ཡོད་པའི་ཟག་པ་མེད་པའི་ཆོས་རྣམས་ནི་དེའི་རྒྱུ་ཡིན་ནོ། །དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་ནི་དེ་ཡང་ཡོན་ཏན་དང་ཡོན་ཏན་མ་ཡིན་པས་འདུས་བྱས་མ་ཡིན་ཏེ། སྟོན་པ་པོ་ཡིན་པའི་ཕྱིར་བདག་ཅག་ལ་
སོགས་པའི་རྣམ་པར་རྟོག་པའི་ཤེས་པ་བཞིན་ནོ་ཞེས་བསམས་པའོ། །འདི་ལྟར་དེས་ན་རྣམ་པར་དག་པ་དང་། ཀུན་ནས་ཉོན་མོངས་པ་གཉིས་ནི་ཡོན་ཏན་དང་ཡོན་ཏན་མ་ཡིན་པར་བསྟན་པ་ཡིན་པས་གཏན་ཚིགས་འདི་མ་གྲུབ་བོ་ཞེ་ན། འདི་ལྟར་ཡེ་ཤེས་དེ་ནི་བསམ་གྱིས་མི་ཁྱབ་
པ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསམ་པ་དང་། མངོན་པར་བརྗོད་པ་དང་། རྟོག་པ་རྣམས་ལས་གང་གི་ཕྱིར་འདས་པ་ཡིན་པ་དེ་བས་ན་བསམ་གྱིས་མི་ཁྱབ་པའོ། །མངོན་པར་བརྗོད་པ་ནི་ངག་ཀུན་ནས་སློང་བར་བྱེད་པ་སྟེ། མངོན་པར་བརྗོད་པ་ཐམས་ཅད་ནི་རང་གི་
སྣང་བ་ལ་ཕྱི་རོལ་བཞིན་དུ་སྒྲའི་དོན་ཉིད་དུ་མངོན་པར་ཞེན་པ་ཡིན་ན་འདི་ནི་ཤེས་བྱའི་སྒྲིབ་པ་མཐའ་དག་སྤངས་པའི་སྟོན་པ་པོ་ལ་ཡོད་པ་མ་ཡིན་ནོ་ཞེས་བསྟན་ཟིན་ཏོ། །དེ་རྟོག་པ་དང་བརྗོད་པ་དང་བྲལ་བ་དེའི་སླད་དུ་ཡོན་ཏན་ནམ། ཡོན་ཏན་མ་ལགས་པར་ཡང་ཇི་སྐད་དུ་བསྟན་
པར་བགྱི། གང་གི་ཕྱིར་གཏན་ཚིགས་འདི་འགྲུབ་པར་འགྱུར། གང་གི་སླད་དུ་ཡེ་ཤེས་དེ་བསམ་གྱིས་མི་ཁྱབ་པ་ཡིན་ཏེ། རྣམ་པར་རྟོག་པའི་སྣང་བ་སྟོང་པ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཡེ་ཤེས་དེ་བསམ་དུ་མ་མཆིས་པ་སྟེ་རྟོག་པར་མི་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །
བསྟན་ཟིན་པ་མཇུག་སྡུད་པར་བྱེད་པ་ནི་གང་དེ་ལྟར་ཤེས་པ་དེ་ནི་མི་དམིགས་པའི་ཚུལ་དུ་རྣམ་པར་གནས་པ་ནི་སངས་རྒྱས་ཀྱི་ཡེ་ཤེས་ལགས་སོ་ཞེས་ཐ་སྙད་དུ་བྱ་བར་སྦྱར་རོ། །དེ་ལྟར་ཤེས་པ་པོའི་ཤེས་པ་ལ་དངོས་པོར་རྣམ་པར་རྟོག་པ་བསལ་ནས། བྱེད་པ་པོ་དང་བྱེད་པ་ལ་

སོགས་པར་རྣམ་པར་རྟོག་པ་དེ་སེལ་བར་བྱེད་པ་ནི་ཡེ་ཤེས་བྱེད་པ་པོ་འམ་བྱེད་པ་དེས་ནི་སྡུག་བསྔལ་དང་། ཀུན་འབྱུང་བ་ལ་སོགས་པའི་ཆོས་གང་ཡང་ཀུན་མཐོང་བའི་ཚུལ་དུ་མངོན་པར་རྫོགས་པར་སངས་རྒྱས་པའམ། རང་གི་ངོ་བོ་མེད་པའི་
ཚུལ་དུ་མཁྱེན་པ་མ་མཆིས་སོ། །ཡོངས་སུ་འགྱུར་བར་རྣམ་པར་རྟོག་པ་འདི་སེལ་བར་བྱེད་པ་ནི་ཡེ་ཤེས་དེ་ནི་སྔོན་གྱི་མཐའ་ནས་མཆིས་པ་འམ། ཕྱི་མའི་མཐའ་ནས་མཆིས་པ་མ་ལགས་ཏེ། སྐད་ཅིག་མ་ཙམ་གནས་པའི་ཕྱིར་རོ། །སྔོན་གྱི་མཐར་འོངས་པ་མ་ཡིན། ཕྱི་མའི་མཐར་འདུག་པ་མ་ཡིན་ན་
སྔོན་གྱི་མཐའ་ནས་མ་ཡིན་ཞེས་བྱ་བ་དེ་རིགས་པ་མ་ཡིན་ནམ། ཕྱི་མའི་མཐའ་ནས་མ་ཡིན་ཞེས་བྱ་བ་དེ་ཡང་ཇི་སྐད་དུ་བསྟན། འདས་པ་ཡང་ད་ལྟར་དུ་འགྱུར་བ་ནི་མེད་དོ་ཞེ་ན་མ་ཡིན་ཏེ། གྲངས་ཅན་རྣམས་སོ་སོར་བརྗོད་པའི་ཕྱིར་རོ། །དེ་དག་གིས་ནི་འདས་པའི་བུམ་པ་ཡང་བུམ་པར་འགྱུར་ཏེ། གང་གི་ཚེ་དེ་ཉིད་ཀྱི་
ཆག་གྲུགས་ལས་ཀྱང་བུམ་པར་བྱེད་པ་ཡིན་ནོ། །ཡང་ན་འདི་ནི་འཕོ་བར་སྨྲ་བ་སེལ་བར་བྱེད་པ་ཡིན་ཏེ། འདས་པའི་དུས་བོར་ནས་འཕོས་ཏེ་འོངས་པ་ཡང་མ་ཡིན་ནོ། །རྟག་པ་དང་མི་རྟག་པར་རྣམ་པར་རྟོག་པ་སེལ་བར་བྱེད་པ་ནི་ཡེ་ཤེས་དེ་ནི་སྔོན་སྐྱེས་པ་ཡང་མ་ལགས་ཞེས་
བྱ་སྟེ། བྱང་ཆུབ་སེམས་དཔའི་གནས་སྐབས་ན་རྣམ་པར་རྟོག་པ་མཐའ་དག་གི་དྲི་མ་དང་བྲལ་བ་དེ་ལྟ་བུའི་ཤེས་པའི་རྗེས་སུ་མ་སྐྱེས་པའི་ཕྱིར་རོ། །ཡེ་ཤེས་དེ་ནི་སྔོན་མ་སྐྱེས་པ་ཡང་མ་ལགས་ཏེ། རང་བཞིན་གྱིས་དེ་ཁོ་ན་ཉིད་མཐོང་བའི་བདག་ཉིད་སྔོན་ཡང་སྐྱེས་པའི་ཕྱིར་
རོ། །དེ་ཅིའི་ཕྱིར་ཞེ་ན། སྒྲོ་བཏགས་པའི་རྣམ་པའི་ཚུལ་དུ་སྔོན་ཡང་སྐྱེས་པའི་ཕྱིར་རོ། །རྣམ་པར་རྟོག་པར་འགྱུར་བ་སེལ་བར་བྱེད་པ་ནི་སྔོན་མ་སྐྱེས་པའི་སླད་དུ་གང་མ་སྐྱེས་པ་དེ་ནི་ནུབ་པར་ཡང་མི་འགྱུར་ཞེས་བྱ་བ་ཡིན་ཏེ། ཇི་ལྟར་གཟུང་བ་དང་འཛིན་པ་མེད་པའི་
བདག་ཉིད་དུ་མ་སྐྱེས་པའི་ཕྱིར་དེ་ལྟར་དེ་རྣམ་པར་དབེན་པའི་ངོ་བོས་ནུབ་པར་འགྱུར་བ་མ་ཡིན་ཏེ། ངོ་བོ་གཞན་དུ་འགྱུར་བ་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །ཆད་པར་རྟོག་པ་སེལ་བར་བྱེད་པ་ནི་ཆད་པར་ཡང་མི་འགྱུར་རོ་ཞེས་བྱ་བ་ཡིན་ཏེ། ཐམས་ཅད་དུ་ལོག་པར་གྱུར་པ་མ་ཡིན་

ཏེ། སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་འཁོར་བ་ཇི་སྲིད་པར་གནས་པའི་ཕྱིར་རོ། །འདྲ་བ་ལ་སོགས་པ་རྣམ་པར་རྟོག་པ་བསལ་བར་བྱ་བའི་ཕྱིར། ཡེ་ཤེས་དེ་དང་འདྲ་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡེ་ཤེས་དེ་དང་གཞན་ཉན་ཐོས་ལ་སོགས་པ་དང་འབྲེལ་
པ་ཤེས་པ་འདྲ་བ་གང་ཡང་མ་མཆིས་ཏེ། དེའི་སླད་དུ་ཡེ་ཤེས་དེ་ནི་བསམ་གྱིས་མི་ཁྱབ་ཅིང་ཡེ་ཤེས་དེ་ནི་འདྲ་བ་མ་མཆིས་པ་ཞེས་བྱའོ། །ཡེ་ཤེས་དེ་ནི་ཐོག་མ་དང་དབུས་དང་ཐ་མ་མི་དམིགས་པ་སྟེ། རང་བཞིན་གྱིས་འོད་གསལ་བ་ནི་ཐོག་མ་མེད་པའི་ཕྱིར་དང་།
ཐུགས་རྗེ་ཆེན་པོའི་ཤུགས་ཀྱིས་སྲིད་པའི་ཆུ་བོ་ཇི་སྲིད་པར་གནས་པ་མཐའ་མེད་པའི་ཕྱིར་རོ། །ཐོག་མའི་མཐའ་ལ་ལྟོས་ནས་བརྟག་པའི་དབུས་ཀྱང་མི་རིགས་པའི་ཕྱིར་རོ། །དེའི་སླད་དུ་ཡེ་ཤེས་དེ་ནི་ནམ་མཁའ་དང་འདྲ་བ་ཡིན་ནོ། །ཡེ་ཤེས་དེ་ལ་མཉམ་པའམ་མི་
མཉམ་པ་མི་དམིགས་ཏེ་ཞེས་བྱ་བའི་འམ་གྱི་སྒྲ་ནི་མཉམ་པ་དང་མི་མཉམ་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་མཉམ་པ་ནི་ཚད་མ་དང་ལྡན་པའི་ངོ་བོ་ཡིན་ཏེ། རྟོགས་པར་སླ་བ་ཡིན་ནོ། །མི་མཉམ་པ་ནི་ཚད་མས་གནོད་པའི་ངོ་བོ་ཡིན་ཏེ། རྟོགས་པར་དཀའ་བ་ཡིན་ནོ། །གཉིས་
པོ་དེ་ནི་དེ་ལ་ཡོད་པ་མ་ཡིན་ཏེ། མཉམ་པ་ཁོ་ནའི་ངོ་བོ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་འམ་གྱི་སྒྲ་ནི་རྣམ་པར་རྟོག་པའི་དོན་ཏེ། དེ་ལ་རྣམ་པར་རྟོག་པ་ཡོད་པ་ནི་མཉམ་པ་ཁོ་ན་ཡིན་ཏེ། རྣམ་པ་ཐམས་ཅད་དུ་ཤིན་ཏུ་བཟང་བའི་ཕྱིར་དེའི་ངོ་བོ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །
དེའི་སླད་དུ་ཡེ་ཤེས་དེ་ནི་མི་མཉམ་པ་དང་མཉམ་པ་སྟེ། ཆོས་ཐམས་ཅད་ཀྱི་མཆོག་མཉམ་པ་མེད་པ་དེ་བཞིན་གཤེགས་པའི་ཡེ་ཤེས་གཞན་དང་མཉམ་ཞིང་མཚུངས་པ་ཡིན་ནོ། །ཡེ་ཤེས་དེ་ལ་ནི་དེ་དང་འདྲ་བ་ཅུང་ཟད་ཙམ་འདྲ་བ་ཡང་མི་དམིགས་ཏེ། དེའི་སླད་དུ་ཡེ་ཤེས་དེ་ནི་
མཚུངས་པ་མ་མཆིས་པ་སྟེ། འདི་དང་འདྲ་བ་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ནི་བསམ་གྱིས་མི་ཁྱབ་པ་དང་། ཆགས་པ་དང་འདྲ་བ་མེད་པའི་བར་དུ་བསྟན་པ་ཐོས་ནས། ཁ་ཅིག་འདི་སྙམ་དུ་ཡེ་ཤེས་འདི་ནི་མི་བསྒྱུར་བ་མ་ཡིན་ནམ་ཅི། གཞན་དུ་

