Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 95
Văn bản gốc(Tây Tạng)
Trang 11 / 21 (50.000 ký tự/trang)
མི་རུང་བ་བསྲུང་བ་ཡིན་ནོ། །གང་ལས་ མི་བས་པ་ཞེས་འབྱུང་བ་དེར་བས་པ་ནི་བྱེད་པ་ལ་དགོངས་པ་སྟེ། སྒྲ་རྣམས་ནི་བརྗོད་པར་འདོད་པ་ཙམ་གྱི་རྗེས་སུ་འབྲང་བ་ཡིན་གྱི་དོན་སོ་སོར་ངེས་པ་མེད་པའི་ཕྱིར་ཏེ། གང་ཞིག་ལ་ཐབས་ལ་བས་པར་བྱེད་པར་བྱ་བ་ཡོད་པ་མ་ཡིན་པ་གང་ཡིན་པ་དེ་ནི་མི་བས་པའོ། །རྣམ་པར་འཇིག་པར་མི་ བགྱིད་པ་ནི་དེའི་མི་མཐུན་པའི་ཕྱོགས་ལགས་པའོ། །སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའི་དབང་དུ་བྱས་ནས་སོ་སོའི་སྐྱེ་བོའི་ཆོས་རྣམས་དང་། དགྲ་བཅོམ་པའི་ཆོས་རྣམས་དང་། ཡི་གེ་ཁ་ཅིག་ལས་བྱང་ཆུབ་སེམས་དཔའི་ཆོས་རྣམས་དང་ཞེས་འབྱུང་བ་དང་། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་སྦྱིན་ བར་བགྱིད་པ་མ་ལགས་པ་ཞེས་གསུངས་སོ། །དེ་ལ་སོ་སོའི་སྐྱེ་བོའི་ཆོས་རྣམས་ཇི་ལྟར་སྦྱིན་པར་མི་བྱེད་ཅེ་ན། འདི་ལྟར་འཁོར་བ་སྒྲུབ་པར་མི་བགྱིད་པ་ཞེས་གསུངས་ཏེ། དེ་ལྟར་གྱུར་ཅིག །ལྷ་གང་ཡང་རུང་བར་གྱུར་ཅིག་ཅེས་བྱ་བ་ལ་སོགས་པའི་སྨོན་ལམ་འདེབས་པར་མི་བྱེད་པའི་ཕྱིར་ རོ། །དགྲ་བཅོམ་པའི་ཆོས་རྣམས་ཇི་ལྟར་སྦྱིན་པར་མི་བྱེད་ཅེ་ན། མྱ་ངན་ལས་འདས་པ་ལེན་པར་མི་བགྱིད་པ་ཞེས་གསུངས་ཏེ། ལྷག་མ་མེད་པའམ། ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ལེན་པར་མི་བྱེད་པ་སྟེ། འདིའི་དོན་ནི་དེ་ལ་སྒྲུབ་པར་མི་ བྱེད་པ་ཡིན་ཏེ། དེ་ལ་སྨོས་པར་མི་བྱེད་པའི་ཕྱིར་རོ། །ཇི་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཆོས་རྣམས་སྦྱིན་པར་མི་བྱེད་ཅེ་ན། གང་ཞིག་སངས་རྒྱས་ཀྱི་ཆོས་རྣམས་སྦྱིན་པར་བགྱིད་པ་མ་ལགས་པ་ཞེས་གསུངས་ཏེ་མི་སྦྱོར་ཞིང་དེའི་དོན་སྨོན་ལམ་མི་འདེབས་པའི་ཕྱིར་རོ། ། སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཡིན་ནོ། །སྨོན་ལམ་མི་འདེབས་པས་རྣམ་པར་འཇིག་པར་བགྱིད་པ་མ་ལགས་པའོ། །བསམ་པར་བགྱིད་པ་མ་ལགས་པ་ནི་བསམ་པའི་སྟོབས་མངོན་པར་སྒྲུབ་པ་མ་ཡིན་པའོ། །བསམ་དུ་མ་མཆིས་པ་མ་ལགས་པ་དེ་ནི་ དེའི་མི་མཐུན་པའི་ཕྱོགས་བསལ་བའི་ཕྱིར་ཤིན་ཏུ་བྱེད་པ་མེད་པ་མ་ཡིན་པའོ། །བགྱིད་པ་མ་ལགས་པ་ནི་ཡེ་ཤེས་ལའོ། །མི་མཐུན་པའི་ཕྱོགས་དང་ལྡན་པ་ལས་འཇིག་པར་བགྱིད་པ་མ་ལགས་པའོ། །དེ་དག་ཐམས་ཅད་མི་དམིགས་པའི་ངོ་བོ་ལ་དེ་ནུས་པ་ཡོད་པ་མ་ཡིན་པའོ། ། འཇིག་པར་བགྱིད་པ་མ་ལགས་པ་ནས་དངོས་པོ་མ་མཆིས་པའི་བར་དུ་མ་ལགས་པའི་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་གང་ལགས་ཞེས་གསུངས་པ་ལ། བར་དུ་ཞེས་སྨོས་པས་ཐོག་མ་ནས་ཞི་བ་དང་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལ་སོགས་ པའི་རྣམ་པ་རྣམས་གཟུང་ངོ་། །གླེགས་བམ་ཁ་ཅིག་ལས་འཇིག་པར་བགྱིད་པ་མ་ལགས་པ་ཞེས་བྱ་བ་དེའི་མཇུག་ཐོགས་སུ་ཚིག་གཞན་དག་ཀྱང་འབྱུང་བ་ནི་ཆོས་ཐམས་ཅད་སྐྱེད་པ་མ་ལགས་པ། འགོག་པ་མ་ལགས་པ། ཆད་པར་བགྱིད་པ་མ་ལགས་པ། རྟག་པར་བགྱིད་པ་མ་ ལགས་པ། འོང་བར་བགྱིད་པ་མ་ལགས་པ། འགྲོ་བར་བགྱིད་པ་མ་ལགས་པ། རྣམ་པར་འབྱེད་པར་བགྱིད་པ་མ་ལགས་པ། མི་འབྱེད་པར་བགྱིད་པ་མ་ལགས་པ། གཉིས་སུ་བགྱིད་པ་མ་ལགས་པ། མི་གཉིས་པར་བགྱིད་པ་ལགས་པ་ཞེས་འབྱུང་བ་དེ་དག་གི་དོན་ནི་སྔར་ཕ་ རོལ་ཏུ་ཕྱིན་པའི་རྣམ་པའི་སྐབས་སུ་བསྟན་ཟིན་མོད་ཀྱི། དེ་ནི་ཕྱིར་བསྟན་པ་ཡིན་ནོ། །ཡང་དག་པར་སྤོང་བ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་ལ་སོགས་པའི་ཆོས་ཐམས་ཅད་སྐྱེད་པ་མ་ལགས་པ། འགོག་པ་མ་ལགས་པ། ཆད་པར་བགྱིད་པ་མ་ལགས་ པ་ནི་མི་མཐུན་པའི་ཕྱོགས་རྣམས་ལ་ཡིན་ཏེ། འགོག་པ་ནི་རྣམ་པར་གནོན་པའོ། །ཆད་པ་ནི་དེ་རྩ་བ་ནས་དྲུངས་འབྱིན་པའོ། །འདིར་དགོངས་པ་ནི་སྔ་མ་བཞིན་ནོ། །རྟག་པར་བགྱིད་པ་མ་ལགས་པ་ནི་ཡང་དག་པར་སྤོང་བ་ལ་སོགས་པའི་ཡོན་ཏན་རྣམས་ཉིད་ལ་ཡིན་ཏེ། དེ་དག་ ཀྱང་རང་གི་ངང་གིས་འགྲོ་བ་ཇི་སྲིད་གནས་པར་གནས་པའི་ཕྱིར་རོ། །རྟག་པར་དུས་ཐམས་ཅད་དུ་འདུག་པའི་ངོ་བོ་ལ་བྱེད་པ་མེད་དོ་ཞེས་སྦྱར་རོ། །འོང་བར་བགྱིད་པ་མ་ལགས་པ་ནི་མ་འོངས་པའི་དུས་ན་བྱུང་སྟེ། ད་ལྟར་བྱུང་བའི་དུས་སུ་འོང་བ་མ་ཡིན་པ་སྟེ་འཕོ་བར་སྨྲ་བ་དག་ཇི་སྐད་ བརྗོད་པ་ལྟ་བུའོ། །འགྲོ་བར་བགྱིད་པ་མ་ལགས་པ་ནི་ད་ལྟར་ལས་བྱུང་བ་སྟེ་འདས་པར་འཇུག་པ་མ་ཡིན་པའོ། །དེ་དག་གིས་ནི་འདིའི་རང་གི་ངོ་བོ་སྔོན་དང་། ཕྱི་མའི་མཐའ་སྟོང་པ་ཡིན་པ་དང་། འབྲས་བུའི་དུས་མི་གནས་པ་ཡིན་ན་དེ་ཇི་ལྟར་ཅི་ཞིག་བྱེད་པར་འགྱུར་ཞེས་བྱ་བ་ཡིན་ ནོ། །དེ་བས་ན་བར་མེད་པ་ཙམ་ལ་བྱེད་དོ་ཞེས་བྱ་བ་འདི་ནི་བརྟགས་པ་ཁོ་ན་ཡིན་པར་རྣམ་པར་འཇོག་ཅིང་སྟོང་པ་དང་། བྱེད་པ་མེད་པ་ཉིད་སྒྲུབ་པར་བྱེད་པ་ནི་རྣམ་པར་འབྱེད་པར་བགྱིད་པ་མ་ལགས་པ། མི་འབྱེད་པར་བགྱིད་པ་མ་ལགས་པ་ཞེས་པ་ཡིན་ཏེ། ཆོས་ཐམས་ཅད་རང་ བཞིན་གྱིས་རྣམ་པར་དག་པ་ཡིན་པའི་ཕྱིར་རོ། །གཉིས་སུ་བགྱིད་པ་མ་ལགས་པ་མི་གཉིས་པར་བགྱིད་པ་མ་ལགས་པ་ནི་གཉིས་ལས་དབེན་པའི་དུས་ཐམས་ཅད་དུ་གནས་པའི་ཕྱིར་དེ་དག་གིས་ཡོན་ཏན་ལ་སྒྲོ་འདོགས་པའི་མཐའ་བསལ་བ་ཡིན་ནོ། །ཡོན་ཏན་དེ་དག་ལ་སྐུར་བ་འདེབས་ པའི་མཐའི་འདམ་དུ་གཞན་དག་འབྱིང་བ་དེ་བས་ན་དེ་ཡང་རྩ་བ་ནས་འདོན་པའི་ཕྱིར་རོ། །འདི་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་ཡོན་ཏན་དུ་རིག་པར་བྱའོ་ཞེས་གསུངས་སོ། །གང་ཞེ་ན་འཇམ་དཔལ་གཡོ་བ་མེད་པ་ནས་དངོས་པོ་མེད་པའི་བར་ཞེས་བྱ་བ་གསུངས་སོ། །འདི་སྐད་བསྟན་ཏེ། གང་གིས་དེ་དག་ནི་བརྟགས་པའི་དངོས་པོ་ཐམས་ཅད་མེད་པའི་ངོ་བོ་ཡིན་པ་དང་། ཡོན་ཏན་དང་སྐྱོན་ཐམས་ཅད་བསྐྱེད་པ་དང་སྤང་བ་ལ་གཡོ་བ་མེད་པ་དེ་དག་ཉིད་རང་གི་ངང་གིས་ཡོན་ཏན་ཐམས་ཅད་རྒྱས་པ་ཡིན་པའི་ཕྱིར་དང་། སྐྱོན་གྱི་དྲ་བ་མཐའ་དག་ཤིན་ཏུ་ རིང་བར་གྱུར་པའི་ཕྱིར་ཡོན་ཏན་དང་ལྡན་པ་ཞེས་བྱའོ། །དེ་བས་ན་དེ་ལྟ་བུར་གནས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པ་ནི་སངས་རྒྱས་ཉིད་ཀྱི་མངོན་སུམ་གྱི་རྒྱུ་ཡིན་ནོ། །འོ་ན་གང་དག་བྱང་ཆུབ་དོན་དུ་མི་གཉེར་ཞིང་འདོད་ཆེན་པོ་མ་ཡིན་པའི་བྱང་ཆུབ་སེམས་དཔའ་དག་ཏིང་ངེ་འཛིན་ ཉི་ཚེ་གང་ལ་གནས་ནས་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང་། སངས་རྒྱས་ཀྱི་ཞིང་དང་བཅས་ཏེ་བལྟ་བ་དང་། དེ་དག་གི་མཚན་བརྗོད་པ་ཡང་ཤེས་པ་དང་། མཆོད་པ་བླ་ན་མེད་པ་ཡང་བྱེད་པ་དང་། དེ་དག་གིས་ཆོས་བསྟན་པ་ཡང་ཁོང་དུ་ཆུད་པ་དང་། མཆོག་དེ་དག་ཙམ་ དོན་དུ་གཉེར་བ་དེ་དག་གིས་འདི་ལ་བསླབ་པར་བྱའོ་ཞེ་ན། དེའི་ཕྱིར་འཇམ་དཔལ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ལ་སློབ་པར་འདོད་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། །།འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ བདུན་བརྒྱ་པ་རྒྱ་ཆེར་བཤད་པ་བམ་པོ་དྲུག་པའོ། །བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ལ་སློབ་པར་འདོད་པ་ཞེས་བྱ་བ་ནི་དེའི་ཐབས་ཡོངས་སུ་ཤེས་པ་ཚོལ་བ་དང་། དེའི་ཐབས་ཡོངས་སུ་ཤེས་པ་བསྒྲུབ་པས་སོ། །འདི་ལ་མངོན་པར་བརྩོན་པ་མེད་པར་འགྲུབ་པ་མ་ཡིན་ནོ་ཞེས་བྱ་བ་ནི་ བསྡུས་པའི་དོན་ཡིན་ནོ། །མི་བསླབ་པའི་ཚུལ་དུ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་འཁོར་གསུམ་ཡོངས་སུ་དག་པས་སོ། །དེ་བས་ན་མི་དམིགས་པར་སྦྱོར་བ་ཁོ་ན་འདིར་ཐབས་ཡིན་ཏེ། རང་ཡང་མི་དམིགས་པའི་ངོ་བོ་ཡིན་པའི་ཕྱིར་རོ། །འོ་ན་གལ་ཏེ་རང་ཡང་མི་དམིགས་པའི་ངོ་བོ་ཡིན་ན་དེ་ ཅིའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ། འདི་ལྟར་དྲིས་པའི་ཡུལ་ནི་ཕ་རོལ་ཏུ་ཕྱིན་པ་ཡིན་པར་འདིས་མཐོང་ཞིང་དམིགས་པ་ལ་དེ་སྐད་ཅེས་བྱའོ། །དེའི་ཕྱིར་བཅོམ་ལྡན་འདས་ཅིའི་སླད་དུ་འདི་ལ་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །ལན་ནི་འཇམ་དཔལ་མ་སྐྱེས་མ་ འགགས་པའི་ཕྱིར་ཞེས་བྱ་བ་ཡིན་ནོ། །འདི་ཉིད་རྣམ་པར་འབྱེད་པ་ནི་འདི་ལྟ་སྟེ། གཟོད་མ་ནས་ཞི་བ་ཉིད་ཀྱི་ཕྱིར་དང་ཞེས་བྱ་བ་ཡིན་ཏེ། གནས་པ་དང་འཇིག་པ་དེ་གཉིས་ཞི་ཞིང་བྲལ་བ་གང་གི་ཡིན་པ་དེ་ནི་གཟོད་མ་ནས་ཞི་བའོ། །དེའི་དངོས་པོ་ནི་དེ་ཉིད་དོ། །དེ་བས་ན་གཟོད་ མ་ནས་ཞི་བ་ཉིད་ཀྱི་ཕྱིར་འཇམ་དཔལ་མ་སྐྱེས་པའོ། །མི་འབྱུང་བ་མེད་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་རྒྱུན་གྱིས་སྐྱེ་ཞིང་འབྱུང་བ་དང་བྲལ་བས་མི་འབྱུང་བ་སྟེ་རྒྱུན་ཆད་པའོ། །དེ་གང་ལ་ཡོད་པ་མ་ཡིན་པ་དེ་ནི་མི་འབྱུང་བ་མེད་པའོ། །དེའི་དངོས་པོ་ནི་མི་འབྱུང་བ་མེད་པ་ཉིད་དེ་ འཁོར་བ་ཇི་སྲིད་དུ་རྩོལ་བ་མེད་པར་འཇིག་རྟེན་ལ་ཕན་པར་བྱ་བའི་ཕྱིར་བཞུགས་ཞེས་བྱ་བའི་ཐ་ཚིག་གོ། །དེ་བས་ན་མི་འབྱུང་བ་མེད་པ་ཉིད་ཀྱི་ཕྱིར་མ་འགགས་པ་ཡིན་ནོ། །གཟོད་མ་ནས་ཞི་བ་དང་མི་འབྱུང་བ་མེད་པ་གཉིས་གོ་རིམས་བསྣོར་ནས་རྣམ་པར་འབྱེད་པ་ནི་བྱ་བ་མེད་པ་ཉིད་ཀྱི་ ཕྱིར་དང་། དངོས་པོ་མེད་པ་ཉིད་ཀྱི་བར་གྱི་ཕྱིར་ཏེ་ཞེས་བྱ་བ་ཡིན་ནོ། །འདི་ལ་བདག་གི་ཆེད་དང་གཞན་གྱི་ཆེད་དུ་རྩོལ་བ་བྱ་བ་མེད་པས་བྱ་བ་མེད་པའོ། །དེའི་དངོས་པོ་ནི་ཉིད་དོ། །དེ་བས་ན་མི་འབྱུང་བ་མེད་པ་ཡིན་ནོ། །འདི་ལ་ཀུན་ནས་བརྟགས་པའི་དངོས་པོ་ཐམས་ཅད་ཡོད་པ་མ་ཡིན་པས་ དངོས་པོ་མེད་པའོ། །དེའི་དངོས་པོ་ནི་ཉིད་དོ། །དེ་བས་ན་གཟོད་མ་ནས་ཞི་བ་ཡིན་ནོ། །དེ་ལྟར་ན་གང་དངོས་པོ་མེད་པ་ཞེས་བྱ་བ་དེ་ནི་ཀུན་བརྟགས་པའི་དངོས་པོ་ཐམས་ཅད་ཀྱིས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བྱ་བ་འདི་ནི་མཚོན་པ་ཙམ་དུ་ཟད་ ཀྱི། མི་འབྱུང་བ་མེད་པ་གང་ཡིན་པ་ལ་ཡང་བལྟ་བར་བྱའོ། །མཇུག་སྡུད་པ་ནི་དེ་བས་ན་འཇམ་དཔལ་གཏན་ཚིགས་དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བཤད་དོ་ཞེས་བྱ་བ་ཁོང་ནས་དབྱུང་ངོ་། །འདི་སྐད་བསྟན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ནི་སྒྲོ་འདོགས་པ་ ཐམས་ཅད་དང་བྲལ་བ་ཡིད་བཞིན་གྱི་ནོར་བུ་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པའོ། །ཕ་རོལ་དེ་དང་འདྲ་བར་ཕྱིན་པ་དང་། སོན་པ་དང་ཐོབ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཡུལ་ལ་མི་འཛིན་པའི་ཕྱིར་དེ་སྐད་དུ་བསྟན་པ་སུས་རྟོགས་ཤེ་ན། དེའི་ཕྱིར་གཙོ་བོར་ན། དེ་ནི་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྤྱོད་ཡུལ་ཏེ་ཞེས་གསུངས་ཏེ། སོ་སོ་བདག་ཉིད་ཀྱིས་རིག་པའི་ཡུལ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་དེ་ཡུལ་ཡིན་པར་བལྟ་བར་བྱ་བའམ་ཞེ་ན་མ་ཡིན་ན་ཞེས་བྱ་བའི་ཕྱིར། གང་ཆོས་ཐམས་ཅད་སྤྱོད་ཡུལ་ མ་ཡིན་པ་ཞེས་གསུངས་ཏེ། ཡུལ་ཐམས་ཅད་སྤྱོད་ཡུལ་དུ་གྱུར་པ་མ་ཡིན་ནོ་ཞེས་བྱ་བའི་བར་དུ་ཡིན་ཏེ། རང་རིག་པ་ཡང་བརྟགས་པ་ཡིན་ནོ་ཞེས་དགོངས་པའོ། །དེ་བས་ན་དོན་འདི་ལ་སྤྱོད་ཅིང་རང་གིས་ཉམས་སུ་མྱོང་ན་དོན་དེ་ལྟ་བུ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་སྤྱོད་ཡུལ་ ལ་ཞུགས་པ་ཡིན་ནོ་ཞེས་སྟོན་པ་ནི་སྤྱོད་ཡུལ་འདི་ལ་སྤྱོད་ན་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གསུངས་པའི་དོན་མཇུག་སྡུད་པ་ནི། འདི་ལྟ་སྟེ། སྤྱོད་ཡུལ་མ་ཡིན་པ་ཐེག་པ་ཐམས་ཅད་པ་འདི་ཉིད་སྤྱོད་ཡུལ་ཡིན་ནོ་ཞེས་བྱ་བ་ཡིན་ཏེ་འདི་ལྟ་སྟེ། སྤྱོད་ ཡུལ་མ་ཡིན་པ་ཞེས་བྱ་བ་དེ་ཡང་དག་པ་ཐམས་ཅད་པ་འདི་ཡིན་ཏེ། ཐེག་པ་ཐམས་ཅད་ལ་བྱུང་བའམ་དེ་དགོངས་པའོ། །འདི་ལྟར་འདིར་བདག་མེད་པ་གཉི་ག་ཡང་བསྟན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་སྤྱོད་ཡུལ་ཡིན་ན་ཇི་ལྟར་སྤྱོད་ཡུལ་མ་ཡིན་པ་ཉིད་ཡིན་ཏེ། གཅིག་ ལ་འགལ་ལ་ཞེས་བྱ་བའི་ཐ་ཚིག་གོ། །སོ་སོ་ལ་ལྟོག་ནས་ཐ་དད་པའི་ཕྱིར་འགལ་བ་མེད་དོ་ཞེས་བྱ་བའི་ཕྱིར། སྤྱོད་ཡུལ་འདི་ནི་མ་བྱས་པ་སྟེ་ཞེས་གསུངས་ཏེ། བྱས་པ་དང་། བཅོས་པ་དང་། བརྟགས་པ་ཞེས་བྱ་བའི་བར་དུ་ཡིན་ལ། བྱས་པ་མེད་པ་ནི་མ་བྱས་པ་སྟེ། ཇི་ལྟར་ བྱ་བཞིན་དུ་གནས་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་སྤྱོད་ཡུལ་མ་ཡིན་པ་ཞེས་བྱའོ། །ཞར་ལ་འཕྲོས་པ་རྫོགས་སོ།། །།འདི་བརྗོད་པར་བྱ་སྟེ། ཐབས་གང་གིས་སངས་རྒྱས་དང་བྱང་ཆུབ་བསམ་གྱིས་མི་ཁྱབ་པ་འདི་རིང་པོ་མི་ཐོགས་པར་ཐོབ་པར་འགྱུར་ཞེས་བྱ་ བ་དེའི་ཕྱིར། བཅོམ་ལྡན་འདས་གང་ལ་སྤྱོད་ན་ཞེས་བྱ་བ་ལ་སོགས་པ་དྲིས་སོ། །མཆོད་རྟེན་ལ་ཕྱག་འཚལ་བ་ལ་སོགས་པས་ཀྱང་བྱང་ཆུབ་ཐོབ་པར་འགྱུར་མོད་ཀྱི། དེ་ནི་ཡུན་རིང་པོས་སོ་ཞེས་བྱ་བའི་ཕྱིར། མྱུར་དུ་ཞེས་གསུངས་སོ། །འཇམ་དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་སྤྱད་ན་ཞེས་བྱ་བ་ལ་སོགས་པ་ནི་ལན་ལྡོན་པ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པ་ནི་རེ་ཞིག་གཙོ་བོར་གྱུར་པ་ཐབས་གཅིག་པོ་ཡིན་ཏེ། ཇི་སྐད་དུ་སྔར་བསྟན་པའི་དོན་ཡིན་ནོ། །དེའི་སྔོན་དུ་སོང་བའི་ཐབས་གཞན་ཡང་ཡོད་པ་དེ་བསྟན་པའི་ཕྱིར། འཇམ་ དཔལ་བཀོད་པ་གཅིག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཐབས་གང་གིས་འདི་འཐོབ་པར་འགྱུར། རྒྱུ་མཚན་ཉིད་གང་གིས་འདིའི་མིང་དེ་སྐད་ཅེས་བྱ་བའི་བསམ་པ་སྟོན་པ་ནི། བཅོམ་ལྡན་འདས་བཀོད་པ་གཅིག་པའི་ཏིང་ངེ་འཛིན་ལ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་འཇུག་པར་བགྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུ་ཐ་དད་པ་ལས་འབྲས་བུ་ཐ་དད་པའི་ཏིང་ངེ་འཛིན་ཕྱེ་བ་ཡིན་གྱི། བདག་ཉིད་ཐ་དད་པའི་ཕྱིར་ནི་མ་ཡིན་པས་གཉི་ག་དྲིས་ཏེ། འདི་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ ཐམས་ཅད་ཀྱི་ཏིང་ངེ་འཛིན་ནི་དེ་བཞིན་ཉིད་ལ་དམིགས་པ་ཡིན་ནོ། །དེ་ལ་བརྗོད་པར་བྱ་བ་ཉུང་བའི་ཕྱིར་དྲིས་པ་ཕྱི་མ་ཡིན་དུ་ཟིན་ཀྱང་། རེ་ཞིག་དོན་སྟོན་པར་བྱེད་པ་ནི་འཇམ་དཔལ་བཀོད་པ་གཅིག་པ་ཞེས་བྱ་བ་འདི་ནི་སྐྱེ་བ་མེད་པའི་ཚིག་བླ་དགས་ས་ཞེས་བྱ་བ་ཡིན་ཏེ་སྐྱེ་བ་མེད་པ་ནི་བརྟགས་ པའི་ཆོས་ཀྱིས་སྟོང་པ་ཡིན་པར་ནི་ལན་དུ་མ་བསྟན་ཏོ། །དེ་ཡང་གཅིག་པ་ཡིན་ཏེ། དངོས་པོ་ཐམས་ཅད་ལ་ཁྱད་པར་མེད་པའི་ཕྱིར་རོ། །དེ་ལྷག་པར་འདིས་འགོད་པར་བྱེད་རྟོགས་པར་བྱེད། འཛིན་པར་བྱེད་པས་བཀོད་པ་གཅིག་པ་ཞེས་བྱའོ། །ཡང་ན་གཅིག་ལ་ལྷག་པར་འཛིན་ཅིང་ བཀོད་པ་ནི་བཀོད་པ་གཅིག་པ་ཡིན་ནོ། །སྐྱེ་བ་མེད་པ་སྤྱོད་ཡུལ་གྱི་ཚིག་བླ་དགས་ཡིན་ནོ་ཞེས་བརྗོད་པར་བྱ་བ་ཡིན་པ་ལས། སྐྱེ་བ་མེད་པའི་ཚིག་བླ་དགས་སོ་ཞེས་གསུངས་པ་ནི་སྐྱེ་བ་མེད་པའི་ལས་མ་གཏོགས་པར་དེའི་སྤྱོད་ཡུལ་གང་ཡིན་པ་དེ་མེད་དོ་ཞེས་བསྟན་པའི་ཕྱིར་རོ། །གཞན་ དག་ནི་འདི་སྐད་དུ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་བཀོད་པ་གཅིག་པ་ཞེས་བྱ་བ་འདི་ནི་ཆོས་ཀྱི་དབྱིངས་ལ་བཀོད་པ་ཡིན་ནོ་ཞེས་འདོན་ཏོ། །འདི་སྐད་འཆད་དེ། མདོ་ལ་སོགས་པའི་ཆོས་རྣམས་དེ་བཞིན་གཤེགས་པའི་མཚན་ཉིད་ཀྱི་ཡི་གེ་གཅིག་ས་བོན་ མངོན་དུ་བྱས་པའི་སྒོ་ནས་རྣམ་པ་སྣ་ཚོགས་པར་མཐོང་བར་བྱེད། རྟོགས་པར་བྱེད། སྣང་བར་འགྱུར་བར་བྱེད་པའི་ཕྱིར་འདི་བཀོད་པ་གཅིག་པ་ཡིན་ནོ། །ཡང་ན་ཆོས་ཀྱི་དབྱིངས་སྟོང་པ་ཉིད་ལ་ཏིང་ངེ་འཛིན་གང་གིས་རྟོགས་པར་བྱེད། །མངོན་སུམ་ དུ་བྱེད་པ་ཡིན་ནོ། །དེ་ཡང་གཅིག་པ་ཡིན་ཏེ། སྟོང་པ་ཉིད་ལ་ཐ་དད་པ་མེད་པའི་ཕྱིར་རོ། །དེ་བས་ན་བཀོད་པ་གཅིག་པ་ཞེས་བྱ་བའི་གྲངས་སུ་འགྲོའོ། །ཡང་ན་དད་པ་ལ་སོགས་པའི་ཆོས་རྣམས་ཀྱི་དབྱིངས་ས་བོན་ཐོག་མ་མེད་པའི་དུས་ཅན་ཏིང་ངེ་འཛིན་འདི་ལ་བཀོད། འཕེལ་ རྒྱས་པར་གྱུར་པས་དེས་ན་འདི་ནི་ཆོས་ཀྱི་དབྱིངས་བཀོད་པ་གཅིག་པ་ཞེས་བྱ་བའི་གྲངས་སུ་འགྲོའོ། །མིང་གི་དོན་བཤད་ཟིན་ནས། དེ་སྐྱེད་པའི་ཐབས་སྟོན་པ་ནི་བཀོད་པ་གཅིག་པའི་ཏིང་ངེ་འཛིན་ལ་འཇུག་པར་འདོད་པའི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། སྒོམ་པར་བྱེད་པས་ཐོག་མ་ ཉིད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དྲི་བ་བྱ་དགོས་པ་ནི་བཀོད་པ་གཅིག་པའི་དོན་རྟོགས་པ་ནི་དེ་ཐོས་པ་ལ་རག་ལུས་པའི་ཕྱིར་རོ། །དེའི་འོག་ཏུ་བཀོད་པ་གཅིག་པའི་ཏིང་ངེ་འཛིན་ལ་འཇུག་པར་འགྱུར་རོ་ཞེས་བྱ་བ་ནི་བསམ་པ་དང་བསྒོམ་པའི་རིམ་གྱིས་སོ། །གཞན་དག་ནི་ འདི་སྐད་དུ་བཀོད་པ་གཅིག་པའི་ཏིང་ངེ་འཛིན་ལ་འཇུག་པར་འདོད་པས་ཐོག་མ་ཉིད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉན་པར་བྱ། མཉན་ནས་དོན་དང་ཚུལ་ཡོངས་སུ་དྲི་བར་བྱའོ་ཞེས་འདོན་ཏོ། །འདི་སྐད་སྒྲོགས་ཏེ། དོན་ནི་ཚིག་གི་དོན་ཏོ། །ཚུལ་ནི་བསྡུས་པའི་དོན་ཡིན་པས་དེ་ལྟར་ ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ལ་མཁས་པར་བྱས་ནས། བཀོད་པ་གཅིག་པའི་ཏིང་ངེ་འཛིན་ལ་འཇུག་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་གང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཡོད། བཀོད་པ་གཅིག་པའི་ཏིང་ངེ་འཛིན་གང་ན་ཡོད། འདི་གཉིས་ཡན་ལག་དང་ཡན་ ལག་ཅན་གྱི་དངོས་པོར་ནི་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ལན་ནི་འཇམ་དཔལ་སྐྱེ་བ་མེད་པ་ནི་མི་འཁྲུགས་པ་སྟེ་ཞེས་བྱ་བ་ཡིན་ཏེ། དེ་ལྟར་བྱས་ན་ཏིང་ངེ་འཛིན་དང་འགལ་བ་མེད་པར་གཟུང་བར་བྱ་བ་ཡིན་ནོ། །མི་འཁྲུགས་པ་ཞེས་བྱ་བ་འདིའི་དོན་ནི་དཀྲུག་ཏུ་མི་རུང་བ་དཀྲུག་ པར་བྱ་བ་མ་ཡིན་པ་ཞེས་བྱ་བ་ཡིན་ནོ། །དེ་ཅི་དེ་ལྟ་ན་ཡུལ་དང་ཡུལ་ཅན་གྱི་དངོས་པོར་གཟུང་བར་བྱ་འམ་ཞེ་ན་མ་ཡིན་ཏེ། འདི་ལྟར་དེ་ནི་བསམ་གྱིས་མི་ཁྱབ་པ་ཡིན་ཏེ། གཟུང་བར་བྱ་བ་མེད་ཅེས་བྱ་བའི་ཐ་ཚིག་གོ། །འདི་ཉིད་ཀྱི་དོན་ནི་བསམ་པར་མི་བྱ་བ། བསམ་གྱིས་མི་ ལང་བའོ་ཞེས་བྱ་བ་ཡིན་ཏེ། སོ་སོར་ནང་དུ་རིག་པས་གཟུང་བར་བྱ་བ་ཡིན་གྱི། ཡུལ་དང་ཡུལ་ཅན་ཉིད་དུ་ནི་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །འདི་ནི་སྐྱེ་བ་རྣམ་པར་འཇིག་པའི་ཆོས་ཀྱི་རྣམ་པ་ཅན་སྒོམ་པའི་ཏིང་ངེ་འཛིན་ཡིན་ནོ། །སྐྱེ་བ་མེད་པ་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་གསལ་བར་གྱུར་པ་ཡིན་ནོ། །དེ་བས་ན་དེ་དོན་དུ་གཉེར་བས་དེ་དྲི་བར་བྱ་དགོས་པས་འདི་ནི་ཡན་ལག་དང་ཡན་ལག་ཅན་གྱི་དངོས་པོ་ཡིན་ནོ། །ཅི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ལ་མཁས་པ་ཉི་ཚེ་བཀོད་པ་གཅིག་པའི་ཏིང་ངེ་འཛིན་གྱི་རྒྱུ་མཚན་ཡིན་ནམ་ཞེ་ན་མ་ཡིན་ནོ་ཞེས་ བྱ་བར་འཇམ་དཔལ་བཀོད་པ་གཅིག་པའི་ཏིང་ངེ་འཛིན་ལ་འཇུག་པར་འདོད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་དབེན་པའི་མལ་སྟན་རྣམས་བསྟན་པར་བྱ་ཞེས་གསུངས་སོ། །དབེན་པ་ཞེས་བྱ་བ་ནི་བཙུན་པ་ཡིན་ཏེ། སྒྱུ་དང་ཁ་གསག་ལ་སོགས་པ་ལོག་པས་འཚོ་བ་དང་བྲལ་ བའོ། །ལྟུང་བ་དང་བཅས་ཤིང་སེམས་ལ་ཡོ་བྱད་མ་བསྙུངས་པའི་འདམ་གྱིས་གཟེར་བ་ན་སེམས་གནས་པའི་མཉམ་པར་བཞག་པ་མི་སྲིད་པའི་ཕྱིར་རོ། །མལ་སྟན་རྣམས་ཞེས་བྱ་བ་ནི་གཙུག་ལག་ཁང་ལ་སོགས་པ་ལ་བྱའོ། །ཡང་ན་དབེན་པ་ནི་གཙང་བ་ལ་བྱ་སྟེ། མེ་ ཏོག་གཏོར་བ་ལ་སོགས་པས་མཛེས་པར་བྱའོ། །དེ་དག་ནི་སེམས་དང་བ་འཕེལ་བ་དང་། རྗེས་སུ་མཐུན་པའི་ཕྱིར་དང་། ལྷ་རྣམས་འདུ་བའི་རྒྱུ་ཡིན་པའི་ཕྱིར་རོ། །ལྷ་རྣམས་འདུས་ན་ནི་བསམ་གཏན་པའི་གཟི་བྱིན་འཕེལ་བར་བྱེད། སྲུང་བ་དང་། སྐྱོབ་པ་དང་། སྦེད་ པར་ཡང་བྱེད་དོ། །ཡང་ན་དབེན་བ་ནི་སྐྱེ་བོ་གནོད་པར་བྱེད་པ་དང་བྲལ་བ་དགོན་པ་ལ་བྱ་སྟེ། དེ་དག་ནི་སེམས་རྩེ་གཅིག་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ལ་གནས་ནས་ཀྱང་འདུ་འཛི་མེད་པ་ལ་དགའ་བར་བྱའོ། །འདུ་འཛི་ནི་གཉིས་ཏེ། ལུས་ཀྱི་འདུ་འཛི་དང་། ཡིད་ཀྱི་འདུ་ འཛིའོ། །དེ་ལ་ལུས་ཀྱི་འདུ་འཛི་ནི་ཁྱིམ་པ་དང་རབ་ཏུ་བྱུང་བ་དག་དང་སྟན་ཅིང་གནས་པའོ། །ཡིད་ཀྱི་འདུ་འཛི་ནི་གཅིག་པུ་གནས་པ་ན་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པ་ཀུན་དུ་འབྱུང་བའོ། །འདུ་འཛི་དེ་དག་ཡང་དག་པར་སྲུང་བར་ དགའ་བ་ཡིན་གྱི། འདུ་འཛི་མེད་པ་ལ་མི་དགའ་བ་ནི་མ་ཡིན་པ་དེ་ལྟར་བྱ་བ་ཡིན་ཏེ། འདུ་འཛི་ལ་དགའ་བས་ནི་ཡོན་ཏན་ཐམས་ཅད་འཇོམས་པར་བྱེད་དོ། །མཚན་མ་ཐམས་ཅད་ཡིད་ལ་མི་བྱ་བར་ཞེས་བྱ་བ་ནི་བདག་དང་བདག་གི་བ་དང་། གཟུང་བ་དང་འཛིན་པ་ལ་སོགས་ པར་སྤྲོས་པ་ལ་མངོན་པར་མ་ཞེན་པ་ནི་མྱུར་དུ་དམིགས་སུ་མེད་པའི་ཏིང་ངེ་འཛིན་མངོན་དུ་འགྱུར་བའི་ཕྱིར་རོ། །རྙེད་པ་དང་། བཀུར་སྟི་དང་། མཐོང་བ་དང་། མ་མཐོང་བ་དང་། བདེ་བར་གནས་པའི་མཚན་མ་ཡིད་ལ་བྱེད་པས་ཕྱིར་སྲེད་པ་དང་རྗེས་སུ་མཐུན་པ་ཉིད་ཀྱིས་ཐབས་ མ་ཡིན་པའི་ཕྱིར་རོ། །སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ནས་ཞེས་བྱ་བ་ནི་སེམས་རྩེ་གཅིག་པའི་ཆོས་ཉིད་ཀྱིས་དེ་དང་མཐུན་པར་སྐྱིལ་མོ་ཀྲུང་བཅས་པ་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་གཅིག་ལ་བྱའོ་ཞེས་བྱ་བ་ནི་དེའི་ནང་ནས་སྨོས་པས། བཅོམ་ལྡན་འདས་འོད་དཔག་མེད་ ལ་སོགས་པ་གང་ཡང་རུང་བ་སྟེ། དེ་ཡང་དེ་ལྟར་བཅོམ་ལྡན་འདས་དེ་ནི་ཞེས་སངས་རྒྱས་རྗེས་སུ་དྲན་པ་ལས་འབྱུང་བའི་རྣམ་པ་མཐའ་དག་གམ། མཐའ་དག་མ་ཡིན་པ་གང་ཡང་རུང་སྟེ། ཡིད་ལ་བྱ་བ་ཡིན་ནོ། །ཆོས་ཐམས་ཅད་ཀྱང་ཡིད་ལ་བྱའོ་ཞེས་བྱ་བ་ནི་ཡིད་ལ་བྱ་བ་ གཉི་ག་ཡང་ཤེས་རབ་རྒྱས་པའི་རྒྱུ་ཡིན་པའི་ཕྱིར་རོ། །མི་དམིགས་པའི་ཚུལ་གྱིས་ཞེས་བྱ་བའི་དོན་ནི་བཤད་ཟིན་ཏོ། །ཁ་ཅིག་ནི་སེམས་ཅན་ཐམས་ཅད་ཅེས་འདོན་གྱི། ཆོས་ཐམས་ཅད་ནི་མ་ཡིན་ནོ། །དེ་ལྟར་ན་སྨྲས་པ་མགོན་མེད་པ་སྡུག་བསྔལ་བ་དེ་དག་ནམ་ཞིག་ ན་བདག་དེ་དག་གི་མགོན་དུ་འགྱུར་ཞེས་བྱ་བ་ལ་སོགས་པའི་རྣམ་པ་ཡིད་ལ་བྱའོ། །དེ་ལ་དེ་བཞིན་གཤེགས་པ་ཡིད་ལ་བྱ་བ་ནི་ཤེས་རབ་འཕེལ་བར་བྱ་བའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ཡིད་ལ་བྱ་བ་ནི་སྙིང་རྗེ་འཕེལ་བར་བྱ་བའི་ཕྱིར་རོ། །དེའི་མིང་ཡང་གཟུང་བར་ བྱའོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །པད་མའི་སྤྱན་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དེའི་མིང་གཟུང་བ་ཐོབ་ན་དེའི་ཡོན་ཏན་དྲན་པ་རྒྱས་པའི་རྒྱུ་ཡིན་པའི་ཕྱིར་དང་། སྤོབས་པ་ཆེན་པོ་ལ་སོགས་པ་སོ་སོ་ཡང་དག་པར་ རིག་པའི་རྒྱུ་ཡིན་པའི་ཕྱིར་རོ། །མིང་དེ་ཡང་རང་གིས་བརྗོད་པ་ཐོས་ཏེ་དོན་གྱིས་རང་གི་ངོ་བོ་དམིགས་ནས་དེ་བཞིན་གཤེགས་པ་ཕྱོགས་ག་ལ་བཞུགས་པའི་ཕྱོགས་ཉི་མ་འཆར་བའམ། གཞན་ཡང་རུང་བ་དེ་བཞིན་གཤེགས་པ་དེ་བཞུགས་པ་དེར་དགའ་བ་དང་གུས་པ་བསྐྱེད་ནས་ ཕྱོགས་དེར་མངོན་དུ་བལྟས་ཏེ་འདུག་པར་བྱའོ། །དེ་བཞིན་གཤེགས་པ་དེ་ཉིད་ཀྱང་ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱུ་ལས་བྱས་པའི་སེང་གེའི་ཁྲི་ལ་བཞུགས་པ་བྱང་ཆུབ་སེམས་དཔའ་དུ་མས་ཡོངས་སུ་བསྐོར་བ། ཡིད་དུ་འོང་བའི་ཆོས་ཀྱི་ཆར་མངོན་དུ་འབེབས་པ། མཚན་སུམ་ཅུ་ རྩ་གཉིས་མངའ་བ། དཔེ་བྱད་བཟང་པོ་བརྒྱད་ཅུས་སྐུ་མཛེས་པར་བྱས་པ་ཡིན་ནོ། །ཡང་དག་པར་ནི་ཆོས་ཀྱི་སྐུ་ཡིན་ཏེ། ཇི་ལྟར་མོས་པ་བཞིན་དུ་ཡིད་ལ་བྱས་ན། དེ་ཡིད་ལ་བྱས་པས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཡིད་ ལ་བྱས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་གཅིག་ཡིད་ལ་བྱས་པས་ཐམས་ཅད་ཡིད་ལ་བྱས་པར་ཇི་ལྟར་འགྱུར། གཅིག་གི་སྐུ་དེ་ནི་ཐམས་ཅད་ཀྱི་མ་ཡིན་ནོ་ཞེས་བསམ་པའོ། །ལན་དུ་དེ་བཞིན་གཤེགས་པ་ཉིད་གཅིག་པའི་ཕྱིར་རོ་ཞེས་བྱ་བ་ནི་ཚོགས་དང་ཆོས་ཀྱི་ སྐུ་དང་། འགྲོ་བའི་དོན་སྤྱོད་པ་མཉམ་པ་ཉིད་ཡིན་གྱི། དེ་བཞིན་གཤེགས་པའི་སྐུ་ཉིད་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །སངས་རྒྱས་གཅིག་ནི་ཀུན་གྱི་ངོ་བོ་ཡིན། །སངས་རྒྱས་ཀུན་ཀྱང་གཅིག་གི་ངོ་བོ་ཡིན། །གཅིག་གི་ཚོགས་ལ་སོགས་པ་མཐོང་གྱུར་ན། །སངས་ རྒྱས་ཀུན་ནི་དེ་ཡིས་མཐོང་བ་ཡིན། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཞན་ཡང་འདིར་འཕགས་པ་དེ་ཁོ་ན་ཉིད་བསྡུས་པའི་ཚུལ་གྱི་རྗེས་སུ་འབྲངས་ཏེ། སྙིང་ཁར་ཟླ་བའི་དཀྱིལ་འཁོར་ལ་དེ་བཞིན་གཤེགས་པའི་མཚན་གྱི་ཡི་གེ་བསྒོམས་པའི་བསམ་གཏན་དག་གདུལ་བྱ་ རྣམས་ཀྱི་སྤྲོ་བ་འཕེལ་བར་བྱ་བའི་ཕྱིར་བཤད་པ་ལྟ་བུ་ཡིན་ནོ། །ཏིང་ངེ་འཛིན་འདིའི་འབྲས་བུ་རྒྱས་པར་སྟོན་པ་ནི་འཇམ་དཔལ་ཇི་ལྟར་དེ་བཞིན་གཤེགས་པ་གཅིག་གི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། སྐྱེ་བ་མེད་པ་གཅིག་གི་ཆོས་ཀྱི་རྣམ་གྲངས་ ཀྱི་བྱེ་བྲག་ཚད་མེད་པར་ཤེས་པར་བྱའོ་ཞེས་བྱ་བ་ནི་གཅིག་གི་སྐྱེ་བ་མེད་པ་ཉིད་ཡིན་ཏེ། རྣམ་པ་སྣ་ཚོགས་པར་ཆོས་སྟོན་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ཏིང་ངེ་འཛིན་བསྟན་དུ་ཟིན་ཀྱང་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་གང་དག་ཏིང་ངེ་འཛིན་ གྱི་རང་གི་ངོ་བོ་མངོན་དུ་མ་བྱས་པ་དག་འདི་སྙམ་དུ་བཀོད་པ་གཅིག་པའི་ཏིང་ངེ་འཛིན་འདི་གང་ཡིན་སྙམ་དུ་སེམས་ན། དེ་དག་ལ་ཏིང་ངེ་འཛིན་གྱི་རང་གི་ངོ་བོ་བསྟན་པར་མི་ནུས་ཏེ། སོ་སོ་རང་གིས་རིག་པར་བྱ་བ་ཡིན་པའི་ཕྱིར་རོ། །འོན་ཀྱང་དེ་དག་ལ་འདི་སྐད་ཅེས་ཡོན་ཏན་བསམ་ གྱིས་མི་ཁྱབ་པ་ཡོངས་སུ་བསྒྲགས་པ་འདི་ཡང་དག་པར་ཟུང་ལ་འདུག་ཅིག་དང་ཞེས་བྱ་སྟེ། བསམ་གྱིས་མི་ཁྱབ་པ་ནི་མཆོག་ཏུ་གྱུར་པའོ། །ཡོན་ཏན་ཡོངས་སུ་བསྒྲགས་པ་ནི་ཡོན་ཏན་བཤད་པ་སྟེ། ཐབས་སུ་གྱུར་པ་བསྟན་མ་ཐག་པ་གང་ནས་གསུངས་པ་དེ་བསམ་གྱིས་ མི་ཁྱབ་པའི་ཡོན་ཏན་ཡོངས་སུ་བསྒྲགས་པའོ། །དེའི་དངོས་པོ་ནི་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་ཡོངས་སུ་བསྒྲགས་པ་ཉིད་དོ། །འདི་ཡང་དག་པར་ཟུང་ལ་ཞེས་བྱ་བ་ནི་ཡང་དག་པར་ལོང་ལ་ཞེས་བྱ་བ་ཡིན་ཏེ། རྒྱུན་དུ་གུས་པར་སྦྱོར་བ་ལ་སོགས་པ་ཞེས་བྱའོ། །ཇི་ལྟ་ཇི་ ལྟར་ཡང་དག་པར་བླངས་ཏེ་གནས་པ་དེ་ལྟ་དེ་ལྟར་ཏིང་ངེ་འཛིན་འདིའི་ཡོན་ཏན་སངས་རྒྱས་ཀྱི་སྐུ་ཟད་མི་ཤེས་པ་ལྟ་བུ་མཐོང་ཞིང་སྣང་བ་ལ་སོགས་པ་མཐོང་བར་འགྱུར་རོ། །གལ་ཏེ་ཇི་སྐད་བསྟན་པའི་ཚུལ་གྱིས་སྒྲུབ་ཅིང་ཞུམ་པ་མེད་པར་གྱིས་ཤིག །བརྩོན་འགྲུས་ལྷོད་པར་ མ་བྱེད་ཅིག །ཇི་སྐད་བསྟན་པའི་ཚུལ་ནི་དབེན་པའི་མལ་སྟན་ལ་སོགས་པ་བསྟན་པ་ཡིན་ནོ། །ཅིའི་ཕྱིར་ཏིང་ངེ་འཛིན་འདི་དཀའ་བ་ཡིན་ཞེ་ན། ཏིང་ངེ་འཛིན་འདི་ནི་དམིགས་པའི་ལྟ་བ་ཅན་དག་དང་། དངོས་པོར་ལྟ་བ་ཅན་དག་ནས། ཡོད་པར་ལྟ་བ་ཅན་དག་གི་བར་གྱིས་ བསྒྲུབ་པར་མི་ནུས་སོ་ཞེས་གསུངས་ཏེ། འདི་དག་དམིགས་པར་ལྟ་བ་མ་ཡིན་པས་དེ་ནི་དམིགས་པའི་ལྟ་བ་ཅན་ནོ། །ཡི་གེ་ཁ་ཅིག་ལས་ཆོས་འདི་དང་རྣམ་པ་འགལ་བར་བྱེད་པ་དེ་དག་གིས་ནི་ཏིང་འཛིན་འདི་བསྒྲུབ་པར་མི་ནུས་སོ་ཞེས་འབྱུང་བ་དེ་ཡང་དོན་དེ་དག་ཉིད་ ཡིན་ཏེ། ཇི་ལྟ་ཞེ་ན། འདི་ལྟར་དམིགས་པའི་ལྟ་བ་ཅན་ནི་འདི་ལྟར་ཆོས་འདི་དང་འགལ་བར་བྱེད་པ་ཡིན་ནོ། །གང་ཡང་ཆོས་ལ་སྒྲིབ་པས་བསྒྲིབས་པར་གྱུར་ན་ཞེས་ཡི་གེ་གཞན་གླེགས་བམ་ཁ་ཅིག་ལས་འབྱུང་བ་དེ་ཡང་རིགས་པ་ཁོ་ན་ཡིན་ཏེ། རྐྱེན་ཉེ་བ་ཡིན་ཡང་ དེས་བསྒྲིབས་ན་དེ་མི་སྐྱེ་བའི་ཕྱིར་ཞེས་བརྗོད་དེ། དེ་ལོག་པར་སྒྲུབ་པའི་བསམ་པ་ཅན་ཡིན་ཏེ། དེའི་སྒྲིབ་པ་ཟད་པ་མེད་དོ་ཞེས་དགོངས་པའོ། །ཁ་ཅིག་ལས་དེ་དེ་ལྟར་བསྒྲུབས་ན་ཞེས་འབྱུང་བ་དེ་ཡང་དོན་དེ་དག་ཉིད་ཀྱིས་བཤད་ཟིན་ཏོ། །འདི་ལྟར་མཚན་མ་ཐམས་ཅད་ཡིད་ ལ་བྱེད་པ་ལ་སོགས་པ་དམིགས་པའི་ལྟ་བ་ཅན་གྱིས་དགའ་བར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་མི་ཞིག་ལ་རིན་ཐང་མེད་པའི་ནོར་བུ་རིན་པོ་ཆེ་བྱི་དོར་མ་བྱས་པ་ཞིག་བདོག་ལ་ཞེས་བྱ་བ་ལ་སོགས་པའི་དཔེ་བསྟན་པས་ནི་དོན་འདི་ཉིད་གསལ་བར་ བྱེད་པ་ཡིན་ནོ། །བྱི་དོར་མ་བྱས་པ་ནི་མ་སྦྱངས་པའོ། །མི་དེ་ལ་འདི་སྐད་དུ་ཞེས་བྱ་བ་དེ་ལ་ཞེས་བྱ་བ་ནི་མི་སྔ་མ་ལའོ། །ཡང་ན་གཞན་གང་ཡང་རུང་བ་ལའོ། །མི་སྔ་མ་དེས་མི་ཕྱི་མ་གང་གིས་དྲིས་པ་དེ་ལ་བཞག་ནས་སོ། །དེ་ལྟར་ན་སྦྱིན་པར་མ་བྱས་པ་སྟེ། གཏན་དུ་བྱིན་པ་མེད་པའི་ ཕྱིར། དཔེར་ན་བཙོ་བླག་མཁན་ལ་གོས་བཅོལ་བ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་བྱི་དོར་བྱས་པའི་ཕྱིར་ཞེས་གསུངས་སོ། །ཡང་ན་བདར་བ་བྱ་བའི་དོན་ལ་ངེས་པ་མེད་པའི་ཕྱིར་རོ། །འདི་སྐད་བསྟན་ཏེ། ནོར་བུ་རིན་པོ་ཆེ་བཞིན་དུ་ཏིང་ངེ་འཛིན་འདི་ཡོངས་སུ་སྦྱངས་ན་ཤིན་ཏུ་རབ་ཏུ་གྲགས་ པའི་ཡོན་ཏན་ཉམས་སུ་མྱོང་བར་འགྱུར་བ་ཁོ་ན་ཡིན་པས། འདི་ལ་བག་ཚ་བར་མི་བྱའོ། །སྦྱོར་བ་ནི་གང་ཞིག་གཉེན་པོ་ཡོད་ན་འགྲིབ་པར་འགྱུར་བའི་ཆོས་ཅན་དེ་ནི་གཉེན་པོས་ཤིན་ཏུ་རྩ་བ་ནས་འབྱིན་པར་བྱེད་པ་སྲིད་པ་ཡིན་ཏེ་དཔེར་ན་ནོར་བུ་རིན་པོ་ཆེ་བཞིན་ནོ། །གཉེན་པོ་ཡོད་ན་ འགྲིབ་པར་འགྱུར་བའི་ཆོས་ཅན་ཡང་ཏིང་ངེ་འཛིན་གྱི་དྲི་མ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་ཡིན་ནོ། །ཏིང་ངེ་འཛིན་དྲི་མ་དང་བྲལ་བ་ཡང་མཐོང་སྟེ། ཇི་ལྟ་ཞེ་ན། ཇི་ལྟར་སྦྱིན་པའི་གནས་སྐབས་ན་འཇུག་པ་ཤིན་ཏུ་ཆེར་གྱུར་པ་ན་ཤིན་ཏུ་ གསལ་བ་ལ་སོགས་པར་རིགས་པ་ཡིན་པས་མ་གྲུབ་པ་མ་ཡིན་ནོ། །དེ་བཞིན་དུ་མི་མཐུན་པའི་རྐྱེན་མེད་ན་གནས་བརྟན་པར་འདུག་པ་གང་གིས་ཅིག་ཅར་དུ་ཇི་ལྟར་ཡང་ཁྱད་པར་དུ་བྱེད་དེ། ཡང་འབད་པ་ལ་མི་ལྟོས་པར་དེ་མངོན་པར་འདུ་བྱེད་པ་ཁྱད་པར་དུ་གྱུར་པའི་བྱེ་བྲག་གིས་ གསལ་བར་ཤེས་པ་སྒྲུབ་པར་བྱེད་པ་ཡིན་ནོ། །དཔེར་ན་ནོར་བུ་རིན་པོ་ཆེ་རྣམ་པར་དག་པ་བཞིན་ནོ། །ཇི་སྐད་གསུངས་པའི་ཆོས་དང་ལྡན་པ་ཡང་ཏིང་ངེ་འཛིན་རྣམ་པར་དག་པར་འགྱུར་རོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་ཡིན་ནོ། །འཇམ་དཔལ་བཀོད་པ་གཅིག་པའི་ཏིང་ངེ་འཛིན་ ཐོབ་ནས་སྐྱེ་བ་མེད་པ་གཅིག་གི་ཆོས་ཀྱི་རྣམ་གྲངས་ཚད་མེད་པར་ཤེས་པར་བྱའོ། །འདིར་གང་དག་ཆུད་པར་འགྱུར་བ་དང་ཞེས་བྱ་བ་དེའི་ཤུགས་ཀྱིས་འོངས་པ་རྣམས་རྫོགས་པར་བྱས་ནས་དཔེ་ཉེ་བར་སྟོན་པས་གསལ་བར་བྱེད་པ་ནི། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་ཉི་མའི་དཀྱིལ་ འཁོར་གྱི་འོད་ཟེར་དག་གིས་དཀྱིལ་འཁོར་གྱི་མཐར་ཐུག་པ་གང་ཡང་མ་ཁྱབ་པ་མི་གསལ་བ་མེད་དེ། །ཐམས་ཅད་ཁྱབ་པོ་ཞེས་བྱ་བའི་ཐ་ཚིག་གོ། །འཇམ་དཔལ་དེ་བཞིན་དུ་ངས་བཀོད་པ་གཅིག་པའི་ཏིང་ངེ་འཛིན་འདི་ཐོབ་ཅིང་ཞུགས་ནས་རྙེད་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་བསྟན་པ་མ་ཡིན་པའི་ཆོས་གང་ཡང་མི་སྟོན་ཏེ། འོན་ཀྱང་ངས་ཐམས་ཅད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཏོ་ཞེས་བཅོམ་ལྡན་འདས་བདག་ཉིད་གསུང་ངོ་། །ཐོབ་ཅིག་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་ནི་སྔ་མ་སྔ་མའི་ཚིག་གི་དོན་གསལ་བར་བྱེད་དོ། །ཡང་ན་ཐོས་པ་ ལས་བྱུང་བའི་ཤེས་པ་ལ་སོགས་པས་གོ་རིམས་བཞིན་དུ་ཐོས་པ་དང་ཞུགས་པ་དང་རྙེད་པ་དང་སྦྱར་ཏེ་འཆད་པར་བྱེད་དོ། །ཐམས་ཅད་ཀྱང་བཀོད་པ་གཅིག་པའི་ཏིང་ངེ་འཛིན་བསྒོམས་པ་ལ་བརྟེན་ནས་ཡིན་པར་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། སྔོན་གྱི་བདེ་བར་གཤེགས་པའི་ ཆོས་འཆད་པའི་དཀྱིལ་འཁོར་ལ་ཡང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཆད་པའི་འོད་ཟེར་གྱིས་ཁྱབ་བོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་གཞན་དག་ཀྱང་ཐོས་པ་དང་སེམས་པ་ལ་སོགས་པ་རིམ་གྱིས་འདི་ཞེས་བྱ་བ་ནི་བཀོད་པ་གཅིག་པའི་ཏིང་ངེ་འཛིན་འདི་ཤེས་ན་ཞེས་བྱ་ བའོ། །ཡི་གེ་ཁ་ཅིག་ལས་འདི་བཞིན་དུ་ཤེས་ན་ཞེས་འབྱུང་བ་དེར་ཡང་བཀོད་པ་གཅིག་པའི་ཏིང་ངེ་འཛིན་ལ་སྙེགས་པ་ཡིན་ལ། འདི་བཞིན་ཞེས་བྱ་བ་ནི་བདག་ཉིད་སྒོམ་པ་དཔེར་བྱེད་པ་ཡིན་ཏེ་ཇི་ལྟར་བདག་གིས་ཏིང་ངེ་འཛིན་འདི་ཤིན་ཏུ་བསྒོམས་པ་དེ་བཞིན་དུ་གཞན་ དག་ཀྱང་དེ་ལྟར་སྒོམ་པར་བྱེད་ན་ཞེས་གསུངས་པ་ཡིན་ནོ། །སྐྱེས་བུ་ཆེན་པོ་བསྟན་པ་དེས་སྐྱེ་བ་མེད་པ་དང་། འགལ་བའི་ཆོས་གང་ཡང་མི་མཐོང་ངོ་། །ཆོས་ཞེས་བྱ་བ་ནི་མདོ་སྡེ་ལ་སོགས་པའི་ཆོས་སོ། །སྐྱེ་བ་མེད་པ་ནི་མ་སྐྱེས་པའོ། །འགལ་བ་ནི་མཐུན་པ་སྟེ་མདོ་སྡེ་ལ་སོགས་ པ་ཐམས་ཅད་སྐྱེ་བ་མེད་པ་སྟོན་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་བར་དུ་ཡིན་ནོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་རྒྱ་མཚོ་ཆེན་པོའི་ཕྱོགས་བཞི་ནས་ཞེས་བྱ་བ་ལ་སོགས་པས་ཅི་སྟོན་ཅེ་ན། བྱེད་པ་པོ་ཐ་དད་པ་མེད་པས་ཆོས་རྣམས་ཐ་དད་པ་མེད་པར་མ་ཟད་ཀྱི། བྱེད་པ་པོ་ཐ་དད་པ་ཡིན་དུ་ཟིན་ ཀྱང་ཆོས་རྣམས་ནི་དོན་དམ་པར་ཐ་དད་པ་མེད་པ་ཁོ་ན་ཡིན་ཏེ། ཐམས་ཅད་སྐྱེ་བ་མེད་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །རྒྱ་མཚོ་ཆེན་པོའི་ཕྱོགས་བཞི་ནས་སྐྱེས་བུ་བཞི་ཞེས་བྱ་བ་ནི་མཚོན་པ་ཡིན་ཏེ། ཐམས་ཅད་ནས་ཐམས་ཅད་ཀྱིས་ཞེས་བྱ་བར་རིག་པར་བྱའོ། །འཇམ་དཔལ་ དེ་བཞིན་དུ་ངས་ཆོས་གང་ཅི་བསྟན་པ་དེ་དག་ཐམས་ཅད་ནི་ཞེས་བྱ་བ་དེ་ལ་ཡང་། ངས་ཞེས་བྱ་བ་ནི་མཚོན་པ་ཡིན་ཏེ། ཕྱོགས་ཐམས་ཅད་ན་བཞུགས་པའི་དེ་བཞིན་གཤེགས་པས་བསྟན་པ་ཡང་རིག་པར་བྱའོ་སྐྱེ་བ་མེད་པ་དེ་ཁོ་ན་ཉིད་ཀྱི་རྒྱ་མཚོ་ཆེན་པོ་ནས་ཆོས་འཆད་པའི་ཆུ་ལེན་པ་ ཐམས་ཅད་ཀུན་གྱིས་ཐ་དད་པ་མེད་པ་ཁོ་ན་ལེན་ཏོ་ཞེས་བྱ་བ་བསྡུས་པའི་དོན་ཡིན་ནོ། །འཇམ་དཔལ་དེ་ལྟར་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ཏིང་ངེ་འཛིན་འདི་ཐོབ་ནས་གང་ཅི་སྟོན་ཀྱང་ཞེས་བྱ་བ་ལ་སོགས་པ་ནི་མཇུག་སྡུད་པ་ཡིན་ནོ། །གང་ཅི་སྟོན་ཀྱང་དེ་དག་ཐམས་ཅད་མི་ དམིགས་པའི་ཚུལ་དུ་མ་སྐྱེས་པ་དང་། མ་བྱུང་བ་དང་། དངོས་པོ་མེད་པ་སྟོན་པར་འགྱུར་རོ་ཞེས་བྱ་བ་ནི་ཆོས་གང་ཅི་སྟོན་ཀྱང་དེ་དག་མ་སྐྱེས་པ་དང་། མ་བྱུང་བ་དང་། དངོས་པོ་མེད་པ་དེ་དག་ཐམས་ཅད་ལ་སྟོན་པར་འགྱུར་རོ་ཞེས་བཤད་པར་བྱ་བ་དེ་ལྟར་ ཡིན་ན་ནི་ལེགས་པ་ཡིན་ནོ། །ཡང་ན་གང་ཅི་སྟོན་པ་དེ་དག་མ་སྐྱེས་པའི་དོན་སྟོན་པ་ཡིན་ཏེ། དེ་ཁོ་ན་ཉིད་ནི་དེའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེས་མ་སྐྱེས་པ་དང་། དངོས་པོ་མེད་པ་ཁོ་ན་སྟོན་པ་ཡིན་ནོ། །སྟོན་པ་འབའ་ཞིག་ཏུ་མ་ཟད་ཀྱི་ མྱུར་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་ལ་སོགས་པ་བསྒྲུབས་ནས་རིང་པོ་མི་ཐོགས་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་བས་གོང་ནས་གོང་དུ་ཕུན་སུམ་ཚོགས་པ་མཆོག་ཏུ་གྱུར་པའི་རྒྱུ་ཉིད་ནི་ཏིང་ངེ་འཛིན་འདི་ཡིན་པར་བསྟན་པའི་ ཕྱིར་འཇམ་དཔལ་གཞན་ཡང་ཏིང་ངེ་འཛིན་འདི་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཇམ་དཔལ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆེན་པོས་གང་གི་ཚེ། བདག་གི་དབྱིངས་ནས་ཞེས་བྱ་བ་ལ་སོགས་པས་ནི་ རྫོགས་པའི་བྱང་ཆུབ་ཀྱི་ཐབས་མྱུར་བ་གཞན་ཡང་སྟོན་པར་བྱེད་པ་ཡིན་ནོ། །དེ་ལྟ་བུའི་བཟོད་པ་ཅན་ནི་དེའི་འདོད་པ་ལ་བྱའོ། །དེ་ལྟ་བུའི་བཟོད་པ་ཅན་འདི་ནི་མ་སྐྱེས་པ་ལ་བཟོད་པ་ཡིན་ཏེ། ཤིན་ཏུ་མྱུར་བར་བྱང་ཆུབ་འཐོབ་པའོ། །རྣམ་པར་མི་རྟོག་པར་བཟོད་པ་ཡང་ དེའི་ཐབས་ཉིད་ཡིན་པར་བསྟན་པའི་ཕྱིར། གང་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་། བྱང་ཆུབ་ཀྱི་ཆོས་རྣམས་ལ་མི་སེམས་པའི་བཟོད་པ་ཅན་གྱི་རིགས་ཀྱི་བུ་དེ་ཡང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་ འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བ་ལ་གང་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་མི་སེམས་པ་ནི་འཛིན་པའམ་གཟུང་བ་ལ་སོགས་པར་མི་རྟོག་ཅེས་བྱ་བའི་དོན་ཏེ། བྱང་ཆུབ་ཀྱི་ཆོས་རྣམས་ཐོབ་པར་བྱ་བའི་ཕྱིར་མི་སེམས་པ་འདིའི་བཟོད་པ་ཅན་དེ་ཡང་ཡིན་ཏེ། བྱང་ཆུབ་སེམས་དཔའི་ཆོས་རྣམས་ནི་ས་དང་ཕ་རོལ་ཏུ་ཕྱིན་པའོ། །དེ་དག་གིས་ནི་དེ་ལ་བཟོད་པ་ཡང་བྱང་ཆུབ་དང་ཉེ་བའི་ཆོས་ཀྱི་རྒྱུ་ཉིད་ཡིན་པར་སྟོན་པ་ན་བྱང་ཆུབ་ཀྱི་རྒྱུ་ཡིན་པར་སྟོན་པ་ཡིན་ནོ། །ཡང་ན་བྱང་ཆུབ་སེམས་དཔའི་ཆོས་རྣམས་ཞེས་བྱ་བ་ལ་སོགས་པ་ནི་ཡོད་པའི་ དོན་ཏེ། བྱང་ཆུབ་ལ་མ་འདྲེས་པའི་ཆོས་གང་ཡིན་བ་ཡོད་པ་དེ་ནི་བྱང་ཆུབ་སེམས་དཔའོ། །དེ་ཡང་ཡོད་པ་དེ་དག་ཡིན་པས་དེ་སྐད་ཅེས་བྱ་སྟེ། དེ་དག་གིས་ནི་དངོས་པོ་དེ་ཉིད་རྒྱུར་བསྟན་ཏེ། བྱང་ཆུབ་ནི་བྱེད་པ་མེད་པའོ་ཞེས་དེ་ལྟར་བཟོད་པ་ནི་མྱུར་དུ་སངས་རྒྱས་ཉིད་དུ་འགྱུར་བའི་ རྒྱུ་ཡིན་ནོ་ཞེས་བྱ་བའི་ཕྱིར། བྱང་ཆུབ་ནི་སངས་རྒྱས་ཉིད་ཀྱི་ཕྱིར་སེམས་ཅན་གྱིས་ཐོབ་པར་བྱེད་པ་མ་ཡིན་ཞེས་བྱ་བ་ལ་བྱང་ཆུབ་ཀྱི་ཚོགས་རྣམས་ལ་ཞེས་བྱ་བའི་ཚིག་ལྷག་མ་སྟེ། བྱང་ཆུབ་ནི་སེམས་ཅན་གྱིས་སངས་རྒྱས་ཉིད་ཐོབ་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱི་ཚོགས་རྣམས་ ལ་སེམས་ཅན་སྦྱོར་བར་བྱེད་པ་མ་ཡིན་ཏེ། རྣམ་པར་མི་རྟོག་པའི་ཕྱིར་རོ། །ལྷུན་གྱིས་གྲུབ་པ་ཉིད་དུ་སེམས་ཅན་གྱི་དོན་སྤྱོད་པའི་འཁོར་ལོ་བྱུང་ཡང་སྟོན་པ་ནི་རྟག་ཏུ་མཉམ་པར་བཞག་པ་ཡིན་ནོ་ཞེས་དེ་ལྟ་བུའི་བཟོད་པ་དེ་ཡང་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུ་མཚན་མ་ཡིན་ པར་བཤད་དོ། །གཞན་ལས་སྐྱེས་པ་མེད་པར་བཟོད་པ་མི་འབྱུང་གི །འོན་ཀྱང་སྨོན་པ་མེད་པའི་ཆོས་ལ་བཟོད་པ་འབྱུང་སྟེ། གང་ཡང་བྱང་ཆུབ་ནི་སངས་རྒྱས་ཉིད་ལ་མི་སྨོན་ཞེས་འབྱུང་བ་ནི་འདི་ལྟར་བཤད་དེ། སངས་རྒྱས་ཉིད་ལ་ཡང་སྨོན་པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། ། དེ་ལྟར་ཆོས་ཐམས་ཅད་ལ་བྱང་ཆུབ་དང་མཉམ་པར་མོས་པ་ཡང་མྱུར་དུ་བྱང་ཆུབ་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་བསྟན་པའི་ཕྱིར། ཆོས་ཐམས་ཅད་ནི་སངས་རྒྱས་ཀྱི་ཆོས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཀྱི་ཆོས་དང་མཉམ་པ་ཉིད་ཀྱིས་ན་ཆོས་ཐམས་ཅད་ སངས་རྒྱས་ཀྱི་ཆོས་ཞེས་བྱ་སྟེ། ཇི་ལྟར་སངས་རྒྱས་ཀྱི་ཆོས་གཉིས་སུ་མེད་པ་ལྟར་ཆོས་ཐམས་ཅད་ཀྱང་དེ་བཞིན་ནོ། །ཞུམ་པར་མི་འགྱུར་བ་ཞེས་བྱ་བ་ནི་ཆོས་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཡིན་པའི་ཕྱིར་བདག་གིས་སངས་རྒྱས་ཀྱི་ཆོས་ཐོབ་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་ཡིན་ནོ། ། དེ་ལྟར་མོས་ཤིང་ཞེས་བྱ་བ་ནི་ཡལ་བར་འདོར་བར་མི་བྱེད་པའི་ཐ་ཚིག་གོ། །ཆོས་ཀྱི་དབྱིངས་ལ་གློ་བུར་གྱི་དྲི་མ་དང་བྲལ་བར་བྱའོ་ཞེས་དེ་ལྟར་ཡང་མོས་པའི་ཕྱིར་རོ། །བྱང་ཆུབ་ལས་ཕྱིར་ལྡོག་པ་ནི་དེ་ནས་སླར་ལྡོག་པའོ། །དེའི་དངོས་པོ་ནི་ཕྱིར་ ལྡོག་པ་ཉིད་དོ། །ནང་གི་འགྱུར་བ་ལ་སོགས་པའི་ཚོགས་ཡོད་པའི་ཕྱིར་རོ། །ཕྱིར་ལྡོག་པ་མ་ཡིན་པ་ནི་ཕྱིར་མི་ལྡོག་པའོ། །དེ་ལྟ་བུའི་བཟོད་པ་ཅན་དེ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་མ་བྲལ་བར་བརྗོད་པར་བྱ་སྟེ། བྱང་ཆུབ་དང་ཉེ་བར་གྱུར་པ་ཡིན་པའི་ཕྱིར་རོ། ། འདིར་ཐབས་བསྟན་པ་ལ་སེམས་ལ་ཐེ་ཚོམ་མེད་པ་དེས་ཀྱང་མྱུར་དུ་ཐོབ་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་བསྟན་པ་འདི་ཐོས་ནས་རྨོངས་པར་མི་འགྱུར་བ་དང་། སོམ་ཉི་ཟ་བར་མི་འགྱུར་བ་དེ་ཡང་ཕྱིར་མི་ལྡོག་པར་བཤད་དེ་ཞེས་བྱ་ བའི་རྗེས་སུ་སྙེགས་སོ། །གལ་ཏེ་ཐབས་དེ་དག་གིས་བྱང་ཆུབ་བྱས་པ་ཡིན་ན་དེ་འདུས་བྱས་ཡིན་པར་ཐལ་བར་འགྱུར་ལ། འདུས་བྱས་ཡིན་པའི་ཕྱིར་སྤོང་བར་ཡང་འགྱུར་རོ། །དེ་ལྟར་གྱུར་དང་བྱང་ཆུབ་པ་པོ་དང་། བྱང་ཆུབ་པར་བྱ་བ་ཡང་ཡོད་པར་བྱ་དགོས་སོ། །དེ་ལྟར་གྱུར་ ན་དེ་ཉིད་སྟོང་པ་ཉིད་དང་འགལ་ལོ་ཞེས་ཁ་ཅིག་ནི་དོགས་པ་སྐྱེས་སོ། །དེ་བས་ན་འདུས་བྱས་ཉིད་ཡིན་པར་མངོན་པར་ཞེན་པ་བསལ་བའི་ཕྱིར། བཅོམ་ལྡན་འདས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྒྱུ་ལས་ངེས་པར་བྱུང་བ་ལགས་སམ་ཞེས་ཞུས་ཏེ། དེ་ལྟར་གྱུར་ན་དེ་ དག་གིས་བྱང་ཆུབ་དང་། བྱང་ཆུབ་པ་པོ་དང་། བྱང་ཆུབ་པར་བྱ་བ་རྣམས་འཁྲུལ་པ་མེད་པ་མ་ཡིན་པར་དོགས་སོ་ཞེས་དགོངས་པའོ། །རྒྱུ་ལས་ངེས་པར་བྱུང་བ་ནི་སྐྱེས་ཞེས་བྱ་བའི་ཐ་ཚིག་གོ། །ལན་ནི་འཇམ་དཔལ་དེ་ནི་མ་ཡིན་ཏེ་ཞེས་བྱ་བ་ཡིན་ནོ། །བསྟན་ པ་གང་ཡིན་པ་དེ་ཉིད་རྣམ་པར་འབྱེད་པ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ནི་རྒྱུ་མེད་ཅིང་རྒྱུ་ལས་ངེས་པར་བྱུང་བ་ཡང་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །འོ་ན་དོགས་པ་ཡང་མེད་ལ། དྲིས་པ་ཡང་མེད་པར་ཅིའི་ཕྱིར་བྱང་ཆུབ་ཀྱི་རྒྱུ་ཉིད་འགོག་པར་བྱེད་ཅེ་ན། རྒྱུ་གང་ཡང་མེད་པ་དང་། འབྲས་བུ་གང་ཡང་མེད་དོ་ཞེས་ཤིན་ཏུ་བསྟན་པར་བྱ་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བའི་བསམ་པ་ནི་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་རྣམ་པར་རོལ་པ་རྒྱུ་ཉིད་ཡིན་པར་ལན་གྲངས་དུ་མར་བསྟན་ཟིན་ལ། བསྟན་མ་ཐག་པ་ཡང་འབྲས་ བུ་ཉིད་ཡིན་པར་བསྟན་པ་ཡིན་ན། ཅིའི་ཕྱིར་རྒྱུ་མེད་ཅིང་རྒྱུ་ལས་ངེས་པར་བྱུང་བ་མ་ཡིན་ཞེས་བྱ་བ་ཡིན་ནོ། །སྐྱེ་བ་མེད་པ་དང་། དངོས་པོ་མེད་པ་ནི་རྒྱུ་ཡང་མ་ཡིན་ལ་ཞེས་བྱ་བ་ལ་སོགས་པ་ནི་ལན་ཡིན་ནོ། །དངོས་པོ་འདིའི་སྐྱེ་བ་ཡོད་པ་མ་ཡིན་པས་སྐྱེ་བ་མེད་པའོ། ། དེ་བཞིན་དུ་འདིའི་དངོས་པོ་མེད་པ་ཞེས་བྱ་སྟེ། གདུལ་བྱའི་བྱེ་བྲག་ཉེ་བར་གནས་པ་ལ་ལྟོས་ནས་ཁྱབ་པ་ཁོ་ནར་བསྟན་པ་ཡིན་ནོ། །དེའི་ཕྱོགས་ཀྱི་ཆོས་ཁོ་ན་ཡིན་པར་མ་གསུངས་ཀྱང་ཁོང་དུ་ཆུད་པར་བྱ་བ་ཁོ་ན་ཡིན་ནོ། །སྦྱོར་བ་ནི་འདི་ལྟར་བྱ་སྟེ། སྐྱེ་བ་མེད་པའམ་དངོས་པོ་མེད་པ་ གང་ཡིན་པ་དེ་ནི་རྒྱུ་མ་ཡིན་ཞིང་རྒྱུ་ལས་ངེས་པར་འབྱུང་བ་ཡང་མ་ཡིན་ཏེ། མོ་གཤམ་གྱི་བུ་ལ་སོགས་པ་བཞིན་ནོ། །སྐྱེ་བ་མེད་པ་དང་དངོས་པོ་མེད་པ་ཡང་བྱང་ཆུབ་ཡིན་པས་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་དང་འགལ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བའི་བསམ་པ་ནི་ཐབས་ ཀྱིས་བསྐྱེད་པ་ནི་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་རོལ་པ་ཡིན་ན། སྐྱེ་བ་དང་དངོས་པོ་དང་བྲལ་བ་ལ་ནི་དེ་ལྟ་བུ་མི་སྲིད་དོ་ཞེས་བྱ་བ་ཡིན་ནོ། །ལན་ནི་ཆོས་ཐམས་ཅད་མ་སྐྱེས་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ཏེ། བརྟགས་པའི་ངོ་བོ་འཆང་བ་ཐམས་ཅད་མ་སྐྱེས་མ་འབྱུང་བ་གང་ཡིན་པ་དང་། བྱང་ཆུབ་འདི་ཡང་དེའི་ནང་དུ་གཏོགས་པ་ཡིན་ཏེ། འདི་ལྟར་བྱང་ཆུབ་པར་བྱ་བ་ལ་སོགས་པ་ཡང་དག་པ་མ་ཡིན་པ་དེ་ལ་ནི་ཕ་རོལ་པོ་དག་ཐེ་ཚོམ་དུ་གྱུར་པ་ཡིན་ནོ། །གང་ཡང་དེ་ནི་རྣམ་པར་རྟོག་པ་ཐམས་ཅད་ཀྱིས་མ་ཡིན་ཞིང་བྱང་ཆུབ་གང་ཡིན་པ་དེ་ཡང་དག་པ་ཡིན་ནོ་ཞེས་ཀྱང་ བརྗོད་པར་མི་ནུས་མོད་ཀྱི། ཀུན་རྫོབ་ཀྱི་བདེན་པའི་དབང་དུ་བྱས་ནས། དེ་རྒྱུ་མེད་པ་མ་ཡིན་རྒྱུ་ལས་ངེས་པར་མ་བྱུང་བ་མ་ཡིན་ནོ་ཞེས་དེ་ལྟར་བཤད་དེ། དེ་ཐབས་བསྟན་པ་ཡིན་པའི་ཕྱིར་རོ། །གཞན་ཡང་སྔར་བསྟན་པའི་ཚུལ་གྱིས་བྱང་ཆུབ་ཀྱང་དོན་དམ་པར་མ་སྐྱེས་པའི་ངོ་བོ་ཡིན་ པའི་ཕྱིར་དེ་སྐད་དུ་བསྟན་པ་ཡིན་ནོ། །དེ་ལྟར་བྱང་ཆུབ་ཀྱི་རྒྱུ་དང་འབྲས་བུ་བསལ་བའི་དོན་འདི་ཐོས་ནས་ནུར་བར་མི་འགྱུར་བ་སྟེ་ཡལ་བར་མི་འདོར་བ་དེ་ཡང་ཕྱིར་མི་ལྡོག་པ་ཡིན་པར་ངས་བཤད་དོ་ཞེས་བྱ་བ་འདི་ཡང་ཇི་ལྟ་བ་བཞིན་དུ་འདུས་མ་བྱས་པ་ཉིད་ ལ་འཇུག་པའི་ཐབས་གཞན་བསྟན་པ་ཡིན་ནོ། །དེ་འདུས་མ་བྱས་ཡིན་པར་དོན་མ་རྟོགས་པ་ནི་ནུར་བར་འགྱུར་རོ། །དེ་འདི་སྙམ་དུ་སེམས་ཏེ། བྱང་ཆུབ་ཀྱི་ཚོགས་ལ་འབད་པ་འདིས་ཅི་ཞིག་བྱ། དེ་ནི་བྱ་བར་ནུས་པ་ཡང་མ་ཡིན་ལ། བྱས་ན་ཡང་ཅི་ཡང་བྱེད་པ་མེད་དོ་ཞེས་ དེ་ལྟར་སྔར་གདུལ་བྱའི་སྐྱེ་བོའི་དབང་དུ་བྱས་ཏེ། ལྷག་པར་དྲིས་ནས་དེར་ཐབས་མདོར་བསྟན་པ་ཡིན་ནོ། །དེར་དང་པོ་ནས་བཟུང་ནས་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པའི་རྒྱུ་ཅན་འགྲུབ་པར་འགྱུར་རོ། །དེ་བས་ན་བདག་ཉིད་ཐམས་ཅད་འདོད་པས་སྦྱོར་བར་བྱ་བ་ དེ་བསྟན་པའི་ཕྱིར། འཇམ་དཔལ་དེ་ལྟ་བས་ན་དགེ་སློང་ངམ་དགེ་སློང་མ་འམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་རྟོགས་པར་སླའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མོས་པ་མེད་པར་སྐྱབས་སུ་འགྲོ་བ་དང་། རབ་ཏུ་བྱུང་བ་ལ་སོགས་པ་ནི་བྱང་ཆུབ་ཀྱི་ཆེད་དུ་བརྩོན་པ་འཇེབས་ པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཡིན་ནོ། །ཡང་གང་དག་སེམས་པ་མདོ་སྡེ་དང་ཆོས་མངོན་པ་དང་འདུལ་བའི་ཚུལ་ཙམ་ཉིད་ཀྱིས་སྨོན་ལམ་བཏབ་ཅིང་སྦྱིན་པ་ལ་སོགས་པ་ལ་འཇུག་ན། བྱང་ཆུབ་སེམས་དཔའི་བསླབ་པ་སྒྲུབ་པར་བྱེད་པ་ཡིན་ནོ། །བསྒྲུབས་ ནས་ཀྱང་མྱུར་བ་ཁོ་ནར་བྱང་ཆུབ་ཐོབ་པར་འགྱུར་བ་ཡིན་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པ་ཅི་དགོས་སྙམ་པ་ལ། དེའི་ཕྱིར་འདི་སྐད་ཅེས་འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མི་སློབ་པ་དེ་བྱང་ཆུབ་སེམས་ དཔའི་བསླབ་པ་ལ་མི་སློབ་པའོ་ཞེས་གསུངས་ཏེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པ་མེད་པར་ནི་ཤེས་རབ་རྣམ་པར་དག་པ་མེད་དོ། །དེ་མེད་པར་ནི་དགེ་བའི་ཚོགས་རྣམ་པར་དག་པ་མེད་དོ། །དེ་མེད་པར་ནི་བྱང་ཆུབ་མེད་དོ་ཞེས་དགོངས་པའོ། །དོན་འདི་ ཉིད་དཔེས་གསལ་བར་བྱེད་པ་ནི་འཇམ་དཔལ་འདི་ལྟ་སྟེ་དཔེར་ན་འབྱུང་པོའི་གྲོང་ཁྱེར་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འབྱུང་པོའི་གྲོང་ཁྱེར་ནི་ལྗོན་ཤིང་རྣམས་སོ། །ས་བོན་གྱི་ཚོགས་ནི་ས་བོན་ལྔའོ། །ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱི་ཡང་ཐབས་གཞན་གྱིས་ དགེ་བའི་ཆོས་རྣམས་འཕེལ་ཞིང་རྒྱས་པར་འགྱུར་བ་མ་ཡིན་ནམ། ཇི་སྐད་དུ་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་བདུན་པོ་འདི་དག་དང་ལྡན་ན་རྟག་ཏུ་རྒྱུན་མི་འཆད་པར་བསོད་ནམས་འཕེལ་བ་ཁོ་ནར་འགྱུར། བསོད་ནམས་སྐྱེ་བ་ཁོ་ནར་འགྱུར་ཞེས་གསུངས་ཏེ། དེ་དག་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉན་པ་ལ་ནི་ཡོད་པ་མ་ཡིན་ན། དེ་ཇི་ལྟར་འདི་སྐད་དུ། འཇམ་དཔལ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་ཆོས་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ཅེས་བྱ་བ་ལ་སོགས་གསུངས་ཤེ་ན། འདི་ལྟར་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སླུ་བར་མི་བྱེད་དོ་ཞེས་གསུངས་ཏེ། ཐབས་མེད་པར་ནི་བསྐལ་པ་བྱེ་བ་གྲངས་མེད་པས་ཀྱང་བྱང་ཆུབ་མི་ཐོབ་པའི་ཕྱིར་རོ། །གང་ལ་ལ་དག་འཛིན་པར་འགྱུར་བ་ནས་སྟོན་པའི་བར་དུ་འགྱུར་བ་མ་མཆིས་སམ་ཞེས་བྱ་བ་ནི་ཅི་ཞེས་བྱ་བ་ཁོང་ནས་ དབྱུང་ངོ་། །ཡང་ན་ཚིག་ཟུར་དུ་བཀླག་གོ། །དོན་འདི་ཉིད་སྔར་ཡང་འཕགས་པ་འོད་སྲུངས་ཆེན་པོས་དྲིས་པ་ཁོ་ན་ཡིན་པས་ཟློས་པའི་ཉེས་པར་འགྱུར་བ་མ་ཡིན་ནམ་ཞེ་ན། དེ་ལྟར་འགྱུར་བ་མ་ཡིན་ཏེ། དེར་ནི་འཕགས་པ་འཇམ་པའི་གསུང་གིས་བཤད་པ་ལ་དྲིས་པ་ཡིན་ གྱི། འདི་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཡིན་པའི་ཕྱིར་རོ། །ལན་དུ་སྔར་བསྟན་པ་དེ་ཉིད་བཀའ་སྩལ་པ་ནི། འཇམ་དཔལ་གང་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ད་ལྟར་གྱི་ཚེ་ལ་ཐོབ་ནས་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཚེ་འདི་བརྗེས་ ནས་ཞེས་བྱ་བ་ནི་ཚེ་འཕོས་ཤིང་ཚེ་གཞན་དུ་གྱུར་ནས་སོ། །མི་སྒོམ་པའི་ཚུལ་གྱིས་ཞེས་བྱ་བ་ནི་བསྒོམ་པ་ལ་མངོན་པར་ཞེན་པ་མེད་པའི་ཚུལ་གྱིས་སོ། །གལ་ཏེ་སྨོན་ལམ་གྱི་དབང་གིས་བཤད་པ་འདི་རྣ་བས་ཐོས་པ་ཡིན་ན་དེ་དག་ད་ལྟར་བསོད་ནམས་ཆུང་ངུས་ཀྱང་རྣ་བས་ཐོས་ པར་ཇི་ལྟར་སྣང་ཞེ་ན། དེའི་ཕྱིར་དེ་དག་ནི་དགེ་བའི་རྩ་བ་ཆུང་བར་ང་མི་འཆད་དོ་ཞེས་གསུངས་ཏེ། གང་དག་དགེ་བའི་རྩ་བ་རྣམས་མི་ཆུང་བ་དེ་ལ་དེ་སྐད་ཅེས་བསྟན་ཏོ། །དགོངས་པ་ནི་འདི་ཡིན་ཏེ། གང་དག་གིས་ཚེ་རབས་གཞན་ན་བཅོམ་ལྡན་འདས་ ཀྱིས་ཡུམ་འདི་མ་ཐོས་པ་དང་། དཀོན་མཆོག་གསུམ་ལ་གནོད་པ་དང་། །མི་གསོད་པ་ལ་སོགས་པ་སྡིག་པ་ཆེན་པོའི་བསམ་པ་རྟག་ཏུ་བསྟེན་ཅིང་བསྒོམས་ལ་ལན་མང་དུ་བྱས་པ་དང་། བཤད་པ་ལ་སོགས་པ་ཅུང་ཟད་ཙམ་ཡང་མ་བྱས། མ་བཟུང་བ་དེ་ལྟ་བུ་དེ་དག་ངན་སོང་ དུ་འགྲོ་བའི་ཕྱིར་གཞན་དག་ཅིའི་ཕྱིར་འགྱུར་ཏེ། དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉན་པ་ཁོ་ནས་དེ་དག་གི་རྣམ་པར་སྨིན་པ་ཐང་ཅིག་ཡུད་ཙམ་ཞིག་མྱོང་ནས་སྡིག་པའི་ཚོགས་ཆེན་པོ་དེ་དག་ཞུ་བྱང་བར་འགྱུར་ལ། གལ་ཏེ་གུས་པ་དང་རྟག་ཏུ་སྦྱོར་བ་ལ་སོགས་པ་མེད་པས་ནི་ རྣམ་པ་ཐམས་ཅད་དུ་ཡིད་དུ་འོང་ཞིང་མཛེས་པའི་སྐྱེ་བ་བླངས་པ་མ་ཡིན་ནོ། །གལ་ཏེ་ཆོས་ཀྱི་རྣམ་གྲངས་འདི་དེ་ལྟར་འབྲས་བུ་བཟང་པོ་འཐོབ་པ་ཡིན་ནོ། དེ་འདོད་པ་ཐམས་ཅད་ལ་བཤད་པར་བྱ་བ་ཡིན་ནམ་ཞེ་ན་མ་ཡིན་ནོ་ཞེས་བྱ་བའི་ཕྱིར། འཇམ་དཔལ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་བསྟན་པ་འདི་ལ་ཉན་འདོད་པར་གྱུར་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཡང་བསྟན་པར་བྱ་བའི་ཕྱིར་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་དད་པ་དང་། བརྩོན་འགྲུས་གཉིས་དེ་ལྟར་རྒྱུ་དམ་པ་ཡིན་ན་ཐོས་ནས་མ་དད་པ་འམ་ནུར་བར་ཇི་ལྟར་འགྱུར་ཞེས་བསམས་ པའོ། །ལན་ནི། འདི་ལྟར་འདི་ལ་ཆོས་གང་ཡང་ཡོངས་སུ་གྲུབ་པར་ན་བསྟམ་ཏེ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དོན་ནི་བཤད་ཟིན་ཏོ། །འདི་སྐད་ཅེས་བྱ་སྟེ། སེམས་ཅན་དེ་དག་ཕལ་ཆེར་ནི་ཆོས་ལ་མངོན་པར་ཞེན་པ་ཡིན་ཏེ། དེ་ཡོད་པར་བཤད་པ་དྲང་བའི་དོན་གཞན་དག་ ལ་དགའ་བ་ཡིན་ནོ། །འདིར་ནི་དེ་དག་ཡོད་པར་ཡང་མ་བཤད་དེ། འདིར་བཤད་པ་ནི་གཙོར་དོན་དམ་པ་སྟོན་པའི་ཕྱིར་རོ། །དེ་དག་གི་ནི་ཐ་སྙད་ཀྱི་བདེན་པའི་ནང་དུ་གཏོགས་པའི་ཕྱིར་རོ། །དེ་བས་ན་འདོད་པ་དོན་མེད་པའི་ཕྱིར་གདོན་མི་ཟ་བར་མ་དད་པ་དང་ནུར་བར་ཡང་འགྱུར་རོ། ། བཅོམ་ལྡན་འདས་དགེ་སློང་ངམ་དགེ་སློང་མའམ། དགེ་བསྙེན་ནམ་དགེ་བསྙེན་མ་གང་ལ་ལ་བདག་ལ་འདི་སྐད་དུ་ཞེས་བྱ་བ་ལ་སོགས་པས་འདི་སྐད་བསྟན་ཏེ། བཅོམ་ལྡན་འདས་ཀྱིས་གདུལ་བྱའི་སྐྱེ་བོ་ལ་ཡོངས་སུ་བརྟགས་ནས་ཆོས་འདི་འཆད་པ་ཡིན་པར་མ་ཟད་ཀྱི། འདིར་ སྐྱེ་བ་མེད་པར་འཆད་པ་དང་། སེམས་ཅན་མེད་པར་འཆད་པ་དང་། དངོས་པོ་མེད་པར་འཆད་པ་ལ་སོགས་པ་ནི་མིང་ཙམ་གྱིས་ཀྱང་སྐྲག་པར་བྱེད་ཅིང་དད་པར་མི་བྱེད་པ་ཡིན་ནོ། །གལ་ཏེ་དེ་འགའ་ཞིག་འདིའི་མིང་འདྲི་ན་དེ་ལ་ཡང་གང་གིས་སྐྲག་པར་མི་འགྱུར་བར་བྱ་བའི་ཕྱིར་རྣམ་ གྲངས་གཞན་གྱི་སྒོ་ནས་བསྟན་པར་བྱའོ། །ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་བཅོམ་ལྡན་འདས་དེ་སྐད་འདྲི་བ་དེ་ལ་བདག་གིས་འདི་སྐད་དུ་ཆོས་ཐམས་ཅད་དང་མི་འགལ་བའི་གཏམ་མོ་ཞེས་བརྗོད་པར་བགྱིའོ་ཞེས་གསུངས་སོ། །དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་ནི་ཆོས་ཐམས་ཅད་དང་འགལ་བ་ ཡིན་ཏེ། དེ་དག་ནི་འདི་ལས་སྐྱེ་བ་མེད་པ་ལ་སོགས་པར་འཆད་པའི་ཕྱིར་རོ། །ཆོས་ཐམས་ཅད་དང་མི་འགལ་བའི་གཏམ་མོ་ཞེས་དེ་ཅི་འདི་ལ་བརྫུན་ཟེར་རམ་སྙམ་པ་ནི་རྒོལ་བར་བྱེད་པའི་སེམས་སོ། །ལན་ནི་བཅོམ་ལྡན་འདས་གང་སྐྱེ་བ་མ་མཆིས་པ་དང་འགལ་བའི་ཆོས་དེ་གང་ ཡང་མ་མཆིས་ཏེ་ཞེས་བྱ་བ་ཡིན་ཏེ། སྐྱེ་བ་མེད་པ་དང་། དངོས་པོ་མེད་པ་དང་འགལ་བའི་ཆོས་ནི་གང་ཡང་ཡོད་པ་མ་ཡིན་ཏེ། ཐམས་ཅད་དེ་ཉིད་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །ཡི་གེ་ཁ་ཅིག་ལས་གང་སྐྱེ་བ་མ་མཆིས་པ་ལ་འགལ་བའི་ཆོས་དེ་གང་ཡང་མ་མཆིས་ཏེ་ཞེས་འབྱུང་བ་ དེའི་དོན་ནི་སྐྱེ་བ་མེད་པའི་ཡུལ་ལ་འགལ་བ་གང་ཡང་ཡོད་པ་མ་ཡིན་ཏེ། ཐམས་ཅད་སྐྱེ་བ་མེད་པར་བསྡུས་པའི་ཕྱིར་རོ། །ཅིའི་ཕྱིར་མཐའ་དེ་ཉིད་རྣམ་པར་མི་དབྱེ། གང་གིས་ན་རྣམ་གྲངས་གཞན་གྱི་སྒོ་ནས་བཤད། འདི་ལ་གསལ་བར་བྱས་པ་མེད་དོ་ཞེ་ན། བཀའ་མཆིད་དེ་ནི་ སེམས་ཅན་གང་གིས་ཀྱང་འཚལ་བར་སླ་བ་མ་ལགས་སོ་ཞེས་གསུངས་ཏེ། ཀྱང་གི་སྒྲ་ནི་མངོན་དུ་ཞེས་བྱ་བའི་སྒྲའི་དོན་ཏོ། །སླ་བ་ཞེས་བྱ་བ་ནི་ལས་བྱེད་པའི་བྱེ་བྲག་ཡིན་ནོ། །དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་ནི་ལན་གྲངས་མང་དུ་གསལ་བར་བྱས་ཀྱང་ཇི་ལྟར་ཤེས་པར་སླ་བ་མ་ཡིན་ཞེས་བྱ་བའི་ཐ་ ཚིག་གོ། །ལན་ནི་འདི་ལྟར་ཡོད་པ་གང་ཡང་དམིགས་སུ་མ་མཆིས་པའི་སླད་དུའོ་ཞེས་བྱ་བ་ཡིན་ཏེ། དེ་ལ་ཞེས་བྱ་བ་ལྷག་མའོ། །ཡོད་པ་ནི་གཟུང་བ་ལ་སོགས་པ་ཡོད་པ་དང་། དེ་དམིགས་པ་ལ་བྱ་སྟེ། དེ་ནི་གང་ཡང་གཏམ་དེ་ལ་བསྟན་པ་མེད་དོ། །སྲོག་ ཆགས་རྣམས་ཀྱིས་ནི་ཕལ་ཆེར་དེ་ལ་མངོན་པར་ཞེན་པའི་ལྷུན་སྡུག་པས་དེ་ལྟར་དོན་གསལ་བར་བྱས་སུ་ཟིན་ཀྱང་ཤེས་པར་སླ་བ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། འདི་ལྟར་རེས་འགའ་ཡང་ཡང་དག་པའི་དོན་རྣམ་པར་སྒོམ་པར་བྱེད་པ་མ་ཡིན་ནོ། །བཅོམ་ལྡན་འདས་གཞན་ཡང་ཞེས་བྱ་བ་ནི་ ཡང་ན་གཞན་དུ་ཞེས་བྱ་བའི་དོན་ཏེ། བདག་གིས་དེ་ལ་འདི་སྐད་དུ་མི་སྐྱེ་བ་ཞེས་བྱ་བའི་ཆོས་དེ་བསྟན་པར་གྱུར་ཏོ་ཞེས་བརྗོད་པར་བགྱིའོ་ཞེས་བྱ་བ་ཡིན་ན། །དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་ནི་འདིར་བསམ་པ་ནི་འདི་ཇི་ལྟར་མི་སྐྱེ་བ་ཡིན། ཅི་འདི་ལ་སྐྱེ་བ་ཡོད་པ་མ་ཡིན་པ་ཞེས་བྱ་བ་ནི་ཆོས་ གལ་ཏེ་དེ་ལྟ་ན་འོ་ན་ཤིན་ཏུ་ཐལ་བར་འགྱུར་ཏེ། འདི་ལྟར་འཆད་པ་གཞན་དག་ལ་ཡང་སྐྱེ་བ་ཡོད་པ་མ་ཡིན་པར་འགྱུར་ཏེ། འདི་དེ་ལ་ལྟོས་ན་ཉེས་པར་བསྟན་པ་ཅི་ཡོད་ཅེས་བྱ་བ་ཡིན་ནོ། །ལན་ནི། བཅོམ་ལྡན་འདས་འདི་ལྟར་ཆོས་ཐམས་ཅད་ནི་སྐྱེ་བ་མ་མཆིས་པར་མཉམ་པའི་སླད་ དུའོ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་བསྟན་པ་ནི་ཞེས་བྱ་བ་ནི་ཚིག་ལྷག་མའོ། །སྐྱེ་བ་མེད་པའི་ངོ་བོར་མཉམ་ཞིང་མཐུན་པ་ཡིན་ཏེ། དེ་རང་བཞིན་མཉམ་པ་ཡིན་པའི་ཕྱིར་རོ། །བསྟན་པ་གཞན་ལ་ནི་དེ་ལྟར་བསྟན་པ་མེད་དོ་ཞེས་བྱ་བ་འདི་ལྷག་མ་ཡིན་ནོ། །བཀའ་མཆིད་དེར་ནི་ དགྲ་བཅོམ་པ་རྣམས་ཀྱི་གོང་མ་རྟོགས་པ་མ་བསྟན་ཏོ་ཞེས་བྱ་བ་དེས་ཀྱང་སྐྱེ་བ་མེད་པ་འདི་བསྟན་པ་ཡིན་ནོ་ཞེས་དགོངས་པ་སྟེ། རྟོགས་པར་སྐྱེ་བ་མ་བསྟན་པའི་ཕྱིར་རོ། །གོང་མ་རྟོགས་པ་ཞེས་བྱ་བ་ནི་ཁྱད་པར་དུ་རྟོགས་པ་དང་། ཐར་པ་ཞེས་བྱ་བའི་བར་དུ་ཡིན་ནོ། །མ་བསྟན་ཏོ་ཞེས་ བྱ་བ་ནི་རྟོགས་པའི་གཟུང་བར་བྱ་བ་ཡང་མི་རིགས་པའི་ཕྱིར་རོ། །དེ་དག་ཀྱང་བྱང་ཆུབ་ཡོངས་སུ་སྒྱུར་བ་ཉིད་ཡིན་པའི་ཕྱིར་རོ། །ཐེག་པ་གཅིག་ཏུ་བསྟན་པ་འདི་ཡང་ཐར་པས་ཡིད་སྐྲག་པའི་དབང་དུ་བྱས་ནས་བསྟན་པ་ཡིན་ནོ། །དགྲ་བཅོམ་པའི་ཆོས་རྣམས་ཀྱིས་སོ་སོའི་སྐྱེ་བོའི་ཆོས་ རྣམས་རྣམ་པར་གཞག་པར་བྱས་པ་མེད་པས་སྐྱེ་བར་བསྟན་ཏོ་ཞེས་མ་ཡིན་ནོ་ཞེས་བྱ་བའི་ཕྱིར། ཇི་ལྟར་དགྲ་བཅོམ་པའི་ཆོས་རྣམས་ཀྱིས་སོ་སོའི་སྐྱེ་བོའི་ཆོས་དེ་དག་རྣམ་པར་བཤིག་པ་མ་ལགས་པ་དེ་ལྟར་བསྟན་ཏོ་ཞེས་བྱ་བ་དགོངས་པ་ཡིན་ནོ། །དེ་དག་གིས་དེ་རྣམ་པར་བཤིག་པ་མ་ ཡིན་ཏེ། ཐོག་མ་ཉིད་ནས་དེ་རྣམ་པར་བཤིག་པ་ཉིད་ཡིན་པའི་ཕྱིར་རོ། །མི་སྐྱེ་བ་ཞེས་བྱ་བའི་ཆོས་དེ་བསྟན་པར་གྱུར་ཏོ་ཞེས་ཅིའི་ཕྱིར་བརྗོད། ཇི་ཙམ་དུ་སྐྲག་པ་ཡོངས་སུ་སྤང་བའི་ཕྱིར་འདི་བརྩམས་པ་ཡིན་ན་ནི་དེ་སྐད་དུ་སྨྲས་པ་དེས་ཀྱང་ཤིན་ཏུ་སྐྲག་པ་ཁོ་ནར་བརྗོད་པ་མ་ཡིན་ ནམ་ཞེ་ན་ཉེས་པ་མེད་དེ། གདུལ་བྱའི་བྱེ་བྲག་ལ་ལྟོས་ནས་དེ་ལྟར་བསྟན་པའི་ཕྱིར་ཏེ། འདི་ལ་མི་དགེ་བ་ལ་སོགས་པ་སྐྱེ་བ་མ་ཡིན་ནོ་ཞེས་གང་དག་འཛིན་པ་དེ་དག་གི་ཆེད་དུ་དེ་སྐད་བསྟན་པ་ཡིན་ནོ། །གཞན་དག་ལས་ནི་མི་སྐྱེ་བ་ཞེས་བྱ་བའི་ས་འདིར་ཡང་དག་པར་འདིའི་མཐའ་ ཞེས་འབྱུང་བ་ནི་འདི་ལྟར་བཤད་དེ། ཡང་དག་པ་ནི་དེ་ཁོ་ན་ཉིད་ལ་སོགས་པའོ། །མཐའ་ནི་ཚོགས་དང་མཆོག་དང་མཐར་ཕྱིན་པ་ལ་བྱའོ། །ཡང་ན་བྷུ་ཏ་ཞེས་བྱ་བ་སེམས་ཅན་ལ་བྱ་སྟེ། དེའི་མཆོག་གམ་དངོས་པོ་རྣམས་ཡོད་པའི་མཐར་ཕྱིན་པ་ཞེས་བྱ་བ་ལ་སོགས་པར་བཤད་པ་ ནི་མི་སྐྲག་པར་བྱ་བའི་ཕྱིར་ཡིན་ནོ། །བཅོམ་ལྡན་འདས་གཞན་ཡང་དེ་ལ་བདག་གིས་འདི་སྐད་དུ་ཆོས་བསྟན་པ་འདི་ལ་སེམས་ཅན་གང་ཡང་མྱ་ངན་ལས་འདས་པ་དང་། མྱ་ངན་ལས་འདའ་བ་དང་། མྱ་ངན་ལས་འདའ་བར་འགྱུར་བ་མེད་དོ་ཞེས་བསྟན་ཏོ་ཞེས་བྱ་བ་ནི་ཚིག་ལྷག་ མའོ། །དེ་ལྟར་ན་ཡོངས་སུ་མྱ་ངན་ལས་འདས་པ་མེད་པ་ཞེས་བྱ་བའི་ཆོས་བསྟན་པ་འདི་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དེ་ཡང་མྱ་ངན་ལས་འདས་པ་ལ་སྐྲག་པ་དག་སྟེ་དེ་དངོས་པོ་མེད་པར་བཤད་པས་འདི་ལ་འདུན་པར་བྱ་བའི་ཕྱིར་བསྟན་པ་ཡིན་ནོ། །དེ་ཅིའི་སླད་དུ་ཞེ་ ན་ཞེས་བྱ་བ་ནི་ཡོངས་སུ་མྱ་ངན་ལས་འདས་པའི་ཐབས་བསྟན་པའི་ཕྱིར་རམ། མཉན་པའི་ཕྱིར་འདི་ཇི་ལྟར་བཤད་ཅེས་སེམས་པའོ། །དགོངས་པ་ནི་བཅོམ་ལྡན་འདས་འདི་ལྟར་ཡོད་པ་ཤིན་ཏུ་མི་དམིགས་པའི་སླད་དུ་སྟེ་ཞེས་གསུངས་ཏེ། འདི་དམིགས་སུ་ཡོད་པ་མ་ཡིན་ པས་ཡོད་པ་དམིགས་སུ་མེད་པའོ། །དེའི་དངོས་པོ་ནི་དམིགས་སུ་མེད་པ་ཉིད་དོ། །ཡོད་པ་ནི་མི་དམིགས་པ་དང་། དམིགས་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །ཡོད་པ་ནི་བདག་ཉིད་དོ། །བཅོམ་ལྡན་འདས་དེ་སྐད་འདྲི་ན་ཞེས་བྱ་བའོ། ན་ཞེས་ བྱ་བ་ནི་ཡིད་ལ་བྱེད་པ་ཞེས་བྱ་བའི་དོན་ཏེ། ཞེས་བྱ་བ་ལྷག་མའོ། །བདག་གིས་དེ་སྐད་ཅེས་བགྱིའོ་ཞེས་བྱ་བ་ནི། ཇི་སྐད་དུ་བསྟན་པའི་ཚིག་ཟུར་གྱིས་སོ། །འོ་ན་གང་ཞིག་སྐལ་བ་ཅན་ཆོས་ཡོད་པར་མངོན་པར་མ་ཞེན་པ་དག་འདི་ན་དེ་ལ་ཡང་ཚིག་ཟུར་གྱིས་བརྗོད་དམ་ཞེ་ན། མ་ཡིན་ནོ་ཞེས་བྱ་བའི་ཕྱིར། བཅོམ་ལྡན་འདས་གཞན་ཡང་བདག་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་པར་འཚལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཉིད་ཀྱི་ཚེ་དོན་གྱི་དེ་ཁོ་ན་ཉིད་གཟུང་བའི་ཆེད་དུ། །དེ་ལ་བདག་གིས་འདི་སྐད་དུ་ཞེས་གསུངས་སོ། ། འདི་སྐད་དུ་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། གལ་ཏེ་ཁྱོད་ཉན་པར་འདོད་ན་དེ་མཉན་ཏོ་སྙམ་དུ་ཡིད་མ་གཏོད་ཅིག་ཅེས་གསུངས་ཏེ། མཉན་ཏོ་སྙམ་དུ་ཡུལ་གཞན་ལ་མ་འཇུག་ཅིག །སེམས་མ་སྐྱེད་ཅིག་སེམས་གང་ཞེ་ན་མཉན་ཏོ་སྙམ་དུ་ཞེས་གསུངས་པ་ཡིན་ནོ། །ཡང་ན་ཡིད་ མ་གཏོད་ཅིག་ཅེས་བྱ་བ་ནི་མཉན་ཏོ་སྙམ་དུ་དེ་ལྟར་མ་འདུག་ཅིག་ཅེས་བྱ་བ་ཡིན་ནོ། །དོན་འདི་ཉིད་ནི་མཉན་ཏོ་སྙམ་དུ་སེམས་མ་སྐྱེད་ཅིག་ཅེས་བྱ་བ་ཡིན་ཏེ། མཉན་པར་མངོན་པར་ཞེན་པར་མ་བྱེད་ཅིག་ཅེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་དེ་ལྟར་སེམས་མི་སྐྱེད་ན། འོ་ན་ཇི་ ལྟར་ཆོས་དེ་དག་བཤད་པ་ཉན་པར་ནུས་ཤེ་ན། དེའི་ཕྱིར། ཀྱེ་སྐྱེས་བུ་སྒྱུ་མའི་སྐྱེས་བུའི་ཤེས་རབ་ཅི་འདྲ་བ་དེ་ལྟ་བུའི་ཤེས་རབ་སྐྱེད་ཅིག་དང་། དེ་ལྟ་བུས་ཆོས་བསྟན་པ་འདི་ཤེས་པར་ནུས་སོ་ཞེས་གསུངས་ཏེ། ཇི་ལྟར་སྒྱུ་མའི་རྣམ་པའི་སྐྱེས་བུ་ནི་རང་གིས་སྤྲུལ་པའི་གླང་པོ་ ཆེ་ལ་སོགས་པ་ལ་མི་དམིགས་ཤིང་མངོན་པར་མ་ཞེན་པ་དེ་བཞིན་དུ་ཁྱོད་ཀྱང་ཆོས་བཤད་པ་འདི་དག་ལ་མཉན་པར་མངོན་པར་ཞེན་པར་མ་བྱེད་ཅིག །སྒྱུ་མའི་རྣམ་པའི་སྐྱེས་བུ་ནི་སྒྱུ་མའི་སྐྱེས་བུ་སྟེ། ཚིག་བར་མ་ཁོང་ནས་དབྱུང་བའི་ཕྱིར་རོ། །དེ་ནི་ཤེས་རབ་ལ་མངོན་ པར་ཞེན་པ་མེད་དོ། །དེ་ལྟ་བུས་ཞེས་བྱ་བ་ནི་འོག་ནས་འབྱུང་བའི་ཚུལ་གྱིས་སོ། །བདག་ནི་རྟེན་མེད་པ་གནས་པར་ཇི་ལྟར་སྤྲོ། འདི་ལ་སྒྱུ་མའི་སྐྱེས་བུའི་ཤེས་རབ་ཀྱི་དཔེ་ཡང་རིགས་པ་མ་ཡིན་ཏེ། དེ་ལ་ཡང་རྒལ་བ་མཐུན་པའི་ཕྱིར་དང་། འདྲི་བར་བྱེད་པ་ཡང་རྣ་བ་ལ་ སོགས་པའི་དོན་ལ་བརྟེན་པའི་ཕྱིར་རོ་ཞེ་ན། དེ་ལ་ཀྱེ་སྐྱེས་བུ་གལ་ཏེ་ཁྱོད་ཀྱིས་ཆོས་བསྟན་པ་འདི་ང་ལས་ཉན་པར་འདོད་ན་འདི་ལྟ་བུར་འདུག་ཅིག་ཅེས་བྱ་བའི་ཚིག་དང་སྦྱར་རོ། །དེ་ཇི་ལྟ་ཞེ་ན། འདི་ལྟ་སྟེ་དཔེར་ན་ནམ་མཁའ་ལ་བྱའི་རྗེས་ལྟ་བུར་གནས་པར་གྱིས་ཤིག་ཅེས་ གསུངས་སོ། །གང་གི་ཕྱིར་དེ་ལྟ་བུ་ཡིན་ན་ནི་དེ་ལྟ་བུས་ཆོས་བསྟན་པ་འདི་མཉན་པར་ནུས་ཀྱི་གཞན་གྱིས་ནི་མ་ཡིན་ནོ། །འདི་སྐད་བསྟན་ཏེ། འདི་ལ་གནས་གྱུར་པའི་དོན་ཡོད་པ་མ་ཡིན་གྱི། ཇི་ལྟར་མངོན་པར་ཞེན་པ་གང་ཡིན་པ་སྤོང་བར་བྱེད་པ་དེ་ལྟར་ཡིན་ཞེས་བཤད་ པ་ཡིན་ནོ། །དཔེར་ན་ནམ་མཁའ་ལ་བྱའི་གནས་ནི་རང་གི་སྒྲོ་གཤོག་གི་ནང་ན་ཡོད་པའི་རླུང་ལས་མ་གཏོགས་པར་གནས་པ་མི་ལྟོས་པར་དཀྱིལ་ན་གནས་སོ། །དེ་བཞིན་དུ་ཁྱོད་ཀྱང་ཉེ་བར་ལེན་པའི་ཕུང་པོ་ལྔ་ཙམ་ལས་མ་གཏོགས་པར་གནས་པ་དང་བྲལ་བ་མངོན་པར་ཞེན་པ་མེད་ པའི་ཤེས་རབ་མངོན་དུ་བྱོས་ལའང་འདུག་ཅིག །བདག་དང་བདག་གིས་བྱ་བ་ལ་ཡང་གནས་པར་མ་བྱེད་ཅིག །གཉིས་དང་གཉིས་མེད་པའི་ངོ་བོ་ནི་གདོན་མི་ཟ་བར་དམིགས་པར་བྱ་བ་ཁོ་ན་ཡིན་ནོ། །དེ་ལ་མི་བརྟེན་ན་ནི་གཞན་གང་ལ་བརྟེན་ཏེ་བདག་གི་འདུ་ཤེས་བཤིག་པར་བྱ། ལྟ་བའི་རྣམ་པ་རྟོག་པ་དང་ཆད་པ་ལ་སོགས་པ་ལས་ཡང་དག་པར་འདའ་བར་བྱ། སངས་རྒྱས་ཀྱི་ཆོས་རྣམས་ལ་ཡང་ལྷག་པར་དམིགས་པར་བྱ། སོ་སོའི་སྐྱེ་བོའི་ཆོས་རྣམས་ལས་ཀྱང་བསྐྱོད་པ་ཡིན། འདི་ལྟར་དེ་དག་ཐམས་ཅད་ནི་འདི་ལྟ་སྟེ། མིག་དང་གཟུགས་ནས། ཡིད་དང་ཆོས་ཞེས་བྱ་བའི་བར་དེ་དག་ཡུལ་དང་ཡུལ་ཅན་གཉིས་ཙམ་དུ་ཉན་ཐོས་རྣམས་ཀྱིས་བཟུང་བའི་ཕྱིར་བདག་ཏུ་འདུ་ཤེས་པ་དང་། དེ་ལས་གཞན་དུ་ལྟ་བར་གྱུར་པ་རྣམས་ཤིན་ཏུ་རིང་དུ་སྤོང་བར་བྱེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་གཉིས་སུ་མེད་པའི་དེ་ བཞིན་ཉིད་ཙམ་ལ་དམིགས་པའི་ཕྱིར་གཞན་དག་སྤོང་བར་བྱེད་དོ། །སངས་རྒྱས་ཀྱི་ཆོས་རྣམས་ལ་ཡང་རྟེན་པར་བྱེད་དོ། །གཏན་ཚིགས་དེ་དག་གིས་ན་དེ་གཉི་གས་ཀྱང་སོ་སོའི་སྐྱེ་བོའི་ཆོས་རྣམས་ལས་བསྐྱོད་པ་ཡིན་ནོ་ཞེ་ན། དེའི་ཕྱིར། ཀྱེ་ སྐྱེས་བུ་གལ་ཏེ་ཁྱོད་ཀྱིས་ཆོས་བསྟན་པ་འདི་ཉན་པར་འདོད་ན་དེའི་ཕྱིར་གཉིས་ལ་མ་དམིགས་ཤིག་མི་གཉིས་པ་ལ་ཡང་མ་དམིགས་ཤིག་ཅེས་གསུངས་སོ། །འདིར་ཡང་དེ་ཅིའི་ཕྱིར་ཞེ་ན་ཞེས་དྲིས་ཏེ། འདིར་ཇི་ལྟར་དགོས་པ་དེའི་ལན་ནི་མ་ལོན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ལན་དུ་འདི་ལ་ གཉིས་སུ་བརྗོད་པར་བྱ་བ་ཡོངས་སུ་བརྗོད་པར་བྱ་བའམ། གཉིས་མེད་པར་བརྗོད་པར་བྱ་བ་ཡོངས་སུ་བརྗོད་པ་གང་ཡང་མེད་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །གཞན་དག་ལས་གཉིས་དང་གཉིས་སུ་མེད་པར་སྟོན་པ་བསྟན་དུ་ཟིན་ཀྱང་གདུལ་བྱ་རྣམས་ཀྱི་དབང་དུ་བྱས་པ་ཡིན་གྱི། འདིར་ནི་ཆོས་ཀྱི་རྣམ་གྲངས་འདི་གཅིག་ཁོ་ནར་ངེས་པའི་དོན་ཡིན་པའི་ཕྱིར་གཉིས་གང་ཡང་མི་འཆད་པའི་ཕྱིར་རོ། །འདིར་ཡང་གཉིས་མེད་པ་ཙམ་བསྟན་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ་དེ་ལ་ཡང་གཉིས་སུ་མེད་པ་ཉིད་དུ་དམིགས་ན་གཉིས་ཀྱི་ངོ་བོ་ཉིད་ལས་མ་འདས་པའི་ཕྱིར་རོ། ། འོ་ན་ཅིའི་ཕྱིར་རབ་ཏུ་གྲགས་པའི་དབྱེ་བས་གཉིས་བསྟན། དེ་ལྟ་ན་ཡང་དེ་ལྟར་དོགས་པ་མ་བསལ་བ་ཁོ་ན་མ་ཡིན་ནམ་ཞེ་ན་དེའི་ཕྱིར། གལ་ཏེ་ཆོས་བསྟན་པ་འདི་ཉན་པར་འདོད་ན་བདག་ཏུ་འདུ་ཤེས་རྣམས་ཀྱང་མ་བཤིག་ཅིག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །ལྟ་ བར་གྱུར་པ་ནི་ལྟ་བའི་རྣམ་པའོ། །བདག་ཏུ་འདུ་ཤེས་ལོགས་ཤིག་ཏུ་སྨོས་པ་ནི་ཉོན་མོངས་པ་ཐམས་ཅད་ཀྱི་རྒྱུར་གྱུར་པ་ཉིད་ཀྱིས་ན་གཙོ་བོར་བསྟན་པའི་ཕྱིར་ཏེ། དཔེར་ན་བྲམ་ཟེ་རྣམས་འོངས་སོ། །བ་སིཏ་ཡང་འོངས་སོ་ཞེས་བྱ་བ་བཞིན་ནོ། །དགོངས་པ་ནི་འདི་ཡིན་ཏེ། བདག་ཏུ་འདུ་ཤེས་འཇིག་པ་ལ་སོགས་པར་བྱེད་པ་མེད་པ་ཁོ་ན་ཡིན་ཏེ། དེ་དག་ནི་དེ་ཁོ་ན་ཉིད་ཤེས་པ་རྣམས་ཀྱི་དེ་ཁོ་ན་ཉིད་ཤེས་པ་ཡོད་པའི་ཚེ་དེ་ཡོད་པ་མི་སྲིད་པའི་ཕྱིར་རོ། །འདུ་ཤེས་ལ་སོགས་པ་ནི་འདུ་ཤེས་ལ་སོགས་པའི་དོན་མི་འཐད་པའི་ཡང་ཕྱིར་རོ། །བཅོམ་ལྡན་ འདས་གང་ཞིག་བདག་ལ་ཉན་པར་འཚལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་བསྟན་མ་ཐག་པའི་ཚིག་རེ་རེ་དང་སྦྱར་བའི་ཕྱིར་དང་། མཇུག་སྡུད་པའི་ཕྱིར་རོ། །དེ་སྐད་བརྗོད་པར་བགྱིའོ་ཞེས་བྱ་བ་ནི་དེ་སྐད་སྨྲ་བར་བགྱི་ཞེས་བྱའོ། །དེ་སྐད་རྗེས་སུ་བསྟན་པར་བགྱིའོ་ཞེས་བྱ་བ་ནི་ཕྱིན་ཅི་ ལོག་པས་དེ་སྐད་ཅེས་བྱ་བས་འདུལ་བར་བགྱིའོ། །དེ་ལྟར་འདི་ལ་གཞག་པར་བགྱིའོ་ཞེས་བྱ་བ་ནི་དེ་ལྟར་མཉན་པ་དང་སེམས་པ་ལ་སོགས་པ་དང་རྗེས་སུ་མཐུན་པའི་ཐབས་སྦྱར་བར་བགྱིའོ་ཞེས་བྱ་བའོ། །ཡང་ན་འདི་དག་ནི་ཚིག་སྔ་མ་རྣམ་པར་འབྱེད་པ་ཡིན་ནོ། །དེ་ལྟར་རྗེས་ སུ་གདམས་པ་བསྟན་པ་འདི་ལ་གལ་ཏེ་འདྲི་བའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ལྟར་གནས་ཤིང་འདི་ཉིད་རྣམ་པར་འབྱེད་པ་ནི་དེ་ལྟར་ཞུགས་ན་ཞེས་བྱ་བ་ཡིན་ནོ། །ཡང་ན་དང་པོར་གནས་ཤིང་རྒྱུན་གྱིས་ཞུགས་ན་ཞེས་བྱ་སྟེ། དེ་སྤོབས་པའི་ཕྱག་རྒྱ་འདི་ལ་གནས་པར་གྱུར་ ན་སླད་ཀྱིས་ཞེས་བྱ་བ་འདི་ཉིད་ཀྱི་དོན་ནི་རྗེས་ལ་ཞེས་བྱ་བ་ཡིན་ཏེ། དུས་ཕྱིས་ཞེས་བྱ་བའི་དོན་ཏོ། །རྗེས་སུ་གདམས་པ་འདི་དག་ཉིད་ལ་སྤོབས་པའི་ཕྱག་རྒྱ་ཞེས་བྱ་སྟེ། སྤོབས་པ་སོ་སོའི་ཡང་དག་པར་རིག་པ་སྟོན་པར་བྱེད་པ་དང་། འབྲེལ་པར་སྤོབས་པའི་ཕྱག་རྒྱ་དང་། རྟགས་ཡིན་པའི་ཕྱིར་ཏེ། འདི་ལྟར་རྗེས་སུ་གདམས་པ་སྟོན་པར་བྱེད་པ་དང་། ལམ་ལ་དབང་བ་ཉིད་ཀྱི་ཕྱིར་མ་ལོག་པའི་ཤེས་པ་ཡོད་དོ་ཞེས་འདིས་མངོན་པར་བྱེད་པ་ཡིན་ཏེ། ཐབས་མངོན་སུམ་དུ་བྱས་པ་ནི་ཐབས་འདི་ལ་སྦྱོར་བ་མི་རིགས་པའི་ཕྱིར་རོ། །དེ་དག་ཐམས་ཅད་ འཕགས་པ་འཇམ་དཔལ་གྱིས་རང་དགར་བརྗོད་པ་ཡིན་གྱི། འདི་བཅོམ་ལྡན་འདས་ཀྱིས་གནང་བ་མ་ཡིན་ནོ་ཞེས་ཁ་ཅིག་དོགས་པ་ལ། འཇམ་དཔལ་ལེགས་སོ་ལེགས་སོ་ཞེས་བྱ་བ་འདི་གསུངས་སོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ལ་ཡང་ཕྱིས་འདི་སྐད་གྱིས་ཤིག་ཅེས་ བྱ་བ་ལ་སོགས་པ་ཡང་ཁྱོད་ཀྱིས་ཐབས་གཞན་གྱིས་མན་ངག་དབོག་པར་བྱའོ་ཞེས་སློབ་པ་ཡིན་ནོ། །དེ་ལྟ་མ་ཡིན་ཏེ་གལ་ཏེ་འབྲས་བུ་ཉེ་བར་མ་བསྟན་ན་དེའི་ཚེ་ཆོས་ཉན་པ་འདི་དོན་མེད་པ་ཡིན་ནོ་ཞེས་རྟོགས་ནས་ནུར་བར་འགྱུར་རོ། །དེ་བས་ན་འབྲས་བུ་འདི་ཡང་བསྟན་པར་བྱ་ དགོས་སོ། །དེ་བཞིན་གཤེགས་པ་ལ་བལྟ་བར་འདོད་ན་ཞེས་བྱ་བ་ལ་སོགས་པ་འདི་ཅིའི་ཕྱིར་འཕགས་པ་འཇམ་དཔལ་ལ་བསྟན། བློ་གྲོས་ཡངས་པའི་ཤེས་པ་མེད་པས་དེ་དག་བརྗོད་པར་མི་ནུས་སམ་ཞེ་ན། དེ་ལ་ནི་བརྒལ་དུ་མེད་དེ། འདི་ ལྟར་འདི་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཆོ་འཕྲུལ་སྣ་ཚོགས་པ་ཡིན་ནོ། །དེ་ལ་དེ་བཞིན་གཤེགས་པ་ལ་བལྟ་བ་ནི་དེ་ལ་བསྙེན་བཀུར་བྱེད་པའི་རྒྱུ་ཡིན་ནོ། །ཡང་སྟོན་པར་ཁས་ལེན་པའི་རྒྱུ་ཡིན་ནོ། །དེ་ཡང་རྫོགས་པར་བྱང་ཆུབ་པའི་རྒྱུ་ཡིན་ནོ། །ཅི་དེ་བཞིན་ བཤེགས་པ་ནི་བདག་གི་སྟོན་པའོ་ཞེས་ཁས་བླངས་པ་ཙམ་ཁོ་ནས་བྱང་ཆུབ་པ་ཡིན་ནམ་ཞེ་ན། དེ་ལྟ་མ་ཡིན་ནོ། །འོ་ན་དེ་ཇི་ལྟར་དེའི་རྒྱུ་ཉིད་དུ་བསྟན་ཅེ་ན། དེ་ཁས་ལེན་པ་ནི་བྱང་ཆུབ་འགྲུབ་པར་བྱེད་པའི་ཏིང་ངེ་འཛིན་ཐམས་ཅད་ལས་མཁས་པར་འགྲུབ་པའི་རྒྱུ་མཚན་མ་ཡིན་པའི་ ཕྱིར་རོ། །ཏིང་ངེ་འཛིན་ཐམས་ཅད་ལ་མཁས་པའི་ཚིག་གིས་དེ་དང་ལྷན་ཅིག་ཏུ་སྤྱོད་པ་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཚོགས་རྣམས་ཀྱང་ཉེ་བར་མཚོན་པ་ཡིན་ནོ། །ཡང་ན་ཕ་རོལ་ཏུ་ཕྱིན་པའི་ཚོགས་གང་ལ་ཏིང་ངེ་འཛིན་ལ་མཁས་པ་ཡོད་པས་དངོས་སུ་དེ་ཉིད་བཟུང་ངོ་། །ཏིང་ ངེ་འཛིན་ལ་མཁས་པ་ནི་ཁོང་གཟོ་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་མི་དམིགས་པའི་ཚུལ་གྱིས་བསླབ་པར་བྱའོ་ཞེས་བྱ་བ་ནི། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་མི་དམིགས་པ་ཡིན་པར་བསྟན་པ་དེའི་ཕྱིར་འདི་ལ་བསླབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། ། གང་གི་ཕྱིར་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དང་། ཏིང་ངེ་འཛིན་ལ་མཁས་པ་ལ་སོགས་པ་དང་འབྲེལ་པར་བྱང་ཆུབ་པ་ཡིན་གྱི། སྟོན་པར་ཁས་བླངས་པ་ཙམ་གྱིས་འགྲུབ་པ་མ་ཡིན་པ་དེ་བས་ན། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་ བསྒྲུབ་པར་འདོད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་དངོས་པོ་མེད་པའི་ཚུལ་གྱིས་བསླབ་པར་བྱའོ་ཞེས་བྱ་བ་ནི་མཇུག་སྡུད་པ་ཡིན་ནོ། །རྣམ་པ་ཐམས་ཅད་དུ་མཆོག་གཙོ་བོ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་སྟེ། ཡོན་ཏན་ཡོངས་སུ་ དག་པ་ཡིན་ནོ། །དེ་དག་དང་ལྡན་ཞིང་མངའ་བ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཏེ་དེ་ཉིད་བླ་ན་མེད་པའི་བྱང་ཆུབ་བོ། །འདི་ཟློས་པ་ཡང་མ་ཡིན་ཏེ། འདི་མཇུག་སྡུད་པ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་ཏིང་ངེ་འཛིན་ཐམས་ཅད་ལ་མཁས་པས་ཡེ་ཤེས་དེ་སྐྱེད་པ་ ཡིན་ན་ནི་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པས་ཅི་ཞིག་བྱ། ཏིང་ངེ་འཛིན་ཐམས་ཅད་ལ་མཁས་པ་ཁོ་ན་ལ་བསླབ་པའི་རིགས་སོ་ཞེས་བྱ་བ་ནི་རྒོལ་བའི་དོན་ཡིན་ནོ། །ལན་ནི་འདི་ལྟར་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་བྱས་ པ་མ་ཡིན་པ་དང་མ་སྐྱེས་པ་དང་། དངོས་པོ་མེད་པར་འདིར་བསྟན་ཏོ་ཞེས་བྱ་བ་ནི་ལྷག་མའོ། །འདི་ལྟར་ཆོས་ཐམས་ཅད་ནི་བྱང་ཆུབ་དང་མཉམ་པའོ་ཞེས་བྱ་བ་ནི་ལན་འདེབས་པའི་ཚིག་ཡིན་ཏེ། གཉིས་སུ་མེད་པ་ཉིད་ཀྱིས་བྱང་ཆུབ་དང་མཉམ་པ་ནི་བྱང་ཆུབ་དང་མཉམ་པའོ། ། དེ་བས་ན་ཆོས་གཞན་དག་ལ་སྤྱོད་པ་ཡང་བྱང་ཆུབ་ཀྱི་ཆེད་དུ་སྤྱོད་དོ་ཞེས་བྱ་སྟེ། མཉམ་པ་ཉིད་ལ་དགོངས་ནས་ཞེས་དགོངས་པའོ། །དེ་ཉིད་སྟོན་པ་ནི་ཇི་ལྟར་ཆོས་ཐམས་ཅད་བྱང་ཆུབ་དང་མཉམ་པ་དེ་ལྟར་བྱང་ཆུབ་ཀྱང་ཆོས་ཐམས་ཅད་དང་མཉམ་པའོ་ཞེས་ཁོང་ནས་དབྱུང་བའོ། །མཉམ་ པ་ཉིད་གཉི་ག་ལ་ཡོད་པའི་ཕྱིར་རོ། །ཕན་ཚུན་མཉམ་པར་སྟོན་པ་དེ་དག་གིས་ནི་མཉམ་པ་ཉིད་ལ་དགོངས་པ་གསལ་བར་བྱས་པ་ཡིན་ནོ། །གཞན་དག་གིས་ཀྱང་མཉམ་པ་ཉིད་ལ་དགོངས་པར་སྟོན་པ་ནི། བྱང་ཆུབ་ཇི་ལྟ་བར་སེམས་ཅན་ཐམས་ཅད་ཀྱང་དེ་བཞིན་ནོ་ཞེས་གསུངས་ཏེ། མཉམ་པ་ཞེས་བྱ་བ་ནི་ལྷག་མའོ། །ཅིའི་ཕྱིར་དེ་ལྟར་ཡིན་ཞེ་ན་མེད་པའི་ཕྱིར་ཞེས་གསུངས་ཏེ། རྣམ་པར་བརྟགས་པའི་བདག་ཉིད་ཀྱིས་མེད་པའི་ཕྱིར་རོ། །དེས་ནི་མཉམ་པ་ཉིད་ཁོ་ནར་བསྟན་ཏོ། །ཅིའི་ཕྱིར་མེད་ཅེ་ན། གང་གི་ཕྱིར་ཡོད་པ་ཐམས་ཅད་ནི་སྤྱོད་པ་མེད་པ་ སྟེ། སྤྱོད་པ་ནི་སྒྲུབ་པ་སྟེ། དེ་དང་བྲལ་བ་ཞེས་བྱ་བའི་ཐ་ཚིག་གོ། །སྤྱོད་པ་དེ་ཡང་བྱང་ཆུབ་སྟེ་མཉམ་པ་ཉིད་ཁོ་ན་ཡིན་ནོ། །དེ་བས་ན་བྱང་ཆུབ་གང་ཡིན་པའི་གཏན་ཚིགས་དེས་ན་སྐྱེ་བ་མེད་པ་ཡང་དེ་ཡིན། འབྱུང་བ་མེད་པ་ཡང་དེ་ཡིན་ཏེ་མདོ་སྡེ་དེ་དང་དེ་དག་ཐམས་ཅད་ ལས་བརྟན་པ་ཞེས་བྱ་བ་ནི་ཚིག་ལྟག་མའོ། །དེ་ནི་མཚོན་པར་བྱེད་པ་ཡིན་ཏེ། དངོས་པོ་མེད་པ་ཡང་དེ་ཡིན། མངོན་པར་འདུ་བྱེད་པ་མེད་པ་ཡང་དེ་ཡིན་ཞེས་བྱ་བ་ལ་སོགས་པ་ཡང་ཁོང་དུ་ཆུད་པར་བྱའོ། །ཆོས་ཐམས་ཅད་དེ་ལྟ་བུ་འདི་ལ་ཞེས་བྱ་བ་ནི་འདོད་ ཆགས་ལ་སོགས་པ་ལ་སྟེ། བྱང་ཆུབ་དང་འདོད་ཆགས་དེ་ནི་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཞེས་བྱ་བ་ལ་སོགས་པས་མཉམ་པ་ཉིད་ལ་དགོངས་པར་སྟོན་པ་ལ་ཞེས་བྱ་བ་ནི་དོན་དེ་ཞུམ་པ་མེད་པས་ཞེས་བྱ་བར་སྦྱར་རོ། །དེ་ལྟ་བུའི་ཆོས་འདི་ལ་ཞུམ་པ་མེད་པར་འདོད་པའི་ ཞེས་བྱ་བ་ནི་གལ་ཏེ་སྐྱེ་བ་མེད་པ་དེ་བྱང་ཆུབ་ཡིན་ན་བདག་ཅིའི་ཕྱིར་དེ་སྐྱེད་པའི་ཕྱིར་བརྩོན་པར་བྱེད་ཅེས་དངང་བར་མི་འགྲོ་བར་འདོད་པས་ཞེས་བྱ་བ་ཡིན་ནོ། །ད་ནི་བཅོམ་ལྡན་འདས་རང་ཉིད་ཀྱི་རྒྱུ་དང་བཅས་བའི་འབྲས་བུ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ཡིན་པར་བསྟན་པའི་ ཕྱིར། འཇམ་དཔལ་གང་དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་ནི་བྱང་ཆུབ་སེམས་དཔའ་གནས་སྐབས་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་མཛད་པའོ། །དེ་བཞིན་གཤེགས་པའི་རྣམ་པར་ རོལ་པ་ནི་སངས་རྒྱས་པའི་གནས་སྐབས་ན་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཆོ་འཕྲུལ་ཆེན་པོ་དང་སྤྲུལ་པ་སྟོན་པ་ལ་སོགས་པའོ། །བར་གྱི་ཚིག་གིས་བདུད་དང་གང་པོ་ལས་རྒྱལ་བ་ལ་སོགས་པ་དེ་བཞིན་གཤེགས་པའི་ས་བརྗིད་རྣམས་གཟུང་ངོ་། །རྣམ་པ་དེ་ལྟ་བུ་གཞན་དག་ཀྱང་ ངོ་། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་ཡང་དེར་ཡན་ལག་ཉིད་ཡིན་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ལྷག་པ་ཅི་ཡོད་ཅེ་ན། ལན་དུ་དེ་ནི་བསྟན་དུ་མེད་པ་ཡིན་ཏེ་ཞེས་བྱ་བ་ཡིན་ཏེ། འདི་ལ་དཔེ་བསྟན་དུ་ཡོད་པ་མ་ཡིན་པས་བསྟན་དུ་མེད་པའོ། །དགོངས་ པ་ནི་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དཔེ་མེད་པ་སྟེ། དེ་ཡོངས་སུ་སྨོས་པ་ཉིད་ཀྱིས་ནི་གཞན་སྟོབས་ཅན་དག་ཀྱང་དཔེ་མེད་པ་ཡིན་པར་འགྱུར་རོ། །དེ་བས་ན་འདི་གཙོ་བོ་ཡིན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལས་བསྟན་ཏོ་ཞེས་གསུངས་སོ། །ཅི་དོན་དམ་ པ་ཁོ་ནར་དེ་ལས་བསྟན་ནམ་ཞེ་ན་མ་ཡིན་ཏེ། འདི་ལྟར་ཤེས