Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 95

Văn bản gốc(Tây Tạng)

Trang 4 / 21 (50.000 ký tự/trang)
ིགས་ཉིད་དུ་བསྟན་པས་བཤད་མི་དགོས་ཏེ། གང་ཟག་དེ་གསུམ་གྱིས་བྱེ་བྲག་གསུམ་དེ་དེ་བཞིན་གཤེགས་པའི་བསམ་གྱིས་མི་ཁྱབ་པ་ཡིན་པར་རྟོགས་སོ། །གལ་ཏེ་དེ་དག་བསམ་གྱིས་མི་ཁྱབ་པ་ཡིན་ན། དེ་ནི་དེ་ལྟ་བུ་ཡིན་གྱི་གཞན་དུ་མ་ཡིན་ནོ་ཞེས་སུ་བསྔགས་པ་བྱེད་པར་
འགྱུར། དེ་མ་ཡིན་ནོ་ཞེས་སུ་སྤོང་བར་འགྱུར། མ་བསམས་པར་ནི་དེ་དག་བྱེད་མི་ནུས་པས་བསམ་དགོས་ན། དེ་ཡང་བསམ་གྱིས་མི་ཁྱབ་པའི་ཡུལ་ཅན་གྱི་ཡུལ་མ་ཡིན་པས། དེ་བཞིན་གཤེགས་པ་ནི་ཕྱོགས་གཅིག་ཅིག་མཁྱེན་པར་འགྱུར་རོ། །འོན་ཏེ་བསམ་པ་ལ་ཡང་
བསམ་པ་མ་ཡིན་པར་རྟོགས་ན་ནི་དེ་མ་ཡིན་པ་ལ་དེར་འཛིན་པས་འཁྲུལ་པ་ཡིན་ཏེ། ཕན་ཚུན་འགལ་བ་རྣམ་པ་གཉིས་རིགས་པ་མ་ཡིན་ལ། གསུངས་མ་ཐག་པ་དང་ཡང་འགལ་བར་འགྱུར་རོ་ཞེས་སྙམ་པའི་དོགས་པ་འདི་བསལ་བའི་ཕྱིར། འཇམ་དཔལ་གྱིས་གསོལ་པ། བཅོམ་

ལྡན་འདས་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མིག་དང་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་ནི་བསམ་པར་འོས་པ་མ་ཡིན་ཏེ། གཟུང་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །བསམ་དུ་མ་མཆིས་པ་ཞེས་བྱ་བ་ལ་བསམ་
པ་ནི་སེམས་པའོ། །དེ་དག་སྟོང་པ་ནི་བསམ་དུ་མ་མཆིས་པ་སྟེ། འཛིན་པ་མེད་པའི་ཕྱིར་རོ། །བསམ་དུ་མ་མཆིས་པའི་ཚུལ་འདི་ལ་ཆོས་དེ་དག་གི་ནང་ནས་སུ་ཞིག་བསྔགས་པ་འམ་སྤོང་བར་འགྱུར། སུ་ཞིག་ཅེས་བྱ་བ་ནི་སྤོང་བའི་དོན་ཡིན་པའི་ཕྱིར་ཏེ་གང་ཡང་མེད་དོ་ཞེས་བྱ་བའི་བར་དུ་
ཡིན་ནོ། །འདིར་མདོར་ན་དོན་འདི་ཡིན་ཏེ། བྱིས་པ་རྣམས་ཀྱིས་རྣམ་པར་ཤེས་པའི་རང་གི་ངོ་བོ་མ་ཤེས་པས་འདི་བདག་གིས་བསམ་པར་བྱའོ། །གཞན་ལ་བལྟའོ་སྙམ་པ་འདི་ནི་རྨོངས་པ་འབའ་ཞིག་ཏུ་ཟད་དོ་ཞེས་བྱ་བ་ཡིན་ནོ། །འདི་ཉིད་བསལ་བར་བྱ་བའི་ཕྱིར། འཇམ་དཔལ་ཇི་ལྟར་
ན་དེ་བཞིན་གཤེགས་པ་བསམ་གྱིས་མི་ལང་བ་དེ་ལྟར་ཞེས་བྱ་བ་ལ་སོགས་པས་ཟུར་གྱིས་དྲིས་ཏེ། དེ་བཞིན་གཤེགས་པ་ཇི་ལྟར་བསམ་གྱིས་མི་ཁྱབ་ཅིང་སེམས་པ་སྟོང་པ་ཉིད་ཡིན་པ་དེ་ལྟར་དེ་བཞིན་དུ། སོ་སོའི་སྐྱེ་བོ་རྣམས་ཀྱང་བསམ་གྱིས་མི་ཁྱབ་པ་ཡིན་ནམ་ཞེས་དྲིས་པ་དང་
ལན་དུ། བཅོམ་ལྡན་འདས་སོ་སོའི་སྐྱེ་བོ་རྣམས་ཀྱང་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བསམ་གྱིས་མི་ཁྱབ་པ་དེ་ལ་དེ་བཞིན་གཤེགས་པ་དང་། སོ་སོའི་སྐྱེ་བོ་གཉིས་དངོས་སུ་བྱེ་བྲག་ཅི་ཡང་མ་མཆིས་སོ། །འཇམ་དཔལ་དེ་དེ་བཞིན་ནོ་ཞེས་བྱ་བ་འདིས་ནི་རྗེས་སུ་གནང་
བ་མཛད་ནས་གཏན་ཚིགས་སུ་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསམ་པར་བྱ་བ་ཉིད་དུ་སྒྲོ་འདོགས་པའི་བསམ་པ་ཐམས་ཅད་ནི་བསམ་གྱིས་མི་ལང་ཞིང་སེམས་པས་སྟོང་པ་ཡིན་ཏེ། བསམ་པར་བྱ་བ་དང་སེམས་པར་བྱེད་པའི་དངོས་པོ་མེད་པའི་ཕྱིར་རོ། །
གལ་ཏེ་བསྟན་མ་ཐག་པ་ལྟ་བུའི་དོན་ལགས་ན། འོ་ན་ཅིའི་སླད་དུ་བཅོམ་ལྡན་འདས་ཀྱིས་ཇི་ལྟར་དེ་བཞིན་གཤེགས་པ་བསམ་གྱིས་མི་ལང་བ་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པས་བདག་ལ་འདི་སྐད་དྲི་བ་བཀའ་སྩལ་པ། ཇི་ལྟར་བཀའ་སྩལ་པར་བྱ་བ་མ་ཡིན་ཞེ་ན། དེའི་ཕྱིར་བཅོམ་ལྡན་

འདས་སོ་སོའི་སྐྱེ་བོ་ཉིད་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སོ་སོའི་སྐྱེ་བོ་དེ་དག་བསམ་གྱིས་མི་ཁྱབ་པ་ལྟ་ཞོག་གི །གང་ཡང་དེ་དག་སོ་སོར་འགྲོ་བ་ཀུན་ནས་སློང་བར་བྱེད་ཅིང་རབ་ཏུ་འཇུག་པའི་རྒྱུ་མཚན་ཉིད་ཀྱི་ལས་དེ་དང་དེ་དག་སེམས་པའི་བདག་ཉིད་ཡིན་
པར་ཤིན་ཏུ་གྲགས་པ་དེ་ཡང་སེམས་པ་མེད་པ་ཡིན་ནོ། །འདིར་གཏན་ཚིགས་སུ་བཅོམ་ལྡན་འདས་ཆོས་ཐམས་ཅད་གང་གི་ཕྱིར་བསམ་གྱིས་མི་ཁྱབ་པ་ཡིན་པ་དེ་བཞིན་དུ་མྱ་ངན་ལས་འདས་པར་སེམས་པ་ཡང་ཡིན་ནོ་ཞེས་བྱ་བའི་ཕྱིར། གང་ལ་ལ་དག་མྱ་ངན་ལས་འདས་པའི་སླད་དུ་
ཞུགས་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མྱ་ངན་ལས་འདས་པར་བྱ་བའི་ཕྱིར་འབད་པར་བྱེད་པ་ནི་ཉམ་ཐག་པར་འགྱུར་འཁྱམས་པར་འགྱུར་དོན་མེད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན་དེའི་ཕྱིར་གང་བསམ་གྱིས་མི་ལང་བ་དེ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བསམ་གྱིས་མི་
ཁྱབ་པ་རང་བཞིན་ཉིད་དུ་གྱུར་པ་ཡིན་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་ཡང་དེ་ལྟ་བུ་ཡིན་པར་འབད་པ་མེད་པར་གྲུབ་སྟེ། བསམ་གྱིས་མི་ཁྱབ་པས་ཁྱབ་པར་བྱེད་པ་ནི་ཐམས་ཅད་འབད་མི་དགོས་པར་གྲུབ་པ་ཡིན་ན་མྱ་ངན་ལས་འདས་པ་ལ་འཇུག་པའི་ཉམ་ཐག་པ་དོན་མེད་པའི་གནས་
སུ་གྱུར་པ་ཅི་དགོས། ཐེག་པ་གཅིག་པ་ཉིད་དུ་བསྟན་ཅིང་མཇུག་སྡུད་པའི་ཕྱིར། དེའི་སླད་དུ་བསམ་གྱིས་མི་ལང་བ་ལ་ཐ་དད་པ་མ་མཆིས་སོ་ཞེས་གསུངས་ཏེ། བསམ་གྱིས་མི་ཁྱབ་པ་ལ་ནི་སོ་སོའི་སྐྱེ་བོ་དང་འཕགས་པ་གཉིས་ཐ་དད་པ་མེད་དོ་ཞེས་བྱ་བའི་ཚིག་གི་ལྷག་མའོ། །ཡང་
དག་པར་སོ་སོའི་སྐྱེ་བོ་དང་འཕགས་པའི་ཆོས་ཐམས་ཅད་ཐ་དད་པར་སྨྲ་བ་དེ་དག་ནི་དེ་དག་གི་མི་ཤེས་པས་སྤུངས་པ་ཡིན་ནོ། །དེའི་ཕྱིར་གང་དག་འདི་སྐད་དུ། འདི་དག་ནི་སོ་སོའི་སྐྱེ་བོའི་ཆོས་རྣམས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་དག་ལ་འོག་ནས་འབྱུང་བ་འདི་སྐད་དུ་བརྗོད་པར་
བྱའོ། །དགེ་བའི་བཤེས་གཉེན་ཞེས་བྱ་བ་ལ། དགེ་བ་ནི་ཕན་པ་དང་བདེ་བ་ཐོབ་པ་སྟེ། གང་ལ་འདུ་བྱེད་ཀྱི་སྡུག་བསྔལ་ཙམ་ཡང་མེད་པ་ཡིན་ཏེ། དེ་ནི་མྱ་ངན་ལས་འདས་པ་ཡིན་ནོ། །དེར་དགེ་བའི་བཤེས་གཉེན་བྱེད་པ་ནི་ཡང་དག་པའི་མཐའ་དང་། མན་ངག་སྦྱིན་པ་གཉིས་ཀྱི་

གྲོགས་བྱེད་པའོ། །དེ་དག་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། དེ་དག་གི་ཉན་ཐོས་རྣམས་སོ། །དེ་དག་ལ་བསྙེན་བཀུར་བྱ་བ་ནི། རྣམ་པ་ཐམས་ཅད་དུ་མཉེས་པར་བྱ་བའོ། །དགེ་བའི་བཤེས་གཉེན་མཉེས་པར་བྱས་པ་དེ་ལས་ཕྱིས་སོ་སོའི་སྐྱེ་བོ་དང་འཕགས་པའི་
ཆོས་རྣམས་ཀྱི་རང་གི་ངོ་བོ་ཤེས་པར་འགྱུར་གྱི། ད་ལྟར་ནི་མི་དགེ་བ་ལ་གནས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །སེམས་ཅན་ཐམས་ཅད་ཀྱི་མཆོག་སེམས་ཆེ་བ་ཉིད་ཕུན་སུམ་ཚོགས་པའི་དབང་དུ་བྱས་ནས། འཇམ་དཔལ་ཁྱོད་དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་ཀྱི་
མཆོག་ཏུ་འདོད་དམ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གལ་ཏེ་འདི་ལ་སེམས་ཅན་དུ་ཡོངས་སུ་གྲུབ་ཅིང་སྐྱེས་པ་འགའ་ཞིག་མཆིས་ན་ནི་བདག་དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་ཀྱི་མཆོག་གཙོ་བོ་ལགས་པར་འཚལ་བ་ཞིག་ན། གྲུབ་པ་དེ་ནི་མ་མཆིས་ཏེ་ཆོས་
ཐམས་ཅད་མ་སྐྱེས་པའི་ཕྱིར་རོ། །དེ་བས་ན་གང་ལ་ལྟོས་ཏེ་གང་ཞིག་མཆོག་ལགས་ཞེས་བསམས་པའོ། །སྤངས་པ་དང་རྟོགས་པ་ཆེན་པོ་ཉིད་ཕུན་སུམ་ཚོགས་པའི་དབང་དུ་བྱས་ཏེ། འཇམ་དཔལ་ཁྱོད་དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་པའི་ཆོས་དང་ལྡན་པར་འདོད་
དམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་དང་གསུང་དང་ཐུགས་བསམ་གྱིས་མི་ཁྱབ་པའི་ཆོས་ཐུན་མོང་མ་ཡིན་པ་དཔེ་མེད་ཅིང་བདག་ཉིད་ཆེན་པོ་དང་ཤིན་ཏུ་ལྡན་པ་བརྙེས་ཏེ་མངའོ་ཞེས་བྱ་བའི་བར་དུ་ཡིན་ནོ། །ལྡན་པ་དེ་ཡང་གཟུང་བ་དང་འཛིན་པར་རྣམ་པར་རྟོག་པ་བརྒྱད་མ་ལུས་
པར་སྤངས་པ་ཡིན་གྱིས་གཞན་དུ་ནི་མ་ཡིན་ནོ། །དེ་སྐད་དུ་མགོན་པོ་བྱམས་པས་ཀྱང་། གནོད་བྱེད་འདི་དག་ཟད་གྱུར་ན། །རིང་ཞིག་ལོན་ནས་དབུགས་ཕྱུང་བཞིན། །འགྲོ་བའི་བདེ་བའི་རྣམ་པ་ཀུན། །སྒྲུབ་བྱེད་ཡོན་ཏན་ཕུན་སུམ་ཚོགས། །རྣམ་པ་ཐམས་ཅད་ཀུན་
ལྡན་པའི། །འདོད་པའི་འབྲས་བུ་རྒྱ་ཆེན་རྣམས། །སེམས་ཅན་ཆེན་པོ་ཁྱོད་བསྟེན་པ། །རྒྱ་མཚོ་ཆེན་པོར་ཆུ་ཀླུང་བཞིན། །ཞེས་གསུངས་ཏེ། གལ་ཏེ་བསམས་པའི་ཆོས་དང་ལྡན་པ་འགའ་ཞིག་མཆིས་ན་ནི་དེ་ལྟར་འགྱུར་ན་དེ་ཡང་མ་མཆིས་ཏེ། ཆོས་ཐམས་ཅད་

བསམ་གྱིས་མི་ཁྱབ་པ་ལགས་པའི་ཕྱིར་རོ། །དེ་ལྟར་ན་དེ་བཞིན་གཤེགས་པ་ཡང་བསམ་གྱིས་མི་ཁྱབ་པའི་ཆོས་དང་ལྡན་ནོ་སྙམ་དུ་མངོན་པར་ཞེན་པའི་རྣམ་པར་རྟོག་པ་དག་བསྐྱེད་པར་མི་བགྱིད་དེ། བདག་ལ་སོགས་པ་གཅིག་པུ་དང་། ཕུང་པོ་ལ་
སོགས་པ་ལ་ལྡན་པ་གང་ཡང་མི་དམིགས་པའི་ཕྱིར་རོ་ཞེས་དགོངས་པའོ། །ཕུན་སུམ་ཚོགས་པ་རྣམ་པ་དེ་དག་གསུམ་བརྙེས་པའི་བསྟན་པ་པོ་གང་གི་ཆེད་དུ་འཇུག་པའི་ཕྲིན་ལས་བསྟན་པའི་ཕྱིར། འཇམ་དཔལ་ཁྱོད་ཉན་ཐོས་འདི་ལྟ་བུ་འདི་དག་ནི་དེ་བཞིན་གཤེགས་པས་བཏུལ་ལོ་ཞེས་
བྱ་བར་འདོད་དམ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལྟ་བུ་ཞེས་བྱ་བ་ནི་བསམ་པ་དང་དབང་པོ་དང་དད་པའི་བྱེ་བྲག་ཅན་ནོ། །འདི་དག་ནི་ཞེས་བྱ་བ་ནི་འདུས་པ་དང་པོ་ནས་ད་ལྟར་འཁོད་པ་ཡན་ཆད་དོ། །ཉན་ཐོས་ཞེས་བྱ་བ་ནི་མཚན་ཉིད་ཀྱིས་ན་ཐེག་པ་གསུམ་ཆར་གྱིའམ་
གྲགས་པའི་ཉན་ཐོས་ཀྱི་ཐེག་པ་པ་སྟེ། དེ་དག་བཏུལ་ཏེ་བསྟན་པ་ལ་བཙུད་པ་དང་། དགེ་བའི་རྩ་བ་བསྐྱེད་པ་དང་། ཡོངས་སུ་སྨིན་པར་བྱས་པ་དང་གྲོལ་བར་བྱས་སམ་ཞེས་དྲིས་པ་དང་། གལ་ཏེ་ལ་ལ་ཞིག་བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་བྱ་བ་ལ་སོགས་པ་གསུངས་
ཏེ། བསམ་གྱིས་མི་ཁྱབ་པའི་དབྱིངས་འདུལ་བ་ནི་ཉེས་པ་ཟློག་པ་དང་། ཡོན་ཏན་འབྱུང་བར་བྱེད་པའི་མཚན་ཉིད་དུ་འགྱུར་ན། ཐོབ་ན་ནི་དེ་ལྟར་འཚལ་ན་དེ་དག་ནི་མ་མཆིས་ཏེ། དེ་བས་ན་དེ་ལྟར་མི་འཚལ་ལོ་ཞེས་དགོངས་པའོ། །དེ་ཉིད་གསལ་བར་བྱེད་པ་ནི་བཅོམ་ལྡན་
འདས་སངས་རྒྱས་འབྱུང་བ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། བྱང་ཆུབ་ཀྱི་ཕྱོགས་དང་། མྱ་ངན་ལས་འདས་པ་གང་ལ་ཡང་ཕན་པ་འབྱུང་བར་འགྱུར་པའམ། འདོད་ཆགས་ལ་སོགས་པའམ། འཁོར་བ་གང་ལ་ཡང་སྤོང་ཞིང་ཞེས་གནོད་པར་ཉེ་བར་གནས་པ་མ་ལགས་འཇུག་
པ་མ་ལགས་སོ། །འདིར་གཏན་ཚིགས་གང་ཞེ་ན། འདི་ལྟར་དབྱིངས་འདི་ནི་གནས་པ་ཉིད་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ནི་ཞེས་བྱ་བ་ནི་དབྱིངས་ཀྱི་རང་གི་ངོ་བོ་མངོན་སུམ་དུ་གྱུར་པ་ལ་བྱའོ། །དབྱིངས་འདི་ནི་གནས་པ་ཉིད་ནི་གནས་པ་ཉིད་དང་ཞེས་བྱ་བ་ནི་སྐྱེ་བ་དང་འགག་པ་