དེ་སྐད་དུ་བསྟན་དུ་ཟིན་ཀྱང་འདིར་དེ་ལྟར་མ་བསྟན། འདི་ལྟར་མི་འཇིགས་པའི་སྐབས་སུ་ང་ཡང་དག་པར་རྫོགས་པར་སངས་རྒྱས་པ་ལ་དགེ་སྦྱོང་དང་བྲམ་ཟེ་ལ་སོགས་པས་མི་བསྐྱོད་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེའི་
ཕྱིར་ཀླན་ཀ་དེ་སྤང་བའི་ཕྱིར་བཅོམ་ལྡན་འདས་ཀྱིས། འཇམ་དཔལ་ཡེ་ཤེས་འདི་མི་བསྒྱུར་བ་མ་ཡིན་ནམ་ཞེས་བྱ་བ་གསུངས་ཏེ། ཅི་ཞེས་བྱ་བ་ཁོང་ནས་ཕྱུང་སྟེ་ཚིག་ཟུར་དུ་བརྗོད་པར་བྱ་སྟེ། དེ་ཅི་བསྒྱུར་བ་ཡིན་ནམ་གང་གིས་ན་ཁྱོད་ཀྱིས་དེ་ལྟར་མ་བརྗོད་ཅེས་བྱ་བའི་ཐ་ཚིག་གོ། །
འདིར་ལན་དུ་བཅོམ་ལྡན་འདས་ཡེ་ཤེས་འདི་ནི་མ་བགྱིས་པ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡོན་ཏན་དང་། ཡོན་ཏན་མ་ཡིན་པས་འདུས་མ་བྱས་པའི་ཕྱིར་འདི་མི་བསྒྱུར་བ་ཡིན་པར་འཐད་པ་ཡིན་ནོ། །དེ་བས་ན་ལོགས་ཤིག་ཏུ་མ་བསྟན་ཏོ་ཞེས་བྱ་བའི་ཐ་ཚིག་སྟེ། ཟག་པ་མེད་
པའི་ཆོས་ཀྱི་རྒྱུ་མཐུན་པ་དང་མི་མཐུན་པ་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེས་དགོངས་པའོ། །གཞན་ཡང་འདི་ལ་བསྒྱུར་བ་དང་མི་བསྒྱུར་བ་ཡིན་པར་དོགས་པའི་གནས་མེད་པ་ཁོ་ན་ཡིན་ཏེ། འདི་ལྟར་ཡོངས་སུ་གྲུབ་པའི་བདག་ཉིད་ཀྱི་དངོས་པོ་ཁོ་ན་ཞིག་ཡིན་ན་ནི་བསྒྱུར་བ་དང་མི་
བསྒྱུར་བའི་གྲངས་སུ་གཞུག་པར་བྱ་སྟེ། ཀཱར་ཥཱ་པ་ཎ་ཟོང་དུ་བསྒྱུར་བ་ལྟ་བུའོ། །བཅོམ་ལྡན་འདས་ཀྱི་ཡེ་ཤེས་དེ་ནི་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པའི་ངོ་བོས་དོན་དམ་པར་མ་གྲུབ་པ་ཁོ་ན་ཡིན་ནོ། །དེ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྲིན་ལས་མཛད་
པ་དག་ནི་ཀུན་རྫོབ་ཏུ་དེ་ལྟར་བསྟན་པ་ཡིན་ནོ། །དེ་ཉིད་འཇིག་རྟེན་པའི་དཔེས་ཉེ་བར་བསྟན་པ་སྔར་བྱས་པའི་ཕྱིར། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་ཀཱར་ཥཱ་པ་ཎ་རྟགས་མ་བཏབ་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྟགས་མ་བཏབ་པ་ནི་གང་ལེགས་པར་མ་བྱས་པ་སྟེ།
རྒྱས་མ་བཏབ་པ་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་དེ་བཞིན་དུ་ཡེ་ཤེས་འདི་ཡང་ཞེས་བྱ་བ་ལ་སོགས་པས་ནི་དཔེའི་ཆོས་དོན་ལ་ཉེ་བར་སྦྱོར་བ་ཡིན་ནོ། །མ་བགྱིས་པ་ནས་མ་འགགས་པའི་བར་ནི་མཉམ་པ་ཉིད་དུ་འདུག་པ་ཡིན་ཏེ། རྟགས་ཀྱིས་རྣམ་པར་བསྒྱུར་བའི་རྗེས་སུ་

འབྲངས་ཏེ་བསྒྱུར་བ་ཡང་མ་ཡིན། མི་བསྒྱུར་བ་ཡང་མ་ཡིན་ཞེས་བྱ་བའི་གྲངས་སུ་འགྲོ་བའོ། །མ་བསྒྲུབས་པ་ལ་སོགས་པའི་ཚིག་རྣམས་ནི་སྔ་མ་སྔ་མ་བསྟན་པ་ཡིན་ནོ། །མ་འགགས་པའི་ཚིག་ནི་འདུས་བྱས་ཀྱི་མཚན་ཉིད་ཐམས་ཅད་མེད་པར་བསྟན་པས་ཤིན་ཏུ་ཡང་
འདུས་མ་བྱས་པ་ཉིད་ཡིན་པར་བརྗོད་པའི་ཕྱིར་རོ། །གནས་པ་མ་བཀག་པ་ནི་འདི་སྐྱེ་བ་ལས་ལོགས་ཤིག་ན་མེད་པའི་ཕྱིར་རོ། །གཞན་གྱི་དོན་དུ་བསྟན་པ་འདི་ནི་བྱང་ཆུབ་སེམས་དཔར་མ་གྱུར་པ་གང་གིས་ཀྱང་ལྷག་པར་མོས་པར་ནུས་པ་མ་ཡིན་ནོ་ཞེས་ཐབས་གཞན་གྱིས་བྱང་
ཆུབ་སེམས་དཔར་གྱུར་པའི་སྐྱེ་བོ་དག་འདི་ལ་ཉན་པར་གཞུག་པ་ཉིད་དུ་བསྟན་པའི་ཕྱིར། འཇམ་དཔལ་དེ་བཞིན་གཤེགས་པའི་ཡེ་ཤེས་བསྟན་པ་དེ་ལྟར་བསྟན་པ་འདི་ལ་སུ་དག་མོས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བཅོམ་ལྡན་འདས་གང་དག་འཁོར་བའི་ཆོས་ཅན་
ཡང་མ་ལགས་ལ། ཡོངས་སུ་མྱ་ངན་ལས་འདས་པའི་ཆོས་ཅན་ཡང་མ་ལགས་པ་དང་ཞེས་བྱ་བ་ནི་འཁོར་བ་དང་། ལྷག་མ་དང་བཅས་པ་དང་། ལྷག་མ་མེད་པ་དང་། བྱེ་བྲག་ཏུ་མྱ་ངན་ལས་འདས་པ་གཉི་ག་ལ་མི་གནས་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་བར་དུ་
ཡིན་ནོ། །འཁོར་བར་མ་གཏོགས་པ་ཡང་མ་ཡིན་ཏེ། སྐྱོན་དུ་མཐོང་བའི་ཕྱིར་རོ། །ཐུགས་རྗེ་ཅན་ཡིན་པའི་ཕྱིར་མྱ་ངན་ལས་འདས་པར་བཞུགས་ཀྱང་། སྲིད་པ་ན་གནས་ཤིང་གཞན་གྱི་དོན་སྐྱེ་བ་ལ་གཟིགས་པ་གང་དག་ཡིན་པ་དེ་དག་བསྟན་པ་ཤིན་ཏུ་གསལ་བ་འདི་ལ་
ལྷག་པར་མོས་པར་འགྱུར་རོ། །དེ་ལྟ་བུ་དེ་དག་ཀྱང་གང་ཞེ་ན་གང་དག་འཇིག་ཚོགས་ལས་ཀྱང་མ་བསྐྱོད་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་ཚོགས་ཀྱི་སྒྲས་འཇིག་ཚོགས་ལ་ལྟ་བ་ལ་བྱ་སྟེ། ཚིག་ཐ་མ་ཁོང་ནས་དབྱུང་བའི་ཕྱིར་རོ། །དེ་ཅིའི་སླད་དུ་ཞེ་ན་ཞེས་
བྱ་བ་ནི་དེ་གང་ཟག་ལ་བདག་མེད་པར་སྒོམ་པའི་རང་བཞིན་དུ་གྱུར་པ་ཡིན་ན་ཇི་ལྟར་ཉོན་མོངས་པ་ཟད་པར་མི་འགྱུར་ཞེ་ན། འདིའི་ལན་ནི་མི་བས་པ་ནི་ཆེན་པོ་ལ་སོགས་པ་སྤོང་བའི་རིམ་གྱིས་བས་པར་མི་འགྱུར། རྣམ་པར་ཆུང་བའི་ཆུང་བ་ཐམས་ཅད་ནས་ཐམས་ཅད་སྤངས་པས་

ཡོངས་སུ་པས་པར་ཡང་མི་མཆིའོ། །འདི་ལ་ཡོངས་སུ་ཟད་པ་ཡོད་པ་མ་ཡིན་པས་མི་བས་པ་དང་། འཇིག་ཚོགས་དང་། འདོད་ཆགས་ལ་སོགས་པ་ཟད་པ་མེད་པ་ཡིན་ནོ། །འཇིག་ཚོགས་ལ་སོགས་པ་དང་གཟུང་བ་དང་འཛིན་པའི་རྣམ་
པས་རབ་ཏུ་ཕྱེ་བ་རྣམས་ནི་མེད་པ་ཡིན་པའི་ཕྱིར་རོ། །འདི་ལྟར་འཇིག་ཚོགས་ལ་ལྟ་བ་ནི་བདག་དང་བདག་གི་བའི་རྣམ་པར་འཇུག་པ་ཡིན་ནོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པ་ནི་ཡུལ་ཡིད་དུ་འོང་བ་དང་མི་འོང་བ་ལ་སོགས་པ་ལ་ཆགས་པའི་རྣམ་པར་
འཇུག་པ་ཡིན་ནོ་ཞེས་དགོངས་ཏེ་གསུངས་སོ། །འོ་ན་རྣམ་པ་འདི་དག་གིས་ན་སོ་སོའི་སྐྱེ་བོ་ལ་སོགས་པ་ཡང་འཇིག་ཚོགས་ལས་ཀྱང་མ་བསྐྱོད་ལ། དེ་དག་ཀྱང་འདོད་ཆགས་ལ་སོགས་པ་མི་ཟད་པ་ཁོ་ན་ཡིན་ཏེ། ཟད་པར་མི་འགྱུར་བ་དང་། ཡོངས་སུ་ཟད་པར་མི་འགྲོ་བ་
ཡིན་པས་དེ་དག་ལས་ལྷག་པ་ཅི་ཡོད་ན་བྱང་ཆུབ་སེམས་དཔའ་རྣམས་ལ་དེ་སྐད་དུ་བསྟན་ཞེ་ན། མ་ཡིན་ཏེ་དེ་དག་ནི་ཆོས་ལ་བདག་མེད་པ་གོམས་པ་དང་བྲལ་བས་དེ་བཞིན་ཉིད་རྟོགས་པ་མེད་པའི་ཕྱིར་རོ། །སྐྱེས་བུ་བརྟན་པོ་དེ་དག་ལ་ནི་ལན་མང་དུ་ཐབས་མང་པོས་ཡུན་རིང་
པོར་ཆོས་ལ་བདག་མེད་པ་བསྒོམས་པས་དེ་བཞིན་ཉིད་རྟོགས་པ་ཡོད་པའི་ཕྱིར་རོ། །དེ་བས་ན་དེ་ཉིད་ཀྱི་དབང་དུ་བྱས་ཏེ་དེ་སྐད་བསྟན་པ་རིགས་པ་ཡིན་ནོ། །བདག་ཉིད་ཆེན་པོ་དེ་དག་ནི་ཆོས་ཐམས་ཅད་རང་གི་དངོས་པོ་མེད་པ་ཡིན་ན། སེམས་ཅན་རྣམས་ནི་དངོས་པོར་མངོན་པར་ཞེན་པ་
ཡིན་ནོ་ཞེས་ཐུགས་རྗེ་ཆེན་པོས་དགོངས་སོ། །དེ་བས་ན་དེ་དག་ནི་ཐུགས་རྗེའི་དབང་དུ་གྱུར་པའི་ཐུགས་ཀྱིས་སྲིད་པ་ན་ཡུན་རིང་དུ་འགྲོ་བ་མཐའ་དག་ལ་ཕན་པར་བྱ་བའི་ཆེད་དུ་བཞུགས་པ་ཡིན་པས་དེའི་ཕྱིར། གང་དག་འཁོར་བ་ལས་ཀྱང་མ་འདས་ལ་ཞེས་གསུངས་ཏེ། ལྷག་
མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མ་བཞུགས་པའི་ཕྱིར་རོ། །འཁོར་བའི་གྲངས་སུ་ཡང་མི་མཆི་བ་ནི་འཁོར་བའི་རྒྱ་མཚོར་སྐྱེས་ཀྱང་པད་མོ་བཞིན་དུ་དེའི་དྲི་མ་རྣམས་ཀྱིས་མི་གོས་པའི་ཕྱིར་རོ། །དེ་དག་གིས་ནི་དེ་དག་ཉིད་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་

པ་ཉིད་ཡིན་པར་སྔར་ཁས་བླངས་པ་བསྟན་པར་བྱས་སོ། །གང་དག་ལམ་དང་བྲལ་བ་ཡང་མ་ལགས་ཤིང་ཞེས་བྱ་བ་ནི་ཆོས་ཐམས་ཅད་དངོས་པོ་མེད་པ་ཉིད་དུ་མངོན་པར་རྟོགས་པའི་བདག་ཉིད་ཐུགས་རྗེ་ཆེན་པོ་དང་ལྡན་པའི་ལམ་དེའི་བདག་ཉིད་དུ་གྱུར་པའི་ཕྱིར་རོ། །ལམ་གྱི་
འདུ་ཤེས་ཀྱང་མི་སྐྱེད་པ་ནི་དེའི་མཚན་མ་ཡིན་པ་ལ་མི་བྱེད་པའི་ཕྱིར་རོ། །དེ་དག་གིས་ནི་བསྟན་མ་ཐག་པའི་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པའི་ཐབས་གསལ་བར་བྱས་པ་ཡིན་ནོ། །དེ་དག་གིས་བསྟན་པ་འདིའི་དོན་འཚལ་བར་འགྱུར་རོ་ཞེས་བྱ་བ་ནི་རྣམ་པ་
ཐམས་ཅད་དང་མཆོག་ཏུ་ཞེས་བྱ་བའི་བར་དུ་ཡིན་ནོ། །འདི་བཅོམ་ལྡན་འདས་ཀྱི་དགོངས་པ་ནི་མ་ཡིན་གྱི། དེ་སྐད་དུ་འཆད་པ་ནི་རང་དགའ་ཡིན་ནོ་སྙམ་དུ་དོགས་པ་ལ། འཇམ་དཔལ་ལེགས་སོ་ལེགས་སོ་ཞེས་གསུངས་ཏེ། ཁྱོད་ཀྱི་ཚིག་དེ་ནི་ལེགས་པར་བཤད་པ་ཡིན་ནོ་ཞེས་
བྱ་བ་ཡིན་ནོ། །ཇི་སྐད་དུ། གང་ཞིག་སྲིད་པར་འཁོར་ཡང་སྲིད་པའི་སྐྱོན་དང་བྲལ། །སྟོང་པ་སྨྲ་ཡང་ལས་དང་འབྲས་བུ་གཏོང་མི་བྱེད། །ཤེས་པས་འདོད་པ་བསྲེགས་ཀྱང་གང་དག་ཐུགས་རྗེས་བརླན། །ཞེས་བྱ་བ་ལ་སོགས་པ་བསྔགས་པ་གསུངས་པ་ཡིན་ནོ། །སྐྱེས་
བུ་དམ་པ་མོས་པའི་སྣོད་དུ་གྱུར་པ་ནི་དེ་ལྟར་ཡང་དཀོན་ན་ཅི་མ་འོངས་པའི་དུས་ན་ཡོད་དམ་སྙམ་བསམས་ནས་བཙུན་པ་འོད་སྲུངས་ཆེན་པོས། བཅོམ་ལྡན་འདས་མ་མཆིས་པའི་དུས་ན་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །གང་ལ་ལ་ཆོས་འདུལ་བ་ཟབ་མོ་འདི་དང་ཞེས་བྱ་བ་ནི་
མངོན་པར་མཐོ་བའི་སྐས་འོག་ནས་བཙུགས་པར་གྱུར་པའི་མདོ་སྡེའི་དབང་པོའི་རྒྱལ་པོ་ཆེན་པོ་ལ་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཞེས་བྱ་བ་ནི་དོན་གྱི་ངོ་བོ་ལ་བྱའོ། །འདི་ལ་ཉན་པ་ནི་ཚིག་དང་དོན་བཤད་པ་ལ་གང་གིས་གུས་པས་རྣ་བ་གཏོད་པའོ། །མོས་
པ་ནི་གང་ཞིག་གིས་ཐོས་ནས་དད་པའི་རྗེས་སུ་འབྲང་བས་ཀྱང་འདི་ནི་དེ་ཁོ་ན་ཡིན་ནོ་ཞེས་ངེས་པར་འཛིན་པའོ། །ཀུན་འཚལ་བ་ནི་གང་ཞིག་རིགས་པས་དེའི་དོན་གཏན་ལ་ཕེབས་པའོ། །རབ་ཏུ་འཛིན་པར་འགྱུར་བ་ནི་གང་ཞིག་གིས་གཏན་ལ་ཕབ་ནས་ཡང་དག་པར་སྒྲུབ་པས་བསྒོམ་

པའོ། །ཉན་པ་ལ་སོགས་པ་དེ་དག་གི་གོ་རིམས་ནི་གསལ་ལོ། །ཡང་ན་མོས་པ་ནི་གང་ཞིག་གིས་ཐོས་ནས་དད་པ་དང་ཤེས་རབ་གཉིས་ཀྱི་དོན་དེ་ཁོ་ན་ཡིན་ནོ་ཞེས་རྟོགས་པའོ། །ཀུན་འཚལ་བ་ནི་དོན་ཇི་ལྟ་བ་བཞིན་གང་སྒོམ་པར་བྱེད་པའོ། །རབ་ཏུ་
འཛིན་པར་འགྱུར་བ་ནི་བླ་མ་ལ་གུས་ཤིང་ཆོས་འདུལ་བ་འདི་གླེགས་བམ་དུ་བཞུགས་པ་ཡང་ཀློག་པ་དང་། འཆང་བ་དང་། མཆོད་ཅིང་ཤིན་ཏུ་འཛིན་པའོ། །དེ་དག་ནི་འཁོར་འདི་ཉིད་ན་གནས་སོ་ཞེས་བྱ་བ་ལྷག་མ་ཡིན་ནོ། །གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་འཁོར་གྱི་
དཀྱིལ་འཁོར་འདིའི་ནང་དུ་ཐོས་པ་དེ་དག་ཉིད་མ་འོངས་པའི་དུས་ན་ཉན་པར་འགྱུར་བ་དང་། མོས་པར་འགྱུར་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བཀས་བྱིན་གྱིས་བརླབས་པའི་ཕྱིར་ཏེ། སངས་རྒྱས་རྣམས་ལ་བསྙེན་བཀུར་མ་བྱས་པར་ནི་འདི་ཐོས་པའི་ལམ་དུ་འགྲོ་
བར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་གི་བྱེ་བྲག་ནི་འདི་ཡིན་ཏེ། གང་ཞིག་འདི་ལ་ཐོས་ཏེ་ལེགས་པར་ཤིན་ཏུ་ཡིད་ལ་བྱེད་པ་དེ་དག་ནི་གཞན་གྱི་ཚེ་ན་ཐོས་པར་འགྱུར། མོས་པར་འགྱུར། ཀུན་ཤེས་པར་འགྱུར། རབ་ཏུ་འཛིན་པར་འགྱུར་རོ། །གང་ཞིག་
ཐོས་ནས་ལེགས་པར་ཡིད་ལ་བྱེད་པ་དེ་དག་ནི་ཀུན་ཤེས་པའི་བར་དུ་འགྱུར་རོ། །གང་ཞིག་ཐོས་པ་ཉི་ཚེར་ཟད་པ་དེ་དག་ནི་ཐོས་པར་འགྱུར། མོས་པར་ཡང་འགྱུར་རོ། །གཉིས་པའི་བཤད་པ་ཡང་དེ་བཞིན་དུ་རིག་པར་བྱ་སྟེ། རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོར་འགྱུར་བས་འདི་ནི་
སྟོན་པ་པོའི་དགོངས་པ་ཡིན་པར་མངོན་ནོ། །འོད་སྲུངས་འཁོར་འདི་ཉིད་ནི་ཞེས་བྱ་བ་ནི་སྤྱིར་བསྟན་པ་ཡིན་ནོ། །དེ་དག་ཀྱང་གང་ཞེ་ན། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་འཁོད་པ་དེ་དག་ནི་ཞེས་བྱ་བ་ཡིན་ནོ། །གང་དག་མ་འོངས་པའི་དུས་ན་ཆོས་
ཟབ་མོ་འདུལ་བ་འདི་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཉན་པ་དང་། མོས་པ་དང་། ཀུན་ཤེས་པ་དང་། རབ་ཏུ་འཛིན་པར་འགྱུར་བ་ཡོད་དོ་ཞེས་བྱ་བ་ནི་སྤྱིར་བསྟན་པ་ཡིན་ནོ། །དོན་དེ་དག་ཉིད་དཔེ་རྣམ་པ་བཞིས་གསལ་བར་བྱ་བའི་ཕྱིར། འོད་སྲུངས་འདི་ལྟ་སྟེ་དཔེར་

ན་ཁྱིམ་བདག་གམ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ནོར་བུ་རིན་པོ་ཆེ་སྟོར་བ་དང་རྙེད་པ་བསྟན་པས་ནི་ཆོས་ཀྱི་རྣམ་གྲངས་འདི་ཡིད་བདེ་བ་དང་མི་བདེ་བ་རྗེས་སུ་འཇུག་པ་དང་ལྡོག་པའི་གཞི་ཡིན་པའི་ཕྱིར་རོ། །དེ་དག་གིས་དུས་གཞན་ན་ཐོས་པར་འགྱུར་བ་ན་
དགའ་བ་དང་བདེ་བ་དང་ཡིད་དགའ་བར་འགྱུར་ཞིང་ཀུན་ནས་དཀྲིས་པའི་ཡིད་ལ་བྱེད་པ་མེད་པར་འགྱུར་ཏེ་ཞེས་གང་གསུངས་པ་ལ། དགའ་བ་ནི་ཡིད་དགའ་བ་གང་གིས་ཟིན་པ་ཞེས་སྦྱར་རོ། །སྔར་ནི་སྟོར་བ་བཞིན་དུ་སྔར་མ་ཐོས་པའི་མྱ་ངན་གྱིས་ཡིད་གདུངས་པ་ཡིན་
ནོ། །བདེ་བ་དང་ཞེས་བྱ་བ་ནི་བདེ་བ་སྐྱེས་པ་སྟེ། ལུས་ཤིན་ཏུ་སྦྱངས་པ་དང་ལྡན་པའི་ཕྱིར་རེ། །ཡིད་དགའ་བར་འགྱུར་བ་ནི་སེམས་ཤིན་ཏུ་སྦྱངས་པ་དང་ལྡན་པའི་ཕྱིར་རོ། །གང་དག་ལ་ཀུན་ནས་དཀྲིས་པའི་ཡིད་ལ་བྱེད་པ་མེད་པར་འགྱུར་བ་དེ་དག་ལ་དེ་སྐད་ཅེས་
བསྟན་ཏོ། །ཀུན་ནས་དཀྲིས་པའི་ཡིད་ལ་བྱེད་པ་ཞེས་བྱ་བ་ནི་ཡིད་མི་བདེ་བས་གདུངས་པ་ཡིན་པར་བཤད་དོ། །དེར་ཁྱིམ་བདག་དང་དེའི་བུ་སྨོས་པ་ནི་རྗེས་སུ་མཐུན་པར་བསྟན་པའི་ཕྱིར་རོ། །ས་བདག་དང་དེའི་བུ་ནི་དེ་སྟོར་ཏམ་སླར་རྙེད་པས་ཡིད་མི་བདེ་བ་ཡང་མེད། ཡིད་
བདེ་བ་ཡང་མེད་དོ། །མ་སྐྱེས་པ་ལ་སོགས་པའི་དོན་བསྟན་པའི་ཆེད་དུ་དེ་བཞིན་ཉིད་བཤད་དེ། དོན་དམ་པ་དང་། དེ་བཞིན་ཉིད་དག་ནི་རྣམ་གྲངས་ཏེ་བར་གྱི་སྒྲས་བསྡུའོ། །ཤིང་ཡོངས་འདུ་ས་བརྟོལ་ཁ་འབུས་པ་བསྟན་པ་ནི་དེའི་ཚེ་དང་དུས་གཞན་ན་ཡིད་བདེ་བའི་གནས་
ཡིན་པར་བསྟན་ཏེ། དེའི་ཚེ་དགའ་བར་འགྱུར་བ་དང་། གང་གི་ཚེ་མེ་ཏོག་ཐམས་ཅད་རྒྱས་པར་འགྱུར་བ་ནི། འདི་ལྟ་སྟེ། ཆོས་ཐམས་ཅད་ཀྱི་མེ་ཏོག་རྒྱས་པར་འགྱུར་ཞེས་བྱ་བ་ཡིན་ནོ། །ཡིད་དགའ་བ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །རབ་ཏུ་དགའ་བར་འགྱུར་རོ་ཞེས་བྱ་
བ་ནི་དགའ་བ་མཆོག་ཏུ་འགྱུར་བ་ཞེས་བྱ་བའི་ཐ་ཚིག་གོ། །ས་བརྟོལ་ནི་ས་ལས་སྐྱེས་པའོ། །དེ་ཉིད་ཡོངས་འདུ་ཡིན་ཏེ། དེའི་མིང་གི་རྣམ་གྲངས་ཡིན་ཏེ། ཁ་འབུས་པ་ཞེས་བྱ་བ་ནི་ཧཱ་ཁྱིམ་ཆགས་པའོ། །མེ་ཏོག་ཐམས་ཅད་རྒྱས་པ་ནི་ཐམས་ཅད་དུ་ཁ་བྱེ་བའོ། །ངེས་