བསལ་བའོ། །མ་འདྲེས་པ་ནི་གཞན་དང་མ་འདྲེས་པའོ། །དེ་ཡང་གང་ཞེ་ན། འདི་ལྟར་དབྱིངས་འདི་ནི་དབྱིངས་གང་ཡིན་པའོ། །བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ལ་ནི་ཉན་ཐོས་ཐ་དད་པ་ནས་སོ་སོའི་སྐྱེ་བོ་ཐ་དད་པའི་བར་དུ་མི་དམིགས་སོ། །བར་དུ་ཞེས་བྱ་བའི་སྒྲས་ནི་རང་སངས་
རྒྱས་ལ་སོགས་པ་བསྡུའོ། །སོ་སོའི་སྐྱེ་བོ་ཐ་དད་པར་མི་དམིགས་ཏེ། མི་རྟོགས་ན་དེ་ལས་གཞན་འདུལ་བར་བྱ་བ་ག་ལ་ཡོད་ཅེས་བྱ་བ་ལྷག་མའོ། །ཐབས་གང་གིས་ལས་དེ་དག་བྱེད་པའི་ཐབས་དེ་བསྟན་པའི་ཆེད་དུ། འཇམ་དཔལ་ཁྱོད་འདི་ལྟར་དེ་བཞིན་གཤེགས་པ་བསོད་ནམས་
ཀྱི་ཞིང་བླ་ན་མེད་པ་ཡིན་པར་མི་འདོད་དམ་ཞེས་གསུངས་སོ། །དེ་བཞིན་གཤེགས་པ་བསོད་ནམས་ཀྱི་ཞིང་ཞེས་བྱ་བ་ལ། བསོད་ནམས་སྐྱེ་བ་དང་། གནས་པའི་ཞིང་དང་རྟེན་དང་གཞི་སྟེ། སེམས་དང་བ་བསྐྱེད་པའི་བསོད་ནམས་ཤིན་ཏུ་སོགས་པ་དག་ཕྱོགས་བཅུའི་སངས་
རྒྱས་ཀྱི་ཞིང་རབ་འབྱམ་དག་ཏུ་འཁོར་བ་ཇི་ཙམ་པར་སེམས་ཅན་གྱི་དོན་དུ་སྤྱད་ཀྱང་ཡོངས་སུ་གཏུགས་པར་མི་འགྱུར་བའི་གནས་ཡིན་པའི་ཕྱིར་བླ་ན་མེད་པ་སྟེ། འདི་ལས་ལྷག་པ་གོང་ན་མེད་པའི་ཕྱིར་རོ། །དེ་ལྟ་བུ་ཡིན་ནམ་ཞེས་དྲིས་པ་དང་ལན་དུ་བཅོམ་ལྡན་འདས་དངོས་པོ་མ་མཆིས་
པའི་སླད་དུ་ཞེས་གསོལ་ཏེ། དངོས་པོར་ཤེས་པ་དང་བྲལ་བའི་ཕྱིར། དེ་བཞིན་གཤེགས་པ་བསོད་ནམས་ཀྱི་ཞིང་ངོ་། །དངོས་པོ་མེད་པར་མཁྱེན་པ་དེ་ཉིད་ཀྱིས་ན། དེ་ནི་བསོད་ནམས་ཀྱི་ཞིང་བླ་ན་མ་མཆིས་པ་སྟེ། སྟོང་པ་ཉིད་མཁྱེན་པའི་བདག་ཉིད་ལགས་པའི་ཕྱིར་རོ། །དེ་
སྐད་དུ་ཡང་། བྱང་ཆུབ་སེམས་ཀྱི་བསོད་ནམས་དང་། །དམ་ཆོས་འཛིན་པའི་བསོད་ནམས་གང་། །སྟོང་པ་ཉིད་ལ་བརྩོན་པ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་གསུངས་སོ། །ཡོན་ཏན་གྱིས་གང་བ་ཉིད་ཀྱང་། སྐྱོན་གྱིས་མ་གང་བ་ཉིད་ཀྱིས་ཞིང་དམ་པ་ཡིན་ནོ། །འདིར་ནི་
བསོད་ནམས་ཀྱི་ཞིང་ཡོན་ཏན་དང་སྐྱོན་གྱིས་མ་གང་བ་ཉིད་ཀྱིས་ཞིང་དམ་པ་ཡིན་ནོ། །འདི་ནི་བསོད་ནམས་ཀྱི་ཞིང་ཡོན་ཏན་དང་། སྐྱོན་མ་སྐྱེས་པར་ཐུགས་སུ་ཆུད་པའི་ཕྱིར། ཞིང་དེ་ནི་གང་བ་མ་ལགས་ཤིང་མ་གང་བ་ཡང་མ་ལགས་ཏེ། དེ་ལྟ་བུའི་དངོས་པོར་དགོངས་པས་ན་བླ་ན་མེད་

པར་རིག་པར་བྱའོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཡང་དེ་ལ་ཆོས་གང་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཞེས་བྱ་བ་ནི་ཞིང་དུ་འདོད་པ་ལའོ། །ཆོས་གང་ཡང་ཡང་དག་པར་འགྲུབ་པར་མི་འགྱུར་ཞེས་བྱ་བ་ནི་མི་སྐྱེ་བ་ཤེས་པའོ། །
བས་པར་མི་འགྱུར་ཞེས་བྱ་བ་ནི་ཟད་པ་ཤེས་པ་སྟེ། དེ་ཉིད་སྔར་བསྟན་ཟིན་ཏོ། །དེ་ལྟར་ན་དེ་བསོད་ནམས་ཀྱི་ཞིང་ལགས་སོ་ཞེས་བྱ་བ་ནི་རྣམ་པ་གཞན་གྱིས་བསལ་བའི་མཇུག་སྡུད་པའོ། །དེ་ལ་ཡང་ས་བོན་བཏབ་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། དེ་ལ་ནི་ཞེས་བྱ་བ་ནི་ཞིང་གི་མཚན་
ཉིད་བསྟན་ཟིན་པ་དག་ལའོ། །ཡང་གི་སྒྲ་ནི་སྡུད་པར་བྱེད་པའོ། །ས་བོན་ནི་དགེ་བའི་རྩ་བའོ། །བཏབ་པ་ནི་རབ་ཏུ་བསྐྱེད་པ་སྟེ། དེ་ལྟ་བུའི་ངོ་བོ་འདོད་པའི་ཚུལ་གྱིས་སེམས་དང་བར་གྱུར་པའི་ཕྱིར་བཏབ་པ་ཡིན་ནོ། །རྣམ་པར་མི་འཕེལ་ཞིང་ཡོངས་སུ་མི་འགྲིབ་བོ་ཞེས་བྱ་བ་ནི་སྐྱེ་བ་མེད་པ་ཉིད་དུ་
སྟོན་པ་ཡིན་ནོ། །དེ་གསལ་བར་བྱ་བའི་ཕྱིར། འཇམ་དཔལ་ཁྱོད་ཀྱིས་ཅི་ལས་བརྩམས་ཏེ་ཞེས་བྱ་བ་ལ་སོགས་པ་དྲིས་སོ། །གཏན་ཚིགས་སུ་བཅོམ་ལྡན་འདས་འདི་ལྟར་ཞིང་དེ་ནི་བསམ་གྱིས་མི་ཁྱབ་པ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བསམ་གྱིས་མི་ཁྱབ་པ་ནི་བསམ་པའི་གནས་མེད་
པར་སྔར་བསྟན་པའི་རྣམ་པ་ལྟ་བུ་ཡིན་གྱི་དེ་ལྟ་མ་ཡིན་ན་དེ་བསོད་ནམས་ཀྱི་ཞིང་མ་ཡིན་ནོ། །འདི་སྐད་བསྟན་ཏེ་དེ་ལ་སེམས་དང་བ་བསྐྱེད་པ་ནི་དེ་ཉིད་ཀྱི་དངོས་པོ་འཐོབ་པར་འགྱུར་ཏེ། ས་བོན་གྱི་ཆོས་ནི་འབྲས་བུ་ལས་གཞན་དུ་མི་འགྱུར་བའི་ཕྱིར་རོ། །དེ་ནས་དེའི་ཚེ་སངས་རྒྱས་ཀྱི་མཐུས་ཞེས་བྱ་བ་ལ་
སོགས་པ་གསུངས་པ་ལ། དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་ཏུའོ། །དེའི་ཚེ་ཞིང་བྱ་བ་ནི་སངས་རྒྱས་ཀྱི་ཞིང་དུ་བསྟན་པའི་ཚེའོ། །སངས་རྒྱས་ཀྱི་མཐུས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཀྱིས་ཏེ། དེ་ཡང་བདག་ཉིད་ཆེ་བ་ཉིད་དུ་བསྟན་པས་གདུལ་བྱ་རྣམས་ཆོས་འདི་ལ་འཇུག་པར་བྱ་
བའི་ཕྱིར་རོ། །རྣམ་པ་དྲུག་ཏུ་དབྱེ་བ་ནི་བྱེད་པའི་བྱེ་བྲག་ཡིན་ཏེ། ཤར་ཕྱོགས་མཐོ་ལ་ནུབ་ཕྱོགས་དམའ་བ་སྟེ་གཅིག །ནུབ་ཕྱོགས་མཐོ་ལ་ཤར་ཕྱོགས་དམའ་བ་དང་གཉིས། དེ་བཞིན་དུ་ལྷོ་ཕྱོགས་དང་བྱང་ཕྱོགས་གཉིས་ལ་གཉིས་སོ། །དབུས་དང་མཐའ་གཉིས་ལ་གཉིས་ཏེ་རྣམ་པ་དྲུག་

གོ། །དགེ་སློང་ཁྲི་དྲུག་སྟོང་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ལ་གང་ཡང་འཁོར་འདུས་པའི་ཚེ། དགེ་སློང་སྟོང་ཚང་བ་ཞེས་བྱ་བ་ལ་སོགས་པ་ནི་དེ་དག་དགྲ་བཅོམ་པའི་དབང་དུ་བྱས་སོ་ཞེས་བྱ་བར་ཤེས་སོ། །ལེན་པ་མེད་པར་ཟག་པ་རྣམས་ལས་ཞེས་བྱ་བ་ལ། ཟག་པ་ནི་རྣམ་པ་
བཞི་སྟེ། འདོད་པའི་ཟག་པ་དང་། སྲིད་པའི་ཟག་པ་དང་། མ་རིག་པའི་ཟག་པ་དང་། ལྟ་བའི་ཟག་པའོ། །འདོད་པ་ལ་སོགས་པ་དེ་དག་ཉིད་ཉེ་བར་ལེན་པ་ཡིན་ཏེ། མ་རིག་པས་མདོངས་པར་གྱུར་ཅིང་། ལྟ་བའི་ཆུས་བརླན་པའི་བདག་ཏུ་མངོན་པར་ཞེན་པ་དག་ནི་ཕུང་པོ་ལ་
སོགས་པ་ལེན་པའི་ཕྱིར་རོ། །དེ་ལྟ་བུར་ལེན་པ་མེད་པས། ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་བྲལ་ཞིང་རྣམ་པར་གྲོལ་བར་གྱུར་ཏོ། །དགེ་སློང་མ་བདུན་བརྒྱ་དང་ཞེས་བྱ་བ་ནི་གོང་མ་དང་སྦྱར་རོ། །ཡང་ན་འོག་མ་དང་སྦྱར་རོ། །རྡུལ་དང་བྲལ་ཞིང་ཞེས་བྱ་བ་ནི་གློ་བུར་བའི་མཚན་མ་
དང་བྲལ་བའི་ཕྱིར་རོ། །དྲི་མ་མེད་པ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་གནས་ངན་ལེན་གྱི་དྲི་མ་དང་བྲལ་བའི་ཕྱིར་རོ། །ཆོས་ལ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ལའོ། །ཆོས་ཀྱི་མིག་ཅེས་བྱ་བ་ནི་སྟོང་པ་ཉིད་ལ་སོགས་པའི་ཆོས་ཀྱི་ཡུལ་ཅན་གྱི་ཡེ་ཤེས་སྐྱེས་ཤིང་བྱུང་བ་སྟེ། ཡུལ་འདི་
ལ་མཚན་མའི་གནས་ངན་ལེན་དང་བྲལ་བར་གྱུར་ཏོ་ཞེས་བྱ་བའི་ཐ་ཚིག་གོ །དོག་ས་ཆེར་གཡོས་པ་རྒྱུན་དུ་བྱུང་བ་འདིའི་རྒྱུ་གང་ལགས་རྒྱུ་དེའི་གྲོགས་བགྱིད་པའི་རྐྱེན་གང་ལགས་ཞེས་དྲིས་པ་དང་ལན་དུ། ཀུན་དགའ་བོ་བསོད་ནམས་ཀྱི་ཞིང་བསྟན་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་འདི་
ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིས་སམ་འདིར་བསོད་ནམས་ཀྱི་ཞིང་བསྟན་པས་ན་བསོད་ནམས་ཀྱི་ཞིང་བསྟན་པའོ། །སྔོན་གྱི་སངས་རྒྱས་རྣམས་ཀྱིས་ཀྱང་ཞེས་བྱ་བ་ནི་མཚན་མ་སྨོས་པ་རྣམས་ཀྱིས་ཏེ། གྲངས་ཀྱི་བྱེ་བྲག་མ་བསྟན་པའི་ཕྱིར་དང་། འཇིག་པའི་རྒྱུ་སྐྱོན་ཐམས་
ཅད་ལས་རྣམ་པར་གྲོལ་བའི་དེ་བཞིན་གཤེགས་པ་རྣམས་ཀྱི་བཞུགས་ཡུལ་ནི་འཇིག་པའི་ཡུལ་མ་ཡིན་པའི་ཕྱིར་རོ། །བསྐལ་པ་བཟང་པོ་ལ་འོད་སྲུངས་ལ་སོགས་པས་འདི་བཤད་དོ་ཞེས་འཆད་པ་ནི་རིགས་པ་མ་ཡིན་ཏེ། དེ་འབའ་ཞིག་མ་ཡིན་གྱི་སྔ་མ་དག་ཀྱང་ཡིན་ནོ། །དེ་ལྟ་

མ་ཡིན་ན་རོལ་པས་ཆུབ་པ་ལས་འདི་སྐད་དུ། སངས་རྒྱས་བྱེ་བ་སྟོང་ཕྲག་ནི། །དགུ་བཅུ་རྩ་གཅིག་བདག་སྔོན་དྲན། །དྲང་སྲོང་ཞེས་བྱའི་ཚལ་མཆོག་འདིར། །ཆོས་ཀྱི་འཁོར་ལོ་དམ་པ་བསྐོར། །ཞེས་འབྱུང་བ་དང་། ཇི་ལྟར་རྗེས་སུ་མཐུན་པར་འགྱུར། ས་
ཕྱོགས་འདི་ཉིད་དུ་ཞེས་གསུངས་པ་གང་ཡིན་པ་དེ་ནི་ས་ཕྱོགས་གཞན་དུ་མ་ཡིན་ནོ། །གསུངས་ཏེ་ཞེས་བྱ་བ་ནི་བཤད་དེའོ། །འདིའི་རྒྱུ་ནི་དེ་ཡིན་ནོ་ཞེས་བྱ་བ་ནི་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་བཞུགས་ཏེ་བཤད་པའི་མཚན་ཉིད་དོ། །རྐྱེན་ནི་དེ་ཡིན་ནོ་ཞེས་བྱ་བ་ནི་ད་ལྟར་བཞུགས་ཏེ་འཆད་
པའོ། །དེ་ལྟར་ན་ཇི་ལྟར་བགྲོད་པར་བྱ་བར་གཤེགས་པ་དང་། ཇི་ལྟར་ཐུགས་སུ་ཆུད་པ་གསུང་བ་དང་། གང་གི་ཆེད་དུ་འཇུག་པ་དེ་ཐོབ་པ་དང་། དེའི་ཕྲིན་ལས་སེམས་ཅན་འདུལ་བ་གང་ཡིན་པ་དང་། དེའི་ཐབས་བསོད་ནམས་ཀྱི་ཞིང་སྟེ། དེ་དག་ནི་སངས་རྒྱས་ཀྱི་ཆོས་བསྟན་པ་ཡིན་ནོ། །
བྱང་ཆུབ་ཀྱི་ཕྱོགས་ཀྱི་དམིགས་པའི་རྣམ་པ་བསྟན་པ་རྫོགས་སོ།། །།དེའི་འབྲས་བུ་ཐོབ་པའི་དབང་དུ་བྱས་ཏེ། བཅོམ་ལྡན་འདས་འཇམ་དཔལ་འདི་ནི་བསམ་གྱིས་མི་ཁྱབ་པའི་དཔལ་ལོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བསམ་གྱིས་མི་ཁྱབ་པ་ནི་བསམ་པར་མི་ནུས་པའོ། །
དཔལ་ནི་སྐུ་དང་གསུང་དང་ཐུགས་ཕུན་སུམ་ཚོགས་པ་སྟེ། ཆེ་བའི་བདག་ཉིད་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བཤད་དོ། །གཏན་ཚིགས་སུ་འདི་ལྟར་འདིའི་སྤོབས་པ་གང་དང་གང་ལགས་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་དང་གང་ལགས་པའི་སྤོབས་པ་ནི་སེམས་ལ་སྣང་བ་སྟེ།
དེ་དག་ཉིད་བསམ་གྱིས་མི་ཁྱབ་པ་ཉིད་ལགས་ཀྱི་གཞན་སྤོབས་པ་མ་ལགས་སོ། །འཇམ་དཔལ་དགེ་སློང་ཤ་ར་དྭ་ཏིའི་བུས་ཚིག་ཇི་སྐད་སྨྲས་པ་དེ་བཞིན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི། བཅོམ་ལྡན་འདས་ཀྱིས་ཀྱང་རྗེས་སུ་གནང་བ་མཛད་པ་ཡིན་ཏེ། ཤཱ་རིའི་བུ་འདིས་སངས་རྒྱས་
ཉིད་དུ་ཞུགས་པ་འཕགས་པ་འཇམ་དཔལ་གྱི་སྤོབས་པ་ཇི་ལྟར་ཁོང་དུ་ཆུད་ན་དེ་སྐད་དུ་སྨྲ་ཞེས་འགའ་ཡང་འདི་ལ་དོགས་པར་མ་བྱེད་ཅིག་ཅེས་བྱ་བ་ཡིན་ནོ། །འཇམ་དཔལ་གྱིས་ཀྱང་དེ་ཉིད་བསྟན་པའི་ཕྱིར། བཅོམ་ལྡན་འདས་བསམ་གྱིས་མི་ཁྱབ་ན་སྤོབས་པར་མི་འགྱུར་རོ་ཞེས་བྱ་བ་ལ་

སོགས་པ་གསུངས་ཏེ། བདག་ཤིན་ཏུ་སྤོབས་པ་བཀག་པ་དེའི་རང་བཞིན་ལགས་སོ་ཞེས་བསྟན་ཏོ། །གལ་ཏེ་བསམ་གྱིས་མི་ཁྱབ་པ་སྤོབས་པར་འགྱུར་ན་ནི་ཞེས་བྱ་བ་ནི་གལ་ཏེ་བསམ་གྱིས་མི་ཁྱབ་པ་ཡིན་ནོ་ཞེས་སྤོབས་ཤིང་མདུན་དུ་བཞག་ན་ནི་བསམ་དུ་མ་མཆིས་པ་ཉིད་དུ་འགྱུར་
རོ།། །།བམ་པོ་ལྔ་པ། གལ་ཏེ་བསམ་གྱིས་མི་ཁྱབ་པ་ཡིན་ན་སྤོབས་པ་མེད་པས་ཇི་ལྟར་སྟོན་པར་འགྱུར། འོན་ཏེ་སྟོན་ན་ནི། ཇི་ལྟར་སྤོབས་པ་མེད་པ་ཡིན་ཞེས་བྱ་བའི་འགལ་བ་འདི་དག་བསལ་བའི་ཕྱིར། ཡང་གང་བསམ་གྱིས་མི་ཁྱབ་པ་མ་ལགས་པ་ནི་གང་ཅི་
ཡང་མ་མཆིས་སོ་ཞེས་གསུངས་སོ། །ཡང་ཞེས་བྱ་བ་ནི་སྔ་མ་ལས་ཕྱེ་སྟེ་འཐད་པ་གཞན་བསྟན་པ་སྟེ། བསམ་གྱིས་མི་ཁྱབ་པ་མ་ལགས་པའི་དངོས་པོ་ནི་གང་ཅི་ཡང་མ་མཆིས་སོ། །དེ་ལྟར་བསམ་གྱིས་མི་ཁྱབ་པ་ནི་ཁྱབ་པར་བྱེད་པ་ཉིད་ཡིན་པར་བསྟན་ནས་འཆད་པ་ནི་སྒྲའི་བདག་
ཉིད་ཡིན་པའི་ཕྱིར། རྩོད་པའི་གནས་སུ་གྱུར་པའི་སྒྲ་བསམ་གྱིས་མི་ཁྱབ་པ་ཉིད་ཡིན་པར་བསྒྲུབ་པའི་ཕྱིར། བཅོམ་ལྡན་འདས་སྒྲ་ཐམས་ཅད་ནི་བསམ་གྱིས་མི་ཁྱབ་པ་སྟེ་ཞེས་བྱ་བ་གསུངས་ཏེ། ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་ལ་སོགས་པར་དབྱེ་བའི་སྒྲ་རྣམ་པ་བརྒྱད་པོ་དེ་
དག་ཐམས་ཅད་ནི་བསམ་པར་མི་ནུས་པས་བསམ་གྱིས་མི་ཁྱབ་པ་སྟེ། བསམ་པའི་ཡུལ་མ་ཡིན་པའི་ཕྱིར་རོ། །སྒྲ་བསམ་གྱིས་མི་ཁྱབ་པ་ཉིད་ཡིན་པར་བསྟན་ནས་སྒྲ་འཆད་པར་བྱེད་པ་ཉིད་མ་ཡིན་པར་བསྟན་པའི་ཕྱིར། བསམ་གྱིས་མི་ཁྱབ་པའི་སྒྲ་ནི་སྟོན་པར་ནུས་པ་ཡང་མ་ཡིན་
ནོ་ཞེས་གསུངས་ཏེ། བསམ་གྱིས་མི་ཁྱབ་པའི་བདག་ཉིད་ཡིན་པའི་སྒྲ་ནི་སྟོན་པར་ནུས་པ་མ་ཡིན་གཞན་ལ་ཁོང་དུ་ཆུད་པར་བྱེད་པ་མ་ཡིན་ཏེ། རང་རིག་པའི་མཐར་ཐུག་པ་ནི་གཞན་ལ་རིག་པར་མི་བྱེད་དེ། དེ་དག་ནི་དོན་དམ་པ་ཡིན་ནོ། །རྟོགས་པ་པོ་དང་སྟོན་པར་བྱེད་པའི་ཐ་སྙད་ནི་མ་
བརྟགས་པ་གཅིག་པུ་ན་དགའ་བ་ཀུན་རྫོབ་ཡིན་ཏེ། རྟོགས་པ་པོ་དང་། སྟོན་པར་བྱེད་པ་ཡིན་པར་མངོན་པར་ཞེན་པའི་དོན་བྱས་པའི་ཕྱིར། རབ་རིབ་ཅན་གཉིས་ཀྱིས་ཟླ་བ་གཉིས་མཐོང་སྟེ། སྟོན་པར་བྱེད་པ་བཞིན་ནོ། །འདིར་ནི་དེ་ལྟ་བུ་བསམ་དུ་མེད་པའོ། །དེ་སྐད་དུ་འཕགས་

པ་ཐོགས་མེད་ཀྱིས་ཀྱང་། ཡི་གེ་ཕན་ཚུན་འབྲེལ་པ་ལས། །འབྲེལ་པ་ཅན་ནི་དོན་དེ་ཡིན། །འབྲེལ་པ་ཅན་གྱི་ངོ་བོ་ལས། །བརྟགས་ཡིན་དེ་ལས་གཞན་དུ་མིན། །རྗོད་པར་བྱེད་པ་མེད་པར་ནི། །བརྗོད་པར་བྱ་ལ་ཤེས་མི་འཇུག །རྗོད་པར་བྱེད་པ་འང་འགལ་བའི་
ཕྱིར། །དེ་བས་ཐམས་ཅད་བརྗོད་དུ་མེད། །ཅེས་གསུངས་སོ། །དེ་བཞིན་གཤེགས་པ་འདུ་བའི་མདོ་ལས་ཀྱང་། གཟུགས་ཀྱི་ངོ་བོ་བསྟན་མི་ནུས། །གཟུགས་ཀྱི་ངོ་བོ་བསམ་མི་ནུས། །གཟུགས་ཀྱི་ངོ་བོ་ཡི་གེ་བྲལ། །ཡི་གེས་སྟོན་པ་གཟུགས་ལ་ཡིན། །སྒྲ་ཡི་ངོ་བོ་བསྟན་མི་ནུས། །སྒྲ་
ཡི་ངོ་བོ་བསམ་མི་ནུས། །སྒྲ་ཡི་ངོ་བོ་ཡི་གེ་བྲལ། །ཡི་གེས་སྟོན་པ་སྒྲ་ལ་ཡིན། །དེ་བཞིན་དུ་དྲི་ལ་སོགས་པ་དང་། མིག་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ། །དེ་དག་ནི་འདིར་སྟོན་པའི་ཚུལ་གྱི་རྣམ་པ་ཡིན་ནོ། །དེའི་འབྲས་བུ་ཐོབ་པ་བཤད་ཟིན་ཏོ། །ད་ནི་རྗེས་སུ་མྱོང་བ་འཆད་པར་བྱེད་པ་
སྟོན་ཏེ། དེ་ཡང་གང་ཞེ་ན། བྱང་ཆུབ་ཀྱི་ཕྱོགས་དེ་དག་བསྒོམ་པ་ན་ཉམས་སུ་མྱོང་བ་དེའི་བྱེ་བྲག་འཆད་ཅིང་སྒྲོགས་པ་ནི་དེ་རྗེས་སུ་མྱོང་བ་རྣམ་པར་འཆད་པ་ཡིན་ནོ། །དེ་དག་ཀྱང་ཅིའི་ཕྱིར་ཞེ་ན། ལས་དང་པོ་པ་འཇུག་པར་བྱ་བའི་ཕྱིར་ཏེ། དང་པོར་རྣམ་པར་རྟོག་པ་འབྱུང་བ་ཡིན་ལ། དེ་ནས་
སྦྱོར་བ་བར་ཆད་དང་བཅས་པ་དང་། རྟག་ཏུ་སྦྱོར་བ་དང་། བར་མ་ཆད་པར་སྦྱོར་བ་ཡིན་ནོ། །དེའི་འོག་ཏུ་ནི་དེའི་བདག་ཉིད་དུ་གྱུར་ཏེ། དེ་ནས་བརྩོན་པ་མི་འདོར་བ་ཡིན་པས་སྤྲོ་བ་མེད་པར་མི་བྱའོ། །དེ་བསྟན་པའི་ཆེད་དུ་འཇམ་དཔལ་ཁྱོད་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ལ་སྙོམས་
པར་འཇུག་གམ་ཞེས་དྲིས་ཏེ། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་རློམ་སེམས་ཅན་ཡིན་ན་ཡང་ཏིང་ངེ་འཛིན་མ་ཡིན་ནོ་ཞེས་བྱ་བ་ནི་དྲིས་པའི་དོན་ཡིན་ནོ། །དོན་དེ་ཉིད་བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ་ཞེས་བྱ་བས་སྟོན་ཏོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར། བསམ་གྱིས་མི་ཁྱབ་པའི་
ཏིང་ངེ་འཛིན་ལ་བདག་སྙོམས་པར་མི་འཇུག་གོ་ཞེས་གསུངས་ཏེ། འདི་ནི་དམ་བཅས་པ་ཡིན་ནོ། །འདིར་གཏན་ཚིགས་ནི་དེ་ཅིའི་སླད་དུ་ཞེ་ན། འདིར་བདག་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། གསུངས་པའི་ཚུལ་དེས་ནི་སེམས་པ་དང་བྲལ་ཞིང་བདག་ཉིད་སེམས་པར་བྱེད་

པ་ཉིད་སྤོང་བར་བྱེད་པ་ཡིན་ནོ། །བཅོམ་ལྡན་འདས་གལ་ཏེ་བདག་བསམ་དུ་རུང་བ་ལགས་ན་ནི་བདག་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ་ཞེས་བྱ་བ་ནི་བདག་གི་བསམ་པ་ཡང་སྤོང་བར་བྱེད་དེ་ཆོས་ཐམས་ཅད་ཤིན་ཏུ་མ་སྐྱེས་པའི་ཕྱིར་རོ། །སྙོམས་པར་འཇུག་པ་པོའམ་སྙོམས་པར་
འཇུག་པར་བྱ་བའི་ཆོས་གང་བསམ་པར་བྱ་བ་སྟེ་གང་ཡང་མ་མཆིས་སོ། །གང་གི་ཚེ་དེ་ལྟར་བསམ་པར་བྱ་བ་གང་ཡང་མ་མཆིས་ན། དེའི་ཚེ་སུ་ཞིག་ཏིང་ངེ་འཛིན་འདི་ལ་སྙོམས་པར་འཇུག་པར་འགྱུར། ཏིང་ངེ་འཛིན་ལ་ཆོས་དེ་གཉི་ག་མི་རིགས་པར་མཇུག་བསྡུ་བའི་ཕྱིར། བཅོམ་ལྡན་འདས་བསམ་གྱིས་མི་ཁྱབ་
པའི་ཏིང་ངེ་འཛིན་ཞེས་བགྱི་བ་དེ་ནི་བསམ་དུ་མ་མཆིས་པ། བསམ་གྱིས་མི་ལང་བ་ལགས་ན་ཞེས་བྱ་བ་དེའི་དོན་ནི་བཤད་ཟིན་ཏོ། །དེ་བས་ན་ཇི་ལྟར་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བགྱི་ཞེས་འབྱུང་བ་ལ། དེ་བས་ན་ཞེས་བྱ་བ་ནི་དེ་ལྟ་ན་ཞེས་བྱ་བའོ། །ཇི་ལྟར་ཞེས་བྱ་བ་ནི་སྤོང་བ་སྟེ།
བདག་ཉིད་བསམ་གྱིས་མི་ཁྱབ་པའི་རང་བཞིན་ལགས་ལ། བདག་ལས་ཐ་མི་དད་པའི་རང་གི་ངོ་བོ་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ལ་ཇི་ལྟར་སྙོམས་པར་འཇུག་པར་བགྱི། ཅི་ཁྱོད་གཅིག་པུ་དེ་ལྟར་བསམ་གྱིས་མི་ཁྱབ་པ་ཡིན་ནམ། འཇིག་རྟེན་པ་ཐམས་ཅད་ཀྱང་བསམ་གྱིས་མི་ཁྱབ་པ་ཡིན་ན། དེ་དག་ཇི་ལྟར་
ཁྱོད་བཞིན་དུ་མ་གྱུར་ཅེ་ན། དེའི་ཕྱིར་དེ་ལྟར་ལགས་ཀྱིས་ཀྱང་བཅོམ་ལྡན་འདས་བདག་སྔོན་ལས་དང་པོ་པའི་ཚེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཏིང་ངེ་འཛིན་ཐོབ་པའི་སྔ་རོལ་སྔོན་བདག་བསྒོམ་པ་ལ་སྦྱོར་བའི་ལས་དང་པོའི་ཚེ། ཉན་པ་དང་། སེམས་པའི་དུས་ན་ནི་སྙོམས་པར་འཇུག་པ་པོ་དང་སྙོམས་པར་
འཇུག་པར་བྱ་བ་དང་། སྙོམས་པར་འཇུག་པར་སྒྲོ་འདོགས་པར་བགྱིད་ཅིང་། བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ་སྙམ་དུ་རྣམ་པར་རྟོག་པ་དེ་ལྟ་བུ་ཤིན་ཏུ་བྱུང་ལགས་སོ། །ཏིང་ངེ་འཛིན་ཐོབ་ནས་དེ་ལྟར་ནི་བདག་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ་སྙམ་
དུ་ཡང་དེ་ལ་སེམས་པ་ཀུན་འབྱུང་ཞིང་སྐྱེ་བ་མ་མཆིས་སོ། །དང་པོར་རྣམ་པར་རྟོག་པ་དེ་ལྟ་བུ་འབྱུང་དུ་ཟིན་ཀྱང་། །བསྒོམ་པ་གོམས་པས་བདག་བཞིན་དུ་མ་མཆིས་པར་འགྱུར་རོ། །དེ་བས་ན་བསྒོམ་པ་ལ་བརྩོན་པར་བྱོས་ཤིག་ཅེས་བསྟན་པ་ཡིན་ནོ། །དཔེས་གསལ་བར་བྱ་བའི་ཕྱིར།

བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་འཕོང་གི་སློབ་དཔོན་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞུ་འདིས་མདའ་འཕེན་ཞེས་པའི་སློབ་དཔོན་ཞེས་བྱ་སྟེ། དེ་ནི་དོན་གསལ་ལོ། །སྐྲ་ལ་ཞེས་པ་ནི་སྤུའི་ཉག་མ་ལའོ། །བཅོམ་ལྡན་འདས་དེ་བཞིན་དུ་བདག་
སྔོན་ནི་ཞེས་བྱ་བ་ལ་སོགས་པ་ནི་དཔེས་དོན་ལ་སྦྱོར་བར་བྱེད་པའོ། །བདག་སྔོན་ནི་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ་སྙམ་དུ་དེ་ལྟར་བསམ་པར་གྱུར་ཏོ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་དང་འབྲེལ་པ་དེའི་ཚེ་ཏིང་ངེ་འཛིན་མ་ཡིན་པས་ལྡོག་པར་བྱ་བ་ཡིན་ནོ། །གང་
གི་ཚེ་བདག་གིས་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ནས་ཞེས་བྱ་བ་ནི་རྗེས་སུ་འགྲོ་བ་བསྟན་པ་ཡིན་ཏེ། ཏིང་ངེ་འཛིན་འདི་ལན་མང་དུ་གནས་ཤིང་གནས་པ་དེའི་ཚེ་དེའི་དུས་ན། བདག་ཏིང་ངེ་འཛིན་འདི་ལ་སླར་ཡང་འདི་སྙམ་དུ་བྱང་ཆུབ་ཀྱི་དོན་དུ་ཏིང་ངེ་འཛིན་འདིས་གནས་པར་བྱའོ་སྙམ་དུ་མི་
སེམས་སོ། །ཁྱོད་ཀྱིས་གཏན་ཚིགས་གང་གིས་དེ་ལྟར་འགྱུར་ཞེ་ན་དེའི་ཕྱིར། གང་དང་གང་གི་ཚེ་ཏིང་ངེ་འཛིན་འདིས་གནས་པ་དེ་དང་དེའི་ཚེ། ཏིང་ངེ་འཛིན་འདིས་གདགས་སུ་མ་མཆིས་པའི་སླད་དུའོ་ཞེས་གསུངས་ཏེ། དེ་དང་དེའི་ཚེ་ཞེས་བྱ་བ་ནི་རིམ་པ་མང་བར་སྟོན་པ་ཡིན་ནོ། །
ཏིང་ངེ་འཛིན་འདི་གདགས་སུ་མ་མཆིས་པ་ཞེས་བྱ་བ་ནི་འདི་དང་དེའོ་སྙམ་པའི་རྣམ་པར་རྟོག་པ་དང་བྲལ་བ་དང་བསྟན་དུ་མེད་པ་དང་མཐོང་བ་མེད་པ་ཞེས་བྱ་བའི་བར་དུ་ཡིན་ནོ། །ཏིང་ངེ་འཛིན་འདིའི་རྣམ་པ་ཤིན་ཏུ་ཞི་བའི་མཚན་ཉིད་བསྟན་པའི་ཆེད་དུ་སྐབས་དབྱེ་བའི་ཕྱིར། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་
གྱུར་པ་ནི་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་འདིས་གནས་པའི་ཚེ་འདི་ལ་ཡིད་མི་རྟོན་ན་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །འཆད་པའི་ཚེ་དྲིས་པ་ན་ཏིང་ངེ་འཛིན་འདི་ལ་འདི་ལྟར་འཇམ་དཔལ་ནི་ཡིད་མི་རྟོན་ཏེ། གསང་བ་དག་འདི་ལྟར་གསལ་པོར་མི་སྟོན་ཏོ། །དེ་བས་ན་བཅོམ་ལྡན་
འདས་ལ་ཞུ་བ་བགྱིད་དོ་ཞེས་སྟོན་ཏོ། །ཡིད་མི་རྟོན་པའི་གཏན་ཚིགས་སུ་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་འདིས་དེའི་བདག་ཉིད་དུ་གྱུར་པར་གནས་པའི་ཚེ་ཞེས་གསུངས་ཏེ། དྲིས་པ་ལ་ཤིན་ཏུ་ཟབ་མོ་ཁོ་ན་འཆད་པར་བྱེད་དོ། །བཅོམ་ལྡན་འདས་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་

འཛིན་འདི་བས་ཆེས་ཞི་བའི་ཏིང་ངེ་འཛིན་གཞན་ལྟ་མཆིས་སམ་ཞེས་བྱ་བ་འདིས་ཏིང་ངེ་འཛིན་འདིའི་རྣམ་པ་ནི་ཞི་བ་ཉིད་ཡིན་པར་བསྟན་ཏོ། །དོན་དེ་ཉིད་གསལ་བར་བྱ་བའི་ཕྱིར། འཕགས་པ་འཇམ་དཔལ་གྱིས་ཀྱང་བཙུན་པ་ཤ་ར་དྭ་ཏིའི་བུ་འདི་སྐད་དུ་བསམ་གྱིས་མི་ཁྱབ་པའི་ཏིང་
ངེ་འཛིན་ཞེས་བྱ་བ་ནས། ཁྱོད་ཀྱིས་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་འདི་ཞི་བ་ཡིན་པར་ཇི་ལྟར་ཤེས་ཞེས་བྱ་བའི་བར་དུ་གསུངས་སོ། །ཇི་ལྟར་ཤེས་ཞེས་བྱ་བ་ནི་སྤོང་བའོ། །དགོངས་པ་ནི་འདི་ལྟ་སྟེ། མཉམ་པར་གཞག་པའི་ཚེ་ན་ནི་མི་ཤེས་ཏེ། ཞི་བ་བསམ་གྱིས་མི་ཁྱབ་པ་ཉིད་
ཉམས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །མཉམ་པར་མ་བཞག་པས་ཀྱང་མ་ཡིན་ཏེ། རྣམ་པར་རྟོག་པ་ལ་ཡུལ་མེད་པའི་ཕྱིར་དང་། དེ་མེད་པར་འཛིན་པ་འཁྲུལ་པ་ཡིན་པའི་ཡང་ཕྱིར་རོ། །ཞི་བ་ནི་ནང་དང་ཕྱིའི་ཉེ་བར་ཞི་གནས་འགྱུར་བ་མེད་པ་ཡིན་ཏེ། དེ་ནི་བསམ་གྱིས་མི་
ཁྱབ་པའི་ཏིང་ངེ་འཛིན་ཡིན་ནོ། །བཙུན་པ་ཤ་ར་དྭ་ཏིའི་བུ་གལ་ཏེ། བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་འདི་ཡོད་ཅིང་དམིགས་ན་ནི་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་འདི་བས་ཆེས་ཞི་བའི་ཏིང་ངེ་འཛིན་གཞན་ཡོད་པར་འགྱུར་རོ་ཞེས་བྱ་བས་ནི་འདྲི་བ་མི་འཐད་པས་ན་འདིར་ཡང་ཤིན་
ཏུ་བསམ་གྱིས་མི་ཁྱབ་པ་ཉིད་སྦྱོར་བར་བྱེད་དོ། །གལ་ཏེ་ཞེས་བྱ་བ་ནི་ཇི་སྟེ་ཞེས་བྱ་བ་ཡིན་ཏེ། བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་འདི་ཡོད་ཅིང་དེ་མི་དམིགས་ན་ནི་དེའི་ཚེ་བསམ་གྱིས་མི་ཁྱབ་པ་འདི་བས་ཆེས་ཞི་བའི་ཞེས་བྱ་བ་ལ་སོགས་པ་འདྲི་བ་རིགས་པ་ཡིན་ན་ཇི་ཙམ་དུ་ཏིང་ངེ་
འཛིན་དེ་ལ་མེད་ཅིང་མི་དམིགས་པ་ཡིན་ན་འདྲི་བའི་དོན་དེ་ཇི་ལྟར་འཐད་པར་འགྱུར། ཤ་ར་དྭ་ཏིའི་བུས་སྨྲས་པ། འཇམ་དཔལ་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་མེད་ཅིང་འདི་ལྟར་མི་དམིགས་པ་ཡིན་ནམ་ཞེས་བྱ་བ་ནི་ཤཱ་རིའི་བུས་ཀྱང་འདིའི་དམིགས་པ་མེད་པ་ཉིད་ཡིན་པར་ཚིག་ཟུར་
གྱིས་འདྲི་བ་ཡིན་ནོ། །འདི་ལྟར་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་སྟེ། གང་གི་ཕྱིར་མི་དམིགས་པ་ཡིན་པ་དེའི་ཕྱིར་མེད་པ་ཡིན་ཏེ། ཡོད་པ་དང་མེད་པའི་ཐ་སྙད་ནི་དམིགས་པ་སྔོན་དུ་སོང་བ་ཅན་ཡིན་གྱི་མེད་པ་དང་ཡོད་པའི་ཐ་སྙད་སྔོན་དུ་སོང་བའི་དམིགས་པ་ཅན་ནི་མ་ཡིན་ནོ། །གཞན་དག་

ནི་མེད་པ་ཉིད་ཡིན་པ་དེའི་ཕྱིར། མི་དམིགས་སོ་ཞེས་ཀྱང་འཆད་དོ། །འདིར་ཇི་ལྟར་དེ་མེད་པ་ཉིད་ཡིན་ཞེ་ན། དེའི་ཕྱིར། བཙུན་པ་ཤ་ར་དྭ་ཏིའི་བུ་འདི་ལྟར་དེ་ནི་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ཏོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བསམ་དུ་མེད་པ་ཡིན་
ན། དེ་ཇི་ལྟར་ཡོད་པ་ཡིན། བསམ་དུ་མེད་པ་ཉིད་ཡིན་པ་དེས་ན། འདི་ནི་མེད་དེ་མི་དམིགས་པ་ཡིན་ནོ། །དམིགས་པ་རྣམས་དངོས་པོ་མེད་པར་བསྟན་ན། མཚན་ཉིད་མེད་པ་རྣམས་མཚན་ཉིད་ཡིན་པར་བསྟན་པའི་ཕྱིར། དེ་ལྟ་མོད་ཀྱི་བཙུན་པ་ཤ་ར་དྭ་ཏིའི་བུ་བསམ་གྱིས་མི་ཁྱབ་པའི་ཏིང་
ངེ་འཛིན་མ་ཐོབ་པ་ནི་སུ་ཡང་མེད་དོ་ཞེས་གསུངས་ཏེ། སོ་སོའི་སྐྱེ་བོའམ། གཞན་གང་ཡང་རུང་སྟེ་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་འདི་མི་ཐོབ་པ་སུ་ཡང་མེད་དོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉི་ཚེར་མ་ཟད་ཀྱི། སེམས་ཅན་ཐམས་ཅད་ཀྱང་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ཐོབ་པ་ཡིན་ནོ། །
དེ་ཇི་ལྟ་ཞེ་ན། སེམས་ཅན་ཐམས་ཅད་ཀྱང་མཚན་ཉིད་མེད་པ་ཉིད་དུ་མཚན་ཉིད་གཅིག་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །གཏན་ཚིགས་གང་ཡིན་ཞེ་ན། འདི་ལྟར་བསམ་པ་ཐམས་ཅད་ནི་བསམ་གྱིས་མི་ཁྱབ་པ་ཡིན་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་བྱིས་པས་ཡོངས་སུ་
བརྟགས་པའི་བསམ་བྱ་ནི་བསམ་གྱིས་མི་ཁྱབ་པ་ཡིན་ཏེ། བསམ་བྱའི་དངོས་པོ་དང་བྲལ་བ་ཡིན་ཏེ་དངོས་པོ་མེད་པ་ཡིན་ནོ། །དེ་ལྟ་བུ་ཅི་ཡིན་ཞེ་ན། དེའི་ཕྱིར། གང་བསམ་གྱིས་མི་ཁྱབ་པ་དེ་ནི་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ཏེ་ཞེས་གསུངས་ཏེ། བསམ་བྱ་དབེན་པ་འདི་ནི་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་
འཛིན་གྱི་མཚན་ཉིད་ཡིན་ནོ། །དེ་བས་ན་གང་གི་ཕྱིར་བསམ་པའི་དངོས་པོ་ཡོད་པ་མ་ཡིན་པ་དེའི་ཕྱིར། དོན་དེས་ན་སེམས་ཅན་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་འདི་ཐོབ་པའོ་རྗེས་མཇུག་བསྡུས་སོ། །དེ་ལྟར་སོ་སོའི་སྐྱེ་བོ་དང་འཕགས་པ་རྣམས་ཀྱིས་གང་བསམ་པ་དེ་ནི་དངོས་པོ་
ཡོད་པ་མ་ཡིན་ལ། ཆོས་ཐམས་ཅད་བདག་མེད་པར་སོ་སོར་རྟོག་ཅིང་བསམ་དུ་མེད་པ་རྒྱུན་དུ་དྲན་པ་ལས་ཞི་བའི་རྣམ་པ་ཅན་གྱི་ཤེས་པ་གང་ཡིན་པ་དེ་ནི་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ཡིན་ཏེ། དངོས་པོ་མེད་པ་ནི་དམིགས་པ་ཡིན་ཏེ། དྲན་པ་ནི་བདག་པོ་ཡིན་ནོ། །མཚན་ཉིད་

མེད་པ་ནི་མཚན་ཉིད་གཅིག་པ་ཡིན་ནོ་ཞེས་བཤད་པ་དང་བཅོམ་ལྡན་འདས་དགྱེས་ནས་ལེགས་སོ་ཞེས་སྦྱིན་པ་ནི་འཇམ་དཔལ་ཁྱོད་ཀྱིས་ཟབ་མོ་ཟབ་པའི་གནས་འདི་ལྟ་བུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཟབ་མོ་ཟབ་པའི་ཞེས་བྱ་བ་ལན་གཉིས་སུ་འབྱུང་བ་ནི་སྒྲོ་འདོགས་དང་སྐུར་འདེབས་ཀྱི་
མཐའ་དང་བྲལ་བའོ། །གནས་ནི་ལོག་པར་རྟོག་པ་རྣམས་ཀྱི་གནས་སོ། །འདི་ལྟ་བུ་ཞེས་བྱ་བ་ནི་ཤེས་པར་དཀའ་བའོ། །འདི་ཞེས་བྱ་བ་ནི་བསྟན་མ་ཐག་པའོ། །ཐམས་ཅད་ཅེས་བྱ་བ་ནི་ཏིང་ངེ་འཛིན་གྱི་ཡན་ལག་ཏུ་གཏོགས་པ་དང་། དམིགས་པ་དང་། རྣམ་པ་ལ་སོགས་པ་སྔ་མ་
རྣམས་ཏེ། དེ་དག་ཁྱོད་ཀྱིས་ལོག་པར་རྟོགས་པ་བསལ་བའི་ཕྱིར་བསྟན་ཅིང་བཤད་པ་ལེགས་སོ་ཞེས་བྱ་བ་ཡིན་ནོ། །འོ་ན་དེ་ལྟར་གནས་དེ་ལྟ་བུ་ཤེས་པར་དཀའ་བ་ཡིན་ན། འཇམ་དཔལ་གྱིས་དེ་ཇི་ལྟར་སྟོན་ཞེས་དོགས་པ་བསལ་བའི་ཕྱིར། དེ་ལྟར་ཡང་སྲིད་པ་ཡིན་ཏེ། འཇམ་དཔལ་ཁྱོད་ནི་སྔོན་
གྱི་རྒྱལ་བ་ལ་བྱ་བ་བྱས་པ་སྟེ། མི་དམིགས་པ་ཚངས་པར་སྤྱོད་པ་ཡུན་རིང་དུ་སྤྱད་པའོ་ཞེས་གསུངས་ཏེ། དེ་ལྟར་ཡང་སྲིད་པ་ཡིན་ཏེ་ཞེས་བྱ་བ་ནི་བསལ་བའམ་ཞལ་གྱིས་བཞེས་པ་སྟེ། དེ་ལྟ་བུ་འཆད་པ་ཡིན་པར་གསལ་བར་སྲིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཟབ་མོའི་ཆོས་ཤེས་པ་དང་། བསྟན་པར་
བྱ་བའི་ཆེད་དུ་གང་གིས་སྔོན་གྱི་རྒྱལ་བ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་པ་ལ་སོགས་པའི་བྱ་བ་བྱས་ཤིང་བསྐྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཚངས་པ་ནི་སྐྱོན་མེད་པའོ། །དེའི་ཆེད་དུ་སྤྱོད་པ་ནི་ཚངས་པར་སྤྱོད་པ་སྟེ། མི་དམིགས་པར་གང་གིས་ཡུན་རིང་དུ་སྤྱད་པ་དེ་ལ་དེ་སྐད་ཅེས་བྱ་བས་ཁྱོད་ཀྱིས་བསྟན་
ཏོ་ཞེས་བྱ་བར་སྦྱར་རོ། །དེས་ན་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་ཅིང་མི་དམིགས་པར་བསྒོམ་པ་མཆོག་ཏུ་གྱུར་པ་ནི་ཟབ་མོའི་ཆོས་སྟོན་པའི་གཏན་ཚིགས་ཡིན་ནོ། །ད་ནི་རང་གི་ངོ་བོ་བསྟན་པའི་ཕྱིར། དེ་ལྟར་ན་འཇམ་དཔལ་ཁྱོད་ཅི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། དེ་སྐད་
སྨྲས་སོ་ཞེས་དེ་སྐད་སེམས་སམ་ཞེས་འདྲི་སྟེ། དེ་ལྟར་ན་ཞེས་བྱ་བ་མི་དམིགས་པར་སྤྱོད་པ་ཡིན་པ་དེ་ལྟར་ན་ཞེས་བྱའོ། །ཅི་ཞེས་བྱ་བ་ནི་འདྲི་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ་སྔར་བསྟན་པའི་ངོ་བོ་དེ་སྐད་སྨྲས་སོ་ཞེས་སེམས་ཀྱི་ཀུན་ཏུ་རྒྱུ་བ་དེ་སྙམ་སེམས་པ་འབྱུང་ངམ་ཞེས་དེ་སྐད་