པར་ཞེས་བྱ་བ་ནི་གཅིག་ཏུ་ངེས་པར་ཞེས་བྱ་བའི་བར་དུའོ། །འདིར་ཁ་ཅིག་དོགས་པ་འཆད་པ་ཞེས་བྱ་བ་ནི་སྐྱེས་བུ་ལུས་འགའ་མེད་པར་མི་རུང་བ་མ་ཡིན་ནམ་སྙམ་དུ་བསམས་པའོ། །ཐོས་པ་བཞིན་དུ་སྐྱེས་བུ་མེད་པར་ཡང་ཡོད་པ་ཡིན་ཏེ། དེའི་དབང་
གིས་གཞན་དུ་དེའི་གཟུགས་ལས་སམ་གཟུགས་བརྙན་ལས་ཡིན་ཏེ། བཅོམ་ལྡན་འདས་མྱ་ངན་ལས་འདས་པར་གྱུར་ཀྱང་བདེ་བར་གཤེགས་པ་སྣང་བ་ཡིན་ནོ། །དེའི་ཚེ་འདི་ཐོས་པར་གྱུར་པ་གང་གི་དབང་གིས་ཤེ་ན། འདི་ལྟར་འདས་པ་ན་མངོན་སུམ་དུ་བྱས་པ་དག་ཡིན་པར་
ཁོང་དུ་ཆུད་པར་བྱའོ། །དེའི་ཕྱིར་འོད་སྲུངས་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་མ་སྐྱེས་པ་དང་མ་བྱུང་བ་ནས་དངོས་པོ་མེད་པའི་བར་འདི་མ་འོངས་པའི་དུས་ན། དེ་བཞིན་གཤེགས་པ་འདས་པའི་ཕྱི་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་དང་འབྲེལ་པ་དང་ལྷན་ཅིག་བརྗོད་བར་བྱ་བ་དང་རྗོད་པར་བྱེད་པའི་དངོས་པོར་འབྲེལ་པས་འབྲེལ་པ་ཞེས་བྱ་བའི་ཐ་ཚིག་གོ། །འདས་པའི་ཕྱི་ན་ཞེས་བྱ་བ་ནི་མི་བཞུགས་པ་དང་། ཡོངས་སུ་མྱ་ངན་འདས་པ་བསྟན་པ་ཞེས་བྱ་བའི་བར་དུ་ཡིན་ནོ། །གནས་པར་འགྱུར་བ་ཞེས་
བྱ་བ་ནི་གླེགས་བམ་ལ་ཡོད་པ་ཙམ་གྱིས་སོ། །སྤྱོད་པར་འགྱུར་བ་ཞེས་བྱ་བ་ནི་རྒྱུན་དུ་ཀློག་པ་དང་ཁ་དོན་བྱེད་པས་སོ། །སངས་རྒྱས་ཀྱི་བྱིན་གྱི་རླབས་དང་ཞེས་བྱ་བ་འདི་ཉིད་རྣམ་པར་འབྱེད་པ་ནི་སངས་རྒྱས་ཀྱི་མཐུ་ཡིན་པར་ཤེས་པར་བྱའོ་ཞེས་བྱ་བ་ཡིན་ནོ། །ཡང་ན་བྱིན་གྱི་རླབས་ནི་སློབ་
མ་དང་ཡང་སློབ་ལ་སོགས་པ་གཅིག་ནས་གཅིག་ཏུ་བར་དུ་ཆོད་པའི་རྒྱུ་ཉིད་ཡིན་པའོ། །མཐུ་ནི་དངོས་སུ་དེའི་དབང་གིས་སོ། །ནོར་བུ་མཁན་ཞིག་གིས་ནོར་བུ་རིན་པོ་ཆེ་མཐོང་བའི་དཔེས་ནི་རྟག་ཏུ་ཡིད་བདེ་བའི་གནས་ཉིད་འདི་ཡིན་པར་བསྟན་པའི་ཕྱིར། འོད་སྲུངས་དེ་བཞིན་དུ་
གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་མ་སྐྱེས་པ་དང་། མ་བྱུང་བ་ནས་དངོས་པོ་མེད་པའི་བར་འདི་ཐོས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །རབ་ཏུ་དགའ་བར་གྱུར་པ་ནི་གང་དག་ལ་དགའ་པ་ཡོད་པ་དེ་རབ་ཏུ་དགའ་བར་གྱུར་པའོ། །མགུ་བ་ནི་ཡིད་དགའ་བ་ལ་

བྱའོ། །གང་དག་ལ་རངས་པ་དང་། ཡིད་བདེ་བ་སྐྱེས་པ་ཞེས་བྱ་བར་སྦྱར་རོ། །ཡིད་དགའ་བའི་དོན་ནི་སྔ་མ་བཞིན་ནོ། །ཡང་ན་སྙིང་དགའ་བ་ལ་བྱ་སྟེ། སྔོན་གྱི་རྗེས་སུ་ཡང་ནས་ཡང་དུ་ཞེས་བྱ་བའི་ཐ་ཚིག་གོ། །ནོར་བུ་རིན་པོ་ཆེ་འདི་ནི་རིགས་ལས་བརྗོད་པར་བཞེད་དེ་བསྟན་
ཏོ། །སྔོན་ཉམས་སུ་མྱོང་བའི་གྲོང་ཁྱེར་ཐོས་པའི་དཔེས་ནི་བདེ་བ་དང་ཡིད་བདེ་བ་སྣ་ཚོགས་ཀྱི་གནས་ཉིད་ཡིན་པར་དེ་དུས་གཞན་ཞིག་ན་དེའི་དྲུང་དུ་མི་ལ་ལ་ཞིག་སོང་སྟེ་གྲོང་ཁྱེར་དེའི་བསྔགས་པ་བརྗོད་ཅིང་ཀུན་དགའ་ར་བ་ཉམས་དགའ་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །
གྲོང་གང་ཡང་རུང་བ་ཞིག་ཏུ་དགོས་པ་ལ་ལའི་ཕྱིར་སྔོན་སོན་པར་གྱུར་ལ་ཕྱིས་བརྗོད་པར་གྱུར་ཞེས་དགོངས་པའོ། །ཉམས་དགའ་བའི་དངོས་པོ་ལ་ཉམས་དགའ་བ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་རྒོལ་བ་པོའི་བསམ་པ་ནི་འདི་ཡིན་ཏེ། ཡང་ནས་ཡང་དུ་བསྔགས་པ་བརྗོད་
པར་གསོལ་བ་འདེབས་པ་ཙམ་མཐོང་བ་ལས་ཉམས་སུ་མྱོང་བ་ཡོད་པར་རྗེས་སུ་དཔོག་པ་རིགས་པ་མ་ཡིན་ཏེ། འཁྲུལ་པའི་ཕྱིར་རོ། །འདི་ལྟར་འདོད་ཆགས་དང་མ་བྲལ་བ་དག་གནས་གཙང་མའི་གནས་ཉམས་དགའ་བ་དག་གི་བསྔགས་པ་བརྗོད་པ་ཐོས་པས་སྙིང་ཡ་ཡ་པོ་ཆེན་པོས་
གཡེངས་པར་གྱུར་ནས་ཡང་དང་ཡང་དུ་གསོལ་བ་འདེབས་པར་བྱེད་ཀྱང་དེས་ཚེ་སྔ་མ་ལ་ཡང་དེ་མཐོང་བར་གྱུར་པ་ནི་མ་ཡིན་ཏེ། ལན་ཅིག་ཕྱིར་མི་འོང་བ་ཁོ་ན་དག་དེར་སྐྱེས་པའི་ཕྱིར་རོ་ཞེ་ན། འདི་ལྟར་དེ་ཐོས་ནས་ཡིད་ཆེར་དགའ་བ་དང་རབ་ཏུ་དགའ་བར་གྱུར་ཏེ་ཞེས་བྱ་བ་ལ་སོགས་པ་ནི་ལན་
ཡིན་ཏེ། དགའ་བའི་བྱེ་བྲག་དེ་ཉིད་ཀྱིས་དེ་ལྟ་བུ་དྲན་པའི་འདུ་བྱེད་སྐྱེད་པར་བྱེད་པ་ཡིན་ལ། དྲན་པ་དང་མཚུངས་པར་ལྡན་པ་ཡང་གང་ཞིག་རྟགས་ཀྱི་བྱེ་བྲག་བརྗོད་པའི་ངོ་བོ་ལ་གསོལ་བ་འདེབས་པ་འབྱུང་བར་བྱེད་དོ། །དེ་ལས་ནི་ཀུན་ནས་སློང་བར་བྱེད་པའི་བྱེ་བྲག་རྗེས་སུ་དཔོག་
པ་ཡིན་པར་ཤེས་པར་བྱ་སྟེ། མཚན་མ་ལས་རྗེས་སུ་དཔོག་པའི་ཚུལ་བཞིན་དུ་གྲོང་ཁྱེར་ལ་སོགས་པ་མཐོང་བར་གྱུར་པ་རྗེས་སུ་དཔོག་གོ་ཞེས་བྱ་བ་འདི་ནི་བསྡུས་པའི་དོན་ཏོ། །ཡང་དང་ཡང་དྲུང་དུ་འགྲོ་ཞིང་ཞེས་བྱ་བ་ནི་ལན་དུ་མར་རོ། །རབ་ཏུ་དགའ་ཞིང་མགུ་བར་གྱུར་ཏེ་ཞེས་བྱ་བ་

ནི་རྒྱ་ཆེན་པོར་རོ། །འདི་ཉིད་རྣམ་པར་འབྱེད་པ་ནི་དགའ་བ་དང་མགུ་བ་ཆེར་སྐྱེད་ཅིང་ཞེས་བྱ་བ་ཡིན་ནོ། །ཡང་ན་རབ་ཏུ་དགའ་ཞིང་མགུ་བར་གྱུར་པ་ནི་དང་པོར་རོ། །དགའ་བ་དང་མགུ་བ་ཆེར་སྐྱེད་པ་ནི་རྒྱུན་མ་འཆད་པར་རོ། །དགའ་བ་ཉིད་མགུ་བ་
ཡིན་པར་འགྲེལ་ཏོ། །ཡང་ན་དགའ་བ་ཡང་དེ་ཡིན་ལ་མགུ་བ་ཡང་དེ་ཡིན་ཞེས་གཅིག་ཏུ་སྦྱར་རོ། །དེ་ལ་དགའ་བ་ནི་ཡིད་བདེ་བའོ། །དེ་སྔོན་དུ་སོང་བའི་རབ་ཏུ་དགའ་བ་དང་ཁོང་མགུ་བ་ནི་མགུ་བའོ། །གཏན་ལ་དབབ་པའི་ཕྱིར། བཅོམ་ལྡན་འདས་མ་མཆིས་པའི་དུས་
ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་དག་གི་རྣམ་པ་དང་རྟགས་དང་མཚན་མ་བཅོམ་ལྡན་འདས་ཀྱིས་གང་དག་བཀའ་སྩལ་པ་དེ་དག་ཉིད་ལགས་སམ་ཞེས་བྱ་བ་ནི་ཚིག་ཟུར་གྱིས་དྲི་བའོ། །ཡང་ན་ཅི་ལགས་ཞེས་བྱ་བ་ཁོང་ནས་དབྱུང་ངོ་། །བསམ་པ་ནི་འདི་ཡིན་ཏེ། འདིར་
དཔེ་བཞིན་དུ་སྔོན་མྱོང་བའི་རྣམ་པ་སྒྲོགས་པ་ནི་ཆ་ཙམ་ཡང་མི་དམིགས་ན་དེ་དག་གིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བསྙེན་བཀུར་བྱས་པ་ལ་སོགས་པ་དེ་ཇི་ལྟར་ཤེས་པར་བྱ་ཞེ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་ཇི་སྐད་སྨྲས་པ་དེ་དེ་བཞིན་ཏེ་ཞེས་གསུངས་ཏེ།
དགོངས་པ་ནི་འདི་ཡིན་ཏེ། དངོས་པོའི་ཆོས་དེ་ཉིད་རྗེས་སུ་མྱོང་བ་གསལ་བར་གྱུར་པ་གང་ཡིན་པ་དེས་དྲན་པའི་ས་བོན་འཇོག་པར་བྱེད་ཀྱི་གཞན་དུ་མ་ཡིན་ནོ། །རྗེས་སུ་མྱོང་བ་དེ་ཡང་དེ་དག་ལ་གོམས་པ་ཆེ་བ་དང་། ཆེས་ཆེ་བ་ལ་སོགས་པ་ཉེ་བར་གྱུར་པ་དང་བྲལ་བའི་ཕྱིར་གསལ་བར་
འགྱུར་བ་དང་། བར་སྐབས་སུ་མི་མཐུན་པའི་རྐྱེན་གྱིས་ཉམས་སྨད་པ་དང་། དེ་བས་ན་འཕྲལ་དུ་དྲན་པ་འབྱུང་བ་མ་ཡིན་ཏེ། ཚ་བ་དང་ཁ་བའི་རོ་རྗེས་སུ་མྱོང་བ་མི་དྲན་པ་བཞིན་ནོ། །འདི་ཙམ་གྱིས་དེ་མེད་པ་ཡང་མ་ཡིན་ཏེ། དེའི་སྟོབས་ཉིད་ཀྱིས་མངོན་པར་འདོད་པ་ལ་སོགས་
པ་ཇི་སྐད་དུ་གསུངས་པ་རྗེས་སུ་འབྱུང་བ་ཡིན་ཏེ། གཞོན་ནུའི་གནས་སྐབས་ན་མྱོང་བའི་ཚ་བ་དང་ཁ་བ་ལ་སོགས་པ་སྲིད་པ་བཞིན་ནོ། །རྗེས་སུ་མྱོང་བ་དང་མངོན་པར་འདོད་པ་ཙམ་གཉིས་འབྲེལ་བ་འདི་ནི་བཅོམ་ལྡན་འདས་ཀྱི་བཀའ་ལས་དད་པ་མི་གཡོ་བའི་སྟོབས་ཀྱིས་དེ་རིག་པར་