དྲིས་པ་དང་། ལན་དུ་བཅོམ་ལྡན་འདས་གལ་ཏེ་བདག་དྲིས་པའི་ངོ་བོ་དེ་ལྟ་བུའི་སེམས་འབྱུང་ན་ནི་དེའི་ཚེ་གཟུང་འཛིན་དུ་དམིགས་པ་ལ་གནས་ཏེ། དེ་སྐད་མཆི་བར་འགྱུར་ཏེ། དམིགས་པ་ལ་སྤྱོད་ན་ནི་དམིགས་པ་སྤྱོད་པ་ཉམས་པར་འགྱུར་རོ། །དམིགས་པ་ལ་སྤྱོད་པ་
འདིའི་འབྲས་བུ་མདོར་བསྟན་པའི་ཕྱིར། བདག་ཏུ་འདུ་ཤེས་པ་ལ་གནས་པ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ཅེས་བྱ་བ་ནི་མུ་སྟེགས་ཅན་རྣམས་ཀྱིས་རྟག་པ་ལ་སོགས་པའི་ངོ་བོར་ཡོངས་སུ་བརྟགས་པ་དང་། དེ་ཁོ་ན་ཉིད་མ་མཐོང་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བརྟགས་
པ་ཕུང་པོ་ལ་སོགས་པའི་རང་གི་ངོ་བོ་ཡིན་ཏེ། དེ་གཉི་ག་ཡང་འཇིག་ཚོགས་ལ་ལྟ་བའི་གནས་ཡིན་ནོ། །དེ་ལ་འདུ་ཤེས་པ་ནི་ཀུན་ཏུ་རྟོག་པ་དང་རློམ་སེམས་པའོ། །ནས་ཞེས་བྱ་བའི་སྒྲས་སེམས་ཅན་དང་སྲོག་ལ་སོགས་པའི་འདུ་ཤེས་བསྡུ་བ་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་
ལ་སོགས་པའི་འདུ་ཤེས་ཀྱང་བསྡུའོ། །དེ་དག་ནི་འདིར་རྒྱུ་ཡིན་ནོ། །དངོས་པོའི་འདུ་ཤེས་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་འདུ་ཤེས་ཏེ། འདི་ནི་འབྲས་བུ་ཡིན་ནོ། །འབྲས་བུ་དང་བཅས་པ་དམིགས་པ་བསྟན་པ་འདིས་ནི་མི་དམིགས་པར་སྤྱོད་པ་དང་འགལ་བར་བསྟན་ཏོ། །མཇུག་བསྡུ་བའི་ཕྱིར། དེ་བས་
ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔར་འདྲིས་པའི་དམིགས་པའི་བདག་ཉིད་སྨྲས་པ་ནི་ཆོས་ཐམས་ཅད་མི་དམིགས་པའི་བདག་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་འགལ་བས། དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། འདི་སྐད་མི་
འཆིའོ། །འགལ་བ་ཉིད་བསྟན་པའི་ཕྱིར། ཅིའི་སླད་དུ་ཞེ་ན་བཅོམ་ལྡན་འདས་གལ་ཏེ། ཇི་སྐད་དུ་བསྟན་པའི་ངོ་བོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་སོ་སྙམ་བགྱིད་ཅིང་གནས་པར་རྟོག་པའམ། འོན་ཏེ་མི་གནས་སོ་སྙམ་བགྱིད་ཅིང་མི་གནས་པར་རྣམ་པར་རྟོག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་མ་ལགས་པར་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལས་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར་རོ། །དེ་ནི་དམ་བཅས་པ་ཡིན་ནོ། །འདི་ལ་འཐད་པ་སྒྲུབ་པར་བྱེད་པའི་རིགས་པ་ནི་གཞན་ཡང་བཅོམ་ལྡན་འདས་བདག་ལ་གནས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་སྟེ། གནས་པ་

མེད་པ་ཀུན་ནས་སློང་བ་མེད་པ་འབྱུང་བ་མེད་པ་ལྟར་གནས་དེ་ཡང་དེ་བཞིན་ནོ། །ཆོས་གང་ཡང་གནས་པ་མེད་པ་དེས་ན་གནས་ཀྱང་དེ་ཡིན་ཏེ། བསམ་དུ་མེད་པའི་གནས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ལ་གནས་པ་ཞེས་བྱ་བ་ནི་བདག་ལ་
གནས་པ་དང་འདྲ་བས་བདག་ལ་གནས་པའོ། །དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་ནོ། །བདག་ལ་གནས་པ་ཡང་ཅི་འདྲ་བ་ཞིག་ཅེ་ན། གནས་པ་མེད་པ་ཞེས་གསུངས་ཏེ། བདག་ཡོད་པར་གནས་པ་འདི་ཡོད་པ་མ་ཡིན་པས་གནས་པ་མེད་པའོ། །ཡང་ན་འདིར་གནས་
པས་ན་གནས་སོ། །དེ་ལྟ་བུ་མ་ཡིན་པ་ནི་གནས་པ་མེད་པའོ། །དེ་ཉིད་ཀྱང་ཅིའི་ཕྱིར་ཞེ་ན། དེའི་ཀུན་ནས་སློང་བ་མེད་པ་ཞེས་གསུངས་ཏེ། འདིས་ཀུན་ཏུ་འབྱུང་བར་འགྱུར་སློང་བར་འགྱུར་བས་ན་ཀུན་ནས་སློང་བ་སྟེ་ཀུན་ནས་སློང་བར་བྱེད་པ་ལ་བྱའོ། །དེ་གང་ལ་ཡོད་པ་མ་ཡིན་པ་དེ་ནི་ཀུན་ནས་སློང་བ་མེད་
པའོ། །དེ་བས་ན་ཀུན་ནས་སློང་བར་བྱེད་པའི་རྒྱུ་མེད་པའི་ཕྱིར། ཀུན་ནས་འབྱུང་བ་མེད་པ་ཡིན་ཏེ། སྐྱེ་བ་མེད་དོ། །དེ་སྐད་དུ། རིན་པོ་ཆེ་ཟ་མ་ཏོག་ལས་ཀྱང་འཇིག་ཚོགས་ལ་ལྟ་བ་ཀུན་ནས་སློང་བར་བྱེད་པ་ནི་བདག་ཡིན་ན་བདག་ཀུན་ནས་སློང་བར་བྱེད་པའང་གང་ཡིན་ཞེ་ན། བདག་ནི་གང་ནས་ཀྱང་མ་བྱུང་། བདག་
ཀུན་ནས་འབྱུང་བར་བྱེད་པའི་ཀུན་ནས་འབྱུང་བ་མེད་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྒྱུ་དང་རང་གི་ངོ་བོ་དང་ལས་རྣམས་མི་འཐད་པའི་དཔེ་གནས་པ་མེད་པ་ཉིད་བསྟན་ནས་དོན་ལ་སྦྱར་བའི་ཕྱིར། གནས་པ་དེ་ཡང་དེ་བཞིན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་ཏེ་ཞེས་བྱ་བ་ནི་
བདག་བཞིན་དུ་སྟེ། དེ་ནི་གང་ལ་གནས་ནས་བདག་དེ་སྐད་དུ་མི་མཆིའོ་ཞེས་བྱ་བ་ཡིན་ཏེ། འདིར་གནས་པས་གནས་ཤིང་ཞེས་བརྗོད་པའི་ཀུན་རྫོབ་ཏུ་དེ་ལྟར་བཞེད་དེ་བཤད་དོ། །དེ་ནི་བསྡུས་པའི་ཚིག་སྟེ། དཔེའི་ཆོས་ཐམས་ཅད་བསྡུས་པའི་ཕྱིར་རོ། །འདིའི་རབ་ཏུ་དབྱེ་བ་ནི་ཆོས་གང་ཡང་གནས་
པ་མེད་དོ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། གཟུང་བའམ་འཛིན་པ་གང་ཡང་གནས་པའམ། འབྱུང་བའམ་ཡོད་པ་མ་ཡིན་ནོ། །འདིས་ནི་རྒྱུ་མི་འཐད་པར་བསྟན་ཏོ། །དེས་ན་ཞེས་བྱ་བ་ནི་ཆོས་ཡོད་པ་མ་ཡིན་པ་ཉིད་ཀྱིས་ན་གནས་དང་གཞི་ནི་མངོན་པར་འདོད་པ་དེ་ཡིན་ནོ། །འདི་ནི་འདིར་མཚན་ཉིད་མི་འཐད་

པ་ཡིན་ཏེ། དངོས་པོ་འཛིན་པའི་ཕྱིར། གནས་ཞེས་བྱ་བ་ཡིན་ན། འདིར་ནི་དངོས་པོ་མེད་པའི་ཕྱིར། གནས་འཐད་པ་མ་ཡིན་ནོ། །རྣམ་པ་དེ་ལྟ་བུ་དེ་ནི་བསམ་དུ་ཅི་ཡང་མེད་པས། བསམ་དུ་མེད་པའི་གནས་ཡིན་ནོ། །འདིས་ནི་ལས་མི་འཐད་པ་བསྟན་ཏོ། །མཇུག་
བསྡུ་བའི་ཕྱིར་བསྒྲུབ་པར་བྱ་བའི་ཆོས་ཅན་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་ཞེས་གསུངས་ཏེ། དེའི་བདག་ཉིད་ནི་གནས་ཡིན་ནོ་ཞེས་ཐ་སྙད་ལ་བརྟེན་ནས་དེ་སྐད་བསྟན་ཏོ། །དེ་དག་གིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བདག་མཉམ་པ་ཉིད་དུ་མདོར་བསྟན་ནས། དེ་ཁོ་ན་ཉིད་
ཀྱི་དོན་ལ་སྣ་ཚོགས་ཀྱི་རྣམ་པ་སྤང་བའི་ཕྱིར་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བ་ནི་ཆོས་ཐམས་ཅད་ཀྱི་སྐྱེ་བ་མ་མཆིས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཐམས་ཅད་སྐྱེ་བ་མ་མཆིས་ཤིང་འབྱུང་བ་མ་མཆིས་པ་སྟེ། སྐྱེ་བ་མ་མཆིས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ལགས་ཏེ། དེ་ཁོ་ནའི་དོན་གྱི་ངོ་བོ་གཅིག་ཡིན་པའི་ཕྱིར་རོ། །རིགས་དབྱེར་མེད་པར་བསྟན་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བ་འདི་ནི་འདི་ལྟ་སྟེ། བསམ་གྱིས་མི་ཁྱབ་པའི་དབྱིངས་བསམ་གྱིས་མི་ཁྱབ་པའི་རིགས་དེའི་ཚིག་བླ་དགས་སོ་ཞེས་གསུངས་སོ། །གཞན་
ཟློག་པ་ཐ་དད་པར་ཟད་ཀྱི་འདིར་ནི་ཐ་དད་པ་མེད་དོ་ཞེས་བསྟན་པའི་ཕྱིར། བསམ་གྱིས་མི་ཁྱབ་པའི་དབྱིངས་གང་ལགས་པ་དེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ལགས་པ་ཞེས་བྱ་བ་ནི་ཐམས་ཅད་དུ་ཡང་ངེས་པར་གཟུང་བའི་དོན་ལགས་ཏེ། གང་ལགས་པ་དེ་ཉིད་ནི་སྐྱེ་བ་མ་མཆིས་པའི་
དབྱིངས་ལགས། དེ་ཉིད་ཆོས་ཀྱི་དབྱིངས་ཏེ། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་རྒྱུ་ལགས་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་གང་ལགས་པ་དེ་ཀུན་ཏུ་འབྱུང་བ་མ་མཆིས་པའི་དབྱིངས་སོ་ཞེས་བྱ་བ་ནི་མི་མཐུན་པ་ཡིད་ལ་བྱེད་པ་ཀུན་ཏུ་འབྱུང་བ་མ་མཆིས་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཀུན་ཏུ་འབྱུང་
བ་མ་མཆིས་པའི་དབྱིངས་གང་ལགས་པ་དེ་བསམ་གྱིས་མི་ཁྱབ་པའི་དབྱིངས་སོ་ཞེས་བྱ་བ་ལ་ཡང་བསམ་གྱིས་མི་ཁྱབ་པའི་དབྱིངས་སྨོས་པ་ནི་བདག་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བསམ་གྱིས་མི་ཁྱབ་པ་རྣམས་ཐ་དད་པ་མེད་པར་སྟོན་པའི་ཕྱིར་རོ། །བདག་གི་དབྱིངས་གང་ལགས་

པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དབྱིངས་ཏེ། དེ་ལྟར་ན་ཞེས་བྱ་བའམ། དེ་ལྟར་ན་ཞེས་བྱ་བ་ནི་གང་གི་ཕྱིར་དེ་ལྟར་ན་ཞེས་བྱའོ། །དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དབྱིངས་དང་། བདག་གི་དབྱིངས་འདི་ནི་གཉིས་སུ་མ་མཆིས་ཏེ། གཉིས་ཀྱི་དངོས་པོས་དབེན་པ་ལགས་
སོ། །དེ་བས་ན་གཉིས་སུ་དབྱེར་མ་མཆིས་ཏེ། རྣམ་པ་གཉིས་སུ་བགྱིར་མི་ནུས་སོ། །སྔར་བསྟན་མ་ཐག་པ་གང་གི་སླད་དུ་འདི་གཉིས་སུ་མ་མཆིས་ཏེ་གཉིས་སུ་དབྱེར་མ་མཆིས་པ་ལགས་པ་དེའི་སླད་དུ་འདི་ནི་བསམ་གྱིས་མི་ཁྱབ་པའི་དབྱིངས་སོ། །འདི་སྐད་བསྟན་ཏེ། གལ་ཏེ་འདི་གཉིས་
ལས་གང་ཡང་རུང་བ་འགའ་ཞིག་སྐྱེས་ཏེ་ཡོད་པར་གྱུར་ཏམ། གལ་ཏེ་གཉིས་ཀ་ཡང་མ་སྐྱེས་པ་ཤིན་ཏུ་མ་ཡིན་པར་གྱུར་ན་ནི་དེའི་ཚེ་ཆོས་ཡོད་པ་དག་ལ་ཤེས་པས་ཡུལ་དུ་མ་བྱས་པའི་ཕྱིར། ཕྱོགས་གཅིག་པའི་ཤེས་པ་ཡིན་པར་འགྱུར་བ་འམ། མ་ཤེས་པར་འགྱུར་བ་ཡིན་ནོ། །ཡུལ་
དུ་བྱེད་ན་ནི་སེམས་པ་ཡོད་པས་བསམ་གྱིས་མི་ཁྱབ་པ་ཉམས་པར་འགྱུར་རོ། །གང་གི་སླད་དུ་ཞེས་བྱ་བ་དང་། དེའི་སླད་དུ་ཞེས་བྱ་བ་འདི་ནི་གཏན་ཚིགས་ཡིན་ཏེ། འདི་ནི་བསམ་གྱིས་མི་ཁྱབ་པའི་དབྱིངས་སོ་ཞེས་ཐ་སྙད་ཀྱི་བདེན་པའི་དབང་དུ་བྱས་ནས། དེ་སྐད་བཤད་ཀྱི་འདིར་ནི་
གཏན་ཚིགས་སམ། བསྒྲུབ་པར་བྱ་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པའི་ཕྱིར། གཞན་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །གང་གི་སླད་དུ་འདི་བསམ་གྱིས་མི་ཁྱབ་པའི་དབྱིངས་ལགས་པ་དེའི་སླད་དུ་འདི་ནི་ཡང་དག་པར་འགྲུབ་པ་མ་མཆིས་སོ། །ཡང་དག་པར་འགྲུབ་པ་མ་མཆིས་པ་
གང་ལགས་པ་དེ་ནི་མཆིས་པ་མ་ལགས་སོ་ཞེས་འབྱུང་བ་ལ་ཡང་དག་པར་འགྲུབ་པ་མ་མཆིས་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མཚན་ཉིད་ཀྱི་རྒྱུ་གང་ནས་ཀྱང་མ་སྐྱེས་པ་སྟེ། དེ་ན་ཡོད་པ་མ་ཡིན་ན། རྒྱུ་ཉིད་དུ་བརྟགས་པ་དེ་ལས་འབྲས་བུའི་ངོ་བོ་གཉིས་སུ་མེད་པའི་ཡེ་ཤེས་སུ་
བརྗོད་པ་སྟེ། ཇི་ལྟར་དོན་དམ་པར་ཡང་དག་པར་འགྲུབ་པར་འགྱུར། གང་ནས་ཀྱང་མ་འོངས་ཤིང་སྔ་ན་ཡང་དེ་ན་ཡོད་པ་མ་ཡིན་དུ་ཟིན་ཀྱང་། གློ་བུར་དུ་བྱུང་བར་རྟོག་ན་འོ་ན་ནི་དྲི་ཟའི་གྲོང་ཁྱེར་དང་། རྨི་ལམ་གྱི་དམིགས་པ་དང་། སྨིག་རྒྱུའི་ཆུ་ལ་སོགས་པ་ཡང་སྐྱེས་པ་ཡིན་

པར་ཅི་སྟེ་མི་བརྟག་སྟེ། རིགས་པ་མཐུན་པའི་ཕྱིར་རོ། །དེ་ལྟ་ན་ནི་འགའ་ཡང་ཕྱིན་ཅི་ལོག་ཏུ་མི་འགྱུར་བས་ཕྱིན་ཅི་ལོག་གི་ཤེས་པ་མེད་པར་ཐལ་བར་འགྱུར་རོ། །འགའ་ཞིག་ཕྱིན་ཅི་ལོག་ཉིད་ཡིན་ན་ནི་རིགས་པ་མཐུན་པའི་ཕྱིར་སྐྱེས་པ་ཐམས་ཅད་ཀྱང་དོན་དམ་
པར་ནོར་པ་ཡིན་པར་རྟོགས་ཤིང་། རྒྱུའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ནི་འབྲས་བུ་ཡིན་ལ། རྗེས་སུ་འགྲོ་བ་དང་ལྡོག་པར་བྱེད་པ་གང་ཡིན་པའི་རྗེས་སུ་བྱེད་པ་གང་ཡིན་པ་དེ་ནི་རྒྱུ་ཡིན་ནོ། །དེ་སྐད་དུ་མངོན་སུམ་དང་། མི་དམིགས་པས་སྒྲུབ་པ་ནི་རྒྱུ་དང་འབྲས་བུའི་དངོས་པོ་
ཡིན་ནོ་ཞེས་འཆད་དོ་ཞེ་ན། ཐ་སྙད་ལ་ལྟོས་ནས་དེ་སྐད་དུ་འཆད་པ་ནི་བདེན་ཏེ། དེ་ཉིད་ལས་འདི་སྐད་དུ། ཚད་མའི་མཚན་ཉིད་འདི་ནི་ཐ་སྙད་པ་ཡིན་ལ། འདི་ལ་ཡང་གཞན་དག་ལོག་པར་རྟོགས་པ་ཡིན་གྱི། དོན་དམ་པ་ནི་མ་ཡིན་ནོ་ཞེས་འཆད་དོ། །འདི་ལྟར་རྗེས་སུ་འགྲོ་བ་དང་ལྡོག་
པ་གཉིས་ནི་ཤེས་པར་མི་ནུས་ཏེ། འདི་ལྟར་རྣམ་པར་མི་རྟོག་པས་ནི་མ་ཡིན་ཏེ། དེ་ངེས་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །རྣམ་པར་རྟོག་པས་ཀྱང་མ་ཡིན་ཏེ། དེ་ལ་ཡུལ་མེད་པའི་ཕྱིར་རོ། །རང་གི་ངོ་བོ་ལ་ཕྱི་རོལ་གྱི་ངོ་བོ་ཡིན་པར་ཞེན་ནས། དེ་ན་སྐྱེས་པ་མེད་པ་ལ་དེར་འཛིན་པ་དེ་ནི་
འཁྲུལ་པ་ཁོ་ན་ཡིན་པར་ཟད་དོ། །མི་རྟོག་པ་ཉམས་སུ་མྱོང་བའི་རྗེས་ལས་བྱུང་བའི་རྣམ་པར་རྟོག་པ་དང་། ཚོལ་བ་ལ་སོགས་པས་ཀུན་ནས་བླང་བའི་རྣམ་པར་རྟོག་པ་ལ་ནི་དོན་མེད་པ་ཉིད་ཡིན་ཏེ། བྱེ་བྲག་ཅི་ཡང་མེད་དོ། །དོན་བྱེད་པ་འཐོབ་པར་མངོན་པར་ཞེན་པ་ཡང་དེ་དག་ཉིད་ཀྱིས་ལན་
བཏབ་པོ། །དེ་ནི་ཐ་སྙད་ཡིན་ཏེ་མི་དགག་གོ། །གཞན་ཡང་དོན་བྱེད་པ་འདི་ནི་ལོག་པའི་ཤེས་པ་ཡིན་པར་ཡང་མཐོང་སྟེ། འདི་ལྟར་ནམ་མཁའ་ལྡིང་གི་སྔགས་མཁན་ལ་སོགས་པས། ནམ་མཁའ་ལྡིང་ལ་སོགས་པ་བསྒོམས་པས། དུག་ལ་སོགས་པ་བསལ་བ་ཡང་མཐོང་སྟེ། དེ་ན་ཡང་ནམ་
མཁའ་ལྡིང་ལ་སོགས་པ་ནི་ཡོད་པ་མ་ཡིན་ཏེ། དེའི་ངོ་བོ་མི་དམིགས་པའི་ཕྱིར་རོ། །གཞན་ཡང་མེད་པ་སྐྱེས་ནས་སྐད་ཅིག་ཏུ་མ་ལུས་པར་འགགས་སོ་ཞེས་སྨྲས་པ་རྣམས་ཀྱིས་ནི་མ་སྐྱེས་པ་ཡིན་ཡང་སྨིག་རྒྱུ་ལ་སོགས་པ་བཞིན་དུ་སྣང་བ་ཡིན་ནོ་ཞེས་བརྗོད་པར་རིགས་ཏེ། འདི་ལྟར་ཐམས་

ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བ་ལ་སོགས་པའི་ཉེས་པར་འགྱུར་བའི་ཕྱིར་རོ། །ནུས་པ་ཡང་ངེས་པ་ཡོད་པ་མ་ཡིན་ཏེ། སྐྱོན་མཚུངས་པའི་ཕྱིར་རོ། །གཞན་ཡང་དེ་དག་ཐམས་ཅད་ནི་བརྗོད་པ་ཙམ་དུ་ཟད་ཀྱི། སྐྱེ་བ་ལ་དགའ་ཞིང་སྐྱེ་བ་ལ་ཆགས་པ་ནི་སྤངས་དཀའ་བ་ཡིན་ཏེ། བསྟན་
བཅོས་རྣམས་དང་འཇིག་རྟེན་པའི། །དཔེ་རྣམས་ཕ་ཡིས་བསྒོ་ན་ཡང་། །གནས་པ་མེད་ལ་མངོན་ཞེན་པ། །སྐྱབས་སུ་འོངས་བཞིན་འགའ་སྤོང་མེད། །གཉིས་སུ་མེད་པའི་ཡེ་ཤེས་དོན་དམ་པར་ཡོད་པར་ཁས་ལེན་པ་ནི་སྐྱོན་མང་དུ་ཡོད་དེ། མུ་སྟེགས་ཅན་བཞིན་དུ་ཕྱོགས་གཅིག་པའི་
སྟོང་པ་ཉིད་དུ་སྨྲ་བར་འགྱུར་བ་དང་དེ་བཞིན་གཤེགས་པ་མང་པོ་རྣམས་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་དེ་དག་མཁྱེན་ན་ནི་གཟུང་འཛིན་དང་ལྡན་པར་འགྱུར་བ་དང་། དོན་དམ་པར་ཡོད་པ་མི་མཁྱེན་ན་ནི་མཁྱེན་པ་མེད་པ་ཉིད་དུ་ཡང་འགྱུར་རོ། །དོན་དམ་པར་ཡོད་པ་མ་ཡིན་ལ་ཡུལ་དུ་མི་བྱེད་པ་
ལ་ནི་སྐྱོན་ཅི་ཡང་ཡོད་པ་མ་ཡིན་ཏེ། རྨི་ལམ་ན་དམིགས་པའི་རྟ་ལ་སོགས་པ་གཉིད་མ་ལོག་པས་མ་མཐོང་ཞེས་ཏེ། མི་ཤེས་པར་གྱུར་པ་མ་ཡིན་ནོ། །ཤེས་པའི་ཡུལ་བསམ་གྱིས་མི་ཁྱབ་པ་ཡང་དེ་ལྟ་བུ་ཡིན་ན་རུང་གི །དེ་ལྟ་བུ་མ་ཡིན་ན་མི་རུང་ངོ་། །དེ་ཉིད་ཀྱི་ཕྱིར་མཆིས་པ་མ་
ལགས་ཏེ། ཡོད་པར་གྱུར་པ་མ་ཡིན་ནོ། །རྣམ་པ་དེ་ལྟ་བུ་ཇི་ལྟར་འཇིག་པར་འགྱུར་ཏེ། འཇིག་པར་མི་འགྱུར་རོ། །ཚིག་དེ་གསུམ་གྱིས་ནི་འདི་འདུས་མ་བྱས་ཉིད་ཡིན་པར་བསྟན་ཏོ། །གང་འཇིག་པར་མི་འགྱུར་བ་དེ་ནི་བསམ་གྱིས་མི་ཁྱབ་པ་སྟེ་ཞེས་བྱ་བ་ནི་བསམ་གྱིས་མི་ཁྱབ་པ་སྟེ་
ཡིན་པར་སྒྲུབ་པར་བྱེད་པའི་འཐད་པ་ནི་འཇིག་པ་མེད་པས་སྒྲུབ་པར་བྱེད་པ་ཡིན་པར་བསྟན་དུ་ཟིན་ཀྱང་འོན་ཀྱང་འབྱུང་བ་མེད་པ་དང་། ཡོད་པ་མ་ཡིན་པ་དེ་དག་ཀྱང་བལྟ་བར་བྱའོ། །འཇིག་པ་མེད་པ་ནི་དེས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ། །དེ་དག་གིས་འདུས་མ་བྱས་པ་ཉིད་ཡིན་པའི་ཕྱིར།
བསམ་གྱིས་མི་ཁྱབ་པ་ཉིད་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །བསམ་གྱིས་མི་ཁྱབ་པ་དང་། བདག་གི་དབྱིངས་འདི་གཉིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དབྱིངས་ཉིད་ཡིན་པར་བསྟན་ནས། དེ་བཞིན་གཤེགས་པའི་དབྱིངས་ཉིད་བསྟན་པའི་ཕྱིར། དེ་ལྟར་ན་དེ་བཞིན་གཤེགས་པའི་

དབྱིངས་དང་བདག་གི་དབྱིངས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། གང་གི་ཕྱིར་དེ་ལྟར་དངོས་པོ་དབེན་པའི་ཕྱིར། བསམ་གྱིས་མི་ཁྱབ་པ་ཡིན་པ་དེ་བས་ན་དེ་བཞིན་གཤེགས་པའི་དབྱིངས་དང་བདག་གི་དབྱིངས་འདི་གཉིས་སུ་མ་མཆིས་ཏེ། གཉིས་སུ་དབྱེར་མ་
མཆིས་ཤིང་། འདི་གཉི་ག་ཡང་རྣམ་པར་དབེན་པ་ཉིད་ཡིན་ནོ། །དབྱིངས་ནི་རྒྱུ་སྟེ། འདི་ལྟར་བདག་ནི་ཕྱོགས་བཅུར་བཙལ་ན་དམིགས་སུ་མེད་དོ། །དེ་བས་ན་རིན་པོ་ཆེ་ཟ་མ་ཏོག་ལས་ཀྱང་རྣམ་པར་དབེན་པ་འདི་ཉིད་སྒོ་ཡིན་ནོ་ཞེས་གསུངས་ཏེ། རྣམ་པར་དབེན་པ་དེ་ཉིད་སེམས་ལ་རྒྱུན་མི་
འཆད་པར་གཞག་ན་དངོས་པོར་སྒྲོ་འདོགས་པ་རྣམས་ཆུང་བ་དང་ཤིན་ཏུ་ཆུང་བར་འགྱུར་ཞིང་ཡུན་རིང་དུ་ལོན་པ་དང་། དངོས་པོས་སྒྲོ་འདོགས་པ་སྐབས་མེད་པའི་ཕྱིར། དེ་བཞིན་གཤེགས་པའི་དབྱིངས་སོ། །རྣམ་པར་དབེན་པ་འདི་སེམས་ལ་གཞག་པར་ནུས་སམ། འོན་ཏེ་མི་ནུས་ན། ཅིའི་ཕྱིར་དེ་སྐད་དུ་
སྨྲས་ཤེ་ན། སེམས་ཉིད་དེ་རྣམ་པ་ཅན་ལ་དེ་སྐད་དུ་བསྟན་ཏེ། དེའི་བདག་ཉིད་དུ་གྱུར་པ་ནི་དེ་བཞིན་གཤེགས་པ་ཡིན་ཏེ། དེས་ན་བདག་དང་དེ་བཞིན་གཤེགས་པ་གཉིས་དབྱིངས་ཐ་དད་པ་མེད་དོ། །ངོ་བོ་ཉིད་བསྟན་ཟིན་ཏོ། །ད་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་བསྟན་པའི་ཆེད་དུ་རེ་
ཞིག་སྔ་ཕྱི་མཚམས་སྦྱར་བའི་ཕྱིར། ཐ་དད་པ་མེད་པ་ཉིད་དུ་སྟོན་པ་ནི་བཅོམ་ལྡན་འདས་ཀྱིས་གང་བདག་བསྒོམ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡིན་ནོ་ཞེས་བཀའ་སྩལ་པ་ཞེས་གསུངས་ཏེ། བདག་བསྒོམ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡིན་ནོ་ཞེས་འདི་དང་
གཞན་དུ་གསུངས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱུའི་བདག་ཉིད་དེ་བསྒོམ་པའི་སྒྲས་བདག་བསྒོམ་པ་ཡིན་པར་བསྟན་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ཀྱང་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བ་འདི་ནི་འདི་ལྟར་བདག་རྣམ་པར་དབེན་པ་འདི་
ཚིག་བླ་དགས་ལགས་པའི་སླད་དུའོ། །དེ་ཉིད་ཀྱང་ཅིའི་སླད་དུ་ཞེ་ན། དེའི་ཕྱིར་བཅོམ་ལྡན་འདས་གང་གིས་བདག་གི་དབྱིངས་འཚལ་བ་དེས་ཆགས་པ་མ་མཆིས་པ་འཚལ་བ་ལགས་སོ་ཞེས་གསུངས་ཏེ། ཇི་སྐད་དུ་བསྟན་པའི་བདག་གི་དབྱིངས་འཚལ་བ་དེ་ནི་ཆགས་པ་མ་

མཆིས་པ་འཆལ་བ་ལགས་ཏེ། དམིགས་པར་སྒྲོ་འདོགས་པའི་སྒྲིབ་པ་ལ་ཆགས་པ་མེད་པའི་ཕྱིར། ཆགས་པ་མ་མཆིས་པའི་ཚེ་མཁྱེན་པ་ཅན་ཉིད་ནི་དེ་བཞིན་གཤེགས་པ་ཉིད་ཡིན་ནོ། །དེ་ཉིད་གསལ་བར་བྱེད་པ་ནི་གང་གིས་ཆགས་པ་མ་མཆིས་པ་ཉིད་འཚལ་བ་དེས་ཆོས་གང་
ཡང་འཚལ་བ་མ་མཆིས་ཏེ་ཞེས་བྱ་བ་ཡིན་ཏེ། ཤེས་བྱ་ལ་ཆགས་ན་ནི་ཆགས་མེད་ཉམས་པ་ཡིན་ནོ། །ཆོས་གང་ཡང་མེད་པ་དེ་ཉིད་ཀྱང་ཅིའི་སླད་དུ་ཞེ་ན། དེའི་ཕྱིར་འདི་ལྟར་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ནི་ཞེས་གསུངས་ཏེ། སྒྲོ་འདོགས་པའི་སྒྲིབ་པ་སྤངས་པའི་ཕྱིར་ལ་
སེམས་པ་ནི་སྒྲོ་འདོགས་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །དམིགས་པའི་སྒྲིབ་པ་སྤངས་པའི་ཕྱིར། ཆོས་གང་ལ་ཡང་ཤེས་པ་མེད་པ་ནི་སངས་རྒྱས་ཀྱི་ཡེ་ཤེས་ཉིད་ལགས་ཏེ། ཆགས་པ་མེད་པ་དང་ལྡན་པའི་ཆོས་ཅན་བསྟན་ཏོ། །ཆགས་པ་མེད་པ་སྟོན་པ་ལ་དེ་བཞིན་གཤེགས་
པའི་ཡེ་ཤེས་ལ་འཛིན་པ་མ་ཡིན་ནོ་ཞེས་ཟེར་བ་དེ་ཇི་ལྟར་འཐད། གང་གི་ཕྱིར་དོན་འདི་རིགས་པར་འགྱུར། དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བའི་དགོངས་པ་འདི་ལྟ་སྟེ། གལ་ཏེ་བསམ་པ་ཅུང་ཟད་ཀྱང་མ་མཆིས་ཤིང་མི་མཁྱེན་ན། དེ་ལྟར་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་ཏེ། མ་
བསམས་པར་ནི་བསམ་པ་དང་། དབང་པོ་དང་འདོན་པ་དག་མ་ཤེས་པའི་ཕྱིར། ཆོས་ཀྱི་འཁོར་ལོ་བསྐོར་བར་ཇི་ལྟར་འཐད་པར་འགྱུར་ཞེ་ན། ལན་དུ་ཡེ་ཤེས་དེ་ནི་དོན་དམ་པར་མཆིས་པ་མ་ལགས་ཏེ་ཞེས་གསུངས་ཏེ། གང་གི་ཕྱིར་ཡེ་ཤེས་དེ་ནི་དོན་དམ་པར་དེ་ཁོ་ན་ཉིད་དུ་ཇི་
སྐད་སྨོས་པའི་ཚུལ་གྱིས་ན་མཆིས་པ་མ་ལགས་སོ། །དེ་བས་ན་དེ་ལྟ་བུའི་ངོ་བོ་ཡོད་པ་མ་ཡིན་པའི་ཕྱིར་ཆོས་ཀྱི་འཁོར་ལོ་བསྐོར་བར་ཡང་ཇི་ལྟར་འགྱུར། ཇི་ལྟར་ཞེས་བྱ་བ་ནི་སྤོང་བའོ། །ཆོས་ཀྱི་འཁོར་ལོ་ནི་མཚོན་པ་ཡིན་གྱི། སངས་རྒྱས་ཀྱི་མཛད་པ་ཐམས་ཅད་ཀྱང་མཛད་
པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འོན་ཀྱང་སྔོན་ཡོངས་སུ་སྦྱངས་པའི་བྱེ་བྲག་གི་ཕྱིར་དང་། སྨོན་ལམ་གྱི་སྟོབས་ཀྱི་ཕྱིར་དང་། དེ་བཞིན་གཤེགས་པ་ཆོས་ཀྱི་སྐུའི་དབང་གིས་སྐལ་བ་དང་ལྡན་པ་རྣམས་ལ་ཆོས་ཀྱི་འཁོར་ལོ་སྐོར་བ་ལ་སོགས་པ་སྣང་བའི་རྣམ་པར་རིག་པ་སྐྱེའོ། །དེ་སྐད་