བྱའོ། །དེ་ལ་རྣམ་པ་ནི་ལུས་དགའ་བའི་བྱེ་བྲག་སྟེ། བ་སྦུ་ལྡང་བ་དང་། མཆི་མ་ཟག་པ་ལ་སོགས་པའོ། རྟགས་ནི་ཚིག་གི་བྱེ་བྲག་སྟེ་དགའ་སྟེ་གསོལ་བ་འདེབས་པ་ལ་སོགས་པའོ། །མཚན་མ་ནི་སྒྲུབ་པའི་བྱེ་བྲག་སྟེ། ཉན་པ་དང་། འཆང་བ་དང་། ཀློག་པ་དང་།
མཆོད་པ་ལ་སོགས་པ་སྔར་བཤད་པ་བསྟན་པ་ཡིན་ནོ། །དེ་ལྟར་རྣམ་པ་ལ་སོགས་པ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དང་། ཁ་ཅིག་དངོས་པོར་མངོན་པར་ཞེན་ཅིང་སྒྲོ་འདོགས་པའི་མཐའི་འདམ་དུ་བྱིང་ངོ་། །དེ་བས་ན་མངོན་པར་ཞེན་པ་བསལ་བའི་ཕྱིར། བཅོམ་ལྡན་
འདས་ཆོས་དེ་ནི་རྣམ་པ་མ་མཆིས་ཤིང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་ནི་ཆོས་ཀྱི་རྣམ་གྲངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཞེས་བྱ་བ་ནི་དོན་གྱི་ངོ་བོའོ། །དོན་ནི་འདི་ཡིན་ཏེ། རྣམ་པ་དང་། རྟགས་དང་། མཚན་མ་འདི་དག་ཐམས་ཅད་ནི་རྣམ་པར་མ་དག་
པའི་བླས་གཉིས་ཀྱི་ངོ་བོ་ཉིད་ལ་མངོན་པར་འདོད་པ་ཡིན་ནོ། །གཉིས་ཀྱང་བདེན་པ་མ་ཡིན་པར་རྟག་ཏུ་ལན་གྲངས་དུ་མར་གསུངས་སོ། །དེ་གཉིས་རྣམ་པ་ལ་སོགས་པ་དང་། བྲལ་བ་མ་ཡིན་ན་རྣམ་པ་ལ་སོགས་པ་གཉིས་དང་ལྡན་པ་ཞེས་ཇི་སྐད་དུ་བསྟན། འོན་ཀྱང་དེས་
ཐོས་པ་དང་ལྡན་པའི་གདུལ་བྱ་རྣམས་དེ་ལ་བརྩོན་པར་མཐོང་བ་ལས་སྔོན་ཐོས་པ་ཡོད་པར་རྗེས་སུ་དཔོག་པར་བྱེད་དོ། །ཚུལ་གང་གིས་དེ་གཉིས་ལ་རྣམ་པ་ལ་སོགས་པ་མི་རིགས་པ་དེ་ནི་དེ་ཉན་པ་པོ་ལ་ཡང་མཚུངས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གདུལ་བྱའི་བྱེ་བྲག་ལ་ལྟོས་ནས་རྣམ་
པ་ལ་སོགས་པ་དང་བྲལ་བ་གྲུབ་པ་དེ་གཉིས་ཁོ་ན་སྨོས་པ་ཡིན་ཏེ། དེ་ནི་ཉན་པ་པོ་རྣམས་ལ་ཡང་དེ་དག་མཚུངས་པ་བསྟན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་རིགས་ཀྱི་བུ་ཕོའམ། རིགས་ཀྱི་བུ་མོ་དེ་དག་ལ་རྣམ་པ་མ་མཆིས་པ་དང་། མཚན་མ་མཆིས་པ་ལགས་ན། ཇི་ལྟར་འགྱུར་
ཞེས་གོ་རིམས་བཞིན་དུ་བརྗོད་པར་བྱ་དགོས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་གང་ལགས་པ་དེ་ཡང་རྣམ་པ་མ་མཆིས། རྟགས་མ་མཆིས། མཚན་མ་མཆིས་པའི་སླད་དུ་ལགས་ན་ཞེས་བྱ་བ་ནི་གཏན་ཚིགས་ཀྱི་སྣོད་ཡིན་ནོ། །བཅོམ་ལྡན་འདས་རྣམ་པ་

མ་མཆིས་པ་བསྟན་པའི་ཆོས་དེ་ཇི་ལྟར་བསྟན་པར་འགྱུར། རེ་ཞིག་བསྟན་པ་ཡང་ཡོད་པ་མ་ཡིན་ན་འདས་པའམ། ད་ལྟའི་ཚེ་ན་ཉན་པ་ལྟ་ག་ལ་ཡོད་ཅེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་སྒྲོ་འདོགས་པའི་མཐའ་བསལ་ནས། འདིར་སྐུར་པ་འདེབས་
པའི་མཐར་ལྟུང་བར་ཐལ་བར་མི་འགྱུར་བར་བྱ་བར་དགོངས་ནས་ཀུན་རྫོབ་ཀྱི་བདེན་པའི་དབང་དུ་བྱས་ཏེ། འཇམ་དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ཤིན་ཏུ་མ་སྐྱེས་པ་དང་། དངོས་པོ་མེད་པའི་བར་དུ་བསྟན་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ནི་དེ་དག་ཉིད་
གུས་པར་ཉན་པ་དང་། ལེགས་པར་ཤིན་ཏུ་ཡིད་ལ་སྐྱེད་པ་ལ་སྤྲོ་བ་བསྐྱེད་པའི་ཕྱིར་རོ། །འཇམ་དཔལ་ཕྱོགས་གང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་དེར་སངས་རྒྱས་ཀྱི་ཆོས་སྟོབས་བཅུ་དང་། །བྱང་ཆུབ་ཀྱི་ཡན་ལག་ལ་སོགས་པ་ཐམས་ཅད་བསྟན་པར་བལྟའོ་ཞེས་
གསུངས་སོ། །དུས་དེའི་ཚེ་བྱང་ཆུབ་ཀྱི་ཡན་ལག་ལ་སོགས་པ་བདག་ཉིད་ཆེན་པོའི་རང་གི་ངོ་བོ་བསྟན་པར་མ་བྱས་པ་མ་ཡིན་ནམ། དེ་ཅིའི་ཕྱིར་དེར་སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྟན་པར་བལྟའོ་ཞེས་གསུངས་ཤེ་ན། དེའི་ཕྱིར་འདི་ལྟར་དེར་བསམ་གྱིས་མི་ཁྱབ་པ་བསྟན་པར་
བལྟའོ་ཞེས་གསུངས་ཏེ། བསམ་གྱིས་མི་ཁྱབ་པ་ནི་སྟོང་པ་ཉིད་དོ། །དོན་ནི་འདི་སྟེ་རྣམ་པ་ཐམས་ཅད་སྟོང་པ་ཉིད་བསྒོམས་པས་དེ་འཐོབ་པར་འགྱུར་རོ། །དེ་ཡང་འདིར་རྣམ་པར་རྟོག་པ་ཐམས་ཅད་བསལ་བས་བསྟན་པ་ཡིན་ནོ། །དེ་བས་ན་དེ་ཐོབ་པའི་ཐབས་བསྟན་པས་དེ་ཡང་
ཡོངས་སུ་བསྟན་པ་ཡིན་པར་བཤད་དོ། །དེ་དག་གིས་ནི་སངས་རྒྱས་ཉིད་ཀྱི་རྒྱུ་གཙོ་བོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བ་ཡིན་པར་བསྟན་ཏོ། །འདི་སྙམ་དུ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སྤྱོད་པ་མཛད་པ་ན་དགེ་བའི་རྩ་བ་གང་དག་བསྒྲུབས་པ་དེའི་རྒྱུ་ཅན་སངས་
རྒྱས་འདི་ཉིད་ཡིན་ན། དེ་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བའི་རྒྱུ་ཅན་དུ་བསྟན་ཞེ་ན། དེའི་ཕྱིར་འཇམ་དཔལ་ངས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་ཁོ་ན་ཡིན་ནོ་

ཞེས་བྱ་བ་བསྡུས་པའི་དོན་ཡིན་ནོ། །དེ་ལ་ཉིན་རེ་བཞིན་གཞན་དག་འཆད་པ་ལ་ཡིད་དམ་དུ་མཉན་པར་བྱ། མཉན་ནས་དེ་ཁོ་ན་ཡིན་ནོ་ཞེས་མོས་པར་བྱ། དད་པས་གླེགས་པམ་ཡི་གེར་བྲི་བར་བྱ། ཁ་ཏོན་བཏོན་པས་གཟུང་བར་བྱ། གླེགས་བམ་ལ་གནས་པ་ཚིག་ཏུ་བརྗོད་
པས་བཀླག་པར་བྱ། གཞན་ལས་མན་ངག་མནོས་པས་ལུང་མནོད་པར་བྱ། ཁ་ཏོན་ལོབས་པ་རྣམས་ཡང་ནས་ཡང་དུ་འདོན་པས་ཁ་ཏོན་དུ་བྱ། ཚིག་ཏུ་གདོན་པར་བྱ་བ་ནི་གྲགས་པས་སྒྲོགས་ཞེས་བྱ་བའི་ཐ་ཚིག་གོ། །ཀུན་ཆུབ་པར་བྱ་བ་ནི་ཚིག་དང་དོན་བྱེ་བྲག་ཏུ་འཆད་པའི་ཕྱིར་
རོ། །ཚུལ་བཞིན་དུ་ཡིད་ལ་བྱ་བ་ནི་རིགས་པས་བསམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་དེའི་དོན་དཔྱོད་པར་བྱེད་པའོ། །བསྒོམ་པར་བྱ་བ་ནི་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་རྣམ་པར་རྟོག་པ་ཐམས་ཅད་བསལ་ནས། དེའི་དོན་ཁོང་དུ་ཆུད་པར་བྱེད་པའི་ཕྱིར་རོ། །ནས་
ཞེས་བྱ་བའི་ཚིག་གིས་རིན་པོ་ཆེའི་གཞལ་མེད་ཁང་ནོར་བུ་རིན་པོ་ཆེའི་རྒྱུ་ལས་བྱས་པའི་ཁང་བཟངས་ལ་སོགས་པ་གཟུང་ངོ་། །བ་དན་དང་རྣམ་པར་རྒྱལ་བའི་བ་དན་ནི་རྒྱལ་མཚན་གྱི་བྱེ་བྲག་ཡིན་ནོ། །ཅི་ནུས་ཞེས་བྱ་བ་འདིའི་རྣམ་པར་དབྱེ་བ་ནི་ཅི་ཕོད་དུའོ་ཞེས་བྱ་བ་ཡིན་ནོ། །ཡང་ན་
ཅི་ནུས་ཞེས་བྱ་བ་ནི་མཐུ་ཅི་ཡོད་པས་མཉན་པར་བྱ་བ་ལ་སོགས་པ་ལ་སྦྱོར་བའོ། །ཅི་ཕོད་དུ་བྱས་པ་ནི་མེ་ཏོག་ལ་སོགས་པས་མཆོད་པར་བྱའོ། །རིམ་གྲོར་བྱའོ་ཞེས་ཚིག་འོག་མས་རྣམ་པར་དབྱེ་བ་ཡིན་ནོ། །ཡང་ན་རིམ་གྲོ་བྱ་བ་ནི་ཐལ་མོ་སྦྱར་བ་དང་། བསྐོར་བ་དང་། བྱ་བ་བྱེད་པ་
ལ་སོགས་པས་སོ། །དེ་དག་ཐམས་ཅད་ཀྱིས་ནི་ཆོས་སྤྱོད་རྣམ་པ་བཅུ་བསྟན་ཏོ། །ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཐམས་ཅད་ལས་འདས་པས་སངས་རྒྱས་ཉིད་ཐོབ་པ་མ་ཡིན་ནམ། དེ་ཅིའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བས་ཞེས་བཤད་ཅེ་ན། དེའི་ཕྱིར་ཉན་ཐོས་
དང་རང་སངས་རྒྱས་ཐམས་ཅད་ཀྱི་ས་ལས་འདའ་བར་འདོད་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉན་ཐོས་ལ་སོགས་པའི་ས་ཡང་འདི་ཉིད་ལ་བརྟེན་ནས་འདའ་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཕྱིར་མི་ལྡོག་པའི་ས་ལས་འདས་ཏེ་སངས་རྒྱས་ཉིད་ཐོབ་པ་མ་ཡིན་ནམ་ཞེ་ན་དེའི་ཕྱིར་