དུ་དེ་བཞིན་གཤེགས་པའི་གསང་བ་བསྟན་པ་ལས། ཇི་ལྟར་འཁྲུལ་འཁོར་བྱས་རྒྱུད་ལས། །རླུང་གིས་བསྐྱོད་དེ་སྒྲ་དག་འབྱུང་། །སེམས་ཅན་བསམ་པའི་དབང་གིས་ནི། །དེ་བཞིན་སངས་རྒྱས་ཆོས་ཀྱང་སྟོན། །ཞེས་གསུངས་སོ། །འཕགས་པ་
བྱམས་པ་མགོན་པོས་ཀྱང་། །རྩོལ་བ་མེད་ཅིང་ཆགས་དང་བྲལ། །ཐོགས་པ་མེད་པར་རྟག་ཏུ་བཞུགས། །དྲིས་པ་ཐམས་ཅད་སེལ་མཁྱེན་པ། །སྨོན་ལམ་མཁྱེན་པར་འདོད་པ་ཡིན། །རྒྱུ་ནི་ཡོངས་སུ་སྨིན་གྱུར་ན། །གང་གང་ཚེ་ན་གང་དག་ལ། །ཕན་པར་བྱ་བ་འབྱུང་བ་ནི། །དེ་
དང་དེ་ལ་དེ་འཕེལ་འགྱུར། །ཞེས་གསུངས་སོ། །གང་གི་ཚེ་ཡེ་ཤེས་དེ་དོན་དམ་པར་མ་མཆིས་པ་དེའི་ཚེ་ཡེ་ཤེས་དེ་ནི་ཆགས་པ་མ་མཆིས་པའོ་ཞེས་བྱ་བ་ལ་ཆགས་པ་ནི་བཞེད་པའོ། །དེ་འདི་ལ་ཡོད་པ་མ་ཡིན་པས་ཆགས་པ་མ་མཆིས་པའོ། །གང་གི་ཚེ་ཡེ་ཤེས་དེ་ཆགས་པ་མ་
མཆིས་པ་དེའི་ཚེ་ཡེ་ཤེས་དེ་ནི་དངོས་པོ་མ་མཆིས་པའོ་ཞེས་གསུངས་པ་ལ། དངོས་པོ་ནི་བྱུང་བ་ལ་བྱའོ། །དངོས་པོ་མེད་པ་ནི་དེ་ལྟ་བུ་མ་ཡིན་ཏེ། འདུས་མ་བྱས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། གང་འབྱུང་བ་དེ་ནི་གདོན་མི་ཟ་བར་རྒྱུ་དང་འབྲས་བུ་འབྲེལ་ཞིང་ཆགས་པ་ཡིན་ལ།
གང་ཆགས་པ་མེད་པ་དེ་ནི་འདུས་མ་བྱས་པ་ཡིན་ཏེ་དེ་བས་ན་དངོས་པོ་མ་མཆིས་པའོ་ཞེས་གསུངས་སོ། །སེམས་དང་སེམས་ལས་བྱུང་བའི་རྐྱེན་ནི་བཞི་སྟེ། དམིགས་པ་དང་བདག་པོ་དང་དེ་མ་ཐག་པ་དང་། རྒྱུ་ཞེས་བྱ་བ་རྣམས་སོ། །དེ་དག་ནི་དངོས་པོ་མེད་པ་ལ་མི་འཐད་དོ་ཞེས་བསྟན་
པའི་ཕྱིར། ཡེ་ཤེས་དེ་ནི་ཡུལ་མ་མཆིས་པའོ་ཞེས་གསུངས་ཏེ། གཟུགས་ལ་སོགས་པའི་དམིགས་པ་མེད་པའི་ཕྱིར་རོ། །རྣམ་པར་ཤེས་པ་བསྐྱེད་པ་ལ་དབང་བྱེད་པའི་མིག་ལ་སོགས་པའི་དབང་པོ་ལ་མི་གནས་པས་ན་ཡེ་ཤེས་ནི་མི་གནས་པའོ། །དེ་མ་ཐག་པའི་རྐྱེན་གྱི་
དབང་དུ་བྱས་ནས། ཡེ་ཤེས་དེ་ནི་བརྟེན་པ་མ་མཆིས་ཏེ་ཞེས་གསུངས་ཏེ། བརྟེན་པ་མཐོང་བའོ། །དེ་ནི་སྐྱེ་བཞིན་པ་མ་འོངས་པ་རྣམས་སྐྱེ་བ་ལ་མངོན་དུ་ཕྱོགས་པ་རྣམས་ལ། གོ་འབྱེད་པ་སྦྱིན་པར་བྱེད་པ་སྟེ། གང་གིས་གོ་ཕྱེ་བས་འབྲས་བུ་བརྟེན་པར་འགྱུར་བ་དེ་མེད་པའི་ཕྱིར།

བརྟེན་པ་མ་མཆིས་པའོ། །ཡེ་ཤེས་དེ་ནི་མ་བསྐྱེད་པའོ་ཞེས་བྱ་བ་ནི་སྐལ་བ་མཉམ་པ་དང་ཀུན་ཏུ་འགྲོ་བ་དང་རྣམ་པར་སྨིན་པའི་རྒྱུ་དེ་དག་གིས་ནི་སྐྱེ་བཞིན་པ་མ་འོངས་པ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་སྐྱེད་པར་བྱེད་པ་ཡིན་ལ། དེ་འགོག་པར་བྱེད་པ་ནི་མ་བསྐྱེད་པའོ་ཞེས་བྱ་བ་ཡིན་ནོ། །
ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་རྒྱུའི་དབང་དུ་བྱས་ནས། མ་ཐོབ་པའོ་ཞེས་གསུངས་ཏེ། འགག་བཞིན་པ་དང་ད་ལྟར་བྱུང་བ་འགག་པ་ལ། མངོན་དུ་ཕྱོགས་པ་དག་ལ་ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་རྒྱུ་དེ་གཉིས་ཀྱིས་འབྲས་བུ་ཐོབ་པར་བྱེད་པ་ཡིན་ན་
དེ་མེད་པའི་ཕྱིར་མ་ཐོབ་པའོ། །བྱེད་རྒྱུ་ནི་བདག་པོའི་རྐྱེན་ཡིན་ཏེ། དེ་ཡང་འདིས་བྱས་ཀྱི་དངོས་པོ་ཐམས་ཅད་དོ། །འདུས་བྱེད་པ་ནི་གནས་སྐབས་ཐམས་ཅད་དུ་བྱེད་པས་རྣམ་པ་མང་ངོ་། །དེ་ལ་རྟེན་དུ་གྱུར་པ་རྣམས་ནི་ཡེ་ཤེས་དེ་ནི་བརྟེན་པ་མ་མཆིས་པའོ་ཞེས་བྱ་བ་དེར་བསྟན་ཟིན་ཏོ། །
དེ་ལས་གཞན་པའི་དབང་དུ་བྱས་ནས་སྐྱེ་བར་ཡང་མི་འགྱུར་བའོ་ཞེས་གསུངས་ཏེ། ཡང་གི་སྒྲས་ནི་མ་སྐྱེས་པ་དང་མི་སྐྱེ་བ་ཡང་བལྟ་བར་བྱའོ། །དེ་ཡང་གཏན་ཚིགས་གང་གིས་མངོན་ཞེ་ན། དེའི་ཕྱིར་གཏན་ཚིགས་སུ་ཡེ་ཤེས་དེ་ནི་ཡོན་ཏན་གྱིས་འདུས་བགྱིས་པའམ་ཞེས་བྱ་བ་ལ་སོགས་
པ་གསུངས་ཏེ། འདི་ལྟར་ཡེ་ཤེས་དེ་ནི་ཡོན་ཏན་གྱིས་འདུས་བགྱིས་པ་མ་ལགས་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་མ་བསྒྲུབས་པའོ། །ཡོན་ཏན་མ་ལགས་པས་འདུས་བགྱིས་པ་མ་ལགས་ཞེས་བྱ་བ་ནི་ཡོན་ཏན་ལས་གཞན་པ་རྣམས་ཀྱིས་སྒྲིབ་པར་མི་བྱེད་པའི་ཚུལ་གྱིས་
འདུས་བྱས་མ་ཡིན་པའོ། །ཡོན་ཏན་དང་ཡོན་ཏན་མ་ཡིན་པ་གཉིས་ཀྱིས་ནི་འདུས་བྱས་ཐམས་ཅད་བསྡུས་པ་ཡིན་ཏེ། འདི་གཉིས་ཕན་ཚུན་སྤངས་ཏེ། གནས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་ཡོན་ཏན་དང་། ཡོན་ཏན་མ་ཡིན་པ་གཉིས་ཀྱིས་འདུས་མ་བྱས་པ་ཡིན་ན་འོ་ན་
ཇི་ལྟར་དེ་བཞིན་གཤེགས་པ་ཉིད་ཀྱི་ཡེ་ཤེས་ཐུན་མོང་མ་ཡིན་པ་ཡིན་ལ། གང་ཟག་གཞན་གྱི་མ་ཡིན། འདུས་མ་བྱས་པ་རྒྱུ་དང་མ་འབྲེལ་བ་ལ་མི་ལྟོས་པ་དག་ཅིའི་ཕྱིར་ཐུན་མོང་མ་ཡིན་པ་ཡིན་སྙམ་པ་དེའི་ཕྱིར། ཅིའི་སླད་དུ་ཞེ་ན་ཞེས་གསུངས་སོ། །འདིར་ལན་ནི་འདི་ལྟར་ཡེ་ཤེས་

དེ་ནི་བསམ་གྱིས་མི་ཁྱབ་པ་སྟེ་ཞེས་བྱ་བ་ཡིན་ཏེ། འདི་བསམ་པ་དང་བྲལ་བས་བསམ་གྱིས་མི་ཁྱབ་པའོ། །བསམ་པ་སྒྲོ་བཏགས་པ་དང་བྲལ་བ་བསྟན་པའི་ཕྱིར། དེས་ན་ཡོན་ཏན་ནམ་ཡོན་ཏན་མ་ལགས་པས་ཀྱང་ཇི་སྐད་དུ་བསྟན་པར་བགྱིའོ་ཞེས་
གསུངས་ཏེ། གཏན་ཚིགས་དེས་སམ། ཡེ་ཤེས་དེས་ཡོན་ཏན་ནམ། ཡོན་ཏན་མ་ལགས་པས་འདུས་བྱས་ཉིད་དུ་ཇི་ལྟར་བསྟན་པར་བགྱི། གང་གི་སླད་དུ་ཡེ་ཤེས་དེ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ནི་གཟུང་བ་མེད་པ་ཡིན་ན། གཞན་ཅི་ཞིག་བསམ་དུ་ཡོད་ཅེས་བྱ་བ་མ་ཡིན་
ནོ། །དེ་ཅིའི་སླད་དུ་ཡེ་ཤེས་དེ་བསམ་དུ་མ་མཆིས་པ་སྟེ་ཞེས་བྱ་བ་ནི་བསམ་པ་གཏོང་སྟེ། འཛིན་པ་མེད་པ་ཡིན་ནོ། །འདིས་ནི་འདི་སྐད་དུ་ཡེ་ཤེས་དེ་ནི་བསམ་པར་བྱ་བ་དང་། སེམས་པར་བྱེད་པ་ལས་དབེན་ཞིང་དེ་གཉིས་སུ་སྒྲོ་འདོགས་པ་མེད་པ་ཡིན་གྱི། གཞན་དག་ནི་མ་ཡིན་ནོ་ཞེས་
བསྟན་ཏོ། །མཇུག་བསྡུ་བའི་ཕྱིར། གང་དེ་ལྟར་ཤེས་པ་དེ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུང་བ་དང་འཛིན་པ་ལས་དབེན་པའི་བདག་ཉིད་ཀྱི་ཤེས་པ་གང་ཡིན་པ་དེ་ནི་སྔར་བསྟན་པའི་མི་དམིགས་པའི་ཚུལ་དུ་སངས་རྒྱས་ཀྱི་ཡེ་ཤེས་ལགས་པར་འཚལ་ལོ། །དེ་ལྟར་
བསམ་གྱིས་མི་ཁྱབ་པ་ཡིན་པའི་ཕྱིར། རྒྱུ་དང་འབྲེལ་པ་བསལ་ནས་འབྲས་བུ་ཉིད་ཀྱང་བསལ་བའི་ཕྱིར། ཡེ་ཤེས་དེ་ནི་ཆོས་གང་ཡང་མངོན་པར་རྫོགས་པར་སངས་རྒྱས་པ་འམ། མཁྱེན་པ་མ་མཆིས་སོ་ཞེས་གསུངས་ཏེ། ཤིན་ཏུ་རྣམ་པར་དག་པ་ཡིན་པས། རྣམ་པ་ཐམས་ཅད་
ཁོང་དུ་ཆུད་པའི་མངོན་པར་རྫོགས་པར་སངས་རྒྱས་པའམ། དེ་ལས་གཞན་པའི་མཁྱེན་པ་མ་མཆིས་ཏེ། ཡུལ་གྱི་སྟོབས་ལས་བྱུང་ཞིང་། ཡུལ་ལ་ཤེས་པ་གང་ཡིན་པ་དེ་ལྟ་བུ་མ་ཡིན་པ་དེ་ཇི་ལྟར་ཤེས་པར་བྱེད། འདིས་ནི་སྐྱེས་བུ་བྱེད་པའི་འབྲས་བུ་བསལ་བ་བཞིན་ནོ། །ཡེ་ཤེས་དེ་ནི་སྔོན་
གྱི་མཐའ་འམ། ཕྱི་མའི་མཐའ་ནས་མཆིས་པ་མ་ལགས་སོ་ཞེས་བྱ་བས་ནི་བདག་པོའི་འབྲས་བུ་བསལ་བ་ཡིན་ཏེ། དེ་ནི་དུས་ངེས་པ་མེད་པའི་ཕྱིར་རོ། །ཡེ་ཤེས་དེ་ནི་སྔོན་མ་སྐྱེས་པ་ཡང་མ་ལགས་ཞེས་བྱ་བ་ནི་ཡེ་ཤེས་གང་གི་རྒྱུ་སྔོན་སྐྱེས་པ་མ་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། སྔོན་གྱི་སྒྲས་རྒྱུའི་

དོན་ལ་བྱ་སྟེ། དཔེར་ན་སྔོན་བཞིན་དང་། ཕྱི་མ་བཞིན་དང་། ཡང་དག་པའི་ཤེས་པ་སྔོན་དུ་སོང་བ་ལ་སོགས་པ་བཞིན་ནོ། །འདིས་ནི་རྣམ་པར་སྨིན་པའི་འབྲས་བུ་བསལ་བ་ཡིན་ཏེ། འདས་པ་ལས་དེ་རྣམ་པར་གཞག་པའི་ཕྱིར་རོ། །ཡེ་ཤེས་དེ་ནི་སྔོན་མ་སྐྱེས་པ་ཡང་མ་ལགས་ཏེ་ཞེས་
བྱ་བ་ནི་སྔ་མའི་ཟླ་དགག་པ་བསྟན་པ་སྟེ། ཐམས་ཅད་རྒྱུ་མེད་པ་ཅན་ཉིད་སྟོན་པ་གཙོ་བོ་ཡིན་ནོ། །འདི་གཉིས་ཀྱིས་དངོས་པོ་ཐམས་ཅད་བསྡུས་ཏེ། ཕན་ཚུན་སྤངས་ཏེ་གནས་པ་ཡིན་པའི་ཕྱིར། ཕུང་པོ་གསུམ་པ་བཞིན་མེད་དོ། །འབྲས་བུ་གསུམ་ཉིད་མི་འཐད་པའི་གཏན་ཚིགས་ནི་མ་སྐྱེས་
པའི་སླད་དུའོ་ཞེས་བྱ་བ་ཡིན་ཏེ། ཡེ་ཤེས་སྐྱེ་བ་དང་ལྡན་པ་ནི་འབྲས་བུ་ཉིད་ཡིན་གྱི་གཞན་དུ་མ་ཡིན་ནོ། །དེ་ལས་གཞན་པ་འདུས་བྱས་ཀྱི་ཆོས་འགག་པ་སེལ་བར་བྱེད་པ་ནི་གང་མ་སྐྱེས་པ་དེ་ནི་ནུབ་པར་ཡང་མི་འགྱུར། ཆད་པར་ཡང་མི་འགྱུར་རོ་ཞེས་བྱ་བ་ཡིན་ཏེ། དངོས་པོ་རྣམས་འཇིག་
པ་ནི་ལྷག་མ་དང་བཅས་པ་དང་། ལྷག་མ་མེད་པ་དང་གཉིས་སུ་བྱིས་པ་རྣམས་ཀྱིས་བརྟགས་སོ། །དེ་ལ་ལྷག་མ་དང་བཅས་པའི་དབང་དུ་བྱས་ནས་ནུབ་པར་མི་འགྱུར་ཞེས་གསུངས་ཏེ། གནས་སྐབས་སུ་ནུབ་པ་མེད་པའི་ཕྱིར་རོ། །ཆད་པར་ཡང་མི་འགྱུར་ཞེས་བྱ་བ་ནི་ཡོང་ཡེ་ལྷག་མ་མེད་
པར་མི་འགྱུར་བའོ། །རྒྱུ་དང་མཐུན་པའི་འབྲས་བུ་འགོག་པར་བྱེད་པ་ནི་ཡེ་ཤེས་དེ་དང་འདྲ་བའི་ཡེ་ཤེས་གང་ཡང་མ་མཆིས་ཏེ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཡེ་ཤེས་དེ་ལས་གཞན་པའི་ཡེ་ཤེས་འདྲ་ཞིང་མཐུན་པ་གང་ཡང་མ་མཆིས་ན། རྒྱུ་དང་མཐུན་པའི་འབྲས་བུ་ཡིན་པར་གང་ཞིག་འགྱུར་
ཏེ། རྒྱུ་དང་འདྲ་བ་ཡིན་ན་ནི་རྒྱུ་མཐུན་པའི་འབྲས་བུ་ཡིན་པར་བཞེད་དོ། །དེ་དང་འདྲ་བའི་དངོས་པོ་མ་མཆིས་པ་དེའི་སླད་དུ་ཆོས་ཐམས་ཅད་ཡེ་ཤེས་འདི་ཡང་མ་སྐྱེས་པའི་ཕྱིར། ཡེ་ཤེས་དེ་ནི་བསམ་གྱིས་མི་ཁྱབ་པ་ཡིན་པར་བཞེད་ཅིང་འདྲ་བ་མ་མཆིས་ཏེ། འདི་ལ་འདྲ་ཞིང་མཐུན་པ་
ཡོད་པ་མ་ཡིན་པས་རྒྱུ་དང་མཐུན་པའི་འབྲས་བུ་མ་ཡིན་ནོ། །འོན་ཀྱང་རྒྱུ་མཐུན་པའི་འབྲས་བུ་བསལ་བའི་སྔ་རོལ་དུ་ཅིའི་ཕྱིར་འགག་པ་སེལ་བར་བྱེད་ཅེ་ན། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ཆོས་གསུམ་ཆར་གྱིས་ཀྱང་རྒྱུ་མཐུན་པའི་བག་ཆགས་འཇོག་པར་བྱེད་པ་ཡིན་ལ་དེའི་

འབྲས་བུས་ཀྱང་དེ་འཇོག་པར་བྱེད་པས། མི་མཐུན་པ་ཉེ་བར་གྱུར་པ་ལས་གཞན་དུ་འབྲས་བུ་གཅིག་ནས་གཅིག་ཏུ་རྒྱུན་ཆད་པར་མི་འགྱུར་རོ། །རྣམ་པར་སྨིན་པའི་འབྲས་བུ་ནི་ལུང་དུ་མ་བསྟན་པ་མ་ཡིན་ཞིང་ལུང་དུ་བསྟན་པ་ལས་བྱུང་བ་ཡིན་པས། རྣམ་པར་སྨིན་པའི་བག་
ཆགས་འཇོག་པར་བྱེད་པས་རྒྱུན་ཆད་པ་ཡིན་ཏེ། དེས་ན་དེ་ཉིད་དུ་དགག་པ་སྲིད་པས་ན་འགག་པ་སེལ་བར་བྱེད་པ་ཡིན་ནོ། །བྲལ་བའི་འབྲས་བུ་སེལ་བར་བྱེད་པ་ནི་ཡེ་ཤེས་དེ་ནི་ཐོག་མ་དང་། དབུས་མ་དང་། ཐ་མ་མི་དམིགས་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཐོག་མ་ནི་མ་དག་པའི་གནས་
སྐབས་སོ། །དབུས་ནི་མ་དག་པ་དང་དག་པའི་གནས་སྐབས་སོ། །ཐ་མ་ནི་དག་པའི་གནས་སྐབས་ཏེ། དེ་དག་མ་སྐྱེས་པས་ནི་མི་དམིགས་པ་ཐོག་མ་དང་དབུས་དང་ཐ་མ་མི་དམིགས་པ་དེའི་སླད་དུ་ཡེ་ཤེས་དེ་ནི་ནམ་མཁའ་དང་འདྲ་བའོ། །འདིར་ཡང་མི་དམིགས་པའི་སྦྱོར་བ་བསྟན་པའི་ཕྱིར།
ཡེ་ཤེས་དེ་ལ་མཉམ་པ་འམ་མི་མཉམ་པ་མི་དམིགས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡེ་ཤེས་འདི་ནམ་མཁའ་དང་མཉམ་པས་མཉམ་པའོ། །དེ་ལས་གཞན་པ་དང་མི་མཚུངས་པའི་ཕྱིར་མི་མཉམ་པའོ། །འདི་ལ་མཉམ་པ་འམ་མི་མཉམ་པ་དེ་དག་ཀྱང་མི་དམིགས་སོ། །ཡང་ན་
ཡེ་ཤེས་དེ་མཉམ་པ་ནི་མཉམ་པ་ཉིད་དམ་མི་མཉམ་པ་སྟེ། མི་མཉམ་པ་ཉིད་མི་དམིགས་ཏེ་མི་རིག་གོ། །གཉི་ག་མི་དམིགས་པ་དེའི་སླད་དུ་ཡེ་ཤེས་དེ་ནི་མི་མཉམ་པ་ནམ་མཁའ་དང་མཉམ་པའི་ཕྱིར་མི་མཉམ་པ་དང་མཉམ་པ་སྟེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། བཅོམ་ལྡན་འདས་
ཀྱིས་མི་མཉམ་པ་དང་མཉམ་པའི་ཚིག་དེ་སྐད་དུ་བཤད་པའི་ཕྱིར་རོ། །དེ་ལྟར་བསམ་གྱིས་མི་ཁྱབ་ཅིང་ཆགས་པ་མེད་པའི་ཡེ་ཤེས་བསྟན་ནས། དེའི་རྗེས་ལས་ཐོབ་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཁ་ཅིག་གིས་བརྟགས་པ་དེ་བསལ་བའི་ཕྱིར། ཡེ་ཤེས་དེ་ལ་ནི་དེ་དང་འདྲ་བའི་ཡེ་ཤེས་གཞན་
མི་དམིགས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིའི་རྣམ་པ་དེ་དང་འདྲ་བ་ཡིན་ཏེ། དེ་དང་ཚུལ་འདྲ་བ་ནི་དེ་དང་འདྲ་བ་སྟེ། དེའི་རྗེས་སུ་བྱེད་པའོ། །འདི་ལ་དེ་ཡོད་པ་མ་ཡིན་པས་དེ་དང་འདྲ་བའི་ཡེ་ཤེས་གཞན་མི་དམིགས་ཏེ། དོན་དམ་པར་ཆོས་ཐམས་ཅད་མ་སྐྱེས་པའི་ཕྱིར་རོ་

ཞེས་དགོངས་པའོ། །ཀུན་རྫོབ་ཏུ་ཡང་དེ་བཞིན་གཤེགས་པའི་གསང་བ་བསམ་གྱིས་མི་ཁྱབ་པ་བསྟན་པ་ལ་སོགས་པ་ལས། འདི་བཀག་པའི་ཕྱིར། འདིས་ནི་རྟག་ཏུ་མཉམ་པར་གཞག་པ་ཡིན་པར་བསྟན་ཏོ། །ཡང་ན་དེ་དང་འདྲ་བའི་ཡེ་ཤེས་གཞན་ཞེས་བྱ་བ་ནི། འདི་རང་གི་
ངོ་བོ་དང་མི་མཐུན་པའི་ངོ་བོ་ལ་བྱ་སྟེ་མི་མཐུན་པར་གླེང་བའི་ཕྱིར་རོ། །དེ་སྐད་དུ་མི་འཇིགས་པ་བཞིའི་སྐབས་སུ་གསུངས་སོ། །དེ་མེད་པའི་ཕྱིར། དེ་དང་འདྲ་བའི་ཡེ་ཤེས་གཞན་མི་དམིགས་སོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར། འཇམ་དཔལ་ཡེ་ཤེས་འདི་མི་བསྒྱུར་བ་མ་ཡིན་ནམ་ཞེས་
དྲིས་སོ།། །།བམ་པོ་དྲུག་པ། མི་བསྒྱུར་བ་འདི་ཇི་ལྟ་བུ་ཡིན་ཞེ་ན། ཕྱིར་རྒོལ་བར་བྱེད་པས་འཁྲུགས་པའམ། གཡོས་པ་ནི་བསྒྱུར་བ་ཡིན་ནོ། །དེ་ལྟ་བུ་མ་ཡིན་པས་མི་བསྒྱུར་བ་ཡིན་ནོ། །ཇི་ལྟ་ཞེ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་ཏེ། ཟག་པ་ཟད་པ་ན་
འདི་དག་ནི་བར་དུ་གཅོད་པའི་ཆོས་རྣམས་སོ། །འདི་དག་ནི་ངེས་པར་འབྱིན་པའི་ལམ་ཡིན་ནོ་ཞེས་ཞལ་གྱིས་བཞེས་པ་ན། ང་ལ་ཕྱིར་རྒོལ་བའི་མཚན་མ་ཡང་དག་པར་རྗེས་སུ་མ་མཐོང་བས། མི་བདེ་བ་དང་བག་ཚ་བ་མེད་པ་དང་། མི་འཇིགས་པ་ཐོབ་སྟེ་བཞུགས། ཁྱུ་མཆོག་གི་གནས་
ཡིན་པར་ཞལ་གྱིས་བཞེས། འཁོར་གྱི་ནང་དུ་སེང་གེའི་སྒྲ་སྒྲོགས། ཚངས་པའི་འཁོར་ལོ་བསྐོར་རོ་ཞེས་བྱ་བ་ལ་སོགས་པ་ནི་མི་བསྒྱུར་བའི་ལས་ཡིན་ནོ། །མི་བསྒྱུར་བ་འདི་ཡང་ཅིའི་ཕྱིར་ཞེ་ན། དེའི་ཕྱིར་བཅོམ་ལྡན་འདས་ཡེ་ཤེས་དེ་ནི་མ་བགྱིས་པ་དེ་ཞེས་གསུངས་སོ། །མ་བགྱིས་པ་
ཉིད་ལགས་པ་དེའི་སླད་དུ་མངོན་པར་བཞེད་པའི་ཡེ་ཤེས་འདི་མི་བསྒྱུར་བ་ལགས་སོ། །གཞན་དག་མི་བསྒྱུར་བར་བྱེད་པ་དང་བྲལ་བའི་ཕྱིར། མི་བསྒྱུར་བ་ཡིན་པར་རྣམ་པར་གཞག་གོ། །ཡེ་ཤེས་འདི་ལ་ནི་བསྒྱུར་བ་དང་། མི་བསྒྱུར་བའི་ཐ་སྙད་འཇུག་པ་ཡང་མེད་པས་ཤིན་ཏུ་ཡང་
བསྒྱུར་བ་མེད་དོ་ཞེས་དཔེས་བསྟན་པའི་ཕྱིར། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན། ཀཱཪྵ་པ་ན་རྟགས་མ་བཏབ་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྟགས་བཏབ་པ་ནི་ཟོང་དུ་བྱ་བའི་རྟགས་བཏབ་པ་སྟེ། དཔེར་ན་འདྲམ་མ་ལ་སོགས་པ་ལྟ་བུའོ། །འདི་དེ་ལྟ་བུ་མ་ཡིན་པས་

རྟགས་མ་བཏབ་པའོ། །འདི་བསྒྱུར་བ་ཡང་མ་ལགས་པ་ནི་རྟགས་མ་བཏབ་པའི་ཕྱིར་རོ། །བསྒྱུར་བ་ལས་གཞན་པ་དབྱིག་ལ་སོགས་པ་མི་བསྒྱུར་བའི་ངོ་བོ་ཡང་མ་ལགས་ཏེ། དེའི་ངོ་བོ་མ་ཡིན་པའི་ཕྱིར་རོ། །དེ་བས་ན་དེ་གཉི་ག་མ་ལགས་པའི་གྲངས་
སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ནི་དོན་ལ་སྦྱོར་བར་བྱེད་པ་ཡིན་ཏེ། གང་མ་བྱས་པ་དེ་ནི་བསྒྱུར་བ་དང་། མི་བསྒྱུར་བའི་གནས་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །ཆགས་པ་མེད་པའི་ཡེ་ཤེས་བཤད་ཟིན་ཏོ། །ད་ནི་སྣོད་དུ་གྱུར་པའི་གང་ཟག་
རྣམས་བསྟན་པར་བྱའོ། །དེ་བཞིན་གཤེགས་པའི་ཡེ་ཤེས་བསྟན་པ། འདི་ལྟར་ཟབ་མོ་བསྟན་པ་ལ་དེ་ནི་དེ་ཁོ་ན་མ་ཡིན་གྱི། གཞན་དུ་ནི་མ་ཡིན་ནོ་ཞེས་ངེས་པར་འཛིན་ཅིང་ལྷག་པར་སྨོས་པའི་གང་ཟག་དེ་དག་སུ་ཞེ་ན་འཕགས་པ་འཇམ་དཔལ་གྱིས་ཀྱང་དེ་བཞིན་གཤེགས་
པའི་རིགས་ཅན་དག་ལས་གཞན་པ་དག་མ་ཡིན་པར་བསྟན་པའི་ཕྱིར། བཅོམ་ལྡན་འདས་གང་དག་འཁོར་བའི་ཆོས་ཅན་ཡང་མ་ལགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁོར་བའི་ཆོས་ཅན་དེ་དག་ནི་རིགས་མེད་ཅིང་དེ་ལས་ཡིད་བྱུང་བ་མེད་པའི་ཕྱིར། འཁོར་བའི་རང་
བཞིན་པ་ཡིན་ནོ། །ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་རིགས་ཅན་ཏེ། འཁོར་བས་སྐྲག་པའི་ཕྱིར་རོ། །དེ་གཉི་ག་མ་ཡིན་པ་ནི་བྱང་ཆུབ་སེམས་དཔའི་རིགས་ཅན་ཏེ། དེ་ཡང་རིགས་ལ་གནས་པ་ཁོ་ན་ཡིན་ཏེ། དེའི་ཕྱིར་དེ་དག་འདིར་
མོས་པར་འགྱུར་རོ་ཞེས་གསུངས་སོ། །གང་དག་འཇིག་ཚོགས་ལས་ཀྱང་མ་བསྐྱོད་པ་ཞེས་བྱ་བའི་དོན་འདི་ཡིན་ཏེ། འཇིག་ཚོགས་ལ་ལྟ་བ་ནི་སྐྱོན་ཡིན་ཏེ། དེ་ལས་བསྐྱོད་ནས་སྟོང་པ་ཉིད་ལ་གནས་པའི་ཕྱིར། ལྟ་བས་བྱས་པ་རྣམས་ཟད་པ་དང་གཏུགས་པར་འགྱུར་རོ་ཞེས་བྱ་
བའི་བསམ་པས་གང་དག་འཇིག་ཚོགས་ལས་འདའ་བར་བྱེད་དོ། །གང་དག་དེ་ལྟ་བུ་མ་ཡིན་པ་དེ་དག་ཆོས་ཐམས་ཅད་སྐྱེ་བ་མེད་པར་མོས་པ་ཉིད་ཀྱི་ཕྱིར་འཇིག་ཚོགས་ལས་མ་བསྐྱོད་པ་ཡིན་ནོ། །གང་དག་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཀྱང་མ་བས་པ་ཞེས་བྱ་བ་ནི་སྐྱེ་བ་མེད་པ་ལ་

ལྷག་པར་མོས་པ་ཁོ་ན་ཡིན་པར་དགོངས་པ་སྟེ། དེ་དག་མོས་པར་འགྱུར་རོ་ཞེས་སྦྱར་རོ། །འདིས་ནི་བྱང་ཆུབ་སེམས་དཔའི་རིགས་ཅན་དག་ཁོ་ན་ལྷག་པར་མོས་པ་དང་ལྡན་པར་བསྟན་ཏོ། །དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་ནི་དེ་དག་ལ་ལེགས་པར་ཁོང་དུ་ཆུད་པ་ཅི་ཞིག་ཡོད་ན། གང་གིས་
དེ་དག་ཁོ་ན་ལྷག་པར་མོས་པ་ཡིན་གྱི། གཞན་མ་ཡིན་ནོ་ཞེས་བྱ་ཞེ་ན། དེའི་ཕྱིར་མི་བས་པ་ནི་བས་པར་མི་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བས་པ་ཞེས་བྱ་བ་ནི་ཞིག་པའོ། །དེ་མེད་པ་ནི་མི་བས་པ་སྟེ། འདུས་མ་བྱས་པ་ལ་བྱའོ། །བས་པ་ཡང་ལྷག་མ་དང་བཅས་པ་སྟེ།
དཔེར་ན་གྲངས་ཅན་རྣམས་ཀྱི་ལྟ་བུའོ། །ཡོངས་སུ་བས་པ་ནི་ཐམས་ཅད་དུ་ལྷག་མ་མེད་པར་ཟད་པ་སྟེ། དཔེར་ན་མདོ་སྡེ་པའི་ལྟ་བུ་སྟེ། དེ་བས་ན་དེ་དག་ནི་ལོག་པར་མོས་པ་ཡིན་གྱི། འདི་ལ་ལྷག་པར་མོས་པ་མེད་དོ། །གང་དག་དེ་ལྟ་བུའི་ལྟ་བ་ཅན་མ་ཡིན་པ་དེ་དག་མོས་པར་འགྱུར་
རོ། །གང་དག་འཁོར་བ་ལས་ཀྱང་མ་འདས་ལ་ཞེས་བྱ་བ་ནི་འཁོར་བ་རྣམས་མ་སྐྱེས་པར་ལྷག་པར་མོས་པ་