འཇམ་དཔལ་ཇི་ལྟར་ཕྱིར་མི་ལྡོག་པའི་ས་ལ་འཇུག་པར་འགྱུར་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱིར་མི་ལྡོག་པའི་ས་ནི་མི་གཡོ་བའོ། །དེ་ལ་འཇུག་པར་འགྱུར་བ་ནི་དེར་འགྲོ་བའོ། །དེར་ཇི་ལྟར་འགྱུར་བ་དེ་ལྟ་བུ་ཉན་པར་འདོད་པ་ཞེས་བྱ་བ་ནི་མཚོན་
པ་སྟེ། བསམ་པར་འདོད་པ་དང་། བསྒོམ་པར་འདོད་པ་དག་ཀྱང་རིག་པར་བྱའོ། །འདི་སྙམ་དུ་ཆོས་ཐམས་ཅད་སྐྱེ་བ་མེད་པར་མཉམ་པས་མོས་བས་སངས་རྒྱས་ཐོབ་པར་འགྱུར་རོ་སྙམ་པའི་ཕྱིར། འཇམ་དཔལ་ཆོས་གང་ཡང་རུང་སྟེ་དེ་དག་ཐམས་ཅད་མ་སྐྱེས་པར་མཉམ་པ་ཉིད་
དུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དགོངས་པ་ནི་འདི་ཡིན་ཏེ། ཆོས་ཐམས་ཅད་མ་སྐྱེས་པར་མཉམ་པ་འདི་ལ་རྣམ་པར་རྟོག་པ་ཐམས་ཅད་སེལ་བས་མཉམ་པ་དེ་ལྟ་བུ་ནི་གཞན་ན་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །གཞན་དག་རྣམ་པར་རྟོག་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་
མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པ་དེ་ཉིད་སངས་རྒྱས་ཉིད་ཐོབ་པ་འདིའི་རྒྱུའི་གཙོ་བོ་ཡིན་ནོ་ཞེ་ན། དེའི་ཕྱིར་འཇམ་དཔལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་རྟོགས་པར་འདོད་པ་ཡང་འདི་ཉིད་ལ་སྦྱོར་བས་ཤིན་ཏུ་
རྣམ་པར་དག་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་དག་ནི་བཅོམ་ལྡན་འདས་ཀྱིས་ཆོས་ཅུང་ཟད་ཀྱང་མ་མཁྱེན་ན་ཞེས་དེ་ལྟ་བུའི་ཟབ་མོ་བསྟན་པ་འདི་ལ་མོས་པའི་རྒྱུ་མཚན་གྱི་གཙོ་བོ་ཡིན་ནོ་སྙམ་པ་དེ་ལ། འཇམ་དཔལ་ཆོས་ཐམས་ཅད་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་
སངས་མ་རྒྱས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་ཐམས་ཅད་རིགས་པ་ཡིན་ན་ཇི་ལྟར་མངོན་པར་རྫོགས་པར་སངས་མ་རྒྱས་ཞེས་བསམས་པ་ལ། གང་མངོན་པར་རྫོགས་པར་འཚང་རྒྱ་བར་བྱེད་པ་འམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་བཤད་ཟིན་
ཏོ། །དེ་བས་ན་དེ་ལྟར་དོན་གྱི་ཚུལ་འདི་ལ་མོས་པར་འདོད་པའི་ཞེས་བྱ་བ་ལ་སོགས་པ་ནི་བསྟན་མ་ཐག་པའི་མཇུག་སྡུད་པ་ཡིན་ནོ། །དོན་གྱི་ཚུལ་ནི་དོན་གྱི་རྣམ་པའོ། །འདི་ཉིད་ལ་སྦྱོར་བས་འདི་འདྲ་བའི་མོས་པ་འདི་འབྱུང་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་དག་ནི་བྱང་ཆུབ་དང་ཆོས་

ཐམས་ཅད་གཉིས་སུ་མེད་ཅིང་མཉམ་པར་དེ་ལྟར་མོས་པའི་མངོན་སུམ་གྱི་རྒྱུ་མཚན་ཡིན་ནོ་སྙམ་པ་དེ་ལ། གང་བྱང་ཆུབ་མ་ཡིན་པའི་ཆོས་དེ་གང་ཡང་མེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཞན་དག་ན་རེ་ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་པ་ཉིད་བྱང་ཆུབ་ཀྱི་རྒྱུའི་གཙོ་བོ་ཡིན་ནོ་ཞེ་
ན། དེའི་ཕྱིར་ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་པར་འདོད་པའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་མདོ་སྡེ་གཞན་ཆོས་ཐམས་ཅད་རྣམ་པར་མི་རྟོག་པ་སྟོན་པར་བྱེད་པ་གང་ཡིན་བ་མཐའ་དག་པ་ཡོད་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་མཉན་པར་
བྱ་བར་གསུངས་པ་འདི་ལས་ལྷག་པ་ཅིག་ཡོད་ཅེས་བྱ་བའི་ཐ་ཚིག་གོ། །ལན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་རྟོག་པ་འམ་རྣམ་པར་མི་རྟོག་པ་གོ་རིམས་བཞིན་དུ་ཆོས་གང་ཡང་ཡོངས་སུ་གྲུབ་པར་རྣམ་པར་འཇོག་ཅིང་སྐྱེད་པའམ། སྟོན་པ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ཏེ། རྣམ་པར་
རྟོག་པ་སྐྱེད་པར་བྱེད་པའི་རྒྱུ་མ་ཡིན་ཏེ། དེའི་ཡུལ་ཡིན་པའི་ཁུངས་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་སྟོན་ཏེ་མདོ་སྡེ་གཞན་ལས་གདུལ་བྱའི་བྱེ་བྲག་ལ་ལྟོས་ནས་དམིགས་པར་སྟོན་པ་ཡོད་པ་ཡང་ཡིན་ནོ་ཞེས་དགོངས་པའོ། །འདིར་ནི་ཇི་ལྟར་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །
ཁ་ཅིག་ནི་ཆོས་ཐམས་ཅད་ནི་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་ཏེ། རང་བཞིན་གྱིས་འོད་གསལ་བའི་ཕྱིར་རོ། །རྣམ་པར་བྱང་བ་ཡང་མ་ཡིན་ཏེ། ཀུན་ནས་ཉོན་མོངས་པ་གློ་བུར་བ་ཡིན་པའི་ཕྱིར་རོ་ཞེས་དེ་ལྟར་འཇུག་པར་འདོད་པ་དང་མྱུར་དུ་བྱང་ཆུབ་མངོན་པར་རྟོགས་པར་འདོད་པ་དེ་ལ་ཆོས་
ཐམས་ཅད་ཀུན་ནས་ཉོན་མོངས་པ་མ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཞན་དག་ནི་དུས་གསུམ་དུ་སྒྲོ་འདོགས་པ་རིང་དུ་སྤངས་པས་མྱུར་དུ་བྱང་ཆུབ་པ་ཡིན་ནོ་སྙམ་པ་ལ། དེའི་ཕྱིར་ཆོས་ཐམས་ཅད་འདས་པ་མ་ཡིན། མ་འོངས་པ་མ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
འདི་ཡང་འདི་ལ་བརྟེན་པ་ཁོ་ནས་སྒྲོ་འདོགས་པ་མྱུར་དུ་ཟད་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་རྒོལ་བ་སྟེ། ཐོས་པ་ལ་སོགས་པའི་ངོ་བོ་ཉིད་ནི་འདས་པ་དང་། མ་འོངས་པ་ལ་སོགས་པར་བསྟན་པ་མ་ཡིན་ནམ། ཅིའི་ཕྱིར་ཆོས་དུས་གསུམ་དུ་འཇུག་པ་མ་ཡིན་ཞེས་

རྒོལ་བ་པོས་བསམ་པ་ལ། འཇམ་དཔལ་སྐྱེ་བ་མེད་པ་ནི་འདས་པ་མ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐྱེ་བ་མེད་པ་ནི་དངོས་པོ་མེད་པ་ཡིན་ལ། དངོས་པོ་མེད་པ་ལ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ཡང་དག་པར་ལྟ་ག་ལ་ཡོད་ཅེས་བྱ་བ་ནི་མདོར་
བསྡུས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་ཅིའི་ཕྱིར་དེ་སྐད་དུ་སྟོན། སྐྱེ་བ་མེད་པ་ལ་འདས་པ་ལ་སོགས་པའི་དབྱེ་བ་མེད། ཆོས་རྣམས་ལ་གོ་འདི་ཅི་སྟེ་དབྱེ་བ་མེད་ཅེས་བྱ་བ་ནི་རྒོལ་བ་པོའི་བསམ་པ་ཡིན་ནོ། །དེ་ལ་འཇམ་དཔལ་ཆོས་ཐམས་ཅད་ནི་སྐྱེ་བ་མེད་པ་ལ་སྟོན་པའི་ཕྱིར་རོ་ཞེས་བྱ་བ་
གསུངས་ཏེ། སྐྱེ་བ་མེད་པའི་ངོ་བོ་ཡིན་ནོ་ཞེས་བྱ་བའི་བར་དུ་ཡིན་ནོ། །འདིར་ནི་ཀུན་བརྟགས་པའི་ཆོས་ལ་དགོངས་པའོ། །དེ་བས་ན་དེ་ལྟ་བུའི་ཆོས་ཐམས་ཅད་ལ་ཐེ་ཚོམ་མེད་པར་ཞེས་བྱ་བ་ལ་སོགས་པ་ནི་བསྟན་མ་ཐག་པའི་མཇུག་བསྡུ་བ་ཡིན་ནོ། །གཞན་དག་སྨྲ་བ་སྐྱེ་བའི་དངོས་པོ་རྣམས་རྟག་
པ་མ་ཡིན་པར་འདོད་དུ་ཟིན་ཀྱང་དོན་དམ་པར་ནི་མི་རུང་བ་ཁོ་ན་ཡིན་ཏེ། འདི་ལྟར་རེ་ཞིག་ཕྱི་རོལ་གྱི་ཆ་ཤས་ཅན་ལ་སོགས་པའི་སྐྱེ་བ་ནི་གོང་དུ་བསྟན་པའི་ཚུལ་གྱིས་མ་སྐྱེས་པ་ཁོ་ན་མིན་པས་ཡོད་པར་རུང་བ་མ་ཡིན་ནོ། །ཉམས་སུ་མྱོང་བ་ཙམ་ལྷག་མ་ལུས་པ་དེ་ཡང་ཡོད་པ་དོན་དམ་པ་ཡིན་པར་ནི་
བསྒྲུབ་པར་དཀའ་བ་ཁོ་ན་ཡིན་ཏེ། འདི་ལྟར་རི་མོ་བཀྲམ་པ་ལ་སོགས་པ་ལ་ཤེས་པ་སྐྱེ་བ་ནི་སྣང་བ་རྣམ་པ་དུ་མར་སྐྱེད་པ་ཡིན་ནོ། །རྣམ་པ་དེ་དག་ཀྱང་དེའི་བདག་ཉིད་ཁོ་ན་ཡིན་གྱི་གཞན་དུ་གྱུར་པ་ཉིད་ཡིན་ན་ནི་ཉམས་སུ་མྱོང་བར་མི་རིགས་པའི་ཕྱིར་རོ། །དེ་བས་ན་དེ་རྣམ་པ་དུ་མ་ལས་རྣམ་
པར་མ་ལོག་པ་ཡིན་ན་གཅིག་པ་ཉིད་ཡིན་པར་ཇི་ལྟར་རིགས་པ་ཡིན། གཅིག་པ་ཉིད་དང་དུ་མ་ཉིད་དག་ནི་ཕན་ཚུན་རྣམ་པར་བཅད་དེ་གནས་པའི་མཚན་ཉིད་ཡིན་པས་ལྷན་ཅིག་ཏུ་གནས་བར་མི་སྲིད་པའི་ཕྱིར་རོ། །འོན་ཏེ་ཡང་འདི་སྙམ་དུ་ཉམས་སུ་མྱོང་བའི་རྣམ་པ་དེ་རྣམས་ནི་ཡང་དག་པ་མ་
ཡིན་ཏེ། འཁྲུལ་པའི་དབང་གིས་དེ་ལྟར་སྣ་ཚོགས་སུ་གཉིས་སུ་མེད་པའི་ཤེས་པའི་བདག་ཉིད་ལ་སྣང་ངོ་ཞེ་ན། འོ་ན་སྣང་ཞེས་བྱ་བ་འདི་ཅི་ཡིན་ཏེ། ཉམས་སུ་མྱོང་བའི་བདག་ཉིད་མ་གཏོགས་པར་གཞན་སྣང་བའི་སྒྲའི་དོན་རྟོགས་པར་བྱར་མེད་པ་མ་ཡིན་ནམ། འདི་ལྟར་སྣང་བ་ཞེས་བྱ་བ་དེ་ནི་

ཉམས་སུ་མྱོང་བ་ཞེས་བྱ་བའི་དོན་འདི་ཡིན་ནོ། །མིག་སེར་ལ་སོགས་པས་མིག་ཉམས་པ་རྣམས་ཡོད་པ་མ་ཡིན་ཡང་སེར་པོ་ལ་སོགས་པར་ཇི་ལྟར་སྣང་ཞེ་ན། དེ་ལ་ཡང་གལ་ཏེ་ཕྱི་རོལ་གྱི་ངོ་བོ་ཉིད་དུ་ཡང་ཡོད་པ་མ་ཡིན་ལ། ཤེས་པའི་བདག་ཉིད་དུ་ཡང་ཡོད་པ་མ་ཡིན་ན་དེ་དག་
ཇི་ལྟར་སྣང་ཞེས་དེ་ལ་ཡང་མཐུན་པར་རྒལ་བ་འདི་མ་ཡིན་ནམ། གལ་ཏེ་ཀ་བ་ལ་སོགས་པའི་རྣམ་པ་གཅིག་གི་ཤེས་པ་དེ་གཅིག་ཡིན་ནོ་ཞེ་ན་མ་ཡིན་ཏེ། དེ་ལ་ཡང་ཚུ་རོལ་དང་ཕ་རོལ་དང་དབུས་ཀྱི་ཆ་ལ་སོགས་པ་དབྱེ་བས་སྣ་ཚོགས་སུ་སྣང་བའི་ཕྱིར་རོ། །དེ་བས་ན་བློ་ཡང་
གཅིག་ཏུ་འཐད་པ་མ་ཡིན་པས་དངོས་པོ་ཐམས་ཅད་མ་བརྟགས་ན་དགའ་བའི་ངོ་བོ་ཉིད་ཐ་སྙད་ཀྱི་ཚུལ་ལ་འཇུག་པ་ཡིན་ཏེ། འདི་ལྟར་ཇི་ལྟ་ཇི་ལྟར་ཡོངས་སུ་བརྟགས་པ་དེ་ལྟ་དེ་ལྟར་བརྟག་མི་བཟོད་པ་ཡིན་པའི་ཕྱིར་རོ། །འདི་ཁ་ཅིག་སྨྲ་བ་སྔོན་པོ་དང་སེར་པོ་ལ་སོགས་པ་ནི་རྣམ་པ་ཐམས་
ཅད་དུ་མེད་པ་མ་ཡིན་ཏེ། ཉམས་བདེ་བ་ལ་སོགས་པ་བཞིན་དུ་གསལ་བར་ཉམས་སུ་མྱོང་བའི་ཕྱིར་རོ། །འོན་ཀྱང་ཤེས་པ་གཅིག་ལ་འཛིན་པའི་ཆར་འདོད་པ་དང་། ཆ་གཉིས་པ་ཕྱིར་རྒོལ་གྱི་ངོ་བོར་གྱུར་པ་དེ་ནི་ཡོད་པ་མ་ཡིན་ཏེ། ཇི་ལྟར་ནང་དུ་བདེ་བ་ལ་སོགས་པ་རང་རིག་པའི་ངོ་བོ་
ཡིན་གྱི། གཞན་གཟུང་བར་ཆར་གྱུར་པར་ཡོད་པ་མ་ཡིན་པ་བཞིན་ནོ། །དེ་བཞིན་དུ་དཀར་པོ་ལ་སོགས་པ་ཡང་གཟུང་བ་དང་འཛིན་པའི་རྣམ་པར་བརྟགས་པ་དང་བྲལ་བ་ཡིན་ནོ། །དེ་སྐད་དུ་སློབ་དཔོན་དྷརྨ་ཀཱིརྟིས་ཀྱང་། སྔོ་ལ་སོགས་པའི་ངོ་བོ་དེའི། །ངོ་བོ་ཉིད་ནི་ཉམས་མྱོང་ཡིན། །
རང་གི་ངོ་བོ་ཉམས་མྱོང་ཡང་། །སྔོ་ལ་སོགས་པ་མྱོང་ཞེས་སྒྲོགས། །ཤེས་ལས་ཐ་དད་མ་ཡིན་ན། །དོན་གཞན་ཡོད་པར་ཇི་ལྟར་འགྱུར། །སྤྱི་ཉིད་ཡིན་ནའང་དོན་ཉིད་ན། །ཤེས་པའི་ངོ་བོར་ཐལ་བར་འགྱུར། །ཞེས་བརྗོད་དོ་ཞེ་ན། དེ་ལྟར་འདོད་པའི་ཕྱིར་ཉེས་པ་མེད་དོ། །དེ་བཞིན་
དུ་འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་ཀྱང་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་ནི་ཤེས་པ་ལས་ཐ་དད་པ་མ་ཡིན་པ་ཁོ་ནར་གསུངས་སོ། །དེ་བས་ན་བདེ་བ་ལ་སོགས་པ་བཞིན་དུ་སྔོན་པོ་ལ་སོགས་པ་ཡང་རུང་ཉམས་སུ་མྱོང་བ་ཉིད་རྟོགས་པའི་ངོ་བོ་ཡིན་ནོ། །འོ་ན་

རྣམ་པར་ཤེས་པ་དུ་མ་ཅིག་ཅར་ཡོད་པ་རྙེད་པར་འགྱུར་རོ་ཞེ་ན། འདོད་པའི་ཕྱིར་ཉེས་པ་མེད་དོ། །འོ་ན་རྣམ་པ་གཅིག་ཡིན་ནོ་ཞེས་ཇི་སྐད་དུ་བསྟན་ཞེ་ན། འདི་ལྟར་གཞན་དུ་ཆ་རྣམ་པར་དབྱེ་བ་བྱས་ན་ཤེས་པ་གཞན་ཉམས་སུ་མྱོང་བ་ཡོད་པ་མ་ཡིན་ནོ། །དེ་ལ་
ཤེས་པ་གཞན་གཅིག་ཏུ་དེ་ཡོད་དོ་ཞེས་བརྗོད་པར་ནུས་པ་ཡང་མ་ཡིན་ཏེ། ཤེས་པས་ཉམས་སུ་མ་མྱོང་ན་ཡོད་པར་མི་རིགས་པའི་ཕྱིར་དང་། རྣམ་པར་ཤེས་པ་ནི་ཉམས་སུ་མྱོང་བ་ཡིན་པའི་ཕྱིར་རོ། །ཕྱི་རོལ་པ་ལ་ཡང་རིམ་པ་འདི་ཉིད་མ་ཡིན་ནམ། དེ་དག་ནི་ཉམས་སུ་མྱོང་བ་མ་
ཡིན་ཡང་ཡོངས་སུ་ཁས་ལེན་པའི་ཕྱིར་རོ། །འོ་ན་གལ་ཏེ་བདེ་བ་ལ་སོགས་པ་བཞིན་དུ་སྔོན་པོ་ལ་སོགས་པ་ཡང་ཤེས་པའི་ངོ་བོ་ཡིན་ན་དེ་ཅིའི་ཕྱིར་ཕྱི་རོལ་དུ་སྣང་ཞེ་ན། འདི་ནི་ཐོག་མ་མེད་པའི་དུས་ཅན་འཁྲུལ་པའི་ས་བོན་གྱི་དབང་གིས་ཡིན་ནོ། །དེ་ལ་འདིར་གཞན་དག་ན་རེ་རྣམ་པར་སྨིན་
པའི་རྣམ་པར་ཤེས་པ་ཡང་ལུས་དང་སྣོད་ཀྱི་འཇིག་རྟེན་ལ་སོགས་པར་སྣང་བའི་ཕྱིར་སྣ་ཚོགས་པ་ཁོ་ན་ཡིན་ནོ་ཞེ་ན། དེ་ཡང་གཅིག་པ་ཉིད་དུ་མི་འགྲུབ་པ་ཁོ་ན་ཡིན་ཏེ། རི་མོ་བཀྲ་བ་ལ་སོགས་པ་དྲན་པའི་ཤེས་པ་ཡང་རྣམ་པ་དུ་མ་སྣང་བ་ཉམས་སུ་མྱོང་བ་ཉིད་ཡིན་པས་དེ་ཡང་དུ་མ་ཉིད་
དུ་འགྱུར་རོ། །དེ་ལྟ་ཡིན་དང་། །དེ་ནི་རིགས་དག་མཐུན་པ་ཡི། །རྣམ་པར་ཤེས་པ་ངེས་པ་ཡིན། །རྣམ་པར་རྟོག་པ་རིམ་གྱིས་འབྱུང་། །འདི་ལྟར་ཡང་དག་མངོན་པ་ཡིན། །ཞེས་རྣམ་འགྲེལ་བྱེད་པའི་ཚིག་དག་འགལ་བ་ཡིན་ནོ། །གཞན་དག་
ན་རེ་རྣམ་པ་ཐམས་ཅད་ནི་དུ་མ་སྣ་ཚོགས་ཡིན་གྱི། སེམས་ཅན་ཐམས་ཅད་ཀྱི་རྣམ་པར་ཤེས་པའི་རྒྱུད་ནི་གཅིག་ཡིན་ནོ་ཞེས་བྱ་བའི་ཚིག་དེ་ནི་དོན་གཞན་ཡིན་ཏེ། གཅིག་གི་སྒྲ་ནི་འབའ་ཞིག་ཅེས་བྱ་བའི་རྣམ་གྲངས་ཏེ། གཙོ་བོ་གཅིག་དང་གཞན་དག་གཅིག །གཅིག་པོ་
འབའ་ཞིག་འདོད་པ་ཡིན། །ཞེས་བརྗོད་པའི་ཕྱིར་རོ། །དེས་ན་འདི་སྐད་བསྟན་ཏེ། དེ་དག་གི་རྣམ་པར་ཤེས་པའི་རྒྱུན་ནི་གཅིག་པོ་འབའ་ཞིག་ཡིན་གྱི། དེ་ལ་བདག་དང་། བདག་གི་འམ། གཟུང་བ་དང་འཛིན་པ་ནི་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །ཁ་ཅིག་ལས་སེམས་གཉིས་

ཅིག་ཅར་དུ་སྐྱེ་བ་དེ་ནི་གནས་མེད་དོ་ཞེས་འབྱུང་བ་དེ་ཡང་མི་མཐུན་པའི་ཕྱོགས་ཀྱི་སེམས་དང་བྱམས་པ་ལ་སོགས་པའི་སེམས་དང་མཚུངས་པར་ལྡན་པའི་དབང་དུ་བྱས་ཏེ་གསུངས་པ་ཡིན་ཏེ། དེ་གཉིས་ལྷན་ཅིག་མི་གནས་པའི་མཚན་ཉིད་དུ་མི་འགལ་བའི་ཕྱིར་རོ། །རྣམ་འགྲེལ་བྱེད་པས་
དེ་ནི་རིགས་དག་མཐུན་པའི་ཞེས་བྱ་བ་ལ་སོགས་པ་ཁུངས་སྔར་བསྟན་པ་དེའི་དགོངས་པ་ཡང་འདི་ཉིད་ཡིན་པར་མངོན་ནོ། །འདི་ཡང་སློབ་དཔོན་ཁ་ཅིག་འཆད་པ་དག་དེས་སྨྲས་པ་ཡིན་ནོ། །ཕྱི་རོལ་དུ་གནས་པ་ཉིད་ལ་རྣམ་པའི་དངོས་པོ་འདི་དག་བསྟན་པ་ཡིན་གྱི། རྣམ་པར་ཤེས་པ་ལ་ནི་མ་
ཡིན་པས་རྣམ་པར་ཤེས་པ་ནི་རྣམ་པ་མེད་པར་སྟོན་ཏོ། །ཕྱིའི་དོན་གྱིས་འདི་ལ་རྣམ་པ་སྐྱེད་པ་ཡང་མ་ཡིན་ནོ། །དེ་ལྟ་བུ་ཡིན་པ་ལ་དགོངས་ནས་འཕགས་པ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལས་ཀྱང་། གསང་བའི་བདག་པོ་སེམས་ནི་སྔོན་པོ་མ་ཡིན། སེར་པོ་མ་ཡིན་ཞེས་བྱ་བ་
ལ་སོགས་པ་གསུངས་སོ། །གཞན་ཡང་རྣམ་པ་སྣ་ཚོགས་ཀྱིས་སྟོང་པའི་རྣམ་པར་ཤེས་པ་ཡང་ཡོད་པ་ཁོ་ན་ཡིན་ཏེ། ཆ་ཤས་མེད་པའི་རྡུལ་ཕྲ་རབ་ལ་སོགས་པར་སྣང་བ་ནི་ཡང་དག་པའི་དོན་བསྒོམས་པ་ལས་བྱུང་བ་ཡིན་ནོ། །འདི་ལྟར་ཡང་དག་ཡང་དག་མིན། །གང་གང་དེ་ལ་ཤིན་ཏུ་
བསྒོམས། །བསྒོམས་པ་ཡོངས་སུ་གྲུབ་པ་ན། འབྲས་བུ་མི་རྟོག་དེ་བློ་གསལ། །ཞེས་བྱ་བ་ཡིན་ནོ། །རྒྱས་པར་དཔྱད་པ་ཡོད་པས་རེ་ཞིག་གཞག་གོ། །དེ་ལྟ་བུའི་ཆོས་ཐམས་ཅད་ལ་ཐེ་ཚོམ་མེད་པར་རྟོགས་པར་འདོད་པ་ཞེས་བྱ་བ་ནི་སྒྲོ་འདོགས་པ་ཐམས་ཅད་དང་ངེས་པར་བྲལ་བ་ཐོབ་
པར་འདོད་པ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་དག་སེམས་པ་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་ལན་གསུམ་དུ་བསྐོར་བའི་ཐབས་ལ་གནས་པས་རྒྱལ་བའི་གོ་འཕང་ཤིན་ཏུ་མྱུར་བར་ཐོབ་པར་འགྱུར་གྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས་ནི་མ་ཡིན་ནོ་ཞེ་ན། དེའི་ཕྱིར་
འཇམ་དཔལ་ལན་གསུམ་དུ་བཟླས་ཏེ། ཇི་ལྟར་རྣམ་པ་བཅུ་གཉིས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཉན་པར་འདོད་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་ཞེས་བྱ་བ་ནི་ཐབས་གང་གིས་སོ། །གང་དུ་རྣམ་པ་བཅུ་གཉིས་ལན་གསུམ་དུ་བསྐོར་བ་ཞེས་སྦྱར་རོ། །དེ་ལ་

འདི་ནི་ལན་གསུམ་དུ་བསྐོར་བ་ཡིན་ཏེ། འདི་ལྟ་སྟེ། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །དེ་མངོན་པར་ཤེས་པས་ཡོངས་སུ་ཤེས་པར་བྱའོ། །ཡོངས་སུ་ཤེས་སོ་ཞེས་བྱ་བ་འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་
བདེན་པའོ། །དེ་ནི་མངོན་པར་ཤེས་པས་བསྒོམ་པར་བྱའོ། །བདག་གིས་བསྒོམས་སོ་ཞེས་བྱ་བའོ། །དགེ་སློང་དག་སྔོན་མ་ཐོས་པའི་ཆོས་ལ་ཚུལ་བཞིན་ཡིད་ལ་བྱེད་པ་ནི་མིག་སྐྱེས་པ་དང་ཤེས་པ་དང་། རིག་པ་དང་། བློ་སྐྱེས་ཏེ། བྱ་བ་བྱེད་པའི་ཚིག་ནི་བདེན་པ་རེ་རེའི་
གསུམ་པོ་ལ་ཡང་སྦྱར་བར་བྱའོ། །དེ་བས་ན་འཕགས་པའི་བདེན་པ་བཞི་རེ་རེ་ལ་ཡང་ལན་གསུམ་དུ་བཟླས་པའི་ཕྱིར་ལན་གསུམ་དུ་བཟླས་པ་ཡིན་ནོ། །དེ་ལྟར་བཟླས་པ་དེ་ཐམས་ཅད་བསྡོམས་ན་རྣམ་པ་བཅུ་གཉིས་སུ་འགྱུར་བས་དེའི་ཕྱིར་རྣམ་པ་བཅུ་གཉིས་ཀྱི་ཆོས་ཀྱི་འཁོར་ལོ་
ཞེས་བྱའོ། །དེའི་མདོ་དེ་ཡང་དང་པོར་ཡུལ་བཱ་རཱ་ཎ་སཱིར་བཤད་དོ། །ཆོས་རྣམས་ཀྱི་འཁོར་ལོ་ནི་ཆོས་ཀྱི་འཁོར་ལོ་སྟེ། འཁོར་ལོ་དང་འདྲ་བས་འཁོར་ལོ་ཡིན་ནོ། །དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་འཁོར་ལོ་རིན་པོ་ཆེའི་རྗེས་སུ་འབྲང་བ་དཔུང་གི་ཚོགས་ཐམས་ཅད་ཀྱང་རྗེས་
སུ་འབྲང་ཞིང་ཐ་མ་ནས་འགྲོའོ། །དེ་བཞིན་དུ་ཁམས་གསུམ་གྱི་བདག་པོ་ཆོས་ཀྱི་དབང་ཕྱུག་དམ་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཀྱང་མདོ་སྡེ་དེ་དང་པོར་གསུངས་པའི་རྗེས་སུ་བཤད་པའི་ཆོས་ཀྱི་སྐུ་ཐམས་ཅད་འཆད་པར་མཛད་པ་ཡིན་ནོ། །དེ་ཉན་པར་འདོད་པ་ཞེས་བྱ་བ་ནི་
ཆོས་ཀྱི་འཁོར་ལོ་བསྐོར་བ་ཐབས་སུ་གྱུར་པ་ཅན་གཉིས་སུ་མེད་པའི་ཡེ་ཤེས་ལའོ། །དེ་རྟོགས་པར་འདོད་པ་ཞེས་བྱ་བ་ནི་བསམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སོ། །དེ་ནས་ཡུལ་དེ་ལ་མོས་པར་འདོད་པ་ནི་བསམས་པ་ལས་བྱུང་བའི་ཤེས་པའི་མཇུག་ཐོགས་སུ་བྱུང་བ་འདི་ནི་དེ་ཁོ་ན་
ཡིན་ནོ་ཞེས་མོས་པའོ། །དེ་ལ་འཇུག་པར་འདོད་པ་ནི་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་མཉན་པར་བྱ་སྟེ། འདི་ལྟར་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཐབས་ནི་གང་ཟག་དང་ཆོས་ལ་བདག་མེད་པ་གོམས་པར་བྱས་པ་མ་གཏོགས་པ་གཞན་

ཡོད་པ་མ་ཡིན་ལ། དེ་ཡང་འདིར་བསྟན་པ་ཡིན་ནོ། །གཞན་དག་སེམས་པ་གང་ཞིག་སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་བྱེད་ཅིང་སེམས་ཅན་གྱི་འདུ་ཤེས་ལ་ཡང་མི་གནས་པ་དང་། ང་རྒྱལ་དང་བྲལ་བའི་ཕྱིར་འཇིག་རྟེན་ཐམས་ཅད་དང་རྩོད་པ་མེད་པའི་མཆོག་ཡིན་པ་དང་།
འཇིག་རྟེན་གྱི་བསམ་པ་ལ་མངོན་པར་མ་ཞེན་པའི་ཕྱིར་འཇིག་རྟེན་གྱི་སྤྲོས་པ་མི་དམིགས་པ་དེ་འདྲ་བ་དེས་མྱུར་དུ་སངས་རྒྱས་ཉིད་ཐོབ་པར་འགྱུར་གྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས་ནི་མ་ཡིན་ནོ་ཞེ་ན། དེའི་ཕྱིར་སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་བྱ་བར་ཡང་
འདོད་པ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པ་མེད་པར་དེ་འདྲ་བའི་སྤྱོད་པ་མི་འགྲུབ་བོ་ཞེས་བྱ་བའི་ཐ་ཚིག་གོ། །ཁ་ཅིག་སེམས་པ་ཆོས་ཐམས་ཅད་ཐོག་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་དང་། སྐྱེ་བ་མེད་པ་
ལ་སོགས་པ་རྟོགས་པར་འདོད་པ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ་སྙམ་པ་ལ། དེའི་ཕྱིར་ཆོས་ཐམས་ཅད་སྐྱེ་བ་མེད་པའི་བར་དུ་རྟོགས་པར་འདོད་པའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བར་དུ་ཞེས་བྱ་བའི་ཚིག་གིས་ཐོག་མ་ནས་ཞི་བ་ཉིད་
ལ་སོགས་པ་གཟུང་ངོ་། །ཆོས་ཐམས་ཅད་སྐྱེ་བ་མེད་པ་ནི་མཉམ་པ་ཉིད་དོ། །མོས་པ་ནི་སྔར་བསྟན་ཟིན་ཏོ། །དེ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པ་ལ་འདོད་པ་ཡིན་པས་ཟློས་པ་མ་ཡིན་ནོ། །འདི་ཉིད་ལ་མི་དམིགས་པའི་ཚུལ་གྱིས་བསླབ་པར་བྱའོ་ཞེས་བྱ་བ་ལ་འདི་ཉིད་ལ་བསླབ་པར་བྱ་བ་
ནི་ཉན་པ་དང་ཀློག་པ་ལ་སོགས་པའི་རིམ་གྱིས་སོ། །འདོད་པ་འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པ་ཁོ་ནས་འཕེལ་བར་འགྱུར་གྱི། གཞན་དག་ལ་ནི་སྐྱེ་བ་མེད་པ་ལ་སོགས་པ་གང་ཡང་བཤད་པ་ཡོད་པ་མ་ཡིན་ནོ། །གལ་ཏེ་དེ་ལྟར་བསླབ་པར་བྱའོ་ཞེས་བརྗོད་པ་དང་། བྱེད་པ་
པོ་གང་དག་ལས་གང་ལ་སློབ་པ་དེ་དག་དམིགས་ཤིང་ཡོད་པར་བསྟན་པར་འགྱུར་རོ་ཞེ་ན། དེའི་ཕྱིར་མི་དམིགས་པའི་ཚུལ་གྱིས་ཞེས་གསུངས་ཏེ། བྱེད་པ་པོ་དང་། ལས་དང་བྱ་བ་བྱེད་པ་ལ་མངོན་པར་མ་ཞེན་པར་བསླབ་པར་བྱའོ་ཞེས་སྦྱར་རོ། །འདིས་ནི་སློབ་པ་འཁོར་གསུམ་ཡོངས་སུ་དག་

པར་བསྟན་ཏེ། འདི་ཡང་སེང་གེ་ལྟ་བུའི་ཚུལ་གྱིས་སྐབས་མཉན་པར་བྱ་བ་ལ་སོགས་པའི་ཚིག་ལ་ཡང་སྦྱར་རོ། །དེས་ན་ཐམས་ཅད་དུ་འཁོར་གསུམ་ཡོངས་སུ་དག་པའི་ཉན་པ་ལ་སོགས་པ་བྱ་བར་མན་ངག་ཕོག་པ་ཡིན་ནོ། །དེ་ལྟར་རང་ལ་ཕན་པ་དང་ཕན་
པ་མ་ཡིན་པ་ཐོབ་པ་དང་ཡོངས་སུ་སྤང་བའི་རྒྱུ་ཉིད་བཅོམ་ལྡན་འདས་ཀྱིས་བསྟན་ཅིང་། བཅོམ་ལྡན་འདས་མ་ལས་ཡོན་ཏན་བསྒྲགས་སུ་ཟིན་ཀྱང་བློ་གྲོས་ཀྱི་གོ་ཆ་མི་བརྟན་ཞིང་ཡོན་ཏན་ལ་མངོན་པར་ཞེན་པའི་འདམ་དུ་བྱིང་བ་དེ་དག་དེ་ལས་དབྱུང་བའི་ཕྱིར། བཅོམ་ལྡན་འདས་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོན་ཏན་མ་མཆིས་པ་ནུས་པ་ཅི་ཡང་མ་མཆིས་པ་ཀུན་ནས་སློང་བར་མི་བགྱིད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡོན་ཏན་མ་མཆིས་པ་ནི་ཡོན་ཏན་གང་ལགས་ཞེས་འགའ་ཞིག་གིས་བར་དུ་ཆོད་དེ་འབྱུང་བ་དང་སྦྱར་རོ། །ཇི་ལྟར་ཡོན་ཏན་མེད་པ་ཡིན་ཞེ་ན། ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་གིས་ནུས་པ་ཅི་ཡང་མ་མཆིས་པའོ། །བྱེད་པ་ཅི་ཡང་མེད་པ་ཉིད་བསྒྲུབ་པའི་ཕྱིར། ཀུན་ནས་སློང་བར་མི་བགྱིད་པ་ཞེས་བྱ་བ་ནས། བསམ་དུ་མ་མཆིས་པ་མ་ལགས་པ། བགྱིད་པ་མ་ལགས་པ། རྣམ་པར་འཇིག་པར་བགྱིད་པ་མ་ལགས་པ། དངོས་
པོ་མ་མཆིས་པའི་བར་དུ་ལགས་ན། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་གང་ལགས་ཞེས་བྱ་བའི་བར་དུ་གསུངས་སོ། །དེ་ལ་སྦྱིན་པ་ཀུན་ནས་སློང་བར་མི་བགྱིད་པའོ། །སེར་སྣ་རྣམ་པར་འཇིག་པར་མི་བགྱིད་པའོ། །ཆོས་གང་ཡང་མི་ལེན་པ་ནི་ཚུལ་ཁྲིམས་ཀྱི་
མཚན་ཉིད་ཀྱི་ཆོས་གང་ཡང་སྐྱེད་པར་མི་བྱེད་པའི་ཐ་ཚིག་གོ། །མི་འདོར་བ་ནི་ཚུལ་ཁྲིམས་འཆལ་པ་འདོར་བར་མི་བྱེད་པའོ། །གཡོ་བ་མ་མཆིས་པ་ནི་བཟོད་པ་བསྒོམ་པའི་ཚེ་གཡོ་བ་མེད་པའི་ཕྱིར་རོ། །བྱེད་པ་མ་མཆིས་པ་ནི་ཁྲོ་བ་བསལ་བའི་ཆེད་དུ་སྤྱོད་པ་མེད་པའི་ཕྱིར་རོ། །
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བརྩོན་འགྲུས་ཀྱི་ངོ་བོ་ཉིད་ཤེས་པ་མ་ལགས་པའོ། །ངོ་བོ་ཉིད་མཐོང་བ་མ་ལགས་པ་ནི་ལེ་ལོའི་ཆོས་གང་ཡང་སྦྱིན་པར་མི་བགྱིད་པ་ནི་བསམ་གཏན་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་མཚན་ཉིད་དོ། །ཆོས་ཐམས་ཅད་དང་འགལ་བར་མི་བྱེད་

པ་ནི་མི་མཐུན་པའི་ཕྱོགས་སུ་གྱུར་པ་རྣམ་པར་གཡེང་བ་ལ་སོགས་པ་ཐམས་ཅད་སེལ་བར་མི་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །ཐམས་ཅད་ཀྱི་སྒྲ་ནི་བརྗོད་པར་འདོད་པ་བསྡུས་པའི་ཚིག་ཡིན་ནོ། །ཆོས་ཐམས་ཅད་སྐྱེད་པར་མི་བགྱིད་པ་ཞེས་ཡི་གེ་ཁ་ཅིག་ལས་འབྱུང་བ་དེའི་དོན་ནི་རྣམ་
པར་གཡེང་བ་ལ་སོགས་པའི་ཆོས་ཐམས་ཅད་ཆུང་པར་བྱེད་ཅེས་བྱ་བ་དང་། ཤིན་ཏུ་ཆེས་ཆུང་བར་བསྒྲུབས་པས་རྣམ་པར་གནོན་པ་དང་། རྩ་བ་ནས་འབྱིན་པ་དེ་དག་སྐྱེད་པར་མི་བྱེད་པ་ནི་བྱེད་པ་མེད་ཅེས་བྱ་བའི་ཐ་ཚིག་གོ། །ཆོས་ཐམས་ཅད་ཐ་དད་པ་ཉིད་དུ་མི་བགྱིད་པ་ཞེས་བྱ་བ་ནི་
མི་མཐུན་པ་ཐ་དད་པས་བྱེད་ཅིང་བྱ་བའམ། ཐ་དད་པ་ཉིད་དུ་བྱེད་པ་ནི་ཐ་དད་པར་བྱེད་པའོ། །དེ་གང་ལ་སྤྱོད་པ་མ་ཡིན་པ་དེ་ནི་ཐ་དད་པ་ཉིད་དུ་བྱེད་པ་མེད་པའོ། །ཆོས་ཐམས་ཅད་ལ་ཐོས་པ་ལ་སོགས་པ་ཐ་དད་པར་བགྱིད་པ་མ་ལགས་པ་ནི་ཐོས་པ་ལས་བྱུང་བ་ལ་སོགས་པའི་ཤེས་
རབ་རྣམས་རྣམ་པར་དབྱེ་བར་མི་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །མ་བགྱིས་པ་ནི་མི་མཐུན་པའི་ཕྱོགས་སྤོང་བའི་ཡུལ་ལ་བྱེད་པ་མེད་པ་ཡིན་ནོ། །བཟོད་མི་བགྱིད་པ་ཞེས་གལ་ཏེ་འབྱུང་ན་ནི་དེའི་ཚེ་དོན་གསལ་བ་ཡིན་ཏེ། མི་བཟོད་པ་ནི་ཐབས་སུ་